སྨྲ་བའི་དབང་ཕྱུག་སྒྲུབ་པའི་གསང་ལམ།

༄། །སྨྲ་བའི་དབང་ཕྱུག་སྒྲུབ་པའི་གསང་ལམ་ཞེས་བྱ་བ་བཞུགས། །བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་སྨྲ་ལྕེ་བདེ་བ་དང་ཤེས་རབ་འཕེལ་བར་འདོད་པས། །སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། །ཨཿ རང་ལུས་གཉུག་མའི་ཙིཏྟའི་དབུས་ཉིད་དུ། །དམིགས་མེད་སྙིང་རྗེའི་རང་མདངས་ཨཿདཀར་ལས། །འོད་འཕྲོས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི། །ལུས་རྟོག་ཀུན་སྦྱངས་སྟོང་པ་ཉིད་དུ་གྱུར། །སྟོང་བའི་ངང་ལས་སྣང་སྲིད་དག་པའི་གཞིར། །སྐྱོན་བྲལ་པདྨའི་ཟེའུ་འབྲུར་ཉི་ཟླའི་དབུས། །ཀུན་གསལ་ལམ་དུ་དབང་གཞུས་སྤྲས་པ་བཞིན། །རང་རིག་སྐྱེ་མེད་ཡི་གེའི་འཕྲོ་འདུ་ལས། །གངས་ཅན་མིག་གཅིག་ཐུ་མི་སམ་བྷོ་ཊ། །གཞོན་མཛེས་འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན། །ཞལ་ནས་དབྱངས་གསལ་ཡི་གེའི་སྒྲ་སྒྲོགས་ཤིང་། །ཕྱག་གཉིས་མཉམ་བཞག་བསྣོལ་བས་གླེགས་བམ་འཛིན། །དེ་ཡི་སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དབྱངས། །གསེར་མདོག་མཚན་དཔེའི་འོད་སྟོང་འབར་བའི་གཟིས། །གཉིས་སྣང་འཁྲུལ་བའི་མུན་པ་ཀུན་འཇོམས་ཤིང་། །རྟོག་པའི་དྲྭ་བ་མ་ལུས་ཆོས་དབྱིངས་སུ། །གཅོད་པའི་མཁྱེན་རབ་ཕྱག་རྒྱར་རྫོགས་པའི་སྐུ། །ཐབས་ཤེས་ཟུང་འཇུག་རྡོ་རྗེའི་སྐྱིལ་ཀྲུང་གིས། །སྲིད་ཞིར་མི་གནས་དབུ་མའི་ངང་དུ་བཞུགས། །དེ་ལྟར་གསལ་བའི་གནས་གསུམ་ཡི་གེ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམས། །སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས་པ་ལ། །སྙིང་ནས་གུས་པས་ཕྱག་འཚལ་མཆོད་འབུལ་ཞིང་། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །དུས་གསུམ་ལེགས་སྤྱད་རྣམ་མཁྱེན་རྒྱུར་བསྔོས་པས། །སྨྲ་བའི་དབང་པོ་ཚེ་འདིར་ཐོབ་པར་ཤོག །ཨ་ཨཱ་ཨི་ཨཱི་སོགས་དབྱངས་གསལ་དང་། ཨ་ར་པ་ཙ་ན་ངྷི། ཞེས་སྙིང་པོ་ཡི་གེ་དྲུག་པ་བཟླ་བར་བྱའོ། །ཞེས་པའང་སྐྱབས་མགོན་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ནས་བཀའ་ཕེབས་ཇི་ལྟར་གནང་དོན་བཞིན་བཙུན་པ་གཞན་ཕན་མཐའ་ཡས་པས་སྤེལ་བ་དགེའོ།། །།