Nitartha Digital Library
Tibetan
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།


   
   
   
  collapse section
དྲིས་ལན་སྟོང་ཐུན་གྱི་སྐོར་ཚོ།
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section


 
previousདྲིས་ལན་སྟོང་ཐུན་གྱི་སྐོར་ཚོ།next

དྲིས་ལན་སྟོང་ཐུན་གྱི་སྐོར་ཚོ།

ཀར་གླིང་ཞི་ཁྲོའི་དཀའ་གནས་ལ་དཔྱད་པའི་གསལ་བྱེད་སྐྱ་རེངས་དང་པོ།

༄། །ཀར་གླིང་ཞི་ཁྲོའི་དཀའ་གནས་ལ་དཔྱད་པའི་གསལ་བྱེད་སྐྱ་རེངས་དང་པོ་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་རྡོ་རྗེ་འཆང་། །མ་ཅིག་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཡུམ། །ཟབ་གཏེར་གདམས་པའི་མཛོད་འཛིན་ཀརྨ་གླིང་། །རྣམ་གསུམ་དབྱེར་མེད་བདག་བློའི་པད་མཚོར་རོལ། །འདི་ན་མཐའ་དྲུག་ཚུལ་བཞིས་ལེགས་བསྡམས་པའི། །རྒྱུད་དོན་དཔྱོད་པའི་བློ་མིག་ཆེས་ཕྲ་ཡང་། །ཐོས་འཛིན་དམ་པའི་གསུང་གིས་ལན་བརྒྱ་རུ། །གཙེས་པའི་ཟུག་རྔུས་མ་བཟོད་གཏམ་འདི་ཐལ། །དེ་ལ་འདིར་སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་ཀརྨ་གླིང་བ་རྩལ་གྱི་ཟབ་གཏེར་ལས་བྱོན་པའི་དམ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་གྲགས་པ་འདི་ཉིད་ཀྱི་བཀའ་གནས་གནད་ཆེ་ས་རྣམས་སུ་ཅུང་ཟད་དཔྱད་པ་ལ་གསུམ། སྤྱིར་བཏང་གཞུང་འདི་ཉིད་རྒྱུད་སྡེ་གང་དུ་གཏོགས་པ་ལ་དཔྱད་པ་དང་། རིགས་དང་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་ལ་དཔྱད་པ་དང་། བསྐྱེད་རིམ་གྱི་ཡན་ལག་གཞན་ལ་དཔྱད་པ་སྟེ་གསུམ་ལས། དང་པོ་ནི། བསྟན་བཅོས་ཀྱི་རྩིས་འགོ་ཡན་ལག་ལྔའི་དབང་དུ་བྱས་ན། གཞུང་འདི་མཛད་པ་པོ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝའི་ཞལ་སྔ་ནས། དོན་ཆེན་སྙིགས་མའི་དུས་ཀྱི་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ་གསུངས་པ་ནི་རང་གཞུང་གི་སྦྱར་བྱང་རྣམས་སུའང་གསལ་ལ། ལུང་གསང་སྔགས་ཀྱི་རྒྱུད་སྡེ་ལས་བཏུས་པ་དང་། ཕྱོགས་སྔགས་བླ་མེད་ཀྱི་ཕྱོགས་སུ་གཏོགས་པ་དང་། དབུ་ཞབས་སུ་བསྡུས་པའི་དོན་གང་ཟག་ཅིག་འཚང་རྒྱ་བའི་ལམ་ཆ་ལག་དང་བཅས་པ་ཚང་བར་བསྟན་པ་སྟེ། འདི་ཙམ་ཞིག་སྔོན་གྱི་མཁས་པ་ཐམས་ཅད་ལ་ཡོངས་སུ་གྲགས་མོད། དེ་ལྟ་ནའང་གཞུང་འདི་ཉིད་གཏེར་སྟོན་ཀརྨ་གླིང་བས་སྒམ་པོ་གདར་རི་ནས་སྤྱན་དྲངས་ཏེ། ཐུགས་སྲས་ཉི་ཟླ་ཆོས་རྗེ་ལ་གནངས་ཤིང་། དེས་གུ་རུ་ཉི་ཟླ་འོད་ཟེར་ལ་གནང་བ་སྟེ་བརྒྱུད་པ་གསུམ་གྱི་བར་དུ་ཆིག་བརྒྱུད་མཛད་པ་དང་། དེ་ནས་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་སོགས་མཁས་གྲུབ་མང་པོས་ཁམས་དབུས་གཙང་གསུམ་དུ་སྤེལ་ཞིང་། ཁྱད་པར་ཁམས་ཕྱོགས་འདིར་དར་རྒྱས་ཤིན་ཏུ་ཆེ་བར་གྱུར་ལ། རྒྱ་སྟོན་གྱིས་མཛད་པའི་ཡིག་སྣ་ཡང་ཤིན་ཏུ་མང་། དེའི་རྗེས་སུ་འབར་བླ་བཀྲ་ཤིས་རྒྱ་མཚོ་དང་། མཁས་གྲུབ་ཀརྨ་ཆགས་མེད། ཧེ་བ་ཆོས་འབྱུང་། རྟག་བླ་ཡབ་སྲས་སོགས་ཀྱི་ཡིག་ཆ་ཡང་མང་དུ་སྣང་ཞིང་། ཕྱིས་སུ་འདི་ཕྱོགས་ཀྱི། གཡག་ཟེ་པདྨ་དབང་ཕྱུག སྐྱབས་ཡས་ཀུན་བཟང་། འབར་ཆུང་བ་བཀྲ་ཤིས་རྒྱ་མཚོ། ཁྲོམ་ཟ་ངག་དབང་པདྨ་སོགས་མཁས་པར་གྲགས་པ་མང་པོས་ཆོ་གའི་རྣམ་བཤད་སོགས་ཀྱང་ཅི་རིགས་མཛད་སྣང་ཡང་མདོ་རྒྱུད་ཀྱི་ལུང་སྣ་ཚོགས་བཏུས་ནས་སྒྲུབ་བྱེད་དུ་མཛད་པ་ལས། སློབ་དཔོན་ཆེན་པོས་རྒྱུད་སྡེ་གང་ལ་བརྟེན་ནས་གཞུང་འདི་ཆོག་བསྒྲིག་མཛད་པའི་རྒྱུད་ཁུང་དངོས་གང་ཡིན་ལ་དཔྱད་པ་ནི་ཆེར་གནང་བ་མི་འདུག་མོད། འོན་ཀྱང་དེ་ཉིད་ཐོག་མར་ངེས་པར་མ་གྱུར་ན། གསང་སྔགས་ཀྱི་རྒྱུད་སྡེ་བཞི་བོ་སོ་སོར་ཆོ་གའི་བབ་མི་འདྲ་བ་རེ་རེ་ཡོད་པ་དང་། བྱེ་བྲག་བླ་མེད་ཀྱི་རྒྱུད་སྡེ་རེ་རེ་བཞིན་དུ་ཡང་ཆོ་གའི་འགྲོས་དང་དགོངས་པ་མི་འདྲ་བ་ཅི་རིགས་ཡོད་པའི་ཕྱིར། འོག་ཏུ་གཞུང་དངོས་འཆད་པའི་སྐབས་སུ་ཡང་རྒྱུད་གང་གི་ལུགས་སུ་སྒྲུབ་དགོས་རྒྱུ་ཡིན་པ་མི་ཤེས་པར་འགྱུར་རོ་སྙམ་དུ་སེམས་སོ། །དེས་ན་འདིར་གཏེར་གཞུང་རང་གི་ཚིག་ཟུར་ལ་དཔྱོད་པ་ལས་སྒྲུབ་བྱེད་གཞན་རྙེད་པར་མི་འདུག་ཀྱང་། དེར་དཔྱད་པ་ལ་བསྐྱེད་རྫོགས་ཀྱི་ཕྱོགས་གཉིས་ལས། ཕྱི་མ་རྫོགས་རིམ་གྱི་ཕྱོགས་བར་དོ་དྲུག་གི་ཁྲིད་སྐོར་རྣམས་ནི། སྤྱིར་ཡང་རྫོགས་ཆེན་གྱི་རྒྱུད་དང་ཁྱད་པར་སྙིང་ཐིག་གི་རྒྱུད་སྡེ་རྣམས་ལ་བརྟེན་པར་ཁྲིད་རིམ་སོ་སོའི་སྐབས་སུ་གསལ་བའི་ལུང་སྦྱོར་རྣམས་ཀྱིས་ཤེས་པར་ནུས་ཀྱང་། བསྐྱེད་རིམ་གྱི་ཕྱོགས་རྣམས་རྒྱུད་སྡེ་གང་ལ་བརྟེན་པའི་གསལ་ཁ་ཡེ་མི་སྣང་ཡང་ཚིག་ཟུར་ལ་དཔག་ན། འདི་ཉིད་ཀྱི་ལས་བྱང་གི་རྒྱུའི་ཏིང་ངེ་འཛིན་སྒོམ་པའི་སྐབས་སུ་ཡང་། རིགས་ཀྱི་བྱེ་བྲག་ལས་ཁ་དོག་གི་ཁྱད་པར་ཙམ་མ་གཏོགས། རང་སེམས་རིག་རྩལ་འགགས་མེད་འདིཿ མཐིང་ནག་རྒྱུ་ཡི་ཡི་གེ་ཨཱཿ ཞེས་དང་། ཨ་ལས་ཨེ་ཡཾ་བཾ་ལཾ་འཕྲོསཿ ཞེས། ཡི་གེ་ཨ་ཉིད་སྒོམ་པར་གསུངས་པ་དང་། རིགས་དྲུག་གནས་འདྲེན་ལས་ཀྱང་། ཚེ་འདས་ཀྱི་རྣམ་ཤེས་འོག་ཏུ་ལྷར་སྒོམ་པའི་དབང་དུ་བྱས་ཏེ། རྣམ་ཤེས་ནྲི་དེ་ཨ་དཀར་གཅིག་ཏུ་གྱུརཿ ཞེས་སྒྱུ་འཕྲུལ་དང་མཐུན་པར་གསུངས་པ་དང་། ཆོས་སྤྱོད་བག་ཆགས་རང་གྲོལ་གྱི་ལུས་དཀྱིལ་ཀྱི་སྐབས་སུ་ཡང་། ཙིཏྟ་རིན་ཆེན་སྙིང་གི་གཞལ་ཡས་སུཿ དྭངས་མ་ལྔ་ལྡན་འོད་ལྔའི་ཐིག་ལེ་གསལཿ ཞེས་སྒྱུ་འཕྲུལ་ལས་བཤད་པའི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་དེ་ཉིད་སྒོམ་པར་གསུངས་པ་དང་། རིགས་དྲུག་གནས་འདྲེན་གྱི་དབང་གི་སྐབས་སུ་ཡང་། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡིཿ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ནཿ ཞེས་དང་། རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལཿ གང་ཞིག་གུས་པས་ཕྱག་འཚལ་ནཿ ཞེས་སོགས་གསུངས་པ་དང་། རྩ་བའི་དཀྱིལ་འཁོར་གྱི་ལྷ་གྲངས་ཀྱང་སྒྱུ་འཕྲུལ་གྱི་རྒྱུད་ལས་གསུངས་པ་དེ་ཁོ་ན་རངས་པ་མཛད་འདུག་པའི་ཕྱིར་རྒྱུད་ཁུང་དངོས་ནི་སྒྱུ་འཕྲུལ་དྲ་བའི་རྒྱུད་འདི་ཉིད་ཡིན་པར་མངོན་ལ། དེའི་ཆ་ལག་ཏུ་ནི་དྲི་མེད་བཤགས་རྒྱུད་སོགས་རྒྱུད་སྡེ་རིགས་འདྲ་གཞན་དག་ཀྱང་སྦྱར་བ་འདྲ་སྟེ། ཆོས་སྤྱོད་བག་ཆགས་རང་གྲོལ་གྱི་མཇུག་གི་ཡིག་ཆུང་ལས། དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་ཀྱང་། གལ་ཏེ་རྣམ་འབྱོར་བ་ཕོ་མོ་གང་ཞིག་གི་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་ཅིག་ཐོས་པ་ཙམ་གྱིས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ་། །ཞེས་བཤགས་རྒྱུད་ཀྱི་ལུང་འདྲེན་པར་མཛད་པ་དང་། ཀློང་བཤགས་ཀྱི་མཇུག་ཏུ་ཡང་། ཨུ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས། དྲི་མེད་བཤགས་པའི་རྒྱུད་ནས་བཀོལ་བ། ཞེས་གསུངས་པའི་ཕྱིར། དེ་ལྟར་ན་གཙོ་བོ་བཤགས་རྒྱུད་ལ་བརྟེན་པའི་ཆོ་ག་ནི། ཞི་ཁྲོ་ན་རཀ་དོང་སྤྲུགས་ཡིན་ཞིང་། དེའི་རྒྱུད་ཀྱི་ཡན་ལག་ཏུ་གཏོགས་པ་ལ། རྡོ་རྗེ་སེམས་དཔའ་དབང་བསྐུར་རྒྱལ་བོའི་རྒྱུད་དང་། རྡོར་སེམས་ཡི་གེ་བརྒྱ་བའི་རྒྱུད་དང་། བང་མཛོད་འཕྲུལ་སྡེ་དང་འཕྲུལ་མེ་གཉིས་ཏེ། འདི་རྣམས་ཀྱང་སྦྱར་འདུག་པས་ན། སྐབས་འདིར་རྒྱུད་དེ་དག་གི་ལུང་ནི་ཅི་རིགས་པར་སྒྲུབ་བྱེད་དུ་སྦྱར་རུང་བར་མངོན་ལ་འདིའི་གནས་འདྲེན་གྱི་སྐབས་སུ་བྲམ་ཟེ་དུང་ཕྲེང་གི་ལོ་རྒྱུས་བཤད་པར་གསུངས་པའང་དོང་སྤྲུགས་དང་ཤིན་ཏུ་འབྲེལ་ཆེ་བའི་རྒྱུ་མཚན་གྱིས་ཡིན་ནོ། །དེས་ན་རྒྱུད་ཁུང་དེ་ལྟར་ངེས་པར་བྱས་ནས་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དགོས་ཆོས་འགའ་ཞིག་མ་གཏོགས་གཞན་ཆོ་གའི་འགྲོས་མཐའ་དག་སྒྱུ་འཕྲུལ་ཞི་ཁྲོ་དང་ན་རཀ་དོང་སྤྲུགས་ཀྱི་བབ་དང་བསྟུན་དགོས་པ་ནི་སྤྱིར་བཏང་དུ་ཤེས་པར་བྱ་དགོས་པའི་གནད་གལ་བོ་ཆེའོ། །གཉིས་པ་རིགས་དང་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་དཔྱད་པ་ལ། འདིར་ཁ་ཅིག་རིགས་ཀྱང་དེ་བཞིན་གཤེགས་པའི་རིགས་དང་། གཙོ་བོ་ཡང་རྣམ་པར་སྣང་མཛད་དུ་བྱས་ནས། གནས་འདྲེན་སོགས་ཀྱི་སྐབས་སུ་གཙོ་བོ་གོ་ས་འཕོ་བར་བཤད་པ་དང་། གཞན་དག་རིགས་རྡོ་རྗེའི་རིགས་སུ་བྱས་ནས་གཙོ་བོ་བརྗེ་བར་མཛད་པ་སོགས་སྣ་ཚོགས་སྣང་ཡང་། འདིར་དཔྱད་པ་འདི་འཇུག་སྟེ། ལུགས་སྔ་མ་ལྟར་ན་བསྐྱེད་ཆོག་གི་དུས་སུ་རིགས་དང་དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་ལ་བྱས་ནས། གནས་འདྲེན་སོགས་ཀྱི་སྐབས་སུ་དེས་གོ་མི་ཆོད་པར་གོ་ས་འཕོ་དགོས་པའི་རྒྱུ་མཚན་རང་གི་རྒྱུད་གཞུང་དང་འབྲེལ་བ་ཞིག་བཤད་རྒྱུ་ཡོད་དགོས་པ་ལས། དེ་ཡང་མ་མཆིས་ལ། ལུགས་ཕྱི་མ་ལྟར་ན་ཡང་། རིགས་རྡོ་རྗེའི་རིགས་དང་དཀྱིལ་འཁོར་གྱི་གཙོ་བོ་ཡང་ངེས་པར་རྡོ་རྗེ་སེམས་དཔའ་བྱེད་དགོས་རྒྱུ་ཞིག་ཡིན་ཚེ་འདི་ཉིད་ཀྱི་ལས་བྱང་ཆེ་ཆུང་གཉིས་ཀ་དང་། བག་ཆགས་རང་གྲོལ་ཀྱི་ལུས་དཀྱིལ་བརྒྱ་ཕྱག་དང་བཅས་པ་ལ་རྣམ་སྣང་གཙོ་བོར་བྱས་པ་འདི་སློབ་དཔོན་རིན་པོ་ཆེས་སློབ་མ་རྣམས་ཆེད་དུ་མགོ་རྨོངས་པའི་རྒྱུར་མཛད་པར་མི་འགྱུར་རམ། དེས་ན་དེ་འདྲའི་རྣམ་བཞག་རྒྱུད་དུ་ཡང་མ་གསུངས་པའི་ཕྱིར་ཡིད་བརྟན་བྱེད་མི་ནུས་སོ། །འོ་ན་ཇི་ལྟར་ཡིན་སྙམ་པ་ལ། འདིའི་བདག་མདུན་གྱི་དཀྱིལ་འཁོར་དངོས་གཞི་སྒོམ་པའི་སྐབས་སུ་ནི། གཙོ་བོ་རྣམ་སྣང་ཡིན་པ་སྨྲོས་མ་དགོས་ཀྱང་། རྗེས་ཐོབ་ཐུན་མཚམས་ཀྱི་ལྷ་སྐུ་རྡོ་རྗེ་སེམས་དཔའ་ཡིན་པར་སྣང་སྟེ། ལས་བྱང་ཆེ་བའི་མཚམས་གཅོད་ཀྱི་སྐབས་སུ་ཡང་། ཧཱུྃ་རང་རིག་རྡོ་རྗེ་སེམས་དཔའ་སྟེཿ དུས་གསུམ་སངས་རྒྱས་འདུས་པའི་སྐུཿ ཞེས་དང་། རྗེས་ཐོབ་ལྷར་ལྡང་གི་སྐབས་སུ་ཡང་། སྐད་ཅིག་སྟོང་གསལ་ཆེན་པོའི་ངང་ཉིད་ལསཿ རྡོ་རྗེ་སེམས་དཔའི་ང་རྒྱལ་མ་བྲལ་བརཿ སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་སྤྱོདཿ ཅེས་དང་། ཐུན་མཚམས་ཆོས་སྤྱོད་ཀྱི་སྐབས་སུ་ཡང་། རང་སེམས་མ་བཅོས་སྟོང་བའི་རང་རྩལ་ལསཿ རང་རིག་གསལ་སྟོང་རྡོ་རྗེ་སེམས་དཔར་ཤརཿ ཞེས་དང་། ཚོགས་ཀྱི་དུས་སུ་ཡང་། བདག་ཉིད་རྡོ་རྗེ་སེམས་དཔའ་གསལཿ སེམས་དཔའི་སྐུར་གསལ་ཐུགས་ཀ་ནསཿ ཞེས་དང་། གནས་འདྲེན་གྱི་སྐབས་སུ་ཡང་། བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས། ཞེས་སོགས་གསུངས་པའི་ཕྱིར། དེས་ན་འདིའི་དགོངས་པ་ནི་ཀུན་མཁྱེན་བླ་མས་སྒྱུ་འཕྲུལ་གྱི་འགྲེལ་བར། སྤྱིར་བཏང་གི་རིགས་ལྔ་ལ་རིགས་ཆུང་གིས་ཕྱེ་བའི་རིགས་ཉི་ཤུ་རྩ་ལྔར་དབྱེ་བར་མཛད་ནས། དེའི་བྱེ་བྲག་ལས་སྒྱུ་འཕྲུལ་རྩ་བའི་དཀྱིལ་འཁོར་དེ་རྣམ་སྣང་ཐུགས་ཀྱི་དཀྱིལ་འཁོར་ཡིན་པར་གསུངས་པ་དང་མཐུན་པར། འདིར་ཡང་། རྗེས་སྤྱོད་རྒྱུན་གྱི་ལྷ་སྐུ་རྡོ་རྗེ་སེམས་དཔའ་ཡིན་པ་ཉིད་ཀྱིས། སྤྱིར་བཏང་རྡོ་རྗེའི་རིགས་དང་། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཡིན་པ་སྨྲོས་མ་དགོས་ཀྱང་། བྱེ་བྲག་རིགས་ཆུང་གིས་ཕྱེ་བ་ན་རྣམ་སྣང་དབུས་སུ་བཀོད་པ་ཉིད་ཀྱིས་རྡོར་སེམས་སྐུ་ཡི་དཀྱིལ་འཁོར་ཡིན་པར་གྲུབ་བོ། །དེར་མ་ཟད་བསྟོད་པའི་གླུའི་སྐབས་སུ་ཡང་། ཧཱུྃ་ཧཱུྃ་ཞེས་རྡོ་རྗེ་སེམས་དཔའི་ཐུགས་སྲོག་དང་། ཡེ་ཤེས་ལྔ་ལས་མེ་ལོང་ཡེ་ཤེས་ཀྱི་བསྟོད་པས་སྣ་དྲངས་ནས་རྣམ་སྣང་གི་ཐུགས་སྲོག་དང་ཆོས་དབྱིངས་ཡེ་ཤེས་མཇུག་ཏུ་འཇོག་པར་མཛད་པ་དང་། ལྷ་བསྟོད་ཀྱི་སྐབས་སུ་ཡང་ཞེ་སྡང་དག་པ་མེ་ལོང་ཡེ་ཤེས་དང་རྡོ་རྗེ་སེམས་དཔའི་བསྟོད་པས་སྣ་དྲངས་ནས་རྣམ་སྣང་གི་བསྟོད་པ་མཇུག་ཏུ་འཇོག་པར་མཛད་པས་ཀྱང་རྩ་བ་རྡོར་སེམས་ཀྱི་དཀྱིལ་འཁོར་ཡིན་པ་རྟོགས་ནུས་ཤིང་། གཙོ་བོ་གོ་འཕོ་ལ་གཙོ་མོ་གོ་མ་འཕོས་པ་ཉིད་ཀྱིས་ཕ་རྒྱུད་ཀྱི་ཕྱོགས་སུ་གཏོགས་པའང་ཞར་ལ་རྟོགས་ནུས་སོ། །དེ་ལྟར་ན་ཆོ་ག་འདོན་པའི་དུས་སུ་ཡང་། བདག་བསྐྱེད་བསྡུས་ནས། རྗེས་ཐོབ་སྒྱུ་མའི་སྐུ་རྡོ་རྗེ་སེམས་དཔའི་རྣམ་པར་ལངས་ཏེ་ཆོས་སྤྱོད་འདོན་མིན་ཇི་ལྟར་ཡང་མདུན་བསྐྱེད་དང་འབྲེལ་བར་བརྒྱ་ཕྱག་གིས་གཞི་བསྟོད་བྱས་ནས་ཚོགས་ལས་དང་གནས་འདྲེན་སོགས་ལ་རིམ་བཞིན་འཇུག་རྒྱུ་ཡིན་པའང་ཤེས་པར་བྱའོ། །དེ་ལྟར་རིགས་དང་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་ལེགས་པར་ཁོང་དུ་ཆུད་པར་གྱུར་ན་གཞུང་འདི་ལ་ལོག་པར་རྟོག་པ་ཕལ་ཆེར་དེ་ཙམ་གྱིས་ཀྱང་སེལ་བར་འགྱུར་རོ། །གསུམ་པ་བསྐྱེད་རིམ་གྱི་ཡན་ལག་གཞན་ལ་དཔྱད་པ་ལ་ཡང་རྟེན་གཞལ་ཡས་ཁང་ལ་དཔྱད་པ། གདན་གྱི་ཁྱད་པར་ལ་དཔྱད་པ། ལྷ་རྣམས་ཀྱི་བཞུགས་ཚུལ་ལ་དཔྱད་པ། ལྷའི་དག་པ་ལ་དཔྱད་པ། ལྷ་གྲངས་ཀྱི་དབྱེ་བསྡུ་སོགས་ལ་དཔྱད་པ་སྟེ་ལྔ་ལས། དང་པོ་ནི། འདིའི་གཞལ་ཡས་ཁང་ལ་སྔོན་ཆད་བཞེད་པ་མི་འདྲ་བ་མང་དུ་སྣང་ཡང་དཀྱིལ་འཁོར་སྒོ་སྦྲག་ཡོད་མེད་དང་། འོག་གཞིའི་ཁྱད་པར་སོགས་ལྷ་གནས་ངེས་ཅན་མཛད་པ་ཡེ་མི་སྣང་ཞིང་། དེ་དག་ངེས་པར་མ་གྱུར་ཚེ་མོས་པ་ལམ་བྱེད་ཙམ་ལ་ཁྱད་པར་མེད་ཀྱང་། གསལ་བརྟན་ཐོབ་པའི་བསྐྱེད་རིམ་མཚན་ཉིད་པ་སྒོམ་མི་ཤེས་པར་འགྱུར་ཏེ། གང་དུ་སྒོམ་པའི་དམིགས་མ་རྙེད་པས་འབེན་མེད་པའི་མདའ་འཕེན་པ་དང་མཚུངས་པར་འགྱུར་བའི་ཕྱིར་རོ། །དེས་ན་འདི་ཡང་གནད་གལ་ཆེ་བ་གཅིག་ཏུ་སྣང་བའི་ཕྱིར་ཅུང་ཟད་དཔྱད་པ་ལ། སློབ་དཔོན་བཱི་མ་ལས་མཛད་པའི་འགྲེལ་ཆུང་དོན་གསལ་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། དབྱིབས་དང་གློ་འབུར་རྩེ་མོ་དང་། རྒྱན་དང་སྒོ་ཁྱུད་རྟ་བབས་དང་། མཚན་ཉིད་གདན་གྱི་རྣམ་པ་སྟེ། ཞེས་གསུངས་པ་ལྟར་སྤྱིར་ངེས་པར་བྱས་ནས་མི་འདྲ་བའི་ཁྱད་པར་རྣམས་བརྗོད་པ་ལ། འོག་གཞིའི་འཁོར་ལོ་ནི་རིགས་ཀྱི་མཚན་མ་ཡིན་པར་གསུངས་པས་ན། འདིར་རྩ་བའི་དཀྱིལ་འཁོར་རྡོ་རྗེའི་རིགས་ཡིན་པར་བཤད་པའི་ཕྱིར་འོག་གཞི་ཡང་ཐུན་མོང་ལྟར་སྣ་ཚོགས་རྡོ་རྗེར་བྱས་ན་འཐད་དམ་སེམས། དེའི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་དངོས་ནི་སྒྱུ་འཕྲུལ་ཁྲོ་བའི་དཀྱིལ་འཁོར་ལྟར་སྒོ་སྦྲག་བར་ཁྱམས་གཉིས་པར་བྱས་ན་འཐད་པར་མངོན་ཏེ། ལས་བྱང་ལས། དཀྱིལ་འཁོར་ཁྱམས་ཀྱི་ཤར་ཕྱོགས་སུཿ སེང་ཧ་སེང་གདོང་རོ་ཟ་སྨུགཿ སོགས་ཀྱིས་ཁྱམས་ནང་མ་གསེར་ཁྱམས་དང་། དཀྱིལ་འཁོར་ཕྱི་རིམ་ཤར་སྒོ་རུཿ རྡོ་རྗེ་ཁུ་བྱུག་ལྕགས་ཀྱུ་དཀརཿ ཞེས་དང་། སྤྱན་འདྲེན་གྱི་སྐབས་སུ་ཡང་། དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱདཿ ཞེས་དང་། བཞུགས་གསོལ་གྱི་སྐབས་སུ་ཡང་། དཀྱིལ་འཁོར་ཕྱི་རིམ་མུ་རན་སྐྱོང་མཛད་མཿ སྤྲུལ་པའི་ལས་མཛད་དབང་ཕྱུག་ཉི་ཤུ་བརྒྱདཿ ཞེས་སོགས་གསུངས་པས་ཁྱམས་ཕྱི་མ་དབང་མོའི་གནས་ཀྱི་ཁྲག་ཁྱམས་ཡོད་པར་བསྟན་ཅིང་། དེ་ཡང་ཕྱི་རིམ་གྱི་སྒྲས་ནང་རིམ་ཡོད་པའང་ཤུགས་ཀྱིས་བསྟན་པའི་ཕྱིར་རོ། །རྒྱུ་མཚན་དེས་ཕྱི་དཀྱིལ་གྱི་སྐབས་འདིར་སྟེང་ཁང་ཞི་བའི་དཀྱིལ་འཁོར་དང་། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ཡིན་པའང་རྟོགས་ནུས་ཏེ། གཞན་དུ་ན་འོག་ཁང་ལ་སྒོ་སྦྲག་མེད་པའི་སྟེང་ཁང་སྒོ་སྦྲག་ཅན་འབྱུང་མི་སྲིད་པ་དང་། འོག་ཁང་ལས་ཀྱང་སྟེང་ཁང་རྒྱ་ཆེ་བར་ཐལ་བའི་ཕྱིར་རོ། །དེང་སང་བློས་བསླང་བརྩེགས་པ་དང་མི་འདྲ་བར་འདི་དག་བློས་སྒོམ་པ་ཡིན་པས་གང་ལྟར་བྱས་ཀྱང་ཆོག་ཟེར་མཁན་ཡོད་དེ། དེ་དག་ནི་རྒྱུད་སྡེའི་དགོངས་པ་མ་མཐོང་ཞིང་བསྐྱེད་རྫོགས་ཀྱི་དགོས་པ་སོ་སོར་ཡོད་པའི་གནད་མི་ཤེས་པའི་གཏམ་ཉ་དང་ཉུང་མ་བསྲེས་པ་ཉིད་ཡིན་ཏེ། ཁ་ཅིག་ཉ་དང་ཉུང་མ་ནི་སྒྲ་མཐུན་པ་ཉིད་ཀྱི་ཕྱིར་ཉུང་མ་ལའང་ཁ་མིག་ལ་སོགས་པ་མེད་པའི་རྒྱུ་མཚན་གྱིས་ཉ་ལ་ཡང་དེ་དག་མེད་ཀྱང་ཆོག་གོ་ཟེར་བ་དང་ཁྱད་མེད་དོ། །དེས་ན་མཚན་མས་མཚན་མ་གཞིག་པ། རྣ་བར་ཆུ་ཞུགས་པ་ལ་སོགས་པའི་དཔེས་མཚོན་པ་ལྟར་འདིར་ཡང་ཐོག་མ་མེད་པའི་དུས་ནས་གོམས་པའི་མ་དག་པའི་སྣང་ཞེན་གཞིག་པའི་ཆེད་དུ་ལྷའི་སྣང་ཞེན་བརྟན་པོ་ལ་གོམས་པ་གལ་ཆེ་བས་ལྷ་གནས་སོགས་ཅི་ནས་ཀྱང་ངེས་པར་བྱེད་དགོས་སོ། །དེ་ལྟར་གཞལ་ཡས་ཁང་བར་ཁྱམས་གཉིས་པར་ངེས་པ་གཞིར་བཞག་ནས། ཕོ་བྲང་དེའི་རྒྱུ་ནི། ཨ་ལས་བྷྲཱུཾཿའཕྲོས་གཞལ་ཡས་ཁངཿ རཏྣ་ལྔ་ལས་གྲུབ་པ་ཡིཿ ཞེས་པས་བསྟན་ཅིང་དེའི་རིམ་པ་ནི། གཙོ་བོའི་དབང་དུ་བྱས་ཏེ་དཀར་སེར་དམར་ལྗང་མཐིང་ག་དང་། རིགས་ཀྱི་དབང་དུ་བྱས་ཏེ་མཐིང་དཀར་སེར་དམར་ལྗང་གུ་གང་ལྟར་བྱས་ཀྱང་འགལ་བ་མེད་དོ། །རྒྱ་ཚད་ནི་བསྐྱེད་ཆོག་ཏུ་མི་གསལ་ཀྱང་། སྤྱན་འདྲེན་ལས། དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་འདིརཿ ཞེས་དང་། ཕྱོགས་མེད་ཕྱོགས་དང་བྲལ་བའི་ཞེས་པ་དག་གིས་བསྟན། དབྱིབས་དང་གློ་འབུར་ནི། ཟུར་བཞི་ལོགས་བཞི་སྒོ་བཞི་ལྡནཿ ཞེས་པས་བསྟན་ཏེ། ཟུར་བཞི་ལོགས་བཞི་ཞེས་པས་དབྱིབས་དང་། སྒོ་བཞི་ལྡནཿ ཞེས་པས་ཕྱིའི་གློ་འབུར་བསྟན་ཅིང་། ནང་གི་གློ་འབུར་དགོས་པའི་གསལ་ཁ་ཆེར་མི་སྣང་ཡང་། ཕྲ་མེན་བརྒྱད་ཀྱི་གནས་ལ། དཀྱིལ་འཁོར་ཁྱམས་ཀྱི་ཞེས་གསལ་ཁ་བཏོད་པའི་རྣམ་བཅད་ཀྱིས། ཀཽ་རའི་གནས་ཁྱམས་མ་ཡིན་པ་ཞིག་བསྟན་པར་སོང་བ་འདིས་གློ་འབུར་བཞི་དང་གྲུ་ཆད་ཀྱི་གྲྭ་བཞི་ཡིན་པ་བསྟན་ནམ་སེམས་ཏེ། དེ་ལྟར་ཡིན་ཚེ་ནང་གི་གློར་འབུར་ཡང་སྐབས་འདིའི་ཤུགས་ཀྱིས་བསྟན་པར་འདོད་དགོས་སོ། །རྩེ་མོ་ནི། སྤྱིར་བཏང་གཞལ་ཡས་ཁང་ལ། གུར་ཐབས་དང་། རྒྱལ་ཁབ་ཀྱི་ལུགས་དང་། མཆོད་རྟེན་གྱི་རྣམ་པ་སྟེ་གསུམ་གསུངས་པ་ལས། འདི་ཕྱི་མ་ཡིན་པར་མངོན་ཏེ། དྲིལ་བུ་རྩ་བརྒྱད་མཆོད་རྟེན་བསྐོརཿ ཞེས་པས་གཤམ་རྩ་ཉེར་བརྒྱད་ལས་དཔྱངས་པའི་དྲིལ་བུ་རླུང་སྤྱོད་ཅན་ཉི་ཤུ་རྩ་བརྒྱད་ཀྱིས་གཞལ་ཡས་ཁང་ཕྱི་དབྱིབས་མཆོད་རྟེན་གྱི་རྣམ་པ་ཅན་དེ་ཡོངས་སུ་བསྐོར་རོ། །ཞེས་བསྟན་པར་སོང་ངོ་། །དེ་ལྟར་ན་འོག་ཏུ་རྟ་བབས་ཀྱི་སྐབས་སུ། རི་དྭགས་ཆོས་ཉན་ཆོས་འཁོར་ལྡནཿ ཞེས་གསུངས་པའི་ཆོས་འཁོར་དེ་ཡང་རིམ་པ་བཅུ་གསུམ་པར་བྱས་ན་ཕོ་བྲང་སྤྱིའི་དབྱིབས་མཆོད་རྟེན་རྩེ་ལྔ་བ་ལྟ་བུར་འགྱུར་ཏེ། དེས་ན་ཚིག་དེས་གོང་དུ་བསྟན་པའི་དབྱིབས་ཀྱི་བྱེ་བྲག་དང་། འདི་སྐབས་ཀྱི་རྩེ་མོ་གཉིས་ཀ་བསྟན་ཅིང་། ཞི་ཁྲོ་ན་རཀ་དོང་སྤྲུགས་དང་མཐུན་པའང་བསྒྲུབས་སོ། །རྒྱན་དང་རྟ་བབས་ནི། ལྷ་ཆེན་བརྒྱད་ཀྱིས་ཀ་གདུང་བྱསཿ ཞེས་པ་ནས། གཟའ་བརྒྱད་ཀ་ཞུ་རྒྱུ་སྐར་འདེགསཿ ཞེས་པའི་བར་གྱི་རྐང་བ་ལྔས་ནང་རྒྱན་དང་། རིན་ཆེན་ཐོགཿ ཅེས་པའི་ཚིག་ཟུར་གྱིས་སྟེང་རྒྱན་ཀྱང་བསྟན་ལ། ཕ་གུ་རིན་ཆེན་མིག་ཚགས་ཕྲེངཿ དྲིལ་བུ་རྩ་བརྒྱད་ཅེས་པས་ལོགས་རྒྱན་ཀྱང་བསྟན་ཏེ། དེ་ལྟར་ན་རྒྱན་གྱི་བྱེ་བྲག་འདི་དག་གིས་ཀྱང་འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ཡིན་པ་མཚོན་ནུས་སོ། །དེ་བཞིན་དུ། མི་ནུབ་རྒྱལ་མཚན་བཅུ་ཡིས་བརྒྱནཿ ཞེས་པ་ལ་སོགས་པའི་རྐང་བ་གསུམ་གྱིས་སྟེང་རྒྱན་འགའ་ཞིག་དང་གཙོ་བོར་རྟ་བབས་ཀྱི་རྒྱན་བསྟན་པ་འདིས། རྟ་བབས་དངོས་ཀྱི་རྐང་གྲངས་མི་གསལ་ཡང་རྒྱུད་སྡེ་སྒྱུ་འཕྲུལ་ཉིད་དང་མཐུན་པར་སྣམ་བུ་བརྒྱད་མ་བྱེད་དགོས་པར་མངོན་ནོ། །དེ་ནས་རྒྱན་དང་རྟ་བབས་ཀྱང་སྒྱུ་འཕྲུལ་དང་མཐུན་པར་ཅི་རིགས་བསྟན་ནོ། ཕྱིའི་ཁོར་ཡུག་ནི། ཕྱི་རིམ་དུར་ཁྲོད་གནས་བརྒྱད་དངཿ རྡོ་རྗེ་མཚོན་ཆ་མེ་རིས་བསྐོརཿ ཞེས་པས་བསྟན་ཏེ། འདི་སྐབས་ཀྱི་མེ་རི་དང་། གོང་དུ། རཾ་འཕྲོས་ཕྱི་རོལ་མེ་དཔུང་འབརཿ ཞེས་པ་དག་གིས་འབྱུང་བ་རིམ་བརྩེགས་ཀྱི་སྐབས་སུ་མེ་དཀྱིལ་མ་བཤད་པའང་བསྲུང་འཁོར་གྱི་མེ་རི་དང་ཕྱོགས་གཅིག་ཏུ་བསྟན་པ་ཡིན་ཏེ། སྒྱུ་འཕྲུལ་གྱི་འབྱུང་དཀྱིལ་སྒོམ་པའི་སྐབས་སུ་ཡང་། རཾ་ཛྭ་ལ་མཎྜལ། རཾ་ལས་མེ་ཡི་ཁོར་ཡུག་རྒྱ་ཁྱོན་ནམ་མཁའི་ཁམས་ཁྱབ་པར་འབྱམས་ཀླས་པ་ཞེས་གསུངས་པའི་ཕྱིར། དཀྱིལ་འཁོར་གྱི་མཚན་ཉིད་ནི། སྟོང་བའི་དབྱིངས་སུ་འཇའ་ལྟར་ཤརཿ ཞེས་པ་ནས། རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོཿ ཞེས་པའི་བར་གྱི་ཤོ་ལོ་ཀ་གཅིག་གིས་བསྟན་ཅིང་གདན་གྱི་ཁྱད་པར་ནི་འོག་ཏུ་འཆད་དོ། །དེ་ལྟར་གཞལ་ཡས་ཁང་འདི་ཉིད་ཞི་ཁྲོ་གཉིས་ཀའི་བཞུགས་གནས་ཡིན་པའི་ཕྱིར་ཞི་བའི་དཀྱིལ་འཁོར་ཀྱང་གསལ་བོར་བརྗོད་རིགས་སོ་སྙམ་པ་ལ། འདིར་ཁ་ཅིག་ཁྲོ་བོ་སོ་སོའི་སྟེང་གི་ནམ་མཁར་ཞི་བའི་ལྷ་ཚོགས་རྣམས་རིགས་བདག་གི་ཚུལ་དུ་སྒོམ་མོ། །ཞེས་གསུངས་ཀྱང་རང་གཞུང་ལས་ཞི་བ་རྣམས་ཚོམས་བུའི་ཚུལ་དུ་སྒོམ་པར་གསུངས་པ་དང་ཅུང་ཟད་མི་འགྲིགས་པར་སྣང་ངོ་། །དེས་ན་དཀྱིལ་འཁོར་གྱི་དབུས་ཕྱུར་བུ་མཆོད་རྟེན་གྱི་བུམ་པའི་རྣམ་པར་གྱུར་པ་དེའི་ནང་གི་ནམ་མཁའ་ཞི་བའི་ལྷ་གནས་ཡེ་ཤེས་ཀྱི་འཁོར་ལོ་རྩིབས་བཞི་བའི་ལྟེ་བ་དང་རྩིབས་རྣམས་སུ་རིགས་ལྔ་གཙོ་འཁོར་རྣམས་དང་། སྟེང་འོག་གཉིས་དང་རྩིབས་མཆན་བཞིར་ཐུབ་པ་དྲུག བུམ་སྒོ་བཞིའམ། རྩ་བའི་དཀྱིལ་འཁོར་གྱི་བསིལ་ཁང་བཞིར་སྒོ་བ་རྣམས་བསྒོམ་ན་འཐད་པར་སེམས་ཏེ། གཞན་དུ་ན་འོག་ཏུ་ཆོས་རྒྱལ་མེ་ཆུ་ནག ཅེས་པའི་སྐབས་སུ་ཡང་ཆོས་རྒྱལ་དཀྱིལ་འཁོར་གྱི་འོག་ཏུ་སྒོམ་དགོས་པར་འགྱུར་བ་སོགས་མི་འཚམས་པ་མང་བོ་འབྱུང་བར་འགྱུར་བའི་ཕྱིར་རོ། །འོ་ན་འདི་ལ་ཤེས་བྱེད་ཀྱི་ཁུང་ཅི་ཡོད་ཅེ་ན། ཁོ་བོས་ནི་གཞན་ཡས་ཁང་བསྐྱེད་ཉིད་ཀྱི་སྔགས་དོན་ལ་བསམ་པ་ཡིན་ཏེ། འདི་ལྟར་བྷྲཱུཾཿཞེས་པ་གཙུག་ཏོར་འཁོར་ལོས་བསྒྱུར་པའི་སྙིང་པོ་སྟེ། གཞལ་ཡས་ཁང་གི་རྒྱུའམ་ས་བོན། བི་ཤྭ་སྣ་ཚོགས། བི་ཤུདྡྷེ་རྣམ་པར་དག་པ། ཛྙཱ་ན་ཙཀྲ་ཡེ་ཤེས་ཀྱི་འཁོར་ལོ་སྟེ་ཞི་བའི་དཀྱིལ་འཁོར། བྷྲཱུཾ་ཕྱི་མ་དེ་ཉིད་ཀྱི་ས་བོན། ཨ་སྤྲོ་གཞི་དང་ཨེ་ཡཾ་བཾ་ལཾ་བྷྲཱུཾ་འབྱུང་བཞི་རི་རབ་དང་བཅས་པ། བི་ཤྭ་བི་ཤུདྡྷེ་སྣ་ཚོགས་རྣམ་པར་དག་པ་སྟེ། དེ་ཡང་འབྱུང་ལྔ་སྣ་ཚོགས་སུ་སྣང་བ་ཉིད་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་ཀུན་ཏུ་བཟང་མོའི་རང་བཞིན་ནོ་ཞེས་པའི་དོན་དུ་ཀུན་ཏུ་བཟང་མོའི་ཐུགས་སྲོག་ཨ་ཡིག་གིས་མཐའ་བསྟེན་པ། དེའི་སྟེང་དུ་གཞལ་ཡས་ཁང་རིམ་པ་གཉིས་མཚོན་པའི་ས་བོན་བྷྲཱུཾཿཧཱུཾ་ཆ་གཉིས་དང་དེ་ཡང་ཡེ་ཤེས་ལྔའི་བདག་ཉིད་ཡབ་ཀུན་ཏུ་བཟང་པོའི་རང་བཞིན་ནོ་ཞེས་པའི་དོན་དུ་དེ་ཉིད་ཀྱི་ས་བོན་ཧཱུཾ་ཡིག་གིས་མཐའ་བསྟེན་པར་མཛད་པའི་ཕྱིར་རོ། །དེས་ན་འདི་ལ་སོམ་ཉི་བྱ་བར་རིགས་པ་མ་ཡིན་ནོ། །གཉིས་པ་གདན་གྱི་ཁྱད་པར་ལ་དཔྱད་པ་ལ། སྤྱིར་སྒྱུ་འཕྲུལ་ལས་ནི། ཞི་བའི་སྐབས་སུ་གཙོ་བོ་རིགས་ལྔ་ཡབ་ཡུམ་ལ་བྱོལ་སོང་རིན་ཆེན་ཉི་ཟླ་པདྨ་སྟེང་དུ་ལྔ་བརྩེགས་དང་། ཀུན་བཟང་ཡབ་ཡུམ་ལ་རིན་ཆེན་ཉི་ཟླ་པདྨའི་གདན་བཞི་བརྩེགས་དང་། སེམས་དཔའ་རྣམས་ལ་པད་ཉི་ཟླ་བའི་གདན་སུམ་བརྩེགས་དང་། ཐུབ་པ་རྣམས་ལ་པདྨ་རྐྱང་བ་དང་། སྒོ་བ་རྣམས་ལ་ཉི་མ་རྐྱང་བའི་གདན་རེ་རེ་བཤད་ཅིང་། ཁྲོ་བོའི་སྐབས་གཙོ་བོ་རྣམས་ལ་བྱོལ་སོང་གི་གདན་གྱི་བྱེ་བྲག ཁྱུ་མཆོག་མ་ཧེ་གཟིག་དང་སྟག གཏུམ་པ་དོམ་གྱི་སྦར་བས་ནི། དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། ཞེས་པས་ཁྱད་པར་དུ་བྱས་པ་ཙམ་མ་གཏོགས་ཕལ་ཆེར་འདི་དང་མཚུངས་པར་སྣང་ཡང་འདིར་དཔྱད་པ་ནི། འདི་གའི་ལས་བྱང་ཆེ་བའི་ལྷ་བསྐྱེད་ཀྱི་སྐབས་སུ་ཀུན་བཟང་ཡབ་ཡུམ་ལ། ཡེ་ཤེས་རིན་ཆེན་སྣ་ཚོགས་དངཿ ཉི་ཟླའི་པདྨ་གདན་ལ་བཞུགསཿ ཞེས་གདན་བཞི་བརྩེགས་བཤད་ཀྱང་། ལས་བྱང་ཆུང་བར། དལ་དབུས་པད་ཉིའི་གདན་ལ་བཞུགསཿ ཞེས་པད་ཉིའི་གདན་ཙམ་དང་། བག་ཆགས་རང་གྲོལ་དུ། གསལ་སྟོང་པདྨ་ཉི་ཟླའི་གདན་ལ་བཞུགསཿ ཞེས་པད་ཉི་ཟླ་བའི་གདན་གསུམ་བརྩེགས་དང་། ཡང་དེ་ཉིད་ལས། སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དངཿ ཤང་ཤང་པདྨ་ཉི་ཟླ་བརྩེགས་པའི་སྟེངཿ སངས་རྒྱས་ཞི་བ་སུམ་ཅུ་སོ་དྲུག་ནིཿ སྟོང་གསལ་མ་འགགས་འོད་ལྔའི་སྐུ་རུ་གསལ། ཞེས་ཀུན་བཟང་རིགས་ལྔ། སེམས་དཔའ་སྒོ་བ་དང་བཅས་པ་ལ་བྱོལ་སོང་པད་ཉི་ཟླ་བའི་གདན་བཞི་བརྩེགས་སུ་གསུངས་པ་དང་། ཡང་ལས་བྱང་གི་བཞུགས་གསོལ་གྱི་སྐབས་སུ། སེང་གེ་གླང་ཆེན་སོགས་ནས། བཞུགས་སུ་གསོལཿ ཞེས་པའི་བར་རྐང་བ་བདུན་གྱིས་ཀུན་བཟང་རིག་ལྔ་སེམས་དཔར་བཅས་པའི་ཞི་བ་ཉེར་བརྒྱད་ལ་བྱོལ་སོང་པད་ཉི་ཟླ་བ་སྟེ་གདན་ལྔ་བརྩེགས་སུ་གསུངས་པ་སྣ་ཚོགས་ཡོད་ཀྱང་། འདི་དག་ཚིག་སྣ་རིང་ཐུང་ཙམ་ལས་དགོངས་པ་ཐ་དད་མིན་པར་མངོན་ཏེ། དེ་ནས་ཀུན་བཟང་ཡབ་ཡུམ་རྣམ་སྣང་གི་སྤྱི་བོར་སྒོམ་པ་དང་། རྣམ་སྣང་དང་ཞལ་སྤྲོད་དུ་སྒོམ་པའི་ལུགས་གཉིས་སྣང་བའི་ཕྱིར། དང་པོ་ལྟར་ན་གདན་བཞི་བརྩེགས་དང་། ཕྱི་མ་ལྟར་ན་རྣམ་སྣང་དང་གདན་གཅིག་པར་སོང་བའི་ཕྱིར་གདན་ལྔ་བརྩེགས་ཉིད་དོ། །རིགས་ལྔའི་གདན་ལ་ཡང་། ལས་བྱང་ཆེ་བའི་བསྐྱེད་ཆོག་ཏུ། སེང་ཆེན་པད་ཉི་རིན་ཆེན་སྟེངཿ ཞེས་པ་ལ་སོགས་པས་བྱོལ་སོང་པད་ཉི་རིན་ཆེན་སྟེ་བཞི་བརྩེགས་དང་། ལས་བྱང་ཆུང་བར། སེང་གེ་གླང་ཆེན་རྟ་མཆོག་དང་། རྨ་བྱ་ཤང་ཤང་ཁྲི་སྟེངས་སུཿ ལོངས་སྐུ་རིགས་ལྔ་ཡབ་ཡུམ་གསལཿ ཞེས་བྱོལ་སོང་གི་གདན་གྱི་ཁྱད་པར་ཙམ་བཤད་པ་དང་། ལས་བྱང་ཆེ་བའི་བསྟོད་པའི་སྐབས་སུ། གླང་ཆེན་ཁྲི་རྐང་ཉི་ཟླ་པདྨའི་སྟེངཿ ཞེས་པ་ལ་སོགས་པས་བྱོལ་སོང་རིན་ཆེན་ཁྲི་རྐང་པད་ཉི་ཟླ་བ་སྟེ་གདན་ལྔ་བརྩེགས་བཤད་པ་འདི་རྣམས་ཀྱང་གོང་སྨོས་ལྟར་ཚིགས་བཅད་སྦྱོར་ཚུལ་གྱི་དབྱེ་བསྡུ་ལས་དོན་ལྔ་བརྩེགས་རང་ཡིན་ནོ། །སེམས་དཔའ་ཡབ་ཡུམ་གྱི་གདན་ལ། ལས་བྱང་ཆེ་ཆུང་གཉིས་ཀའི་བསྐྱེད་ཆོག་ཏུ་གསལ་ཁ་མི་སྣང་ཡང་། གོང་སྨོས་ལྟར་བཞུགས་གསོལ་དང་། བསྟོད་པ་དང་། བག་ཆགས་རང་གྲོལ་རྣམས་སུ་བཞི་བརྩེགས་དང་ལྔ་བརྩེགས་དག་ཏུ་གསུངས་པའི་དགོངས་པ་ནི། སྔ་མར་བྱོལ་སོང་གི་གདན་ཡོད་ཚེ་དེས་བཏེགས་པའི་རིན་ཆེན་ཁྲི་རྐང་ཡོད་པ་སྨྲོས་མ་དགོས་པའི་དབང་དུ་བྱས་པ་མ་གཏོགས་དོན་ལ་གཉིས་ཀར་གདན་ལྔ་བརྩེགས་ཡིན་ཞིང་། དེ་ཡིན་པའི་རྒྱུ་མཚན་ཡང་གཞུང་འདིར་སེམས་དཔའ་ཡབ་ཡུམ་རང་རིགས་ཀྱི་གཙོ་བོ་དང་གདན་གཅིག་པ་ཚོམ་བུའི་དཀྱིལ་འཁོར་ཡིན་པའི་གནད་ཀྱིས་ལོགས་སུ་མ་བཤད་པར་དེ་ཉིད་དང་དོན་གཅིག་པར་བྱས་པའང་ཤེས་པར་བྱའོ། །ཐུབ་པ་དྲུག་གི་གདན་ལ། ལས་བྱང་ཆེ་ཆུང་གཉིས་ཀའི་བསྐྱེད་ཆོག་ཏུ། འགྲོ་དོན་མཛད་པའི་ཐུབ་པ་དྲུགཿ པད་རྐྱང་སྟེང་ན་བཞེངས་ཐབས་གསལཿ ཞེས་གདན་པད་རྐྱང་དུ་བཤད་ཀྱང་། ལས་བྱང་ཆེ་བའི་བཞུགས་གསོལ་གྱི་སྐབས་སུ། རིན་ཆེན་ཉི་ཟླ་པདྨ་བརྩེགས་པའི་སྟེངཿ ཞེས་ཐུབ་དྲུག་ལ་གདན་བཞི་བརྩེགས་གསུངས་པ་འདི། སྤྲུལ་གཞིའི་དབང་དུ་བྱས་ནས་ཀུན་བཟང་གི་གདན་སྨྲོས་པ་ཙམ་ཡིན་ནམ། ཐུབ་དྲུག་ཉིད་ལ་གདན་བཞི་བརྩེགས་དགོས་རྒྱུ་བྱས་བ་གང་ཡིན་དཔྱད་གཞིར་སྣང་རུང་། སྒྱུ་འཕྲུལ་དང་བསྟུན་ན་སྔ་མ་ཉིད་ཡིན་པར་མངོན་ཞིང་། གལ་ཏེ་ཕྱི་མ་ཉིད་ཡིན་ཚེ་གཙོ་བོའི་གདན་གྱི་ཟུར་འཁོར་ལོའི་རྩིབས་མཆན་དུ་སླེབས་པ་བྱས་ནས་དེའི་ཟུར་རྣམས་སུ་གཙོ་བོ་དང་གདན་གཅིག་པར་བཞུགས་པ་ཡིན་ནམ་དཔྱད་པར་བྱའོ། །སྒོ་བ་ཡབ་ཡུམ་ཀྱི་གདན་ལ་ཡང་། ལས་བྱང་ཆེ་ཆུང་གཉིས་ཀའི་བསྐྱེད་མཆོག་ཏུ་གསལ་ཁ་མི་སྣང་ཡང་། ལས་བྱང་ཆེ་བའི་བཞུགས་གསོལ་སྐབས། སྣ་ཚོགས་རིན་ཆེན་ཉི་ཟླ་པདྨའི་སྟེངཿ ཞེས་བཞི་བརྩེགས་སུ་བཤད་པ་འདི་གོང་སྨྲོས་ལྟར་བག་ཆགས་རང་གྲོལ་དང་ཧ་ལམ་མཐུན་པར་སྣང་བས་དེ་ལྟར་བྱས་ཀྱང་འགལ་བ་མེད་ཅིང་འདི་ཉིད་ཀྱི་དགོངས་པ་ཡིན་པ་འདྲའོ། །དེ་ལྟར་ཞི་བའི་གདན་གྱི་ཁྱད་པར་སྨྲོས་ནས་ཁྲོ་བོའི་གདན་ལ་ཡང་། ལས་བྱང་ཆེ་བའི་བསྐྱེད་ཆོག་ཏུ། མཁའ་ལྡིང་ཁྱུང་ཆེན་རིན་ཆེན་བྲགཿ སྣ་ཚོགས་པད་ཉིའི་གདན་སྟེང་དུཿ ཞེས་གཙོ་བོ་ཆེ་མཆོག་ལ་བྱོལ་སོང་རིན་ཆེན་པད་ཉི་སྟེ་བཞི་བརྩེགས། བྷཱུདྡྷ་ཧེ་རུ་ཀ་ལ་བྱོལ་སོང་གཙོ་བརྒྱད་རིན་ཆེན་བྲགཿ པདྨ་ཉི་ཟླའི་གདན་སྟེང་དུཿ ཞེས་བྱོལ་སོང་རིན་ཆེན་པད་ཉི་ཟླ་བ་སྟེ་ལྔ་བརྩེགས། རིགས་བཞིའི་ཁྲག་འཐུང་ལའང་བྱོལ་སོང་གི་བྱེ་བྲག་མ་གཏོགས་ཆེ་མཆོག་དང་མཐུན་པར་བཞི་བརྩེགས་སུ་བཤད། ལས་བྱང་ཆུང་བ་ལས་ཀྱང་དེ་དང་མཐུན་པར་གསུངས་ཀྱང་། རིགས་བཞིའི་གདན་གྱི་བྱོལ་སོང་གང་ཡིན་ལས་བྱང་གཉིས་ཀར་མི་གསལ་འདུག་པ་གོང་སྨོས་ལྟར། སྒྱུ་འཕྲུལ་དང་མཐུན་པར་བྱས་ན་འགལ་བ་མེད་པར་སེམས་སོ། །དེ་བཞིན་དུ་ལས་བྱང་ཆེ་བའི་བསྟོད་པའི་སྐབས་སུ་ནི། རཱུ་ཏྲ་ཕོ་མོ་རིན་ཆེན་ཁྲི་རྐང་དངཿ བྱོལ་སོང་པདྨ་ཉི་ཟླ་བརྩེགས་པའི་སྟེངཿ ཞེས་ཆེ་མཆོག་ལ་དྲུག་བརྩེགས་དང་། བྱོལ་སོང་རཱུ་ཏྲ་པདྨ་ཉི་ཟླའི་སྟེང་། ཞེས་རིགས་ལྔའི་ཁྲག་འཐུང་ལ་ལྔ་བརྩེགས་སུ་བཤད་ཅིང་། རཱུ་ཏྲ་ཕོ་མོ་སྟེ་ལྷ་ཆེན་ཕོ་མོའི་གདན་ཀྱང་བསྟན་པའི་ཕྱིར་སྒྱུ་འཕྲུལ་དང་དགོངས་པ་གཅིག་པ་ཉིད་ཡིན་ནོ། །ཀོ་སེང་བཅུ་དྲུག་གི་གདན་ནི། ལས་བྱང་ཆེ་ཆུང་གཉིས་ཀའི་བསྐྱེད་ཆོག་ཏུ། ཞིང་ཆེན་གདན་ལ་གར་སྟབས་འགྱིངསཿ ཞེས་མཐུན་པར་གསུངས་ཤིང་། སྒོ་མ་བཞིའི་གདན་ཡང་། ལས་བྱང་ཆུང་བར་དེ་དང་མཐུན་ཡང་ལས་བྱང་ཆེ་བའི་བསྐྱེད་ཆོག་ཏུ། ཞིང་ཆེན་བསྣོལ་བའི་གདན་སྟེང་དུཿ ཞེས་གསུངས། དེ་ཉིད་ཀྱི་བཞུགས་གསོལ་དུ། ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞིཿ ཕྱོགས་བཞིར་ཞིང་རྐྱང་རང་རང་གདན་སྟེང་དུ་། ཞེས་གསུངས་ཤིང་། དབང་མོ་ཉེར་བརྒྱད་ཀྱི་གདན་ཡང་། ལས་བྱང་ཆེ་ཆུང་གཉིས་ཀ་མཐུན་པར། ཞིང་རྐྱང་གདན་ལ་གར་སྟབས་བཞུགསཿ ཞེས་ཞིང་རྐྱང་བ་རེར་གསུངས་སོ། །དེ་ལྟར་ན་རྒྱུད་ལས། སྲས་མོ་ཉི་ཤུ་དང་། དབང་མོ་ཉེར་བརྒྱད་ཀྱི་གདན་ལ་ཞིང་སྐམ་རློན་ཀྱི་ཁྱད་པར་ཙམ་ལས་གཞན་མ་གསུངས་ཀྱང་། འདིར་སྲས་མོའི་སྐབས་སུ་ཞིང་ཆེན་དང་། དབང་མོའི་སྐབས་སུ་ཞིང་རྐྱང་ཞེས་པའི་ཁྱད་པར་སྒོ་མའི་དུས་ཀྱི་ཞིང་ཆེན་བསྣོལ་བ་ཞེས་པ་དེ་ཡིན་ནམ་སྙམ་སྟེ། དེ་ཡིན་ཚེ་སྲས་མོ་ཉི་ཤུ་ལ་ཞིང་ཆེན་ཕོ་མོ་བསྣོལ་བའི་གདན་དང་། དབང་མོ་ཉེར་བརྒྱད་ལ་ཞིང་སྐམ་པོའི་གདན་རེ་རེ་ཡིན་པར་མངོན་ནོ། །དེས་ན་བཞུགས་གསོལ་སྐབས་ཀྱི། སྒོ་མ་ལ་ཞིང་རྐྱང་ཞེས་པ་དེ་ཡིག་སྐྱོན་ཡིན་ནམ་འདམ་ཁར་བྱས་པ་ཡིན་བརྟགས་པར་བྱའོ། །གསུམ་པ་ལྷ་རྣམས་ཀྱི་བཞུགས་ཚུལ་ལ་དཔྱད་པ་ནི། འདིར་ཡང་། སྒྱུ་འཕྲུལ་ལས་ཞི་བའི་སྐབས་སུ། གཙོ་བོ་ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་སྟེ་རྡོ་རྗེ་སྐྱིལ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་སྟེ་པདྨའི་སྐྱིལ་ཀྲུང་གིས་རང་རང་གི་ཡབ་ལ་འཁྲིལ་བ། སེམས་དཔའ་ཡབ་རྣམས་གཡས་ཅུང་ཟད་བརྐྱངས་པའི་ཕྱེད་སྐྱིལ་དང་། ཡུམ་རྣམས་གཡོན་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པ། ཐུབ་པ་དྲུག་བཞེངས་སྟབས་དང་། སྒོ་བ་ཡབ་རྣམས་གཡས་བརྐྱང་བའི་གྱད་ཆེན་པོའི་དོར་སྟབས་དང་། ཡུམ་རྣམས་གཡོན་བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་པ། ཁྲོ་བོ་ལས་གཙོ་བོ་ཁྲག་འཐུང་ཡབ་ཡུམ་རྣམས་ཞི་བའི་སྒོ་བ་ཡབ་ཡུམ་དང་བཞུགས་སྟབས་མཚུངས་ཤིང་། སྲས་མོ་ཉི་ཤུ་དང་། དབང་མོ་ཉེར་བརྒྱད་སྤྱིར་བཏང་གར་སྟབས་ཡིན་ཀྱང་། དེ་ལ་ནང་གསེས་ཡབ་ཡུམ་གྱི་དོར་སྟབས་བསྣོལ་བའི་གར་སྟབས་དང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་གཉིས་ལས། དང་པོ་ནི། དུས་འཁོར་འགྲེལ་ཆེན་ལས། འདིར་གཡས་བསྐུམ་གཡོན་བརྐྱངས་སུ་བྱས་པ་ནི་རྡོ་རྗེ་གར་གྱི་དོན་དུའོ། །ཞེས་གསུངས་པ་ལྟ་བུ་དང་། ཕྱི་མ་ཞབས་གཡས་བསྐུམས་པའི་རྟིང་བ་གསང་བར་གཏད་ཅིང་། གཡོན་བརྐྱངས་པས་རང་རང་གི་གདན་ལ་རོལ་པ་སྟེ་གཉིས་ལས་སྲས་མོ་རྣམས་བསྣོལ་བའི་གར་སྟབས་དང་། དབང་མོ་རྣམས་ཕྱེད་པའི་གར་སྟབས་སོ། དེ་ལྟར་ངེས་པར་བྱས་ནས། འདིར་དཔྱད་པ་ལ། ལས་བྱང་ཆེ་ཆུང་གཉིས་ཀའི་བསྐྱེད་ཆོག་རྩ་བར། གཙོ་བོ་རྣམས་ལས་ཀུན་བཟང་གི་སྐབས་སུ། མཉམ་བཞག་སྐྱིལ་ཀྲུང་གཉིས་མེད་འཁྲིཿ ཟེར་བ་ཙམ་ལས་སྐྱིལ་ཀྲུང་གང་ཡིན་ལ་གསལ་ཁ་མི་སྣང་ཡང་། སེམས་དཔའ་ཡབ་ཡུམ་ཀྱི་སྐབས་སུ་སེམས་སྐྱིལ་དང་ཕྱེད་སྐྱིལ་ཞེས་གསལ་ཁ་གསུངས་སོ། །འོན་ཀྱང་དེ་གའི་མཇུག་སྡུད་ཀྱི་སྐབས་སུ་ཚོམ་བུ་ལྔའི་ལྷ་ཚོགས་ཉི་ཤུ་རྩ་བརྒྱད་པོར། ཐུན་མོང་དུ། ཞི་བའི་ལྷ་ཚོགས་དེ་དག་ཀྱངཿ ཞེས་པ་ནས། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགསཿ ཞེས་པའི་བར་དུ་གསུངས་ཏེ། དེ་ལྟར་ན་ལྷ་དེ་ཐམས་ཅད་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསྟན་པ་ལྟ་བུ་ཞིག་ཏུ་སོང་ཡང་གོང་དུ་སེམས་དཔའ་ཡབ་ཡུམ་གྱི་བཞུགས་ཚུལ་གསལ་བོར་བརྗོད་པའི་རྒྱུ་མཚན་གྱིས། འདིར་གཙོ་ཆེ་བའི་དབང་དུ་བྱས་ཏེ་གཙོ་བོ་ཡབ་ཡུམ་རྣམས་ཀྱི་བཞུགས་ཚུལ་དམིགས་ཀྱིས་བསལ་ནས་བསྟན་པ་ཡིན་པར་སྣང་བས་ན་གོང་སྨྲོས་སྒྱུ་འཕྲུལ་གྱི་ལུགས་དང་དོན་གཅིག་པར་སོང་ངོ་། །དེ་བཞིན་དུ་ཐུབ་དྲུག་དང་སྒོ་བ་རྣམས་ཀྱང་། པད་རྐྱང་སྟེང་ན་བཞེངས་ཐབས་སྐུཿ ཞེས་དང་། དོར་སྟབས་འགྱིངསཿ ཞེས་རྒྱུད་ཀྱི་ལུགས་ཁོ་ན་དང་མཐུན་པར་གསུངས་སོ། །ཁྲོ་དཀྱིལ་གྱི་སྐབས་སུ་ཡང་། ལས་བྱང་བསྐྱེད་ཆོག་ཏུ། གཙོ་བོ་རྣམས་ཀྱི་བཞུགས་ཚུལ་ལ། ཞབས་བཞི་བསྒྲདཿ ཟེར་བ་ཙམ་ལས་བརྐྱངས་བསྐུམ་གྱི་གསལ་ཁ་ཆེར་མི་སྣང་ཡང་། སྐབས་གཞན་དུ་ཡང་། བག་ཆགས་རང་གྲོལ་གྱི་རྡོར་སེམས་ཞི་བ་གསང་ཆེན་རིགས་གཅིག་སྒོམ་པའི་སྐབས་དེར། གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགསཿ ཟེར་བ་དེ་ཙམ་ཞིག་ལས་གསལ་ཁ་གཞན་མི་སྣང་བས་ན། དེང་སང་ཕལ་ཆེར་གཙོ་བོ་རྣམས་ཀྱི་བཞུགས་ཚུལ་གཡས་བསྐུམ་གཡོན་བརྐྱང་དུ་བྱས་པ་འདི་དཔྱད་གཞིར་སྣང་སྟེ། དེ་ལྟར་བྱས་ཚེ་གོང་སྨོས་ལྟར་དོར་སྟབས་བསྣོལ་བའི་གར་སྟབས་སུ་འགྱུར་བའི་ཕྱིར། གཙོ་བོ་རྣམས་གྱད་ཆེན་པོའི་དོར་སྟབས་ཀྱི་བཞུགས་པར་རྒྱུད་ལས་གསུངས་པ་དང་འགལ་ཞིང་། ཡབ་ཐབས་ཀྱི་རང་བཞིན་གྱི་ཞབས་གཡས་བརྐྱང་བ་དང་། ཡུམ་ཤེས་རབ་ཀྱི་རང་བཞིན་ཞབས་གཡོན་བརྐྱང་བར་གསུངས་པའི་མཚོན་དོན་ཆེད་དུ་བསྣོལ་བ་ལ་དགོས་པ་དང་། གསལ་བྱེད་གཞན་ཡང་མི་སྣང་བའི་ཕྱིར་བཞུགས་ཚུལ་རྒྱུད་ལྟར་དུ་བྱས་ན་ལེགས་པར་སེམས་སོ། །དེ་ནས་སྲས་མོ་ཉི་ཤུ་བཞུགས་ཚུལ་ནི། གར་སྟབས་བཞུགསཿ ཞེས་པ་དང་། གར་སྟབས་འགྱིང་བག་ཚུལ་དུ་བཞུགསཿ ཞེས་པ་དག་གིས་དོར་སྟབས་བསྣོལ་བའི་གར་སྟབས་ཀྱིས་བཞུགས་པ་གསལ་ལ། དེ་ཡང་ལྷ་མོ་ཡིན་པས་གཡོན་བརྐྱང་བའི་གར་སྟབས་སོ། །དབང་མོ་ཉེར་བརྒྱད་ཀྱི་བཞུགས་ཚུལ་ནི། གར་སྟབས་བཞུགསཿ ཟེར་བ་ལས་འགྱིང་བའི་ཚིག་ཟུར་མི་འདུག་པས་གོང་སྨོས་ལྟར་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཉིད་ཡིན་པར་མངོན་ནོ། །བཞི་བ་ལྷའི་དག་པ་ལ་དཔྱད་སྐབས་འདིར་སྒྱུ་འཕྲུལ་ལས་ནི། ཨེ་མ་ཧོ། རྡོ་རྗེ་ཕུང་བོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་སོགས་ཀྱིས་བསྟན་པ་ལྟར་ཕུང་ལྔ་དག་པ་བདེ་བར་གཤེགས་པ་ལྔ་དང་། ཆེན་པོ་ལྔ་དག་པ་གཤེགས་མ་ལྔ། དབང་ཤེས་བརྒྱད་དག་སེམས་དཔའ་བརྒྱད་དང་། ཡུལ་དུས་བརྒྱད་དག་པ་སེམས་མ་བརྒྱད། ལུས་ཀྱི་ཆོས་བཞི་དག་པ་སྒོ་བ་བཞི། ཕྱིན་ཅི་ལོག་གི་ལྟ་བ་བཞི་དག་པ་སྒོ་མ་བཞི། ཡིད་ཆོས་དག་པ་ཀུན་བཟང་ཡབ་ཡུམ་དང་། ཉོན་མོངས་དྲུག་དག་པ་ཐུབ་པ་དྲུག་རྣམས་སུ་གསུངས་པ་ལས། འདིར་ནི་ཕུང་ཁམས་ཀྱི་དག་པ་དེ་དང་ཧ་ལམ་འདྲ་ཡང་། སེམས་དཔའ་ཡབ་ཡུམ་གྱི་དག་པ་སྦྱོར་བའི་སྐབས་འདིར། ལས་བྱང་གི་སྤྱན་འདྲེན་དང་ཕྱག་འཚལ་གཉིས་ཀར། ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱདཿ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱདཿ ཅེས་རྣམ་ཤེས་ཚོགས་བརྒྱད་དང་། དེའི་ཡུལ་བརྒྱད་ལ་སྦྱར་ནས་གསུངས། བརྒྱ་ཕྱག་ལས། སེམས་དཔའི་དག་པ་དེ་དང་འདྲ་ཡང་། སེམས་མ་ཡུལ་དུས་དང་སྦྱར་ནས་གསུངས། བསྐང་བཤགས་ལས་ནི། སེམས་དཔའ་སེམས་མ་གཉིས་ཀའི་དག་པ་སྒྱུ་འཕྲུལ་དང་མཐུན་པར་གསུངས་ཏེ། དེ་ལྟར་དག་སྦྱོར་འདྲ་མིན་ཅི་རིགས་གསུངས་པ་ནི་རང་བཞིན་ལ་དབྱེར་མེད་པས་ན་རྟོག་པ་དག་པའི་ཕྱིར་གང་ལྟར་སྦྱར་ཡང་གནད་གཅིག་ཅིང་འགལ་བ་མེད་པ་ལ་དགོངས་པའོ། །ཀུན་བཟང་ཡབ་ཡུམ་ནི། སྒྱུ་འཕྲུལ་ལས་ཁྱམས་སུ་འགོད་པར་མཛད་པ་སོགས་དགོངས་པ་འདྲ་མིན་ཅི་རིགས་ཡོད་ཀྱང་། ཚོགས་ཆེན་འདུས་པའི་ཞི་དཀྱིལ་དུ་གཙོ་བོའི་ཀུན་བཟང་དང་། ཁྱམས་ཀྱི་ཀུན་བཟང་ཐ་དད་དུ་བཤད། འདིར་ནི་ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་གྱི་དབུས་སུ་འགོད་པར་མཛད་ཅིང་། དག་སྦྱོར་གྱི་སྐབས་སུ་ཡང་ཡིད་དང་ཆོས་ཁམས་དག་པ་རུ་མཛད་མོད། དེ་ལྟ་ནའང་ཡིད་ཆོས་ཀྱི་ངོས་འཛིན་ལ། གསང་ཆེན་རིགས་གཅིག་གི་སྐབས་སུ་རྟོག་པ་མཐའ་དག་ཡིད་ཆོས་གཉིས་སུ་བསྡུ་བར་མཛད་པའི་ལུགས་གཅིག་དང་། རིགས་སོ་སོར་དབྱེ་བའི་སྐབས་སུ་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཁམས་ཙམ་ལ་སྦྱར་བའི་སྐབས་གཉིས་ལས་འདི་ཕྱི་མ་ཉིད་ཡིན་པར་མངོན་ནོ། །ཐུབ་པ་དྲུག་གི་དག་པ་ནི། ལས་བྱང་གི་ཕྱག་འཚལ་གྱི་སྐབས་སུ། ཉོན་མོངས་དྲུག་དག་རིགས་དྲུག་གནས་ནས་འདྲེནཿ ཞེས་པའི་དོན། ཉོན་མོངས་ང་རྒྱལ་གནས་དག་པའིཿ ལྷ་ཡི་ཐུབ་པའི་ཐུགས་དམ་བསྐང་། ཞེས་སོགས་དང་། བརྒྱ་ཕྱག་ལས། ང་རྒྱལ་རྣམ་དག་ལྷ་ཡི་འཇིག་རྟེན་འདྲེནཿ ཞེས་སོགས་ཀྱིས་བསྟན་ཅིང་བསྟོད་པ་སོགས་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། །སྒོ་བ་ཡབ་ཡུམ་ཀྱི་དག་པ་ནི། ལས་བྱང་གི་བསྐྱེད་ཆོག་ཏུ། ཚད་མེད་བཞི་ལྡན་ཡབ་ཡུམ་བརྒྱདཿ ཅེས་པ་ཙམ་དང་། སྤྱན་འདྲེན་དུ། ཚད་མེད་བཞི་ལྡན་རྟག་ཆད་མུ་བཞི་བྲལཿ ཞེས་གསུངས་ཤིང་། བཞུགས་གསོལ་དང་ཕྱག་འཚལ་གཉིས་ཀར་ཡང་དེ་དང་མཐུན་པར་བཤད་དོ། །ཡང་བརྒྱ་ཕྱག་ལས། རྟག་པར་ལྟ་བ་མ་སྤངས་གནས་སུ་དགཿ ཅེས་པ་ནས། རྣམ་པར་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོཿ ཞེས་སོགས་ཀྱི་སྒོ་བ་ཡབ་རྣམས་དང་། སྙིང་རྗེ་ཚད་མེད་རིགས་དྲུག་གནས་ནས་འདྲེནཿ སྐུ་མདོག་དཀར་མོ་འགུགས་བྱེད་ལྕགས་ཀྱུ་འཛིནཿ ཞེས་སོགས་ཀྱིས་སྒོ་མ་རྣམས་ཀྱི་དག་པ་གསུངས་ཏེ། དེ་ལྟར་ན་རྟག་ཆད་མུ་བཞི་ཡབ་དང་ཚད་མེད་རྣམ་བཞི་ཡུམ་དང་སྦྱོར་བར་མཛད། ཡང་དབང་གི་དག་སྦྱོར་གྱི་སྐབས་སུ་ནི། རྟག་པར་ལྟ་བ་གནས་སུ་དག་པ་ནི་རྣམ་པར་རྒྱལ་བའོ། །ཞེས་སོགས་ཡབ་ཀྱི་དག་པ་དེ་དང་འདྲ་ཡང་། ཡུམ་ཀྱི་དག་པའི་སྐབས་སུ་སྐྱེ་གནས་ཀྱི་རྟོག་པ་བཞི་གནས་སུ་དག་པ་ནི་སྒོ་མ་བཞིའི་རང་བཞིན་ཏེཿ ཞེས་སྒོ་མ་སྐྱེ་གནས་བཞི་ལ་སྦྱོར་བར་མཛད་ཀྱང་། བསྐང་བ་ལས། ལུས་ཀྱི་རྣམ་ཤེས་གནས་དག་པའིཿ གཤིན་རྗེ་གཤེད་པོའི་ཐུགས་དམ་བསྐངཿ ཞེས་སོགས་ཀྱི་སྒོ་བ་དང་། རྟག་པར་ལྟ་བ་གནས་དག་པའིཿ ལྕགས་ཀྱུ་མ་ཡིས་ཐུགས་དམ་བསྐངཿ ཞེས་སོགས་ཀྱིས་སྒོ་མའི་དག་པ་བསྟན་ནས། ལུས་ཀྱི་ཆོས་བཞི་སྒོ་བ་ཡབ་དང་། རྟག་ཆད་མུ་བཞི་སྒོ་མར་སྦྱར་ནས་རྒྱུད་དང་མཐུན་པར་གསུངས་ཏེ། དེས་ན་འདི་ཡང་གོང་སྨོས་ལྟར་རང་བཞིན་ལ་གཉིས་སུ་མེད་པས་ན་རྟོག་པ་དག་ཕྱིར་གང་ལྟར་སྦྱར་ཀྱང་འགལ་བ་མེད་པ་ལ་དགོངས་པ་འདྲ་སྟེ། ཀུན་གཟིགས་རོང་ཟོམ་པའི་རྒྱུད་འགྲེལ་གྱི་སྒོ་བའི་དག་པ་སྦྱོར་སྐབས་དེ་ལྟར་གསུངས་པ་དང་མཚུངས་པའི་ཕྱིར་རོ། དེ་བཞིན་དུ་རྒྱུད་ལས། ཞི་ཁྲོ་གཉིས་ལ་དག་སྦྱོར་ཐ་དད་དུ་གསུངས་པ་ནི་མེད་དེ། ཞི་བ་གནས་འགྱུར་ཁྲོ་བོ་ཡིན་པའི་ཕྱིར། ཞི་བ་རིགས་ལྔའི་སྒྲུབ་གཞི་གང་ཡིན་པ་དེ་ནི་ཁྲག་འཐུང་རིགས་ལྔའི་བསྒྲུབ་གཞིའང་ཡིན་ལ། སེམས་དཔའ་ཡབ་ཡུམ་སྒོ་བ་དང་བཅས་པའི་སྒྲུབ་གཞི་གང་ཡིན་པ་དེ་ནི་ཀཽ་སེང་བཅུ་དྲུག་སྒོ་མ་དང་བཅས་པའི་བསྒྲུབ་གཞིའང་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེ་ལྟ་ནའང་འདིར་ནི། དབང་གི་དག་སྦྱོར་གྱི་སྐབས་སུ། རང་གི་ཉོན་མོངས་པའི་རྟོག་ཚོགས་མ་སྤངས་གནས་སུ་དག་ནས་རང་བཞིན་མེད་པར་ཤེས་པ་ནི་ཁྲག་འཐུང་དྲུག་ཅུའི་སྐུར་སྣང་བ་ཡིན་ཏེ། ཞེས་སྤྱིར་བཤད་ནས་བྱེ་བྲག་སོ་སོར་སྦྱོར་བ་ན། ལས་བྱང་དང་དབང་གཉིས་ཀ་མཐུན་པར། ཉོན་མོངས་པ་དུག་ལྔ་དག་པ་ཁྲག་འཐུང་ཡབ་ལྔ་དང་། ཡུལ་ལྔ་དག་པ་ཀྲོ་ཏི་ལྔར་སྦྱོར་བར་མཛད་ཅིང་། འདི་སྐབས། མ་རིག་རྩད་གཅོད་ཆེ་མཆོག་ཧེ་རུ་ཀཿ ཞེས་དང་། གཏི་མུག་རྩ་གཅོད་བྷུདྡྷ་ཧེ་རུ་ཀཿ ཞེས་སོ་སོར་བཤད་པ་དང་། བསྐང་བ་ལས། རང་རིག་ཉོན་མོངས་གནས་གྱུར་པའིཿ ཞེས་དང་། མ་རིག་ཉོན་མོངས་གནས་གྱུར་པའིཿ ཞེས་ཆེ་མཆོག་ཡབ་ཡུམ་ཀྱི་དག་པ་སོ་སོར་གསུངས་པ་དག་ནི། མ་རིག་པ་ལ་ལྷན་སྐྱེས་ཀུན་བཏགས་གཉིས་སུ་དབྱེ་བ་དང་། ཀུན་བཏགས་ལའང་བདེན་པ་ལ་རྨོངས་པའི་མ་རིག་པ་དང་། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པའི་མ་རིག་པ་གཉིས་སུ་དབྱེ་བ་དག་གི་དབང་དུ་བྱས་པར་མངོན་ནོ། །ཡང་བསྐང་བ་དེ་ཉིད་ལས། རྣམ་ཤེས་ཞེ་སྡང་གནས་གྱུར་པའིཿ བཛྲ་ཧེ་རུ་ཀ་ཡི་ཐུགས་དམ་བསྐངཿ ཞེས་སོགས་དང་། ནམ་མཁའི་བཀྲག་མདངས་གནས་གྱུར་པའིཿ བཛྲ་ཀྲོ་ཏིའི་ཐུགས་དམ་བསྐངཿ ཞེས་སོགས་ཀྱིས་རྒྱུད་དང་མཐུན་པར་ཕུང་བོ་ལྔ་ཧེ་རུ་ཀ་ཡབ་ལྔ་དང་། འབྱུང་བ་ལྔ་ཡུམ་ལྔར་སྦྱར་ནས། དེའི་སྟེང་དུ་ཉོན་མོངས་པ་ལྔ་དང་། བཀྲག་མདངས་སོགས་ནང་གི་འབྱུང་ཁམས་ལྔ་བསྣན་པར་མཛད་དེ། འདི་ཡང་རྣམ་གྲངས་ཙམ་མོ། །དེ་བཞིན་དུ་སྲས་མོ་ཉི་ཤུའི་དག་སྦྱོར་གྱི་སྐབས་སུ་ཡང་། ལས་བྱང་གི་ཕྱག་འཚལ་དང་། བརྒྱ་ཕྱག་གཉིས་ཀ་མཐུན་པར། རྣམ་རྟོག་གཞོམ་ཕྱིར་ཁྲོ་མོ་ཀོ་རི་མཿ ཞེས་སོགས་དང་། འཁོར་བ་ཀ་དག་སེང་ཧ་མུ་ཁ་མཿ ཞེས་སོགས་གསུངས་པ་ནི། ཕྱག་མཚན་དང་ཆ་ལུགས་ཀྱི་དག་པ་ཡིན་པར་མངོན་ལ། གཞན་ལས་བྱང་གི་བཞུགས་གསོལ་སོགས་དང་། བསྐང་བ་ལས་ནི་རྣམ་ཤེས་ཚོགས་བརྒྱད་པོ་གོང་དུ་སེམས་དཔའ་ཡུབ་ཡུམ་དང་སྒོ་བའི་སྐབས་སུ་བཤད་པ་ལྟར། རྒྱུད་དང་མཐུན་པར་གསུངས་ཀྱང་། བྱེ་བྲག་སོ་སོར་སྦྱར་བ་ན། ཀུན་གཞིའི་རྣམ་ཤེས་གནས་གྱུར་པའིཿ ཀཽ་རི་མ་ཡི་ཐུགས་དམ་བསྐངཿ ཞེས་སོགས་དང་། དོན་དམ་སེམས་སུ་གནས་གྱུར་པའིཿ སེང་ཧ་མ་ཡིས་ཐུགས་དམ་བསྐངཿ ཞེས་སོགས་རྣམ་ཤེས་སྐྱེ་རིམ་དང་སྦྱར་ཏེ། ཐོག་མར་ཀུན་གཞི་ལས་བརྩམས་ཏེ་གསུངས། དབང་ཆེན་འཕྲད་ཚད་རང་གྲོལ་ལས་ནི། མིག་གི་རྣམ་ཤེས་ཀཽ་རི་མཿ སོགས་དང་། གཟུགས་ཕུང་རྣམ་དག་སེང་ཧ་མཿ སོགས་དབང་ཤེས་ཀྱི་དང་པོ་ནས་བརྩམས་ཏེ་སྦྱར་བར་མཛད་ཅིང་། འདི་དག་གི་སྐབས་སུ་དོགས་གནས་ཀྱང་སྣ་ཚོགས་སྣང་སྟེ། འདི་ལྟར་དག་སྦྱོར་གྱི་གོ་རིམ་བསྣོལ་བ་ཙམ་མི་མཚུངས་པ་ལ་སྐྱོན་ཆུང་ཡང་། ཀུན་གཞི་དང་ཉོན་ཡིད་ཀྱི་ཡུལ་ཡུལ་ཅན་སྦྱོར་བའི་སྐབས་དང་། གཟུགས་ཕུང་དང་། སྒྲ་ཕུང་སོགས་ཀྱི་བརྡ་ཆད་ལ་གཞན་དང་ཅུང་ཟད་མི་མཐུན་པ་སྣང་བས་སོ། །དེ་ཡང་རྒྱུད་ལས་ནི། སྲིན་མོ་ཀཽ་རི་སྟེ་དཀར་མོ་སོགས་བརྒྱད་འདུལ་བའི་ཆེད་དུ་སེམས་དཔའ་བརྒྱད་ཀཽ་རི་བརྒྱད་དུ་སྤྲུལ་པ་དང་། སྲིན་མོ་སེང་གདོང་མ་སོགས་བརྒྱད་འདུལ་བའི་དོན་དུ་སེམས་མ་བརྒྱད་སེང་ཧ་བརྒྱད་དུ་སྤྲུལ་པར་གསུངས་པ་འདི་ལས་ནི། སེམས་དཔའ་ཡབ་ཡུམ་གྱི་འབྲེལ་ཀཽ་སེང་ལའང་བརྩི་དགོས་པར་སྣང་བས་ན། དེ་དཔྱད་པ་ལ། འདིར་བསྐང་བ་ལས། ཀུན་གཞིའི་རྣམ་ཤེས་ཀཽ་རི། ཡིད་ཀྱི་རྣམ་ཤེས་ཙཽ་རི། ཉོན་མོངས་རྣམ་ཤེས་པྲ་མོ་ཧར་སྦྱར་ནས། དེ་རྣམས་ཀྱི་ཡུལ་གྱི་དག་པ་རིམ་བཞིན་འཆད་པ་ན། དོན་དམ་སེམས་སུ་སེང་ཧ། ཆོས་ཀྱི་ཁམས་ཆེན་བྱཱ་ཀྲི། བག་ཆགས་འཐུག་པོ་སྲི་ལ་མར་སྦྱར་བར་མཛད་དོ། །དེ་ལྟར་ན་ཀུན་གཞི་རྣམ་ཤེས་ཀྱི་ཡུལ་དོན་དམ་སེམས་སུ། ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ་ཆོས་ཁམས། ཉོན་མོངས་རྣམ་ཤེས་ཀྱི་ཡུལ་བག་ཆགས་འཐུག་པོ་ཞེས་སྦྱོར་དགོས་པར་སྣང་ཞིང་། དེ་ལས་ཡིད་ཆོས་ཀྱི་ཡུལ་ཡུལ་ཅན་ལ་དཔྱད་པ་མེད་ཀྱང་། ཀུན་གཞིའི་ཡུལ་དོན་དམ་སེམས་སུ་དང་། ཉོན་ཡིད་ཀྱི་ཡུལ་བག་ཆགས་འཐུག་པོ་ཞེས་པ་འདི་དག་གི་སྐབས་སུ། འཕྲད་ཚད་རང་གྲོལ་དུ་ལྷའི་དག་པ་བསྣོལ་ཡང་། ཡུལ་ཡུལ་ཅན་གྱི་འབྲེལ་བ་ལ། ཀུན་གཞིའི་རྣམ་ཤེས་སྨེ་ཤ་མཐིངཿ ཞེས་དང་། ཉོན་མོངས་རྣམ་ཤེས་ཙནྡྷ་ལིཿ ཞེས་གསུངས་ནས། དེའི་ཡུལ་གྱི་དག་པ་རིམ་བཞིན་འཆད་པ་ན། ཉོན་མོངས་རྣམ་དག་ཁ་ཁ་མཿ ཞེས་དང་། ཀུན་གཞིའི་ཕུང་བོ་ཧུ་ལུ་མཿ ཞེས་དང་། ཀུན་གཞིའི་རྣམ་ཤེས་ཀྱི་ཡུལ་ཉོན་མོངས་པ་རྣམས་དང་། ཉོན་ཡིད་ཀྱི་ཡུལ་ཀུན་གཞིའི་ཕུང་བོ་ཉིད་ཡིན་པར་བསྟན་ཏེ། དེ་ལྟར་ན་ཀུན་གཞིའི་རྣམ་ཤེས་ཀྱི་ཡུལ་དོན་དམ་སེམས་སུ་ཞེས་པ་ཉོན་མོངས་པ་རྣམས་དང་། ཉོན་ཡིད་ཀྱི་ཡུལ་བག་ཆགས་འཐུག་པོ་ཞེས་པ་ཀུན་གཞིའི་ཕུང་བོ་ཡིན་པ་སྨྲོས་མ་དགོས་ཀྱང་། སྐབས་འདིར་ཉོན་མོངས་པ་ལ་དོན་དམ་སེམས་སུ་ཞེས་པ་དང་། ཀུན་གཞིའི་ཕུང་བོ་ལ་བག་ཆགས་འཐུག་པོ་ཞེས་སྨྲས་པ་དག་གི་རྒྱུ་མཚན་བཤད་དགོས་ཏེ། དེས་ན་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་གཞུང་ཆེན་པོ་རྣམས་སུ། རང་བཞིན་མཚན་ཉིད་དམིགས་རྣམས་འཁོར། ཞེས་པ་ལ་སོགས་དོན་ཚན་བཅུ་གཅིག་གི་སྒོ་ནས་ཀུན་གཞིའི་རྣམ་ཤེས་རྒྱས་པར་བཤད་ཀྱང་མདོར་བསྡུ་ན། ཀུན་གཞི་རང་གི་ངོ་བོ་ནི། བག་ཆགས་མཐའ་དག་གི་བསྒོ་གཞིར་གྱུར་པ་མ་བསྒྲིབ་ལུང་མ་བསྟན་གྱི་ཤེས་པ་ཞིག་སྟེ། དེའི་དམིགས་རྣམ་ནི་རིས་སུ་མ་ཆད་དེ། འཁོར་ཀུན་འགྲོ་ལྔ་དང་ལྷན་ཅིག་ཚོགས་དྲུག་གི་ཡུལ་སྤྱི་ལ་དམིགས་ཤིང་། སྤྱིའི་རྣམ་པར་སྐྱེ་བར་བཤད་དོ། །ཉོན་ཡིད་ནི་ཤེས་པ་ཐུན་མོང་གི་འཁོར་ཀུན་འགྲོ་ལྔའི་སྟེང་དུ། རང་གི་ཐུན་མོང་མ་ཡིན་པའི་འཁོར་བདག་ཏུ་རྨོངས་པ་ལ་སོགས་བཞི་སྟེ་འཁོར་དགུ་དང་མཚུངས་ལྡན་དུ་ཀུན་གཞི་ལ་དམིགས་ནས། ང་དང་བདག་ཏུ་འཛིན་པའི་ཁ་ནང་བལྟས་ཀྱི་ཤེས་པར་བཤད། དེ་ལྟར་ན་ཀུན་གཞིའི་རྣམ་ཤེས་ཀྱི་ཡུལ་ནི། ཕྱི་རོལ་གྱི་དོན་ལ་དམ་པའམ། བདེན་པར་འཛིན་པའི་སྒོ་ལྔའི་ཤེས་པ་རྗེས་འབྲང་ཡིད་དང་ཉོན་ཡིད་གཉིས་དང་བཅས་ཏེ་ཉོན་མོངས་པའི་སས་བསྡུས་པའི་སེམས་གསུམ་པོའི་སྤྱིའི་རྣམ་པ་ཙམ་ཡིན་པ་ལ་དགོངས་ནས། དོན་དམ་སེམས་སུ་གནས་གྱུར་པའི། ཞེས་པའམ་ཡང་ན་དོན་དང་སེམས་སུ་གནས་གྱུར་པའི། ཞེས་ཕྱི་དོན་སེམས་དང་བཅས་པ་ལ་སྦྱར་ཀྱང་རུང་མོད། གང་ལྟར་ཀྱང་ཡིག་སྐྱོན་ཞིག་ཐལ་བ་ཡིན་ནམ་སྙམ་ལ། ཉོན་ཡིད་ཀྱི་ཡུལ་ནི་བག་ཆགས་སྣ་ཚོགས་པའི་བསྒོ་གཞིར་གྱུར་པའི་ཀུན་གཞིའི་ཕུང་བོ་སྟེ། ཀུན་གཞིའི་རྣམ་ཤེས་ཀྱི་ཚོགས་པའམ་དངོས་པོ་དེ་ཉིད་དེ། དེ་ནི་བག་ཆགས་འཐུག་པོའང་ཡིན་ནོ། །དེ་ལྟར་དག་པ་སྦྱོར་བའི་སྐབས་འདི་ལས་འཕྲོས་ཏེ། རིགས་དྲུག་གནས་འདྲེན་གྱི་ས་བཅད་བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པའི་སྐབས་སུ། འདི་ནས་ཤར་གྱི་ཕྱོགས་རོལ་ནཿ མངོན་པར་དགའ་བའི་ཞིང་ཁམས་ཡོདཿ ཐམས་ཅད་ས་ཡི་རང་བཞིན་ཏེ། ས་ལ་ཤི་ཞེས་བྱ་བ་མེདཿ ཞེས་པ་ལ་སོགས་གསུངས་པར་རྟོག་གེ་བ་ཁ་ཅིག དེ་ལྟར་ན་ཞིང་ཁམས་དེར་ས་ཙམ་མ་གཏོགས་པའི་ཤེས་བྱ་གཞན་ཅི་ཡང་མེད་དམ། གལ་ཏེ་མེད་ན་བདེ་སྡུག་གི་ཚོར་བ་མྱོང་བར་མི་འགྱུར་བའི་ཕྱིར་ཞིང་ཁམས་དེར་སྐྱེས་པ་དོན་མེད་དུ་ཐལ་ལོ་ཟེར་བ་དང་། ཡང་དེ་ཉིད་ཀྱི་ས་བཅད་བཅུ་བ་ལམ་བསྟན་གྱི་སྐབས་སུ། ཚེ་ལས་འདས་པའི་གཟུགས་ཀྱི་ཕུང་བོ་ཨོཾ་དཀར་པོར་གྱུར་ནས་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕེན་པ་སོགས་ལ། ཅི་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པའི་གཟུགས་ཀྱི་ཕུང་བོ་དེ་ལ་ཚོར་བ་སོགས་ཕུང་བོ་གཞན་ཡོད་དམ་མེད། གལ་ཏེ་མེད་ན་དེར་འཕང་བ་དོན་མེད་དུ་ཐལ་ཏེ། བདེ་སྡུག་ལ་སོགས་མྱོང་བ་མེད་པའི་ཕྱིར་དང་། གལ་ཏེ་ཡོད་ན་ཡང་གཟུགས་ཀྱི་ཕུང་བོ་སོགས་དམིགས་ཀྱིས་བསལ་ནས་སྨྲས་པ་དོན་མེད་དུ་ཐལ་ལོ། །ཞེས་ཕྱོགས་སྔ་མ་རྗེས་པའི་རྒོལ་བ་བྱེད་པ་དང་། དེ་ལ་གྱ་ཚོམས་སུ་སྨྲ་བ་ཁ་ཅིག་ལན་ཕྱིན་ཅི་ལོག་ཏུ་འདེབས་པ་སོགས་མང་དུ་སྣང་ཡང་། འདི་དག་ཐམས་ཅད་གཞུང་འདི་ཉིད་ཀྱི་དགོངས་པ་ཇི་ལྟ་བུ་ཡིན་པ་མ་རྟོགས་ཤིང་མ་བརྟགས་པར་སྨྲ་བ་ཁོ་ན་སྟེ། འདི་ལྟར་གཞུང་འདིར་ནི་ལམ་དུས་སུ་གང་ཟག་གཅིག་གི་རྒྱུད་ཀྱི་རྟོག་པ་མཐའ་དག་རྒྱལ་བ་རིགས་ལྔའམ་དམ་པ་རིགས་བརྒྱའི་ངོ་བོར་བསྒྲུབས་ནས་རྟོག་པ་མ་ལུས་པ་དག་པའི་འབྲས་བུ་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་བདག་ཉིད་མངོན་དུ་བྱེད་པར་འདོད་པ་སྟེ། དེས་ན་ཤར་ལ་སོགས་པའི་ཞིང་ཁམས་སུ་སྒྲོ་བཏགས་པ་དེ་ཡང་སེམས་ཅན་རྣམས་ཀྱིས་ཕྱོགས་དང་གནས་ཡུལ་ལ་བདེན་པར་བཟུང་བའི་རྟོག་པ་དེ་དང་། དེ་ཉིད་དག་པའི་ཆེད་དུ་གསུངས་པ་ལས། དོན་ལ་དེ་དག་བདེན་པར་གྲུབ་པ་མེད་པའི་ཚུལ། ལས་བྱང་གི་བྲོ་བརྡུང་སྐབས་སུའང་། ཕྱོགས་མེད་ཕྱོགས་དང་བྲལ་བའི་ཤར་ཕྱོགས་སུཿ ཞེས་སོགས་གསུངས་པས་ཀྱང་བསྟན་པ་ཡིན་ནོ། །དེ་བཞིན་དུ་གཟུགས་ཕུང་ལ་སོགས་སྦྱང་གཞིའི་རྟོག་པ་དེ་དང་དེ་རང་རང་གི་དག་འབྲས་ཀྱི་ཀློང་དུ་ཏིང་ངེ་འཛིན་ཟབ་མོས་རྒྱས་འདེབས་པ་ལ་གནས་སྤར་གྱི་ཐ་སྙད་སྦྱོར་བ་ལས་ཕྱོགས་ག་ཤེད་ནས་ག་ཤེད་དུ་སོང་བ་ནི་ཅི་ཡང་མེད་དོ། །འདི་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་སྐྱེ་འཇིག་ལ་སོགས་པའི་རྟེན་འབྲེལ་གྱི་སྐབས་སུ་འཕོ་བ་མེད་པ་ཞེས། རྒྱུ་འགག་པའི་རྐྱེན་གྱིས་འབྲས་བུ་འབྱུང་བ་སྲང་མདའི་མཐོ་དམན་ལྟ་བུ་ལས་རྒྱུ་འབྲས་ལ་འགྲོ་འོང་མེད་པར་གསུངས་པ་དང་གནད་གཅིག་གོ །དེས་ན་ཐམས་ཅད་ས་ཡི་རང་བཞིན་ཏེཿ ཞེས་སོགས་སྨྲོས་པ་ལའང་སྐྱོན་ཅི་ཞིག་ཡོད་དེ། ས་ཡི་རང་བཞིན་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཀྱང་ཡིན་པའི་ཕྱིར་རོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་རྒྱལ་བའི་ཡུམ་དུ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་ལ་རང་བཞིན་དབྱེར་མེད་པར་གསུངས་པའི་དོན། སློབ་དཔོན་འཕགས་པའི་ཞལ་སྔ་ནས་མེ་ཡི་རང་བཞིན་ཚ་བ་དང་། བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་བ་ཉིད་དུ་གསུངས། །ཞེས་གསལ་བར་མཛད་པ་ལྟར་ཡིན་ནོ། །དེས་ན་སྟོང་ཉིད་ལ་སྐྱེ་ཤི་ལ་སོགས་པ་མེད་པའི་རྒྱུ་མཚན་སྟོང་གཞིའི་སྒྲས་བརྗོད་པ་སྟེ། ཤེས་རབ་སྙིང་བོ་ལས། གཟུགས་ལས་ཀྱང་སྟོང་བ་ཉིད་གཞན་མ་ཡིན། སྟོང་བ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན། ཞེས་སོགས་གསུངས་པའི་དགོངས་པ་དང་མཐུན་ནོ། །འདི་ལྟ་བུའི་དག་སྦྱོར་གྱི་གནད་ཞིབ་ཏུ་ངེས་པར་གྱུར་ན་ནི་གཞུང་འདིའི་དོགས་གནས་མཐའ་དག་གཅོད་ནུས་པ་ཡིན་པས་ན་རྒྱས་པར་རྟོག་པ་རེ་རེ་བཞིན་དུ་སྦྱང་གཞི་སྦྱོང་བྱེད། སྦྱང་བྱ། སྦྱང་འབྲས་མཐའ་དག་སོ་སོར་སྦྱར་ནས་ཤེས་པར་བྱ་བ་ནི་གལ་ཆེ་བར་སྣང་ངོ་། །ལྔ་བ་ལྷ་གྲངས་ཀྱི་དབྱེ་བསྡུ་སོགས་ལ་དཔྱད་པ་ནི། སྤྱིར་རྒྱུད་ལས། ཕྱག་རྒྱ་སྤྲོས་བཅས་ཀྱི་དབང་དུ་བྱས་ཏེ། རྩ་བའི་ལྷ་དང་། ཐབས་ལྷ་དང་། ཡན་ལག་གི་ལྷའི་དབྱེ་བསྡུ་དཔག་ཏུ་མེད་པར་གསུངས་ཤིང་། དེ་དག་ལས་རྩ་བའི་ལྷ་ཁོ་ནའི་དབང་དུ་བྱས་ན་ཡང་། གསང་ཆེན་རིགས་གཅིག གསང་བ་རིགས་གསུམ། དེ་ཉིད་རིགས་ལྔ། དམ་པ་རིགས་བརྒྱ་སོགས་དབྱེ་བསྡུ་མང་དུ་མཆིས་ཀྱང་། འདིར་ནི་དམ་པ་རིགས་བརྒྱར་གསུངས་པས་ན་དེ་ཙམ་ཞིག་ལ་དཔྱད་པར་བྱའོ། །དེ་ཡང་རྒྱུད་ལས་གསུངས་པའི་དམ་པ་རིགས་བརྒྱའི་དབྱེ་ཚུལ་དང་། འདིའི་སྐབས་སུ་བཤད་པ་གཉིས་ཅུང་ཟད་མི་མཚུངས་ཏེ། རྒྱུད་ལས་གསུངས་པ་ནི་རྩ་བ་དེ་ཉིད་རིགས་ལྔ་ལ་རིགས་ཆུང་གི་དབྱེ་བའི་དམ་པ་རིགས་བརྒྱ་ཡིན་ལ། འདིར་བཤད་པ་ནི་ལྷ་ཞི་བ་བཞི་བཅུ་རྩ་གཉིས་དང་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དེ། དེ་གཉིས་ཀྱི་གྲངས་བསྡོམས་པའི་དམ་པ་རིགས་བརྒྱ་ཡིན་ནོ། །དེ་ཡང་ལས་བྱང་ཆུང་བ་ལས་ནི་གྲངས་ངེས་ཅན་དུ་མཛད་ཀྱང་། ལས་བྱང་ཆེ་བར་དེའི་སྟེང་དུ་ཆེ་མཆོག་ཡབ་ཡུམ་བསྣན་པས་ལྷ་བརྒྱ་རྩ་གཉིས་སོ། །བརྒྱ་ཕྱག་ཏུ་ནི། དེའི་སྟེང་འབར་མ་བརྒྱད་དང་བཅས་པ་བསྣན་པས་ལྷ་བརྒྱ་རྩ་བཅུའོ །བསྐང་བའི་གཞུང་དུ་ནི། རྒྱུད་ལུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་དང་། ཕུར་པའི་ལྷ་ཚོགས་མང་བོ་བསྣན་པས་ལྷ་གྲངས་ལ་ངེས་བཟུང་མེད་པར་མཛད་ཀྱང་། དོན་ལ་ལས་བྱང་རྩ་བ་དང་ཆོས་སྤྱོད་སོགས་མང་པོའི་མཆོད་བརྗོད་དུ། ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་དངཿ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལཿ ཞེས་ཚིག་སྔ་མས་གསང་ཆེན་རིགས་གཅིག་ཞི་ཁྲོ་དང་། ཕྱི་མ་དམ་པ་རིགས་བརྒྱ་དམིགས་ཀྱིས་བསལ་ནས་གསུངས་པའི་ཕྱིར་འདི་གའི་རྩ་བའི་ལྷ་ནི་ལས་བྱང་ཆུང་བར་གསུངས་པ་ལྟར་དམ་པ་རིགས་བརྒྱར་གྲངས་ངེས་ཅན་བྱེད་དགོས་སོ། །དེ་ལྟར་ན་ཀུན་བཟང་ཡབ་ཡུམ་ཀྱང་དོར་བས་དགུ་བཅུ་གོ་བརྒྱད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ་གོང་སྨྲོས་ལྟར་ཚོགས་ཆེན་འདུས་པར་གཙོ་བོ་ཀུན་བཟང་དང་། ཁྱམས་ཀྱི་ཀུན་བཟང་ཡབ་ཡུམ་ཐ་དད་དུ་བཤད་པ་བཞིན། འདིར་ཡང་གསང་ཆེན་རིགས་གཅིག་གི་ཀུན་བཟང་ཡབ་ཡུམ་དང་རིགས་བརྒྱའི་སྐབས་ཀྱི་ཀུན་བཟང་ཡབ་ཡུམ་ཐ་དད་དུ་བཤད་ནས་དག་པ་ཡང་སོ་སོར་སྦྱར་བས་སོ། །དེས་ན་འབར་མ་བརྒྱད་ནི་སྲིན་མོ་འབར་མ་བརྒྱད་འདུལ་བའི་དོན་དུ་ཀུན་བཟང་ཡབ་ཡུམ་དང་ཐུབ་པ་དྲུག་སྟེ་བརྒྱད་ཀྱིས་སྤྲུལ་པར་འདུས་མདོ་ལས་བཤད་པ་ལྟར་ཡིན་ཞིང་། དེ་དང་མ་བདུན་སྲིང་བཞི་ཀིང་དང་ལང་ཀ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་རྣམས་དང་། ཆོས་སྤྱོད་དུ་བཤད་པའི་བླ་མ་རིག་འཛིན་གྱི་ཚོགས་རྣམས་དང་བཅས་པ་ནི་མགྲོན་ཐབས་ཀྱི་ལྷ་སྟེ། དཀྱིལ་འཁོར་གྱི་ཕྱི་རོལ་ཁོར་ཡུག་ཏུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཆར་གནས་པའོ། །ཕུར་པའི་ལྷ་ཚོགས་ནི། སྒྱུ་འཕྲུལ་ཁྲོ་བོར་ཕྱི་རོལ་བསྲུང་བའི་འཁོར་ལོར་ཁྲོ་བཅུ་ཡབ་ཡུམ་རྣམས་བསྒོམ་པར་གསུངས་པ་དང་དོན་གྱི་གནད་གཅིག་པར་སོང་འདུག་པས་ལྷ་གྲངས་མི་མཚུངས་ཀྱང་དེ་ཉིད་དང་སྦྱར་བར་བྱའོ། །དེ་ལྟར་ལྷ་གྲངས་ཀྱི་དབྱེ་བསྡུ་སྤྱིར་དཔྱད་ཟིན་ཏེ། སོགས་ཁོང་ནས་ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆས་རྣམས་དང་བསྐྱེད་པའི་གོ་རིམ་དང་ཆོ་གའི་འགྲོས་དག་ལ་ཡང་ཅུང་ཟད་དཔྱད་པར་བྱ་སྟེ། དེ་ཡང་སྐུ་མདོག་གི་སྐབས་སུ་གཞན་ཕལ་ཆེར་རྒྱུད་དང་འདྲ་ཡང་། ཀུན་བཟང་ཡབ་ཡུམ་ལ་རྒྱུད་འགྲེལ་ཁ་ཅིག་ལས་ཡབ་ཐབས་ཀྱི་རང་བཞིན་སྐུ་མདོག་དཀར་པོ་དང་། ཡུམ་ཤེས་རབ་ཀྱི་རང་བཞིན་སྐུ་མདོག་མཐིང་གར་གསུངས་ཤིང་། ཀུན་མཁྱེན་བླ་མས་ཡིད་ཆོས་དག་པའི་རྒྱུ་མཚན་གྱིས་ཡབ་མཐིང་ག་དང་། ཡུམ་མཐིང་སྐྱར་བྱས་ན་ལེགས་གསུངས་ཀྱང་། འདིར་ཡབ་མཐིང་ག་དང་། ཡུམ་དཀར་མོར་བཤད་པ་སྦྱང་གཞི་དང་སྦྱར་བས་ཕྱི་མ་དང་མཐུན་ནོ། །རིགས་ལྔ་ལས་གཞན་འདྲ་ཡང་། རྣམ་སྣང་དབྱིངས་ཕྱུག་དཀར་མོ་དང་། རྡོར་སེམས་སྤྱན་མ་མཐིང་གར་བཤད་པ་འདི། གཙོ་བོ་རྡོར་སེམས་སྐུའི་རང་བཞིན་ཡིན་པའི་ཕྱིར། རྡོར་སེམས་ཉིད་ཀྱི་རང་མདོག་ཏུ་བྱས་ལ། ཤར་གྱི་རྡོར་སེམས་དེའི་ཐུགས་ཀྱི་བདག་ཉིད་ཡིན་པས་སྐུ་མདོག་མཐིང་གར་མཛད་དེ། རྡོར་སེམས་ཀྱི་ཆོ་ག་གཞན་ལ་ཡང་དཀར་པོ་དང་མཐིང་ག་ཅི་རིགས་སུ་འབྱུང་བ་ནི་འདི་ལྟ་བུའི་རིགས་ཀྱི་བྱེ་བྲག་ལས་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་སྒྱུ་འཕྲུལ་གྱི་གཙོ་བོ་རྣམ་སྣང་ཐུགས་རྡོ་རྗེ་སེམས་དཔའ་ཡིན་པའི་རྒྱུ་མཚན་གྱིས་རྣམ་སྣང་གི་རང་མདོག་མཐིང་གར་མཛད་པ་ལྟ་བུའོ། །དེ་ནས་སེམས་དཔའ་སེམས་མ་དང་། ཐུབ་དྲུག་སྒོ་བ་རྣམས་ཀྱི་སྐུ་མདོག་ཕལ་ཆེར་རྒྱུད་དང་འདྲ་ཡང་རིགས་ཀྱི་བྱེ་བྲག་ལས་ནང་ཚན་དུ་རྒྱུད་ལ་ལ་དང་ཅུང་ཟད་རེ་བསྣོལ་བ་འདུག ཁྲོ་བོའི་སྐབས་སུ་ཡང་ཕལ་ཆེར་མཚུངས་ཀྱང་། ལས་བྱང་དང་ཆོས་སྤྱོད་དུ་ཀཽ་རི་དཀར་མོར་བཤད་པ་དང་། འཕྲད་ཚད་རང་གྲོལ་དུ་ཀཽ་རི་སྔོན་མོར་བཤད་པ་འདི། གོང་སྨྲོས་ལྟར་སྲིན་མོ་དཀར་མོ་བཏུལ་བའི་རྒྱུ་མཚན་གྱིས་རི་དྭགས་བཤོར་བ་ལ་རི་དྭགས་པ་ཟེར་བ་བཞིན་དུ་མཚན་ལ་དཀར་མོ་ཟེར་བ་མ་གཏོགས་རང་རིགས་ལས་རང་གི་སྐུ་མདོག་སྔོན་མོ་བཤད་པ་འདི་ཡིན་ནོ། །དེས་ན་ཀཽ་རི་སྟེ་དཀར་མོ་ཞེས་པའི་ཁྲོ་མོ་སྔོན་མོ་ཞེས་པར་འགྱུར་ཏེ། བརྒྱ་ཕྱག་དུའང་། ཁྲོ་མོ་དཀར་མོ་ཞིང་ཆེན་གདན་ལ་འགྱིངས། ཞེས་ཟེར་བ་ན། ཁྲོ་མོ་སྔོན་མོ་མིང་དཀར་མོ་ཞེས་པ་ཞིང་ཆེན་གྱི་གདན་ལ་འགྱིང་བ་ཞེས་པར་འགྱུར་ཞིང་། ཡང་དེ་ཉིད་ལས། བྱམས་པ་མེ་ཏྲེའི་ཞབས་ལ་ཕྱག་འཚལ་ལོཿ ཞེས་པའང་བྱམས་པ་ཞེས་པ་མགོན་པོ་མེ་ཏྲེ་པའི་ཞབས་ལ་ཕྱག་འཚལ་ལོཿ ཞེས་པར་འགྱུར་བའི་ཕྱིར་རྒྱ་བོད་ཀྱི་སྐད་ཟློས་པའི་སྐྱོན་དུ་ནི་མི་འགྱུར་རོ། །གཞན་དབང་མོ་རྣམས་ཀྱི་སྐུ་མདོག་ནི། རྒྱུད་རང་དུ་ཡང་འདྲ་མིན་ཅི་རིགས་ཡོད་ཀྱང་། དེའི་རྒྱུ་མཚན་ཡང་དབང་མོ་ཐམས་ཅད་སྤྱིར་དྲག་མོ་ཡིན་ཡང་། དེ་ལའང་ཞི་དྲག་གི་ཁྱད་པར་གཉིས་གསུངས་པ་སྒྱུ་འཕྲུལ་དང་ཚོགས་ཆེན་དུ་མངོན་རྟོགས་སོ་སོར་གསལ་བ་ལྟར་ཡིན་པ་ལས། འདི་སྒྱུ་འཕྲུལ་དང་ཕལ་ཆེར་མཐུན་པའོ། །ཕྱག་མཚན་གྱི་ཁྱད་པར་ཡང་ཕལ་ཆེར་མཚུངས་ཀྱང་། སྒོ་བའི་སྐབས་སུ་སྒྱུ་འཕྲུལ་ལས། ཎི་མགོ་གདེང་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོ་གནོན་པ་དང་། རྡོ་རྗེ་རྒྱ་གྲམ་ལས་ཀྱི་གནོན། །ཞེས་ཡབ་བཞིའི་ཕྱག་མཚན་དང་། ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོ། ཞེས་ཡུམ་བཞིའི་ཕྱག་མཚན་བསྟན་པ་འདི་སྐབས་ཀྱི། ཕྱག་མཚན་རེ་གཉིས་འདི་དང་ཅུང་ཟད་མི་མཐུན་ཞིང་། ལས་བྱང་བརྒྱ་ཕྱག་གཉིས་ཀ་ལའང་ཅུང་ཟད་མི་མཐུན་པ་ཡོད་ཀྱང་རང་བཞུང་ལྟར་བྱས་པས་འཐུས་སོ། །དེ་མིན་ཁྱད་པར་ཕྲན་བུ་ཡོད་པ་རྣམས་ནི་ཞིབ་མོར་བརྗོད་ཀྱིས་མ་ལངས་སོ། །རྒྱན་ཆས་ལའང་། རང་གི་སྐབས་སུ་ཀུན་བཟང་ཡབ་ཡུམ་ལ་རྒྱན་ཆས་ཀྱི་གསལ་ཁ་མི་སྣང་ཡང་མཇུག་སྡུད་དུ། ཞི་བའི་ལྷ་ཚོགས་དེ་རྣམས་ཀྱངཿ དབུ་རྒྱན་སྟོད་གཡོག་སྨད་དཀྲིས་དངཿ ཞེས་སོགས་དང་ཐུན་མོང་དུ་གསུངས་པའི་ཕྱིར་རྒྱན་ཆས་ཡོད་པར་མངོན་ནོ། །དེས་ན་ཀུན་བཟང་རིགས་ལྔ་སེམས་དཔའ་རྣམས་ཡུམ་དང་བཅས་པ་སྟེ། ལྷ་ཉེར་བརྒྱད་ལ་ཐུན་མོང་དུ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་པར་སྤྲས་པ་སྟེ། དེ་ཡང་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ལས། དང་པོ་ནི། ༡དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོག་དང་། ༢ དེའི་བྱེ་བྲག་གར་གྱི་ཕུ་དུང་ལྗང་གུ་སྟེ་གཉིས་དང་། ༣ དར་གྱི་ཚིག་གུ་སྟེ་དམར་སྨུག་གི་སྨད་དཀྲིས། ༤ དར་སེར་པོའི་ཆས་གོས་སམ་སྐུ་རགས། ༥ དར་སྣ་ཚོགས་ཀྱི་ཅོད་པཎ་ཟི་ལྡིར་ཏེ་ལྔ་དང་། གཉིས་པ་ནི། ༡ རིན་པོ་ཆེའི་དབུ་རྒྱན། ༢ སྙན་ཆ། ༣ མགུལ་ཆུན། ༤ དཔུང་རྒྱན། ༥ ཕྱག་གདུབ་སྟེ། ༦ དེས་དྲངས་པའི་ཞབས་གདུབ། ༧ དོ་ཤལ། ༨ རིན་ཆེན་ཕྲེང་བ་སྟེ་སེ་མོ་དོ་བཅས་བརྒྱད་དོ། །གཞན་ཡང་ཞི་བའི་ཚུལ་དགུ་དང་ལྡན་པ་ནི། མཉེན་ལྕུག་འཁྲིལ་ལྡེམས་སོགས་ཀྱིས་བསྟན་པ་ལྟར་རོ། །ཐུབ་པ་དྲུག་ནི་སྤྲུལ་སྐུའི་ཆ་བྱད་དང་། སྒོ་བ་ཡབ་ཡུམ་རྣམས་ནི། སྒེག་པ་དཔའ་བ་ལ་སོགས་གར་གྱི་ཉམས་དགུ་དང་ལྡན་ཞིང་། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་སྤྲས་པ་སྟེ། དེ་ཡང་གདག་པའི་རྒྱན་གཉིས། བྱུག་པའི་རྫས་གསུམ། བསྒོ་བའི་གོས་གསུམ་སྟེ་བརྒྱད་དུ་གྲགས་པ་ལས། དང་པོ་ནི་ཐོད་རྒྱན་དང་། སྦྲུལ་རྒྱན་དེ་གཉིས་ལས། དང་པོ་ལ་ཡང་ཐོད་ཕྲེང་ཚར་གསུམ་ཞེས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཚལ་བུས་ཕྱག་ཞབས་ཀྱི་གདུ་བུ་བྱས་པའོ། །གཉིས་པ་སྦྲུལ་རྒྱན་ལའང་། རྒྱལ་རིགས་དཀར་ཁྲའི་མགུལ་ཆུན། རྗེ་རིགས་སེར་ཁྲའི་སྙན་ཆ། བྲམ་ཟེ་དམར་ཁྲའི་ཅོད་པཎ་སྟེ་སྐྲ་ཆིང་། དམངས་རིགས་ལྗང་གུས་ཕྱག་ཞབས་ཀྱི་གདུ་བུ། གདོལ་བ་ནག་པོའི་སྐ་རགས་ཏེ་ལྔའོ། །འདིར་རིགས་དང་ཁ་དོག་སྦྱར་ན་ད་དུང་དཔྱད་གཞི་སྣང་ངོ་། །གཉིས་པ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་གཉིས་སྣའི་ཟོར་ཏེ་འབུར་གསུམ་ལ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་སོར་རིས་གསུམ་མོ། །གསུམ་པ་ནི། སྟོད་དུ་གླང་ཆེན་གྱི་ཀོ་རློན། སྐེད་དུ་མི་ལྤགས་ཀྱི་གཡང་གཞི། སྨད་དུ་སྟག་ལྤགས་ཀྱི་ཤམ་ཐབས་ཏེ་གསུམ་བཅས་སྡོམ་པས་བརྒྱད་དོ། །དེ་ལས་ཡུམ་རྣམས་ལ་སྟག་ཤམ་གྱི་དོད་དུ་གཟིག་ཤམ་བྱས་པ་ཙམ་མ་གཏོགས་གཞན་འདྲའོ། །ཁྲོ་བོ་རྣམས་ལས་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་རྣམས་ནི། ཕལ་ཆེར་དེ་དང་འདྲ་ཡང་། བསྟོད་པ་ལས། གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དངཿ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པཿ ཞེས་པའི་དང་པོ་ནི། སྒེག་པ་དཔའ་བ་ཞེས་པ་ནས། གར་དགུར་ལྡནཿ ཞེས་པའི་བར་གྱི་རྐང་བ་གསུམ་གྱིས་བསྟན། གཉིས་པ་དུར་ཁྲོད་ཆས་བརྒྱད་ནི། ཐལ་ཆེན་རཀྟ་ཞེས་པ་ནས། ཐོད་ཕྲེང་སྦྲུལ་ཆུན་ཞེས་པའི་བར་རྐང་བ་གཉིས་ལྷག་གིས་བསྟན། དེ་རྗེས་ཐེག་རིམ་དགུ་རྫོགས་པར་བསྟན་པ་ནི། སྔ་མའི་ཚིག་མཇུག་ཏུ་མེ་དཔུང་ཆས་དགུས་བརྒྱན་ཟེར་བ་ཙམ་ལས་གཞན་མི་སྣང་ཡང་། བསྐྱེད་ཆོག་ཏུ། ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུཿ ཁྲོ་གཉེར་སྤྱན་རྩ་སྡང་མིག་བསྒྲདཿ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལཿ སྨ་ར་ཨག་ཚོམ་ཚྭ་ཚྭ་འཕྲོསཿ ཞེས་གསུངས་པ་དང་སྦྱར་ན་དཔལ་ཆས་དགུ་བོ་བསྟན་པ་ཡིན་ནམ་སྙམ་ཡང་། འདིར་རྡོ་རྗེའི་གཤོག་པ་ལ་སོགས་པའི་ཚིག་ཟུར་ནི་མི་འདུག གང་ལྟར་ཀྱང་དཔལ་ཆེན་པོ་ཉིད་ཀྱི་སྐུ་ལ་གདོད་ནས་གྲུབ་པའི་ཆ་ལུགས་ནི་དཔལ་ཆས་ཡིན། ཕྱིས་སུ་འཇིགས་བྱེད་ཆེན་པོ་དུར་ཁྲོད་གྱི་བདག་པོ་རཱུ་ཏྲ་བཏུལ་བའི་ཆས་རྣམས་དཔའ་རྟགས་སུ་འཕྲོག་ནས་སྐུ་ལ་གསོལ་བ་ནི་དུར་ཁྲོད་ཀྱི་ཆས་བརྒྱད་པོ་ཡིན་ནོ། །དེ་ནས་སྲས་མོ་དང་། དབང་མོ་རྣམས་ཀྱིས་ཆ་ལུགས་ལ་ངེས་པ་མེད་པའི་ཕྱིར་གསལ་ཁ་མ་གསུངས་ཀྱང་། ན་བཟའ་ཞིང་ལྤགས་གསོལ་བ་དང་ཕྱག་སྟབས་སོགས་ནི་ཞི་ཁྲོའི་ཕྱག་གི་བཀོལ་བྱང་དུ་གསལ་བ་ལྟར་ཡིན་ནོ། །ལྷ་བསྐྱེད་ཚུལ་གྱི་གོ་རིམ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བསྐྱེད་ཚུལ་འཁོར་བའི་རྣམ་པ་དང་མཐུན་པས། །སྲིད་པ་གསུམ་པོ་མ་ལུས་སྦྱོང་ཞིང་དག །མྱ་ངན་འདས་དང་བཞུགས་ཚུལ་མཐུན་པ་ཡིས། །ལྷ་ཡི་རྣམ་པས་འབྲས་བུ་གཞི་ལ་རྫོགས། །གཉིས་ཀའང་རྫོགས་པའི་རིམ་པའི་སྨིན་བྱེད་དུ། །འགྲོ་བའི་དག་རྫོགས་སྨིན་གསུམ་སྤྱི་ལ་གཅེས། །ཞེས་གསུངས་པ་ལྟར་རྟེན་དང་བརྟེན་པའི་བསྐྱེད་ཚུལ་འཇིག་རྟེན་ཆགས་པའི་ཚུལ་དང་བསྟུན་ཏེ། སྣོད་ཀྱི་འཇིག་རྟེན་རླུང་དཀྱིལ་ལས་མས་ནས་ཡར་ཆགས་པ་དང་མཐུན་པར་འདིར་ཡང་རྟེན་གཞི་འབྱུང་བ་རིམ་བརྩེགས་ནས་བརྩམས་ཏེ་རྟེན་གཞལ་ཡས་ཁང་མས་ནས་ཡར་བསྐྱེད་པ་དང་། བཅུད་ཀྱི་སེམས་ཅན་གཟུགས་མེད་གཟུགས་དང་འདོད་པའི་ཁམས་སུ་རིམ་བཞིན་མཆེད་པའི་གོ་རིམ་དང་མཐུན་པར། ཁམས་གསུམ་དང་འཆི་བར་སྐྱེ་གསུམ་གྱི་བག་ཆགས་རིམ་བཞིན་སྦྱོང་བའི་དོན་དུ། དང་པོ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་ནས། བྱེ་བྲག་ཏུ་ལུས་གྲུབ་པ་ན་ཁུ་རྡུལ་སེམས་གསུམ་དང་། ལུས་ངག་ཡིད་གསུམ་གྱི་ཚོགས་པ་འགྲུབ་པ་ཉིད་སྤྱོད་ཕྱིར་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཀྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་གྱི་དབུས་ནམ་མཁའི་དབྱིངས་སུ་བསྒོམས་ཏེ། དེའི་ཐུགས་ཀ་ནས་ཨོཾ་ལཾ་དང་ཧཱུཾ་མཱུཾ་ལ་སོགས་པ་རིགས་ལྔ་གཙོ་བོ་ཡབ་ཡུམ་གྱི་ས་བོན་རྣམས་རང་རང་གི་གདན་སྟེང་དུ་སྤྲོས་ཏེ། འོད་ཟེར་སྤྲོ་བསྡུའི་སྦྱོར་བས་ལྷ་དེ་དང་དེའི་རྣམ་པར་གྱུར་པའི་ཐུགས་ཀ་ནས་སླར་ཡང་ཀྵི་མེ་ལ་སོགས་སེམས་དཔའ་ཡབ་ཡུམ་གྱི་ས་བོན་སྤྲོས་ཏེ་ལྷར་སྒོམ་པ་སོགས་བྱེད་པ་སྟེ། འཁོར་རྣམས་བསྐྱེད་པའི་སྐབས་འདིར་ཡང་དང་པོའི་ས་བོན་ལས་རང་རང་གི་ཕྱག་མཚན་ས་བོན་གྱི་མཚན་པ་ཅན་དུ་གྱུར་ཏེ། དེ་ལས་ལྷར་སྒོམ་པའི་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཉིད་ནུས་ན་ལེགས་སོ། །འདིར་ཡང་ཨོཾ་ལཾ་ལ་སོགས་པ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། ཛི་ན་ཛིཀ་ལ་སོགས་པ་ནི་བསྐྱེད་པ་རྐྱེན་གྱི་སྔགས་དང་། དེ་གཉིས་སྦྲེལ་བ་ནི་བཟླས་པ་ལས་ཀྱི་སྔགས་སུ་རྒྱུད་ལས་གསུངས་ཀྱང་། འདི་སྐབས་ཀྱི་ཛི་ན་ཛིཀ་ལ་སོགས་པ་ནི་ལྷ་བསྐྱེད་ཟིན་པའི་རྗེས་སུ་བྱུང་བའི་ཕྱིར། སྐྱེད་བྱེད་རྐྱེན་གྱི་སྔགས་དངོས་སུ་ནི་མི་རུང་མོད་དེ། ཚིག་གིས་གསལ་བཏབ་ནས་བློས་བསྐྱེད་ཟིན་པའི་རྗེས་སུ། སྔགས་ཀྱིས་ཀྱང་གསལ་འདེབས་པ་ཡིན་པས་ན་དེ་ཉིད་ཀྱི་ཁོངས་སུ་བསྡུ་བར་བྱ་བ་ཡིན་ནོ། འོན་ཀྱང་འདི་ཉིད་ལས་རྣམ་སྣང་གི་ཡུམ་དབང་ཕྱུག་མར་ས་བོན་ལཾ་དང་བསྐྱེད་སྔགས་ཏེ་ཤྭ་ར་ཏི་སྦྱར་ནས། རྡོར་སེམས་ཀྱི་ཡུམ་སྤྱན་མར། ས་བོན་མཱུཾ་དང་བསྐྱེད་སྔགས་དྷ་དུ་ཤྭ་རི་སྦྱར་བ་འདི་སྔགས་དོན་ལ་ཐད་སོར་དཔྱད་ན་ནོར་བའམ། དགོས་པའི་དབང་གང་ལྟར་ཡིན་ཡང་ཕན་ཚུལ་གོ་བསྣོལ་བ་ལྟ་བུར་སྣང་ཡང་། འདི་གཅིག་པུར་མ་ཟད་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་གཞུང་དུའང་དེ་ལྟར་གསུངས་པ་སྣང་ཞིང་། ཀུན་མཁྱེན་ཆེན་པོས་མཁའ་འགྲོ་ཡང་ཏིག་ཏུ་ཡང་དེ་ཉིད་སོར་གནས་མཛད་པ་ལས་སྔགས་བརྗེ་བ་སོགས་མ་མཛད་འདུག་པས་ན་སྔགས་དོན་ཉིད་འགལ་མེད་དུ་སྒྲུབ་ཤེས་དགོས་པར་འདུག་སྟེ། དེ་ཡང་ས་བོན་རྣམས་ཀྱང་སྤྱད་གཞི་དང་སྦྱར་ན་ལཾ་ཙམ་སའི་ས་བོན་དུ་རུང་ཡང་མཱུཾ་ལ་སོགས་པ་གཞན་འབྱུང་བ་དེ་དང་དེའི་ས་བོན་དུ་མ་ངེས་པས་ན། འདིར་སྦྱང་འབྲས་དང་སྦྱར་བར་བྱ་སྟེ། དེ་ལྟར་ན་ལཾ་དབྱིངས་ཕྱུག་མའི་ས་བོན་དང་། མཱུཾ་སྤྱན་མའི་ས་བོན་དུ་སྐབས་འདིར་སྦྱར་རོ། །དེ་ནས་བསྐྱེད་སྔགས་ལ་རྒྱུད་ལས་ནི། དྭེ་ཥ་ར་ཏི་སྟེ་ཞེ་སྡང་དགའ་མ་དང་མོ་ཧ་ར་ཏི་སྟེ་གཏི་མུག་དགའ་མ་དང་། དྷ་དཱི་ཤྭ་རི་སྟེ་དབྱིངས་ཀྱི་དབང་ཕྱུག་མར་བཤད་དེ། དེའི་དབང་དུ་བྱས་ན་གཏི་མུག་དག་པའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཡིན་པས་ན་ཁྱོ་མིང་ཆུང་མ་ལ་བཏགས་པའི་ཚུལ་གྱིས་རིགས་དེའི་ཡུམ་གང་ཡིན་པ་དེ་ལ་གཏི་མུག་དགའ་མར་བཏགས་པ་ལ་འགལ་བ་མེད་ཅིང་། དྷ་དཱི་ཤྭ་རིའི་སྒྲ་ཡང་། དྷ་དཱི་དབྱིངས་ཀྱི་སྒྲ་འབྱུང་བ་ལྔ་ག་ལ་འཇུག་སྟེ། རྒྱུད་ལས་བཙུན་མོ་དམ་པ་སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་སོགས་གསུངས་པ་ལྟ་བུ་ཡིན་ལ། ཤྭ་རིའི་སྒྲ་ཡང་རྒྱུད་གཞན་དག་ལས། སངས་རྒྱས་དབྱིངས་ཕྱུག་མ་དང་། རྡོ་རྗེ་དབྱིངས་ཕྱུག་མ་ལ་སོགས་པའི་རིགས་ཀྱི་ཡུམ་ལྔ་ག་ལ་སྦྱར་བ་འདུག་པས་ན་འདིར་ཡང་རེ་ཞིག་སྤྱན་མ་ཉིད་རྡོ་རྗེ་དབྱིངས་ཕྱུག་མ་ཡིན་པས་ན་དེ་ལྟར་སྦྱར་རོ་ཞེས་སྨྲས་ཀྱང་འགལ་བ་མེད་མོད་དེ། འོན་ཀྱང་གོང་སྨྲོས་ལྟར་འདི་ཉིད་ལས་རྣམ་སྣང་གི་ཡུམ་ལ་ཏེ་ཤྭ་ར་ཏི་ཞེས་སྦྱར་སྣང་སྟེ། དེ་ལྟར་ན་ཏེ་སྒྲ་གོང་དུ་བཅད་ནས་ཤྭ་ར་ཏིའི་སྒྲ་དབང་ཕྱུག་མར་བྱས་ཀྱང་འགལ་བ་མེད་ལས་ཆེ་སྙམ་སྟེ་འདིའི་རིགས་ནི་སྒྲ་བར་ཁས་འཆེ་བ་རྣམས་ཀྱིས་དཔྱོད་པའི་ཁུར་ལེན་འོས་ཡིན་ནོ། དེ་ནས་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་ཐུབ་པ་དྲུག་གི་ས་བོན་སྤྲོ་བའི་སྐབས་འདིར་ཡང་། ལས་བྱང་ལས་ཀྲེཾ་བྲེཾ་ཏྲུཾ་ཀྵཾ་སྲུཾ་ཡེ་འཕྲོསཿ ཟེར་བ་ཙམ་ལས་ལྷ་འདིའི་ས་བོན་འདི་ཡིན་གྱི་གསལ་ཁ་མ་སྣང་ཞིང་། འཛབ་བཟླས་དུས་སུ་ཡང་དེ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །གལ་ཏེ་ས་བོན་སྤྲོ་བའི་གོ་རིམ་དང་། བསྐྱེད་པའི་གོ་རིམ་སྦྱར་རྒྱུ་ཡིན་ནམ་སྙམ་ན་ཡང་། བསྐྱེད་ཆོག་ཏུ། སྟེང་དུ་བརྒྱ་བྱིན་པི་ཝང་དཀརཿ འོག་ཏུ་ཆོས་རྒྱལ་མེ་ཆུ་ནགཿ ཅེས་བརྒྱ་བྱིན་གྱི་འཕྲོར་ཆོས་རྒྱལ་དང་། དེ་ནས་ཐག་བཟང་སོགས་གསུངས་པས་ན་མ་ངེས་ཀྱང་། བཏགས་གྲོལ་ལས་གསུངས་པ་འདི་དང་། སྒྱུ་འཕྲུལ་སོགས་ལས། ཀྲེཾ་ལྷ་ཡི་ཐུབ་བའི་ས་བོན། ཏྲུཾ་ལྷ་མིན་ཐུབ་པའི་ས་བོན། སྲུཾ་མིའི་ཐུབ་པའི་ས་བོན། བྲེཾ་བྱོལ་སོང་ཐུབ་པའི་ས་བོན། ཀྵཾ་ཡི་དྭགས་ཐུབ་པའི་ས་བོན། ཡེ་དམྱལ་བའི་ཐུབ་པའི་ས་བོན་རྣམས་སུ་གསུངས་པ་འདི་དག་ཅུང་ཟད་བསྣོལ་འདུག་པ་ལ་མཁས་པ་རྣམས་ཀྱིས་དཔྱད་པར་མཛོད། སྐབས་འདིའི་སྦྱང་གཞི་རིགས་དྲུག་གི་ས་བོན་ལས་ཀྱང་དུ་ཏྲི་དག་བསྣོལ་འདུག་པ་འདིར་ཡང་དཔྱད་པར་འཇུག་རིགས་སོ། །དེ་བཞིན་ཏུ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་སྒོ་བ་ཡབ་ཡུམ་གྱི་ས་བོན་ཀྱང་སྤྲོས་ཏེ་སྔར་བཞིན་བསྐྱེད་མཐར་གནས་གསུམ་བྱིན་གྱིས་རློབ་པའི་དོན་དུ། ཨོཾ་ཨཱཿཧཱུཾ་ཚར་གསུམ་བརྗོད་པ་དང་པོའི་དུས་སུ་ཞི་བའི་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་གནས་པའི་ཨཱཿ་དམར་པོ། ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ག་གསུམ་གསལ་གདབ། གཉིས་པའི་དུས་སུ་ཡི་གེ་དེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཡི་གེ་ཨོཾ་ཨཱཿ་ཧཱུཾ་གསུམ་པོ་ཉིད་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་གྱུར་པར་བསམ། གསུམ་པའི་དུས་སུ་སྤྱི་བོའི་ཨོཾ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་གདབ། མགྲིན་པའི་ཨཱཿ་ཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ་འཛིན་པས་རྒྱས་གདབ། ཐུགས་ཀའི་ཧཱུཾ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་གདབ་པར་བསམ་ལ་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱ་གནས་གསུམ་དུ་གཏུག་པར་བྱའོ། །དེ་ནས་དབང་བསྐུར་ནི་ཆེད་དུ་བྱེད་དགོས་པའི་གསལ་ཁ་མ་བྱུང་བས་མ་བྱས་ཀྱང་ཆོག་པར་མངོན་ནོ། །དེ་ལྟར་ཞི་བའི་ལྷ་ཚོགས་ལེགས་པར་བསྐྱེད་ཟིན་པ་དེའི་རྗེས་སུ་སླར་ཡང་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་འོག་ཏུ་ཐུགས་ཞི་བ་ལས་སྐུ་ཁྲོ་བོའི་རྣམ་པར་ཤར་པའི་ཁྲག་འཐུང་གི་ལྷ་ཚོགས་རྣམས་ཀྱི་ས་བོན་སྔར་ལྟར་སྤྲོས་ནས་རིམ་པ་བཞིན་བསྒོམ་པར་བྱ་སྟེ། དེ་ཡང་ཐོག་མར་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་ཆེ་མཆོག་གི་ས་བོན་སྤྲོས་ཏེ་བསྐྱེད་ཚུལ་སྔ་མ་ལྟར་བྱས་མཐར། དེའི་ཐུགས་ཀ་ནས་ཁྲོ་བོའི་ལྷ་ཚོགས་གཞན་རྣམས་ཀྱི་ས་བོན་སྤྲོས་ཏེ་ལྷར་བསྐྱེད་པ་རང་རང་གི་གདན་ལ་འཁོད་པ་སྟེ། མདོར་ན་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་ཀུན་བཟང་ཡབ་ཡུམ་ནམ་མཁའི་དབྱིངས་སུ་བསྒོམས་ཏེ། དེའི་ཐུགས་ཀ་ནས་བདག་གི་རྟོག་ཚོགས་མཐའ་དག་ཡི་གེར་གྱུར་པ་ཞི་ཁྲོའི་ལྷ་ཚོགས་ཀྱི་རྣམ་པ་འོག་ཏུ་རིམ་བཞིན་ཆད་ནས་མཐར་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་སྒོམ་པ་སྟེ། འདི་ལ་དགོངས་ནས་ལས་བྱང་དུ། རང་ཉིད་རྣམ་པར་སྣང་མཛད་ནིཿ ཞེས་སོགས་དང་། བདག་ཉིད་བུདྡྷ་ཧེ་རུ་ཀཿ ཞེས་སོགས་རིགས་ལྔ་ག་ལ་རང་ཉིད་དང་བདག་ཉིད་ཀྱི་སྒྲས་སྨྲོས་པ་ཡིན་ནོ། །དེ་ལྟར་ལྷ་བསྐྱེད་ཚུལ་ངེས་པར་བྱས་ནས་ཆོ་ག་དངོས་གཞི་ཉམས་སུ་ལེན་པའི་དུས་སུ་ནི། སྔོན་འགྲོ་རྣམས་རྫོགས་མཐར་ཚོགས་ཞིང་རང་ལ་བསྟིམས་ཏེ། དེ་ཏིང་སོགས་ཏིང་འཛིན་རྣམ་གསུམ་ལ་གསལ་བརྟན་མ་ཐོབ་བར་དུ་སྦྱང་། དེ་ནས་ལྷ་བསྐྱེད་ཚུལ་དངོས་གཞུང་དུ་གསལ་བ་ལྟར་བྱས་ནས་ཡེ་ཤེས་པ་འགུགས་བསྟིམ་ཕྱག་འཚལ་བཅས་གྲུབ་ནས་བསྙེན་པ་གང་ནུས་དང་། མདུན་བསྐྱེད་དང་འབྲེལ་ཚེ་ལས་བུམ་སྒྲུབ་པའང་སྐབས་འདིར་བྱས་ནས། བསྟོད་ཚིག་གི་མཆོད་བསྟོད་བྱས་མཐར་བདག་བསྐྱེད་བསྡུས་ཏེ། རྗེས་ཐོབ་རྡོ་རྗེ་སེམས་དཔའི་སྐུར་ལངས་ནས། དེ་ཉིད་ཀྱི་ལུས་དཀྱིལ་དང་འབྲེལ་བའི་ཞི་ཁྲོའི་ཆོས་སྤྱོད་སྨོན་ལམ་སོགས་ཀྱང་གདབ་པར་བྱའོ། །ཚུལ་འདི་ནི་གྲུབ་ཐོབ་ཆེན་པོ་པདྨ་རིག་འཛིན་གྱི་བཞེད་པའང་ཡིན་པར་མངོན་ཏེ། འཛབ་བཟླས་ཚངས་པའི་སྒྲ་དབྱངས་ལས། བདག་བསྐྱེད་རྡོར་སེམས་ཀྱི་ཐུགས་ཀར་ཞི་བའི་ལྷ་ཚོགས་དང་སྤྱི་བོར་ཁྲག་འཐུང་གི་ལྷ་ཚོགས་རྣམས་ལུས་དཀྱིལ་དུ་གསལ་བ་དང་། མདུན་བསྐྱེད་ཕྱི་དཀྱིལ་ལས་བྱང་ལྟར་སྒོམ་པ་གྲུབ་ཐོབ་པདྨ་རིག་འཛིན་གྱི་བཞེད་པ་རྗེ་ནམ་མཁའི་མཚན་ཅན་གྱི་ཞལ་ནས་ཐོས་པ་ཁུང་བཙུན་པར་མཐོང་ཞིང་། ཞེས་རྗེ་དཔོན་རིན་པོ་ཆེ་ཉིད་ཀྱིས་དཔོན་སློབ་ནམ་མཁའ་འོད་གསལ་གྱི་ཞལ་སྔ་ནས་གསན་པར་གསུངས་པའི་ཕྱིར་རོ། །དེ་ཡང་བདག་བསྐྱེད་ཀྱི་ལུས་དཀྱིལ་ལ་ཞི་བ་འོག་དང་ཁྲོ་བོ་སྟེང་དུ་བསྒོམས་ནས། མདུན་བསྐྱེད་ལ་དེ་ལས་གཞན་ལས་བྱང་ལྟར་སྒོམ་པར་གསུངས་པས་ཀྱང་ཕྱི་དཀྱིལ་ལ་ཞི་བ་སྟེང་དང་ཁྲོ་བོ་འོག་ཏུ་སྒོམ་རྒྱུ་ཡིན་པའང་ཞར་ལ་བསྟན་ནོ། །འདིའི་བདག་མདུན་གྱི་མངོན་རྟོགས་ལ་ནི་ལས་བྱང་ཆེ་ཆུང་གང་བཏོན་ཡང་འགལ་བ་མེད་པར་མངོན་ཏེ། ལས་བྱང་རང་གི་ཡིག་ཆུང་དུ། དེ་ལྟར་ཞི་བའི་ལྷ་ཚོགས་ཀུནཿ བདག་བསྐྱེད་མདུན་བསྐྱེད་དཀྱིལ་བསྐྱེད་དངཿ སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། གང་ལྟར་བསྒོམས་ཀྱང་ཁྱད་པར་མེདཿ ཅེས་དང་། བདེ་གཤེགས་ཞི་ཁྲོའི་སྒོམ་ཁོག་འདིཿ བདག་བསྐྱེད་མདུན་བསྐྱེད་ཐོལ་བསྐྱེད་དངཿ འབྲུ་བསྐྱེད་བུམ་བསྐྱེད་གང་བྱེད་ཀྱངཿ སྒོམ་ཁོག་བློ་ལ་བྱང་བ་གཅེསཿ ཞེས་གསུངས་པའི་ཕྱིར། དེ་ལྟར་བདག་མདུན་གྱི་སྒོམ་ཚུལ་སྤྱིར་བཏང་ངེས་པར་བྱས་ནས། བྱེ་བྲག་བདག་བསྐྱེད་རྒྱུན་གྱི་རྣལ་འབྱོར་སྒོམ་པའི་སྐབས་འདིའི་ལུས་དཀྱིལ་ལ། སྙིང་གར་ཞི་བའི་ལྷ་ཚོགས་དང་། ཀླད་པར་ཁྲག་འཐུང་གི་ལྷ་ཚོགས་སྦྱང་གཞི་དང་སྦྱར་ནས་སྒོམ་པར་གསུངས་པ་དེ་ལ་གསར་མ་བ་ཁ་ཅིག་དགག་པར་བྱེད་པ་ནི་རང་གི་གཞུང་མ་མཐོང་བའི་སྐྱོན་ཡིན་ཏེ། བླ་མ་མར་བའི་སྲས་དར་མ་མདོ་སྡེ་གཤེགས་པའི་དུས་སུ་གསུངས་པའི་མགུར་ལས། ཀླད་པ་བྷུདྡྷའི་ལྷ་ཚོགས་འཐོར། །ཞེས་གསུངས་པ་ལྟར་ན་གསར་མ་ལ་ཡང་དེ་འདྲའི་ཆོས་སྐད་གཏན་ནས་མེད་པ་ནི་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྫོགས་རིམ་བར་དོ་དྲུག་གི་གདམས་པ་རྣམས་ཉམས་སུ་ལེན་ན་ཡང་སྐབས་འདིར་བསྒོམ་པར་བྱའོ། །དེ་དག་གིས་ནི་དཀའ་གནས་རྣམས་ལ་དཔྱད་པ་རགས་རིམ་ཙམ་བྱེད་གྲུབ་བོ། །༎སླར་ཡང་སྨྲས་པ། ཉེས་པའི་ཚང་ཚིང་སྟུག་པོ་མ་ལུས་པ། །ཐབས་མཆོག་ཞུགས་ཀྱིས་ཡུད་ལ་སྦྱོང་བྱེད་པ། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་འདི་ཡིན་ན། །སྐལ་བཟང་ཐར་འདོད་དག་གིས་བསྟེན་པར་རིགས། །འདི་ལ་སྔོན་ཆད་མཁས་པར་གྲགས་རྣམས་ཀྱིས། །རང་བློས་དཔག་པའི་གཞུང་བཤད་ཡིག་སྣ་སོགས། །རྣམ་མང་རྒྱུ་སྐར་བཞིན་དུ་རབ་བཀྲ་བ། །དེ་སླད་ཚུལ་འདི་རྩོམ་པའི་ཁུར་བོར་ཡང་། །བསྟན་དང་འགྲོ་ལ་རྗེས་བརྩེའི་ལྷག་བསམ་ཅན། །མཆོག་གཟིགས་དམ་པ་ཟུང་གིས་ཡང་ཡང་དུ། །གཞུང་འདིའི་དཀའ་གནས་རྣམས་ལ་དཔྱད་པ་ཞིག །དགོས་ཞེས་བསྐུལ་ཚིག་མེ་ཏོག་བཞིན་དུ་གཏོར། །དེ་ཚེ་རང་ལུགས་སྒྲུབ་དང་གཞན་གྱི་གཞུང་། །དགག་པའི་ཆགས་སྡང་གདོན་གྱིས་མ་དཀྲུགས་ཀྱང། །དྲང་བོར་སྨྲ་བའི་ས་བོན་བཏང་སྙོམས་སུ། །འཇོག་པའི་རང་དབང་དད་ཅན་ངག་གིས་འཕྲོག །དེ་སླད་དམ་པ་དགྱེས་པའི་ལེགས་བཤད་དང་། །བླུན་པོ་མགུ་བའི་སྙན་ཚིག་གླུ་དབྱངས་ཏེ། །གཉིས་ཀས་བཏང་ཡང་བསྐུལ་པོའི་རེ་སྐོང་ཕྱིར། །བརྩམས་པ་འདི་ནི་གཞན་ལ་ཕན་པས་བྱས། །ཁོ་བོས་གཏེར་གཞུང་ཉིད་ལ་ལེགས་དཔྱད་ནས། །པདྨའི་བཀའ་དང་རྒྱུད་དུ་འབྲེལ་བ་བསྒྲུབས། །དེ་རྗེས་རྒྱུད་སྡེའི་དགོངས་པ་ཇི་བཞིན་དུ། །ཚད་མ་གསུམ་གྱིས་གཞུང་ཉིད་གཏན་ལ་ཕབ། །དེ་ཕྱིར་འདི་ལ་ནོངས་པ་མེད་སྙམ་ཡང་། །ཐོག་མེད་གོམ་པའི་མ་རིག་དང་འགྲོགས་པས། །མ་རྟོགས་ལོག་རྟོགས་ཐེ་ཚོམ་དབང་གྱུར་ཀུན། །རྩ་གསུམ་སྲུང་མའི་ཚོགས་ལ་བཟོད་པར་གསོལ། །གལ་ཏེ་ལྷ་དང་བླ་མའི་བྱིན་རླབས་དང་། །རྒྱུད་སྡེ་དཔང་པོར་བཞག་པ་ལས་བྱུང་བའི། །ལེགས་པའི་དགེ་ཚོགས་ཆ་ཙམ་སྲིད་ན་ཡང་། །དེ་ཡང་ཐུབ་བསྟན་རྒྱས་པའི་ཕྱིར་བསྔོའོ། །འདི་ན་དཀའ་གནས་སྤྱི་ཙམ་སྣང་བྱེད་པའི། །ཚིག་ཚོགས་སྐྱ་རེངས་དང་པོ་ཤར་ཟིན་ན། །ད་གཟོད་དོགས་གནས་ཕྲ་མོ་ཀུན་གསལ་བའི། །གཞུང་བཤད་འོད་སྟོང་སྤྲོས་ཤིག་མཁས་དབང་རྣམས། དེང་སང་བསྟན་པ་རིན་ཆེན་ནུབ་ལ་ཉེ། །བསྟན་འཛིན་རྣམས་ཀྱང་ཚེ་འདིའི་སྣང་བས་བྲིད། །ཉམས་ཆུང་བདག་འདྲ་རྨོངས་པའི་རུམ་དུ་ལྷུང་། །ཅི་ཚུགས་བྱེད་ཀོ་བླ་མ་དཀོན་མཆོག་མཁྱེན། །ཐུགས་རྗེ་མངའ་བ་རྣམས་ཀྱི་ཐུགས་རྗེའི་ཤུགས། །ཤུགས་དྲག་ཆུ་ཀླུང་བཞིན་དུ་ཤུགས་ཕྱུངས་ལ། །ལ་ལ་ཙམ་མིན་འགྲོ་ཀུན་ལ་འུར་དུ། །དུཿཁའི་གནས་ངན་འདི་ལས་དྲང་དུ་གསོལ། །ཞེས་མཁྱེན་པ་དང་བརྩེ་བའི་མངའ་བདག་བླ་མ་བསྙུང་གནས་པ་ཨ་འཛི་ཆོས་སྐྱོངས་དང་། །དད་དམ་ཐོས་པའི་ནོར་གྱིས་ཕྱུག་པའི་བླ་མ་དམ་པ་དམ་ཆོས་ལྷུན་གྲུབ་གྲོགས་མཆེད་ཟུང་གིས་རིང་མོ་ཞིག་ནས་ཀར་གླིང་ཞི་ཁྲོ་འདི་མདོ་ཁམས་ཀྱི་ཕྱོགས་འདིར་དར་ཆ་ཤིན་ཏུ་ཆེ་བ་དང་། མ་ཟད་གཤིན་གསོན་མཐའ་དག་ལ་ཆོ་ག་འདི་ཁོ་ན་གཏོང་གིན་འདུག་ཀྱང་དཀའ་གནས་ལ་དཔྱད་པ་འཇུག་མཁན་ཡེ་མི་འདུག་པས་ན་ཁྱོད་ཀྱིས་འདི་ལ་དོགས་གཅོད་ཅིག་འབྲི་དགོས་ཞེས་ཡང་ནས་ཡང་དུ་བསྐུལ་བར་མཛད་ཀྱང་རེ་ཞིག་བཏང་སྙོམས་སུ་ལུས་པ་སླར་ཡང་ཡིག་ལམ་ནས་ནན་ཅན་དུ་བསྐུལ་བར་བརྟེན། རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པའི་ཆོས་སྨྲ་བས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་དབེན་གནས་ལྷུན་གྲུབ་ནགས་ཚལ་དུ་ཤར་མར་སྤེལ་བ་འདིས་ཀྱང་ཐུབ་བསྟན་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། མངྒལཾ། །

