དྲུག་ལྡན་བརྒྱུད་པའི་བླ་མར་གསོལ་བ་འདེབས་པ།

༄། །དྲུག་ལྡན་བརྒྱུད་པའི་བླ་མར་གསོལ་བ་འདེབས་པ་བཞུགས། །སྐུ་བཞིའི་བདག་ཉིད་སྟོན་པ་ཀུན་ཏུ་བཟང་། །རྒྱལ་ཚབ་རིགས་ལྔ་རིགས་འདུས་རྡོ་རྗེ་འཆང་། །དགོངས་བརྡའ་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨོན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །རིགས་གསུམ་སེམས་དཔའ་རིགས་ཅན་དྲ་མ་ལྔ། །དགའ་རབ་རྡོ་རྗེ་ཨིནྟྲ་བོ་དྷི་སོགས། །རིག་འཛིན་རིག་པའི་བརྒྱུད་པ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །ཨོ་རྒྱན་ཡབ་ཡུམ་གྲུབ་པའི་རིག་འཛིན་བརྒྱད། །བཱཻ་རོ་ཙ་ན་རྨ་གཉགས་སྐ་ཅོག་སོགས། །སྙན་ཁུང་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །དབྱིངས་ལྔའི་ཌཱ་ཀི་ཕག་མོ་རིགས་ལྔ་དང་། །མཁར་གཤེགས་མཁའ་སྤྱོད་འབར་བའི་གདོང་ཅན་སོགས། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །རྒྱལ་བའི་གདུང་འཚོབ་རིག་པ་འཛིན་རྣམས་ཀྱི། །ཐུགས་བསྐྱེད་དག་པས་མཚམས་སྦྱར་སྨོན་ལམ་གྱིས། །དབང་བསྐུར་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨོན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །སྙན་བརྒྱུད་གདམས་པ་བཟོ་གནས་སྤྲུལ་པའི་སྐུར། །ཡོངས་ཤར་མིང་ཚིག་ཡི་གེའི་སྒྱུ་འཕྲུལ་གྱིས། །དོན་སྟོན་ཤོག་སེར་བརྒྱུད་པ་བྱིན་རླབས་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཚེ་འདིར་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །རྗེ་བཙུན་བླ་མ་ཐུགས་རྗེའི་བདག་ཉིད་ཅན། །ཁྱོད་ལ་མོས་གུས་དྲག་པོས་གསོལ་འདེབས་ན། །བདག་གིས་བྱང་ཆུབ་སྒྲུབ་ལ་གེགས་མེད་ཅིང་། །མཐུན་པའི་རྐྱེན་ཀུན་འབད་མེད་ལྷུན་གྲུབ་ནས། །ཚེ་འདིར་རིམ་གཉིས་ལམ་གྱིས་རྡོ་རྗེ་འཆང་། །མངོན་དུ་ཐོབ་ནས་མཐའ་ཡས་འགྲོ་བ་ཀུན། །སྲིད་པའི་རྒྱ་མཚོ་ཆེ་ལས་ཡོངས་བསྒྲལ་ཏེ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས། །ཅེས་པའང་དད་བརྩོན་ཤེས་རབ་ཀྱི་ལང་ཚོ་རྣམ་པར་བཀྲ་བའི་སློབ་པུ་པདྨ་ཚེ་དབང་ནས་ཇི་ལྟར་བསྐུལ་དོན་བཞིན་བཙུན་པ་གཞན་ཕན་མཐའ་ཡས་པས་གསོལ་བ་བཏབ་པ་དགེ། དགེའོ།། །།