ལྟ་སྒོམ་སྤྱོད་པའི་ཚུལ་མདོར་བསྡུས་པའི་ཞལ་གདམས།

༄། །ལྟ་སྒོམ་སྤྱོད་པའི་ཚུལ་མདོར་བསྡུས་པའི་ཞལ་གདམས། །གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་ལྟ་སྒོམ་སྤྱོད་པའི་གནད། །མདོར་བསྡུས་ཇི་ལྟ་བུ་ཞེ་ན། །གྲུབ་མཐའ་འདི་ཞེས་བློས་བཞག་པའི། །ཐེག་པ་པ་རྣམས་སོ་སོ་ཡང་། །མཐར་ཐུག་རྫོགས་པ་ཆེན་པོའི་ལུགས། །གང་ཞིག་འདིར་ནི་འཆད་པ་ལ། །དང་པོ་ཐོས་དང་བསམ་པ་ཡིས། །བརྟགས་ནས་སེམས་ཀྱི་མཚན་ཉིད་རྣམས། །དོན་སྤྱིའི་ཚུལ་དུ་གོ་བའི་ཚེ། །སླད་ནས་ཉམས་མྱོང་དང་འབྲེལ་ཏེ། །ཀུན་གཞི་དང་ནི་ཆོས་སྐུའི་ཁྱད། །དེ་བཞིན་སེམས་དང་ཡེ་ཤེས་དང་། །ཡིད་དང་ཤེས་རབ་དག་གི་ཁྱད། །བླ་མའི་མན་ངག་གིས་ཕྱེས་ནས། །ཀུན་གཞི་སེམས་གསུམ་དང་བཅས་པ། །འཁོར་བའི་ཆོས་སུ་གོ་བ་ན། །དེ་ལྡོག་ཆོས་ཉིད་བདེན་པའི་ཞལ། །མཇལ་བ་ཞེས་བྱ་ལྟ་བའོ། །གང་ནས་བརྩམས་ཏེ་རྣམ་ཀུན་ཏུ། །དེ་ལྟའི་ཆོས་ཉིད་དྲི་མེད་ལས། །ཡུལ་དྲུག་རྗེས་སུ་མི་གཡོ་བར། །རྒྱ་མཚོ་ཆེན་པོར་གཟའ་སྐར་གྱི། །རྣམ་པ་སྣང་ཡང་ཡོང་གཞན་ལྟར། །དེ་འཛིན་རྐུན་བུ་མི་འཇུག་བཞིན། །དྲན་ཤེས་སོ་བ་རྒྱུན་བསྟེན་བྱ། །དེ་ཚེ་བྱིང་རྒོད་སྐྱོན་སེལ་དང་། །བདེ་གསལ་མི་རྟོག་ལ་སོགས་པའི། །ཉམས་ཀྱི་གོལ་ས་གཅོད་པའི་ཕྱིར། །འགྱུ་བ་དྭངས་ཚོལ་གདམས་ངག་དང་། །གནས་ལ་ཕྱམ་གདལ་གདམས་ངག་ཟུང་། །དྲན་པའི་གསོས་སུ་བརྟེན་པར་བྱ། །འདི་ནི་སྒོམ་པས་སྐྱོང་ཚུལ་ལོ། །དེ་འདྲའི་མཉམ་བཞག་ཞི་གནས་དང་། །ལྷག་མཐོང་ཟུང་འཇུག་ཉམས་ལེན་བཞིན། །རྗེས་སུ་ཐོབ་པའི་རོལ་པ་ལས། །རིག་ཙམ་གོ་ཙམ་དྲན་པའི་རྒྱུན། །མ་ཆད་ངང་ནས་བཟའ་བཏུང་སོགས། །སྤྱོད་ལམ་ཀུན་ཀྱང་ཚོགས་རྫོགས་པའི། །ཐབས་དེ་ཁོ་ནར་བསྒྱུར་བཞིན་དུ། །བསྔོ་སྨོན་རྣམ་པར་དག་པར་གདབ། །འདི་ནི་ཐེག་ཆེན་རྒྱལ་སྲས་ཀྱི། །སྤྱོད་པ་བླ་ན་མེད་པའོ། །མདོར་ན་ཆོས་ནི་ཉོན་མོངས་པ། །གདུལ་ཐབས་ཉིད་ལས་གཞན་མིན་ཕྱིར། །ལྟ་སྒོམ་སྤྱོད་པ་དེ་དག་ཀྱང་། །ཅི་ཙམ་རྒྱུད་ལ་ཁེལ་བཞིན་དུ། །བདག་འཛིན་འཆིང་བ་ཡོངས་གྲོལ་ནས། །འཁྲུལ་བ་རིམ་བཞིན་འཇིག་པ་ཡིན། །དེ་ཕྱིར་ལོ་ཟླའི་མཚམས་སྒྲུབ་ལ། །ཞུགས་ཀྱང་བདག་འཛིན་ཉོན་མོངས་བཅས། །ཐུལ་བར་དཀའ་ན་ཆོས་དེ་ནི། །ཆོས་སུ་སོང་བ་མ་ལགས་སོ། །དེ་ཕྱིར་བདག་འཛིན་ཅི་ཆོད་མཛོད། །འདིར་བཤད་པ་ཡང་འགྲོ་བ་རྣམས། །ཡང་དག་ལམ་མཐོང་རྒྱུར་གྱུར་ཅིག །ཅེས་པའང་སྒྲུབ་བརྩོན་མ་རྣམ་དཀར་སྒྲོན་མ་ནས་ལྟ་སྒོམ་སྤྱོད་པའི་སྐྱོང་ཚུལ་མདོར་བསྡུས་ཤིག་དགོས་ཞེས་བསྐུལ་བཞིན་སྤྲང་བཙུན་འདུ་ཤེས་གསུམ་པ་གཞན་ཕན་མཐའ་ཡས་འོད་ཟེར་ཞེས་འབོད་བས་སྨྲས་པའོ།། །།