དགེ་སློང་བློ་བཟང་བསམ་གཏན་ལ་གདམས་པ།

༄། །དགེ་སློང་བློ་བཟང་བསམ་གཏན་ལ་གདམས་པ། །ན་མོ་གུ་ར་ཝེ། ཕན་བདེའི་ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །རྒྱལ་བསྟན་ལུང་དང་རྟོགས་པའི་བདག་ཉིད་གང་། །འཛིན་མཛད་རྒྱལ་སྲས་འཕགས་པའི་ཚོགས་བཅས་པའི། །སྟོན་པ་ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །ཐར་དང་རྣམ་མཁྱེན་མཆོག་གི་ལམ་བཟང་གང་། །སྒྲུབ་འདོད་དེ་དག་དགྱེས་པ་བསྐང་བའི་ཕྱིར། །རང་མཐུ་དམན་ཡང་བདེ་གཤེགས་བཀའ་ཉིད་ལས། །ཆ་ཤས་ཙམ་ཞིག་འདི་རུ་སྡེབས་ཏེ་སྤྲིང་། །གང་ཞིག་དོན་མེད་དོན་ལོག་ངན་གཡོ་དང་། །བརྩེ་བྲལ་ཐོས་རྩོད་ལྷུར་ལེན་ཞེས་བགྱི་བ། །ཕྱི་བའི་ངན་པ་དྲུག་སྟེ་དེ་སྤངས་ནས། །དོན་ལྡན་འཚེ་མེད་སྒྲུབ་པ་ལྷུར་ལེན་འཚལ། །གང་ལ་ཐུབ་པས་མྱ་ངན་འདས་པའི་མདོར། །གསུངས་པའི་བརྟགས་པ་གསུམ་དང་སྟོན་པ་བཞི། །རྒྱལ་བསྟན་གཞན་དུ་མི་འགྱུར་ཐ་ཚིག་ཏུ། །བཟུང་ནས་བསླབ་པ་གསུམ་གྱིས་རང་རྒྱུད་ཐུལ། །དེ་ཡང་ཐོག་མར་སྲིད་པའི་རང་བཞིན་ལ། །སྐྱོ་བའི་སེམས་ཀྱིས་ཐར་བ་སྒྲུབ་འདོད་པའི། །ངེས་འབྱུང་རྣམ་དག་སྙིང་ནས་མ་སྐྱེས་བར། །ཆོས་གང་བསྒྲུབས་ཀྱང་ལེགས་སྨོན་འཇིགས་སྐྱོབས་ཙམ། །དེ་ཕྱིར་སྲིད་འདིའི་ཕུན་ཚོགས་མ་ལུས་པ། །དུག་ལྡན་ཟས་བཞིན་སྡུག་བསྔལ་རྒྱུ་འབྲས་སུ། །མཐོང་ནས་གང་ལས་ཡིད་ནི་རབ་དབྱུངས་ཏེ། །རྣམ་དག་ཁྲིམས་ཀྱིས་ཉེས་པའི་སྒོ་འགེགས་མཛོད། །རྟེན་དེས་མངོན་པར་བརྟེན་པའི་བྱང་ཆུབ་སེམས། །གང་ཞིག་རྒྱས་མཛོད་དེ་ཡང་ཐབས་ཀྱི་ཕྱོགས། །ཏིང་ངེ་འཛིན་དང་ཤེས་རབ་བསླབ་པ་ཟུང་། །སེམས་དུལ་སླད་དུ་རང་གིར་བགྱིད་པ་ལགས། །གང་ལ་འདི་གཉིས་ཟུང་དུ་འཇུག་པ་དེར། །རྣམ་མཁྱེན་ལམ་གྱི་གནད་ཀུན་འདུས་སོ་ཞེས། །ཐུབ་དབང་ཉིད་ཀྱིས་བཀའ་ལས་བྱུང་བས་ན། །ཁྱོད་ཐུགས་སྤྲོས་ལ་མངོན་པར་ཞེན་མི་འཚལ། །གང་ཚེ་ཏིང