ཞི་ཁྲོའི་གནས་འདྲེན་ལས་མི་དགེ་བཅུ་དང་ཕ་རོལ་ཁྱད་གསོད་ཞེས་པའི་དོགས་གནས་དྲིས་ལན།

༄། །ཞི་ཁྲོའི་གནས་འདྲེན་ལས་མི་དགེ་བཅུ་དང་ཕ་རོལ་ཁྱད་གསོད་ཞེས་པའི་དོགས་གནས་དྲིས་ལན། །ཞི་ཁྲོའི་གནས་འདྲེན་ལས་མི་དགེ་བཅུ་དང་ཕ་རོལ་ཁྱད་གསོད་ཞེས་པ་ལ་ཐམས་ཅད་ཀྱི་དོགས་གནས་ཆེ་བར་འདུག་པས་སྐུ་ཞབས་རིན་པོ་ཆེ་ལ་ནན་ཞུས་ངོར་གནང་བ། དོན་འདི་མཁྱེན་པར་བྱེད་པ་ལ་སྤྱིར་འཁོར་འདས་ཀྱི་རྒྱུ་འབྲས་བདེན་བཞིའི་འཇུག་ལྡོག་རྣམས་དང་། བྱེ་བྲག་དགེ་མི་དགེའི་ལས་འབྲས་ཀྱི་རྣམ་དབྱེ་ཞིབ་མོར་རྟོགས་པ་ཉིད་གལ་ཆེ་བར་སྣང་སྟེ། དེ་ལྟར་ན་སྤྱིར་བཏང་དགེ་མི་དགེ་ལུང་མ་བསྟན་པ་གསུམ་པོ་རེ་རེ་ལའང་བཞི་བཞིར་དབྱེ་བ་ལས། ངོ་བོ་ཉིད་ཀྱི་དགེ་བ་ནི་དགེ་བ་བཅུ་གཅིག་པོ་རྣམས་དང་། ངོ་བོ་ཉིད་ཀྱི་མི་དགེ་བ་ནི་སྲིད་པའི་ཕྲ་རྒྱས་བཅུ་སོགས་མཐོང་སྒོམ་ལམ་གྱིས་སྤང་བྱར་གྱུར་པའི་རྩ་ཉོན་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་དག་ནི། མཚུངས་པར་ལྡན་པའི་དགེ་བ་དང་མི་དགེ་བ་དག་གོ །དེ་དག་གིས་ཀུན་ནས་བསླང་བའི་ལུས་ངག་གི་ལས་དག་ནི་ཀུན་ནས་བསླང་བའི་དགེ་བ་དང་མི་དགེ་བའོ། །དེ་ལྟ་བུའི་ལས་ཉོན་གྱི་འབྲས་བུ་དག་ནི་དོན་དམ་པའི་དགེ་བ་དང་མི་དགེ་བ་དག་སྟེ་རིམ་པ་བཞིན་མྱ་ངན་ལས་འདས་པ་དང་འཁོར་བ་དག་གོ །དེ་བས་ན་སྡུག་ཀུན་གྱིས་བསྡུས་པའི་རྟེན་འབྲེལ་ལུགས་འབྱུང་གི་འཁོར་བའི་ལམ་གསུམ་པོ་འདི་དག་ནི་མི་དགེ་བ་དང་། འགོག་ལམ་གྱིས་བསྡུས་པའི་རྟེན་འབྲེལ་ལུགས་ལྡོག་མྱ་ངན་ལས་འདས་པའི་ལམ་ལྔ་བོ་འདི་ནི་དགེ་བ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པར་བྱས་ནས་ད་གཟོད་འཁོར་བ་གང་རུང་གིས་བསྡུས་པའི་བྱེ་བྲག་འགྲོ་བ་རིགས་དྲུག་པོ་རྣམས་ཀྱི་རྒྱུ་འབྲས་ལ་དཔྱད་པར་བྱའོ། །དེ་ཡང་གཞུང་འདིར་སྤྱིར་འགྲོ་བ་རིགས་དྲུག་པོ་མཐའ་དག་མི་དགེ་བའི་སས་བསྡུས་ཡིན་པའི་རྒྱུ་མཚན་གྱིས་དང་། བྱེ་བྲག་མཚུངས་པར་ལྡན་པ་དང་ཀུན་ནས་བསླང་བའི་མི་དགེ་བ་བཅུ་བོ་རྣམས་ཀྱང་མངོན་གྱུར་དང་བག་ལ་ཉལ་ཅི་རིགས་པའི་སྒོ་ནས་སོ་སོའི་སྐྱེ་བོ་མཐའ་དག་ལ་ལྡན་པའི་ཚུལ་ལ་དགོངས་ཏེ། དེ་ཉིད་གཞིར་བཞག་གི་སྟེང་དུ་གནས་རིགས་དེ་དང་དེར་འཕེན་བྱེད་ཀྱི་ལས་ཐུན་མོང་མ་ཡིན་པ་སྲོག་གཅོད་དང་། སེར་སྣ་སོགས་དམིགས་ཀྱིས་བསལ་ནས་བརྗོད་པར་མཛད་པ་ལས། ལྷ་རྣམས་ལ། མི་དགེ་བཅུ་དང་ཕ་རོལ་ཁྱད་གསོད་པསཿ ཞེས་མི་དགེ་ཐུན་མོང་བའི་སྟེང་དུ། ང་རྒྱལ་གྱི་སྒོ་ནས་ཕ་རོལ་ཁྱད་གསོད་བགྱིས་པའི་ལས་ཐུན་མོང་མ་ཡིན་པ་ཉིད་བསྣན་ནས་བརྗོད་པར་མཛད་དོ། །དེ་ལྟར་ན་མིའི་སྐབས་སུ་ཟག་བཅས་འདོད་པའི་དགེ་བ་བཅུ་སྤྱད་ཀྱང་། ཞེས་པས་གནོད་དོ་སྙམ་དུ་སེམས་ན་མི་གནོད་དེ། འདིར་འགྲོ་བ་རིགས་དྲུག་གི་གནས་ནས་རིམ་གྱིས་འདྲེན་པའི་གོ་རིམ་ངེས་པའི་རྒྱུ་མཚན་གྱིས། གནས་རིགས་སྔ་མ་ལྔ་བོར་ཚིག་མཚུངས་པར་སྦྱར་ནས། དེའི་རྗེས་སུ་མིའི་གནས་འདི་ཡང་གཏན་དུ་བདེ་བ་ཞིག་ཡིན་ནམ་སྙམ་དུ་སེམས་ན་མ་ཡིན་ཏེ། ཉོན་མོངས་འདོད་པས་ཀུན་ནས་བསླང་བའི་ཟག་བཅས་ཀྱི་དགེ་བའི་འབྲས་བུ་ཡིན་ཀྱང་། དེ་ཡང་འཁོར་བ་ལས་མ་འདས་པའི་ཕྱིར་དོན་དམ་པའི་མི་དགེ་བའོ། །ཞེས་བསྟན་ཏོ། །དེ་ཡང་ཡིན་ཏེ་ཟག་བཅས་ཀྱི་དགེ་བ་དེ་ཚོར་བ་བདེ་བའི་རྒྱུ་ཡིན་ཞིང་། དེ་ཡང་འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཚུལ་འདིས་ནི། དེ་ཡང་འཇིག་རྟེན་འཁོར་བའི་གནས་ཡིན་པསཿ འཁོར་བ་འདི་ལ་ཁབ་ཀྱི་རྩེ་ཙམ་ཡངཿ བདེ་བ་ནམ་ཡང་ཡོད་མ་ཡིན་ཞེས་གསུངསཿ ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། ཅེས་པའི་དོན་ཡང་ཞར་ལ་བཀྲལ་ལོ། །འདིར་ལུང་ནི། འདུལ་བ་ལས། ཚོར་བ་གང་ཅི་ཚོར་བ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཞེས་དང་། མདོ་ལས། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོགས་གསུངས་པ་རྣམས་སོ། །འོ་ན་འགྲོ་བ་རིགས་དྲུག་ལས་བདེ་སྐྱིད་ཆེ་ཤོས་ལྷའི་གནས་ཡིན་པས་ན། མཐར་དེ་ཉིད་དུ་མི་འདྲེན་པར་མིའི་གནས་སུ་འདྲེན་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། འདིར་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཞེས་སོགས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་དང་གཞན་ལས་ཀྱང་། ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་ཐོབ་འགྱུར། །ཞེས་སོགས་གསུངས་པའི་རྒྱུ་མཚན་གྱིས་དང་། གནས་སྐབས་སྦྱང་ཁྲུས་ཀྱི་ཡུལ་དུ་གྱུར་པའི་རྒྱུད་ལྡན་དེ། མི་ལས་འཕོས་པའི་ཕྱིར་། མིའི་བག་ཆགས་དང་ཤིན་ཏུ་ཉེ་བའི་རྒྱུ་མཚན་གྱིས་ཀྱང་ཡིན་ནོ། །འདི་འདྲའི་དགེ་དང་མི་དགེ་རྣམས་དབྱེ་གང་། །མི་ཤེས་བཞིན་དུ་རྡོ་རྗེའི་ཚིག་ལ་ཡང་། འཐད་དང་མི་འཐད་དཔྱོད་པའི་བློ་ཅན་དེས། །རང་ཉིད་མུན་པའི་ལམ་དུ་མ་བརླག་གམ། །ཀྱེ་མ་སྙིགས་མའི་སྤྱོད་ཚུལ་འདི་འདྲ་བ། །མཐོང་ནས་བསྟན་བཅོས་བརྩམ་འདོད་བདག་ལ་མེད། །མཁས་དང་གྲུབ་པར་སྒྲོག་པའི་རེ་བའང་། །མེད་ཕྱིར་ལྐོག་ཉལ་བྱས་པས་བདེ་བ་ཐོབ། །ཅེས་པའང་སྙིང་ནོར་དམ་པ་བླ་མ་དམ་ཆོས་ལྷུན་འགྲུབ་ཀྱིས་དྲིས་ལན་དུ་བཙུན་པ་གཞན་ཕན་པས་ཤར་མར་སྤེལ་བ་དགེའོ། །

