གནས་ལུགས་ལ་ཡིད་ཆེས་ཀྱི་གླུ།

༄། །གནས་ལུགས་ལ་ཡིད་ཆེས་ཀྱི་གླུ། །ཕ་དངོས་པོའི་ཆོས་ལ་མ་འཇིགས་པར། །དོན་དམ་རྟོགས་པའི་ང་རོ་ཅན། །མི་ཡི་སེང་གེ་བྱང་ཆུབ་གླིང་། །བུ་ངའི་རྟོགས་པ་ག་དར་མཛོད། །ཡང་དངོས་པོའི་ཆོས་ལ་ཕར་བལྟས་པས། །དངོས་པོ་བཏགས་པའི་ལམ་དུ་ཟད། །སྟོང་ངོར་བཅོས་མེད་ཀློད་པའི་ཚེ། །སྐུ་གསུམ་ལྷུན་གྲུབ་ཡིད་ཅིག་ཆེས། །སྣ་ཚོགས་སྣང་བར་ཕར་བལྟས་པས། །རང་རྩལ་འཁྲུལ་བའི་ལམ་དུ་ཟད། །མི་གནས་རང་སར་བཞག་པའི་ཚེ། །རོ་ཅིག་གནད་ལ་ཡིད་ཅིག་ཆེས། །འཁོར་བའི་གནས་ལ་ཕར་བལྟས་པས། །ཨ་འཐས་ཞེན་པས་བཅིང་བར་ཟད། །སྣང་བར་དེར་འཛིན་སྤངས་པའི་ཚེ། །སྡུག་བསྔལ་བྲལ་བར་ཡིད་ཅིག་ཆེས། །མྱ་ངན་འདས་ལ་ཕར་བལྟས་ཚེ། །གདུལ་བྱའི་སྣང་བ་ཙམ་དུ་ཟད། །གཤིས་ལུགས་བརྗོད་མེད་མཚང་བརྟོལ་ཚེ། །སྒྲུབ་བྱ་བྲལ་བར་ཡིད་ཅིག་ཆེས། །བདེ་སྡུག་རྟོགས་པར་ཕར་བལྟས་ཚེ། །དེ་དེར་བཟུང་བ་ཙམ་དུ་ཟད། །གཟུང་འཛིན་རྩ་བ་བཅད་པའི་ཚེ། །རང་སར་དག་པར་ཡིད་ཅིག་ཆེས། །ཕྱི་ཡི་ཡུལ་ལ་ཕར་བལྟས་ཚེ། །ཡུལ་ལ་ཡུལ་ཞེས་དམིགས་སུ་མེད། །དམིགས་མེད་དོན་ལ་གནས་པའི་ཚེ། །འཁྲུལ་བ་སྤང་བར་ཡིད་ཅིག་ཆེས། །ནང་གི་སེམས་ལ་ཕར་བལྟས་ཚེ། །གཞི་མེད་རྩ་བྲལ་སྟོང་བ་ཉིད། །བཟོ་མེད་ལྷུག་པར་བཞག་པའི་ཚེ། །ཞེན་པ་སྤང་བར་ཡིད་ཅིག་ཆེས། །བར་གྱི་ལུས་ལ་ཕར་བལྟས་ཚེ། །མེད་སྣང་སྟོང་གཟུགས་གྲུབ་པ་ཙམ། །གཞི་གྲོལ་རིག་པར་གདེང་ཐོབ་ཚེ། །བདེ་སྡུག་སྤང་བར་ཡིད་ཅིག་ཆེས། །ཡིད་ཆེས་རྟོགས་པའི་ཡིན་ལུགས་ཡང་། །རྣལ་འབྱོར་གང་ཤར་བཞིན་དུ་བྲིས། །དགེའོ། །དགེའོ། །དགེའོ།། །།