རྗེ་བཙུན་མ་ཡེ་ཤེས་སྒྲོལ་མ་ལ་གདམས་པ།

༄། །རྗེ་བཙུན་མ་ཡེ་ཤེས་སྒྲོལ་མ་ལ་གདམས་པ་བཞུགས་སོ། །གཞི་ལྷན་སྐྱེས་གཉུག་མའི་རང་ཞལ་གང་། །ཐབས་ཟབ་མོས་སྟོན་པའི་དྲིན་ཅན་རྗེ། །ཕ་བླ་མ་མཆོག་དེར་ཕྱག་འཚལ་ནས། །འདིར་རྒྱལ་སྲས་ལམ་འདི་འཆད་ལ་གསོན། །རྟེན་དལ་བ་ལན་ཅིག་ཐོབ་ལགས་ཀྱང་། །ད་འབྱོར་བའི་རྟེན་འབྲེལ་མ་བསྒྲིགས་ན། །སླར་ནམ་འཆི་ངེས་པ་མ་མཆིས་པས། །ཁྱེད་བློ་སྣ་འུབ་ཀྱིས་བསྟུང་ན་ལེགས། །སང་དེ་བྱེད་དེ་རྗེས་འདི་བྱེད་ཅེས། །ཚེ་འདི་དོན་སྒྲུབ་པའི་གྲོས་འདུན་ཀུན། །དཔེ་སྨིག་སྒྱུས་བསླུས་པའི་རི་དྭགས་བཞིན། །རང་ངལ་བའི་རྒྱུ་ལས་འབྲས་གཞན་ཅི། །དོན་དེ་སླད་རྣམ་དག་དད་པ་ཡིས། །མགོན་དགེ་བའི་བཤེས་གཉེན་བསྟེན་པ་དང་། །གྲོགས་ཚངས་པར་སྤྱོད་པའི་རྗེས་བསླབ་སྟེ། །ལམ་ཡང་དག་ལྟ་ལ་ངེས་རྙེད་འཚལ། །ཡང་ཆོས་ལྡན་ཡུལ་དབུས་ལ་སྐྱེས་པའི། །དོན་བསྟན་པ་གནས་པའི་སྒོར་ཞུགས་ཏེ། །ལུས་དབང་པོ་ཚང་འབྲས་དམ་ཆོས་ཀྱི། །གནད་ཐོས་བསམ་སྒོམ་པས་ཉམས་ལེན་གལ། །རྟེན་མི་ལུས་རིན་ཆེན་རྙེད་པ་འདི། །འབྲས་དམན་པར་སྦྱོར་བ་མི་རིགས་པས། །ཁྱོད་མཁའ་མཉམ་འགྲོ་སླད་སངས་རྒྱས་ཉིད། །ཡོངས་སྒྲུབ་འདོད་བྱང་ཆུབ་སེམས་གཉིས་སྐྱེད། །དེ་སོ་སོར་བཤད་ན་ཀུན་རྫོབ་ཀྱི། །སེམས་སྙིང་རྗེའི་རྩ་བ་ལས་སྐྱེ་བ། །འདིར་བདག་གཞན་མཉམ་དང་བརྗེ་བ་ཡིས། །བློ་ལེགས་པར་སྦྱོང་བ་ཤིན་ཏུ་གཅེས། །དོན་དམ་པའི་བྱང་ཆུབ་སེམས་སྒོམ་པའི། །ཚུལ་འདི་ལ་རྣམས་གྲངས་མང་ལགས་ཀྱང་། །དེ་རྫོགས་པ་ཆེན་པོའི་ཏནྟྲ་ལས། །གནད་ཇི་ལྟར་གསུང་བཞིན་འཆད་པ་ལ། །གཞི་ཤེས་བྱའི་ཆོས་ཀུན་སྒོ་གསུམ་དུ། །ཡོངས་བསྡུས་ནས་བདག་ལྟའི་དམིགས་པ་རུ། །དེ་