གར་དབང་ཚེ་སྒྲུབ་ཀྱི་དོགས་གནས་ལ་དཔྱད་པའི་དྲིས་ལན།

༄། །གར་དབང་ཚེ་སྒྲུབ་ཀྱི་དོགས་གནས་ལ་དཔྱད་པའི་དྲིས་ལན་བཞུགས་སོ། །འགྱུར་མེད་ཆོས་དབྱིངས་བདེ་ཆེན་རྡོ་རྗེའི་སྐུ། །པདྨ་གར་དབང་ཚེ་ལྷའི་དཀྱིལ་འཁོར་དུ། །འཆར་མཛད་འཁོར་ལོའི་དབང་ཕྱུག་བླ་མ་ལ། །གུས་པས་འདུད་དོ་འཆི་མེད་མཆོག་སྩོལ་ཅིག །དེ་ལ་འདིར་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་མཁའ་སྤྱོད་ཌཱཀྐིའི་དབང་མོ་རྗེ་བཙུན་རིན་པོ་ཆེ་གང་གི་ཞལ་སྔ་ནས་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྡེ་གར་དབང་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ལས་འཕྲོས་པའི་བཀའ་འདྲི་ཇི་ལྟར་ཕེབས་པ་རྣམས་ཀྱི་གསུངས་ལན་རྨོངས་བློས་གང་དཔོག་དྲང་པོར་གསོལ་བ་ལ། འཕྲོས་དོན་གཞན་སྨོས་པ་དང་། བཀའ་ལན་དངོས་བརྗོད་པ་སྟེ་གཉིས་ལས། དང་པོ་ནི། སྤྱིར་གསར་རྙིང་གི་ཚེ་སྒྲུབ། འདི་རྣམས་ཀྱི་བསྙེན་དམིགས་ལ་འདྲ་མིན་སྣ་ཚོགས་ཤིག་སྣང་ཕྱིར་དཔྱད་གཞི་ཆེ་སྟེ། འདི་ལྟར་ཁ་ཅིག་ལས་ནི། རང་ཉིད་ལྷར་གསལ་བའི་ཐུགས་སྲོག་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོས་བསྡུའི་སྦྱོར་བས་འཁོར་འདས་ཀྱི་ཚེ་བཅུད་འབྱུང་བའི་དྭངས་མ་དང་བཅས་པ་ཐམས་ཅད་བསྡུས་ནས་རང་ལ་བསྟིམས་པས་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ་པ་དང་། ཁ་ཅིག་ལས་ནི་ཐུགས་སྲོག་ལས་འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་རང་ལ་བསྡུས། ཡང་འོད་ཟེར་མར་འཕྲོས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས་ནས་ཚེ་ལྷའི་གོ་འཕང་ལ་བཀོད་དེ་སླར་འདུས་པ་ཐུགས་སྲོག་ལ་ཐིམ་པས་རང་ཉིད་ཀྱང་གཟི་བྱིན་མཆོག་ཏུ་འབར་ཏེ་འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བསམ་པ་དང་། ཡང་འགའ་ཞིག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ་སེམས་ཅན་རྣམས་ཀྱིས་ཡེ་ཤེས་ཀྱི་ཚེ་གཞོམ་གཞིག་དང་བྲལ་བ་རྡོ་རྗེ་ལྟ་བུ་ཐོབ་པར་བྱས་པའི་རྗེས་སུ་དེ་དག་གི་འཇིག་རྟེན་པའི་ཚེའི་ལྷག་མ་ཐམས་ཅད་རང་ལ་བསྡུས་ཤིང་བསྟིམས་པས་རང་ཉིད་ཀྱང་འཆི་མེད་ཀྱི་ཚེ་དང་ལྡན་པར་གྱུར་པར་བསམ་པ་དང་། ཁ་ཅིག་ལས་རང་གི་ཚེ་ཉམས་པ་དང་། ལྷ་འདྲེ་མི་གསུམ་གྱི་བརྐུས་ཤིང་ཕྲོག་པ་དང་། འབྱུང་བའི་ཁམས་སུ་ཡལ་བ་ཐམས་ཅད་རང་ཉིད་ལྷའི་ཏིང་འཛིན་ལ་གནས་པའི་ཐུགས་སྲོག་གི་འོད་ཟེར་ཀྱིས་བཀུག་ནས་ཚེ་རྟེན་ལ་བསྟིམས་པའི་ལུགས་སོགས་མང་དུ་སྣང་ཞིང་། དེ་དག་ལས་དང་པོ་ལྟར་ན་སྤྱིར་བརྣབ་སེམས་ལ་མི་དགེ་དགེ་བའི་ལས་ཀྱིས་ཁྱབ་མིན་དང་། མ་ཟད་དེ་ལྟར་དམིགས་པས་གཞན་གྱི་ཚེ་ལ་གནོད་པ་དང་། རང་གི་ཚེ་ལ་ཕན་པ་སོགས་ཡོད་དམ་མེད། ཡོད་ཚེ་ཐེག་ཆེན་གྱི་སྡེ་སྣོད་རྣམས་སུ་སེམས་ཅན་མང་བོའི་ཆེད་དུ་གཅིག་གི་ཚེ་སྲོག་སོགས་གཏོང་བ་ནི་ལས་གནག་ཀྱང་རྣམ་སྨིན་དཀར་བར་བཤད་ནས་གནང་ལ། སེམས་ཅན་གཅིག་གི་ཆེད་དུ་མང་བོའི་ཚེ་སྲོག་སོགས་གཏོང་བ་ནི་མ་གནང་ཞིང་དེ་དང་མཐུན་པར་རྒྱལ་སྲས་ཞི་བའི་ལྷས་སྤྱོད་འཇུག་ཏུའང་། ཆུང་ངུའི་ཕྱིར་ནི་ཆེ་མི་བཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་གསུངས་པས་ན། ཚུལ་འདི་དེ་དག་དང་འགལ་བར་འགྱུར་བའི་ཕྱིར་དང་། གལ་ཏེ་གཞན་གྱི་ཚེ་ལ་གནོད་པ་མེད་ན་ནི་རང་གི་ཚེ་ལ་ཕན་པའང་མེད་པར་མཚུངས་ཏེ། དེ་གཉིས་ཀ་དམིགས་པའི་བྱེ་བྲག་ཙམ་ཡིན་པ་ལ་ཁྱད་མེད་ཅིང་། དེ་ལྟར་ན་དགོས་པ་མེད་པའི་སྟེང་དུ། དེ་དུས་ཀྱི་སེམས་པའི་ཁྱད་པར་དེ་བརྣབ་སེམས་སུ་ཡང་འགྱུར་བའི་ཕྱིར་རོ། དེ་ལ་ཁོ་ན་རེ། དེ་ལྟར་ཡིན་ཀྱང་སེམས་བསྐྱེད་ཁྱད་པར་ཅན་གྱིས་ཟིན་པ་ལ་འགལ་བ་མེད་དོ་ཞེ་ན་ཡང་། དེ་ལ་སེམས་བསྐྱེད་ཁྱད་པར་ཅན་དེ་ཅི་ལྟ་བུ་ཞིག་ཡོད་པ་ཡང་སྨྲ་དགོས་སོ། །ལུགས་གཉིས་པ་ལྟར་ན་ཡང་གནོད་བྱེད་དེ་དག་མེད་ཀྱང་དོན་གཉིས་བྱས་པའི་བསོད་ནམས་ཀྱིས་རང་གི་ཚེ་བསོད་འཕེལ་བར་བྱས་པ་ཙམ་དུ་ཟད་པའི་ཕྱིར་མདོ་ལམ་དང་ཡང་ཁྱད་མེད་དུ་འགྱུར་ལ། གལ་ཏེ་ལྷའི་རྣལ་འབྱོར་སྒོམ་དུ་ཡོད་པས་ཁྱད་པར་དུ་བྱས་སོ་ཞེ་ན་ཡང་། དེ་ཙམ་གྱི་རྣལ་འབྱོར་སྒོམ་པ་ནི་ཐེག་ཆེན་གྱི་མདོ་སྡེ་རྣམས་སུའང་བཤད་དེ། བཟང་པོ་སྤྱོད་པའི་སྨོན་ལམ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དང་། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་སོགས་མདོ་སྡེ་དུ་མ་ལས་གསུངས་པའི་ཕྱིར་རོ། །དེས་ན་འདིར་ཡང་སྔགས་རྒྱུད་ལས་བཤད་པའི་ལྷའི་རྣལ་འབྱོར་ཁྱད་པར་ཅན་ཞིག་འཆད་རྒྱུ་ཡོད་དགོས་སོ། །ལུགས་གསུམ་པ་དང་བཞི་བ་དག་ནི་སྔགས་གཞུང་ལས་སྒྲོལ་བའི་སྐབས་སུ་བཤད་པའི་ཚེ་ཁྲུས་ཀྱི་དགོངས་པ་དེ་དང་མཚུངས་པར་སྣང་མོད། དེ་ལྟར་ནའང་ལུགས་དེ་ཐམས་ཅད་ཀྱང་གསར་རྙིང་གི་ཚེ་སྒྲུབ་ཚད་ལྡན་རྣམས་སུ་ཇི་རིགས་པར་བཤད་འདུག་པའི་ཕྱིར་ཐམས་ཅད་འགལ་མེད་དུ་འཆད་ཤེས་པའི་གནད་ཅིག་ནི་ཡོད་དགོས་པར་སྣང་ངོ་། །འདིར་དཔྱད་པར་བྱས་པའང་གཞན་དགག་པའི་ཆེད་དུ་བྱས་པ་ནི་མ་ཡིན་ཏེ་དེང་སྐབས་ཆོ་གའི་ལག་ལེན་ཕྲ་མོ་ཙམ་རེ་ལ་ནོར་མ་ནོར་གྱི་དགག་སྒྲུབ་བྱེད་མཁན་ནི་མང་པོ་འདུག་ཀྱང་། འདི་རིགས་ཀྱི་དམིགས་གནད་གལ་ཆེན་རྣམས་ལ་བརྟགས་དཔྱད་བྱེད་མི་ཆེར་མི་སྣང་བའི་ཕྱིར་དོགས་སློང་ལྟ་བུར་བརྗོད་པ་ཡིན་པའི་ཕྱིར། དེ་མདུན་ནས་ཀྱང་དགོངས་དཔྱད་ཞིབ་འཇུག་གནང་བའི་བཀའ་དྲིན་སྐྱོང་བར་ཞུ། དེ་དག་གིས་ཚེ་སྒྲུབ་སྤྱིའི་དམིགས་གནད་ཀྱི་འཕྲོས་དོན་ཅུང་ཟད་གསོལ་གྲུབ་ནས། གཉིས་པ་བཀའ་ལན་དངོས་ནི། ཞལ་སྔ་ནས། གཏེར་སྟོན་རིག་འཛིན་འགྱུར་མེད་རྡོ་རྗེས་ཤ་འུག་སྟག་སྒོ་ནས་སྤྱན་འདྲེན་པར་མཛད་པའི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་ལས་བྱུང་བའི་པདྨ་གར་དབང་ཚེའི་ཕྱི་སྒྲུབ་ཀྱི་རིམ་པ་སྒྲུབ་ལུགས་ཞལ་རྒྱུན་མི་མཐུན་པ་བླུན་རྨོངས་མ་བདག་གོ་བ་ཡང་དམན་སྟབས་ཀྱིས་དོགས་གཅོད་མི་ཞུ་ཐབས་མེད་ལ་དཔེ་འདི་ཕུལ་བར། ཚེ་བསྟིམས་པའི་བཟླས་དམིགས་ཀྱི་མཇུག་ཏུ། ཧྲཱིཿ པདྨ་རྣམ་པར་རྒྱས་པ་ཞེས་པའི་མཆོད་པ་དང་། ཨོཾ་བཅོམ་ལྡན་མགོན་པོ་ཡེ་ཤེས་སོགས་བསྟོད་པ་ཡིག་བརྒྱ་ནོངས་བཤགས་བརྟན་བཞུགས་བཅས་ཀྱི་མཇུག་ཏུ། ཚེ་སྦ་བའི་མི་འགྱུར་ཅིས་ཀྱང་མི་ཤིགས་པའི། སོགས་ནས། ཉེར་བསྡུའི་དཀྱུས་ལྟར་བྱས་ན་འགབ་བམ། ཚེ་བསྟིམ་པའི་བཟླས་པའི་རྗེས་སུ། ཚེ་སྦ་བའི་ཉེར་བསྡུའི་བར་བྱས་ན་འགབ། ཚེ་དབང་གི་སྐབས་ན་ཚེ་བསྟིམས་པའི་བཟླས་པའི་མཇུག་ཏུ་ཚེ་དབང་དང་། དེའི་རྗེས་སུ་མཆོད་བསྟོད་ནས་དཀྱུས་ལྟར་བྱས་ན་ཇི་འདྲ་འགབ། ཡང་བསྙེན་པ་དང་ནམ་རྒྱུན་ཐུན་གཉིས་སམ་ཐུན་བཞི་སོགས་གཏོང་བའི་ཚེ་ཚེ་བསྟིམས་པའི་བཟླས་དམིགས་ཀྱི་མཇུག་ཏུ་ཚེ་སྦ་བ་ནས་ཉེར་བསྡུའི་བར་དཀྱུས་ལྟར་རམ་ཐུན་རེ་བཞིན་མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་སོགས་དགོས་མིན་བཅས། སྐྱབས་རྗེ་མཆོག་ནས་འདི་ལ་འདི་གྱིས་ཀྱི་དོགས་པ་ཆོད་པའི་བཀའ་གསལ་ཞུ་འདོད་ལ་རེ་འབྲས་དོན་སྨིན་སྩོལ་བ་ཅི་ནས་མཁྱེན་མཁྱེན་ཞུ་གསོལ། ཞེས་ཕེབས་པར། སྤྱིར་བསྙེན་མཚམས་སུ་བསྟོད་ཚིགས་ཀྱི་མཆོད་བསྟོད་འབུལ་བ་ནི། རྒྱུད་དྲི་མ་མེད་པ་དག་ལས་ཀྱང་། བརྒྱ་མཚམས་སྟོང་མཚམས་མཆོད་བསྟོད་ཡང་ཡང་བྱ། ཞེས་གསལ་བོར་གསུངས་ཤིང་། འདིར་ཡང་ཚེ་འགུགས་ཀྱི་སྔོན་དུ་གསུངས་པ་དེ་ཡིན། དེའི་འོག་ཏུ་ཚེ་བསྟིམས་པའི་བཟླས་པ་བྱས་པའི་རྗེས་སུ་ནི། ཚེ་སྦ་བ་ཉིད་འཐད་ཀྱི་དེ་གཉིས་ཀྱི་བར་དུ་མཆོད་བསྟོད་སོགས་འཇུག་པ་ནི་མི་དགོས་པར་མངོན་ནོ། །ཚེ་དབང་གི་སྐབས་སུ་ཡང་བདག་བསྐྱེད་ཀྱི་ཚེ་བསྟིམས་ཤིང་སྦ་བ་དང་བཅས་པ་གྲུབ་ནས་སླར་ཡང་འོད་གསལ་གྱི་ངང་ལས་སྒྱུ་མའི་ལྷ་སྐུར་ལངས་ཏེ་ད་གཟོད་གཞན་དོན་དུ་དབང་སྐུར་བྱེད་པ་ཡིན་ལ། དེའི་སྐབས་སུ་ཡང་དབང་ཡིག་ཁོ་རང་གི་གཞུང་ན་གསལ་བ་ལྟར་སློབ་མའི་ཚེ་སྦ་བ་འོད་གསལ་དུ་སྡུད་པའི་བར་བྱེད་དགོས་ཤིང་། དེ་ནས་ཚོགས་ལ་རོལ་བ་དང་མདུན་བསྐྱེད་ཀྱི་གཏང་རག་མཆོད་བསྟོད་སོགས་ཀྱང་དཀྱུས་བཞིན་བྱེད། ཡང་བསྙེན་ཐུན་གྱི་སྐབས་ཐུན་རེ་རེ་བཞིན་དུ་མཆོད་བསྟོད་སོགས་དགོས་མིན་ལ་ཡང་གོང་ཞུས་ལྟར་ཐུན་སོ་སོའི་མཇུག་ཏུ་ཚེ་བསྟིམས་པའི་བཟླས་དམིགས་ཀྱི་མཐར་ཚེ་སྦ་བ་སོགས་དཀྱུས་བཞིན་བཏང་བས་འཐུས་མོད། གཞན་བསྟོད་ཚིགས་ཀྱི་མཆོད་པར་བསྟོད་བཤགས་བརྟན་བཞུགས་སོགས་དགོས་མིན་ལ་ཐུགས་དོགས་གནང་བ་ཡིན་ན་ནི། དེ་ནི་རང་གཞུང་ལྟར། པདྨ་རྣམ་པར་རྒྱས་པ་སོགས་ཀྱིས་མཆོད་པ་ཙམ་བྱས་ཀྱང་མི་འཐུས་པ་མ་ཡིན་ཡང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྟོད་ཚིགས་ཀྱི་མཆོད་པའི་ཚིགས་ལ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །དཔག་མེད་ཉམས་ཆགས་འགལ་འཁྲུལ་བཤགས། །ཞེས་གསུངས་འདུག་པ་ལྟར་དེ་དག་སྦྱར་ཀྱང་འགལ་བ་ནི་ཅི་ཞིག་ཡོད། འོན་ཀྱང་གོང་དུ་གསོལ་བ་ལྟར་བསྟོད་ཚིགས་ཀྱི་མཆོད་པ་ནི་ཚེ་འགུགས་པའི་སྔ་རོལ་བཟླས་པའི་སྐབས་སུ་ཡིན་པའི་ཕྱིར། གང་ལྟར་བྱས་ཀྱང་ཚེ་བསྟིམ་པ་དང་སྦ་བའི་རྗེས་སུ་ནི་བསྔོ་སྨོན་སོགས་བྱེད་པ་ལས་གཞན་མཆོད་བསྟོད་སོགས་མི་དགོས་པར་མངོན་ལ། མདུན་བསྐྱེད་དང་འབྲེལ་བའི་ཚེ་དེ་ཉིད་ཀྱི་གཏང་རག་མཆོད་བསྟོད་སོགས་རྗེས་ཆོག་རྣམས་ནི་མ་གཏོགས་སོ། །དེ་ལྟར་ན་བཀའ་ལན་མདོར་བསྡུས་འབུལ་གྲུབ་པ་དགོངས་ཀློང་རིན་པོ་ཆེར་བསྟི་བར་ཞུ། ཉམས་མྱོང་མེད་པའི་སྒོམ་བཤད་བྱེད་པ་འདི། །མཁས་པའི་འདུན་སར་ཁྲེལ་བའི་རྒྱུ་ཡིན་ཡང་། །དམ་པའི་བསྐུལ་ངག་གཙུག་ཏུ་ལྷུང་བའི་ལྕིད། །མ་བཟོད་གཏམ་འདི་བྲག་ཆ་བཞིན་དུ་ཐལ། །འོན་ཀྱང་རིག་འཛིན་བླ་མ་ཚེ་ལྷར་བཅས། །སྙིང་གི་པདྨར་དད་པས་སྤྱན་དྲངས་ནས། །བརྗོད་པ་འདི་ཡི་དཔང་པོར་གསོལ་བས་ན། །ཧ་ཅང་འཁྲུལ་བའི་ནོངས་པའང་མེད་སྙམ་བགྱིད། །དེ་ཕྱིར་གཟུར་གནས་ཀུན་གྱིས་ཚུལ་འདི་ལ། །ལེགས་པར་དཔྱད་ནས་བླང་དོར་མཛད་པ་དང་། འཆི་མེད་སྒྲུབ་པའི་ཐབས་ཚུལ་ཇི་སྙེད་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་རྟོགས་པར་ཤོག །ཅེས་པའང་སྨིན་གླིང་རྗེ་བཙུན་རིན་པོ་ཆེ་ཕྲིན་ལས་ཆོས་ཀྱི་སྒྲོན་མེའི་ཞལ་སྔ་ནས་ལྷ་རྫས་དང་བཅས་ཆེད་དུ་བསྐུལ་བའི་བཞེད་སྐོང་དུ་མདོ་ཁམས་ཀྱི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས་ཤར་མར་བྲིས་ནས་ཕུལ་བ་དགེ། མངྒ་ལཾ། །

འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་ནས་དྲི་བ་ཇི་ལྟར་ཕེབས་པ་རྣམས་ཀྱི་དྲིས་ལན་སྐོར།

༄། །འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་ནས་དྲི་བ་ཇི་ལྟར་ཕེབས་པ་རྣམས་ཀྱི་དྲིས་ལན་སྐོར་བཞུགས་སོ། །རྣམ་དག་རིགས་པས་གྲུབ་དོན་སྤྲོས་བྲལ་ལས། །མི་འགྱུར་ལྷན་སྐྱེས་མཆོག་ཏུ་བདེ་བའི་དངོས། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀར། །ཡོངས་ཤར་དྲིན་ཆེན་བླ་མས་དགེ་ལེགས་སྩོལ། །གང་ཞིག་དཀའ་གནས་དགྲོལ་བའི་ལེགས་བཤད་རྣམས། །དམ་པའི་ཞལ་གྱི་བདུད་རྩི་ལས་ཐོས་བཞིན། །འདིར་ཡང་བློ་ལྡན་དགྱེས་པ་བསྐྱེད་པའི་ཕྱིར། །ཆ་ཤས་ཙམ་ཞིག་ཟུར་དུ་འགོད་པར་བྱ། །དེ་ཡང་འདིར་དམ་པ་གང་ལས་དྲི་བ་ཇི་ལྟར་ཕེབས་པའི་དོན། རང་རེའི་རྒྱུད་བཤད་ཀྱི་གཞུང་ལས་རྡོ་རྗེའི་ཆོས་བདུན་གྱི་དོན་བཤད་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལ་ཁ་འཕངས་པ་ལས་ཞིབ་པར་མ་གསུངས་པར་འདུག་ཕྱིར་དེའི་དོན་གང་ཡིན་དང་། དབང་གི་སྐབས་སུ་དབང་གི་གེགས་བརྒྱད་བཤད་ནས་ཟེར་བ་དེ་གང་ཡིན་དང་། འབྲས་དུས་ཀྱི་ཁ་སྦྱོར་ཡན་ལག་བདུན་ལྡན་དེ་གང་ལྟར་ཡིན་རྣམས་གསལ་པོར་དགོས་ཞེས་གསུངས་པའི་དོན་ལ། ལེགས་པར་དཔྱད་ན་གཞིའི་ཆོས་ཉིད་རྡོ་རྗེ་ཆོས་བདུན་ལྡན་དུ་གནས་པ་དང་། ལམ་དུས་ཀྱི་འཇུག་སྒོ་དབང་གི་གེགས་བརྒྱད་བཤད་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དུས་ཀྱི་རྫོགས་རིམ་ཁྱད་པར་ཅན་ཉམས་སུ་བླང་བའི་འབྲས་བུ་ཐུན་མོང་མ་ཡིན་པ་ཁ་སྦྱོར་ཡན་ལག་བདུན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་ཇི་ལྟར་བྱེད་པའི་ཚུལ་ལ་སོགས་ཞིབ་ཆར་བརྗོད་ན་གཞི་ལམ་འབྲས་བུའི་རྣམ་གཞག་ཡི་གེའི་སྤོམ་མང་ཙམ་ཞིག་འབྱུང་བར་སྣང་ཡང་། རེ་ཞིག་བྲེལ་བའི་དབང་གིས་དེ་དག་གི་འགྲོས་སྤྱི་རྣམས་གཞུང་གཞན་ལས་རྟོགས་པར་འགྱུར་བའི་དབང་དུ་བྱས་ཏེ་འདིར་བཏང་སྙོམས་སུ་བཞག་ནས། བརྗོད་དོན་དངོས་ལ་འཇུག་པར་བྱེད་པ་ལས། ཐོག་མར་རྡོ་རྗེའི་ཆོས་བདུན་ལྡན་གྱི་དོན་བཤད་པ་ལ། སྤྱིར་རྡོ་རྗེ་ཞེས་པའི་སྒྲ་གང་ལ་འཇུག་པའི་གཞི་ངོས་བཟུང་བ་དང་། དེའི་དོན་བཤད་པ་གཉིས་ལས། དང་པོ་ལའང་མཚོན་བྱེད་རྫས་ཀྱི་རྡོ་རྗེ་དང་། མཚོན་བྱ་དོན་གྱི་རྡོ་རྗེ་གཉིས་ཀྱི་དང་པོ་ནི། བཛྲ་གྱི་སྒྲ་ལས་རྡོ་རྗེ་སྟེ། དེ་ཡང་འཇིག་རྟེན་ན་རྡོ་བ་རྣམས་ནི་སྲ་ཞིང་མཁྲེགས་པར་བརྩི་བ་ལ། དེ་ལས་ཀྱང་ཆེས་ཆེར་སྲ་བའི་མཆོག་ཏུ་གྱུར་པས་ན་རྡོ་ཐམས་ཅད་ཀྱི་རྗེ་བོའི་ཐ་སྙད་སྦྱར་ཏེ། དེ་གང་ཞེ་ན་སྔོན་གྱི་དུས་སུ་དྲང་སྲོང་ཞོ་འཐུང་ཞེས་བྱ་བ་ཞིག་བྱུང་ཞིང་། དེའི་ཐུགས་བསྐྱེད་ཀྱི་མཐུ་ལས་རང་གི་རུས་པ་ཐམས་ཅད་རྡོ་རྗེ་ཕ་ལམ་ཞེས་བྱ་བའི་རིན་པོ་ཆེ་འབའ་ཞིག་ཏུ་གྱུར་ཏེ། རྒྱུ་དེ་ལས་གྲུབ་པ་བརྒྱ་བྱིན་གྱི་རྡོ་རྗེ་རྩེ་བརྒྱ་བ་དང་། ཁྱབ་འཇུག་གི་འཁོར་ལོ་དང་། དབང་ཕྱུག་གི་མདུང་ཐུང་རྣམས་ཀྱང་ཡིན་ནོ་ཞེས་རིག་བྱེད་ཀྱི་གཞུང་ལས་ཀྱང་གྲགས་ལ། གཞན་དུ་རྒྱ་གར་རྡོ་རྗེ་གདན་དུ་དྲང་སྲོང་དེ་ཉིད་ཀྱི་རུས་པ་འཐོར་བའི་ཕྱིར་བསྐལ་བའི་མེས་ཀྱང་མི་འཇིག་པའི་རྒྱུ་མཚན་ཡང་དེ་ཡིན་ནོ་ཞེས་གྲགས་སོ། །དེ་ལྟ་བུའི་རྡོ་རྗེ་དེ་ནི་དམ་བཅའ་བཞི་དང་ལྡན་པའམ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་ཞིག་སྟེ་འོག་ནས་འཆད་དོ། །གཉིས་པ་མཚོན་བྱ་དོན་གྱི་རྡོ་རྗེ་ནི། དཔེ་དེ་ཉིད་ཀྱིས་ཉེ་བར་མཚོན་ནུས་པ་ཞིག་སྟེ། དེ་གང་ཞེ་ན། ཆོས་གཟུགས་ཀྱི་ཟླས་ཕྱེ་བའི་ཆོས་ཀྱི་སྐུ་དང་། སྣང་སྟོང་གི་ཟླས་ཕྱེ་བའི་སྟོང་བ་ཉིད་དང་། ཐབས་ཤེས་ཀྱི་ཟླས་ཕྱེ་བའི་ཤེས་རབ་ཁྱད་པར་ཅན་རྣམས་ཏེ། དེ་ཡང་ཆོས་ཀྱི་སྐུ་དང་། དེའི་ཆོས་ཉིད་སྟོང་བ་ཉིད་ལ་རྡོ་རྗེའི་སྒྲ་འཇུག་པ་ནི། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་བ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་པཎ་ཆེན་སངས་རྒྱས་གསང་བ་དང་སྐ་བ་དཔལ་བརྩེགས་ཀྱི་འགྱུར་ལས། རྡོ་རྗེ་ཞེས་བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས་པ་སྟེ། ཆོས་ཀྱི་སྐུ་སྟོང་བ་ཉིད་དོ། །ཞེས་དང་རང་གཞུང་ལས་ཀྱང་། རྡོ་རྗེ་སྟོང་བ་ཉིད་ལ་བྱ། སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། ཞེས་སོགས་གསུངས་པ་ལྟར་རོ། །དེ་ཉིད་རྟོགས་བྱེད་ཀྱི་ཤེས་རབ་ཁྱད་པར་ཅན་ལ་ཡང་རྡོ་རྗེའི་སྒྲ་འཇུག་པ་ནི། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་བ་རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་པོ་ཝ་རི་བས་མཛད་པ་ལས། རྡོ་རྗེ་ནི་འཇོམ་བྱ་འཇོམས་པ་ལ་བྱ། ཁྲོ་བོ་ནི་འཇོམ་བྱེད་ལ་བྱའོ། །དེའི་དོན་ནི་ཤེས་རབ་དང་སྙིང་རྗེ་ཞེས་པའོ། །ཞེས་རྡོ་རྗེ་ནི་ཤེས་རབ་ཀྱི་དོན་ཅན་དུ་སྨྲས་སོ། །དེ་ལྟར་ན་དེ་དག་རྫས་རྡོ་རྗེ་ཕ་ལམ་གྱིས་ཇི་ལྟར་མཚོན་ནུས་ཞེ་ན། རྒྱུ་མཚན་དེ་སྨྲོས་པའི་ཕྱིར་འགྲེལ་ཆེན་གསལ་སྒྲོན་ལས། ཆོས་ཀྱི་སྐུ་སྟོང་བ་ཉིད་ལ་རྡོ་རྗེར་འདོག་པའི་རྒྱུ་མཚན་དགོས་པ་ཅིའི་ཕྱིར་ཞེ་ན། སྟོང་བ་ཉིད་ལ་རྡོ་རྗེར་འདོག་པའི་རྒྱུ་མཚན་ནི། འདུས་བྱས་རྫས་ཀྱི་རྡོ་རྗེ་ཕ་ལམ་དང་ཆོས་མཐུན་པ་རྣམས་ཡོད་དེ། རྡོ་རྗེ་ཕ་ལམ་ལ་མི་ཆོད་པ་བྱ་བ་ནས། མ་ཕམ་པ་བྱ་བའི་བར་དུ་ཆོས་བདུན་ཡོད་པ་དེ་བཞིན་དུ། ཆོས་ཀྱི་སྐུ་སྟོང་བ་ཉིད་ལ་མི་ཆོད་པ་བྱ་བ་ནས་ཐམས་ཅད་དུ་མ་ཕམ་པ་བྱ་བའི་བར་དུ་ཆོས་བདུན་ཡོད་དོ། །ཞེས་གསུངས་པ་ལྟར་རྡོ་རྗེའི་ཆོས་བདུན་དཔེ་དོན་གཉིས་ཀར་མཚུངས་པར་སྦྱར་དུ་ཡོད་པའི་ཕྱིར་ན་མཚོན་ནུས་སོ། །གཉིས་པ་དེའི་དོན་བཤད་པ་ལ་དཔེ་དོན་གཉིས་ལས། དང་པོ་དཔེ་འདུས་བྱས་རྫས་ཀྱི་རྡོ་རྗེ་ཕ་ལམ་གྱི་དོན་བཤད་པ་ལའང་གོང་སྨྲོས་ལྟར་གཉིས་ལས། དང་པོ་དམ་བཅའ་བཞི་ལྡན་ནི་རྒྱུ་དེ་ལས་གྲུབ་པ་དབང་པོའི་རྡོ་རྗེ་ལ་སོགས་པ་ལ་ཆེད་དུ་གྲགས་ཏེ། དེ་གང་ཞིག་ལག་ཏུ་བླང་ནས་མི་འཕེན་མི་སྲིད་པ་དང་། འཕངས་ནས་མི་ཕོག་མི་སྲིད་པ་དང་། ཕོག་ནས་མི་འཆི་མི་སྲིད་པ་དང་། ཤི་ནས་ངན་སོང་དུ་ལྟུང་མི་སྲིད་པ་དང་བཞི་ཡིན་ནོ། །ཞེས་རིག་བྱེད་ཀྱི་གཞུང་ལས་གྲགས་སོ། །གཉིས་པ་རྡོ་རྗེ་དེ་ལ་ཆོས་བདུན་དང་ལྡན་པ་ནི། དེ་ཡིན་པ་གང་ཞིག་ལ། ས་ཡིས་མི་ཆོད་པ་དང་། ཆུས་མི་ཤིགས་པ་དང་། མེ་ཡིས་བསྲེགས་མི་ནུས་པས་བདེན་པ་དང་། རླུང་གིས་གཏོར་དུ་མེད་པས་སྲ་བ་དང་། བསྐལ་བ་ལ་སོགས་པའི་དུས་ཀྱིས་རྒུད་ནས་འཇིག་པར་འགྱུར་བ་ཡང་མེད་པས་ན་བརྟན་པ་དང་། དེ་ཉིད་ཀྱི་མཐུས་དངོས་པོ་གཟུགས་སུ་གྲུབ་པ་ཐམས་ཅད་ཕར་ཐོགས་མེད་དུ་འབིགས་པར་ནུས་པས་ན་ཐམས་ཅད་དུ་ཐོགས་པ་མེད་པ་དང་། དེ་ལ་ཚུར་དེ་དག་གིས་གནོད་པར་བྱེད་མི་ནུས་པས་ན་ཐམས་ཅད་དུ་མ་ཕམ་པ་ཞེས་སྨྲོས་ཏེ། དེ་སྐད་དུ་ཡང་འགྲེལ་ཆེན་གསལ་སྒྲོན་ལས། འོ་ན་རིན་པོ་ཆེ་རྡོ་རྗེ་ཕ་ལམ་དེ་ལ་ཇི་ལྟར་ས་ཡིས་མི་ཆོད་ཅེ་ན། འབྱུང་བ་ཆེན་པོ་ས་ཡིས་བཅད་པ་དང་གཏུབ་པར་མི་ནུས་པས་ན། མི་ཆོད་པ་ཞེས་གསུངས་སོ། །ས་དག་གིས་བཅད་པར་མི་ནུས་པར་འདུག་སྟེ། རྡོ་རྗེ་ཕ་ལམ་དེ་འབྱུང་བ་ཆེན་པོ་ཆུ་ཡིས་སྤྲུལ་པ་ལ་སོགས་པས་གནོད་པར་བྱ་བར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་གནོད་པར་མི་ནུས་པས་ན་མི་ཤིགས་པ་ཞེས་གསུངས་སོ། །དེ་གཉིས་ཀྱིས་ཀྱང་གནོད་པར་བྱ་བར་མི་ནུས་པས་འདུག་སྟེ། འབྱུང་བ་མེས་ཐལ་བའམ་སོལ་བར་བསྲེག་པར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་བསྲེག་པར་མི་ནུས་པས་ན་བདེན་པ་ཞེས་གསུངས་ཏེ། དེ་གསུམ་གྱིས་ཀྱང་གནོད་པར་བྱ་བར་མི་ནུས་པར་འདུག་སྟེ། རླུང་སྤུ་གྲི་ལྟ་བུས་ཀྱང་གཞིག་པར་མི་ནུས་སམ་ཞེ་ན། དེས་གཞིག་པར་མི་ནུས་པས་ན་སྲ་བ་ཞེས་གསུངས་སོ། །དེ་བཞིས་ད་ལྟར་གནོད་པར་བྱ་བ་མི་ནུས་པར་འདུག་སྟེ། ལོའམ་བསྐལ་བར་ལོན་ནས་གནོད་པར་བྱ་བ་མི་ནུས་སམ་ཞེ་ན་མ་ཡིན་ཏེ། དེ་བཞིས་དུས་ད་ལྟར་གནོད་པར་བྱ་བ་མི་ནུས་པ་བཞིན་དུ། དུས་སམ་གནས་སྐབས་ཐམས་ཅད་དུ་མི་འགྱུར་བས་ན་བརྟན་པ་ཞེས་གསུངས་སོ། །འོ་ན་རྡོ་རྗེ་ཕ་ལམ་དེ་ལ་ཚུར་ལ་གང་གིས་ཀྱང་མི་གནོད་པར་འདུག་སྟེ། རྡོ་རྗེ་ཕ་ལམ་དེ་མཐུ་ཅི་ཙམ་དང་ལྡན་ཞེ་ན། དཔེར་ན་ཐོག་དང་འདྲ་སྟེ་དངོས་པོ་ཐམས་ཅད་འབིགས་པར་བྱེད་པས་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་སོ། །དེ་ལ་ཚུར་ལ་གནོད་པར་མི་འགྲོའམ་ཞེ་ན། མ་ཡིན་ཏེ། རྡོ་རྗེ་རིན་པོ་ཆེ་ཕ་ལམ་དེས་ཕར་ནི་ཐམས་ཅད་འཇོམས་པར་ནུས་ལ། རང་ལ་ཚུར་ལ་གནོད་པ་མི་ནུས་པས་ན། ཐམས་ཅད་དུ་མ་ཕམ་པ་ཞེས་གསུངས་སོ། །ཞེས་ཇི་ལྟར་བཤད་པ་བཞིན་ནོ། །གཉིས་པ་མཚོན་བྱ་དོན་གྱི་རྡོ་རྗེའི་དོན་བཤད་པ་ལའང་། འགྲེལ་བ་རིན་ཆེན་ཕྲེང་བ་ལས། ཤེས་རབ་ཀྱི་དོན་ནི་ཅི་ཞེ་ན། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་ཐམས་ཅད་དུ་མ་ཕམ་པའོ། །དེའི་ཐབས་ཀྱི་དོན་ནི་ཅི་ཞེ་ན། སེམས་ཅན་ཐམས་ཅད་སྐྲགས་པར་བྱེད་པ་སོགས་སྨྲོས་ནས་ཤེས་རབ་རྣམ་པར་དག་པས་གཏན་ལ་དབབ་པར་བྱ་བ་ཆོས་ཀྱི་་སྐུ་སྟོང་བ་ཉིད་ཀྱི་དོན་ནི་རྡོ་རྗེའི་ཆོས་བདུན་དང་ལྡན་པར་བཤད་དེ། དེ་ཡང་འགྲེལ་ཆེན་གསལ་སྒྲོན་ལས། དཔེར་ན་རྡོ་རྗེ་ཕ་ལམ་ལ་གཞན་གྱིས་གནོད་པར་བྱ་བར་མི་ནུས་པ་དེ་བཞིན་དུ། སྟོང་བ་ཉིད་ཀྱི་རྡོ་རྗེ་དེ་ལ་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་གནོད་པས་ན་མི་ཆོད་པ་ལ་སོགས་པ་གསུངས་སོ། །ཞེས་མདོར་བསྟན་པའི་དོན། སྐྱེ་བའི་སྡུག་བསྔལ་གྱིས་མི་གནོད་པས་མི་ཆོད་པ་དང་། རྒས་པའི་སྡུག་བསྔལ་གྱིས་མི་གནོད་པས་མི་ཤིགས་པ་དང་། གནས་པའི་སྡུག་བསྔལ་གྱིས་མི་གནོད་པས་ན་བདེན་པ་དང་། འཆི་བའི་སྡུག་བསྔལ་གྱིས་མི་གནོད་པས་སྲ་བ་དང་། དུས་ཀྱི་འགྱུར་བས་མི་གནོད་པས་བརྟན་པ་དང་། སྟོང་ཉིད་དེས་དངོས་པོ་ཐམས་ཅད་ལ་ཐོགས་མེད་དུ་ཁྱབ་པས་ན་ཐོགས་པ་མེད་པ་དང་། རང་གི་ངོ་བོ་ལ་གཞན་གང་གིས་ཀྱང་གནོད་པའམ་གོས་པར་མི་ནུས་པར་ན་ཐམས་ཅད་དུ་མ་ཕམ་པ་ཞེས་གསུངས་ཏེ། དེ་སྐད་དུའང་འགྲེལ་ཆེན་གསལ་སྒྲོན་གྱི་སྔ་མའི་མུར། འདུས་བྱས་ཀྱི་དངོས་པོ་འདི་ལ་སྐྱེ་བ་སྔ་མ་ནས་འདི་རུ་སྐྱེས། འདི་ནས་ཕྱི་མར་སྐྱེ་བས། སྐྱེ་བའི་སྡུག་བསྔལ་གྱིས་བར་དུ་ཆོད་ཅིང་འདུག་པས་ན། སྟོང་པ་ཉིད་ལ་སྐྱེ་བ་མེད་པས་སྐྱེ་བའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན། མི་ཆོད་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ལ་རྣམ་པ་གཞན་ནས་གཞན་དུ་འགྱུར་བ་ཡོད་པས། རྒས་པའི་སྡུག་བསྔལ་གྱིས་བར་དུ་ཆོད་ཅིང་འདུག་པ་ལ། སྟོང་པ་ཉིད་དེ་ལ་རྣམ་པ་གཞན་ནས་གཞན་དུ་འགྱུར་བ་མེད་པས་ན། རྒས་པའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན་མི་ཤིགས་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་དེ་ཉིང་མཚམས་སྦྱོར་བའི་ཚེ། སྐྱེ་གནས་སུ་དང་པོ་མིང་དང་གཟུགས་གྲུབ་ནས་ཐ་མ་ཤི་བའི་བར་དུ་སྡུག་བསྔལ་རྣམ་པ་གསུམ་མམ་བརྒྱད་ཀྱིས་གདུང་བས་ན། གནས་པའི་སྡུག་བསྔལ་གྱིས་བར་དུ་ཆོད་ཅིང་འདུག་པ་ལ། ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་གཟུགས་ཀྱི་དངོས་པོ་གྲུབ་པ་མེད་པས། སྡུག་བསྔལ་རྣམ་པ་གསུམ་དང་བརྒྱད་ལ་སོགས་པས་བར་དུ་གཅོད་པ་མི་ནུས་པས་ན་བདེན་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ཐ་མ་ཤི་ནས་རྒྱུན་ཆད་དེ་འགྲོ་བས་འཆི་བའི་དུས་ན་གནད་གཅོད་པའི་ཚོར་བའི་སྡུག་བསྔལ་ཡོད་པས་འཆི་བའི་སྡུག་བསྔལ་གྱིས་ཆོད་ཅིང་འདུག་པ་ལས། ཆོས་ཀྱི་སྐུ་སྟོང་བ་ཉིད་ལ་སྐྱེ་བ་མེད་པས་ན་ཐ་མ་འགགས་ཏེ་རྒྱུན་ཆད་པའང་མེད་པས་འཆི་བའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན་སྲ་བ་ཞེས་གསུངས་སོ། །འོ་ན་སྟོང་བ་ཉིད་དེ་དུས་ད་ལྟར་སྡུག་བསྔལ་རྣམ་པ་བཞི་བོ་དེས་མི་གནོད་པར་འདུག་པ་ལ་ལོའམ་བསྐལ་བ་ལོན་ནས་གནོད་པར་མི་ནུས་སམ་ཞེ་ན་མ་ཡིན་ཏེ། དུས་ད་ལྟར་མི་གནོད་པ་བཞིན་དུ་དུས་དང་གནས་སྐབས་ཐམས་ཅད་དུ་གནོད་པར་མི་ནུས་པས་ན་བརྟན་པ་ཞེས་གསུངས་སོ། །འོ་ན་སྟོང་བ་ཉིད་དེ་ལ་སྡུག་བསྔལ་རྣམ་པ་བཞི་བོ་དེ་དག་གིས་ཀྱང་གནོད་པར་མི་ནུས་པར་འདུག་སྟེ། ཆོས་ཀྱི་སྐུ་སྟོང་བ་ཉིད་དེ་མཐུ་ཇི་ཙམ་དང་ལྡན་ཞེ་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་ཏེ། སྟོང་བ་ཉིད་ཀྱི་ཡེ་ཤེས་དེས་ནི་བདག་དང་གཞན་ཡང་འཇིག་པར་བྱེད། འཁོར་བ་དང་མྱ་ངན་ལས་འདས་པའང་འཇིག་པར་བྱེད། དངོས་པོ་ལ་མངོན་པར་ཞེན་པ་ཐམས་ཅད་འཇིག་པར་བྱེད་པས་ན་ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་སོ། །དེ་ལ་ཚུར་ལ་གནོད་པ་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་ན་མ་ཕམ་པ་ཞེས་གསུངས་ཏེ། ཆོས་ཀྱི་སྐུ་སྟོང་བ་ཉིད་དེ་ལ་ཚུར་ལ་གང་གིས་ཀྱང་གནོད་པར་མི་ནུས་ལ། ཕར་ལ་ཐམས་ཅད་འཇོམས་པས་མ་ཕམ་པ་ཞེས་གསུངས་སོ། །དེས་ན་སྟོང་བ་ཉིད་དེ་རིན་པོ་ཆེ་རྡོ་རྗེ་ཕ་ལམ་དང་ཆོས་མཐུན་པས་ན་སྟོང་བ་ཉིད་ལ་རྡོ་རྗེ་ཞེས་བཏགས་སོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ནའང་སྟོང་བ་ཉིད་དེ་དཔེ་གཞན་གྱིས་མཚོན་དུ་མི་རུང་བའམ། གལ་ཏེ་མཚོན་དུ་རུང་ཕྱིན་རྡོ་རྗེ་ཕ་ལམ་ཙམ་དུ་མ་ཟད་དཔེ་གཞན་དང་གཞན་ཡང་འགོད་དུ་རུང་བ་ཞིག་ན། འདིར་ཆེད་དུ་རྡོ་རྗེ་ཁོ་ནས་མཚོན་པར་བྱས་པ་ལ་དགོས་པ་ཁྱད་པར་ཅན་ཅི་ཡོད་ཅེ་ན། ཡོད་དེ། རྫས་རྡོ་རྗེ་ཕ་ལམ་ལའང་དངོས་པོ་གཞན་ལ་མེད་པའི་ཁྱད་ཆོས་དེ་དག་ལྡན་པ་བཞིན། འདིར་སྟོང་བ་ཉིད་ལའང་ཁྱད་ཆོས་དེ་དག་དང་ལྡན་པར་ཤེས་ན། རྗེས་འཇུག་རྣམས་ཀྱིས་ཀྱང་ཁྱད་ཆོས་དེ་དག་མངོན་དུ་འཐོབ་པར་འགྱུར་བའི་ཕྱིར་ལམ་བསྒོམ་པ་དང་བསྒྲུབ་པ་ལ་མྱུར་དུ་འཇུག་པའི་དགོས་པ་ཡོད་པའི་ཕྱིར། དེ་སྐད་དུའང་སློབ་དཔོན་ཡེ་ཤེས་རྡོ་རྗེས་སྟོང་བ་ཉིད་ལ་རྡོ་རྗེར་བཏགས་པའི་དགོས་པ་ནི། སྟོང་བ་ཉིད་ལའང་ཡོན་ཏན་དེ་ཚོ་དང་ལྡན་པར་ཤེས་པར་བྱ་བའི་དགོས་པ་དང་། དེ་ལྟར་ཤེས་པ་དེ་ཐོབ་པར་བྱ་བའི་དོན་དུ་གཞན་དག་སྒྲུབ་པ་དང་སྒོམ་པ་ལ་འཇུག་པར་འགྱུར་བའི་དགོས་པའོ། །དེས་ནི་སྟོང་བ་ཉིད་ལ་རྡོ་རྗེ་ཞེས་གསུངས་སོ། །ཞེས་བཤད་པ་ལྟར་རོ། །འདིར་དཔྱོད་ལྡན་ཡོད་ན། རྒྱ་གཞུང་གི་ལུང་དེ་དག་ལས་སྐབས་འགར་སྟོང་བ་ཉིད་དང་ཡེ་ཤེས་དོན་གཅིག་ཏུ་གསུངས་པ་དང་། སྟོང་ཉིད་དང་ཆོས་སྐུ་དང་། ཤེས་རབ་རྣམས་ཀྱི་ཁྱད་པར་དང་། རྫས་རྡོ་རྗེ་ཕ་ལམ་དེ་དུས་ཀྱི་ནམ་ཡང་མི་འགྱུར་བར་འདོད་ན། དངོས་པོ་ཡིན་ན་འདུས་བྱས་ཡིན་པས་ཁྱབ་པ་དང་། འདུས་བྱས་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དང་། མི་རྟག་པ་ཡིན་ན་སྐད་ཅིག་མའི་རྒྱུན་གྱིས་འཕོ་བར་འདོད་དགོས་པས་ན། དཔྱད་པ་ཉམས་མཚར་བ་ཞིག་སྣང་ངོ་། །སྨྲས་པ། དམ་པའི་བཤེས་གཉེན་རིང་དུ་བསྟེན་བྱས་ནས། །ཐོས་བསམ་སྒོམ་ལ་རྟག་པར་བརྩོན་བྱས་ན། །དཀའ་གནས་གཞན་དང་གཞན་ཡང་དགྲོལ་ནུས་པའི། །ཚུལ་འདི་མཐོང་བའང་ཆོས་རྗེ་བླ་མའི་དྲིན། །ད་ནི་སྤྱི་དོན་གཉིས་པ་དབང་གི་གེགས་བརྒྱད་ཀྱི་དོན་བཤད་པ་ལ་འཇུག་པར་བྱ་སྟེ། དེ་ཡང་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་འཇུག་སྒོ་ཐོག་མ་སྨིན་བྱེད་ཀྱི་དབང་ཡིན་པ་དང་། དབང་དེའི་ཐོག་མར་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་དགོས་པ་དང་། དེ་ལྟར་མ་བསྟེན་པའི་སྐྱོན་རྣམས་ནི། སྒྱུ་འཕྲུལ་རྩ་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩམས་པ་རྣམས། འབྲས་བུ་མེད་ཅིང་བརླག་པར་འགྱུར། ཞེས་གསུངས་པ་ལྟར་ཏེ། དེ་ལྟར་ན་རང་བཟོ་དང་ཕོ་རུས་དང་། སློབ་དཔོན་གྱི་ཞལ་ཁྲིད་མེད་པའི་དཔེ་ལྟས་ཙམ་གྱིས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་དེ་ཁོ་ན་ཉིད་ཟབ་མོ་རྟོགས་མི་ནུས་པ་ལ་དགོངས་ནས། ཆུ་ཀླུང་ཆེན་པོའི་རྒྱུད་ལས་ཀྱང་། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། ‘།ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། འཕགས་མཆོག་ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བོ་ལས་ཀྱང་། རིག་པ་གླེག་བམ་ལ་བསླབ་ཀྱི། །བླ་མའི་ཐད་ནས་མ་བསླབ་པ། །འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་པའི་ནང་དུ་མཛེས་པ་མིན། །ཞེས་སོགས་མདོ་རྒྱུད་བཀའ་དང་བསྟན་བཅོས་ཀྱི་ལུང་མཐའ་ཡས་པ་དག་མཆིས་ཤིང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་འདིར་ནི། བླ་མ་བསྟེན་པ་ཁོ་ན་ལམ་གྱི་གཞི་མར་གསུངས་ན། རྒྱུ་མཚན་དེ་ལས་འཕྲོས་ཏེ། བསྟེན་བྱ་སློབ་དཔོན་གྱི་མཚན་ཉིད་དང་། སྟེན་པ་པོ་སློབ་མའི་མཚན་ཉིད་དང་། དེས་དེ་ཉིད་ཇི་ལྟར་བསྟེན་པའི་ཚུལ་ལ་སོགས་པ་རྒྱ་ཆེར་གསུངས་པ་དག་གཞན་ལས་ཤེས་པར་བྱ་ལ། འདིར་རང་བཞིན་བརྒྱད་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་དེས། སློབ་མ་མཚན་ཉིད་དང་ལྡན་པ་ལ་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པའི་སྒོ་ནས་དབང་བཞི་རྣམ་པར་དག་པ་སྐུར་བ་ལ། བསྙེན་པ་དང་། སའི་ཆོ་ག་དང་། སྟ་གོན་དང་། སློབ་མ་འཇུག་ཅིང་སྨིན་པར་བྱ་བ་སྟེ་སྤྱི་དོན་བཞི་བོ་རེ་རེ་ལའང་ཡན་ལག་བཞི་བཞི་དང་ལྡན་པར་བྱས་ནས་སློབ་བུའི་རྒྱུད་སྨིན་ངེས་སུ་བྱེད་དགོས་པ་ལ། དེ་ལྟ་བུའི་དབང་དོན་གྱི་ཡེ་ཤེས་ངོ་འཕྲོད་པའི་དབང་བཞི་རྣམ་པར་དག་པ་ལ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་བསྐྱེད་རྫོགས་ཀྱི་གནད་མཐའ་དག་འདུ་ཞིང་ལམ་གྱི་སྒྲོམ་དབང་གི་ཁོང་ནས་འཛིན་ཤེས་ན་གསང་སྔགས་ཀྱི་ལམ་མ་ལུས་པ་དབང་གི་ཁོང་ནས་འབྱུང་བའང་རྟོགས་ནུས་པ་ཡིན་ནོ། །དེ་ལྟར་ན་བསྙེན་པ། ས་ཆོག སྟ་གོན་རྣམས་རྫོགས་པའི་རྗེས་ཐོག་དེ་ཉིད་དུ་སང་དཀྱིལ་འཁོར་ཆེན་པོར་ཞུགས་ནས་མངོན་པར་དབང་བསྐུར་བ་འཐོབ་བམ་མི་འཐོབ་འཇུགས་པ་ལ། ཐོག་མར་དངོས་གྲུབ་ཀྱི་སྣོད་སྐྱོན་ངོ་ཤེས་དགོས་པའི་ཕྱིར། དབང་གི་གེགས་བརྒྱད་ངོ་སྤྲོད་དགོས་པ་ཡིན་ཏེ། དེ་ཡང་གང་ཞེ་ན། རང་གཞུང་ལས། སངས་རྒྱས་ཀུན་གྱི་དངོས་གྲུབ་མཆོག །དབང་དང་བྱིན་རླབས་འབྱུང་བ་ནི། །དཔེར་ན་དྭངས་པའི་རྒྱ་མཚོ་ལ། །ཉི་ཟླའི་གཟུགས་བརྙན་འབྱུང་འགྱུར་གྱིས། །རྙོགས་པའི་ཆུ་ལ་འགོགས་འགྱུར་བཞིན། །བྱིན་རླབས་དབང་ཆོག་འཐོབ་པའི་གེགས། །རྣམ་པ་བརྒྱད་དུ་རྒྱལ་བས་བཤད། །ཅེས་མདོར་བསྟན་ཏེ། དེ་ཡང་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་མངོན་དུ་བརྙེས་པའི་དངོས་གྲུབ་ཀྱི་མཆོག་དམ་པ་ནི་གང་ཞེ་ན། ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཡིན་ཏེ། དེ་ཐབས་གང་གིས་རྟོགས་པར་འགྱུར་ན། གསང་སྔགས་ཀྱི་དབང་བསྐུར་བ་རྣམ་པར་དག་པ་དང་དེའི་བྱིན་རླབས་ལས་རྟོགས་པར་འགྱུར་བའི་ཕྱིར་ན། དེ་ཡང་ཡིན་ནོ་ཞེས་དོན་གཅིག་པར་སྨྲོས་ནས། དེ་ལྟ་བུའི་དབང་སྐུར་བ་དེ་འཐོབ་པའམ་འབྱུང་བ་ནི་སློབ་བུའི་རྒྱུད་དག་པ་ལ་ལྟོས་པའི་ཚུལ། དཔེར་ན་རྙོགས་པ་མེད་ཅིང་ཤིན་ཏུ་དྭངས་པའི་རྒྱ་མཚོ་ལ་ནི་ཉི་ཟླའི་གཟུགས་བརྙན་རྩོལ་མེད་དུ་འབྱུང་བར་འགྱུར་གྱིས། གང་ཞིག་རྙོགས་པར་གྱུར་པའི་ཆུ་ལ་ནི་དེའི་གཟུགས་བརྙན་འགགས་པར་འགྱུར་བའི་དཔེ་དེ་བཞིན་དུ། གོང་དུ་སྨྲོས་པའི་བྱིན་རླབས་དབང་གི་མཆོག་དེ་ཡང་སློབ་བུའི་རྒྱུད་ལོག་ལྟ་ལ་སོགས་པས་རྙོགས་པར་མ་གྱུར་ཞིང་དད་པ་དང་མོས་གུས་རྣམ་པར་དག་པས་སེམས་དྭངས་པར་འགྱུར་བ་ལ་ནི་འཐོབ་པར་འགྱུར་ལ། གཞན་དུ་དེ་ལས་ལྡོག་པའི་གེགས་རྣམ་པ་བརྒྱད་དུ་རྒྱལ་བས་གང་ཞིག་བཤད་པ་རྣམས་དང་ལྡན་པར་གྱུར་ན་ནི་དོན་དེ་འཐོབ་པར་འགྱུར་བ་མ་ཡིན་ནོ། །ཞེས་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་པ་ལ་བརྒྱད་ལས། དང་པོ་གང་ཞེ་ན། དེ་འཆད་པའི་ཕྱིར། སྟོན་པ་སྔོན་བྱུང་སློབ་དཔོན་ལ། བཀའ་གཅོག་བརྙས་པར་བྱེད་པ་ནི། དབང་དང་དངོས་གྲུབ་དང་པོའི་གེགས། ཞེས་གསུངས་ཏེ། དེ་ཡང་བདག་ཅག་མ་རིག་པའི་དབང་གིས་འཁོར་བའི་གཡང་ས་ཆེན་པོར་འཁྱམས་བཞིན་པ་ལ། ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ཟབ་མོ་སྟོན་པ་པོར་སྔོན་དུ་བྱུང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉིད་དེ། དེ་ཉིད་འདིར་རང་གི་སྒོར་ཡང་སློབ་དཔོན་གྱི་རྣམ་པར་སྣང་བ་ཡང་། མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། སྨྲེ་སྔགས་མ་འདོན་ཀུན་དགའ་བོ། ང་ནི་ཕྱི་མའི་དུས་ཀྱི་ཚེ། དགེ་བའི་བཤེས་གཉེན་ཉིད་གྱུར་ནས། ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། ཞེས་གསུངས་པ་ལྟར་ཏེ། དེ་ལྟར་ན་མཚན་ཉིད་དང་ལྡན་པའི་བཤེས་གཉེན་གྱི་བཀའ་མི་བཅག་པར་ཚུལ་བཞིན་དུ་བསྟེན་པར་རིགས་ཏེ། འཕགས་མཆོག་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། བསྟེན་ནས་རབ་ཏུ་མང་པོས་ཞི་བ་འཐོབ། ཅེས་གསུངས་པ་ལྟར་རོ། །དེ་ལྟར་ནའང་དམ་ཚིག་གསལ་བཀྲ་ལས་བཤད་པ་ལྟར་གྱི་སྤྱིར་སློབ་དཔོན་དྲུག་དང་། བྱེ་བྲག་ཐུན་མོང་མ་ཡིན་པའི་སློབ་དཔོན་གསུམ་ལ་སོགས་པ་ལ་གུས་པ་མི་བསྐྱེད་པའི་ཁར། དེ་དག་གི་བཀའ་བཅགས་ཤིང་། སྒོ་གསུམ་གྱི་སྤྱོད་པས་བརྙས་པར་བྱེད་པ་དེ་ནི་དབང་བསྐུར་བ་དང་། དེ་ཉིད་ཀྱིས་དོན་དུ་གཉེར་བྱ་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པ་ལ་བར་དུ་གཅོད་པར་བྱེད་པའི་མཐུ་ཤིན་ཏུ་ཆེ་བ་དང་པོའི་གེགས་སོ། །ཞེས་གསུངས་ཏེ་ཚིག་མཇུག་འདིའི་དོན་འོག་མ་རྣམས་ལའང་རིགས་འགྲེ་ཤེས་པར་བྱའོ། །འོ་ན་གེགས་གཉིས་པ་དེ་གང་ཞེ་ན། དེ་འཆད་པའི་ཕྱིར། བླ་མེད་འགྲོ་བའི་རྡོ་རྗེའི་སྤུན། འཁུ་ལྡོག་གདུང་བའི་སེམས་མེད་ན། དབང་དང་དངོས་གྲུབ་གཉིས་པའི་གེགས། ཞེས་གསུངས་ཏེ། བདག་ཅག་རྣམས་ཀྱིས་བླ་ན་མེད་པའི་འབྲས་བུའི་མཆོག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བར་བྱེད་པ་ལ། དེ་རུ་འགྲོ་བའི་ལམ་གྱི་ཟླ་བོར་གྱུར་པ་ནི་རྡོ་རྗེའི་སྤུན་གྲོགས་རྣམས་ཏེ། དེ་ལའང་གསལ་བཀྲ་ལས་བཤད་པ་ལྟར་གྱི་སྤྱི་རིང་ཉེ་དང་ནང་འདྲེས་ཀྱི་སྤུན་བཞིར་དབྱེ་བའི་ཕྱི་མ་གསུམ་ལ་ལྷག་པར་དུ་ཡང་བྱམས་པའི་བསམ་སྦྱོར་གྱིས་བཀུར་སྟི་བྱེད་དགོས་པའི་ཚུལ་རྩ་རྒྱུད་ལས། ཡང་དག་ལམ་དུ་ཞུགས་ལ་བྱམས། ཞེས་གསུངས་པ་ལྟར་ཏེ། དེ་ལྟ་ནའང་བསྙེན་བཀུར་མི་བྱེད་པར་མ་ཟད་འཁུ་ཞིང་ལྡོག་པའི་བསམ་སྦྱོར་གྱིས་བརྩེ་ཞིང་གདུང་བའི་སེམས་མེད་པར་གྱུར་ན་ནི། དབང་དང་དངོས་གྲུབ་འཐོབ་པ་ལ་བར་དུ་གཅོད་པ་གཉིས་པའི་གེགས་སོ། །ཞེས་གསུངས་པའོ། །གེགས་གསུམ་པ་དེ་ཡང་གང་ཞེ་ན། དེ་འཆད་པའི་ཕྱིར། བྱང་ཆུབ་སེམས་ལ་འདུད་མེད་ཅིང་། ཐར་ལམ་འདྲེན་པའི་ལྷ་སྤོང་བ། དབང་དང་བྱིན་རླབས་གསུམ་པའི་གེགས། ཞེས་གསུངས་ཏེ། དེ་ཡང་དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། ཞེས་བཤད་པ་ལྟར་ཉན་རང་འཕགས་པའི་དགེ་འདུན་རྣམས་ཀྱང་སངས་རྒྱས་ལ་བརྟེན་ནས་བྱུང་ཞིང་། སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་བྱུང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་བྱུང་བའི་ཕྱིར་མཐར་ཐུག་གི་སྐྱབས་གནས་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁོ་ནར་ངེས་པས་ན་དེ་ཉིད་དང་། དེ་ཉིད་ཕྱག་རྒྱའི་རྣམ་པར་ཤར་བའི་ལྷག་པའི་ལྷ་རབ་འབྱམས་ལའང་རྣམ་པ་ཀུན་ཏུ་གུས་འདུད་བྱེད་པར་རིགས་ཏེ། དཀོན་ཅོག་འགྲེལ་ལས། དཀོན་ཅོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། དེ་སྩོལ་བླ་མ་དེ་རྒྱུ་ལྷག་པའི་ལྷ། དེ་དབང་སྤྲུལ་པའི་འཁོར་ལོ་བཅས་པ་ལ། ཕྱག་འཚལ་དེ་སྟོན་ལམ་དང་སྒྲུབ་བཅས་ལའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་བྱང་ཆུབ་ཀྱི་སེམས་གང་ལ་གུས་པ་མེད་ཅིང་། ཐར་བའི་ལམ་དུ་འདྲེན་པར་བྱེད་པའི་ལྷག་པའི་ལྷ་རྣམས་ཀྱང་སྤོང་བར་བྱེད་པ་དེ་ནི་དབང་དང་བྱིན་རླབས་འཐོབ་པ་ལ་བར་དུ་གཅོད་པར་བྱེད་པ་གསུམ་པའི་གེགས་སོ། །ཞེས་པའོ། །འོ་ན་གེགས་བཞི་བ་དེ་གང་ཞེ་ན། དེ་འཆད་པའི་ཕྱིར། སྙིང་རྗེའི་ཡུལ་གྱུར་སེམས་ཅན་ལ། །ཐག་པ་གཅོད་པ་བཞི་བའི་གེགས། ཞེས་གསུངས་ཏེ། དེ་ཡང་འཁོར་བ་ལ་ཐོག་མ་མེད་པའི་ཕྱིར་མཐའ་ཡས་པའི་སེམས་ཅན་འདི་དག་ཐམས་ཅད་ཀྱིས་བདག་ཅག་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་དེ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། རེ་རེས་རྒྱ་མཚོ་བཞི་ལས་ལྷག་པ་ཡི། འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། སྐྱེ་བོའི་རྗེས་སུ་སྤྱོད་པའི་འཁོར་བ་བས། དེ་བས་ཆེས་མང་བ་ཞིག་འཐུང་འཚལ་ལོ། །རེ་རེས་བདག་ཉིད་རུས་པའི་ཕུང་བོ་ནི། ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། རི་བུར་བསྒྲངས་ཀྱང་ས་ཡིས་ལངས་མི་འགྱུར། ཞེས་ས་ཆེན་པོ་འདི་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་བགྲངས་ནས་འདི་ནི་བདག་གི་མའོ། །འདི་ནི་བདག་གི་མའི་མའོ་ཞེས་བགྲངས་ཀྱང་། ས་ཆེན་པོ་ལ་འཛད་པའི་དུས་དེ་ཡོད་ཀྱི་མའི་མཐའ་ལ་ནི་ཐུག་པ་མེད་དོ། །ཞེས་མིང་ཚིག་ཏུ་འདོམས་ནས། དེ་ལྟ་བུའི་མ་དེ་དག་གིས་ཀྱང་བདག་ཅག་རྣམས་བྱམས་བརྩེའི་དབང་གིས་ནུ་ཞོ་ཁོ་ནའི་དྲིན་གྱིས་བསྐྱངས་ཕྱིར། སེམས་ཅན་རེ་རེས་ཀྱང་རྒྱ་མཚོ་བཞི་བས་ལྷག་པའི་མའི་ནུ་ཞོ་འཐུངས་སོ་ཞེས་གསུངས་ཏེ། དེ་ལྟར་ན་ད་ལྟའི་གནས་སྐབས་སུ་དྲིན་ཅན་གྱི་མ་དེ་དག་ལ་ལ་ནི་དམྱལ་བ་ན་ཚ་གྲང་གི་སྡུག་བསྔལ་ལ་སྤྱོད། ལ་ལ་ནི་ཡི་དྭགས་ཀྱི་གནས་ན་བཀྲེས་སྐོམས་ཀྱི་སྡུག་བསྔལ་ལ་སྤྱོད། ལ་ལ་ནི་དུད་འགྲོའི་གནས་ན་བཀོལ་སྤྱོད་དང་གླེན་རྨོངས་ཀྱི་སྡུག་བསྔལ་ལ་སྤྱོད་ཅིང་ཤིན་ཏུ་ཉམས་ཐག་པས་ན། དེ་དག་རྣམས་སྡུག་བསྔལ་དེ་ལས་བསྒྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་དབང་མེད་དུ་བསྐྱེད་པར་རིགས་ཏེ། སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་སྔ་ནས། སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་སྙིང་རྗེའི་ཡུལ་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་པ་ནི་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་བསྐྱེད་པའི་ཐབས་ཀྱི་མཆོག་ཏུ་གྱུར་པའང་ཡིན་པའི་ཚུལ་སློབ་དཔོན་བཻ་རོ་ཙ་ནས། རྟོགས་པ་ཤུགས་ལས་འཆར་གྱི་སྙིང་རྗེ་གཏོང་ཕོད་བསྐྱེད། ཅེས་གསུངས་པ་ལྟར་ནའང་། བློ་ལས་སུ་མ་རུང་བ་དག་སྙིང་རྗེ་དང་གཏོང་ཕོད་མི་བསྐྱེད་པའི་ཁར་ད་དུང་སེམས་ཅན་དེ་དག་གི་རེ་བ་བཟློག་ནས་ཞེ་ཐག་པ་ནས་གཅོད་པར་བྱེད་པ་འདི་ནི་བཞི་བའི་གེགས་སོ། །ཞེས་པའོ། །འོ་ན་གེགས་ལྔ་བ་དེ་ཡང་གང་ཡིན་ཞེ་ན། དེ་འཆད་པའི་ཕྱིར། གསང་བས་གསང་བའི་ལྟ་སྤྱོད་རྣམས། །ཡོངས་ལ་བྱིན་པ་གེགས་ལྔ་ཡིན། ཞེས་གསུངས་ཏེ། དེ་ཡང་སྤྱིར་གསང་བ་ཙམ་ལ་དབྱེ་ན་རྩ་རྒྱུད་ལས། གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ཏེ། ཞེས་སོགས་གསུངས་པ་ལྟར་གབ་སྦས་ཀྱི་གསང་བ་གཉིས་དང་། དེ་ལས་ཀྱང་གབ་པའི་གསང་བ་ལ་རང་བཞིན་གྱི་གསང་བ་དང་། གབ་གསང་དངོས་གཉིས། སྦས་པའི་གསང་བ་ལ་མི་བསྟན་པའི་གསང་བ་དང་སྦས་གསང་དངོས་གཉིས་ཏེ་བཞི་ལས། འདིར་གསང་བ་བས་ཀྱང་ཆེས་གསང་བ་མི་བསྟན་པའི་གསང་བ་ཉིད་ལའང་། དམ་ཚིག་གསལ་བཀྲ་ལས་བཤད་པ་ལྟར་གྱི། སྤྱི་གསང་བཞི་དང་བར་གསང་བཞི། གསང་བར་འོས་དང་གཉེར་གཏད་གཉིས་ཏེ་བཅུ་ཡོད་པ་དེ་དག་ནི་རང་རང་གི་གསང་བའི་དུས་དེ་ལས་མ་འདས་ཀྱི་བར་སུ་ལའང་བསྟན་པར་བྱ་བ་མ་ཡིན་པ་ཞིག་ལ། དེ་དག་ལས་སྤྱིར་གསང་བཞིའི་ནང་ཚན་གསང་བའི་ལྟ་བ་ཟབ་མོ་དང་སྤྱོད་པ་བརླངས་པོ་ལ་སོགས་པ་རྣམས་སྣོད་དང་ལྡན་མི་ལྡན་མ་བརྟགས་པར་ཁྱབ་མཉམ་དུ་ཡོངས་ལ་སྦྱིན་པར་བྱེད་པ་ནི་འོས་པ་མ་ཡིན་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། གསང་བའི་དོན་ཕྱིར་སྨྲ་མི་བྱ། ཞེས་དང་། བཤགས་གཞུང་ལས། གསང་བཅུ་བསྒྲགས་ཤིང་བླ་མ་བསླུས། །རྩ་བའི་དམ་ཉམས་མཐོལ་ལོ་བཤགས། ཞེས་གསུངས་པ་ལྟར་ཏེ། དེ་ལྟར་ན་གསང་བ་ཁྱབ་མཉམ་དུ་བྱིན་པ་དེ་ནི་གེགས་ལྔ་བ་ཡིན་ནོ། །འོ་ན་གེགས་དྲུག་པ་དེ་གང་ཞེ་ན། དེ་འཆད་པའི་ཕྱིར། ཐར་ལམ་སྟོན་ལ་འདུད་མེད་ཅིང་། སེར་སྣས་བཅིང་བ་དྲུག་པའི་གེགས། །ཞེས་གསུངས་ཏེ། དེ་ཡང་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་ཐར་བའི་ལམ་ཟབ་མོ་མ་ནོར་བར་སྟོན་པར་མཛད་པ་ལ། ད་དུང་ཡང་འདི་ནི་ལམ་ངེས་པ་ཡིན་ནམ་མ་ཡིན་ནམ་སྙམ་དུ་ཐེ་ཚོམ་པར་གྱུར་ནས་ལམ་དེ་ལ་གུས་འདུད་མེད་པར་གྱུར་ན་ནི་གསང་སྔགས་ཀྱི་དངོས་གྲུབ་མི་ཐོབ་པའི་དཔེ་འཇིག་རྟེན་ན་ནོར་རྫས་ཕྲ་མོའི་ཆེད་དུ་གཞན་དག་ལ་རེ་ལྟོས་འཆའ་བ་ནའང་། སྙིང་གཏད་དེ་མ་བཅོལ་ན་དོན་དེ་མི་འགྲུབ་པ་དང་ཆོས་མཚུངས་པར། འདིར་ཡང་བླ་མས་གང་ཞིག་བསྟན་པའི་ལམ་དེ་ལ་ཐེ་ཚོམ་མེད་པའི་འདུན་པ་བརྟན་པོར་བཟུངས་ནས་ཞུགས་ན་བསླུ་བ་མེད་ཅིང་དེ་ལས་བཟློག་ན་རེ་བ་མི་འགྲུབ་པའི་ཚུལ། ལུང་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །དབང་བསྐུར་བྱིན་གྱིས་རློབས་པ་ཡིན། ཞེས་དང་། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པ་ལྟར་ངེས་སོ། །དེ་ལྟར་ནའང་ལམ་དེ་ལ་གུས་པ་མི་བསྐྱེད་ཅིང་རང་རྒྱུད་སེར་སྣས་ཡོངས་སུ་བཅིངས་པའི་དབང་གིས་དཀོན་མཆོག་ལ་མཆོད་པ་དང་། ངན་སློང་ལ་སྦྱིན་པ་གང་ཡང་མི་ནུས་པ་འདི་ནི་དྲུག་པའི་གེགས་སོ། །ཞེས་པའོ། །འོ་ན་གེགས་བདུན་པ་དེ་གང་ཞེ་ན། དེ་འཆད་པའི་ཕྱིར། གཟུ་ལུམ་དབང་བྱེད་ལས་ལ་སྤྱོད། །དངོས་གྲུབ་མྱུར་བའི་གེགས་བདུན་པ། ཞེས་གསུངས་ཏེ། དེ་ཡང་རྒྱལ་བའི་བཀའ་ལུང་ཚད་མ། བླ་མའི་མན་ངག་ཚད་མ། རང་གི་རིགས་པ་ཚད་མ་སྟེ། ཚད་མ་གསུམ་གྱིས་གཞལ་ན་མདོ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་ལོག་པར་སྟོན་ནུས་པ་ཡང་། བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། ལུང་དང་རིགས་པ་མན་ངག་གི །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་གསུངས་པ་ལྟར་ལ། དེ་ལྟར་མ་ཡིན་པའི་རང་འདོད་ཀྱི་དབང་གིས་རྒྱལ་བའི་བཀའ་ཟབ་མོ་དག་གི་དོན། ཕོ་ཚོད་དང་གཟུ་ལུམ་གྱིས་ཕྱིན་ཅི་ལོག་ཏུ་རང་དབང་བྱེད་ཅིང་། བསྙེན་སྒྲུབ་ལ་སོགས་སྔོན་དུ་མ་སོང་བཞིན་དུ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ལ་སྤྱོད་པ་ནི་ལམ་དུ་ཞུགས་ཟིན་པ་རྣམས་ལའང་ཡན་ལག་སྦོམ་པོའི་ལྟུང་བ་ཆེ་ཤོས་སུ་འགྱུར་ཞིང་། འདིར་ཡང་དངོས་གྲུབ་ཟབ་མོ་མྱུར་དུ་འཐོབ་པར་བྱེད་པ་ལ་བར་དུ་གཅོད་པར་འགྱུར་བའི་གེགས་བདུན་པ་ཡིན་ནོ། །ཞེས་པའོ། །འོ་ན་གེགས་བརྒྱད་པ་དེ་གང་ཡིན་ཞེ་ན། དེ་འཆད་པའི་ཕྱིར། འདོད་པའི་ཁེ་གྲགས་ལྷུར་ལེན་ཅིང་། །གསང་བའི་དམ་ཚིག་སྤོང་བ་སྟེ། །འདི་ནི་བརྒྱད་པའི་གེགས་སུ་བཤད། ཅེས་གསུངས་ཏེ། དེ་ཡང་གསང་བའི་དམ་ཚིག་རྣམས་ནི་སྲོག་ལ་བབས་ཀྱང་འདའ་བར་བྱ་བ་མ་ཡིན་པས་རྣམ་པ་ཀུན་ཏུ་མིག་གི་འབྲས་བུ་བཞིན་དུ་བསྲུང་དགོས་ཏེ། དེ་ལྟར་མ་བསྲུང་ན་ཚེ་འདིར་ཡང་མི་འདོད་པའི་རྐྱེན་ངན་རླུང་ལྟར་འཚུབས་ཤིང་ཕྱི་མར་རྡོ་རྗེའི་དམྱལ་བར་སྐྱེ་བར་གདོན་མི་ཟ་སྟེ། དབང་གི་སྔོན་དུ་དམ་ཆུ་སྦྱིན་པའི་སྐབས་སུ་ཡང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་བསྲུང་དངོས་གྲུབ་རྣམ་གཉིས་འཐོབ། །དམ་ཚིག་ཉམས་ན་དམྱལ་བར་ལྟུང་། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཁེ་ཉེན་གྱི་རང་བཞིན་ཤེས་སམ་མི་ཤེས་ཀྱང་རུང་སྟེ། འདོད་པའི་དབང་གིས་ཚེ་འདིའི་ཁེ་དང་སྙན་གྲགས་ལྷུར་ལེན་ཞིང་། གསང་བའི་དམ་ཚིག་ཟབ་མོ་རྣམས་ལ་ཅང་མི་སེམས་པར་སྤོང་བར་བྱེད་པ་སྟེ། འདི་ནི་དངོས་གྲུབ་ལ་བར་དུ་གཅོད་པར་བྱེད་པ་བརྒྱད་པར་གྱུར་པའི་གེགས་སུ་རྒྱལ་བ་རྣམས་ཀྱིས་བཤད་དོ། །ཞེས་སོ། །དེ་ལྟར་ན་བར་དུ་གཅོད་པའི་ཉེས་པ་འདི་དག་ཡོངས་སུ་སྤོང་བར་བྱེད་པའི་གང་ཟག་དེ་ནི་དངོས་གྲུབ་དམ་པ་དབང་གི་སྣོད་དུ་འགྱུར། དེ་ལས་ལྡོག་པ་ནི་མི་འགྱུར་བས་ན། ཁྱེད་ཅག་རྣམས་ཀྱིས་ཀྱང་སྐྱོན་འདི་དག་ཡོངས་སུ་སྤོངས་ཤིག་ཅེས་གདམས་པའི་ཕྱིར། ཉེས་པ་འདི་དག་སྤང་བ་ནི། །དངོས་གྲུབ་དབང་གི་སྣོད་དུ་འགྱུར། ཞེས་གསུངས་སོ། །དེ་ལྟར་དབང་གི་གེགས་བརྒྱད་ངོ་སྤྲད་ནས་བར་ཆད་ཡོད་མེད་བརྟགས་ཕྱིར་རྨི་ལམ་བཟུངས་ཏེ། ཞག་དེའི་ཕྱི་ཉིན་ནས་དབང་བསྐུར་དངོས་ལ་འཇུག་དགོས་པ་ཡིན་ཏེ། མདོར་བསྡུས་ཙམ་བཤད་གྲུབ་བོ། །སྨྲས་པ། གསང་ཆེན་སྨིན་བྱེད་དབང་གི་སྔོན་རོལ་དུ། གེགས་བརྒྱད་ཤེས་ནས་རང་རྒྱུད་མ་བཅོས་ན། ཟབ་ཟབ་དབང་བརྒྱ་ཐོབ་པའང་འཕྱང་མོ་ཉུག དེ་ཕྱིར་ཕན་པའི་སེམས་ཀྱིས་འདི་བྲིས་སོ། །ད་ནི་སྤྱི་དོན་གསུམ་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་དོན་བཤད་པར་བྱ་སྟེ། དེ་ཡང་སྤྱིར་རྒྱུ་མཚན་ཉིད་ཀྱི་ཐེག་པའི་དབང་དུ་བྱས་ནས་ཐར་ལམ་དོན་གཉེར་གྱི་གང་ཟག་དེ་དབང་པོ་རྣོ་རྟུལ་གྱི་རིམ་པས་བསྐལ་བ་གྲངས་མེད་གསུམ་མམ་བདུན་ལ་སོགས་པ་ན་ལམ་ལྔ་ས་བཅུའི་ཡོན་ཏན་མཐར་ཕྱིན་ཏེ་རྒྱུན་མཐའི་བར་ཆད་མེད་ལམ་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་སྒྲིབ་ཕྲ་བ་བཅོམ་ནས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་གསུངས་པ་གང་ཞིག་གསང་སྔགས་ཀྱི་ལམ་འདིར་བསྐྱེད་རྫོགས་རིམ་པ་གཉིས་ལ་བརྟེན་ནས་དབང་པོ་དང་བརྩོན་འགྲུས་མཆོག་དམན་གྱི་དབང་གིས་ཚེ་གཅིག་ལ་སོགས་པར་མཆོག་གི་དངོས་གྲུབ་སྐུ་གསུམ་ཡན་ལག་བདུན་ལྡན་མངོན་དུ་བྱེད་དོ་ཞེས་འདོད་པ་ལ། དེ་འཆད་པའི་ཕྱིར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ངེས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདིར། བདག་འདོད་ཚད་མས་ཡོངས་བསྒོམ་བློ་ཅན་གྱིས་ཀྱང་བསྔགས། ཞེས་གསུངས་ཏེ། དེ་ཡང་ལོངས་སྤྱོད་རྫོགས་པ་དང་། ཁ་སྦྱོར་དང་། བདེ་བ་ཆེན་པོ་སྟེ་གསུམ་ནི་ལོངས་སྐུ་རང་གི་ངོས་ནས་བཞག་པའི་ཡན་ལག་དང་། རང་བཞིན་མེད་པ་ནི་དེ་ཉིད་ཀྱི་ངོ་བོ་བཞུགས་ཚུལ་རྣམ་པར་དག་པ་ཆོས་ཀྱི་སྐུའི་ངོས་ནས་བཞག་པའི་ཡན་ལག་དང་། སྙིང་རྗེས་ངེས་གང་དང་། རྒྱུན་མི་འཆད་པ་དང་། འགོག་པ་མེད་པ་སྟེ་གསུམ་ནི་རྩལ་སྣང་སྤྲུལ་སྐུའི་ངོས་ནས་བཞག་པའི་ཡན་ལག་སྟེ། ཁ་སྦྱོར་ཡན་ལག་བདུན་ནོ། །དེ་ལྟར་ན་ལོངས་སྤྱོད་རྫོགས་སྐུས་ནི་ཆོས་སྐུ་དང་སྤྲུལ་པའི་སྐུ་ཡང་བཟུང་བ་ཡིན་ཏེ། སྐུ་གསུམ་ལ་ཐ་དད་པ་ཉིད་མི་མངའ་བའི་ཕྱིར་རོ། །འོ་ན་དེའི་དོན་གང་ཞེ་ན། གོ་རིམ་བཞིན་དུ་འཆད་པ་ལ། ཐོག་མར་ལོངས་སྤྱོད་རྫོགས་པའི་དོན་ནི། གང་ཞིག་ལོངས་སྐུ་དེ་ཉིད་རང་གི་ངོ་བོ་ཆོས་ཀྱི་སྐུ་ལས་མ་འདས་པས་ན་མྱ་ངན་ལས་འདས་པ་དང་། རྩལ་སྣང་གདུལ་བྱའི་ཁམས་དང་འཚམས་པར་ཅིར་ཡང་འཆར་བས་ན་འཁོར་བའི་ཆོས་ཏེ་དེ་གཉིས་ཀ་ལ་གཉིས་སུ་མེད་པའི་ཚུལ་གྱིས་ལོངས་སྤྱོད་པའི་མཛད་པ་ཡོངས་སུ་རྫོགས་པ་མཚན་དཔེས་སྤྲས་པའི་གཟུགས་ཀྱི་སྐུ་དེའོ། །གཉིས་པ་ཁ་སྦྱོར་གྱི་དོན་ནི། སྤྱིར་ལོངས་སྐུ་ཙམ་ཞིག་ནི་ཕར་ཕྱིན་ཐེག་པ་ལས་ཀྱང་གསུངས་པས་ན། འདིར་དེ་ལས་ཁྱད་པར་དུ་བྱ་བའི་དོན་དུ་ལྷ་ཡབ་དེ་ཉིད་དང་མཚུངས་པའི་ལྷ་མོ་དང་ཁ་སྦྱོར་དུ་སྙོམས་པར་ཞུགས་པའི་རྣམ་པར་བསྟན་པའོ། །འོ་ན་དེ་ཅི་དགོས་ཏེ་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དགའ་བའི་ངོ་བོ་ཙམ་གྱིས་སེམས་ཅན་གྱི་དོན་ཐམས་ཅད་འགྲུབ་པའི་ཕྱིར་རོ་ཞེ་ན། དགོས་པ་ཡོད་དེ། འདོད་ཁམས་ཀྱི་སེམས་ཅན་ལྷག་པར་དུ་ཡང་ཆགས་པའི་སྤྱོད་པ་ལ་མོས་པ་གང་ཞིག་རྗེས་སུ་བཟུང་བའི་ཕྱིར་འདིར་ཡང་སྙོམས་པར་འཇུག་པ་བསྟན་པ་ཡིན་པའི་ཕྱིར་རོ། །གསུམ་པ་བདེ་བ་ཆེན་པོའི་དོན་ནི། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པ་དང་བུད་མེད་ཀྱི་ཁ་སྦྱོར་ལྟ་བུ་ལས་ནི་བདེ་བ་ཙམ་ཡང་བསྐྱེད་དུ་མི་གཏུབ་པ་གང་ཞིག འདིར་དེ་ལས་ཁྱད་པར་དུ་གྱུར་པ་ཉིད་འབྱེད་པའི་ཕྱིར་བདེ་ཆེན་དུ་སྨྲོས་ཏེ། དེ་ཡང་ལུས་ལས་བྱུང་བའི་བདེ་བ་དང་། སེམས་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་ནི་བདེ་བ་ཙམ་སྟེ། དེ་ཉིད་ཀྱང་ཤིན་ཏུ་རྒྱ་ཆེ་བ་དང་། ཟག་པ་མེད་པ་དང་། གྱ་ནོམ་པ་དང་། འཁོར་བ་ཇི་སྲིད་བར་གནས་པས་ན་ཆེན་པོ་ཞེས་བྱའོ། །བཞི་བ་རང་བཞིན་མེད་པའི་དོན་ནི། དེ་ལྟ་བུའི་སངས་རྒྱས་དེ་ཡང་རང་བཞིན་མེད་པ་གཅིག་བསྒྲུབ་བྱ་ཡིན་གྱི་བདེན་པར་བཟུངས་ནས་མ་ཡིན་ནོ། །ཞེས་སྟོན་པའི་ཕྱིར། དེ་སྐད་ཅེས་སྨྲོས་ཏེ། ཡུམ་གྱི་མདོ་ལས་ཀྱང་། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པ་ལས་ལྷག་པའི་ཆོས་གཞན་ཞིག་ཡོད་ན། དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་ང་སྨྲའོ། །ཞེས་གསུངས་པ་ལྟར། སྦྱོར་བ་བདུན་པ་ལས་ཀྱང་། དངོས་པོ་ཀུན་གྱི་ནང་ནས་ཀྱང་། །རང་བཞིན་མེད་པ་གཙོ་བོར་བཤད། །ཅི་ཕྱིར་རྒྱལ་བའི་སྲས་རྣམས་ཀྱིས། །འདི་བསྒོམ་པས་ན་སངས་རྒྱས་ཀྱི། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། ཅེས་རྒྱལ་བའི་སྲས་རྣམས་ཀྱིས་ལམ་བསྒོམ་པའི་དུས་སུ་ཡང་དངོས་པོ་རང་བཞིན་མེད་པར་རྟོགས་པ་ཉིད་བསྒོམ་བྱའི་གཙོ་བོར་བཤད་པ་བཞིན་མཐར་ཐུག་གི་འབྲས་བུ་ཆོས་ཀྱི་སྐུ། རང་བཞིན་མེད་པ་ཡང་འཐོབ་བྱའི་མཆོག་ཏུ་འགྱུར་ལ། དེ་ལྟ་བུའི་རང་བཞིན་མེད་པ་དེ་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་བ་ཉིད་ཡིན་གྱི། ནམ་མཁའི་མེ་ཏོག་གམ། རི་བོང་གི་རྭ་བཞིན་དུ་སོང་བའི་སྟོང་བ་ནི་མེད་པ་ཡིན་པས་མངོན་དུ་བྱ་བར་མི་རུང་སྟེ། གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་། སྦྱིན་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་རྣམས་དང་མ་བྲལ་བའི་སྟོང་པ་ཉིད་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་བ་ཉིད་དུ་གསུངས་པའི་ཕྱིར། སྦྱིན་པ་ལ་སོགས་པ་དང་། ལོངས་སྐུ་ལ་སོགས་པའི་རྣམ་པ་རྣམས་ནི་མཆོག་ཡིན་ཏེ། དེ་རྣམས་བུམ་པ་ལ་སོགས་པའི་རྣམ་པ་གཞན་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །རྣམ་པ་དེ་དག་དང་ལྡན་ཞིང་འབྱོར་བ་དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་བ་ཉིད་དོ། །ལྔ་བ་སྙིང་རྗེས་ངེས་གང་ཞེས་པའི་དོན་ནི། ཇི་ལྟར་ལུས་ཀྱི་རྣམ་པ་མེད་ན་དེའི་བྱེད་ལས་ཀྱིས་གཞན་དོན་སྒྲུབ་པའང་མེད་པ་བཞིན་དུ། སྙིང་རྗེ་ཆེན་པོ་མེད་པའང་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྲུབ་པས་ན། སྙིང་རྗེས་ལུས་ངེས་པར་གང་བའམ་སྟོབས་སུ་གྱུར་པ་སྟེ། གང་ཞིག་དམིགས་པ་མེད་པའི་སྙིང་རྗེས་ཡིད་བཞིན་ནོར་བུ་ལྟར་རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་མཛད་པའོ། །དྲུག་པ་རྒྱུན་མི་འཆད་པ་ནི། དེ་ལྟ་བུའི་ལོངས་སྐུ་གང་ཞིག ཇི་སྐད་བཤད་པའི་ཡོན་ཏན་རྣམས་དང་ལྡན་པའི་རྒྱུན་ཉིད་ལ་རབ་ཏུ་འཇུག་ཅིང་། དེ་སྲིད་དུ་མཐའ་གཉིས་ཀ་ལ་མི་གནས་པའི་མྱང་འདས་ཡིན་པའི་ཕྱིར་རོ། །དེས་ན་སྐབས་འགའ་ཞིག་ཏུ་འཇུག་པ་དང་ལྡོག་པའི་མཚན་ཉིད་བར་ཆད་དང་བཅས་པ་ནི་མ་ཡིན་ནོ། །བདུན་པ་འགོག་པ་མེད་པའི་དོན་ནི། ལོངས་སྐུ་དེ་དུས་ཅུང་ཞིག་བཞུགས་ནས་རྣམ་པར་ཆད་པ་མ་ཡིན་གྱི་འཁོར་བ་ཇི་སྲིད་པར་བཞུགས་ཏེ་ཕྲིན་ལས་རྣམ་པ་བཞི་འགོག་པ་མེད་པས་གདུལ་བྱ་རྣམས་གང་ལ་གང་འདུལ་གྱིས་གདུལ་བར་འགྱུར་ཏེ། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་ཕྱིར་དང་། སེམས་ཅན་རྒྱུན་མི་འཆད་པའི་ཕྱིར་རོ། །ཞེས་སྨྲོས་ནས་དེ་དག་གི་མཇུག་བསྡུ་བའི་ཕྱིར། དེ་ལྟར་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ། ཇི་སྐད་བཤད་པའི་དོན་འདི་དག་དང་ལྡན་པ་དེ་ནི་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱིས་གང་ཞིག་བསྒྲུབ་པར་བྱ་བའི་འབྲས་བུ་ཀུན་གྱི་མཐར་ཐུག་པའོ། །ཞེས་དེ་སྐད་འདིར་བདག་ངག་དབང་གྲགས་པས་འདོད་ལ། དེར་མ་ཟད་ཚད་མས་ཡོངས་སུ་བསྒོམ་པ་སྟེ་བློ་ཡོངས་སུ་དག་པར་བྱས་པའི་བློ་གྲོས་ཅན་མཁས་པ་རྣམས་ཀྱིས་ཀྱང་ཚུལ་འདི་ཁོ་ན་བསྔགས་ཤིང་བསྟོད་དོ། །ཞེས་གསུངས་པ་སྟེ། དེ་ལྟར་ན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་དོན་བཤད་པ་དེ་ཡང་གྲུབ་བོ། །འདིར་སྨྲས་པ། ལེགས་བཤད་ཆུ་གཏེར་ཆེན་པོ་ལས་འོངས་པའི། །བརྗོད་དོན་ཡིད་བཞིན་ནོར་བུའི་ཕྲེང་བ་འདི། །སྐལ་ལྡན་གདེང་ཅན་དབང་པོའི་གཙུག་རྒྱན་དུ། །འདི་ན་དོན་གཉེར་དག་གི་མཐུ་ཡིས་བླངས། །ཀྱེ་ཧོ་ད་ནི་དོན་འདིས་དབུལ་བ་ལ། །ཐབས་གཞན་བསྟན་པའི་བློ་དེ་རབ་སྤོངས་ནས། །ཚུལ་འདི་ཁོ་ནར་གསོལ་བར་འདེབས་མཛོད་དང་། །དགོས་དགུ་འབྱུང་བའི་ཁྱད་ཆོས་མངའ་བ་ལགས། །གང་ལ་རྨོངས་པའི་སྡུག་བསྔལ་གྱིས་གདུངས་པ། །དེ་ལ་ལྷག་པར་བརྩེ་བ་མཁྱེན་པའི་གཏེར། །མགོན་པོ་དེ་ཡིས་ཚེ་རབས་ཐམས་ཅད་དུ། །བདག་བློ་ནེམ་ནུར་མེད་པ་སྐྱོང་བར་ཤོག །འདི་ལྟར་བརྩོན་པའི་དགེ་ཚོགས་འོད་དཀར་ཅན། །མ་རྟོགས་ལོག་པའི་མུན་པར་འཕྱན་རྣམས་ལ། །སྣང་བ་དམ་པ་ཉིད་དུ་རབ་གྱུར་ཏེ། །དེ་རིང་ཉིད་ནས་ལམ་བཟང་རྙེད་པར་ཤོག། ཅེས་པའང་ཨོ་རྒྱན་སྨིན་གྲོལ་གླིང་གི་རྒྱུད་བཤད་མཁན་ཟུར་བ་སྔགས་རྒྱུད་རབ་འབྱམས་སྨྲ་བའི་དགེ་སློང་རྡོ་རྗེ་འཛིན་པ་འགྱུར་མེད་ཆོས་དབང་ནས་དྲི་བ་ཇི་ལྟར་ཕེབས་པའི་དོན་བཞིན་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་ཞབས་པད་གཙུག་ཏུ་འཛིན་པའི་མདོ་ཁམས་ཀྱི་བནྡེ་ཆོས་སྨྲ་བ་རྒྱལ་བའི་སྲས་པོའི་མིང་གི་ཅོད་པཎ་འཆང་བ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས་འོག་མིན་གཉིས་པ་མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ་ཤར་མར་སྤེལ་བ་མངྒ་ལཾ། །

དཔལ་ཡུལ་དབོན་སྤྲུལ་རིན་པོ་ཆེའི་དྲིས་ལན་ཟླ་ཞུན་སྣང་བ།

༄། །དཔལ་ཡུལ་དབོན་སྤྲུལ་རིན་པོ་ཆེའི་དྲིས་ལན་ཟླ་ཞུན་སྣང་བ་ཞེས་བྱ་བ་བཞུགས། །དོན་ཟབ་ཚིག་གི་མཚར་སྡུག་མཐའ་ཡས་པས། །དཔྱོད་ལྡན་སྐྱེ་བོའི་ཡིད་དབང་འཕྲོག་མཛད་པའི། །རྒྱ་མཚོའི་བུ་མོ་གང་དང་རྩེན་པའི་ཡབ། །འཇམ་དབྱངས་བླ་མ་སྙིང་གི་པདྨོར་རོལ། །འདིར་ལུགས་ཟུང་དཔལ་གྱིས་མངོན་པར་མཐོ་ཞིང་མཁྱེན་རབ་ཀྱི་སྤྱན་དཀྱུས་རྣམ་པར་ཡངས་པ་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་ལྟ་བུར་ཆོས་མཐུན་གྱི་དྲིས་ལན་ལུང་རིགས་དང་འབྲེལ་བ་འབུལ་བའི་ནུས་པ་ཁོ་བོ་ཅག་ལ་ཅང་མ་མཆིས་ཀྱང་། དམ་པའི་གསུངས་ལྟོས་མེད་དུ་འདོར་བ་འོས་མ་ཡིན་པའི་ཚུལ་ལ་ལེགས་པར་བསམ་ནས་དྲི་བའི་གོ་རིམ་དང་མཐུན་པའི་ལན་རྣམས་ཀྱང་གང་ཟིན་ཁྲིགས་མེད་དུ་འབུལ་བ་ལ། ཐོག་མར་འདུལ་བའི་གོས་ཀྱི་གཞིའི་སྐབས་འཕྲོས་ལས་སྤྱིར་བཏང་དགེ་སློང་ལ་འཚོ་བའི་ཡོ་བྱད་བཅུ་གསུམ་ཡོད་ཀྱང་། དེའི་ནང་ཚན་ཆོས་གོས་རྣམ་པ་གསུམ་ནི། སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་སོ། །དང་པོ་ནི། སྣམ་ཕྲན་དགུ་ནས་ཉེར་ལྔའི་བར་དང་། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པ་སྟེ། ཆེ་སྐོར། འབྲིང་སྐོར། ཆུང་སྐོར་གསུམ་ལས་ནང་གསེས་ཀྱི་ཁྱད་པར་དགུ་ཡོད། དེ་ཐམས་ཅད་ཀྱི་རྒྱ་ཚད་ནི་སྲིད་དུ་ཁྲུ་ལྔ་བ་དང་། ཞེང་དུ་ཁྲུ་གསུམ་པ་སྟེ་བླ་གོས་དང་ཚད་མཉམ། གཉིས་པ་ནི། སྣམ་ཕྲན་བདུན་མ་དང་། གླེགས་བུ་ཕྱེད་དང་གསུམ་པ་སྟེ། ད་ལྟ་ཡོངས་གྲགས་ཀྱི་ཆོས་གོས་འདི་ག་ཡིན། གསུམ་པ་ནི་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་པ་སྟེ། རྒྱ་ཚད་སྲིད་དུ་ཁྲུ་ལྔ་དང་ཞེང་དུ་ཁྲུ་དོ་ཡོད་པའོ། །དེ་ལས་བླ་གོས་ནི། བླའམ་སྟོད་དུ་གྱོན་རྒྱུའི་གོས་དང་། མཐང་གོས་ནི། སྨད་དམ་ནང་དུ་གྱོན་རྒྱུའི་གོས་ཏེ། ད་ལྟ་ཁ་ཅིག་གིས་ཤམ་ཐབས་ལེའུ་ཅན་ཟེར་བ་དེ་ཡིན། དེ་གཉིས་ཀ་དང་བསྒྲགས་ནས་སོ་སོའི་ནང་དུ་ཉིན་མོ་དང་མཚན་མོར་གྱོན་རྒྱུའི་གོས་ལ། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན། ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་ཞེས་གཉིས་གཉིས་ཡོད། དེ་དག་ད་ལྟ་ཡོངས་གྲགས་ཀྱི་གཟན། ཤམ་ཐབས་ཟེར་བ་དག་དང་དོན་གཅིག དེ་རྣམས་གྱོན་པའི་དུས་ཀྱང་རིམ་པ་བཞིན། སྣམ་སྦྱར་གྱོན་པའི་དུས་ལྔའམ་དྲུག་སྟེ། ཟས་ཀྱི་ཐོག་མ་ལ་འདུག་པའི་དུས་དང་། ཆོས་འཆད་པ་དང་ཉན་པའི་དུས་དང་། དཀོན་མཆོག་གི་རྟེན་ལ་ཕྱག་འཚལ་བའི་དུས་དང་། དགེ་འདུན་གྱི་ལས་བྱེད་པའི་དུས་དང་། བསོད་སྙོམས་ལ་རྒྱུ་བའི་དུས་རྣམས་ཏེ་གཞན་དུ་བསྒོ་བར་མི་བྱ། བླ་གོས་ནི་མི་གཙང་བས་གོས་པ་སོགས་འབག་པའི་ལས་བྱེད་སྐབས་མ་གཏོགས་རྟག་ཏུ་བསྒོ་བར་བྱ་བ་དང་། མཐང་གོས་ནི་ཉིན་མཚན་ཀུན་ཏུ་ཅི་བདེར་བསྒོ་བར་བྱ་བའོ། །དེ་ལྟ་ནའང་སྣམ་སྦྱར་ནི་དགེ་སློང་གི་རྟགས་ཐུན་མོང་མ་ཡིན་པར་གྱུར་ཅིང་། ཡང་གོས་ཀྱི་བྱེ་བྲག་ཟླ་གམ་དུ་གྲགས་པ་ནི། རྒྱུད་ལས། སྔགས་པ་རྣམས་ཀྱི་ལས་བཞི་དང་མཐུན་པའི་གོས་གྱོན་པར་བཤད་པའི་ནང་ཚན་དབྱིབས་ཟླ་གམ་དང་། ཁ་དོན་དམར་པོའི་སྒོ་ནས་དབང་གི་གོས་སུ་བཞག་པ་དེ་ཡིན་ཀྱང་། བོད་འདིར་གྲང་བ་ཆེ་བ་དང་། ཟླ་གམ་གོས་སྣ་གུ་ཅན་མ་ཡིན་པའི་རྒྱུ་མཚན་གྱིས་རུང་མཐུན་བརྩིས་ནས་རབ་བྱུང་སྨད་འདུལ་བ་རྣམས་ཀྱིས་ཀྱང་བསྒོ་བར་མཛད་པའོ། །ཡང་ནང་བ་སངས་རྒྱས་པའི་ལྟ་གྲུབ་རྣམ་པ་བཞིར་གྲགས་པ་ནི་ཐེག་དམན་བྱེ་མདོ་གཉིས་དང་། ཐེག་ཆེན་དབུ་སེམས་གཉིས་ཏེ་བཞི་ཡིན་ལ། དེ་དག་གི་རྩེ་མོ་ཡང་དབུ་མ་ཡིན་ཞིང་། དེ་ལ་ནང་གསེས་ཐལ་རང་གཉིས་སམ། ཡང་ན་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་སུ་དབྱེ་བ་སོགས་མང་དུ་ཡོད་ཀྱང་། དེ་རྣམས་ཀྱི་ནང་ནས་མཐར་ཐུག་གང་ཡིན་ལ། ཀུན་མཁྱེན་བླ་མས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ། རྒྱལ་བའི་དགོངས་པ་མཐར་ཐུག་སྙིང་པོའི་དོན། །ཐལ་འགྱུར་བས་ནི་སྤྲོས་པ་ཀུན་འགོག་ཅིང་། །ཞེས་གསུངས་པའི་སྐབས་ཀྱི་མཛོད་འགྲེལ་པདྨ་དཀར་པོར་གཟིགས་པས་གསལ་ཞིང་། གཞན་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རྒྱལ་བའི་བཀའ་འཁོར་ལོ་གསུམ་གྱི་དགོངས་འགྲེལ་གྱི་བསྟན་བཅོས་ཚོགས་གསུམ་མཛད་པ་རྣམས་ནི་གོ་རིམ་བཞིན་སྦྱར་བར་བྱ་བ་ཡིན་ཡང་། སྔ་མ་སྔ་མའི་སྦས་དོན་ཕྱི་མ་ཕྱི་མའི་བརྗོད་བྱ་དངོས་བསྟན་དུ་ཤེས་དགོས་པའི་ཕྱིར་བསྟན་བཅོས་ནང་འགལ་གྱི་ཉེས་པ་མེད་དོ། །ཡང་ཤིང་རྟ་རྣམ་པ་གཉིས་ལས། འཕགས་པ་ཀླུ་སྒྲུབ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་འདས་པ་ན་འཁྲུངས་པ་དང་། ཐོགས་མེད་ཞབས་ལོ་བཞི་བརྒྱ་འདས་པ་ན་འཁྲུངས་པ་མདོ་ལས་བཤད་པ་ལྟར་ཡིན་ཡང་བསྟན་བཅོས་ཕྱི་མོ་ལ་ཡིག་སྐྱོན་ཐལ་བར་སེམས་སོ། །ཡང་དབུ་མ་ལ་རང་སྟོང་དང་གཞན་སྟོང་གི་བརྡ་ཆད་བྱེད་པ་འདི་རྒྱ་བོད་ཀྱི་བསྟན་བཅོས་རྙིང་པ་རྣམས་ལ་མ་གྲགས་ཀྱང་། ཕྱིས་སུ་བོད་འདིར་ཡུ་མོ་གྲུབ་ཆེན་མི་བསྐྱོད་རྡོ་རྗེས་དབུ་མ་གཞན་སྟོང་གི་རྣམ་བཞག་མཛད་པ་ནི། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་རྣམས་ལ་རང་སྟོང་པ་ཞེས་གྲགས་ཤིང་། དོན་ལ་གཞན་སྟོང་པ་ནི་དོན་དམ་རང་གི་ངོ་བོ་ནས་མི་སྟོང་ཡང་གཞན་ཀུན་རྫོབ་ཀྱིས་སྟོང་བ་བུམ་པ་དང་ཆུའི་དཔེ་སོགས་ཀྱིས་གཏན་ལ་འབེབ་ཚུལ་སོར་ཕྲེང་གི་མདོར་བཤད་པ་དེ་ཉིད་ངེས་དོན་མཐར་ཐུག་ཏུ་བཞེད་པའི་ལུགས་ཡིན་ནོ། །ཡང་གསར་རྙིང་ཐུན་མོང་གི་རྒྱུད་ནས་བཤད་པའི་རྩ་ལྟུང་བཅུ་བཞིའི་ནང་ཚན། དམ་ཚིག་རྫས་ནི་ཇི་བཞིན་ཉིད། །མི་བརྟེན་པ་ནི་བཅུ་གསུམ་པ། །ཞེས་གསུངས་པ་དང་དོན་གྱི་གནད་གཅིག་པར་གོ་སྟེ། དེ་ལྟར་ན་ཕྱག་རྒྱ་འཛིན་པའི་ཁོངས་སུ་འདུ་བར་སེམས་ཏེ། ཐུགས་མཚན་དམ་ཚིག་གི་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །དེ་ཇི་ལྟར་འཆང་བའི་ཚུལ་ལ་ཚིག་སྤྱི་སྦས་དང་མཐར་ཐུག་གི་དོན་སོ་སོར་སྦྱར་ནས་འཆད་དུ་ཡོད་ཀྱང་། ལས་དང་པོ་པ་ལ་དགོངས་ནས། གསར་རྙིང་གི་དམ་པ་འགའ་ཞིག་ཕྱག་མཚན་དངོས་འབྲལ་མེད་དུ་འཆང་བའམ། དེ་ལྟར་མ་གྲུབ་ནའང་ཐ་ན་རི་མོ་ཚུན་ཆད་ཀྱི་དངོས་པོ་མི་འབྲལ་བར་འཆང་བའི་ཕྱག་ལེན་མཛད་དོ། །བཏགས་གྲོལ་གྱི་གླེགས་བམ་ནི། དབུགས་ལ་སླེབ་ན་ལེགས་ཀྱང་། གལ་ཏེ་མ་སླེབ་པར་རོ་ལ་བཏགས་ན་ཡང་ཕན་ཡོན་ནི་ཡོད་དེ། དཔེར་ན་སོར་འཕྲེང་གི་འཁོར་ལོའི་སྔོན་གྱི་འབྱུང་བའི་ལོ་རྒྱུས་བཞིན་ནོ། །གསོན་དུས་རྒྱུན་འཆང་རུང་མིན་ལ་རྫོགས་ཆེན་སྙིང་ཐིག་གི་རྒྱུད་ཆེན་རྣམས་སུ་རྒྱུན་འཆང་མི་རུང་བའི་གསལ་ཁ་མེད་ཀྱང་། གཏེར་རྒྱུད་ཁ་ཅིག་ཏུ་དགེ་སྡིག་གཉིས་ཀར་འགྱུར་ཁྱད་ཡོད་ཕྱིར་དགེ་བ་སྒྲུབ་དུས་མ་གཏོགས་འཆང་མི་རུང་བར་བཤད་པ་དག་སྣང་རུང་། དེ་ལྟར་ན་གསོན་ཚེ་ལུས་ཀྱི་དྲོད་དང་འབྲལ་མེད་དུ་འཆང་བར་བཤད་པ་དང་ཅུང་ཟད་འགལ་བར་འགྱུར་བའི་ཕྱིར། ཕྱི་མ་འདིའི་དགོངས་པ་ཁ་ཅིག་འདི་ཉིད་ཀྱིས་སྙེམས་བྱས་ནས་སྡིག་པ་ལ་མི་འཛེམ་པར་འགྱུར་དུ་དོགས་ནས་དགོངས་པ་ཅན་གྱི་གསུངས་ཡིན་པར་སེམས་སོ། །ཡང་ཁྲེགས་ཆོད་དང་ཐོད་རྒལ་གྱི་ངེས་ཚིག་ནི། རིམ་པ་བཞིན་ཐག་རྦད་དེ་ཆོད་པ་ལ་ཁྲེགས་ཆོད་ཅེས་བྱ་སྟེ། འཇིག་རྟེན་ནའང་ཁྲེགས་སེ་ཆོད་ཟེར་བ་དང་མཚུངས་ཏེ་ཚིག་རང་གི་ངོ་བོ་ནི་བརྡའ་རྙིང་ཡིན་ནོ། །དེ་བཞིན་ཏུ་ལམ་གཞན་བར་ནས་བོར་ཏེ་སོང་བ་ལ་ཐོད་རྒལ་ཞེས་བྱ་སྟེ་ལམ་གཞན་ལས་ཆེས་ཆེར་མྱུར་བའི་རྒྱུ་མཚན་གྱིས་བརྡའ་ཆད་དེ་ལྟར་མཛད་དོ། །ཡང་རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེའི་དབྱེ་བ་ལ། རྗོད་བྱེད་ཚིག་གི་དབྱེ་བ་ནི་སེམས་ནམ་མཁའ་ཆེ་སོགས་སེམས་སྨད་བཅོ་བརྒྱད་སེམས་སྡེ་དང་། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་སོགས་ཀློང་སྡེ་དང་། ཐིག་ལེ་ཀུན་གསལ་གྱི་རྒྱུད་སོགས་མན་ངག་གི་སྡེ་སྟེ། དེ་རྣམས་སོ་སོའི་ནང་གསེས་རྒྱུད་སྡེའི་རྣམ་གྲངས་ནི་ཀུན་མཁྱེན་བླ་མས་གྲུབ་མཐའ་མཛོད་དང་ཆོས་དབྱིངས་རིན་པོ་ཆེའི་མཛོད་འགྲེལ་སོགས་སུ་རྒྱ་ཆེར་གསུངས་པ་ལ་གཟིགས་པས་ཁོང་དུ་ཆུད་པར་འགྱུར་ཞིང་། ཡང་བརྗོད་བྱ་དོན་གྱི་ཁྱད་པར་ལ་རྣམ་གྲངས་མང་ཡང་མདོར་བསྡུས་པ། རིག་འཛིན་འཇིགས་མེད་གླིང་བས་ཡོན་ཏན་རིན་པོ་ཆེའི་མཛོད་ལས། སེམས་ཀྱི་སྡེ་ནི་རོལ་པའི་རྩལ་དུ་ཤར། །ཀློང་གི་སྡེ་ནི་རང་སྣང་བཀོད་པའི་རྒྱན། །མན་ངག་སྡེ་ནི་མེད་སྣང་སྟོང་བའི་གཟུགས། །ཞེས་གསུངས་པའི་སྐབས་ཀྱི་རང་འགྲེལ་རྣམ་མཁྱེན་ཤིང་རྟར་གཟིགས་པས་མཁྱེན་པར་འགྱུར་བ་ཡིན་ནོ། །ཡང་ཨ་ཏི་ལས་གོང་དུ་ཡང་ཏི་དང་། སྤྱི་ཏི་ཟེར་བའི་རྣམ་བཞག་འདི་སྔ་འགྱུར་དཀའ་མའི་ཕྱོགས་ལ་མ་གྲགས་མོད་དེ། གཏེར་རྒྱུད་ཁ་ཅིག་ལས་དེ་ལྟར་བཤད་སྣང་བ་ཡང་མན་ངག་སྡེའི་ནང་གསེས་ཀྱི་རྣམ་གྲངས་ཙམ་ལས་གཞན་མ་ཡིན་པར་ཤེས་དགོས་སམ་སྙམ་མོ། །སྨྲས་པ། ཕལ་ཆེར་ལྟ་བ་མཐོང་ཡང་སྤྱོད་པ་རྩིང་། །ལ་ལ་སྤྱོད་པའི་བླང་དོར་ཞིབ་ན་ཡང་། །མཐར་ལྟའི་གཡང་ལ་དོགས་པ་མེད་པར་འཇུག །ཀྱེ་མ་ལྟ་སྤྱོད་འཛོམས་པ་ཉིན་སྐར་ཙམ། །ངན་སོང་སྒོ་གཙང་ཚུལ་ཁྲིམས་བསླབ་པ་སྟེ། །ཤེས་རབ་ཟབ་མོའི་རྟེན་ནི་ཏིང་འཛིན་ཡིན། །སྲིད་རྩ་བདག་འཛིན་གཅོད་བྱེད་ཤེས་རབ་སྟེ། །དེས་ན་ཐར་འདོད་བསླབ་གསུམ་ཟུང་འབྲེལ་འཚལ། །ཀྱེ་ཧུད་འཇིག་རྟེན་གསུམ་གྱི་རིན་ཆེན་མཆོག །ཐུབ་བསྟན་ཉི་མ་ནུབ་རིའི་རྩེ་མོ་རུ། །ལྷུང་ལ་ཐོས་བསམ་སྒོམ་པའི་སོར་རྩེ་ཡང་། །གཡོ་བར་མི་བྱེད་བསྟན་འཛིན་དེས་ཅི་ཞིག །འདི་ལྟར་སྙིགས་མའི་གདོན་གྱིས་ཆེས་ནོན་པའི། །འགྲོ་ལ་བསམ་ན་དམ་ཆོས་བདུད་རྩི་དང་། འབྲེལ་བའི་འབེལ་གཏམ་སྤྱོད་པའི་སྐལ་བཟང་ཡང་། །དམ་པའི་བདག་རྐྱེན་ཡིན་སྙམ་ངལ་གསོ་ཐོབ། །འདི་ན་ལེགས་བཤད་སྙིང་པོས་ཆེས་སྟོངས་ཀྱང་། །ལྷག་བསམ་ཟླ་བ་ཞུན་མའི་མདངས་འཛིན་པའི། །ཆོས་མཐུན་གཏམ་གྱི་དུང་ཆེན་བུས་པའི་སྒྲས། འགྲོ་ཀུན་གཏི་མུག་གཉིད་ལས་སད་པར་ཤོག །ཅེས་མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ཡུལ་དབོན་སྤྲུལ་རིན་པོ་ཆེ་ནས་དྲི་ཚིག་ལེབ་རྒན་དར་གྱི་གནང་སྐྱེས་དང་འགྲོགས་པ་སྤྱི་བོར་ཕེབས་པའི་བཞེད་སྐོང་དུ་ཆོས་སྨྲ་བའི་བཙུན་པ་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་དགེ། དགེའོ།། །།

ཞེ་ཆེན་མ་ཧཱ་པཎ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་པར་རྒྱལ་བས་དྲིས་པའི་ལན།

