ཞལ་སློབ་ཀུན་བཟང་རང་གསལ་ལ་གདམས་པ།

༄། །ཞལ་སློབ་ཀུན་བཟང་རང་གསལ་ལ་གདམས་པ། །ན་མོ་གུ་ར་ཝེ། །དུས་གསུམ་རྒྱལ་བ་ཡོངས་དང་ཤཱཀྱའི་སྲས། །ལྗོངས་འདིའི་གཙུག་རྒྱན་པདྨ་སམ་བྷ་ཝ། །རྣམ་གསུམ་མི་གཉིས་སྒྱུ་འཕྲུལ་དྲྭ་བའི་གར། །ཡོངས་བསྒྱུར་འཁོར་ལོའི་མགོན་པོ་བྱང་ཆུབ་གླིང་། །རེ་ཞིག་མ་ཡིན་གཏན་གྱི་སྐྱབས་གནས་སུ། །ཁྱོད་གཅིག་བསྟེན་ལ་བདག་ཡིད་ངལ་མིན་ན། །བྱམས་བརྩེའི་སྤྱན་དཀྱུས་ཡངས་པས་ཉེར་གཟིགས་ནས། །བདག་བློ་ཡེ་ཤེས་རྒྱ་མཚོར་བྱིན་གྱིས་རློབས། །གང་ཞིག་སྲིད་ལས་མྱ་ངན་འདའ་འདོད་པའི། །སྐྱེས་བུ་རྣམས་ཀྱི་ཉམས་སུ་བླང་བྱའི་གནད། །ཅུང་ཞིག་བླ་མའི་དྲིན་གྱིས་རྟོགས་པའི་ཚུལ། །འདི་རུ་བརྗོད་ཀྱིས་ཚུལ་བཞིན་སྒྲུབ་པར་བྱོས། །དེ་ཡང་ཐོས་པ་སྒྲོགས་དང་རང་བྱང་ཆུབ། །རྒྱལ་སྲས་དམ་པའི་ལམ་དང་བྱ་སྤྱོད་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཕ་མའི་རྒྱུད། །མཐའ་དག་རྫོགས་པ་ཆེན་པོའི་ལམ་སྟེགས་སུ། །ངེས་ཕྱིར་ཐེག་པའི་རིམ་པ་མས་རིམ་བཞིན། །འཇུག་འདི་སྔ་འགྱུར་བྱེད་པོ་རྗེ་རྣམས་ཀྱི། །ཕྱག་བཞེས་རྣལ་མར་ངེས་ཕྱིར་དེ་ཉིད་ཀྱི། །རྗེས་སུ་འཇུག་ལ་ལེགས་པར་བརྩོན་དགོས་ཏེ། །སྡུག་བསྔལ་འཁོར་བའི་བདེན་པ་མ་རྟོགས་ན། ཀུན་འབྱུང་མ་རིག་ཉིད་ཀྱང་སྤང་བར་དཀའ། །གང་དེ་འགོག་བྱེད་དོན་དམ་བདེན་པ་ཡང་། །ལམ་བདེན་འཕགས་པའི་སྤང་རྟོགས་ལ་ལྟོས་ཕྱིར། །དེ་དག་རྒྱ་ཆེར་བཀྲལ་བ་ཐུབ་དབང་རྗེས། །དམ་ཆོས་འདུལ་བའི་གཞུང་དུ་ལེགས་གསུངས་བཞིན། །བླང་དོར་གནས་ལ་ཚུལ་བཞིན་བརྩོན་པ་ནི། །རྣམ་མཁྱེན་བསྒྲུབ་པའི་རྟེན་གཞི་བླ་ན་མེད། །དེ་ལས་ཆོས་རྣམས་རང་ངོས་རང་བཞིན་གྱིས། །སྟོང་བ་ཉིད་དང་མཚན་མར་མ་གྲུབ་པའི། །རང་བཞིན་སྨོན་པའི་ཡུལ་ལས་འདས་བཞིན་དུ། །ཀུན་བཏགས་འཁྲུལ་བའི་རྩ་བ་ཆོད་པའི་ཚེ། །གཞན་དབང་སྒྱུ་མ་ཙམ་དུའང་མ་གྲུབ་པར། །རྟག་ཁྱབ་ཡོངས་གྲུབ་ཆེན་པོར་གནས་པའི་ཚུལ། །ཕར་ཕྱིན་གཞུང་དང་མངོན་པ་ལས་གསུངས་བཞིན། །དཔྱད་འཇོག་སྒོམ་པ་ཐར་བའི་སྲོག་ཤིང་ཡིན། །དེ་དག་ལས་ཀྱང་ཉེ་ལམ་ཟབ་མོ་ནི། །གདུལ་བྱའི་ཁམས་དབང་རྗེས་སུ་འགྲོ་བ་ལས། །མངོན་སུམ་ཀུན་གྱིས་སྤྱོད་པར་མ་ངེས་ཀྱང་། །རྒྱུད་ནས་འདུལ་བྱེད་ཐབས་ཀྱང་ཕ་མཐའ་ཡས། །འོན་ཏེ་འདིར་ནི་བསྡུས་ཏེ་འཆད་པ་ལ། །རྒྱུད་སྡེ་བཞིའམ་དྲུག་གི་ངེས་འབྱེད་ལས། །དང་པོ་གསུམ་ནི་གསང་སྔགས་ཕྱི་རྒྱུད་དེ། །གང་ཞིག་སྔགས་ལ་འཇུག་འདོད་བློ་སྐྱེས་ཀྱང་། །བླ་མེད་བརྟུལ་ཞུགས་ཟབ་མོར་ཚོམ་མེད་དུ། །འཇུག་པའི་གདེངས་ཉིད་ད་དུང་མ་ཐོབ་པར། །རང་བཞིན་གྱ་ཚོམ་སྤྱོད་ན་ཉེས་མང་ཕྱིར། །ཕྱི་ཡི་སྤྱོད་པ་འདུལ་བ་ལ་གཞོལ་བཞིན། །ནང་གི་ཉམས་ལེན་སྔགས་ཀྱི་རྣལ་འབྱོར་ནི། །མཚན་བཅས་མཚན་མེད་དག་ལ་བརྩོན་བཞིན་ཏུ། །རྒྱལ་སྲས་སྤྱོད་ལ་གཙོ་བོར་གུས་བསྐྱེད་ཅིང་། །འབྲས་བུ་རིགས་གསུམ་རིགས་བཞི་རིགས་ལྔ་སོགས། །བློ་རིམ་དང་བསྟུན་བསྒྲུབ་པར་བྱེད་པ་ནི། །དེ་དག་སོ་སོའི་འཇུག་སྒོ་དབང་དང་ནི། །དངོས་གཞིའི་སྒོམ་རིམ་དམ་ཚིག་གནང་བཀག་སོགས། །རྒྱུད་སྡེ་གསུམ་པོའི་དབྱེ་བསྡུ་ཐ་དད་ཀུན། །དོན་ཡོད་ཞགས་དང་རྣམ་སྣང་མངོན་བྱང་རྒྱུད། །ངན་སོང་སྦྱོང་རྒྱུད་ལ་སོགས་རྒྱུད་སྡེ་ནི། །བསམ་མི་ཁྱབ་པ་དག་ཏུ་རྒྱལ་བས་གསུངས། །འདི་དག་ཁ་ན་མ་ཐོའི་ཉེས་སེལ་ཕྱིར། །མོས་སྤྱོད་སྔགས་པའི་འཇུག་ངོགས་རྣམ་དག་གོ །དེ་ལྟར་ཐེག་པ་དྲུག་གི་རྒྱུད་སྦྱངས་ནས། །བླ་ན་མེད་པ་གསང་སྔགས་ནང་བ་ཡི། །འཇུག་སྒོ་དབང་ལ་ཕན་ནུས་ཟབ་དབང་གི །རྣམ་དབྱེ་མང་ཡང་མདོར་བསྡུས་དབང་བཞི་རུ། །མ་འདུས་མེད་ཅེས་ཀུན་མཁྱེན་ཆོས་རྗེས་གསུངས། དེ་ཡང་བུམ་པའི་དབང་གིས་ལུས་དང་རྩའི། །སྒྲིབ་པ་སྦྱངས་ཕྱིར་བསྐྱེད་རིམ་སྤྲུལ་སྐུའི་ལམ། །སྒོམ་པར་དབང་བཞིན་གང་ལ་བརྩོན་པ་གལ། །འདིར་ཡང་གོམས་པ་མཆོག་དམན་ལ་ལྟོས་ནས། །སྐྱེ་བ་རྣམ་བཞི་སྦྱོང་བྱེད་བསྐྱེད་རིམ་ཡང་། །བསྡུས་འབྲིང་རྒྱས་དང་རྒྱས་པ་ཆེན་པོ་བཞིར། །གསུངས་ཀྱང་ཉམས་ལེན་རང་ངོས་བརྗོད་པ་ན། །ཡེ་ནས་རྣམ་པར་དག་པའི་སེམས་ཉིད་ཀྱི། །རང་གདངས་མ་འགགས་རོལ་རྩལ་ཀུན་ཁྱབ་ཏུ། །ཤར་གང་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ། །ལྷུན་གྱིས་གྲུབ་པ་ཟབ་མོའི་བསྐྱེད་རིམ་དང་། །གང་གི་ངོ་བོ་བསམ་བརྗོད་བྲལ་བ་ལ། །གསལ་སྣང་ལྷ་ཡི་འཁོར་ལོར་ཤར་བ་ནི། །ཟབ་གསལ་གཉིས་མེད་རྡོ་རྗེའི་ཏིང་འཛིན་ཞེས། །ཤིན་ཏུ་རྣམ་དག་ཨུ་པ་དེ་ཤའོ། །དེ་ལྟར་རྣམ་དག་རིམ་པ་དང་པོའི་ལམ། །སྦྱངས་གོམས་བརྟན་པས་ཐ་མལ་སྣང་ཞེན་ཀུན། །ལྷ་སྣང་ཡེ་ཤེས་ཆེན་པོར་བསྒྱུར་པ་དང་། །དེ་དང་རྗེས་འབྲེལ་རྫོགས་རིམ་རིམ་ལྔ་སོགས། །མ་ཧཱ་ཡོ་གའི་རྒྱུད་སྡེ་རྒྱ་མཚོ་ལས། །གསུངས་ལྟར་ཉམས་སུ་ལེན་པར་བྱེད་པ་ནི། །བླ་མེད་རྒྱུད་ཀྱི་གཞི་མ་ལྟ་བུར་ངེས། །གཉིས་པ་གསང་བའི་དབང་གིས་ངག་དང་ནི། །རླུང་གི་སྒྲིབ་པ་སྦྱངས་ཕྱིར་མཚན་བཅས་ཀྱི། །རྫོགས་རིམ་ལོངས་སྐུའི་ལམ་མཆོག་སྒོམ་པ་ལ། །དབང་བཞིན་ཟབ་མོའི་ཆོས་དྲུག་ལ་སོགས་པ། །མང་ཞིག་སྒོམ་ཚུལ་ཨ་ནུའི་རྒྱུད་སྡེ་ལས། །གསུངས་ཀྱང་གནད་དུ་དྲིལ་ནས་འདིར་འཆད་ན། །དབེན་པར་ལུས་གནད་དྲང་པོར་བསྲིངས་ནས་སུ། །ཡི་དམ་གང་སྒོམས་མངོན་རྟོགས་གསལ་བཏབས་ནས། །རྡོ་རྗེ་ཕུང་པོའི་གྲོང་ན་ཡེ་གནས་པའི། །ཀུན་རྫོབ་རྩ་ཐིག་རླུང་ལ་གནད་བསྣུན་ནས། །དོན་དམ་བདེ་སྟོང་ཆེན་པོར་སྦྱངས་པའི་ལམ། །སྲོག་དང་རྩོལ་བའི་རྣལ་འབྱོར་ལ་གོམས་རྗེས། །གསུམ་པའི་དབང་གིས་ཡིད་དང་ཐིག་ལེ་ཡི། །སྒྲིབ་པ་སྦྱངས་ཕྱིར་གཞན་ལུས་བདེ་ཆེན་པོ། །ཆོས་སྐུའི་རྣལ་འབྱོར་ཉིད་ལ་དབང་བཞིན་དུ། །དངོས་རྒྱ་འམ་ནི་ཏིང་འཛིན་སྨིན་ལེགས་མའི། །བདེ་བ་ཡིད་ལ་འཇོ་བར་བྱེད་པ་ནི། །ལྟ་བའི་བོགས་འདོན་ཐབས་སུ་ལྷག་པར་གཅེས། །འོན་ཏེ་དེང་སྐབས་ལམ་གནད་མ་གོ་བཞིན། ཅོལ་ཆུང་ཚིག་ལ་ཞེན་པའི་སྦྱོར་སྒྲོལ་དེས། །གྲོལ་བ་ལྟ་ཅི་སྲིད་པའི་རུ་ཊྲར་གོལ། །དེ་ཕྱིར་རང་རྒྱུད་མྱོང་བར་བསྟུན་པ་གལ། མདོར་ན་མ་རྒྱུད་ལམ་ཟབ་འཁྲུལ་མེད་ནི། །བླ་མེད་རྒྱུད་སྡེའི་ལུས་དང་རབ་མཚུངས་ན། །གང་ལ་ཐོས་བསམ་སྒོམ་པས་བརྩོན་བྱེད་པ། །དེ་ལ་དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབས། །བཞི་བ་ཚིག་དབང་ཉིད་ལ་བརྟེན་ནས་སུ། །ཀུན་གཞི་དང་ནི་ཤེས་སྒྲིབ་ཕྲ་མོ་ཚུན། །སྦྱངས་ཕྱིར་དམིགས་པ་མེད་པའི་རྫོགས་རིམ་མཆོག །ངོ་བོ་ཉིད་སྐུའི་ལམ་མཆོག་སྒོམ་པ་ལ། །དབང་བཞིན་ཤིན་ཏུ་རྣམ་པར་དག་པའི་དབྱིངས། །སྤྲོས་བྲལ་ཀ་དག་ཆེན་པོའི་རང་བཞིན་དང་། །ལྷུན་གྲུབ་འདུས་མ་བྱས་པའི་ཡེ་ཤེས་གཉིས། །ཟུང་དུ་འཇུག་པ་རྫོགས་པ་ཆེན་པོའི་ལམ། །གང་ལ་ཕྱོགས་རིས་གཞལ་ན་གྲུབ་པའི་མཐའ། །ཀུན་དང་མཐུན་པར་སྣང་ཡང་རང་ངོས་ནས། །གཞལ་ན་གྲུབ་མཐའ་ཀུན་གྱི་གནད་རྫོགས་ཤིང་། །གྲུབ་མཐའ་ཀུན་གྱི་མཚང་ཡང་ཞིག་པ་སྟེ། །དོན་ལ་མཉམ་རྫོགས་ཐེག་པའི་རྒྱལ་པོའོ། །དེ་ལྟའི་ཨ་ཏི་ཡོ་ག་ཉིད་ལའང་། །དབྱེ་ན་སེམས་ཀློང་མན་ངག་སྡེ་གསུམ་ལས། །མན་ངག་སྙིང་ཐིག་ཟབ་མོའི་སྡེ་ལ་ཡང་། །ཕྱི་ནང་གསང་དང་ཡང་གསང་བླ་མེད་སྐོར། །བཞི་ལས་སྐོར་ཚོ་ཕྱི་མའི་དགོངས་པ་ནི། །ཀུན་གཞི་སེམས་དང་ཡིད་དང་རྣམ་ཤེས་དེ། །འཁོར་བའི་རྣམ་པ་ཆ་དང་བཅས་པ་ལས། །ཆོས་སྐུ་ཡེ་ཤེས་