གང་གཙོ་བརྟགས་མཐར་དེ་ཉིད་དང་། །བདག་གཅིག་གམ་ཐ་དད་ལེགས་བརྟགས་ཚེ། །ཡུལ་ལུས་སོགས་ཉིད་ལས་དོན་གཞན་པའི། །བདག་ངོ་བོ་ཉིད་ཀྱིས་མ་གྲུབ་ཅིང་། །གཞི་སྒོ་གསུམ་ཉིད་ཀྱང་རང་ལྟོས་ཀྱི། །ཆ་སོ་སོར་ཕྱེ་བས་མ་རྙེད་ཚེ། །ཆོས་འདི་ཀུན་འཁྲུལ་བའི་སེམས་ཉིད་ལ། །རང་གདགས་པའི་རྒྱུ་རྐྱེན་ལ་བརྟེན་ནས། །དཔེ་སྒྱུ་མ་ལྟ་བུར་སྣང་བ་ལས། །དོན་བདེན་གྲུབ་མེད་པར་ངེས་རྙེད་མཐར། །གང་འཁྲུལ་བའི་སེམས་དེ་ཉིད་ཀྱང་ནི། །རྒྱུ་གང་ལས་བྱུང་ཞིང་གང་དུ་གནས། །མཐར་གར་འགྲོ་ལེགས་པར་བརྟགས་པ་ན། །དེར་སྐྱེ་འགགས་གནས་དམིགས་མེད་པར་རྟོགས། །སྐབས་དེ་ཚེ་ཆོས་དབྱིངས་སྐྱེ་མེད་ལས། །གདངས་འགགས་མེད་རང་རིག་འོད་གསལ་བ། །དེ་ལྷན་ཅིག་སྐྱེས་པའི་ཆོས་སྐུ་རུ། །ཐབས་ཟབ་མོས་ངོ་སྤྲོད་བགྱིད་པ་གནད། །དོན་གཟུང་འཛིན་གཉིས་མེད་ཡེ་ཤེས་གང་། །ཚུལ་ཇི་བཞིན་རྟོགས་ནས་མཉམ་བཞག་ཏུ། །དཔེ་ཆུ་རླབས་རྒྱ་མཚོར་ཐིམ་པ་བཞིན། །རྩེ་གཅིག་པའི་ཉམས་ལེན་ལ་བརྩོན་ཅིང་། །དེའི་རྗེས་ལས་ཐོབ་པར་གང་སྣང་ཀུན། །བློས་ཆེད་དུ་དགག་སྒྲུབ་མི་བྱེད་པར། །སྔར་སྟོང་ཉིད་ངེས་པའི་རྩིས་ཟིན་བཞིན། །ཐབས་སྤྱོད་པའི་རིམ་པ་དག་ལ་འཇུག །མདོར་ཐུབ་བསྟན་སྡེ་སྣོད་རིན་ཆེན་གསུམ། །དེའི་བརྗོད་དོན་བསླབ་གསུམ་ལ་འདུ་ཞིང་། །དེ་ཉིད་ཀྱང་བྱང་ཆུབ་སེམས་སྒོམ་པའི། །ལམ་འདི་ལས་གཞན་དུ་མེད་པས་ན། །ཁྱེད་ཚུལ་གནས་ཐོས་བསམ་སྒོམ་རིམ་པས། །སེམས་བླ་ན་མེད་པའི་བྱང་ཆུབ་ཏུ། །ཡོངས་སྐྱེད་པའི་ཐབས་ལ་བརྩོན་བྱས་ནས། །མཐར་མི་གནས་མྱང་འདས་མངོན་བྱེད་མཛོད། །ཅེས་པའང་ཉག་རོང་རི་ནང་རྗེ་བཙུན་མ་ཡེ་ཤེས་སྒྲོལ་མ་ལ་བཙུན་པ་གཞན་ཕན་མཐའ་ཡས་པས་གདམས་པ་དགེ། །།