་ངེ་འཛིན་དང་མི་ལྡན་པའི། །ཤེས་རབ་གསུམ་ཡང་འཚལ་བར་འགྱུར་བ་དང་། །ཤེས་རབ་མེད་པའི་ཏིང་ངེ་འཛིན་དེ་ཡང་། །སྲིད་པའི་བསམ་གཏན་ཁོ་ནར་གོལ་འགྱུར་ཕྱིར། །ཐབས་ཤེས་ཡ་བྲལ་གྱུར་པའི་ལམ་དེ་ནི། །ཐེག་པ་མཆོག་དམན་གང་དུ་ཁས་འཆེ་ཡང་། །རྣམ་ཀུན་མཁྱེན་དང་རྒྱང་རིང་གྱུར་པས་ན། །ལོག་པའི་ལམ་དེ་རྟག་ཏུ་སྤངས་པའི་རིགས། །འདི་ལྟར་ཚུལ་ཁྲིམས་གསུམ་གྱིས་ཐེག་གསུམ་གྱི། །བླང་དོར་སྤྱོད་པའི་གནད་ཀུན་ཡོངས་བསྡུས་ཤིང་། །དེ་བཞིན་ཏིང་ངེ་འཛིན་དང་ཤེས་རབ་ཀྱིས། །ལྟ་སྒོམ་གནད་ཀུན་གཅིག་ཏུ་བསྡུས་པ་ལགས། །དེ་ཕྱིར་ཆོས་མང་ཤེས་ཀྱང་ལམ་གནད་དང་། །བྲལ་ཚེ་དེ་དེའི་གཟུགས་བརྙན་ལ་འགྱུར་ཏེ། །གང་ཞིག་སྲོག་གི་ཟུངས་དང་བྲལ་གྱུར་པ། །དེ་ལ་མི་ཡི་མཚན་ཉིད་ཡོད་མ་ཡིན། །མདོར་ན་མང་དུ་སྨྲ་ཡང་མི་འཚལ་ཏེ། །སྐྱེ་བའི་རང་བཞིན་སྤང་བར་མ་གྱུར་ན། །དེ་སྲིད་ཟག་པ་ཉིད་དང་བཅས་པའི་ཕྱིར། །སྡུག་བསྔལ་ཁོ་ནའི་འཕྲང་ལས་ཐར་བ་མིན། །ཚུལ་འདིར་དམིགས་ནས་ཟག་མེད་ཞི་བའི་གྲོང་། །དེ་གང་མངོན་སུམ་ཉིད་དུ་མ་བགྱིས་པར་། །མྱུར་བོར་འཆི་ཞེས་རབ་ཏུ་བསམ་བྱས་ནས། །རྒྱལ་སྲས་ལམ་ལ་གཡེལ་མེད་བརྩོན་འཚལ་ལོ། །དེ་སྐད་ཀུན་ཏུ་དགེ་བའི་གཏམ་འདི་དག །ཁྱོད་ལ་སྙིང་ནས་གསོལ་བ་མཁྱེན་མཛོད་ལ། །སྐྱེ་འདི་སྲིད་པའི་ཐ་མར་བགྱིད་མཛོད་ཅེས། །ཐལ་མོ་སྦྱར་ནས་སྙན་དུ་འདེབས་པ་ལགས། །འདིར་འབད་དགེ་བའང་པད་མའི་རྩ་བ་བཞིན། །ལེགས་བྱས་ཕྲ་ཡང་རྣམ་དག་ལྷག་བསམ་གྱི། །སྣང་བ་དཀར་བའི་འཕེན་བྱེད་སྟོབས་གྱུར་ནས། །དོན་གཉིས་འདབ་བརྒྱ་ཀུན་ཏུ་བཞད་གྱུར་ཅིག །ཅེས་པའང་རི་བོ་དགེ་ལྡན་གྱི་གྲྭ་རིགས་དགེ་སློང་བློ་བཟང་བསམ་གཏན་གྱིས་བཤུལ་ལམ་རིང་མོ་ནས་བསྐུལ་ཕྱིར་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་དཔལ་གྱིས་བསམ་ཡས་མཆིམས་ཕུའི་དབེན་གནས་ནས་སྤྲིང་བའོ། །མངྒ་ལཾ། །