བླ་མ་རྒྱངས་འབོད་ལམ་གནད་ཀུན་ཚང་།

༄། །བླ་མ་རྒྱངས་འབོད་ལམ་གནད་ཀུན་ཚང་ཞེས་བྱ་བ་བཞུགས། །ན་མོ་གུ་རུ། གཞི་གཉུག་མའི་རང་ཞལ་རྗེན་པ་རུ་སྟོན་པའི། །ཕ་སངས་རྒྱས་ཀུན་འདུས་དྲིན་ཅན་གྱི་བླ་མ། །མགོན་རྡོ་རྗེ་འཆང་དེར་སྙིང་ཁོང་ནས་འབོད་ན། །བུ་ལས་ཉོན་དགྲ་ལས་སྐྱོབ་པ་ཞིག་ཁྱེད་མཁྱེན། །གནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་ཡི་ཀློང་འདིར། །རྟེན་དལ་འབྱོར་གྲུ་ཆེན་སྔོན་བསགས་ཀྱིས་ཐོབ་ཀྱང་། །སེམས་མི་མཐུན་རླུང་གིས་གཏད་མེད་དུ་ཁྱེར་བའི། །བུ་དྲེད་པོ་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །ལས་བྱས་ཀྱང་ཟིན་མེད་འཇིག་རྟེན་གྱི་ཕྱི་ཚིས། །འདི་འགྲུབ་མིན་རེ་དོགས་ཆགས་སྡང་གི་ངང་ལ། །དགྲ་འཆི་བདག་སྲིན་མོས་གློ་བུར་དུ་བཅོམ་ན། །བུའི་སྐྱབས་གནས་མཛོད་དང་དྲིན་ཆེན་གྱི་བླ་མ། །དུས་ཐོག་མེད་ཅིག་ནས་འཁོར་བ་འདིར་འཁྱམས་ཀྱང་། །ལས་མི་དགེའི་ངན་སྤྱོད་སྤང་ཐབས་ལ་རྨོངས་ཏེ། །མཐར་ཐར་བའི་རྟེན་འབྲེལ་འགྲིགས་མེད་དུ་སོང་བའི། །བུ་རྟག་འཛིན་ཅན་ལ་ཐུགས་རྗེ་ཡིས་གཟིགས་དང་། །ཕྱོགས་གང་ནས་བསམ་ཀྱང་སྡུག་བསྔལ་གྱི་རྦ་ཀློང་། །སྐབས་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཡོ་བའི། །གནས་འཇིགས་རུང་འདི་འདྲར་བག་མེད་དུ་སྤྱོད་ན། །བུའི་ལམ་སྣ་དྲོངས་དང་དྲིན་ཆེན་གྱི་བླ་མ། །བློ་ཆགས་སྡང་རྨོངས་པའི་ལྕགས་མཁར་དུ་འཛུད་པའི། །ཡུལ་ཡིད་དུ་འོང་མིན་གནོད་སྦྱིན་གྱི་བུ་མོ། །འདི་སྔོན་ཆད་ཕན་པའི་ཟླ་གྲོགས་སུ་རློམས་པའི། །བུ་བློ་ཉེས་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །རྐྱེན་བྱིང་རྒོད་རླབས་ཀྱིས་དབང་མེད་དུ་བསྐྱོད་ནས། །ཡིད་ཞི་གནས་བཟང་པོའི་གསེར་གླིང་དང་བྲལ་ཡང་། །སྔར་གོ་ཡུལ་ལྐོག་པོའི་སྟོང་གསོབ་ལ་ཞེན་ན། །བུའི་གོལ་ས་ཆོད་དང་དྲིན་ཆེན་གྱི་བླ་མ། །གཞི་ཕུང་སོགས་སྟེང་དུ་རིག་ཤེས་ཀྱིས་གཞལ་བའི། །དོན་བདག་མེད་རྟོགས་པའི་ལྟ་བ་དང་བྲལ་ཡང་། །སེམས་སྟོང་ཉམས་ཙམ་ལ་གཅེས་ནོར་དུ་འཛིན་པའི། །བུ་ཀུན་རྨོངས་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །བློས་དཔྱད་ངོར་སྟོང་བའི་མེད་དགག་གི་སྦྱོར་ཚུལ། །འདི་རང་གིར་བགྱིས་ཀྱང་ལྷན་སྐྱེས་ཀྱི་འོད་གསལ། །དེ་མཇལ་བའི་སྐལ་བ་རྒྱངས་རིང་དུ་གྱུར་ན། །བུའི་གཉིས་འཛིན་སོལ་དང་དྲིན་ཆེན་གྱི་བླ་མ། །ཆོས་ཟབ་མོ་རྡོ་རྗེའི་ཐེག་པ་དང་མཇལ་ཡང་། །དེའི་འཇུག་སྒོ་དབང་གཞིའི་བསྟན་དོན་གྱི་ཉམས་ལེན། །ཐབས་རིམ་གཉིས་སྒོམ་པའི་གནད་འགག་ལ་རྨོངས་པའི། །བུ་ལམ་ནོར་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །མགོན་ཐུབ་པའི་དབང་པོའི་གསུངས་རབ་ཀྱི་སྙིང་པོ། །མཆོག་བྱང་ཆུབ་སེམས་གཉིས་སྒོམ་ཚུལ་གྱི་རིམ་པ། །དེ་བསླབ་གསུམ་ནོར་བུའི་བང་མཛོད་ཀྱིས་བསྡུས་ན། །བུའི་ཕ་ཕོག་སྩོལ་དང་དྲིན་ཅན་གྱི་བླ་མ། །རྟེན་རྣམ་དག་ཁྲིམས་ཀྱི་ཞིང་ས་ལ་ཐེབས་པའི། །རྒྱུ་ཐོས་བསམ་ལས་བྱུང་ཤེས་རབ་ཀྱི་ས་བོན། །དེ་སྒོམ་པའི་རླན་གྱིས་རིམ་བཞིན་དུ་བསྐྱེད་པའི། །བུ་མཆོག་འདོད་བདག་ལ་ཐུགས་རྗེ་ཡིས་གཟིགས་དང་། །རྒྱུད་ཉོན་མོངས་ཐ་རྒོད་ཇི་བདེ་རུ་ཐུལ་ཞིང་། །ཉམས་རྟོགས་པའི་མྱུ་གུ་གོང་འཕེལ་དུ་གྱུར་འབྲས། །སེམས་འོད་གསལ་ཆོས་སྐུ་བླ་མ་ཡི་ངོ་བོར། །བུ་ད་ལྟ་གྲོལ་པར་བྱིན་གྱིས་རང་རློབས་ཤིག །ཅེས་པའང་ཟབ་མོའི་ལམ་གྱི་རྣལ་འབྱོར་ལ་གཅིག་ཏུ་བརྩོན་པའི་དགེ་སློང་རྡོ་རྗེ་འཛིན་པ་པདྨ་ཚེ་བརྟན་ནས་ཇི་ལྟར་བསྐུལ་དོན་ལྟར་བཙུན་པ་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་དགེ། །།