༄། །ཞེ་ཆེན་མ་ཧཱ་པཎ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་པར་རྒྱལ་བས་དྲིས་པའི་ལན་བཞུགས་སོ། །ལྷག་པའི་ལྷ་དང་དབྱེར་མ་མཆིས་པའི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ལགས། བཀའ་འདྲི་ཇི་ལྟར་ཕེབས་པ་རྣམས་ཀྱི་ཚིག་དོན་ལ་བརྟགས་དཔྱད་ཞིབ་འཇུག་བགྱིས་པར། ཐོག་མར་དབོན་སྤྲུལ་ཞལ་སྔ་ནས། བླ་མེད་དབང་སྤྱིའི་རྒྱུག་བྱང་ནས་ལོ་ཆེན་དབང་བཤད་འཇུག་པ་གནང་རྒྱུར། སྦྱང་གཞི། སྦྱོང་བྱེད། སྦྱངས་འབྲས་སོགས་ཞིབ་མོར་སྦྱོར་ཟེར་ནས་ཡིག་ཆུང་འདོན་པ་ཀཿརྫོགས་ཞེ་གསུམ་ཕྱག་ལེན་ཡིན་ཡང་མཉན་མཁན་དཔྱོད་ཤེས་ལ་རྣ་བར་མི་འབབ་སྙམ། ངེད་ནས་སྨིན་གླིང་རྗེ་བཙུན་མར་སྙན་སྒྲོན་ཕུལ་ནས་བཤད་པ་གསར་བ་འདི་བཞིན་ཡོད་པ་གཟིགས་ཕུལ་བ་འགལ་འདུ་ཡོད་མེད་གསུང་གསལ་ཞུ། ཞེས་ཕེབས་པར། ཁོ་བོས་ནི་སྦྱང་གཞི་སོགས་ཀྱི་ཚིག་འདི་དག་སྤྱིར་བཏང་ཡིག་ཆུང་ཡིན་པར་མི་སེམས་ཤིང་། ཁྱད་པར་འཆད་པ་པོས་བཀྲལ་ནས་བཤད་དགོས་རྒྱུ་ཡིན་པར་མི་སེམས་ཏེ། ཅིའི་ཕྱིར་ཞེ་ན། འདི་ནི་རྒྱུད་སྡེ་འོག་མ་རྣམས་ལས་མ་ཧཱ་ཡོ་ག་ཁྱད་པར་དུ་འཕགས་པའི་ཚུལ་སྨོས་པའི་སྐབས་ཡིན་པ་གང་ཞིག གོང་དུ། དེ་ཡང་མ་ཧཱ་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་ཀྱི་དོན་ལ་བློ་འབྱོར་བས་ཡོ་ག་ཕྱི་བ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཞེས་དང་། འདི་ནི་ཐེག་པ་འོག་མ་རྣམས་ཀུན་རྫོབ་རྫས་ཡོད་དང་བཏགས་ཡོད་དུ་བཟུངས་ནས་བཟང་ངན་བླང་དོར་དུ་ལྟ་བ་ལས་འཕགས་ཏེ། ཞེས་གསུངས་ནས་འཕགས་ཆོས་དངོས་འཆད་པའི་སྐབས་སུ། རྒྱུད་སྡེ་འོག་མ་ལས་སྦྱང་གཞི་སོགས་ཕུང་ཁམས་སྐྱེ་མཆེད་ཀྱི་དག་པ་ཞིབ་མོར་མ་སྦྱར་བ་ལ་འདིར་དེ་ཞིབ་མོར་སྦྱོར་བའི་ཁྱད་པར། རྒྱུད་སྡེ་འོག་མར་ཐུན་མཚམས་སུ་སྣང་བ་ལྷར་མི་སྒོམ་པ་ལས། འདིར་དེ་སྒོམ་པའི་ཁྱད་པར་རྒྱུད་སྡེ་འོག་མར་ལུས་ལ་གནད་དུ་སྣུན་པའི་ཐབས་ཀྱིས་བདེ་སྟོང་ཟུང་འཇུག་སྒྲུབ་ཚུལ་མེད་པ་ལས། འདིར་དེ་སྒྲུབ་ཚུལ་ཡོད་པའི་ཁྱད་པར་རྒྱུད་སྡེ་འོག་མར་ཉེ་རྒྱུའི་སྤྱོད་པས་འབྲས་བུ་ལ་སྦྱོར་ཚུལ་མ་བཤད་པ་ལས། འདིར་དེ་བཤད་པའི་ཁྱད་པར་སྟེ་བཞིར་གསུངས་པའི་ཕྱིར། དེ་སྐད་དུ་ཡང་རྩ་བར། ལམ་བསྐྱེད་རིམ། མ་དག་པའི་སྣང་བ་དབྱིངས་སུ་སྦྱངས་པའི་དཀྱིལ་འཁོར་གྱི་འཁོར་ལོར་སྒོམ་ཞིང་། དབང་དང་བསྐྱེད་རིམ་གཉིས་ཀ་ལ། ཡར་འབྲས་བུའི་བཞུགས་ཚུལ་དང་རྣམ་པ་མཐུན་པའི་ལམ་དུ་བྱེད་ཚུལ་དང་། མར་འཁོར་བ་དང་རྣམ་པ་མཐུན་པའི་དྲི་མ་སྦྱོང་ཚུལ་ཏེ། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་རྣམས་ཞིབ་མོར་སྦྱོར། ཐུན་མཚམས་སུ་ཡང་སྣང་བ་ཐམས་ཅད་ལྷར་སྒོམ། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་སྣུན་པའི་ཐབས་ཀྱིས་སེམས་དང་ཡིད་དང་རླུང་རྣམས་དབུ་མར་ཐིམ་པས་མངོན་དུ་གྱུར་པའི་བདེ་སྟོང་ཟུང་འཇུག་སྒྲུབ། སྤྱོད་པ་རྣམ་པ་གསུམ་གྱི་ཉེ་རྒྱུས་འབྲས་བུ་ལ་སྦྱོར་བར་བཞེད། ཅེས་གསུངས། དེ་ལྟར་ན་འཕགས་ཆོས་དང་པོ་སྦྱང་གཞི་སོགས་རྒྱས་པར་བཀྲལ་ནས་འཆད་དགོས་ཚེ། འཕགས་ཆོས་གཉིས་པ་སྣང་བ་ལྷར་སྒོམ་ཚུལ་དང་། གསུམ་པ་ཟུང་འཇུག་སྒྲུབ་ཚུལ་དང་། བཞི་བ་ཉེ་རྒྱུའི་སྤྱོད་པ་སྐྱོང་ཚུལ་མཐའ་དག་རྒྱས་པར་བཀྲལ་ནས་འཆད་དགོས་པར་སྣང་བས་ན་ཧ་ཅང་ཐལ་བར་སེམས་ཏེ། གཞན་དུ་ན་སྔ་མ་བཀྲལ་ནས་ཕྱི་མ་རྣམས་མ་བཀྲལ་བ་ལ་ཤེས་བྱེད་ཀྱི་རྒྱུ་མཚན་ངེས་པ་འགོད་དུ་མེད་པའི་ཕྱིར་རོ། །གལ་ཏེ་ཅི་ནས་ཀྱང་ཁྱད་པར་འཕགས་ཆོས་དང་པོ་སྦྱང་གཞི་སོགས་ཁོ་ན་ཉིད་ཡིག་ཆུང་ཡིན་ཞིང་། དེ་ཡང་འཆད་པ་པོས་བཀྲལ་དགོས་པ་ཞིག་ནའང་། འདིར་སྦྱང་གཞི་དཀྱིལ་འཁོར་བཞིར། སྦྱོང་བྱེད་དབང་བཞིའི་ལམ་བསྐྱེད་རྫོགས་ཡན་ལག་བཞིས། སྦྱང་བྱ་དབང་རང་རང་གི་ངོ་སྐལ་དུ་གྱུར་པའི་སྒྲིབ་པ་བཞི་སྦྱངས་ནས། སྦྱངས་འབྲས་སྐུ་བཞི་ལ་སྦྱོར་ཚུལ་རྣམས་མི་འཆད་པར་གཞན་ཞིག་འཆད་དོན་ཅུང་འདུག་གམ་དགོངས་དཔྱད་མཛོད། ཡང་ཞལ་སྔ་ནས། སྨིན་གླིང་ནས་རྒྱུད་བཤད་ཁོག་དབུབ་ལ་ཨ་ཏི་སྤྱི་དོན་དྲུག་གིས་འཆད་ལུགས་དང་། ཨ་ནུ་ལུང་བདུན་གྱིས་འཆད་ལུགས་བཤད་གསར་དེར་ཡོད་པ་འགྲོ། གདུང་ཚིག་ཉེར་གསུམ་ཤོ་ལོ་ཀས་དོན་ཉེར་གསུམ་ཕྱེས་པ་ཡང་གཟིགས་ལས་ཆེ། ཞེས་གསུངས་པ་ལ། སྔ་མ་གཉིས་ཤྲཱི་ཛྭ་ལས་བྲིས་པ་དེ་མཐོང་བྱུང་། གདུང་ཚིག་ཉེར་གསུམ་ཤོ་ལོ་ཀས་དོན་ཉེར་གསུམ་ཕྱེས་པ་དེ་མ་མཐོང་ཡང་། འདིར་ཀྱེ་མ་ཀྱི་ཧུད་ལ་སོགས་པའི་ཤོ་ལོ་ཀ་གཅིག་དེས་དོན་ཉེར་གསུམ་བསྟན་པར་སྨྲས་ཡོད་ཚེ། གཞུང་མ་མཐོང་བའི་གཟུ་ལུམ་ཡིན་པར་སེམས་ཏེ། འདུས་མདོའི་དམ་པས་གདུང་བ་བཏོན་པའི་ལེའུ་སྟེ་གསུམ་པ་ལས། ཨེ་མ་ཧོ་ཀྱི་ཧུད་ཨེ་མའོ་བློང་། །སྟོན་པའི་སྒྲོན་མའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པས་གདུང་ཚིག་དང་པོ་དང་། ཚད་མའི་ཞལ་དེ་མི་བཞུགས་པས། །ཚད་མས་གསུངས་པའི་བསྟན་པ་ལ། །འཇུག་པར་འཚལ་བའི་འགྲོ་བ་རྣམས། །ལོག་པར་འཇུག་པར་མི་འགྱུར་རམ། །ཞེས་པས་གཉིས་པ་དང་། ཚད་མར་དམ་བཅས་གང་ཟག་གིས། །ངེས་མ་རྙེད་པའི་གང་ཟག་ལ། །ཕན་པར་བྱ་ཕྱིར་བཀའ་བཀྲོལ་བས། །གཏན་ལ་ཕེབས་པར་འགྱུར་ཞིག་གུ། །ཞེས་པས་གསུམ་པ་དང་། ལེགས་ཉེས་འབྱེད་པའི་སྤྱན་ཟུམ་པས། །བཀའ་ཉིད་ཁྱད་དུ་གསོད་པ་ཡི། །སྐྱོན་གྱི་སྤྱི་གཙུག་མཐར་ཕྱིན་པས། །ལོག་སྟོབས་འཕེལ་བར་མི་འགྱུར་རམ། །ཞེས་པས་བཞི་བ་དང་། ལོག་པའི་བསྟན་པའི་སྤྲིན་འཁྲིགས་པས། །བདེན་པ་གཉིས་ཀྱི་ཉི་ཟླ་ནུབ། །འགྲོ་བ་གང་ཞིག་ལམ་འཚོལ་བ། །མུན་པར་འཁྱམས་པར་མི་འགྱུར་རམ། །ཞེས་པས་ལྔ་བ་དང་། སྟོན་པ་མྱ་ངན་འདས་འོག་ཏུ། །བདུད་དང་སྲིན་པོ་མུ་སྟེགས་དང་། །གནོད་སྦྱིན་འབྱུང་བོ་མི་མ་ཡིན། །མ་རུངས་གདུག་པ་སུས་འདུལ་འགྱུར། །ཞེས་པས་དྲུག་པ་དང་། དྲི་མེད་བསྟན་པའི་བདུད་རྩི་འདི། །ནུབ་ན་ཤིན་ཏུ་མ་རུང་ན། །རྩལ་དང་ལྡན་པ་སུ་ཞིག་གིས། །འབར་ཞིང་སྣང་བར་བྱེད་པར་འགྱུར། །ཞེས་པས་བདུན་པ་དང་། བསླབ་པ་དམ་པའི་རིན་པོ་ཆེ། །བྲལ་ན་ཤིན་ཏུ་མ་རུང་ན། །སྐྱེས་བུ་དམ་པ་གང་ཞིག་གིས། །ཚུལ་རྣམས་འཛིན་པར་བྱེད་པར་འགྱུར། །ཞེས་པས་བརྒྱད་པ་དང་། སྟོན་པ་མི་བཞུགས་དེ་རྗེས་ན། །སྟོན་པའི་སློབ་མ་ཇི་སྙེད་པ། །འཕགས་དང་གང་ཟག་ཐ་དད་པ། །ལུང་བསྟན་འབྱུང་བ་གང་སུ་ཞིག །ཅེས་པས་དགུ་བ་དང་། བསྟན་པ་ནམ་མཁའ་འདྲ་བ་ལ། །མོས་པ་ཐ་དད་པར་བཟུང་ནས། །ཡིན་དང་མ་ཡིན་ཆ་འཛིན་ཅིང་། །རྩོད་པ་འཕེལ་བར་མི་འགྱུར་རམ། །ཞེས་པས་བཅུ་བ་དང་། དེ་ཉིད་ངེས་པར་རིགས་གཅིག་ལ། །རིགས་མི་མཐུན་པར་ཐ་དད་སྤྱོད། །རིགས་གཅིག་ཐ་དད་རིགས་རྣམས་སུ། །བསླད་ཅིང་བཅོས་པར་མི་འགྱུར་རམ། །ཞེས་པས་བཅུ་གཅིག་པ་དང་། རིན་ཐང་མེད་པའི་རིན་པོ་ཆེ། །མི་མཁས་གང་ཟག་ཐ་དད་པས། །ཉོན་མོངས་འདོད་པས་ཁྲིད་དབང་གིས། །དུག་དང་རྗེ་བར་མི་འགྱུར་རམ། །ཞེས་པས་བཅུ་གཉིས་པ་དང་། ཆོས་ཀྱི་རྒྱལ་པོ་སྟོན་པ་སྟེ། །འདི་སྔོན་ཕན་ཆད་ཞལ་བཞུགས་ཚེ། །མ་རུངས་པ་རྣམས་འཚེ་བགྱིད་ན། །གདུག་པ་དར་བར་མི་འགྱུར་རམ། །ཞེས་པས་བཅུ་གསུམ་པ་དང་། གང་འདིར་བསྟན་པ་གནས་པའི་ཡུན། །ཇི་སྲིད་གཅིག་ཏུ་གནས་པར་འགྱུར། །ཞེས་པས་བཅུ་བཞི་བ་དང་། གང་འདིར་སྔར་འབྱུང་གང་སྔར་འབྱུང་། །ཕྱིས་འབྱུང་དུས་འདི་ཇི་ལྟར་འགྱུར། །ཞེས་པས་བཅོ་ལྔ་པ་དང་། སྟོན་པའི་བསྟན་པ་ཐ་མའི་ཚེ། །ངེས་པར་ཇི་ལྟར་འགྱུར་ཅིག་གུ། །ཞེས་པས་བཅུ་དྲུག་པ་དང་། བསླབ་པ་འཛིན་པའི་སློབ་མ་རྣམས། །ཐ་མ་ཇི་ལྟར་འགྱུར་ཞིག་གུ། །ཞེས་པས་བཅུ་བདུན་པ་དང་། འདི་ནས་མྱ་ངན་འདས་འོག་ཏུ། །གང་ལྟར་སུ་ཡི་སྟོན་པར་གཤེགས། །ཞིང་ཁམས་ཕྱོགས་ནི་གང་ན་བཞུགས། །དེ་ན་བསྟན་པ་ཅི་ཞིག་སྒྲོག །ཞེས་པས་བཅོ་བརྒྱད་པ་དང་། ད་ཡོད་འཇིག་རྟེན་མགོན་མེད་རྣམས། །མགོན་དང་སྐྱབས་སུ་གང་ཞིག་འགྱུར། །ཞེས་པས་བཅུ་དགུ་བ་དང་། འཕྲུལ་གྱི་བློ་དང་གྲོས་སྟོར་ན། །བློ་དང་གྲོས་ནི་གང་ནས་བཙལ། །ཞེས་པས་ཉི་ཤུ་པ་དང་། ངེས་པའི་དོན་འདི་མ་རྙེད་ན། །ད་ཡོད་ངེས་དོན་གང་ལས་གཟུང་། །ཞེས་པས་ཉེར་གཅིག་པ་དང་། མཆོད་གནས་ཡིད་རྟེན་མི་བཞུགས་ན། །སྐུ་གདུང་ཇི་ལྟར་འགྱུར་ཞིག་གུ། །སླད་ཀྱི་མཆོད་གནས་ཅི་ལ་བགྱི། །ཞེས་པས་ཉེར་གཉིས་པ་དང་། ད་ལྟ་སྟོན་པ་འདས་འོག་ཏུ། །གདུང་འཚོབ་སྐྱེས་བུ་འབྱུང་འགྱུར་རམ། །ཨེ་མའོ་ཀྱི་ཧུད་ཨེ་མའོ་བློང་། །ཞེས་པས་ཉེར་གསུམ་པ་སྟེ། དེ་ལྟར་ན་གདུང་ཚིག་ཉེར་གསུམ་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་སོ་སོར་གསུངས་པའི་ཕྱིར་རོ། །ཡང་ཞལ་སྔ་ནས། བསྟན་འགྱུར་ནང་དབུ་མ་རིགས་ཚོགས་དྲུག་གི་ནང་དབུ་མ་རིན་ཆེན་ཕྲེང་བ་དེ་སྔ་མ་ཡིན་ཚུལ་གསུངས་པ་བརྗེད་ཤོར་བས་གང་ལ་ངོས་འཛིན་ཕྱག་བྲིས་ཞུ་ཞེས་ཕེབས་པར། སྤྱིར་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རྒྱལ་བའི་བཀའ་འཁོར་ལོ་རིམ་པ་གསུམ་གྱི་དགོངས་འགྲེལ་དུ་དབུ་མ་ཚོགས་གསུམ་རིམ་པར་མཛད་པ་ནི་ཐུགས་ལ་དགོངས་བཞིན་པ་ལས། དེའི་བྱེ་བྲག་བར་བ་ལ་དབུ་མ་རིགས་ཚོགས་དྲུག་ཏུ་བཞེད་པ་དང་། རིགས་ཚོགས་ལྔ་རུ་བཞེད་པ་ཅི་རིགས་སྣང་སྟེ། འདི་ལྟར་ཀུན་མཁྱེན་ཀློང་ཆེན་པ་ལ་སོགས་པས་ནི། རྩ་བ་ཤེས་རབ་། རིགས་པ་དྲུག་ཅུ་བ། སྟོང་ཉིད་བདུན་ཅུ་བ། ཞིབ་མོ་རྣམ་འཐག རྩོད་པ་བཟློག་པ། ཐ་སྙད་སྒྲུབ་པ་སྟེ་དྲུག་ཏུ་བཞེད། ཇོ་ནང་ཏཱ་ར་ནཱ་ཐ་སོགས་ཀྱིས་ཐ་སྙད་སྒྲུབ་པ་དོར་བའི་ལྷག་མ་ལྔར་བཞེད། ཕྱིས་བྱོན་གྱི་གསར་མ་བ་ཁ་ཅིག་ནི། སྔ་མ་ལྔའི་སྟེང་དུ་དབུ་མ་རིན་ཆེན་ཕྲེང་བ་བསྣན་ནས་དྲུག་ཏུ་བཞེད་པར་སྣང་མོད་དེ། འོན་ཀྱང་རིན་ཆེན་ཕྲེང་བ་ནི། བསྟན་བཅོས་རང་གི་མཚན་ལ་ཡང་། རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་སྣང་བ་དང་། དེར་ཡང་མ་ཟད་བསྟན་བཅོས་འདིར་སྐྱེས་བུ་ཆུང་འབྲིང་གི་ལམ་དང་བཀའ་དང་པོའི་དགོངས་པ་ཉིད་བརྗོད་བྱའི་གཙོ་བོར་ཡང་བསྟན་པའི་ཕྱིར་གཏམ་ཚོགས་ཡིན་པ་གོར་མ་ཆག་ལ། བཞེད་པ་སྔ་མ་གཉིས་ལས། དང་པོ་ལ་ཡང་ཐ་སྙད་སྒྲུབ་པ་ངོས་འཛིན་གསལ་པོ་མི་སྣང་མོད། དེ་ལྟ་ནའང་། རྩ་ཤེས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་སྟོན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་དབུ་མ་རང་ལུགས་ཀྱི་ཐ་སྙད་རྣམ་པར་བཞག་པའི་གཞུང་ཞིག་ཡོད་དགོས་པ་ལས། དེ་ཡང་སྔོན་ཆད་བསྟན་འགྱུར་རྣམས་ཀྱི་ཁྲོད་དུ་ཕྱོགས་བསྒྲིགས་མ་མཛད་ཀྱང་ད་ལྟ་དབུ་མ་རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་ཟེར་བ་འདི་ཉིད་ཡིན་པར་སེམས་ཏེ། འདི་ཉིད་ལས། ཐ་སྙད་གཙོ་བོར་བྱས་ཕྱིར་དང་། །དེར་འཇུག་གཙོ་བོར་བྱས་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་དང་བསྟན་བཅོས་རང་གི་ཞལ་བྱང་ལ་དཔགས་ཀྱང་། རང་བཞིན་གསུམ་དང་། མཚན་ཉིད་གསུམ་སོགས་ནི་ཐ་སྙད་ཀྱི་བྱེ་བྲག་ཡིན་ཞིང་། དེ་ཉིད་ལ་འཇུག་པའི་སྒྲུབ་པར་གསུངས་པའི་ཕྱིར། དེ་ལྟར་ན་འདིར་ཤེས་པར་བྱ་བའི་གནད་འདི་ཡོད་དེ། གངས་རིའི་ལྗོངས་འདིར་དབུ་མ་ལ་ཐལ་རང་གཉིས་སུ་དབྱེ་བ་ཙམ་མཁས་པ་ཕལ་ཆེར་ལ་གྲགས་ཤིང་། དེ་ལ་བུ་སྟོན་རིན་ཆེན་གྲུབ་ཀྱིས། རྒྱ་གར་འཕགས་པའི་ཡུལ་ན་དབུ་མ་ལ་ཐལ་འགྱུར་བ་དང་རང་རྒྱུད་པ་ཟེར་བའི་གྲུབ་མཐའ་ཐ་དད་མེད་ཚུལ་གསུངས་པ་ལ། གློ་བོ་མཁན་ཆེན་སོགས་ས་ལུགས་ཀྱི་མཁས་པ་ཕྱི་མ་འགའ་ཞིག་དེ་ཡོད་པའི་སྒྲུབ་བྱེད་དུ། ཐལ་འགྱུར་དང་རང་རྒྱུད་ཀྱི་རྟགས་སྦྱོར་འགོད་ལུགས་རྒྱ་གཞུང་དུ་གསལ་བ་དེ་འཕེན་པ་མཛད་འདུག་ཀྱང་། ལེགས་པར་བསམ་ཚེ། དེ་ནི་གཞན་ལ་རྩོད་པ་དང་། རང་ཉིད་ཀྱིས་སློབ་བུ་རྗེས་སུ་འཛིན་པ་ན། ཐལ་འགྱུར་དང་། རང་རྒྱུད་ཀྱི་རྟགས་སྦྱོར་སོ་སོར་འགོད་པའི་སྒྲུབ་བྱེད་དུ་ནི་འགྱུར་གྱི། ཐལ་འགྱུར་བ་དང་རང་རྒྱུད་པ་ཞེས་པའི་གྲུབ་མཐའ་ཐ་དད་ཡོད་པའི་སྒྲུབ་བྱེད་དུ་ནི་ཅང་འགྱུར་རམ་སྙམ་མོ། །དེས་ན་རྙིང་མའི་ཕྱོགས་འདིར་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ཕྱིས་བྱོན་གྱི་རྙིང་མ་པ་ཐམས་ཅད། ཐལ་རང་གི་རྣམ་བཞག་དང་། རང་རྒྱུད་གོང་འོག་གི་རྣམ་བཞག་སོགས་ཐམས་ཅད་དེང་སང་བོད་ཀྱི་མཁས་པ་སྤྱི་ལ་ཡོངས་སུ་གྲགས་པ་ལྟར་མཛད་མོད་དེ། འདིར་ཀུན་གཟིགས་རོང་ཟོམ་པ་ཆེན་པོས་དབུ་མ་ལ་ཐལ་རང་གཉིས་སམ། ཡང་ན་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ཏེ། འདི་དག་དབྱེ་སྒོ་གཞན་ཡིན་པ་ལས། དབྱེ་ངོ་ཐ་དད་མ་ཡིན་པར་གསུངས་པ་དང་། དབུ་མ་ཐམས་ཅད་ཀྱི་མཐར་ཐུག་གཞུང་ཕྱི་མོའི་དབུ་མ་སྟེ་རྣལ་འབྱོར་སྤྱོད་པའི་དབུ་མ་ཉིད་ཡིན་པར་གསུངས་པ་འདི་རྣམས་ཤིན་ཏུ་འཐད་པར་སེམས་ཤིང་སྔོན་གྱི་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེ་སོགས་རྙིང་མ་མཚན་ཉིད་པ་རྣམས་ཀྱི་བཞེད་པའང་དེ་ག་ཡིན་ནམ་སྙམ་དུ་ཁོ་བོས་སེམས་སོ། །དེས་ན་དབུ་མ་པ་ཐམས་ཅད་དོན་དམ་སྤྲོས་བྲལ་ལ་རྩོད་པ་མ་ཡིན་ཀྱང་། གཞན་ངོར་ཐ་སྙད་འཇོག་ཚུལ་ལ་འདྲ་མིན་ཇི་རིགས་ཡོད་དེ། དེ་ཡང་འཇིག་རྟེན་ན་ཐ་སྙད་ཀྱི་རྣམ་བཞག་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། གཙོ་བོར་རྒྱལ་བའི་བཀའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བ་ལ་ཐེག་པ་ཆེ་ཆུང་གཉིས་ལས། ཐེག་དམན་གྱི་མདོ་སྡེའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བ་མདོ་སྡེ་བ་དང་། ཐེག་ཆེན་གྱི་མདོ་སྡེའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བ་རྣལ་འབྱོར་སྤྱོད་པ་སྟེ། དེ་གཉིས་གང་ཡིན་ཡང་སྤྱིར་བཏང་ཐ་སྙད་ཀྱི་རྣམ་བཞག་མཐའ་དག་རྒྱལ་བའི་བཀའི་རྗེས་སུ་འབྲངས་ནས་འཇོག་པར་མཛད་པའི་ཕྱིར་གང་ལྟར་བཞག་ཀྱང་འགལ་བ་མེད་མོད་དེ་ཉེ་བའི་སྒོ་ནས་བཞག་ན། ཐེག་ཆེན་རང་གི་མདོ་སྡེ་ལས་གསུངས་པའི་ཐ་སྙད་ཀྱི་འཇོག་ཚུལ་དེ་རྣལ་འབྱོར་སྤྱོད་པའི་གཞུང་དུ་གསུངས་པ་དེ་ཉིད་ཡིན་པའི་ཕྱིར། དེ་སྐད་དུའང་ལངྐར་གཤེགས་པའི་མདོ་ལས། ཆོས་ལྔ་དང་ནི་རང་བཞིན་དང་། །རྣམ་ཤེས་བརྒྱད་པོ་ཉིད་དག་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་ཆེན་ཐམས་ཅད་བསྡུས་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་དེས་ཀྱང་། དོན་དེ་ཉིད་གཏན་ལ་འབེབས་པར་མཛད་པའི་ཕྱིར་དབུ་མ་ཐ་སྙད་སྒྲུབ་པ་ཉིད་ཡིན་ནོ། །དེས་ན་འཕགས་པ་ཉིད་ཀྱིས་མཛད་པའི་དབུ་མ་རང་ལུགས་ཀྱི་ཐ་སྙད་སྒྲུབ་པའི་གཞུང་འདི་ཉིད་ཡོད་པ་མ་མཐོང་བའམ། མཐོང་ཡང་འདི་ཉིད་ལ་ཚད་མར་མི་འཛིན་པའི་གང་ཟག་རྣམས་ལ་དབུ་མའི་ལུགས་ཀྱི་ཐ་སྙད་འཇོག་ཚུལ་མང་པོ་དེ་བྱུང་བ་ཡིན་པའང་ཤེས་པར་བྱའོ། །རང་རེ་མཁན་སློབ་ཆོས་གསུམ་གྱི་རྗེས་སུ་འབྲང་བ་རྣམས་ནི་ཚུལ་དེ་ལ་སོམ་ཉི་བྱ་བར་རིགས་པ་མ་ཡིན་ནོ། །ཡང་ཞལ་སྔ་ནས། དུས་བཟང་གི་མདོ་ལ་ཆོས་བསྒྲགས་ཀྱི་མདོ་འདོན་རྒྱུ་གང་ཡིན་ཞེས་དང་། ཆོས་བསྒྲགས་མདོ་བཀའ་འགྱུར་ནང་མདོ་ཁྲོད་བཞུགས་ན་ངོས་འཛིན་མཛད་མཐུས་ལ། མི་བཞུགས་ཚེ་དཔེ་རྒྱུན་ཕྱག་ཁར་བཞུགས་ན་གནང་དགོས། ཞེས་ཕེབས་པར། སྤྱིར་འདུལ་བའི་གཞུང་དུ་ཉ་སྟོང་བརྒྱད་གསུམ་ལ་སོགས་པའི་དུས་བཟང་རྣམས་སུ། མཁན་སློབ་ཡོད་ན་དེ་ཉིད་ཀྱིས་དང་། གལ་ཏེ་མེད་ཀྱང་དགེ་སློང་གནས་བརྟན་བགྲེས་པ་རྣམས་ཀྱི་མདོ་སྟེ་ཇི་རིགས་གང་ནུས་སུ་འདོན་པར་བྱ་ཞིང་། དེའི་དུས་སུ་ཁྱིམ་པ་རྣམས་ཀྱང་མཉན་པར་བསྐུལ་ཏེ་སྐབས་སུ་བབས་ཤིང་ནུས་ན་མཚན་ཐོག་ཐགས་སུ་ཡང་འདོན་པར་གསུངས་པ་ལ་དུས་བཟང་གི་མདོ་ཞེས་ཟེར་ཞིང་། འདི་ལ་གཏམ་རྒྱུད་མང་པོ་ཡོད། དེ་བཞིན་དུ་གསང་སྔགས་ཀྱི་དབང་བསྐུར་བའི་སྦྱོར་བར་མཚམས་སྦྱོར་གྱི་ཆོས་བཤད་བྱེད་པ་ལྟར་གསོ་སྦྱོང་གི་དུས་སུའང་དེ་ཉིད་ཀྱི་སྦྱོར་བར་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་དང་། མ་བསྲུང་བའི་ཉེས་དམིགས་ལ་སོགས་པ་སྟོན་པའི་མདོ་སྡེ་ཇི་རིགས་འདོན་པ་ལ་ཆོས་བསྒྲགས་ཀྱི་མདོ་ཞེས་བྱ་བ་ལས། དེང་སང་དེ་གཉིས་ཀའི་དོད་ཐུབ་ཏུ་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་འདོན་པ་ཉིད་ཕྱག་ལེན་དུ་མཛད་པ་ཡིན་ཏེ། རང་རེའི་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་གྱི་གསོ་སྦྱོང་གི་གཞིའི་སྦྱོར་བའི་སྐབས་ལས། སྦྱོར་བ་ལའང་གཎྜི་བརྡུང་བ། དགེ་འདུན་བསྡུ་བ། དྲིས་པའི་ཚིག་གིས་ལན་གདབ་པ། སྟན་བསྟབས་མི་ཉམས་པར་བྱ་བ་རྣམས་སྔོན་དུ་སོང་ནས། ཆོས་འཆད་ཉན་ཉམས་སུ་མྱོང་བ་ཆོས་བསྒྲགས་ཀྱི་མདོ་དང་། དུས་བཟང་གི་མདོའི་དོད་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལ་མཛད་པ་ཕྱག་ལེན་དུ་གདའ་བས་གསན་པར་ཞུ། ཞེས་དང་། རྒྱ་གར་སྐད་དུ། ཤཱི་ལ་ས་མ་ཡུཀྟ་སཱུ་ཏྲ། བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། །ཞེས་སོགས་གསུངས་པའི་ཕྱིར། འོན་ཏེ་འཆད་པ་པོས་དེ་ལས་མང་དུ་འདོན་པར་སྤྲོ་ནའང་སྐབས་སུ་གང་བབས་ལ་དཔྱད་ནས་འཆད་ཤེས་པར་བྱ་སྟེ། དེ་ཡང་དུས་བཟང་གི་མདོ་ལ་ཆོས་ཉན་ཁྱིམ་པ་ཕོ་མོ་མང་དུ་འདུས་པའི་སྐབས་ལྟ་བུ་ཡིན་ན་ནི། མདོ་སྡེ་ལས་བརྒྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་མདོ་ལ་སོགས་པ། གཙོ་བོ་ལས་འབྲས་དང་། སྦྱིན་པའི་ཕན་ཡོན་ལ་སོགས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟོན་པའི་མདོ་རྣམས་འདོན་པར་བྱའོ། །གལ་ཏེ་ཉན་པ་པོ་དགེ་ཚུལ་སློང་ལྟ་བུ་ཁྲིམས་ལྡན་འབའ་ཞིག་ཡིན་ན་ནི་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་ལ་སོགས་དང་། བདེན་བཞིའི་འཇུག་ལྡོག་བསྟན་པའི་མདོ་སྡེ་དྲན་པ་ཉེར་བཞག་ལ་སོགས་ཇི་རིགས་གང་ནུས་སུ་འདོན་པར་བྱ་བ་ཡིན་ནོ། །ཡང་ཞལ་སྔ་ནས། དབྱར་གནས་སྐབས་མཚམས་བུ་ཆུང་གཅོད་ཐབས་དེ་མཁན་པོ་ཞིང་གཤེགས་ནས་གསུང་རྩོམ་མཛད་རྒྱུ་རྐྱེན་དབང་དུ་ལུས་པ། དམ་པ་མཆོག་ནས་དབྱར་གནས་དངོས་གཞིའི་སྐབས་འཛུད་མཚམས་བཅས་འདོན་བདེ་ཞིག་མཛད་ནས་ལྗགས་རྩོམ་བསྐུར་གནང་ཞུ། ཞེས་ཕེབས་པར། འདིར་གཞི་གསུམ་ཆོ་ག་རང་གི་དབྱར་གནས་ཀྱི་སྐབས་སུ། གཉིས་པ་དབྱར་གྱི་གཞིའི་ཆོ་ག་ལ། སྦྱོར་བ་ནི། སྔོན་དུ་གཙུག་ལག་ཁང་བྱི་དོར་བྱ་བ་དང་། རྟེན་དཀྲམ་པ་སོགས་བྱ་ཞིང་། གནས་མལ་གྱི་གདན་སྤྱད་སོགས་སྟོབས་རྒྱུ་ཡོད་ན་སྟ་གོན་བྱས་ལ་དབྱར་སྔ་མ་ཡིན་ན། དབྱར་ཟླ་འབྲིང་པོ་ཆུ་སྟོད་ཀྱི་ཟླ་བ་རྫོགས་པ་ཧོར་ཟླ་དྲུག་པའི་ཉ་དང་། ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་གྲོ་ཞུན་གྱི་ཟླ་བ་རྫོགས་པ་ཧོར་ཟླ་བདུན་པའི་ཉའི་ཉིན་པར་སྔར་བཞིན་གསོ་སྦྱོང་བྱས་ཚར་མ་ཐག གནས་མལ་སྟོབ་པའི་དགེ་སློང་གཅིག་གམ་དུ་མ་བསྐོ་བར་བྱ་སྟེ། ཞེས་གསུངས་པ་ལྟར་དབྱར་སྔ་ཕྱི་གང་ཡིན་ཡང་དེ་ཉིད་ཀྱི་ཚེས་བཅོ་ལྔའི་གསོ་སྦྱོང་དང་འབྲེལ་བར་གནས་མལ་སྟོབ་པ་དང་། ཚུལ་ཤིང་བྲིམ་པ་སོགས་བྱས་ནས། དེས་ཕྱི་ཚེས་བཅུ་དྲུག་གི་ཉིན་དབྱར་ཞལ་བཞེས་དངོས་བྱེད་པར་གསུངས་པའི་ཚེས་བཅོ་ལྔའི་གསོ་སྦྱོང་གི་སྦྱོར་བའི་བྱེ་བྲག་གནས་ལ་བློ་མཐུན་བགྱིས་པའི་མཇུག་དེར་མཚམས་གཅོད་པར་ལས་བརྒྱ་རྩ་གཅིག་པ་སོགས་འདུལ་བའི་གཞུང་དུ་གསུངས་པ་ལྟར། འདིར་ཡང་། གནས་ཀྱི་བློ་མཐུན་ནི། གཉུག་མར་གནས་པའི་དགེ་འདུན་གྱི་གཙུག་ལག་ཁང་ལྟ་བུ་བློ་མཐུན་མ་ཞིག་པ་ཡིན་ན་མ་བྱས་ཀྱང་ཆོག གཞན་དུ་ན་མེད་མི་རུང་གི་སྦྱོར་བར་འགྱུར་ཞིང་། ལས་ཀྱི་མཚམས་ཆེ་ཆུང་གང་རུང་གཅོད་པ་སོགས་ནི་འདིར་བཏང་སྙོམས་སུ་བྱས་སོ། །ཞེས་གལ་ཏེ་མཚམས་གཅོད་ཚེ་སྐབས་འདིར་བྱེད་དགོས་པ་ཤུགས་ཀྱིས་བསྟན་ཏེ། དེ་ལྟར་ན་གནས་ལ་བློ་མཐུན་བྱེད་གྲུབ་པའི་མཇུག ལགས་པ་ནི་བྱས་ནས་ཟིན་པ་སྟེ་སྐབས་སུ་གང་བབ་བརྗོད་དོ། །ཞེས་པའི་མཚམས་འདིར་འཛུད་དགོས་ཤིང་། དེ་ལ་སྤྱིར་འདུལ་བའི་གཞུང་དུ་མཚམས་ཆེན་གཅོད་པ་དང་། མཚམས་དེར་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པ་དང་། མཚམས་ཆེན་བཀྲོལ་ནས་མཚམས་བུ་ཆུང་གཅོད་པ་ལ་སོགས་པ་མཚམས་དང་འབྲེལ་བའི་ལས་ཀྱི་ཆོ་ག་དགུ་ཙམ་གསུངས་པ་ལས་འདིར་དེའི་བྱེ་བྲག་མཚམས་བུ་ཆུང་གཅོད་པའི་ཚུལ་དེ་གཅིག་པུ་བཀའ་དྲིན་གནང་བས་དེ་ཉིད་བརྗོད་པར་བྱ་སྟེ། དེ་ཡང་ལས་བརྒྱ་རྩར། གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་ནས། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། །ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། ཇེ་དང་པོར་མཚམས་ཆེན་པོ་བཀྲོལ་བ་དེའི་འོག་ཏུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། །ཞེས་པ་ནས། དེ་ནི་མཚམས་ཆེན་པོ་དཀྲོལ་བའི་ཆོ་ག་དང་ལས་སོ། །ཞེས་གསུངས་པ་ལྟར་སྔར་མཚམས་ཆེན་བཅད་ཡོད་ཚེ། དེ་ཉིད་བཀྲོལ་ནས་སླར་མཚམས་བུ་ཆུང་གཅོད་པར་གསུངས་ཏེ། འདི་ལྟར་དེའི་འོག་ཏུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱ་བ་ནི་འདི་ལྟར་བྱ་སྟེ། ཇེ་དང་པོ་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་སེང་ལྡིང་གི་ཕུར་བུ་བཏབ་པའམ་སྲད་བུས་བྲེས་པའམ་རྡོ་བཞག་པའམ་སྲོལ་བཏོད་པ་ལ་སོགས་པའི་མཚན་མ་བརྟན་པོ་གཟུགས་པར་བྱའོ། །ཞེས་གསུངས་པ་ལྟར་ཐོ་རྫི་ལྟ་བུ་དགེ་སློང་གཉུག་མར་གནས་པར་ཕྱོགས་ཀྱི་མཚན་མ་རིམ་པ་བཞིན་ཤར་ཕྱོགས་སུ་སེང་ལྡིང་གི་ཕུར་བུ་འཛུགས་པ་དང་། ལྷོ་ཕྱོགས་སུ་དབྱུག་པ་ལ་སོགས་པ་བཙུགས་ཏེ་དེ་ལ་སྲད་བུས་སྦྲེལ་བ་དང་། ནུབ་ཕྱོགས་སུ་རྡོ་རིང་ལྟ་བུ་འཛུགས་པ་དང་། བྱང་ཕྱོགས་སུ་ལམ་སྲོལ་ཟབ་མོ་གདོད་པ་སྟེ། དེ་ལྟ་བུའི་མཚན་མ་བརྟན་པོ་མི་འཁྲུལ་བ་བྱས་པ། དེ་ནས་དེའི་འོག་ཏུ་གནས་མལ་བཤམས་པ་བྱས་ནས་གཎྜི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོས་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བཙུགས་པ་དག་བརྗོད་པར་བྱའོ། །ཞེས་པ་ལྟར་དགེ་འདུན་འཚོགས་གྲུབ་པ་དང་ཐོ་འཛུགས་པ་པོས་མཚན་མ་རྣམས་བྱས་ཟིན་པའི་བརྡ་སྦྱར། དེ་ནས། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །ཞེས་པ་ལྟར་མཁན་པོའམ་སློབ་དཔོན་ནམ་གནས་བརྟན་ལས་བྱེད་པ་གང་ཡིན་པ་དེས། ཐལ་མོ་བསྣོལ་བ་ལ་སོགས་པའི་སྤྱོད་ལམ་བསྟུན་ཏེ། འོག་ནས་འབྱུང་བ་ལྟར་གསོལ་བ་དང་གཉིས་ཀྱི་ལས་རིམ་བཞིན་བྱའོ། །དེ་ཡང་། འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་བརྗོད་པར་བྱའོ། །སླར་ཡང་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་སེང་ལྡིང་གི་ཕུར་བུས་བཏབས་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲིས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། གསོལ་བའི་མཇུག་ཏུ། བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། ཞེས་མཚམས་སྦྱར། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་སེང་ལྡིང་གི་ཕུར་བུས་བཏབས་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱི་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་མཛད་ན་ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་པ་ལན་གཅིག་བརྗོད་དོ། །དེ་ལྟར་དགེ་འདུན་གྱི་ནང་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱས་པ་དེར་དགེ་སློང་རྣམས་ཀྱིས་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱའོ། །ཞེས་པ་ལྟར་ཇི་བདེར་བྱའོ། །སླར་ཡང་སྨྲས་པ། འདི་ན་བདེན་དོན་མཛེས་མའི་བཞིན་རས་ལ། །ལྟ་བའི་བློ་མིག་ཀུན་རྨོངས་རབ་རིབ་ཀྱིས། །བསྒྲིབས་ཤིང་ཡེ་ཤེས་ལྷ་ཡི་གསུངས་སྙན་ཡང་། །མཉན་པའི་ཐོས་འཛིན་ལོག་ལྟས་ཁེབས་པ་ཞིག །སྒྲ་ཚད་བཟོ་གསོ་སྙན་ངག་སྡེབ་སྦྱོར་སོགས། །རིགས་ལམ་མཐུན་གྲོགས་ཀུན་གྱིས་རིང་སྤངས་ཏེ། །རྒྱུད་ཉུང་ཚིག་གི་སྲང་ཁང་འགྲིམས་པ་ལ། །ཉེས་རྩོམ་སྤངས་པའི་གཏམ་གྱི་རེ་བ་ཟད། །དེ་ལྟ་ནའང་ཤེས་བྱའི་དཀྱིལ་འཁོར་ཀུན། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས་མཛད་པའི། །མཁས་དབང་སྨྲ་བའི་ཟླ་བ་ལས་འོངས་པའི། །བཀའ་མཆིད་བསིལ་ཟེར་རྨོང་བློའི་ལྡུམ་རར་ལྷག །དེ་ཚེ་རྣམ་དཔྱོད་ལུས་ཀྱི་སྟོབས་ཉམས་ཀྱང་། །ཐུབ་གསུང་སྲོག་གི་མཁར་བ་ལ་བརྟེན་པའི། །སྣ་ཚོགས་རྟོག་པའི་ཀུནྡ་བཞད་པའི་གཏམ། །མཁྱེན་ལྡན་གཟུ་བོར་གནས་པའི་འདུན་སར་བསྒྲགས། །ཚུལ་འདི་སྙན་ངག་དམ་པའི་གླུ་མིན་ཞིང་། །ཆགས་སྡང་གདོན་གྱིས་དཀྲུགས་པའི་ཚིག་ཀྱང་མིན། །གནས་ལུགས་དྲང་བོར་བརྗོད་པའི་སྨྲེ་སྔགས་ཏེ། །དེ་སླད་བྱམས་ལྡན་ཀུན་གྱིས་ཁྲེལ་མི་འཚལ། །འོན་ཀྱང་མཁས་མང་ལེགས་བཤད་མ་གི་ཏ། །བློ་གྲོས་ལྟེ་བའི་དཔལ་དུ་བཟུང་བ་དེ། །དཀར་ནག་ལྕེ་གཉིས་སྐྱོང་བའི་ལྟོ་འབོལ་བའི། །ཕྲག་པར་རྩུབས་ཀྱང་སྔོན་གྱི་ལས་ལས་ཅི། །གང་ཕྱིར་བསམ་པ་དག་པས་བརྗོད་པ་འདིར། །རྒྱལ་བའི་བཀའ་དང་མཐུན་པར་སྤྲོས་པའི་དགེ །ཅུང་ཟད་མཆིས་ན་དེ་ཡང་འགྲོ་བ་ཀུན། །བཏང་སྙོམས་ཆེན་པོའི་གནས་ལ་འགོད་ཕྱིར་བསྔོ། །ཞེས་པའང་ལྔ་རིག་སྨྲ་བའི་དབང་པོ་ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་ཞལ་སྔ་ནས་བཀའ་འདྲི་ཇི་ལྟར་ཕེབས་པ་རྣམས་ཀྱི་གསུངས་ལན་མི་ལྡོག་ཙམ་དུ་བཙུན་པ་གཞན་ཕན་མཐའ་ཡས་པས་རང་ཉིད་ཀྱི་སྤོང་ཁང་ནས་ཤར་མར་བྲིས་ཏེ་ཕུལ་བ་དགེ།

ཞེ་ཆེན་རྒྱལ་ཚབ་གཉིས་པའི་གསུང་ལན་པདྨ་དཀར་པོའི་ཕྲེང་བ།

༄། །ཞེ་ཆེན་རྒྱལ་ཚབ་གཉིས་པའི་གསུང་ལན་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །གང་གིས་ཐ་སྙད་དཔྱོད་པའི་ཚད་མ་ཡིས། །དངོས་ཀུན་སྒྱུ་མ་ལྟ་བུར་གཟིགས་པ་དང་། །ལྷན་ཅིག་མཐར་ཐུག་རྟོགས་པའི་རིག་ཤེས་ཀྱིས། །གནས་ལུགས་མངོན་སུམ་གཟིགས་པའི་བླ་མར་འདུད། །མཁྱེན་པའི་མེ་ལོང་བརྩོན་པའི་ག་དར་གྱིས། །དག་པར་བྱས་ལ་ཤེས་བྱའི་གཟུགས་བརྙན་ཀུན། །ཅིག་ཆར་འཆར་བའི་སྤོབས་པ་བདག་བགྱིད་པའི། །སྤྲུལ་པའི་སྐུ་མཆོག་གང་ལ་མཆིད་འདི་གསོལ། །དེ་ཡང་སྤྱིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས། རང་རེ་གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོ་བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བ་མཐའ་དག་ལེགས་པར་བསྡུ་ན། རྗོད་བྱེད་ཚིག་གི་སྒོ་ནས་སྡེ་སྣོད་གསུམ་དང་། བརྗོད་བྱ་དོན་གྱི་སྒོ་ནས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དུ་དངོས་བརྒྱུད་ཇི་རིགས་པའི་སྒོ་ནས་འདུ་ཞིང་། དེ་ཡང་རིམ་པ་ལྟར་ཚུལ་ཁྲིམས་ཀྱི་བསླབ་པ་ནི། སྡོམ་པ་གསུམ་གྱི་བླང་དོར་རྣམས་མ་ནོར་བར་ཚུལ་བཞིན་དུ་སྤྱོད་པ་དེ་ཡིན་ལ། ཏིང་ངེ་འཛིན་གྱི་བསླབ་པ་ནི་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་སོགས་བསྒོམ་པའི་ཚུལ་དེ་ཡིན་ཞིང་། ཤེས་རབ་ཀྱི་བསླབ་པ་ནི་དངོས་པོའི་གནས་ལུགས་ལ་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ཇི་ལྟར་ལྟ་བའི་ཚུལ་དེ་ཡིན་པའི་ཕྱིར། འདིར་ནང་བ་སངས་རྒྱས་པའི་དབང་དུ་བྱས་པའི་ལྟ་གྲུབ་རྣམ་པ་བཞི་སོ་སོའི་འདོད་ཚུལ་མི་འདྲ་བ་ཇི་རིགས་པ་ཡོད་དེ། །དེ་ལྟར་ལྟ་སྒོམ་སྤྱོད་པའི་གོ་བ་སྤྱིར་བཏང་ངེས་པ་གཞིར་བཞག་ནས་དམིགས་བསལ་སྐབས་དོན་ཞུ་བ་ལ་གོང་སྨྲོས་ལྟར་གྲུབ་མཐའ་སྨྲ་བ་བཞི་ལས། དོན་སྨྲ་སྡེ་གཉིས་ཀྱིས་ཕྱི་དོན་བདེན་གྲུབ་ཏུ་འདོད་ཅིང་། ཐེག་ཆེན་རྣམ་གཉིས་ཀྱིས་དེ་ལྟར་མི་འདོད་ཅིང་། སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་དེ། འདིའི་ལུགས་ལ་བྱང་ཆུབ་སེམས་དཔའ་གཅིག་སྨྲ་བ་ཞེས། སེམས་ཀུན་གཞི་རྣམ་ཤེས་གཅིག་པུར་འདོད་པ་ནས། རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་འདོད་པའི་བར་ཇི་རིགས་ཡོད་ལ། རྣམ་ཤེས་ཚོགས་དགུར་འདོད་པའི་ལུགས་ཤིག་ཀྱང་ཡོད་དོ། །དེ་ལྟར་སེམས་གཅིག་པུ་སོགས་གང་ལྟར་འདོད་ཀྱང་། སེམས་དེ་ཐ་སྙད་དཔྱོད་པའི་རིག་ཤེས་ཚད་མས་བཙལ་ན་རྙེད་པར་འགྱུར་ལ། དམིགས་པའི་རྟེན་ལ་དྲན་ཤེས་ཀྱིས་བཟུང་ན་ཟིན་ཅིང་། ཤེས་རབ་ཀྱི་མིག་གིས་བལྟས་ན་མཐོང་མོད་དེ། དངོས་གནས་ཀྱི་དབྱིབས་དང་ཁ་དོག་སོགས་མ་གྲུབ་པ་ནི་བཀའ་གནང་ལྟར་ལགས། གཞན་སྔགས་བླ་མེད་པས་གཞི་དུས་ཀྱི་སྐུ་གསུམ་སོགས་ངོ་སྤྲོད་བྱེད་པའི་བྱེ་བྲག་ངོ་བོ་སྟོང་བ་སོགས་ནི་ཀུན་གཞི་དང་ཆོས་སྐུའི་དབྱེ་བ། སེམས་དང་ཡེ་ཤེས་ཀྱི་དབྱེ་བ། ཡིད་དང་ཤེས་རབ་ཀྱི་དབྱེ་བ་རྣམས་ལེགས་པར་ཕྱེ་ནས། ཆོས་སྐུའི་ཕྱོགས་ཀ་དག་ལྷུན་གྲུབ་སྤྱིའི་སྒོ་ནས་ཡིན་གྱི། སེམས་ཀྱི་ཉམས་ཙམ་གྱི་སྒོ་ནས་བཞག་པ་ནི་མ་ཡིན་ཏེ། དེ་ལྟར་ངོ་སྤྲོད་པ་དེ་རྫོགས་ཆེན་གྱི་ལུགས་ཡིན་པར་སྣང་ཞིང་། འདིའི་ལུགས་ཀྱི་ལྟ་བ་དེ་ལྟར་ངོ་སྤྲོད་པ་ལ། དེའི་སྔོན་དུ་ཐུན་མོང་གི་གྲུབ་མཐས་བློ་བསྒྱུར་དགོས་པ་དང་། དེ་ནས་སེམས་རིག་དབྱེ་བ་སོགས་བྱེད་དགོས་པ་དག་རིམ་པ་བཞིན། རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སོ་སོའི་སྐྱེ་བོ་ཐ་མལ་དང་། །རྫོགས་ཆེན་ཁ་འབྱམས་སྒོམ་མེད་གཉིས། །འདྲ་དང་ནོར་བས་གོལ་ཏེ་འགྲོ། །དེ་ཕྱིར་གྲུབ་མཐས་བློ་བསྒྱུར་དགོས། །ཞེས་དང་། སེམས་ཙམ་རང་རིག་རང་གསལ་དང་། །ཆོས་སྐུ་རིག་པ་རང་གསལ་གཉིས། །འདྲ་དང་ནོར་བས་གོལ་ཏེ་འགྲོ །དེ་ཕྱིར་ཀུན་གཞི་ཤན་དབྱེ་དགོས། །ཞེས་དང་། ཀློང་དྲུག་པ་ལས་ཀྱང་། རྙོགས་པ་མེད་པའི་རང་སེམས་དང་། །རྟོག་པ་མེད་པའི་རང་རིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་དང་། རང་རིག་བསམ་པ་ཕྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོགས་དང་། གཞན་ཡང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་དང་། མུ་ཏིག་ཕྲེང་བ་སོགས་ལས་ཀྱང་། གནས་དང་། ལམ་དང་། སྒོ་དང་། ཡུལ་རྣམས་ཀྱི་སྒོ་ནས་དབྱེ་བ་རྒྱ་ཆེར་གསུངས་སོ། །དེ་ལྟར་ནའང་སེམས་ཆོས་སྐུ་སོགས་མ་ཡིན་ཡང་། སེམས་ཀྱི་གནས་ལུགས་རྟོགས་པ་ལས་གཞན་ནའང་ཆོས་སྐུ་སོགས་མེད་པ་ལ་དགོངས་ནས་འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་སྒོམ་བསྐྱེད་པར་བྱའོ། །ཞེས་སོགས་གསུངས་པ་དང་མཐུན་པར། ངོ་སྤྲོད་སྤྲས་པ་ལས་ཀྱང་། སྣང་བ་སེམས་སུ་ངོ་སྤྲོད་པ་དང་། སེམས་ཉིད་སྟོང་བར་ངོ་སྤྲོད་པ་དང་། སྟོང་བ་རིག་པར་ངོ་སྤྲོད་པའི་ཚུལ་དེ་དག་གསུངས་པ་ནི་ལས་དང་པོ་བའི་གང་ཟག་རིམ་གྱིས་བཀྲི་བའི་ཚུལ་ཡིན་གྱིས། སྣང་བ་སེམས་སུ་ངོ་སྤྲོད་པ་དེ་ཙམ་ཞིག་རྫོགས་ཆེན་གྱི་དགོངས་པ་མཐར་ཐུག་ཏུ་གསུངས་པ་ནི་མ་ཡིན་ཏེ། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་སྨྲ་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་དང་། སྣང་བ་སེམས་སུ་འདོད་པ་ང་ལས་གོལ་བ་ཡིན། ཞེས་སོགས་རྒྱུད་གཞན་ལས་ཀྱང་གསུང་བ་དག་གི་དོན་ཀུན་མཁྱེན་བླ་མའི་ལེགས་བཤད་ཀྱིས་བཀྲལ་བ་ལྟར་ཡིན་ལགས། འདི་དག་ལས་འཕྲོས་ཏེ་འོག་ཏུ། ལར་སེམས་འདིའི་དོན་ཤེས་ན་ཅི་ཡང་ཆོག་པར་འདུག་སྟེ་སོགས། སེམས་སྣང་ལྷ་དང་བླ་མའི་དཀྱིལ་འཁོར་ཡིན་ཚུལ་གསུང་བ་རྣམས་ཀྱི་སྐབས་དོན་ཡང་། སྤྱིར་འདི་ལ་གསང་སྔགས་ཀྱི་རྒྱུད་སྡེ་བཞི་སོ་སོའི་ལུགས་ཐ་དད་དུ་ཡོད་པ་ལས། བླ་མེད་མ་གཏོགས་པའི་སྔགས་ཀྱི་ཕྱི་རྒྱུད་རྣམས་སུ་སྣང་བ་ལྷར་འདོད་པ་མེད་ཚུལ་ས་པཎ་སོགས་ཀྱིས་གསུངས་ཀྱང་། རྙིང་ལུགས་ལ་དེ་ཡོད་པར་འདོད་ཅིང་དེར་མ་ཟད། རང་རྒྱུད་དུ་གྲུབ་པའི་ལྷ་དང་། གཞན་རྒྱུད་དུ་གྲུབ་པའི་ལྷ་ལ་མཆོག་དམན་དུ་བལྟ་མིན་གྱི་སྒོ་ནས་ཕྱི་རྒྱུད་སྡེ་གསུམ་གྱི་ལྟ་བའི་ཁྱད་པར་ཡང་འཇོག་པར་བཞེད་ལ། དེའི་དབང་གིས་བསྒོམ་པའི་གནས་སྐབས་སུའང་ལྷ་དམ་ཡེ་བདག་མདུན་སོགས་ཀྱང་དེ་ལྟར་བསྒོམ་པར་བཞེད་དེ། ལྷར་བལྟ་བ་དེ་ཡང་རྒྱུ་མཚན་གང་གི་དབང་དུ་བྱས་པ་ཡིན་ན། ཆོས་ཐམས་ཅད་ཀྱི་དངོས་པོའི་གནས་ལུགས་སྟོང་བ་ཉིད་རྣམ་པར་དག་པའི་ལྷར་འདོད་པའི་དབང་གིས་ཡིན་པར་བཞེད་དེ། དཔེར་ན་ཉི་མ་ལས་འོད་ཟེར་ལྟ་བུའོ་སྙམ་དུ་དགོངས་སོ། །རྒྱུ་མཚན་དེ་ཡང་ཁ་ཅིག་གི་འདོད་པ་ལྟར་སྣང་བའི་དངོས་པོ་ལ་ལྷ་ཡོད་དོ་ཟེར་བའམ། མ་དག་པར་སྣང་བ་འདི་ག་རང་ལྷ་ཡིན་ནོ་ཟེར་བ་དེ་ལྟ་བུར་འདོད་པ་ནི་མ་ཡིན་ཏེ། དངོས་པོ་རང་བཞིན་གྱིས་མ་གྲུབ་པའི་སྣང་ཙམ་སྒྱུ་མ་ལྟ་བུ་ཉིད་ལྷར་སྣང་སྒྱུ་མར་བཞེད་ཅིང་། དེ་ཡང་སོ་སོའི་སྐྱེ་བོ་ལ་དེ་ལྟར་མི་སྣང་བ་ནི། གཉིས་སྣང་དང་བཅས་པའི་བློ་མིག་བདག་ཏུ་འཛིན་པའི་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པའི་དབང་གིས་ཡིན་པར་བཞེད་དེ། དཔེར་ན་མིག་སེར་ཅན་གྱིས་གངས་རི་སེར་པོར་མཐོང་བ་བཞིན་ནོ། །དེའི་ཕྱིར་རང་བློར་སྒྲིབ་པའི་གཉིས་སྣང་གི་ཞེན་པ་དེ་ཉིད་སྦྱང་བའི་སླད་དུ་རིམ་གཉིས་ཀྱི་རྣལ་འབྱོར་སོགས་ལ་བརྩོན་པར་བྱེད་པ་ཡིན་ཏེ། འདི་དག་གི་ཚུལ་ཀུན་གཟིགས་རོང་ཟོམ་པ་ཆེན་པོས་མཛད་པའི་སྣང་བ་ལྷར་སྒྲུབ་པ་སོགས་ལ་གཟིགས་པས་མཁྱེན་པར་འགྱུར་རོ། །གང་ལྟར་ཡང་སྤྱིར་བཏང་གི་སྣང་བ་ལྷར་སྒྲུབ་པ་ངེས་པར་གྱུར་ན། བྱེ་བྲག་གི་སེམས་སྣང་ལྷར་སྒྲུབ་པ་དང་། དེ་ཉིད་བླ་མའི་དཀྱིལ་འཁོར་ཡིན་ཚུལ་སོགས་ཀྱང་ཞར་ལ་ངེས་པར་འགྱུར་བ་ཡིན་ནོ། །དེ་དག་གིས་ལྟ་བའི་ཕྱོགས་ཀྱི་འཕྲོས་དོན་ཇི་རིགས་པ་ཕུལ་ནས། གཉིས་པ་སྒོམ་ཕྱོགས་ལ། སྤྱིར་སྣང་སྟོང་གི་ཕྱོགས་ཀྱི་དམིགས་པ་གང་ལ་སེམས་བཞག་ཀྱང་དེ་དག་ལ་བརྟེན་པའི་ཞི་ལྷག་ཟུང་འཇུག་འགྲུབ་དགོས་ཏེ། དེ་སྒྲུབ་པར་བྱེད་པ་ལ། མདོ་སྡེའི་རྒྱན་ལས་བཤད་པའི་སེམས་གནས་དགུ་དང་། དབུས་མཐའ་རྣམ་འབྱེད་སོགས་ལས་བཤད་པའི་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་ཚུལ་སོགས་དང་། བསྐྱེད་རྫོགས་ཐུན་མོང་གི་ལམ་ལ་བརྟེན་ནས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་བསྐྱེད་ཚུལ་གསུངས་པ་དེ་དང་། རྫོགས་ཆེན་གྱི་གཞུང་ནས་ལྷ་དང་མི་ཡི་སེམས་འཛིན། བྱང་ཆུབ་སེམས་དཔའི་བསམ་གཏན། དེ་བཞིན་གཤེགས་པའི་དགོངས་པ་གསུམ་རིམ་པར་སྒོམ་ཚུལ་བཤད་པ་དེ་རྣམས་སྤྱིར་བཏང་ཞི་ལྷག་སྒྲུབ་ཚུལ་ཙམ་དུ་དོན་མཐུན་པ་ཡིན་པས། དེ་དག་གང་ལ་བརྟེན་ནས་དེ་སྒྲུབ་པར་བྱེད་པ་རང་གི་རྒྱུད་ཚོད་ལ་དཔགས་ཏེ་གང་ལྟར་ཀྱང་རྣམ་པར་རྟོག་པའི་ཕྱི་བཞིན་དུ་གཡེང་བ་དང་། བྱིང་རྒོད་ཀྱི་དབང་དུ་མ་སོང་བ་ཞིག་ནི་ངེས་པར་དགོས་སོ། །ཡང་གནས་ན་གནས་ཐོག་དང་། འགྱུ་ན་འགྱུ་ཐོག་ཏུ་འཇོག་ཟེར་བའི་གང་ཤར་རང་གྲོལ་གྱི་གནད་འདི་རྫོགས་ཆེན་གྱི་ཅོག་བཞག་བཞིའི་སྐབས་སུ་བཤད་པ་དེ་ཡིན་ཀྱང་། ཞི་ལྷག་ཇི་རིགས་མ་གྲུབ་ཀྱི་བར་དུ་འདི་ལྟར་བྱས་ན་འོག་འགྱུར་འགྲོ་ཉེན་ཆེ་ལགས། དེ་ལས་གཞན་དྲན་པ་ཡེངས་མེད་དང་། གནས་པ་ཁོར་ཡུག་དང་། ཚོགས་དྲུག་ཡུལ་ལ་མི་ཞེན་པ་སོགས་ནི་འཕགས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་ལས་དང་པོ་བའི་དུས་སུ་མི་འོང་བ་བཀའ་གནང་ལྟར་ལགས། གནས་འགྱུ་གང་གི་དུས་སུའང་དེ་དག་རིག་མཁན་ཁོ་རང་གི་ངོ་བོ་སྐྱོང་བའི་ཚུལ་དེ་ནི་རྫོགས་ཆེན་གྱི་གཞུང་ལས། གནས་པ་ཕྱམ་གདལ་དང་། འགྱུ་བ་དྭངས་འཚོལ་ཟེར་བ་དག་གི་དགོངས་པ་ཡིན་པས་སྐྱོང་ཚུལ་ལེགས་པ་ཡིན། གཞན་འདི་སྐབས་མདོར་ཧྲིལ་གྱིས་དྲིལ་ན་སོགས་མིང་གི་རྣམ་གྲངས་འགའ་ཞིག་གསུངས་པ་ལ། ཕྱག་ཆེན་ནི། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་ཞེས་བདེ་བ་ཆེན་པོ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས། བླ་མེད་ཀྱི་དབང་གསུམ་པའི་སྐབས་སུ་བཤད་པའི་དཔེ་ཡི་འོད་གསལ་དེ་ཡིན་ཞིང་། རྫོགས་ཆེན་ལའང་གཞི་ལམ་འབྲས་བུའི་རྫོགས་ཆེན་གྱི་རྣམ་གཞག་སོགས་དབྱེ་བ་མང་ཡང་། རེ་ཞིག་ལམ་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། དེ་དངོས་དབང་བཞི་བའི་དོན་གྱི་འོད་གསལ་དང་། དེ་ཉིད་དངོས་སུ་རྟོགས་བྱེད་ཀྱི་ཐབས་ཐུན་མོང་མ་ཡིན་པ་རྣམས་དང་བཅས་པ་ཡིན་ཞིང་། ཞར་ལ་བརྒྱུད་ནས་རྟོགས་བྱེད་ཀྱི་ཐབས་སུ་གྱུར་པའི་ཐེག་པ་རྣམས་ཀྱང་དེར་བསྡུའོ། །སྤྲོས་བྲལ་དང་དོན་དམ་ནི་སྐབས་ཕལ་ཆེར་དུ་དོན་གཅིག་པར་གསུངས་ཤིང་། རྒྱལ་བའི་དགོངས་པ་ཞེས་པ་ལ་སྤྱིར་བཏང་མ་ཁྱབ་ཀྱང་། རྒྱལ་བའི་དགོངས་པ་མཐར་ཐུག་ཅེས་སྨྲས་ན་གཅིག་པར་རུང་ངོ་། གདོད་མའི་གནས་ལུགས་ཀྱང་དེ་ལྟར་ཡིན་ཞིང་། ཤེར་ཕྱིན་ལ་རང་བཞིན་ཤེར་ཕྱིན་དང་། གཞུང་ཤེར་ཕྱིན། ལམ་ཤེར་ཕྱིན། འབྲས་བུ་ཤེར་ཕྱིན་དང་བཞིར་ཡོད་པ་ལས། གཞན་རྣམས་དོན་གཅིག་པར་འདོད་མི་ནུས་ཀྱང་། རང་བཞིན་ཤེར་ཕྱིན་སྟོང་ཉིད་དང་དོན་གཅིག ལྟ་བསྒོམ་སྤྱོད་པ་ནི་གོང་དུ་བཤད་པ་ལྟར་མཁྱེན་པར་མཛོད། སེམས་ཀྱི་ངོ་བོ་གསལ་སྟོང་སྣང་སྟོང་སོགས་ནི། གོང་དུ་བཤད་པའི་ལྟ་བ་ངོ་འཕྲོད་པ་ལ་རག་ལས་པས་ན་ཐོག་མར་མཐར་ཐུག་དཔྱད་པའི་རིག་ཤེས་ཚད་མས་སྣང་བའི་རྫུན་ཕུག་སྡིབ་པར་མཛོད་ཅིག དོན་ལ་སྒོམ་རྒྱུ་རྡུལ་ཙམ་མེད་པའི་ངང་ལ་ཡེངས་སུ་སྐད་ཅིག་ཙམ་ཡང་མི་འགྲོ་བ་ནི་མཉམ་རྗེས་དབྱེར་མེད་དུ་སོང་སྟེ། མཉམ་པར་མ་བཞག་པ་མེད་པའི་དོན་ཡིན་ཕྱིར་དེ་འདྲ་དེ་རྫོགས་པའི་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན་པས་ན་གཞན་དག་ལ་འབྱུང་བ་རེ་ཞིག་དཀའ་བར་སེམས་སོ། །ཅི་ཡང་ཡིད་ལ་མི་བྱེད་པའི་དོན་འདི་ལ། སྔོན་གྱི་མཁས་པ་ཆེན་པོ་རྣམས་རྩོད་གཞི་ཆེ་རུང་། མདོར་བསྡུ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྟོང་བ་ཉིད་ཀྱི་དམིགས་པ་རྣམ་དག་མ་རྙེད་བཞིན་དུ་ཅི་ཡང་ཡིད་ལ་མི་བྱེད་པ་ནི་རྒྱ་ནག་ཧ་ཤང་གི་སྒོམ་ལུགས་ཡིན་པར་བཞེད་ལ། སྟོང་ཉིད་ཀྱི་དམིགས་རྣམ་རྙེད་ནས་དེའི་ངང་དུ་དུས་གསུམ་གྱི་རྣམ་རྟོག་དང་བྲལ་བར་འཇོག་ན་ནི་རུང་ངོ་། །ཐ་མལ་ཤེས་པ་བློ་བྲལ་སྒོམ་མེད་སོགས་ནི་བཀའ་བརྒྱུད་པའི་ཕྱོགས་ལ་གྲགས་ཆེ་བའི་ཆོས་སྐད་ཡིན་ཀྱང་། འདི་ཡང་གཉུག་མའི་གནས་ལུགས་མ་བཅོས་པ་ལ་གོ་དགོས་ཀྱི། ཐ་མལ་གྱི་ཤེས་པ་མ་བཅོས་པ་ལ་སྒོམ་མེད་སོགས་སུ་བྱས་ན་ནི་ཧ་ཤང་གི་ལྟ་བ་སྔ་མའི་ཕྱོགས་སུ་འགྲོའོ། །གཞན་ཡང་སྟོང་བ་ཉིད་རྟོགས་པ་ནི་ཆོས་ཐམས་ཅད་ཀྱི་དངོས་པོའི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་གང་ཞིག དེ་རང་རྟོགས་བྱེད་ཀྱི་ཚད་མས་ངེས་པ་ཉིད་ཡིན་ལ། ཞི་གནས་ནི་སེམས་གནས་དགུ་བ་ཤིན་སྦྱངས་དང་ལྡན་པ་ཉིད་ཡིན་ཞིང་། ལུང་མ་བསྟན་ནི། དགེ་མི་དགེ་གང་དུའང་མ་ངེས་པའི་བར་མ་སྟེ། དེ་གསུམ་ནོར་གྱི་དོགས་པ་ག་ལ་ཡོད། སེམས་གནས་དུས་ནག་ཐམ་ཐམ་བྱེད་པ་དེ་ལ་རྒྱུ་མཚན་དུ་མ་ཡོད་ཀྱང་། རྨུག་པ་དང་བྱིང་བའི་འགོ་རྩོམ་པ་ཡིན་ནམ་དཔྱད། སེམས་མི་བརྟན་པ་ཧུ་རེ་ཟིང་ཟིང་བྱེད་པ་དེ་གཡོ་བའི་ཉམས་ཡིན་པ་འདྲ། ཞེ་སྡང་སོགས་ཀྱི་ཉོན་མོངས་པ་སྐྱེ་དུས་བཟོད་དཀའ་བ་ཐུགས་བདེན་ཀྱང་། ཚོགས་ལམ་སྐབས་འདིར་སུན་འབྱིན་གྱི་གཉེན་པོ་ཕག་སྣ་ལ་གཏུན་བུ་ཕོག་པ་ལྟར་བསྟེན་ན། སྦྱོར་ལམ་གྱི་དུས་སུ་མགོ་གནོན་ཞིང་། མཐོང་ལམ་ནས་བཟུང་སྟེ་རྩལ་འདོན་གྱི་ཚུལ་དུ་སྤོང་བར་འགྱུར་བ་ཡིན་ལགས། སེམས་གནས་དུས། དུ་བ་སྨིག་རྒྱུ། མེ་སྟག་སོགས་འཆར་བ་ལ་རྒྱུ་མཚན་མང་ཡང་། རླུང་སེམས་དབུ་མར་ཐིམ་པ་ལས་ཀྱང་འདི་དག་འཆར་བར་བཤད་ཅིང་། དེ་ལྟར་ཡིན་ཚེ་དེའི་སྔོན་དུ་རླུང་དབུ་མར་ཞུགས་པ་དང་གནས་པའི་རྟགས་སུ་རིམ་པ་བཞིན་སྣ་སྒོའི་རྒྱུ་བ་མཉམ་པ་དང་། འགག་པ་དག་འབྱུང་བར་བཤད་པས། དེ་ལྟར་བྱུང་མིན་ལ་ཐུགས་དཔྱད་གནང་བར་མཛོད། དེ་དག་གི་སྒོམ་ཕྱོགས་ཀྱི་འཕྲོས་དོན་ཇི་རིགས་ཕུལ་ཟིན་ཏོ། །གསུམ་པ་སྤྱོད་པའི་ཕྱོགས་ལས། ཟ་དུས་ཚོགས་འཁོར་སོགས་ནི་སྔགས་བླ་མེད་ཀྱི་བུམ་དབང་གི་དམ་ཚིག་ཏུ་དེ་ལྟར་བྱེད་དགོས་པའང་ཡིན་པས། དེ་བཞིན་གནང་བ་བཀའ་དྲིན་ཆེ་ལགས། བླ་མ་ལ་དག་སྣང་དགོས་པ་དང་། དེ་བསྟེན་པ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིན་ཚུལ་སོགས་ནི་ཐུགས་ལ་དགོངས་བཞིན་བཀའ་གནང་ལྟར་ལགས་པས་གཞན་ཞུ་མ་དགོས་སོ། །རྒྱུ་མཚན་དེའི་ཕྱིར་བླ་མའི་ཐུགས་དཀྲུགས་པ་སོགས་སྔགས་བླ་མེད་ཀྱི་རྩ་ལྟུང་དང་པོ་ཡིན་པ་ནས་རྩ་ལྟུང་བཅུ་བཞིའི་བར་དང་། གཞན་ཡང་སྒྱུ་འཕྲུལ་སོགས་ལས་བཤད་པའི་རྩ་ལྟུང་ལྔ། ཡན་ལག་གི་ལྟུང་བ་བཅུ་སྟེ་དེ་དག་ལས་འཕྲོས་པའི་དམ་ཚིག་སུམ་བརྒྱ་དྲུག་ཅུ་དང་འདུས་མདོ་སོགས་ལས་བཤད་པའི་རྩ་བ་བླ་མའི་སྐུ་གསུངས་ཐུགས་ཀྱི་དམ་ཚིག་ལས་འཕྲོས་པའི་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་ཏེ། དེ་དག་དང་གཞན་ཡང་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་རང་གིས་གང་ཐོབ་པ་མཐའ་དག་གི་བླང་དོར་ལ་ནན་ཏན་བགྱིད་པ་ནི་ལམ་གྱི་རྩ་བར་མཁྱེན་དགོས་ཏེ། འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་བཀའ་སྩལ་སྤྱི་བོར་ཕེབས་པ་རྣམས་ཀྱི་དོན་ཇི་རིགས་པ་རགས་པར་བསྡུས་ནས་ཕུལ་གྲུབ་བོ། །སླར་ཡང་གསོལ་བ། གནས་སྐབས་བདེ་དང་མཐར་ཐུག་ཕན་པའི་ཐབས། དེ་དག་བསྡུ་ན་བསླབ་གསུམ་རིན་ཆེན་ཏེ། གང་ཞིག་དོན་གཉེར་དམ་པའི་སྐྱེ་བོ་རྣམས། ཐུབ་བསྟན་རྒྱ་མཚོ་ཆེ་དེར་འཇུག་མཛོད་ཅིག

གདམས་ཕྲན་ཕྱོགས་རེ་མཐོང་བ་གནག་རྗེས་ཆུས། བཤུལ་རིང་ལམ་གྱིས་དུབ་པ་སྲིད་པའི་འགྲོའི། ཆོས་ཕོངས་སྐོམ་གྱིས་གདུང་བ་མི་སེལ་པས། མདོ་རྒྱུད་ཀུན་ལ་ཐོས་བསམ་ཕྱོགས་མེད་མཛོད། ཁོ་བོའི་བདེ་ཆེན་འཁོར་ལོར་རྟག་བཞུགས་པ། རྒྱལ་དབང་པདྨའི་བསྟན་འཛིན་ཆོས་ཀྱི་རྒྱལ། གང་དེའི་སྤྲུལ་པ་རྣམ་རོལ་ཉིད་ཡིན་ན། རྒྱལ་བའི་བསྟན་ལ་གཅེས་ནོར་མཛོད་ཅིག་ཀྱེ། དེང་དུས་སྐྱེ་བོ་ཕལ་ཆེར་ཚེ་འདི་ཡི། །མནོག་ཆུང་གྲགས་པའི་ཕྱི་བཞིན་རྒྱུག་པའི་ཚུལ། །གང་འདི་གཟིགས་ནས་རང་གཞན་དོན་སྒྲུབ་པའི། །ཐུགས་བསྐྱེད་གོ་ཆ་བཞེས་ཤིག་སྤྲུལ་པའི་སྐུ། །འདི་ན་སྙན་ཚིག་རྒྱན་དང་སྡེབ་སྦྱོར་གྱི། །གོས་བྲལ་བརྗོད་དོན་ཙམ་ཞིག་གཅེར་རྒྱུག་པ། །ཁྱོད་ཐུགས་མཁྱེན་རབ་སྒེག་མོའི་ཟླ་གྲོགས་སུ། །འོས་པ་མིན་ཀྱང་ལྷག་བསམ་ཆོ་རིགས་བཙུན། །དེ་སླད་བདག་བློའི་རྫིང་བུ་ལས་སྐྱེས་པའི། །ཞུ་མཆིད་པདྨ་དཀར་པོའི་ཕྲེང་བ་འདི། །སྙན་དབང་མཛེས་པའི་རྒྱན་དུ་རློམ་བྱས་ནས། །ཕུལ་དེས་དམ་པའི་ཡོན་ཏན་གོང་འཕེལ་ཤོག །ཅེས་པའང་སྐྱེས་ཐོབ་ཀྱི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་ཞེ་ཆེན་རྒྱལ་ཚབ་གཉིས་པའི་གསུང་གིས་བཀའ་འདྲི་ཇི་ལྟར་གནང་བ་རྣམས་ཀྱི་དོན་མདོར་བསྡུས་ཏེ། གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བོར་འཛིན་པའི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་གངས་ཁྲོད་བདེ་བ་ཆེན་པོའི་ཕོ་བྲང་ནས་ཤར་མར་སྤེལ་ཏེ་ཕུལ་བ་དགེ། མངྒ་ལཾ། །

སྲིན་རྫོང་དགེ་སློང་པདྨ་བློ་གསལ་གྱི་དྲིས་ལན་སྙིང་པོར་དྲིལ་བ།

༄། །སྲིན་རྫོང་དགེ་སློང་པདྨ་བློ་གསལ་གྱི་དྲིས་ལན་སྙིང་པོར་དྲིལ་བ་བཞུགས་སོ། །མ་རིག་རྐྱེན་བཅས་སྤངས་པའི་ཡེ་ཤེས་ཀྱི། །རང་ཞལ་རྗེན་པར་སྟོན་པའི་བླ་མ་ལ། །བཏུད་ནས་སེམས་རིག་ལས་འཕྲོས་དྲི་ཚིག་གི །དངོས་ལན་སྙིང་པོར་དྲིལ་ནས་བརྗོད་པར་བྱ། །འདི་ལ་གསུམ། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་ལས་འཕྲོས་པའོ། །དང་པོ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་བསྙད་པའོ། །དང་པོ་ནི། དྲི་ཚིག་ཏུ། སེམས་ཅན་གྱི་བག་ཆགས་སེམས་དང་མ་རིག་ཇི་ལྟར། སངས་རྒྱས་ཀྱི་དགོངས་པ་ཡེ་ཤེས་གང་ལྟར་ལགས། སེམས་དང་རིག་པ་གཉིས་ཇི་ལྟར། ཞེས་པའོ། །གཉིས་པ་དེའི་ལན་ནི། །སྤྱིར་སེམས་ཅན་དང་། ཡིད་ཅན་དང་། ལུས་ཅན། འགྲོ་བ་དང་འབྱུང་བོ་ལ་སོགས་པ་དོན་གཅིག་མིང་གི་རྣམ་གྲངས་ཏེ། གང་ཞིག་ལས་དང་ལས་ཀྱི་འབྲས་བུ་ལ་སྤྱོད་པ་པོ་དང་། ཟ་བ་པོ་དང་། བྱེད་པ་པོར་སྒྲོ་བཏགས་པའི་བདག་དང་། གང་ཟག་ལ་སོགས་པའི་སྒྲས་བརྗོད་པ་དེའོ། །དེ་ལྟ་བུའི་མ་བརྟགས་མ་དཔྱད་པའི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་པའི་བདག་དེའི་རང་བཞིན་དོན་ལ་ཡོད་མེད་བརྟགས་ཤིང་དཔྱད་ནས་གཏན་ལ་འབེབས་པར་བྱེད་པ་ལས་གྲུབ་པའི་མཐའ་དག་རྣམ་པར་དབྱེའོ། །དེ་ཡང་ཕྱི་རོལ་མུ་སྟེགས་པ་དག་ནི། བདག་དེ་ཡོད་པ་གཞིར་བཞག་གི་སྟེང་ནས་དེའི་མཚན་ཉིད་རྟག་པ་དང་ཆད་པ་ཇི་རིགས་པར་སྒྲོ་བཏགས་ནས་སོ་སོའི་གྲུབ་མཐའ་རྣམ་པར་འཇོག་གོ །ནང་བ་སངས་རྒྱས་པ་རྣམས་ནི་རྟག་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བདག་དེ་མེད་པ་གཞིར་བཞག་གི་སྟེང་ནས་རང་རང་གི་གྲུབ་མཐའ་འཇོག་པ་ལས། རེ་ཞིག་ཐེག་དམན་པ་དག་ནི་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཕྱོགས་གཅིག་རྟོགས་པའི་སྒོ་ནས་རྣམ་པར་འཇོག་གོ །ཐེག་ཆེན་པ་དག་ནི་བདག་མེད་གཉིས་ཀ་རྟོགས་པ་གཞིར་བཞག་ལས་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་མིན་ལ་དབུ་སེམས་རྣམ་པར་རྩོད་དོ། །འདི་དག་གི་ནང་གསེས་ནི་བརྗོད་ཀྱིས་མི་ལངས་པས་གཞུང་ལས་རྟོགས་པར་བྱའོ། །དེ་ལྟར་སེམས་ཅན་དུ་སྒྲོ་འདོགས་པའི་གཞི་ནི་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཏེ། དེ་ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་རྣམ་པར་དབྱེ་བ་རྣམས་སོ། །དེ་དག་ཀྱང་བསྡུ་ན། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་གཉིས་པོ་གང་རུང་དུ་འདུ་བ་ལས་རེ་ཞིག་འདུས་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཕུང་བོ་ལྔར་འདུ་ཞིང་དེ་ལས་རྣམ་ཤེས་ཀྱི་ཕུང་པོའི་གཞི་ལ་ཐེག་པ་ཐུན་མོང་གི་མདོ་ལས་རྣམ་པར་ཤེས་པའི་ཚོགས་དྲུག་ཏུ་དབྱེ་བར་མཛད་པ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་མདོ་ལས་ཚོགས་བརྒྱད་དུ་དབྱེ་བར་མཛད་པའི་ཕྱི་མའི་ཁྱད་ཆོས་ཀུན་གཞིའི་རྣམ་ཤེས་དང་། ཉོན་ཡིད་ཀྱི་རྣམ་ཤེས་གཉིས་ཏེ། དེ་གཉིས་ཀྱི་ངོས་འཛིན་ཡང་། མདོ་ལས། སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ། །ངར་སེམས་པ་ནི་ཡིད་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེས་ན་སེམས་ཀུན་གཞིའི་རྣམ་ཤེས་གཏན་ལ་འབེབས་པར་བྱེད་པ་ལ། ས་སྡེ་ལས་དོན་ཚན་བཅུ་གཅིག་གི་སྒོ་ནས་དབྱེ་བར་མཛད་ཀྱང་། མདོར་ན་ཀུན་གཞིའི་ངོ་བོ་ནི། བག་ཆགས་ཐམས་ཅད་ཀྱི་བསྒོ་གཞིར་གྱུར་པའི་མ་སྒྲིབ་ལུང་མ་བསྟན་གྱི་ཤེས་པ་ཞིག་གོ །མ་རིག་པ་ནི་སེམས་བྱུང་འདུ་བྱེད་ཀྱི་ཕུང་བོས་བསྡུས་པ་རྩ་ཉོན་དྲུག་གི་ནང་ཚན་གང་དག་མི་ཤེས་པ་དང་། མི་གསལ་བ་དང་། མ་རྟོགས་པ་དང་། མ་རིག་པ་ཞེས་བྱ་བ་སྟེ། འདི་ལ་ཡང་། དཀོན་མཆོག་དང་། བདེན་པ་དང་། ལས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་ལ་རྨོངས་པའི་མ་རིག་པ་ཞེས་བྱ་བ་གསུམ་མམ། ལྷན་སྐྱེས་དང་། ཀུན་བརྟགས་ཀྱི་མ་རིགས་པ་གཉིས་ཡོད་དོ། །སངས་རྒྱས་ཀྱི་དགོངས་པ་ནི། དེ་ལྟ་བུའི་མ་རིག་པ་དང་དེས་བསྐྱེད་པའི་ལས་ཉོན་རྣམ་སྨིན་དང་བཅས་པ་སྤངས་པའི་ཡེ་ཇི་བཞིན་པའི་ཤེས་པ་སྟེ། ཀ་ནས་དག་པ། དྲི་མ་མེད་པ། མ་བསྒྲིབ་པ། རྣམ་པར་གསལ་བ། རྨོངས་པ་མེད་པ་དག་གིས་རབ་ཏུ་ཕྱེ་བའོ། །དེས་ན་མ་རིག་པ་མཚུངས་ལྡན་དང་བཅས་པ་ནི་སེམས་ཀྱི་ཕྱོགས་དང་། ཡེ་ཤེས་མཚུངས་ལྡན་དང་བཅས་པ་ནི་རིག་པའི་ཕྱོགས་ཡིན་པའང་ཤེས་པར་བྱའོ། །འདི་དག་གི་རྣམ་བཞག་ལ། གནས་དང་། ལམ་དང་། སྒོ་དང་། ཡུལ་གྱི་སྒོ་ནས་དབྱེ་བ་དང་། ཀུན་གཞི་དང་ཆོས་སྐུའི་དབྱེ་བ། སེམས་དང་ཡེ་ཤེས་ཀྱི་དབྱེ་བ། ཡིད་དང་ཤེས་རབ་ཀྱི་དབྱེ་བ་སོགས་མང་དུ་ཡོད་ཀྱང་དེ་དག་གི་རྣམ་དབྱེ་ཕྲ་ཞིབ་ནི་མུ་ཏིག་ཕྲེང་བའི་རྒྱུད་སོགས་རྫོགས་ཆེན་སྙིང་ཐིག་གི་རྒྱུད་སྡེ་རྣམས་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པ་སྤྱི་དང་། བྱེ་བྲག་ཏུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་བསྟན་བཅོས་ཐེག་པའི་མཆོག་རིན་པོ་ཆེའི་མཛོད་དང་། ཚིག་དོན་མཛོད་སོགས་ལས་རྟོགས་པར་བྱའོ། །དེ་དག་གིས་ནི་ལྟ་བའི་ཕྱོགས་ལས་འཕྲོས་པའི་དྲིས་ལན་བརྗོད་ཟིན་ཏོ། །གཉིས་པ་སྒོམ་པའི་ཕྱོགས་ལའང་གཉིས་ལས། དང་པོ་དྲི་བས་མཚམས་སྦྱར་བ་ནི། དྲི་ཚིག་ཏུ་རྣམ་རྟོག་འཁྲུལ་འབྱམས་སུ་སོང་ན་ཇི་ལྟར་བྱ། མཚམས་ལ་སྡོད་སྐབས་རྣམ་རྟོག་ཉིང་འཁྲུལ་ཤིན་ཏུ་མང་འདུག་པ་ལ་ཅིས་དྲག བསྐྱེད་རིམ་སྒོམ་དུས་རྣམ་རྟོག་མང་ཞིང་བར་ཆད་ཆེ་བར་འདུག་པ་ལ་ཇི་ལྟར་བྱེད་དགོས་ལགས། ཞེས་པའོ། །དེའི་ལན་ནི་སྤྱིར་བཏང་མདོ་སྡེ་དག་ལས་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་སྒོམ་པ་དང་། གཏི་མུག་གི་གཉེན་པོར་རྟེན་འབྲེལ་སྒོམ་པ་དང་། རྣམ་རྟོག་གི་གཉེན་པོར་རླུང་འབྱུང་འཇུག་ལ་སེམས་འཛིན་སྒོམ་པ་སོགས་གསུངས་ཤིང་། དེ་ལས་རླུང་གི་གདམས་པ་ལའང་ཆོས་མངོན་པ་ལས། བགྲང་དང་རྗེས་འགྲོ་འཇོག་པ་དང་། །ཞེས་སོགས་གདམས་ངག་དྲུག་ཏུ་གསུངས་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་གོང་འོག་རྣམས་ལས་ཀྱང་རླུང་གི་གདམས་ངག་མང་དུ་གསུངས་པ་རྣམས་རྣམ་རྟོག་འདུལ་བའི་ཐབས་ཀྱི་མཆོག་ཡིན་ཞིང་། ཁྱད་པར་ཕྱག་རྫོགས་ཀྱི་མན་ངག་ལས་ནི་རྣམ་རྟོག་ལ་རང་བཞིན་མེད་པའི་ཕྱིར་ཆེད་དུ་སྤང་མི་དགོས་པར་རང་གྲོལ་དུ་གཏོང་བའི་ཚུལ་དག་གསུངས་སོ། །མཚམས་ལ་སྡོད་སྐབས་རྣམ་རྟོག་ལྷག་པར་མང་བ་ནི། དཔེར་ན་ཆུ་རྦ་ཀློང་དྲག་པོ་གཡོ་བའི་སར་དེར་གནས་པའི་སྲོག་ཆགས་སོགས་མི་མངོན་ཞིང་། གཟུགས་བརྙན་མི་སྣང་བ་བཞིན་དུ་རྒྱུན་ལྡན་རྣམ་པར་གཡེང་བའི་སྐབས་སུ་འཁྲུལ་སྣང་གཡོ་དྲག་པས་རྣམ་རྟོག་འཆར་ནུབ་མི་མངོན་ཞིང་ཏིང་ངེ་འཛིན་གྱི་སྣང་བ་མི་གསལ་བ་ལས། ཕྱི་ནང་གི་རྒྱུ་འགྲུལ་བཅད་དེ་མཚམས་ལ་བསྡད་པས་སེམས་ཅུང་ཟད་གནས་པར་གྱུར་པ་ན། ད་བཟོད་རྣམ་རྟོག་ཅུང་ཟད་མངོན་དུ་སོང་བ་དཔེར་ན་ཆུ་དལ་དུ་སོང་བ་ལ་སྲོག་ཆགས་སོགས་མངོན་ཞིང་གཟུགས་བརྙན་སྣང་བ་ལྟ་བུ་ཡིན་གྱི་མཚམས་ལ་བསྡད་པས་རྣམ་རྟོག་མང་དུ་སོང་བ་ནི་མ་ཡིན་ནོ། །དེས་ན་བསྐྱེད་རིམ་བསྒོམས་ནས་རྣམ་རྟོག་མང་བ་ཡང་དེ་དང་འདྲ་ལ། དེ་དག་སེལ་བའི་ཐབས་ནི། སྤྱིར་བཏང་སེམས་གནས་དགུའི་སྐབས་སུ། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བརྟེན་ཚུལ་གསུངས་པ་རྣམས་དང་། ཁྱད་པར་བསྐྱེད་རིམ་རང་གི་སྐབས་སུ་སྤྱིའི་སྐྱོན་བདུན་དང་བྱེ་བྲག་ཏུ་འགྱུར་བའི་སྐྱོན་བཅུ་གཉིས་བཅོས་ཚུལ་བསྐྱེད་རིམ་གྱི་རྣམ་བཤད་འོག་མིན་བགྲོད་པའི་ཐེམ་སྐས་སོགས་ལས་བཤད་པ་ལྟར་ཐུགས་ཉམས་སུ་བཞེས་པར་བྱའོ། །གཞན་ཡང་རྫོགས་ཆེན་གྱི་སྔོན་འགྲོའི་སྐབས་སེམས་འཛིན་བདུན་གསུམ་ཉི་ཤུ་རྩ་གཅིག་གསུངས་པ་རྣམས་ཀྱང་འདི་དག་དང་གནད་གཅིག་པ་ཡིན་པའང་ཤེས་པར་བྱའོ། །མཚམས་ཀྱི་སྐབས་བར་ཆད་ཆེ་བ་ནི་ཐུགས་མད་དེ། །སྤྱིར་བཏང་དུའང་ཤེས་རབ་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང་། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་འདི་ཉིད་འཚང་རྒྱ་ཁར་མི་མཇེད་ཀྱི་འཇིག་རྟེན་འདིའི་བདུད་བྱེ་བ་ཕྲག་བརྒྱའི་དམག་གཡོས་ཏེ་བར་ཆད་བརྩམས་པ་དང་མཚུངས་པར། རང་རེས་ཀྱང་སེམས་རྣམ་པ་གཉིས་བསྐྱེད་དེ་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ཕྱིར་རིམ་པ་གཉིས་ཀྱི་རྣམ་འབྱོར་ལ་འཇུག་པ་ནའང་བདུད་སྡིག་ཅན་ཉིད་རང་སྡེ་བྲི་བར་དོགས་ནས་བར་ཆད་བྱེད་པ་ཆོས་ཉིད་ཡིན་ནའང་དེའི་འཇུག་སྒོ་ནི་སྒྲུབ་པའི་དམ་བཅའ་ལ་ཡིད་གཉིས་སུ་གྱུར་པའི་ཐེ་ཚོམ་ཉིད་ཡིན་ཕྱིར་ཐེ་ཚོམ་གྱིས་དམ་བཅའ་རིས་སུ་མི་འབོར་བར་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་པའི་རྣལ་འབྱོར་བ་ལ་ནི་བར་ཆད་དེ་དག་གིས་གླག་རྙེད་པ་མ་ཡིན་ནོ། །དེས་ན་སྒྲུབ་པ་ལ་ཞེ་བཅད་དང་སྙིང་རུས་གནད་ཆེ་བའང་མཁྱེན་པར་མཛོད་ཅིག དེ་དག་གིས་སྒོམ་པའི་ཕྱོགས་ཀྱི་དྲིས་ལན་ཐལ་ལོ། །གསུམ་པ་སྤྱོད་པའི་ཕྱོགས་ལའང་གཉིས་ལས། དང་པོ་དྲི་བ་ནི། དྲི་ཚིག་ཏུ། ལྷག་པར་ཉམས་ལེན་གྱི་སྙིང་པོ་འདི་ཕྱིར་ཕན་པའི་བླ་མའི་ཞལ་གྱི་མན་ངག་དང་། འཆི་ཁར་ཕན་པའི་བསླབ་བྱ་ཞིག་བཅས་སྤྱི་བོར་སྩོལ་ཐུབ་པ་མཁྱེན་མཁྱེན། མཁྱེན་ལགས། ཞེས་སྨྲས་པའོ། །གཉིས་པ་དེའི་ལན་བཤད་པ། འདི་ཕྱིའི་ལམ་སྟོན་བླ་མ་རྡོ་རྗེ་འཆང་། །གང་གི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། །འདི་ཕྱིར་ཕན་པའི་གཏམ་འདི་ཁྱེད་ལ་ཞུ། །ཕན་པའི་གདམས་པར་ཤེས་ནས་བླང་དོར་མཛོད། །ད་རེས་མི་ལུས་རིན་ཆེན་ཐོབ་དུས་འདིར། །ཕྱི་མའི་དོན་ཆེན་མྱུར་དུ་མ་བསྒྲུབ་ན། །འཆི་བདག་གཤིན་རྗེ་ནམ་འོང་མི་འདུག་པས། །གློ་བུར་བྱུང་ན་ཇི་ལྟར་བྱ་དགོས་སོམས། །སྲིད་པའི་ཕུན་ཚོགས་མི་དགེའི་སོ་ནམ་འདིའི། །འབྲས་བུ་རྩུབ་མོ་མྱོང་ན་མི་བཟོད་པས། །མཐའ་མེད་འཁོར་བའི་སྡུག་བསྔལ་འདིར་སོམ་ལ། །སྲིད་རྩལ་ལས་ཉོན་འགོག་པའི་ཐབས་ལ་འབོད། །དེ་ལྟ་ན་ཡང་རང་ཉིད་གཅིག་པུ་རུ། །ཐར་འདོད་ཉན་རང་ལམ་ལས་མི་འདའ་བས། །མ་གྱུར་འགྲོ་ཀུན་སྲིད་པའི་ཆུ་གཏེར་ལས། །སྒྲོལ་འདོད་བྱང་ཆུབ་སེམས་གཉིས་སྐྱེད་མཛོད་ཅིག །དེ་ཡི་བསླབ་བྱ་ཕ་རོལ་ཕྱིན་པ་དྲུག །བསླབ་པ་གསུམ་དུ་བསྡུས་ནས་དེ་ཡང་ནི། །རིམ་གཉིས་ལམ་གྱིས་ཉམས་སུ་ལེན་པའི་ཚུལ། །མཁས་གྲུབ་བརྒྱུད་པའི་ཞལ་ལུང་སྙིང་ལ་འཆོངས། །གང་དག་ཚུལ་ཁྲིམས་བསླབ་པས་མ་བསྡམས་ཤིང་། །ཞི་ལྷག་སྒོམ་པའི་ཚུལ་ལ་རྨོངས་བཞིན་དུ། །ཚེ་འདིར་སངས་རྒྱས་འགྲུབ་འདོད་རེ་བ་ནི། །ས་བོན་རུལ་བའི་འབྲས་བུར་སྨོན་པ་བཞིན། །དེ་ཕྱིར་དབང་བཞིའི་རྗེས་འགྲོའི་ལམ་གནད་གང་། །བླ་མའི་ཞལ་ལས་ལེན་པར་མ་མཛད་ན། །གསང་ཆེན་ལམ་གྱིས་མཆོག་ཐུན་སྒྲུབ་པོ་ལ། །གཏམ་དེ་བྲག་ཆ་བཞིན་དུ་རྗེས་མེད་འགྱུར། །འདི་ལྟར་དབང་བཞིའི་ལམ་ལ་གོམས་གྱུར་ན། །གང་ལ་གོམས་པ་དེ་ཡི་འདའ་ཀ་མ། །རྡོ་རྗེ་འཆང་གིས་རྒྱུད་སྡེར་ལེགས་གསུངས་པ། །དེ་ལས་འཆི་ཁར་ཕན་ཐབས་གཞན་མེད་ཀྱང་། །ཚེ་འདིར་རྫོགས་པ་ཆེན་པོའི་གདམས་ངག་གིས། །དྲི་མེད་རིག་པའི་རང་ཞལ་མཇལ་གོམས་ན། །འཆི་ཚེ་དེ་གའི་རུམ་དུ་རྟོག་པའི་རྒྱུན། །འཕོས་ཏེ་འོད་གསལ་རང་ངོ་འཕྲོད་ནས་གྲོལ། །དེ་ཕྱིར་རྟེན་འབྲེལ་འཁོར་ལོ་ལུགས་ལྡོག་ཏུ། །སྐུ་བཞིའི་རྒྱལ་སར་འཕོ་བའི་ཆོ་ག་མཁན། །དབང་བཞིའི་བདག་རྒྱུད་སྨིན་མཛད་བླ་མ་དེས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཤོག། ཅེས་པའང་སྲིན་རྫོང་ཨོ་རྒྱན་ཆོས་གླིང་གི་གྲྭ་རིགས་དགེ་སློང་པདྨ་བློ་གསལ་ནས་ལྷ་རེག་དངུལ་ཊཾ་བཅས་ཇི་ལྟར་བསྐུལ་བའི་བཞེད་སྐོང་དུ་ཆོས་སྨྲ་བའི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས་ཁམས་སྲིན་མོ་རྫོང་གི་དབུ་རྩེ་ཕོ་བྲང་གཡུ་མཚོའི་འདབས་རྡོ་རྗེ་སྙིང་རྫོང་གི་མདུན་ཞོལ་ནས་བྲིས་ཏེ་ཕུལ་བ་དགེ། །།