ཤེས་རབ་རོལ་རྩལ་བཅས། །ཁྱད་པར་དབྱེ་ནས་དེ་ཉིད་སྒོམ་པའི་ཐབས། །ཁྲེགས་ཆོད་ཐོད་རྒལ་གཉིས་ལ་གཞི་བཅས་ནས། །ཅོག་བཞག་བཞི་དང་ཏིང་འཛིན་རྣམ་གསུམ་གྱིས། །ཉམས་ལེན་བརྟན་གོམས་བྱེད་པ་ཁོ་ནའོ། །མདོར་ན་ཐེག་རིམ་དགུ་ལ་རིམ་ཞུགས་ནས། །མཐར་ཐུག་བློ་འདས་རྫོགས་པ་ཆེན་པོའི་གཤིས། །འདི་ཉིད་ཡེངས་སྒོམས་མེད་པར་མ་བསྐྱངས་ན། །བློས་བྱས་ཆོས་ཀྱི་སྲིད་ལས་གྲོལ་མི་ནུས། །ཅི་ཕྱིར་སེམས་དང་སེམས་བྱུང་འཁྲུལ་ཤེས་ལ། །འཁྲུལ་བས་འཁྲུལ་བ་དག་པར་མི་འཚལ་ཏེ། །དཔེར་ན་སྒྱུ་མས་སྒྱུ་མ་བསླུ་བ་བཞིན། །འཁྲུལ་བའི་འཁོར་ལོ་ནམ་ཡང་འཛད་པ་མེད། །དེ་ཕྱིར་བློ་འདས་གནད་ལ་གོམས་པར་མཛོད། །འོན་ཀྱང་ཕྱོགས་ཞེན་མ་ཡིན་གཟུ་བོའི་བློས། །མདོ་རྒྱུད་རྒྱ་མཚོའི་ལུང་ལ་དཔྱད་པ་དང་། །ལུང་དོན་རང་གི་སེམས་ལ་ཕབས་པ་དང་། །བླ་མའི་མན་ངག་དྲི་མེད་བདུད་རྩིའི་ཆབ། །སྙིང་དབུས་མི་ཤིགས་ཐིག་ལེར་བསྐྱིལ་བའི་མཐུས། །དེང་སྐབས་ཚིག་ལ་ཞེན་སྙམ་མི་གདའ་བས། །དོན་འདི་བསྒྲུབ་བརྩོན་གང་ལ་ལྷུག་པར་སྨྲས། །དེ་ཕྱིར་རྒྱལ་བསྟན་དྲི་མེད་ནོར་བུ་ལ། །རང་ལྟ་མཆོག་འཛིན་སྤངས་ནས་ཅིག་དྲིལ་དུ། །ཉམས་སུ་ལེན་འདི་ཁོ་བོའི་རིགས་ཀྱི་བདག །ཀུན་མཁྱེན་ཆོས་རྗེ་བླ་མ་ཡབ་སྲས་ཀྱི། །ཁྱད་ཆོས་ཡིན་ལ་ཁྱོད་ཀྱང་ཡིད་གཏོད་འཚལ། །དེ་ལྟར་མདོ་སྔགས་ཆོས་སྒོ་བསམ་ཡས་པ། །ཉུང་ངུའི་གཏམ་འདིས་གོ་བར་ནུས་དེ་ཅི། །འོན་ཏེ་ལྷག་བསམ་དག་པས་འདིར་གདམས་དགེས། །མ་ལུས་འགྲོ་ཀུན་རྣམ་མཁྱེན་སར་འགོད་ཤོག། ཅེས་པའང་མཁྱེན་དཔྱོད་ཀྱི་བློ་གྲོས་རྣམ་པར་ཡངས་པ་རང་སློབ་ཀུན་བཟང་རང་གསལ་གྱིས་བསྐུལ་ངོར་ཐེག་པ་མཆོག་ལ་མོས་པ་ཐོབ་པའི་རྣལ་འབྱོར་བ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་གདམས་པའོ། །དགེའོ། །