སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་འདེབས།

༄། །སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་འདེབས་བཞུགས་སོ། །སྟོབས་བཅུའི་མངའ་བདག་མགོན་པོ་ཟས་གཙང་སྲས། །རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་དཔལ་དབྱངས། །ཤིང་རྟའི་ལམ་སྲོལ་འབྱེད་པ་ཞི་བའི་ལྷ། །བསྟན་པའི་ཆུ་འགོ་གསུམ་ལ་གསོལ་བ་འདེབས། །བྱང་སེམས་རྒྱས་མཛད་ཨེ་ལ་ངྷ་རི་དང་། །གྲུབ་བརྙེས་མ་ཧ་ཤྲཱི་རཏྣའི་ཞབས། །ལྔ་རིག་སྨྲ་བ་བྷ་ཝ་བཛྲ་སྟེ། །འཕགས་ཡུལ་པཎ་གྲུབ་གསུམ་ལ་གསོལ་བ་འདེབས། །གསེར་གླིང་མཁས་པའི་དབང་པོ་ཆོས་ཀྱི་གྲགས། །བྷཾ་ག་ལ་ཡི་རྒྱལ་རིགས་ཨ་ཏི་ཤ། །གངས་ཅན་གཞུངས་ལུགས་འཛིན་པ་བློ་གྲོས་བཟང་། །སེམས་བསྐྱེད་སྤེལ་མཛད་གསུམ་ལ་གསོལ་བ་འདེབས། །སྐད་གཉིས་སྨྲ་བ་བློ་ལྡན་ཤེས་རབ་དང་། །ལེགས་བཤད་ནོར་བུའི་མཛོད་འཛིན་ཞང་ཚེ་སྤོང་། །རིགས་ལམ་གསལ་མཛད་ཕྱ་བ་ཆོས་སེང་སྟེ། །བཤད་སྒྲུབ་ཁུར་འཛིན་གསུམ་ལ་གསོལ་བ་འདེབས། །ཡུལ་དབུས་དན་འབག་སྨྲ་བའི་སེངྒེ་དང་། །མང་ཐོས་བློ་ལྡན་དར་མ་བཀྲ་ཤིས་ཞབས། །བྱང་ཆུབ་སེམས་འབྱོངས་ཤེས་རབ་བློ་གྲོས་སྟེ། །ལུང་རིགས་སྨྲ་བ་གསུམ་ལ་གསོལ་བ་འདེབས། །སྡེ་སྣོད་འཛིན་པ་ཤེས་རབ་དབང་ཕྱུག་དང་། །བྱང་སེམས་ཆེན་པོ་སངས་རྒྱས་བརྩོན་འགྲུས་ཞབས། །མཁས་མཆོག་དབེན་དགེ་ཤཱཀྱ་སེངྒེ་སྟེ། །གཤེས་གཉེན་དམ་པ་གསུམ་ལ་གསོལ་བ་འདེབས། །གསང་ཕུའི་བླ་བྲང་ཆོས་དཔལ་རྒྱལ་མཚན་དང་། །ཀུན་མཁྱེན་རྒྱལ་བའི་དབང་པོ་ཀློང་ཆེན་པ། །མཁས་གྲུབ་ཆེན་པོ་ཁྱབ་བརྡལ་ལྷུན་གྲུབ་སྟེ། །།རྒྱལ་བསྟན་གསལ་མཛད་གསུམ་ལ་གསོལ་བ་འདེབས། །ཆོས་ཀྱི་སྤྱན་ལྡན་གྲགས་པ་འོད་ཟེར་དང་། །ཟབ་མོའི་ལམ་སྟོན་སངས་རྒྱས་དབོན་པོའི་ཞབས། །སྤྲུལ་པའི་སྐུ་མཆོག་ཟླ་བ་གྲགས་པ་སྟེ། །ཡང་དག་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་ཀུན་བཟང་རྡོ་རྗེ་དང་། །རྗེ་བཙུན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། །མཁྱེན་རབ་མཆོག་མངའ་སྣ་ཚོགས་རང་གྲོལ་སྟེ། །བསྟན་འཛིན་དམ་པ་གསུམ་ལ་གསོལ་བ་འདེབས། །ཐུབ་བསྟན་ཡོངས་འཛིན་གྲགས་པའི་མཚན་ཅན་དང། །མདོ་སྔགས་བསྟན་པ་འཛིན་པའི་མཁས་གྲུབ་མཆོག །རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་སྟེ། །ཟབ་ལམ་སྤེལ་མཛད་གསུམ་ལ་གསོལ་བ་འདེབས། །ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་དང་། །གང་དེའི་རྗེས་བཟུངས་འགྱུར་མེད་འོད་གསལ་ཞབས། །ཐམསཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་སྟེ། །ཐར་བའི་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །བདག་ཉིད་ཆེན་པོ་པངྨ་བཤེས་གཉེན་དང་། །མཆོག་གཟིགས་ཨ་ཏི་བསྟན་པའི་རྒྱལ་མཚན་ཞབས། །འཁོར་ལོའི་མགོན་པོ་ཀུན་བཟང་གཞན་ཕན་སྟེ། །བྱང་སེམས་རྒྱས་མཛད་གསུམ་ལ་གསོལ་བ་འདེབས། །གཞན་ཡང་པངྨ་བཤེས་གཉེན་རིག་འཛིན་བཟང་། །གནས་བརྟན་པངྨ་མངྒ་ཤྲཱིའི་ཞབས། །བརྒྱུད་ཚུལ་ཀུན་འདུས་རྩ་བའི་བླ་མ་སྟེ། །བཀའ་དྲིན་མཚུངས་མེད་གསུམ་ལ་གསོལ་བ་འདེབས། །བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ། །དཔལ་མགོན་བླ་མ་རྣམས་ཀྱིས་རྗེས་བཟུང་སྟེ། །དལ་འབྱོར་ལུས་ལ་སྙིང་པོ་ལོན་པ་དང་། །མི་རྟག་འཆི་བ་རྗེས་སུ་དྲན་པར་ཤོག །སྲས་བཅས་རྒྱལ་བའི་གཤེགས་ཤུལ་བླ་མེད་པ། །ཚད་མེད་སྙིང་རྗེ་ཆེན་པོས་རྒྱུད་བརླན་ནས། །སྨོན་འཇུག་བྱང་ཆུབ་སེམས་གཉིས་འབྱོང་བ་དང་། །གཞན་ལ་ཕན་པའི་སྤྱོད་པ་ལྷུར་ལེན་ཤོག །ཟབ་མོའི་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །སྐུ་བཞིའི་བདག་ཉིད་མཆོག་གི་ས་བརྙེས་ཏེ། །ཇི་སྲིད་འགྲོ་ཁམས་སྟོང་བར་མ་གྱུར་པ། །དེ་སྲིད་རྒྱལ་བའི་ཕྲིན་ལས་སྒྲུབ་པར་ཤོག །ཅེས་པའང་རང་སློབ་རྒྱལ་སྲས་ཞི་བ་བཟང་པོའི་བཞེད་སྐོང་དུ་བཙུན་པ་གཞན་ཕན་པས་སྤེལ་བ་དགེ། དགེའོ། །