བསམ་ཡས་སྒྲུབ་བརྩོན་གཞན་ཕན་བཤེས་གཉེན་ལ་གདམས་པ།

༄། །བསམ་ཡས་སྒྲུབ་བརྩོན་གཞན་ཕན་བཤེས་གཉེན་ལ་གདམས་པ། །ན་མོ་གུ་རུ་བྷྱཿ སྤང་རྟོགས་ཡོན་ཏན་ཆ་ཤས་རབ་རྫོགས་ཤིང་། །འགྲོ་བློའི་ཀུ་མུད་སྐྱོང་བའི་གཉེན་གཅིག་པུ། །བརྩེ་ཆེན་འོད་དཀར་ཀུན་ནས་འཕྲོ་བ་ཅན། །ཐུབ་མཆོག་ཟླ་བའི་དབང་པོར་ཕྱག་འཚལ་ནས། །གདུལ་བྱ་རྗེས་འཛིན་གཏམ་འདི་སྨྲ་བ་ལ། །སྐལ་ལྡན་དད་བའི་ཡིད་ཀྱིས་ཉན་མཛོད་དང་། །སྲིད་པའི་འཕྲང་ལས་བདེ་བར་དབུགས་འབྱིན་པའི། །ལམ་སྟོན་སྣང་བ་མཆོག་ཅིག་སྦྱིན་པ་ལགས། །གང་ན་གཏན་བདེ་ཐར་གླིང་སྙེགས་འདོད་པའི། །སྐྱེ་བོ་དེ་དག་སྲིད་པའི་ངང་ཚུལ་ལ། །ཐོག་མར་རབ་ཏུ་སྐྱོ་བས་ཡིད་བསྐྱོད་ནས། །རྣམ་དག་ངེས་པར་འབྱུང་བས་རང་བསྐུལ་འཚལ། །གལ་ཏེ་དལ་འབྱོར་རིན་ཆེན་རྙེད་དཀའ་དང་། །རྙེད་པ་འཇིག་པར་སླ་བའི་ཆོས་ཅན་ལ། །ཡང་ནས་ཡང་དུ་བསམས་ཏེ་རང་ཉིད་ཀྱིས། །བརྩོན་པའི་གོ་ཆ་བགོ་བར་མ་བྱས་ན། །བདག་དང་མཛའ་གྱུར་ལེ་ལོར་བགྱིད་དེས་ནི། །སེར་བ་ཇི་བཞིན་དགེ་བའི་འབྲས་འཇོམས་ཤིང་། མྱོས་བྱེད་དང་མཚུངས་ཁྲེལ་བག་མེད་བགྱིད་དེས། །མེ་བཞིན་ཐར་བའི་ལྗོན་ཤིང་བསྲེགས་པར་བྱེད། །དུག་དང་འདྲ་སྟེ་གཏན་སྲོག་གཅོད་བྱེད་ཅིང་། །དགྲ་ཆེན་དང་མཚུངས་རྣམ་དཀར་ལས་ལ་རྒོལ། །དེ་ཕྱིར་དམ་ཆོས་སྒྲུབ་པའི་བདུད་ཉིད་དུ། །ལེ་ལོར་བགྱིད་ལས་མཐུ་ཆེན་གཞན་ཡོད་མིན། །གང་ལ་དམིགས་ནས་བསྐལ་མང་རྙེད་དཀའ་བའི། །དལ་འབྱོར་རིན་ཆེན་མཆོག་གཅིག་ཐོབ་པ་འདི། །སོས་དལ་ཉིད་དུ་རྒ་བར་མི་བགྱིད་པར། །ཉིན་མཚན་ཀུན་ཏུ་ཆོས་ལ་འབད་འཚལ་ལོ། །ལན་གཅིག་རྙེད་པའི་དལ་བ་མཆོག་འདི་ཡང་། །ཆུ་སྦུར་ཇི་ལྟའི་སྲོག་ལ་ཉེར་བརྟེན་ཕྱིར། །དེ་རིང་ཙམ་ཡང་བདེ་བར་གནས་འགྱུར་བའི། །དཔང་པོ་འགའ་ཞིག་འདི་ན་མངོན་གྱུར་མེད། །དེ་ཕྱིར་རྣམ་དཀར་དགེ་ལ་བརྩོན་བགྱིད་ཅིང་། །སྡིག་པའི་ལས་ཀུན་འབད་དེ་མ་སྤངས་ན། །ཕྱི་མའི་དུས་སུ་ལས་ཀྱི་འབྲས་བུ་ཀུན། །རང་ཉིད་གཅིག་པུས་མྱོང་འགྱུར་བསླུ་མེད་ལགས། །ད་ལྟ་ཚ་གྲང་ཕྲན་བུའང་བཟོད་མིན་ཞིང་། །ཉིན་གཅིག་ལྟོ་ཡང་བསྐྱུང་པར་ནུས་མིན་ན། །ཕྱི་མའི་དུས་སུ་དམྱལ་སོགས་འབར་བའི་ཀློང་། །རྒྱུན་མི་ཆད་པར་བསྟེན་པ་བཟོད་ནུས་སམ། །གནས་འདིའི་ངང་ཚུལ་ཤིན་ཏུ་ཡིད་སྐྱོ་བའི། །རྣམ་གྲངས་འགའ་ཞིག་འདིར་ཡང་བརྗོད་བྱས་ན། །སྡིག་ཆེན་དེ་དག་མདག་མེར་རབ་འབར་བའི། །ཀློང་ན་ཀུན་ཏུ་གནས་པར་གྱུར་པ་ལས། །ཁ་ཅིག་རང་ཉིད་སྔོན་གོམས་བག་ཆགས་ཀྱིས། །གང་མཐོང་མཐའ་དག་གསོད་པའི་དགྲར་བཟུང་ནས། །ལག་ན་མཚོན་ཆ་མི་བཟད་རྣོན་པོ་དག །ཐོགས་པས་ཕན་ཚུན་གསོད་ཅིང་ཡང་སོས་འགྱུར། །ཁ་ཅིག་ལུས་ལ་ཐིག་ནག་གྲངས་མེད་དག །བཏབས་པའི་ཤུལ་དུ་དམྱལ་སྲུང་འཇིགས་རུང་བ། །དུ་མས་སོག་ལེ་རྣོན་པོ་རབ་འབར་བས། །གཤོག་བཞིན་སླར་ཡང་འབྱར་ཞིང་སླར་ཡང་གཤོག །དེ་བཞིན་ཁ་ཅིག་ལྕགས་ཀྱི་ལྷུན་པོ་དག །དུད་འགྲོའི་མགོ་བརྙན་དུ་མར་རབ་མཐོང་ནས། །དེ་དག་འཐབ་པའི་བར་དུ་རང་གི་ལུས། །ཕྱེ་མར་འཐགས་ཤིང་སླར་ཡང་སོས་བཞིན་འཐབ། །ཁ་ཅིག་ལྕགས་ཁྱིམ་འབར་བར་བསྲེགས་ཆེས་བས། །ངུ་འབོད་རྒྱུན་མི་ཆད་པར་འདོན་བགྱིད་ཅིང་། ཁ་ཅིག་ཁྲོ་ཆུར་འཚོད་ཅིང་ལྕགས་ཀྱི་ཁྱིམ། །ཉིས་རིམ་འབར་བས་རབ་བསྲེགས་ཆེས་ཆེར་དུ། །ཁ་ཅིག་མདུང་ཐུང་འབར་བས་ཕན་ཚུན་དུ། །འབིགས་ཤིང་ཁ་ནས་ཞུན་ཆུ་སྡུད་བཞིན་འཐུང་། ཁ་ཅིག་གསལ་ཤིང་འབར་བ་རྩེ་གསུམ་པས། །ལུས་གཞུང་འབིགས་ཤིང་ཕྱི་ནས་ལྕགས་སྲེག་དཀྲི། །དེ་བཞིན་ཁ་ཅིག་མེ་ཡི་ཕུང་བོ་དང་། །རང་ལུས་ཐ་དད་ཉིད་དུ་མི་མངོན་པར། །བསྲེགས་ཤིང་སླར་ཡང་གོང་དུ་སྨོས་རྣམས་ཀྱང་། །མྱོང་བར་འགྱུར་ཕྱིར་མྱ་ངན་གསར་བས་ཉེན། །གཞན་དག་མདག་མེའི་འོབ་དང་སྤུ་གྲིའི་ཐང་། །རལ་གྲིའི་ཚལ་དང་རོ་མྱག་འདམ་ཚུད་ཅིང་། །འགའ་ཞིག་ཤལ་མ་ལི་ཡི་སྡོང་བོ་ལ། །འཛེགས་ཤིང་ཁྭ་དང་བྱ་རྒོད་མིག་ལ་འདྲུ། །དེ་བཞིན་གཞན་དུ་གྲང་བའི་དམྱལ་བ་དག །གཞི་དང་ཁོར་ཡུག་གངས་རི་འབའ་ཞིག་ལ། །སྣང་བ་ཅུང་ཟད་ཙམ་ཡང་མངོན་མིན་པར། །གཅེར་བུར་གནས་པའི་ལུས་ལ་ལྷག་རྦུད་པས། །ཆུ་བུར་དང་ནི་ཆུ་བུར་རྡོལ་བ་དང་། །ཨ་ཆུ་ཀྱི་ཧུད་འདོན་དང་སོ་འཐམ་དང་། ཨུཏྤལ་དང་ནི་པདྨ་པད་ཆེན་བཞིན། །ལུས་ཀུན་གས་པའི་རྨ་ལ་སྲིན་བུས་ཟ། །གཞན་ཡང་འགལ་དུམ་བཅད་དང་སྒོ་འཕར་སོགས། །ཀུན་ལ་ཉེ་བར་ལེན་པའི་ཉི་ཚེ་བ། །དེ་སོགས་རྣམ་པར་སྔང་བའི་ལས་ཀྱི་འབྲས། །དཔག་མེད་མྱོང་འགྱུར་ཚུལ་འདིར་བསམ་པར་རིགས། །ཡི་དྭགས་རྣམས་ལའང་ཕྱིན་ཅི་ལོག་བཞི་དང་། ལོ་ཟླ་དུ་མར་བཟའ་བཏུང་མི་རྙེད་ཅིང་། ཅུང་ཟད་རྙེད་ཀྱང་མེ་ལྕེར་འབར་བ་སོགས། །བྱིངས་ན་གནས་པའི་སྡུག་བསྔལ་དཔག་ཡས་ལ། །མཁའ་རྒྱུ་རྣམས་ནི་གནད་གཅོད་སྡུག་བསྔལ་གྱིས། །རྟག་ཏུ་གདུངས་ཤིང་འབྱོར་བ་མི་བརྟན་དང་། གཞན་དབང་ཉིད་དང་གནོད་པའི་བསམ་སྦྱོར་གྱིས། །ཕྱི་མའི་སྡུག་བསྔལ་ཉེ་བར་ལེན་སོགས་འབྱུང་། །དུད་འགྲོ་ན་ཡང་བཀོལ་སྤྱོད་གླེན་རྨོངས་དང་། །ཕན་ཚུན་འཚེ་དང་མུན་པར་ཚུད་པ་སོགས། །ཤིན་ཏུ་ཡི་མུག་ལས་ཀྱིས་མནར་གྱུར་པའི། །ཚུལ་འདིར་བསམ་བཞིན་རྨོངས་དང་འདོད་ཞེན་སྤོང་། །མདོར་ན་སྲིད་པ་མཐོ་དམན་གར་སྐྱེས་ཀྱང་། །བདེ་བར་བསྟི་བའི་གནས་འགའ་མེད་དོ་ཞེས། །བརྩེ་ཆེན་རྒྱལ་བ་ཉིད་ཀྱིས་ལེགས་གསུངས་ན། །ཁྱོད་བློ་ཀུན་ནས་རྣམ་པར་གཡེང་མི་འཚལ། །དེ་ལྟར་སྡུག་བསྔལ་བདེན་པའི་ཆོས་གང་ལ། །ངེས་པ་གཏིང་ནས་རྙེད་པར་གྱུར་པའི་ཚེ། །དེ་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ། །སྤོང་བའི་ཐབས་ལ་ནན་ཏན་བགྱིད་འཚལ་ལོ ། དེ་ཡང་བསླབ་གསུམ་གྱིས་བསྡུས་ལམ་རིམ་ལ། །སྦྱངས་འབྲས་འགོག་བདེན་མངོན་དུ་བྱ་དགོས་ཕྱིར། །དེ་ཉིད་ཇི་ལྟར་ཉམས་སུ་བླང་བའི་ཚུལ། །མདོ་ཙམ་སླར་ཡང་འདིར་ནི་གསལ་བར་བྱ། །གང་ཞིག་ཐོག་མར་ཚུལ་ཁྲིམས་བསླབ་པ་ཡིས། །རང་རྒྱུད་སྡོམ་པའི་ཐབས་ལ་མ་འབད་ན། །ཡོན་ཏན་ཀུན་གྱི་གཞི་རྟེན་མེད་འགྱུར་ཕྱིར། །བསྒྲིམས་ཏེ་བླང་དོར་གནས་ལ་སློབ་པར་བྱ། །རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ནས། །ཏིང་འཛིན་ཟབ་མོ་སྒོམ་པ་གལ་ཆེ་ཕྱིར། །བསྐྱེད་དང་རྫོགས་པའི་རིམ་པ་ཟུང་འཇུག་ལ། །ཉིན་མཚན་ཀུན་ཏུ་གཡེལ་མེད་འབད་པར་བྱ། །ཏིང་འཛིན་དེ་ཡང་རྣམ་དག་ལྟ་བ་ཡིས། །མ་ཟིན་དེ་སྲིད་སྲིད་པའི་རྒྱུར་གོལ་ཕྱིར། །མཐའ་བརྒྱད་སྤྲོས་དང་བྲལ་བའི་རང་རིག་གང་། །རྟོགས་ཕྱིར་ཤེས་རབ་རྣམ་གསུམ་བསྒྲུབ་པར་གྱིས། །དེ་ལྟར་བསླབ་པ་གསུམ་གྱི་གོ་རིམ་ལ། །ཁྱོད་བློ་རྨོངས་པ་མེད་པར་འཇུག་བྱས་ན། །ཀུན་མཁྱེན་སྐུ་བཞིའི་བདག་ཉིད་གང་དེ་ཡི། །གོ་འཕང་བདེ་བླག་ཉིད་དུ་འཐོབ་པར་འགྱུར། །མདོར་ན་ཆོས་ཀུན་བདེན་པ་རྣམ་གཉིས་སུ། །ཤེས་ནས་དོན་དམ་ལྟ་བ་རྟོགས་པ་བཞིན། །ཀུན་རྫོབ་རྒྱུ་འབྲས་བླང་དོར་བགྱིད་པ་ལ། །བརྩོན་འདི་རྒྱལ་དབང་པདྨའི་རིང་ལུགས་ཡིན། །དེ་ལྟར་བདག་གིས་གང་ཞིག་གདམས་པ་ཀུན། །རྒྱལ་དང་དེ་སྲས་འཕགས་པའི་ཞལ་ལུང་ལས། །ཕྱོགས་ཞེན་བློ་ཡིས་བཅོས་པ་འགའ་མེད་ཕྱིར། །ཐར་འདོད་ཀུན་གྱིས་ཉམས་སུ་བླང་བར་འོས། །ཚུལ་འདིར་བརྩོན་པའི་དགེ་ཚོགས་དལ་འགྲོའི་རྒྱུན། །མནོག་ཆུང་སྲིད་བདེའི་རྫིང་བུར་མི་འཁྱིལ་བར། །རྒྱལ་ཀུན་མཛད་བཟང་ཆུ་ཀླུང་ཆེན་པོ་དང་། །དབྱེར་མེད་སྐུ་བཞིའི་རྒྱ་མཚོར་གཞོལ་བར་ཤོག །ཅེས་པའང་བསམ་ཡས་སྐུ་གཉེར་སྒྲུབ་བརྩོན་པ་གཞན་ཕན་བཤེས་གཉེན་ནས་ཞལ་གདམས་ཤིག་དགོས་ཞེས་ཕེབས་བཞིན་སྔ་འགྱུར་གྱི་རིང་ལུགས་འཛིན་པའི་མདོ་ཁམས་ཀྱི་བནྡེ་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་དཔལ་གྱི་བསམ་ཡས་དང་ཉེ་བའི་རི་ངོགས་དབེན་པ་ནས་ཤར་མར་སྤེལ་བ་མངྒ་ལཾ།། །།