ཀོང་པོ་འགྲོ་མགོན་གྱིས་དྲིས་ལན།

༄། །ཀོང་པོ་འགྲོ་མགོན་གྱིས་དྲིས་ལན་བཞུགས། །ལྷན་སྐྱེས་བདེ་ཆེན་བདེ་བའི་རོལ་མོ་ལ། །དགྱེས་རོལ་བདེ་མཆོག་དཔའ་བོར་རྟག་འཁྱུད་པའི། །སྐྱེ་མེད་ཆོས་འབྱུང་རྒྱལ་བ་ཀུན་གྱི་ཡུམ། །གང་ལ་བཏུད་ནས་དེ་དོན་མདོ་ཙམ་བྲི། །དེ་ཡང་གང་ལས་དྲི་བ་གནང་བའི་དོན། །འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམ་བྱེད་ཀྱི་སྐྱབས་སེམས་དང་བདུན་རྣམ་དག་རྣམས་གྲུབ་ནས་མཚམས་ལྷ་བསྐྱེད་དེ་ལྷ་ཡི་ང་རྒྱལ་བྱ་བའི་སྐབས་འདི་ནས་མར། ཧཱུཾ་ཨྱཻ་ཉིད་སྟོང་བ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་སྐྱེས་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཨོཾ་ཧྲིཿཥྚི་ཝི་ཏྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ༔ ཅེས་གསུངས་འདུག་སྟེ། དེ་ལྟར་ན་ཐོག་མར་རྒྱུ་རྐྱེན་སྔགས་ལས་མ་སྐྱེས་པ་ཞེས་སོགས་སྨྲོས་ནས། སླར་སྔགས་བརྗོད་པས་འགལ་བ་མ་ཡིན་ནམ་ཞེས་ཕེབས་པ་ལ། སྨྲས་པ་འགལ་བ་མ་ཡིན་ཏེ། སྤྱིར་བསྐྱེད་པའི་རིམ་པ་ལ་དབྱེ་ན། ཡུལ་སྣང་བདེན་མེད་དུ་ཤེས་པ་སྒྱུ་མའི་བསྐྱེད་རིམ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ། ལྷ་སྐུ་ཞལ་ཕྱག་དང་བཅས་པ་སྤྲུལ་པའི་བསྐྱེད་རིམ་ཞེས་གསུམ་དུ་དབྱེ་ནས། དེའི་ཕྱི་མ་སྤྲུལ་པའི་བསྐྱེད་རིམ་ལའང་། གང་ཟག་གི་བློའི་གོམས་སྟོབས་དང་སྦྱར་ནས། སྐྱེ་གནས་བཞིའི་བག་ཆགས་སྦྱང་ཕྱིར་བསྐྱེད་རིམ་ཡང་། བསྡུས་འབྲིང་རྒྱས་དང་རྒྱས་པ་ཆེན་པོ་བཞི་རུ་གསུང་བ་རྣམས་ཀྱི་གོ་བ་ཡིད་ལ་ངེས་པར་བྱེད་པ་ནི། ལམ་འདི་སྒོམ་པ་ལ་ཐོག་མར་ཤེས་དགོས་པའི་གནད་དེ། གཞན་དུ་ན། བྱ་བའི་རྒྱུད་དུ་སྟོང་བ་ཡི་གེ་སྒྲ་གཟུགས་དང་། ཞེས་པ་ལ་སོགས་པས་བསྟན་པ་ལྟར་གྱི་ལྷ་དྲུག་ཏུ་དབྱེ་བ་སོགས་རྒྱུད་སྡེ་བཞི་སོ་སོའི་དགོས་ཆོས་དང་བསྟུན་པའི་ལྷའི་ངོས་འཛིན་དང་རང་བཞིན་གྱི་དཀྱིལ་འཁོར་སོགས་དཀྱིལ་འཁོར་གྱི་དབྱེ་བ་དག་ལེགས་པར་ཁོང་དུ་ཆུད་ན་ནི་གནས་འདི་ལ་སོམ་ཉི་མེད་པར་འགྱུར་བ་ཞིག་ཏེ། དེ་ལྟ་ནའང་གནས་སྐབས་སུ་དྲི་བ་དངོས་ཀྱི་རྣལ་ལན་གདབ་པ་ལ། རྩ་བའི་ཚིག་སྔ་མ་ཨྱཻ་ཉིད་སྟོང་བ་སོགས་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་དང་། རྐང་བ་བཞི་བའི་ཚིག་མཇུག་གིས་དེ་ཉིད་ཏིང་ངེ་འཛིན་གྱི་ལྷ་སྐུར་ཤར་བ་བསྟན་པས་ན་མི་འགལ་བའི་ཕྱིར་རོ། །སྔགས་ནི་སྤྱིར་སྔགས་ལ་གསང་སྔགས་རིགས་སྔགས་གཟུངས་སྔགས་ཏེ་དོན་གྱི་སྒོ་ནས་དབྱེ་བ་གསུམ་དང་། རྒྱུ་མ་ནོར་བ་རྩ་བའི་སྔགས་སོགས་བཟླས་པའི་སྒོ་ནས་དབྱེ་བ་གསུམ་སྟེ་དྲུག་ཏུ་འགྱུར་བ་ལས། འདི་སྐབས་ཨོཾ་ཧྲཱིཿཥྚི་སོགས་ནི་ཏིང་ངེ་འཛིན་གྱི་ལྷ་སྐུ་དེ་ཉིད་གསལ་བ་བརྟན་པར་བྱ་བའི་ཆེད་དམ། །ལྷའི་ང་རྒྱལ་བྱ་བའི་ཆེད་ཙམ་དུ་བརྗོད་པ་ལས། བསྐྱེད་པ་རྐྱེན་གྱི་སྔགས་དངོས་ནི་མ་ཡིན་ཏེ། ལྷ་བསྐྱེད་ཟིན་པའི་རྗེས་ནས་བྱུང་བས་ན། དེ་བསྐྱེད་བྱེད་ཀྱི་རྐྱེན་དུ་མི་རུང་བའི་ཕྱིར་རོ། །འོ་ན་འདིའི་དོན་དངོས་གང་སྙམ་པ་ལ། འཆད་པར་བྱེད་དེ། ཐོག་མར་ཧཱུཾ་ཞེས་བརྗོད་པ་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་སུ་མེད་པའི་རྡོ་རྗེ་སྤྲོས་པ་ཀུན་དང་བྲལ་བའི་ས་བོན་ཏེ། དེ་ཉིད་དེའི་དུས་སུ་དྲན་པར་བྱེད་པའི་ཐ་ཚིག་གོ །དེ་ཇི་ལྟར་ན། བརྗོད་པར་བྱ་བའི་ཕྱིར་ཨྱཻ་ཉིད་སྟོང་བ་སོགས་སྨྲོས་ཏེ། ཡེ་གེ་ཨྱཻ་ཉིད་ནི་སྟོང་བ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ་རྣམ་པར་ཐར་བའི་སྒོ་གསུམ་གྱི་བདག་ཉིད་དུ་གྱུར་པའི་སྟོང་བ་ཆོས་ཐམས་ཅད་ཀྱི་འབྱུང་གནས་སམ། རང་རང་གི་དེ་བཞིན་ཉིད་དུ་གྱུར་པ་གང་ཞིག་མཚོན་པར་བྱེད་པ་སྟེ་ཞེས་སྨྲོས་ཏེ། དེ་ལྟར་བརྗོད་པ་ཡང་། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟ་བུར་སོང་བའི་སྟོང་བ་ནི་མ་ཡིན་ནོ་ཞེས་སྟོན་པའི་དོན་དུའོ། །འདི་དག་ལ་ལུང་གི་སྤྲོས་པ་ནི་ཡོད་མོད་དེ་མ་བྱས་སོ། །ཆོས་འབྱུང་དེ་ནི་ཡེ་ནས་རང་གི་མཚན་ཉིད་ཀྱིས་སྐྱེ་བ་མེད་པས་ན་མ་སྐྱེས་པའོ། །མ་སྐྱེས་པ་དེའི་ཕྱིར་ན་འགག་པ་མེད་པའོ། །སྐྱེ་འགག་མེད་པ་དེའི་ཕྱིར་ན་རྟག་པ་དང་ཆད་པར་མ་དམིགས་པའོ། །རྟག་ཆད་མེད་པའི་ཕྱིར་ན་གཅིག་དང་ཐ་དད་གང་དུའང་མ་གྲུབ་པའི་ཕྱིར་རོ། །གཅིག་པར་ཡང་མ་གྲུབ་ལ་ཐ་དད་དུའང་མ་གྲུབ་པས་འགྲོ་བ་དང་འོང་བར་ཡང་མི་རུང་བའོ། །འདི་ནི་དེ་ཡི་ཆོས་ཉིད་དེ་གང་སྐྱེ་བ་ལ་སོགས་པ་གཅིག་འགག་པ་ན་ཀུན་འགག་པར་འགྱུར་བ་ཞིག་སྟེ། ལུང་གིས་ཀྱང་འགྲུབ་བོ། །དེ་ནི་སྒྲ་ཅན་འཛིན་གྱིས་ཡུལ་ལ་བསྟོད་པ་ལས་ཀྱང་། མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །ཅེས་སོགས་དང་། རྒྱུད་ལས་བཤད་པ་ནི་རྒྱུད་ཀྱི་རྒྱལ་པོ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔས་བསྟན་པ་ལྟར་རོ། །བླ་མའི་མན་ངག་ཀྱང་ཡོད་དེ། དབུ་མ་རྩ་བ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་བ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། དེ་ཉིད་ཀྱི་རྐང་བ་དང་པོའི་སྒྲུབ་བྱེད་དུ་སླར་ཡང་། །རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མི་ཡིན་ནོ། །ཞེས་པ་ལ་སོགས་པ་མཐའ་ཡས་སོ། །ཡང་མཐའ་གཅིག་འགགས་པས་མཐའ་གཞན་ཀུན་འགག་པར་འགྱུར་བ་ཡང་། གཞུང་དེ་ཉིད་ཀྱི་རང་འགྲེལ་ལས། གང་སྐྱེ་བ་མེད་པ་ནི། འགག་པ་མེད་པའི་ཕྱིར་རོ། །འགག་པ་མེད་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་ཁྱབ་མཉམ་དུ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་སྐྱེ་འགག་ལ་སོགས་པ་མེད་པའི་ཆོས་ཉིད་གང་ཞིག་ལས་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ལྷ་སྐུའི་རྣམ་པ་ཞིག་འབྱུང་བ་ནི་མི་རུང་སྟེ། བརྩད་ན་མཐའ་བརྒྱད་ཀྱི་སྐྱོན་དེ་དག་འབབ་པའི་ཕྱིར་རོ། །དེ་བས་ན་གང་སྤྲོས་པ་དང་བྲལ་བའི་དུས་ཉིད་ནས། འབྱུང་རུང་གི་ས་བོན་ལ་སོགས་པའི་རྒྱུ་དང་། བསྐྱེད་བྱེད་ཀྱི་རྐྱེན་སྔགས་ལ་སོགས་པ་ལས་མ་བསྐྱེད་པར་རང་གི་ངང་གིས་ལྷའི་དཀྱིལ་འཁོར་དུ་སྣང་ལ། དེ་ལྟར་སྣང་བའི་དུས་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྟེ། ལྷ་དང་སྤྲོས་བྲལ་ལ་སྔ་ཕྱི་མེད་པར་ཡེ་ཤེས་སྒྱུ་མའི་སྐུར་རྟེན་ཅིང་འབྲེལ་འབྱུང་དུ་སྣང་བ་འདི་ནི་འགལ་བ་མ་ཡིན་ཏེ། རང་གི་མཚན་ཉིད་བཞག་ཏུ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་དོན་འདི་རྟོགས་པར་གྱུར་པའི་རྣལ་འབྱོར་བའི་ཡིད་ངོར། རོལ་པ་དཔལ་ཆེན་པོ་གཤིན་རྗེའི་གཤེད་པོའི་ཕྱག་རྒྱ་སྒྱུ་མའི་སྐུ་རུ་ཡེ་ནས་ཡིན་པ་ལ་ཡིན་པར་རྟོགས་པའི་ཤེས་རབ་ཀྱིས་གསལ་འདེབས་པ་སྟེ། དོན་འདིས་སྔ་འགྱུར་གྱི་རིང་ལུགས་ལ་ལྷག་པའི་བདེན་པ་དབྱེར་མེད་བློས་སྤྱོད་ཡུལ་དང་བྲལ་བ་ཞེས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བའི་ཁྱད་པར་བཤད་པ་ལའང་ངེས་ཤེས་འགྲོང་དགོས་སོ། །དེ་དག་ཀྱང་དཔལ་དུས་ཀྱི་འཁོར་ལོ་ལས། ཨཱ་ལི་ཀཱ་ལི་སྙོམས་འཇུག་དང་། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཀྱང་། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཅེས་སོགས་གསུངས་པ་དང་མཐུན་པ་ཡིན་ནོ། །རྒྱུ་མཚན་འདི་རྣམས་ལ་ལུང་སྦྱོར་དང་མཐའ་དཔྱད་རྒྱས་པ་ནི་དོན་བསྡུས་ཏེ་དགོས་ཞེས་ཕེབས་པས་མ་སྤྲོས་སོ། །སྨྲས་པ། དཔྱད་ན་ལུང་དང་རིགས་པའི་མེ་བཙའ་ཡིས། །དོན་ལ་རྨོངས་པའི་ནད་མིག་འབྱིན་སྲིད་ཀྱང་། །དེང་དུས་འགྲོ་ཀུན་ལེགས་བཤད་ནོར་བུ་ལས། །བླུན་ཚིག་འགལ་དུམ་འཕྲེང་བར་སྤྲོ་བ་མཐོང་། །ཤེས་ལྡན་ཡོད་ན་ཁེངས་པའི་རུ་མཚོན་དེ། །དར་ཅིག་སྙོལ་ལ་གཟུ་བོར་གནས་པའི་བློས། །གོ་སའི་སྤྲིན་པ་ཟས་སུ་མ་རློམ་པར། བརྒྱུད་ལྡན་མན་ངག་ནུ་ཞོ་འཐུངས་ཤིག་ཀྱེ། ཡང་གང་ལས་དྲི་བ་ཕེབས་པར། །གཞུང་དག་ལས་ལོག་པའི་ལྕི་བ་བཞི་སོགས། ལྕི་བ་བཅུ་གཉིས་ཙམ་དུ་དབྱེ་བ་ཡོད་ཚོད་དུ་འདུག་པས། དེ་དག་གི་ངོས་འཛིན་དང་། རྣམ་དབྱེ་གསལ་བོ་དགོས་ཞེས་གནང་བ་ལ། ལན་བཤད་པ། སྤྱིར་ཐུན་མོང་གི་ཐེག་པ་ལས་ཀྱང་ལྕི་བ་བཞིའི་ངོས་འཛིན་ནི་གསལ་བོར་གནང་མོད། འོན་ཀྱང་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་དབང་དུ་བྱས་ཏེ། དེ་ཉིད་ཀྱི་དམ་ཚིག་གི་བཤགས་པའི་སྐབས་སུ། ལྕི་བ་བཅུ་དྲུག་ལོག་པ་བརྒྱད་ལ་སོགས། །ཞེས་ལྕི་བ་བཅུ་གཉིས་ཙམ་དུ་མ་ཟད་ལྕི་བ་བཅུ་དྲུག་ཏུ་བཤད་དེ། དེ་བས་འདིར་དེ་ཉིད་ཀྱི་ངོས་འཛིན་དང་རྣམ་དབྱེ་མདོ་ཙམ་བརྗོད་པ་ལ། ཐོག་མར་ལོག་པའི་ལྕི་བ་བཞི་ནི། མཁས་པའི་གོང་ལྕི། དགེ་སློང་གི་ཕྱག་ལྕི། སྒྲུབ་པ་པོའི་ཟས་ལྕི། སྔགས་པའི་རྫས་ལྕི་བ་སྟེ་བཞི་ལས། དང་པོ་ནི། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་གསུངས་པའི་དོན་འཕགས་པའི་ཡུལ་དུ་གྲགས་པ་ལྟར་ན། སྒྲ་དང་ཚད་མ་གཉིས་གཞན་ཚར་གཅོད་ཀྱི་རིག་གནས། བཟོ་དང་གསོ་བ་གཉིས་གཞན་རྗེས་སུ་འཛིན་པའི་རིག་གནས། མདོ་རྒྱུད་ཀྱི་གཞུང་དོན་ལ་སློབ་པ་རང་ཉིད་ཀྱིས་ཀུན་ཤེས་པར་བྱ་བའི་ནང་གི་རིག་གནས་ཏེ། དེ་ལྟར་རིག་པའི་གནས་ཆེན་ལྔ་པོ་ཤེས་པའི་གང་ཟག་ལ་མ་ཧཱ་པཎྜི་ཏ་ཞེས་མཁས་པ་ཆེན་པོའི་ཐ་སྙད་དང་། སྐར་རྩིས་སྙན་ངག་སྡེབ་སྦྱོར་ཟློས་གར་མངོན་བརྗོད་དེ་རིག་པའི་གནས་ཆུང་ལྔ་ཤེས་པ་ལ་ཨལ་པ་པཎྜི་ཏ་ཞེས་མཁས་པ་ཆུང་ངུའི་ཐ་སྙད་བཏགས་ཏེ། དེ་ལྟར་ནའང་ནང་དོན་རིག་པ་ནི་ཐུན་མོང་མ་ཡིན་པའི་རིག་གནས་དང་། གཞན་རྣམས་དེའི་ཡན་ལག་ཐུན་མོང་གི་རིག་གནས་སུ་ཤེས་དགོས་སོ། །འདི་དག་གི་ནང་གསེས་ཀྱི་དབྱེ་བ་དང་། ད་ལྟ་བོད་འདིར་གཞུང་གང་ཙམ་ཞིག་འགྱུར་ཡོད་པ་ལ་སོགས་པའི་ཞིབ་བཤད་ནི་ཡི་གེ་མང་གིས་དོགས་ནས་མ་སྤྲོས་སོ། །དེ་བས་ན་རང་ཉིད་ལ་མཁས་པ་ཆེ་ཆུང་གང་དུའང་གདག་རུང་བའི་ཡོན་ཏན་མེད་བཞིན། གཞན་ཡོན་ཏན་དེ་དག་དང་ལྡན་པའི་མཁས་པའི་དབང་པོ་དག་གི་གོང་དུ་གྱུར་པའི་གོ་ས་མཐོན་པོ་བཟུང་ནས་དེ་ཉིད་ཀྱི་སྙེམས་པས་ཕ་རོལ་པོ་ཁྱད་དུ་གསོད་པའམ། གྲལ་གོང་ལ་སོགས་པར་སྡོད་པར་བྱེད་པ་འདི་ནི་སྤྱོད་པ་གོ་ལོག་ཏུ་གྱུར་པའི་ནང་ནས་ཀྱང་ལྷག་པར་ལྕི་བ་དང་པོའོ། །ཚིག་མཇུག་འདི་ལྷག་མ་གསུམ་པོ་ལའང་སྦྱར་བར་བྱ་སྟེ། དེ་ལྟར་ན་གང་ཞིག་སོ་སོ་ཐར་བའི་བསླབ་པའི་གོ་རིམ་གྱི་དབང་དུ་བྱས་ན་དགེ་བསྙེན་ལ་སོགས་པའི་བསླབ་པ་ཚིག་གསུམ་པོ་གང་རུང་འཛིན་པའི་གང་ཟག་བསླབ་པ་འོག་མར་གྱུར་པ་གང་ཡིན་པ་དེས་རང་ལས་བསླབ་པ་གོང་མར་གྱུར་པ་དེ་ལ་ཕྱག་འཚལ་དགོས་ཤིང་། དེ་ལྟར་མ་ཟད་གཉིས་ཀ་དགེ་སློང་གི་དངོས་པོར་གནས་པ་ཞིག་ནའང་གང་བསྙེན་པར་རྫོགས་སྔ་བའི་བསླབ་པ་རྒན་རིམ་དེ་ལ་དེ་ལས་ཕྱི་བའི་བསླབ་པ་གཞོན་པ་དག་གིས་རིམ་པ་བཞིན་དུ་ཕྱག་འཚལ་དགོས་པ་དེ་ཉིད་རང་གི་ལུགས་དང་གཞན་ཡང་ཡེ་ཤེས་ཁོང་ཆུད་ཀྱི་དབང་དུ་བྱས་ནས་རིག་འཛིན་ནང་གི་དགེ་སློང་གི་རྣམ་བཞག་ཀྱང་ཡོད་དེ། བྲམ་ཟེ་ཆེན་པོ་ས་ར་ཧ་བས་སྨྱིག་མཁན་མ་དང་ལྷན་གཅིག་གནས་བཞིན་འདི་སྐད་དུ། ཁ་སང་ཕན་ཆད་དགེ་སློང་མིན། །དེ་རིང་ཕྱིན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་གསུངས་པས་མཚོན་དེ་ཉིད་སྒྲུབ་བྱེད་ཀྱི་རྒྱུད་སྡེའི་ལུང་ཡང་མང་ཞིག་ཡོད་དོ། །གཞན་དུ་ན་སོ་སོར་ཐར་བ་ལས་ཀྱང་། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་བོ་ཀུན་ལ་ཆད་པ་རབ་སྤངས་ཏེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །ཞེས་གསུངས་པ་དང་། སྤྱིར་ཚུལ་ཁྲིམས་རྣམ་པ་གསུམ་ལས། སོ་སོ་ཐར་བ་ནི་ངེས་འབྱུང་གི་ཚུལ་ཁྲིམས་ཁོ་ནའི་དབང་དུ་བྱས་ཀྱི། ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་བློས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་བསྲུང་ཀྱང་བསླབ་པ་གནས་འགྱུར་གྲུབ་ན་མ་གཏོགས། དེ་ཉིད་སོ་སོར་ཐར་བ་དང་དགེ་སློང་གང་ཡང་མ་ཡིན་པར་གསུངས་པ་འདི་དག་ལ་དཔྱད་ན། སོ་ཐར་ཀྱི་སྡོམ་པ་ཀུན་སློང་ལ་མ་ལྟོས་པར་ལུས་ངག་ཁོ་ནའི་སྟེང་ན་ཡོད་པར་འདོད་པ་འདི་ལ་ཡང་ཁྱབ་པ་རང་མ་བྱུང་ཞིང་། མ་ཟད་དགེ་སློང་གི་ངོས་འཛིན་ལའང་དཔྱད་གཞི་དུ་མ་སྣང་མོད། འོན་ཀྱང་འདིར་བརྟན་མཁས་བཙུན་པ་ཕན་འདོགས་ཀྱི་ཡོན་ཏན་བཞི་དང་ལྡན་པའི་དགེ་སློང་ཡིན་ན་ནི་སྨྲོས་མ་དགོས་ཤིང་ཞར་བྱུང་རིག་འཛིན་ནང་གི་དགེ་སློང་སོགས་མདོར་ན་དགེ་སློང་གི་དངོས་པོར་གདགས་སུ་རུང་བ་གང་ཡང་རུང་སྟེ། དེ་དག་གིས་ཕྱག་འཚལ་བ། རང་ཉིད་དེ་འདྲའི་དགེ་སློང་མིན་བཞིན་དང་དུ་ལེན་པར་བྱེད་པ་འདི་ནི་ལོག་པའི་ལྕི་བ་གཉིས་པའོ། །གལ་ཏེ་རང་གི་དབང་ལ་སོགས་པ་ཞུ་ཡུལ་གྱི་བླ་མ་ལྟ་བུ་རང་ལས་རྟེན་དམའ་པའམ། བསླབ་པ་གཞོན་པར་གྱུར་ན་དེ་ལ་ཕྱག་འཚལ་རུང་ངམ་མི་རུང་སྙམ་ན། འདི་ནི་དམིགས་བསལ་ཏེ། སྤྱིར་བླ་མ་དེ་ཉིད་རིག་འཛིན་ནང་གི་དགེ་སློང་གི་དངོས་པོར་གྲུབ་ཟིན་ན་ནི་སྨྲོས་མ་དགོས་ལ། དེ་མིན་ཀྱང་རང་གི་ངོར་སངས་རྒྱས་ལས་ཀྱང་ལྷག་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པར་གྱུར་པས་ཕྱག་འཚལ་དགོས་པ། སློབ་དཔོན་དཔའ་བོའི་བླ་མ་ལྔ་བཅུ་པ་ལས། མཆོག་ཏུ་དང་བས་དུས་གསུམ་དུ། །དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །སྟོན་པ་བླ་མ་བསྙེན་བཀུར་ཞིང་། །ཞབས་ལ་སྤྱི་བོས་ཕྱག་བྱའོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་དེས་ནའང་རེ་ཞིག་འཇིག་རྟེན་པའི་སྐྱེ་བོ་ཐ་མལ་པ་རྣམས་དང་། དམན་ལམ་ཕྱོགས་གཅིག་ཏུ་ཞེན་པ་དག་གི་མདུན་དུ་ནི། དེ་དག་གིས་སྨོད་པ་སྤོང་བའི་ཕྱིར། དམ་པའི་ཆོས་ལ་སོགས་པའི་སྐུ་གསུང་ཐུགས་རྟེན་གང་རུང་མདུན་དུ་བཀྲམ་ཞིང་དེ་ཉིད་ལ་ཕྱག་བྱ་བའི་ཟོལ་གྱིས། བློས་བླ་མ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཤེས་བཞིན་གུས་པ་ཆེན་པོས་ཕྱག་འཚལ་བར་བཞེད་དེ། ལུང་སྔ་མའི་མུར། ཁྱིམ་པའམ་ནི་གསར་བུ་ལ། །འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་བདར་ཏེ། །བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ། །ཞེས་གསུངས་པས་ཤེས་སོ། །དེ་བཞིན་དུ་གང་ཞིག་ནང་བ་སངས་རྒྱས་པ་རྣམས་ཀྱིས་རང་གི་ཆོས་ལུགས་ཉམས་སུ་ཇི་ལྟར་ལེན་པའི་ལག་ལེན་གྱིས་གོ་རིམ་ནི་འཁོར་ལོ་གསུམ་གྱི་རིམ་པས་ཏེ། དེ་བས་ན་ཐོག་མར་ཀློག་པ་ཐོས་བསམ་གྱི་འཁོར་ལོས་ཆོས་དང་ཆོས་མ་ཡིན་པ་འབྱེད་པའི་ཤེས་རབ་ཀྱི་མིག་དང་ལྡན་པར་བྱས་ནས། བར་དུ་སྤོང་བ་བསམ་གཏན་གྱི་འཁོར་ལོས་སྒྲུབ་པ་ཉམས་ལེན་སྙིང་པོར་བྱས་ཏེ། ཐ་མ་བྱ་བ་ལས་ཀྱི་འཁོར་ལོས་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེན་སྒྲུབ་པ་སྟེ། དེ་ལྟར་འཁོར་ལོ་གསུམ་གྱི་དུས་འདའ་བ་ནི་ལུགས་འདི་འཛིན་པ་རྣམས་ཀྱིས་ཇི་ལྟར་སློབ་པའི་གོ་རིམ་མ་ནོར་བ་ཉིད་ཡིན་གཞན་ལག་ལེན་དུ་བཀལ་ནས། ཀློག་པ་ཐོས་བསམ་གྱི་བྱ་བ་རྣམས་རྫོགས་ཏེ། རྣམ་མཁྱེན་དོན་གཉེར་གྱི་བློས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་བྱེད་པ་པོའི་གང་ཟག་དེ་ནི་རྒྱལ་བ་རྣམས་ཀྱི་གདུང་འཚོབ་ཅིང་། སེམས་ཅན་མ་ལུས་པའི་སྐྱབས་གནས་དམ་པ་གཅིག་པུར་གྱུར་པའི་ཕྱིར་དེ་དག་ལ་བསྙེན་བཀུར་ལ་སོགས་པས་མཆོད་པའི་ཕན་ཡོན་ཡང་གཞལ་དུ་མེད་ལ། གལ་ཏེ་མ་གུས་པའི་ལས་བགྱིས་པའི་ཉེས་པ་ཡང་གཞལ་དུ་མེད་པའི་ཕྱིར། རྣམ་པ་ཀུན་ཏུ་རང་འབྱོར་དང་བསྟུན་པས་མཆོད་པར་རིགས་ཀྱི་དེ་དག་གི་ཟས་སུ་བགྱིས་པའི་བཟའ་བཏུང་ལས་ཕྲིས་ནས་རང་ཉིད་ཀྱིས་ཟ་བ་ནམ་ཡང་མི་རིགས་པ་གང་ཞིག ཅི་སྟེ་ཟོས་ན་ལོག་པའི་ལྕི་བ་གསུམ་པའོ། །འདིར་ཡང་སྒྲུབ་པ་པོ་རང་ཉིད་ཀྱིས་ཆེད་དུ་གནང་བ་ཡིན་ན་དེ་ལ་ལྕི་བར་འགྱུར་རམ་མི་འགྱུར་སྙམ་པ་ལ། སྤྱིར་རབ་བྱུང་ལ་ཟང་ཟིང་གི་སྦྱིན་པ་གནང་མིན་དང་། ཐེག་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསླབ་པ་དག་ལ་སྦྱར་ནས་དཔྱད་ན་དཔྱད་གཞི་དུ་མ་སྣང་མོད་ཚུལ་དེ་དང་མཚུངས་པར་གང་ཞིག་སྔགས་ལ་སྤྱོད་པ་སྟེ། སྤྱིར་མནྟྲའི་སྒྲ་ཕྲལ་ན། མན་ཤེས་པ་དང་། ཏྲ་ཡ་སྐྱོབ་པ་ལ་འཇུག་པའི་ཕྱིར་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པར་བྱེད་པས་ན་སྔགས་ཏེ། རྒྱུ་མཚན་འདིའི་དབང་གིས་འདུལ་བའི་གཞུང་དག་ལས་ཀྱང་ལས་བརྗོད་པ་ཁ་ཅིག་གི་མཇུག་ཏུ། དེ་ནི་དེ་ལ་སྔགས་སོ། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་པས་ན་སྔགས་ཞེས་བྱ་བ་འདི་ཡང་སྒྲ་ཡངས་པ་ཞིག་མོད་དེ། འོན་ཀྱང་འདིར་རེ་ཞིག་མདོ་སྔགས་ཀྱི་ཟླས་ཕྱེ་བའི་སྔགས་ལ་སྤྱོད་པའི་གང་ཟག་དེ་ནི་གདན་གསུམ་ལྷ་ཡི་འཁོར་ལོ་ལས་ནམ་ཡང་མི་འདའ་བ་ཞིག་སྟེ། དེ་བས་ན་དེ་ཉིད་ཀྱི་ཉེར་སྤྱོད་ཀྱི་རྫས་དག་ཀྱང་ལྷག་པའི་ལྷའི་མཆོད་རྫས་བསྟན་སྲུང་དྲེགས་པའི་དཀོར་ཆ་འབའ་ཞིག་ལས་མ་འདས་པའི་ཕྱིར། རྣམ་པ་ཀུན་ཏུ་དེ་དག་ལ་དོགས་ཟོན་བགྱིད་ཅིང་བསྙེན་བཀུར་གྱི་ཡུལ་གཉེན་པོར་བརྩི་དགོས་རྒྱུ་ལ། གལ་ཏེ་རང་རྒྱུད་གཡོ་སྒྱུས་ཟིལ་གྱིས་ནོན་པའི་དབང་གིས་ཉེར་སྤྱད་དེ་དག་ལ་མ་འཛེམ་པར་སྤྱད་ན་ཅུང་ཟད་ཙམ་གྱིས་ཀྱང་ཚེ་འདིར་དཀོར་སྲུང་དམ་ཅན་རྣམས་ཀྱིས་བཀའ་ཆད་དྲག་པོ་འཕྲལ་དུ་ཕེབས་ཤིང་། ཕྱི་མར་དཀོར་སྒྲིབ་ཀྱིས་ངན་སོང་གི་སྡུག་བསྔལ་མུ་མེད་པ་ལ་སྤྱོད་དགོས་པའི་ཕྱིར་ལོག་པའི་ལྕི་བ་བཞི་བ་སྟེ། འདི་བཞིན་ཐུན་མོང་དུའང་ལྕི་བ་བཞི་ཞེས་གྲགས་པས་ན་ཅུང་ཟད་ཕྲལ་བ་ཡིན་ནོ། །དེ་བཞིན་དུ་ཉམས་པའི་ལྕི་བ་བཞི་ནི། མི་ཆོས་ཀྱི་མནའ་ཟོས་པ་ལྕི་ཞེས་པ་སྟེ། འདི་ནི་མིའི་ཆོས་ལུགས་ཉམས་པ་རྣམས་ཀྱི་ནང་ནས་ཤིན་ཏུ་ཐ་ཆད་པ་སྟེ། ཕྱི་མའི་སྡུག་བསྔལ་ཕར་ཞོག །རང་གི་གཉེན་ཚན་དུ་གྱུར་བ་དག་གིས་ཀྱང་། དེ་ལ་བློ་གཏད་ཀྱི་ཡུལ་མི་རྙེད་པས་འཇིག་རྟེན་གྱི་བྱ་བའི་རེ་ཐག་ཆད་པའི་ཕྱིར་རོ། །གཉིས་པ་ཉན་ཐོས་ཀྱི་ཁྲིམས་ཉམས་པ་ལྕི་ཞེས་པ་སྟེ། ཉན་ཐོས་དག་ནི་ཚུལ་ཁྲིམས་མ་ཉམས་ན། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་ཉམས་པ་ཙམ་གྱིས་རང་ཉིད་དགེ་ཚུལ་སློང་གི་རྟེན་གང་ཡིན་པའི་གནས་དེ་ལས་ཉམས་པར་བགྱིད་མི་ནུས་ལ། ཚུལ་ཁྲིམས་ཉམས་པ་ནི་རང་གི་གནས་ལས་ཉམས་པར་བགྱིད་པའི་སྐྱོན་ཆེ་ཤོས་ཡིན་ནོ། །གསུམ་པ་ནི། བྱང་སེམས་ཀྱི་བསླབ་པ་ཉམས་པ་ལྕི་ཞེས་པ་སྟེ། འདིས་ནི་སེམས་ཅན་ཐམས་ཅད་སྲིད་མཚོ་ལས་སྒྲོལ་བ་དམ་བཅས་པའི་ཕྱིར། གལ་ཏེ་དེ་ལྟར་བསྒྲུབ་པའི་བསླབ་པ་ཉམས་ན་སེམས་ཅན་ཐམས་ཅད་བསླུས་པར་འགྱུར་བའི་ཕྱིར་བྱང་ཆུབ་སེམས་དཔའ་རང་གི་གནས་ནས་ཉམས་པར་འགྱུར་བར་མ་ཟད་ཉེས་པ་གཞལ་དུ་མེད་པ་དང་ལྡན་པ་ཡིན་ནོ། །བཞི་བ་ནི་གསང་སྔགས་ཀྱི་དམ་ཚིག་ཉམས་པ་ལྕི་ཞེས་པ་སྟེ། གསང་སྔགས་ནི་ཁེ་ཉེན་ཆེ་བའི་རང་བཞིན་ཅན་གྱི་ཕྱིར་དམ་ཚིག་མ་ཉམས་ན་ཚེ་འདི་ལ་སོགས་པར་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་འགྱུར་ཞིང་། གལ་ཏེ་ཉམས་ན་མནར་མེད་པའི་སེམས་ཅན་རྡོ་རྗེའི་དམྱལ་བ་རང་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་དོན་ཆེན་པོ་བསྒྲུབ་པ་ལས་ཤིན་ཏུ་ཉམས་པར་གྱུར་པའོ། །དེ་དང་མཚུངས་པར་སྨོད་པའི་ལྕི་བ་བཞི་ནི། གཏི་མུག་གི་དབང་གིས་སྟོན་པའི་སྐུ་ལ་སྨད་པ་ལྕི། ང་རྒྱལ་གྱི་དབང་གིས་མཁས་པའི་ཡོན་ཏན་ལ་སྨད་པ་ལྕི། ཕྲག་དོག་གི་དབང་གིས་བདེན་པའི་ཚིག་ལ་སྨད་པ་ལྕི། ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་སྒྲུབ་བགྱིས་པ་ལྕི་བ་སྟེ། དེ་དག་ཀྱང་ཉོན་མོངས་པ་དེ་དང་དེས་རང་ཉིད་ཟིལ་གྱིས་ནོན་པའི་དབང་གིས་ཕོ་རོལ་པོའི་ཡོན་ཏན་དེ་དག་ཡོད་བཞིན་དུ་མི་འདུག་གོ་ཞེས་སྨད་པ་དང་། ཕ་རོལ་པའི་ཚིག་བདེན་པར་རིགས་བཞིན་དུ་མི་བདེན་ནོ་ཞེས་སྨྲ་བ་དང་། རང་གི་ཆོས་ལ་གཞན་ལས་ལྷག་པའི་ཡོན་ཏན་མེད་ཀྱང་ཡོད་པར་སྒྲོ་བཏགས་ནས་སྒྲུབ་ཅིང་། གཞན་གྱིས་ཆོས་ལ་སྐྱོན་མེད་ཀྱང་ཡོད་པར་སྒྲོ་བཏགས་ཏེ་དགག་པར་བྱེད་པ་སྟེ། འདི་དག་ནི་ཉེས་པའི་ནང་ནས་ཀྱང་ཤིན་ཏུ་ལྕི་བར་གྱུར་པ་རྣམས་ཡིན་ནོ། །ཚུལ་དེ་དང་མཐུན་པར་བསྒྱུར་བའི་ལྕི་བ་བཞི་ནི། མཚམས་མེད་ལྔའི་ནང་ནས་སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལྕི། མི་དགེ་བ་བཅུའི་ནང་ནས་ལོག་པར་ལྟ་བ་ལྕི། མཉམ་པའི་ཆོས་ལ་ཁྱད་དུ་གསོད་པ་ལྕི། རང་བཞིན་མེད་ལ་གལ་དུ་འཛུག་པ་ལྕི། ཞེས་པ་སྟེ། འདི་བཞི་ནི་ཚིག་སྒྲོམ་ཆེ་བའི་ཕྱིར། ཕྲལ་ན་མང་དུ་འབྱུང་བའི་ཕྱིར་མ་སྤྲོས་ལ། འོན་ཀྱང་ཕ་མ་བསད་པ་ལ་སོགས་པའང་སངས་རྒྱས་ལ་བརྟེན་ནས་བཤགས་སུ་ཡོད་ཀྱང་། དེ་ཉིད་ལ་གནོད་པའི་བསམ་སྦྱོར་བགྱིས་ན་བཤགས་ཡུལ་སྤངས་པའི་ཕྱིར་ལྕི་བ་དང་། མི་དགེ་བ་གཞན་ཡང་ལོག་ལྟ་དང་མི་ལྡན་ན་ཕྱི་བཞིན་དུ་འཆོས་པར་གཏུབ་མོད་དེ། གང་ཞིག་ལོག་པར་ལྟ་བ་དང་ལྡན་ཕྱིན་ཆད་ཕྱིར་འཆོས་པའི་རྟེན་འབྲེལ་ཚོགས་པའི་ཐབས་མེད་པ་དང་། ཕན་ཚུན་མཉམ་པ་གང་ཞིག་ལ་འདི་ནི་འདིའི་ནང་ནས་ཐ་ཆད་པའོ་ཟེར་བ་ལྟ་བུ་དང་། ཕ་རོལ་པོ་ལ་ཉེས་པ་བརྗོད་པའི་ས་བོན་གང་ཡང་མེད་བཞིན་འདིས་འདི་ལྟ་བུ་བགྱིས་སོ་ཞེས་ཆེད་དུ་གླེང་བར་བགྱིད་པ་རྣམས་ཏེ། འདི་དག་ཀྱང་སྐྱོན་གྱི་ཕྱོགས་མེད་པའི་ཆ་ཞིག་ལ་ཆེད་དུ་ཡོད་པར་སྒྲོ་བཏགས་ཤིང་། ཡོན་ཏན་གྱི་ཕྱོགས་ཡོད་པའི་ཆས་ཞིག་ལ་ཆེད་དུ་མེད་པར་སྐུར་བ་འདེབས་པ་ཞིག་ནི་དགོས་པར་སྣང་སྟེ། སྐུར་བའི་ལྕི་བ་ཞེས་དམིགས་ཀྱིས་བསལ་བའི་ཕྱིར་རོ། །དེ་ལྟར་ན་ལོག་པའི་ལྕི་བ་བཞི་དང་ཉམས་པའི་ལྕི་བ་བཞི་དང་སྨད་པའི་ལྕི་བ་བཞི་དང་། སྐུར་བའི་ལྕི་བ་བཞི་སྟེ། བཞི་ཚན་བཞི་བསྡོམ་པས་བཅུ་དྲུག་གོ །དེ་དག་ཀྱང་གོ་སླ་བའི་ཆེད་ཙམ་གཙོ་བོར་བཟུང་ནས་སེམས་ལ་གང་དྲན་ཤར་མར་སྤེལ་བ་ལས་ལུང་སྦྱོར་སོགས་ནི་རྒྱ་ཆེར་མ་སྤྲོས་སོ། །སྨྲས་པ། མཁས་པ་དགྱེས་པའི་ལེགས་བཤད་འགའ་མེད་ཀྱང་། །ཉེས་པ་འདི་འདྲར་དོགས་ཟོན་ཅི་དགོས་ཞེས། །རྒྱུ་འབྲས་ཁྱད་གསོད་ཧམ་རྒྱུག་མ་བགྱིས་པར། །རང་དང་རང་འདྲར་ཕན་ཕྱིར་འདི་བྲིས་སོ། །༈ ཡང་བཀའ་མའི་ཆོག་གྲྭ་དག་གི་འདོད་གསོལ་གྱི་ཚིག་རིས་ལས་དྲི་བ་ཕེབས་པར། དོན་འདི་ཉིད་ལ་རང་ཉིད་ཀྱང་ཤིན་ཏུ་དོན་གཉེར་དང་བརྗོད་འདོད་ཡོད་པར་མ་ཟད་རྡོ་རྗེའི་གནས་ཟབ་མོ་འདི་དག་ཚིག་ཙམ་དུ་བཞག་ནས་གསེར་དང་སོལ་བ་མཉམ་འགྲོགས་བགྱིད་པའི་གནས་ཚུལ་འདི་འདྲ་སེམས་ཀྱིས་མི་བཟོད་པའི་ཕྱིར། གཞུང་འདིའི་བཤད་པ་རྒྱས་པ་ཞིག་ཟུར་དུ་འདྲི་འདོད་ཡོད་ཕྱིར། སྐབས་འདིར་དྲི་བ་དངོས་ཀྱི་ལན་ཙམ་ལས་སྤྲོ་བར་མི་བྱ་སྟེ། དེ་ཡང་འདི་ལྟར་བདག་ཅག་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ཟབ་མོས་རྒྱུད་རྡོ་རྗེ་བཞིའི་ངོ་བོར་སྡོམ་པར་བྱེད་པའི་ལམ། གསང་བའི་དཀྱིལ་འཁོར་གཉེན་པོ་འདི་ལ་མངོན་དུ་ཞུགས་ནས་རིག་པ་འཛིན་པའི་གོ་འཕང་ལ་དབང་བསྐུར་བ་ནོད་པ་རྣམས་ནི། དེང་ཕྱིན་ཆད་དབང་དུས་ཀྱི་དམ་ཚིག་རྣམས་མ་ཉམས་པར་བསྲུངས་ན་ནི་བཅད་པ་དང་གཏུབ་པ་ལ་སོགས་པའི་ངན་སོང་གི་སྡུག་བསྔལ་དག་ལུས་ལ་འབྱུང་བར་མི་འགྱུར་བ་ཞིག་སྟེ། དེ་སྐད་དུ་ཡང་སྒྱུ་འཕྲུལ་རྩ་རྒྱུད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འོན་ཏེ་དེ་ལྟར་ན་ཡང་ཐོག་མ་མེད་པའི་དུས་ནས་རང་རྒྱུད་དང་ལྷན་ཅིག་ཏུ་གནས་པ་ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པའི་གྲིབ་མ་ཇི་སྙེད་མཆིས་པ་དང་། གྲོགས་དམ་ཉམས་གཞན་དང་འགྲོགས་པའི་ཟླས་ཉམས་ལྟ་བུའི་ཉམས་པའི་གྲིབ་མ་ཕོག་པས་མཚོན་སེམས་རྒྱུད་ལ་མཆོག་གི་རྟོགས་པ་ཁྱད་པར་ཅན་གསར་དུ་སྐྱེ་བ་ལ་བར་གཅོད་བགྱིད་ཅིང་། སྐྱེས་ཟིན་འགྲིབ་པར་བྱེད་པའི་ཉེས་པ་འདི་དང་ལྷན་ཅིག་ཏུ་འགྲོགས་པར་བགྱི་བའི་སྡུག་བསྔལ་འདི་ནི་ཤིན་ཏུ་མི་བཟད་པའི་ཕྱིར་བཟོད་མི་ནུས་པས་ན། དེང་དཔལ་ཆེན་པོ་སྐབས་བབས་ཀྱི་རིགས་ལྔ་གང་རུང་གི དོན་དམ་པའི་ཆོས་ཀྱི་སྐུ་དེ་བཞིན་ཉིད་དུ་གྱུར་པའི་ཕྱོགས་ཙམ་མཐོང་བས་སམ། ཡེ་ཤེས་སྒྱུ་མའི་སྐུ་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་ནས་དེ་ཡི་གནས་ཚུལ་ཡིད་ཀྱིས་ཕྱོགས་ཙམ་མཐོང་བའི་མོད་འདི་ལ། གོང་སྨྲོས་ཀྱི་ཉེས་པ་རྣམས་ནོངས་པར་མི་འགྱུར་བའི་དབྱིངས་སུ་འཚོ་བ་དང་དེ་ལྟར་སེམས་ལ་སྒྲིབ་པ་དག་ནས་རྟོགས་པ་སྐྱེས་པའི་གཟི་མདངས་སམ་མཚན་མ་ལུས་ཀྱི་ཡུལ་ལ་མངོན་སུམ་དུ་འཇུག་པར་གྱུར་པའི་མཐུས། ལུས་ཀྱང་མཚན་དཔེས་བརྒྱན་པའི་གཟུགས་སྐུ་ཉི་མ་སྟོང་ཕྲག་གི་འོད་ཟེར་གཅིག་ཏུ་བསྡོམས་པ་ལྟ་བུའི་སྐུར་མངོན་དུ་གྱུར་ནས། ཉི་མའི་འོད་ཀྱིས་མུན་པ་སེལ་བ་བཞིན་དུ་གཟུགས་སྐུ་དེ་ཉིད་ཀྱི་ངང་ནས་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་འཇིག་རྟེན་གྱི་ཁམས་འདིར་རྒྱུན་མི་འཆད་པར་རྟག་ཏུ་འབྱུང་བ་དང་དེ་ལྟར་བདག་གི་ལུས་དག་སེམས་གསུམ་ལ་ཚེ་རབས་བརྒྱུད་མི་དགོས་པར་ད་ལྟའི་ཚེ་འདིར་དཔལ་ཆེན་པོའི་གསང་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ཅན་གང་ཞིག་མངོན་པར་རབ་ཏུ་སྣང་ནས་ཡིད་ལ་གང་རེ་བའི་འདོད་དོན་གྱི་སྨོན་ཚིག་གོང་དུ་ཇི་ལྟར་གསོལ་བ་ཐམས་ཅད་སྒྲུབ་པའི་དུས་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ་ཞེས་པ་སྟེ་མདོ་ཙམ་སྨྲོས་ཟིན་ཏོ། །སྨྲས་པ། དྲི་ཚིག་སོར་མོས་དལ་གྱིས་བརྡུང་བ་ལས། །སྙན་སྙན་ཟབ་དགུའི་གདམས་པའི་སྒྲ་འབྱིན་པ། །འདི་ཀོ་བདག་བློའི་རིན་ཆེན་ཏམ་བུར་ར། །དེས་ན་དཔྱོད་ལྡན་སྒེག་མོའི་རྣ་བར་རློག །བསམ་ན་ཁོང་ནས་འཛུམ་བག་སྟོན་པའི་ཉམས། །བགྱིད་འདི་ཁེངས་དང་དྲེགས་པས་མ་ཡིན་ཏེ། །སྔོན་སྦྱངས་གློ་བ་དགའ་བའི་ངང་ཚུལ་དང་། །ཤེས་བྱའི་ལས་མོར་སྤྲོས་པའི་རྣམ་འགྱུར་ཡིན། །རང་གི་གདམས་པ་ཚད་མར་འཛིན་པ་ཙམ། །གསང་ཆེན་ལམ་གྱི་ཕྱག་ལེན་ཡིན་མོད་ཀྱང་། །རང་མིན་གཞན་ཀུན་ཡང་དག་མ་ཡིན་པར། །ལྟ་གང་འདོད་ལྷའི་ཉེ་རྒྱུ་མ་ཡིན་ནམ། གང་ཞིག་ངང་བས་ཆུ་དང་འོ་མ་ཟུང་། །སོ་སོར་འབྱེད་བཞིན་ཤེས་ལྡན་དེ་དག་ནི། །སྣ་ཚིགས་ཤེས་བྱའི་སྤྲོས་ཐག་རབ་ཆོད་ནས། །ལེགས་བཤད་གང་ཡིན་བརྩོན་པས་དང་ལེན་མཛོད། །འདིར་འབད་དགེ་བའང་ལྷ་ཡི་བདུད་རྩི་དང་། །ཟླ་བ་ཇི་བཞིན་སྲིད་པའི་ཁམས་འདི་ན། །ཉོན་མོངས་ནད་ཀུན་འཚོ་བའི་བྱེད་པོ་དང་། །ཐར་ལམ་གསལ་བའི་སྣང་བ་དམ་པར་ཤོག། ཅེས་པ་འདི་ཡང་ཤེས་བྱའི་གནས་ལ་དཔྱོད་པའི་བློ་གྲོས་ཀྱི་སྤྱན་དཀྱུས་རྣམ་པར་ཡངས་པ་ཨུ་རྒྱན་སྨིན་གྲོལ་གླིང་གི་གྲྭ་རིགས་འགྱུར་མེད་འགྲོ་མགོན་ནས་དྲི་བ་ཇི་ལྟར་ཕེབས་བཞིན། ༧ གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་ཞབས་པད་གཙུག་ཏུ་འཛིན་པའི་མདོ་ཁམས་ཀྱི་བནྡེ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པས། གཞུངས་ལུགས་ལེགས་བཤད་རྒྱ་མཚོའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོ་ནས་ཤར་མར་སྤེལ་བ་མངྒ་ལམ།། །།

འཇུ་དབོན་སངས་རྒྱས་ཆོས་འཕེལ་ལ་དྲིས་ལེན་དུ་གནང་བ།

༄། །འཇུ་དབོན་སངས་རྒྱས་ཆོས་འཕེལ་ལ་དྲིས་ལེན་དུ་གནང་བ་བཞུགས་སོ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་སྔ་འགྱུར་ལ། །རྙིང་མ་བ་ཞེས་གྲགས་པ་རྣམ་དཀར་པའི། །ལུགས་དེ་ལས་འཕྲོས་གཏམ་གྱི་སྦྱོར་བ་ནི། །འགའ་ཞིག་དྲིས་པའི་ལན་དུ་འདིར་སྤེལ་བྱ། །དེ་ལ་དྲི་བ་དང་པོ། གསང་སྔགས་རྙིང་མ་པ་ཞེས་པའི་ངེས་ཚིག་དང་གསང་བར་སྔགས་ལུགས་ཀྱི་རྒྱུ་མཚན་ཞེས་པ་ལ། སྤྱིར་སྔ་འགྱུར་རྙིང་མ་ཞེས་བྱ་བ་ནི། གསང་སྔགས་ཁོ་ནའི་སྒོ་ནས་བཞག་པར་བྱ་བའང་མ་ཡིན་ལ། རྒྱ་གར་འཕགས་པའི་ཡུལ་དུ་འདི་ལྟར་གསར་རྙིང་གི་བརྡ་ཆད་བཞག་པའང་མེད་མོད་དེ། གངས་རིའི་ལྗོངས་འདིར་རྒྱལ་པོ་གླང་དར་མས་རྒྱལ་བསྟན་དར་བ་ལ་བར་ཆད་བྱས་པའི་རྐྱེན་གྱིས་དེ་ལྟར་གྲགས་ཏེ། དེ་ཡང་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ནས་མངའ་བདག་རལ་བ་ཅན་གྱི་བར་སྐྱིད་པའི་གདུང་རབ་བཅུ་གསུམ་གྱི་རིང་དང་། པཎྚི་ཏ་ལྷ་རིགས་པའི་སེངྒེ་ནས་སྨྲི་ཏི་ཛྙཱ་ན་ཀིརྟིའི་བར་དང་། ལོ་ཙཱ་བ་ཐུ་མི་སཾ་བྷོ་ཊ་ནས་རང་ཟོམ་ཆོས་བཟང་གི་བར་དུ་དམ་པའི་ཆོས་བསྒྱུར་རོ་ཅོག་རྣམས་སྔ་འགྱུར་རྙིང་མ་དང་། ཕྱིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་དུ་ལོ་ཙཱ་བ་རིན་བཟང་སོགས་རྒྱ་གར་དུ་བརྫངས་པ་དང་། ཇོ་བོ་རྗེ་བོད་དུ་ཕེབས་པ་ནས་དེ་ཕྱིན་གྱི་ཆོས་བསྒྱུར་པ་ཐམས་ཅད་ལ་ཕྱི་འགྱུར་གསར་མར་གྲགས་སོ། །དེས་ན་སྔ་འགྱུར་དེ་ལ་མདོ་སྔགས་ཀྱི་ཟླས་ཕྱེ་བའི་གསང་སྔགས་ལའང་རྒྱུད་སྡེ་དྲུག་གི་རྣམ་གཞག་ཡོད་པ་ཡིན་ནོ། །ཡང་གསང་སྔགས་ཀྱི་དོན་ལའང་ཚིག་ཟུར་གཉིས་ལས། དང་པོ་གསང་བ་ལའང་། རང་བཞིན་གྱིས་གསང་བ་དང། གབ་པའི་གསང་བ་དང་། སྦས་པའི་གསང་བ་དང་། མི་བསྟན་པའི་གསང་བ་སྟེ་དེ་བཞི། མི་བསྟན་པ་ལའང་། སྤྱི་གསང་བཞི། བར་གསང་བཞི། གསང་འོས་གཉེར་གཏད་གཉིས་ཏེ་བཅུ་ལ་སོགས་པ་དབྱེ་བསྡུ་རྣམ་པ་ཅི་རིགས་པ་ཡོད་ལ། ཚིག་ཟུར་གཉིས་པ་སྔགས་ཀྱི་དོན་ལའང་ངོ་བོའི་སྒོ་ནས་དབྱེ་བ་གསང་སྔགས། རིགས་སྔགས། གཟུང་སྔགས་དང་གསུམ། དེ་དག་རེ་རེར་ཡང་ངོ་བོ་དང། བྱེད་ལས་དང་། རྟགས་ཀྱི་སྒོ་ནས་དབྱེ་བ་གསུམ་གསུམ་དང་། བཟླས་པ་སྒོའི་སྒོ་ནས་དབྱེ་ན། རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་སྔགས་དང་། བཟླས་པ་ལས་ཀྱི་སྔགས་ཏེ་གསུམ་སོགས་དབྱེ་བསྡུ་ཅི་རིགས་པར་ཡོད་དོ། །སྔགས་རང་གི་སྒྲ་བཤད་ནི། མནྡྲ་ཞེས་པའི་སྒྲ་ལས་དྲངས་ན། མན་ཡིད་དང་། ཏྲ་ཡ་སྐྱོབ་པ་ལ་འཇུག་སྟེ། དེ་ལྟར་ན་ཡིད་ཀྱི་ཤེས་པ་གང་ཞིག་གིས་གདུང་བར་གྱུར་པ་ལས་དེ་མྱུར་དུ་སྐྱོབ་པར་བྱེད་པའི་ཐབས་ལ་འཇུག་གོ །འདི་ནི་འདུལ་བའི་འགྲེལ་བ་སོགས་ལས་དེ་ལ་ནི་སྔགས་སོ་ཞེས་པ་དང་། སྔགས་ཀྱི་བསད་པ་སོགས་ཀྱི་སྐབས་ཐབས་ཀྱི་སྦྱོར་བ་ཁོ་ན་ལ་བཤད་དོ། །དྲི་བ་གཉིས་པར། རྫོགས་པ་ཆེན་པོའི་རྫོགས་ལུགས། ཞེས་པ་ལ་སྤྱིར་རང་བཞིན་རྫོགས་པ་ཆེན་པོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་བྱ་སྟེ། དེ་ནི་སྟོང་བ་ཉིད་དང་། ཤེར་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བདེ་གཤེགས་སྙིང་པོ་དང་། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་དང་། དོན་དམ་བདེན་པ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སྒྲས་བསྟན་ཏེ། དེས་ན་དེའི་རང་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ནམ་མཁའི་ངང་དུ་སྣོད་བཅུད་ཐམས་ཅད་རྫོགས་པ་ལྟར་རྫོགས་པའི་ཕྱིར་དང་། གནས་ལུགས་དེ་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་ཆེན་པོའི་སྒྲས་བསྟན་ཅིང་། དེའི་ངོ་བོ་ལ་དབྱེ་བསྡུའི་རྣམ་པ་མི་དམིགས་ཀྱང་། བརྟེན་ཆོས་ལ་ལྟོས་ནས་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། གཞི་རྫོགས་པ་ཆེན་པོ་དང་། ལམ་རྫོགས་པ་ཆེན་པོ་དང་། འབྲས་བུ་རྫོགས་པ་ཆེན་པོ་དང་གསུམ་དུ་འགྱུར་ཏེ། དེ་ཡང་གཞི་རྫོགས་པ་ཆེན་པོའི་རང་བཞིན་དུ་ནི་ཕྱི་ནང་གི་ཆོས་ཐམས་ཅད་རྫོགས་སོ། །ལམ་རྫོགས་པ་ཆེན་པོའི་རང་བཞིན་དུ་ནི་ལམ་གྱིས་བསྡུས་པ་ཐེག་པ་རིམ་པ་དགུའི་ཆོས་ཐམས་ཅད་རྫོགས་སོ། །འབྲས་བུ་རྫོགས་པ་ཆེན་པོའི་རང་བཞིན་དུ་ནི་འབྲས་བུའི་ཡོན་ཏན་སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་སོ། །དེ་ལྟར་ན་དེ་ལྟ་བུའི་དོན་ཉིད་སྟོན་པའི་གཞུང་འཛིན་པའི་གང་ཟག་ལའང་། རྫོགས་ཆེན་པ་ཞེས་གྲགས་སོ། །དྲི་བ་གསུམ་པ། ཁྱད་ཆོས་དྲུག་ལྡན་གྱི་རྣམ་གྲངས་མདོར་བསྡུས་ཤིག་གསུངས་པར་ཞུ་ཞེས་པ་ལ། འདིར་ཁྱད་ཆོས་དྲུག་ལྡན། ཞེས་པ་ལ་དམིགས་པ་གཉིས་ལས། སྡོམ་གསུམ་གང་ཟག་རྒྱུད་གཅིག་ལ་མི་འགལ་བར་ཇི་ལྟར་བསྲུང་ཚུལ་ལས་དྲིས་པ་ཡིན་ན། དེ་ནི་སྡོམ་པ་གསུམ། རང་ལྡོག་མ་འདྲེས་པ། དགག་དགོས་ཡོངས་རྫོགས། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། གནད་ཀྱི་མི་འགལ། དུས་སྐབས་གཙོར་སྤྱད་རྣམས་ཡིན་ཞིང་འདིའི་རྣམ་བཞག་ཧ་ཅང་མང་བས་འདིར་མ་སྤྲོས་སོ། །གལ་ཏེ་མཐར་ཐུག་གི་གྲོལ་སའི་ཁྱད་ཆོས་དྲུག་ལ་དམིགས་པ་ཡིན་ན། དེ་ནི། གཞི་ལས་འཕགས་པ་དང་། རང་ངོར་སྣང་བ་དང་། བྱེ་བྲག་ཕྱེད་པ་དང་། ཕྱེད་ཐོག་དུ་གྲོལ་པ་དང་། གཞན་ལས་མ་བྱུང་བ་དང་། རང་སར་གནས་པ་སྟེ་དྲུག་ཡིན་ལ། འདིའི་རྣམ་དབྱེ་རྒྱས་པ་ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས་ཤེས་པར་བྱ་ཞིང་། མདོར་བསྡུ་ན། ཀ་དག་དང་ལྷུན་གྲུབ་གཉིས་ལས། ཀ་དག་གི་ངོས་ནས་གཞལ་ན་གཞི་འབྲས་ལ་རྣམ་དབྱེ་མེད་པར་དགོངས་ནས། གྲོལ་ས་ཐོག་མ་གང་ཡིན་པའོ། །ཞེས་པ་ལ་སོགས་པ་གསུངས་པ་དང་། རང་སར་གནས་ཞེས་པ་གསུངས་ལ། ལྷུན་གྲུབ་ཀྱི་ཆ་ནས་ཐོག་མ་གཞིའི་ལྷུན་གྲུབ་ལ་འཁྲུལ་བ་འབྱུང་རུང་གོ་མ་འགག་པ་སྟེ་ལམ་གྱིས་སྦྱངས་ནས། མཐར་ཐུག་འབྲས་བུའི་ལྷུན་འགྲུབ་ལ་དེ་མི་སྲིད་པ་ཡིན་པའི་ཕྱིར་གཞི་ལས་འཕགས་ཞེས་པ་དང་། བྱེ་བྲག་ཕྱེད་ཅེས་པ་ལ་སོགས་པ་ཡིན་ནོ། །འདིར་སྨྲས་པ། གསང་སྔགས་དོན་གྱིས་གཞི་རྒྱུད་ལ་འཇུག་ཅིང་། རྫོགས་པ་ཆེན་པོས་ལམ་གྱི་ཉམས་ལེན་བསྟན། །འབྲས་བུའི་གྲོལ་ས་ཁྱད་ཆོས་དྲུག་ལྡན་གྱིས། །ཚུལ་དེས་གཞི་ལམ་འབྲས་གསུམ་མཐར་ཕྱིན་ཤོག། ཅེས་པའང་དད་དམ་བརྩོན་པའི་ནོར་གྱིས་ཕྱུག་པ་འཇུ་དབོན་སངས་རྒྱས་ཆོས་འཕེལ་ནས་ལྷ་རྫས་ཀྱི་སྐྱེས་བཅས་དྲི་བ་ཇི་ལྟར་ཕེབས་པ་རྣམས་ཀྱི་ལན་མི་ལྡོག་ཙམ་དུ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་ཤར་མར་སྤེལ་བ་མངྒ་ལམ།། །།

བླ་མ་དམ་པ་དམ་ཆོས་ལྷུན་འགྲུབ་ཀྱི་དྲིས་ལན་བསྙེན་པའི་གསལ་བྱེད།

༄། །བླ་མ་དམ་པ་དམ་ཆོས་ལྷུན་འགྲུབ་ཀྱི་དྲིས་ལན་བསྙེན་པའི་གསལ་བྱེད་ཅེས་བྱ་བ་བཞུགས། །དྲི་མེད་རྒྱུད་སྡེའི་དགོངས་པ་ཇི་བཞིན་དུ། །རྟོགས་ནས་རིམ་གཉིས་ལམ་གྱིས་རྡོ་རྗེ་འཆང་། །མངོན་དུ་བྱས་པའི་རིག་པ་འཛིན་རྣམས་ལ། །སྙིང་ནས་འདུད་དོ་བདག་རྒྱུད་བྱིན་གྱིས་རློབས། །འདིར་དམ་པ་མཆོག་ནས་བཀའ་ཕེབས་གནང་དོན་རྣམས་རིམ་བཞིན་ཞུ་བ་ལ། ཐོག་མར་གསུང་ཤོག་ལས། འདིར་དབེན་མཚམས་ཞིག་ཏུ་སྙིང་པོའི་སྒྲུབ་པ་ལ་བརྩོན་སྟངས་བྱས་ཡོད་པས། དེ་ལ་ཕན་པའི་གདམས་ངག་ཐུན་དང་ཐུན་མཚམས་གཉིས་ལས། ཐུན་དངོས་ལ་སྔོན་འགྲོ་རྣམས་སོང་རྗེས་དངོས་གཞི་དེ་ཏིང་ལ་ངེས་པ་གཏིང་ནས་ཚུགས་ཐུབ་པའི་ཡན་ལག་མེད་དུ་མི་རུང་བ་རྣམས་དཔེ་ཆ་གཞན་ལ་ལྟོས་མི་དགོས་པའི་གེགས་སེལ་བོགས་འདོན་གནད་དུ་འགྲོ་བ་ཞིག་ཕྱག་བྲིས་མཛད་ནས་གནང་བ་ཐུབ་པ་ཞིག་ཞུ། ཞེས་ཕེབས་པར། སྤྱིར་བཏང་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་མཐའ་དག་དབང་བཞིའི་ལམ་རིམ་བསྐྱེད་རྫོགས་ཡན་ལག་བཞི་བསྙེན་སྒྲུབ་བཞིའི་ཆིངས་ཀྱིས་བཅིངས་ནས་ཉམས་སུ་ལེན་པ་འདིར་འདུ་ཞིང་། དེའི་ཚུལ་རྒྱུད་སྡེ་ལས་གསུངས་པ་ལྟར་བརྗོད་ན། སོ་སོའི་སྐྱེ་བོའི་ས་ནས་རྫོགས་པའི་སངས་རྒྱས་ཀྱི་སའི་བར་བསྙེན་སྒྲུབ་བཞིས་བསྒྲོད་པའི་དབང་དུ་བྱས་ཏེ། དེའི་ཡན་ལག་བཞི་པོ་རེ་རེར་ཡང་བསྙེན་པའི་བསྙེན་པ་ལ་སོགས་བཞི་བཞིར་དབྱེ་བས་ནང་བསེས་ཀྱི་ཡན་ལག་བཅུ་དྲུག་ཏུ་གསུངས་ཤིང་། དེ་ཡང་ཚོགས་སྦྱོར་གྱི་ལམ་གཉིས་བསྙེན་པའི་ཡན་ལག་བཞིས་བསྒྲོད་པ་དང་། མཐོང་ལམ་ཉེ་བསྙེན་གྱི་ཡན་ལག་བཞིས་བསྒྲོད་པ་དང་། སྒོམ་ལམ་སྒྲུབ་པའི་ཡན་ལག་བཞིས་བསྒྲོད་པ་དང་། མི་སློབ་པའི་ལམ་སྒྲུབ་པ་ཆེན་པོའི་ཡན་ལག་བཞིས་མངོན་དུ་བྱེད་པའི་དགོངས་པའོ། །དེ་ལ་འདིར་བསྙེན་སྒྲུབ་དང་པོའི་ཡན་ལག་ཅུང་ཟད་སྨོས་པ་ལ། སློབ་དཔོན་ཆེན་པོའི་མན་ངག་ལྟ་བའི་ཕྲེང་བ་ལས། བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་པའོ། །ཉེ་བར་བསྙེན་པ་ནི་བདག་ཉིད་ལྷར་ཤེས་པའོ། །སྒྲུབ་པ་ནི་ཡུམ་བསྐྱེད་པའོ། །སྒྲུབ་པ་ཆེན་པོ་ནི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའོ། །ཞེས་གསུངས་པའི་དོན། དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་དང་། ཧེ་རུ་ཀའི་གལ་བོ་ལས་ཇི་ལྟར་གསུངས་པ་བཞིན་འཆད་པ་ལ། བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལས། དང་པོ་ལའང་། སྟོང་པ་ཆེན་པོའི་རྣལ་འབྱོར། སྙིང་རྗེ་སྒྱུ་མའི་རྣལ་འབྱོར། ཕྱག་རྒྱ་གཅིག་པའི་རྣལ་འབྱོར། ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར། ཚོམ་བུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་ཏེ། ཟག་བཅས་ཀྱི་ལམ་ལྔའི་རྣལ་འབྱོར་ལྔར་གྲགས་པ་ལས། དང་པོ་སྟོང་ཆེན་ནམ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། གཉིས་པ་སྙིང་རྗེ་སྒྱུ་མའམ་ཀུན་སྣང་གི་ཏིང་འཛིན་ཏེ། དེ་གཉིས་རིམ་པ་བཞིན་དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་སྒྱུ་འཕྲུལ་རྩ་རྒྱུད་ལེའུ་གཉིས་པས་བསྟན་དོན་དེ་ཡིན་ཞིང་། དེའི་སྟེང་ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས་སུ་དབྱེ་བའི་ཕྲ་བ་ཡིག་འབྲུ་ལ་བསླབ་པའམ་རྒྱུའི་ཏིང་ངེ་འཛིན་དུ་གྲགས་པ་དེ་བསྣན་པས་ཏིང་འཛིན་རྣམ་གསུམ་ཞེས་ཟེར་ཞིང་རིམ་པ་ལྟར་སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ་རྣམ་པར་ཐར་བའི་སྒོ་གསུམ་དུའང་འགྱུར་རོ། །གཞན་དུ་རྡོ་རྗེ་ལྟ་བུ་དང། དཔའ་བར་འགྲོ་བ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གསུམ་དུ་ཡང་བཤད་དོ། །སྒྱུ་འཕྲུལ་ལས་ནི་ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། ཞེས་པའི་སྐབས་ཀྱི་ཐབས་དང་པོ་རྒྱུའམ་རྩ་བའི་ཐབས་ཞེས་བྱ་བ་དེ་ཡིན་ཞིང་། འདི་རྣམས་དཔལ་ཧེ་རུ་ཀ་མངོན་པར་འབྱུང་པའི་རྒྱུད་ལས། སྦྱོར་བ་ཡན་ལག་དྲུག་གིས་བསྙེན། ཞེས་བསྙེན་པའི་ཡན་ལག་ཏུ་བསྡུས་པ་དེ་ཡིན་ལ། དེ་བཞིན་དུ་ཕྱག་རྒྱ་གཅིག་པ་རགས་པ་ལྷ་སྐུ་ལ་བསླབ་པ་དེ་བདག་ཉིད་ལྷ་རུ་ཤེས་པ་སྟེ་ཉེ་བསྙེན་དང་། ཕྱག་རྒྱ་སྤྲོས་བཅས་ཀྱི་སྦྱོར་བར་ཡུམ་བསྐྱེད་པ་དེ་སྒྲུབ་པ་དང་། སྤྲོས་བཅས་དངོས་གཞི་དང་འབྲེལ་བའི་ཚོགས་སྒྲུབ་ནི་སྒྲུབ་ཆེན་ཏེ། རིམ་པ་བཞིན། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་དང་། སྦྱོར་ལམ་སྟེ་ཟག་བཅས་ཀྱི་ལམ་བཞི་བོའི་མངོན་རྟོགས་ཡིན་པའང་ཤེས་པར་བྱའོ། །འདིར་ཟག་མེད་རིག་འཛིན་གྱི་གོ་འཕང་མངོན་དུ་སྒྲུབ་པ་ལ་ནི་གསང་དབང་དང་ཤེར་དབང་གི་ལམ་གྱིས་བསྡུས་པའི་རྫོགས་རིམ་དག་སྐབས་དེ་དང་དེར་འབྲེལ་དགོས་པའང་ཤེས་པར་བྱའོ། །དེ་ལྟར་ན་ཚོགས་ལམ་ཆུང་ངུའི་མངོན་པར་རྟོགས་པ་སྟོང་ཆེན་སོགས་ཏིང་འཛིན་རྣམ་པ་གསུམ་པོ་དེ་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་ཉམས་སུ་ལེན་པའི་ཚུལ་རྣམས་འདིར་བརྗོད་པ་ལ། སྤྱིར་བཏང་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་ཁ་ཅིག་ལས་ནི་སྦྱོར་བ་ཡན་ལག་དྲུག་ཀ་རྫོགས་རིམ་དང་སྦྱར་ནས་བཤད། རྒྱུད་སྡེ་ཁ་ཅིག་ལས་ནི་བསྐྱེད་རྫོགས་ཕྱེད་མར་བཤད། ཡང་རྒྱུད་སྡེ་ཁ་ཅིག་ལས་ནི་བསྐྱེད་རྫོགས་ཇི་རིགས་སུ་བཤད་པའང་ཡོད་མོད་དེ། འདིར་བསྐྱེད་རིམ་ཁོ་ནའི་དབང་དུ་བྱས་ཏེ་བརྗོད་པ་ལ། དཔལ་ཧེ་རུ་ཀ་གལ་བོ་ལས། སོ་སོར་སྤོང་བ་འདོད་ཡོན་ལྔ། །མི་རྟོག་རིག་ལྔ་དོན་དམ་མཆོག

བསམ་གཏན་རྟོག་དཔྱོད་སྐུ་གསུང་ཐུགས། དགའ་བ་སྐྱེ་ཞིང་བདེ་བ་འབྱུང་། །དབུག་དགག་འབྱུང་བའི་ཡེ་ཤེས་ལྔ། །རིན་ཆེན་ཡིག་འབྲུ་སྣ་རྩེར་སྤྲོས། །སེམས་གཟུང་རང་སྔགས་སྙིང་ག་རུ། །ཡིག་འབྲུ་ཕྱག་མཚན་མི་སྤྲོ་བཟུང་། །རྗེས་དྲན་ལོ་ཟླར་རྩེ་གཅིག་འབད། །སྨིག་རྒྱུ་དུ་སྲིན་མེ་སྤྲིན་མཁའ། །ཏིང་འཛིན་ཕྱི་ནང་གོང་བུར་བྱས། །བདག་ཉིད་ལྷ་རུ་སྒོམ་པ་ཡིན། །སྦྱོར་བ་ཡན་ལག་དྲུག་གིས་བསྙེན། །ཞེས་གསུངས་ཏེ། དེ་ཡང་ཚིགས་བཅད་རྐང་བ་གཉིས་གཉིས་ཀྱིས་རིམ་པ་ལྟར། སོར་སྡུད་དང་། བསམ་གཏན། སྲོག་རྩོལ་དང་འཛིན་པ། རྗེས་དྲན་དང་ཏིང་འཛིན་ཏེ་སྦྱོར་བ་ཡན་ལག་དྲུག་པོ་བསྟན་ནས་རྐང་བ་ཐ་མས་མཇུག་སྡུད་དང་དེ་ཡང་བསྙེན་པའི་ཡན་ལག་ཡིན་པར་ཞར་གྱིས་བསྟན་ཏོ། །དེ་ལྟར་ན་སོར་སྡུད་སྟོན་པའི་རྐང་བ་གཉིས་ཀྱིས་དེ་ཏིང་སྒོམ་པའི་རིམ་པ་བསྟན་ཅིང་། དེ་བཞིན་དུ་བསམ་གཏན་སྟོན་པའི་རྐང་བ་གཉིས་ཀྱིས་ཀུན་སྣང་དང་། སྲོག་འཛིན་གཉིས་སྟོན་པའི་རྐང་བ་བཞིས་རྒྱུ་ཏིང་དང་། རྗེས་དྲན་སྟོན་པའི་རྐང་བ་གཉིས་ཀྱིས་དེ་ལྟར་བསྒོམས་པའི་ནང་གི་རྟགས་མཚན་དང་ཏིང་འཛིན་སྟོན་པའི་རྐང་བ་གཉིས་ཀྱིས་དེའི་རྗེས་སུ་ཕྱི་མ་ཕྱག་རྒྱ་གཅིག་པའི་ལྷ་སྐུ་དང་མཚམས་སྦྱོར་ཚུལ་རྣམས་རིམ་བཞིན་བསྟན་པའི་དང་པོ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སོ་སོར་སྤོང་བའམ་སོ་སོར་སྡུད་པའི་དོན་ཅན་དེ་ཐོག་མར་འཆད་པ་ལ། སྦྱོར་བ་ཉན་རང་གི་ཐེག་པ་དང་ཐུན་མོང་བའི་སྐྱབས་སུ་འགྲོ་བ་དང་། རྒྱུའི་ཐེག་ཆེན་དང་ཐུན་མོང་བ་སེམས་བསྐྱེད་པ་དང་། རྡོ་རྗེའི་ཐེག་པའི་ཐུན་མོང་མ་ཡིན་པ་བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཏེ། དེ་རྣམས་སྔོན་དུ་འགྲོ་བས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དེ་ཉིད་དང་རྗེས་སུ་འབྲེལ་བའི་ཏིང་ངེ་འཛིན་གྱིས་དབང་བཞི་བླང་རྗེས་རྡོར་སེམས་འོད་དུ་ཞུ་ནས་རང་གི་སྒོ་གསུམ་དང་དབྱེར་མེད་དུ་གྱུར་པར་བསམ་པའི་ངང་ལ་དབང་དོན་གྱི་ལྟ་བ་སྐྱོང་བ་སྟེ། དེ་ཡང་རྒྱུ་དུས་སུ་བླ་མས་ངོ་སྤྲད་པའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བའམ། ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་བྱ་བ་དེ་ཉིད་གསལ་བཏབས་ཏེ། དེའི་དོན་ལ་མཉམ་པར་འཇོག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེའི་ངོ་བོ་ཡང་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་བོ་དག་ལ་སོ་སོའི་མཚན་མ་བཟུངས་ནས་དེ་དང་དེར་བདེན་པར་མི་རྟོག་པར། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་རིགས་ལྔའི་རང་བཞིན་དང་། དོན་དམ་པར་ཡིད་བྱེད་ཐམས་ཅད་དང་བྲལ་བའི་བློ་འདས་སུ་སེམས་སྡུད་པའི་མཚན་ཉིད་ཅན། སྣང་བཅས་རྣམ་ཀུན་མཆོག་ལྡན་གྱི་སྟོང་བ་ཉིད་སྒོམ་པ་སྟེ། འདིར་རྣམ་པ་ནི་ཀ་བུམ་ལ་སོགས་པའི་རྣམ་པ་ཡིན་ཞིང་། དེ་ཀུན་གྱི་མཆོག་ཏུ་གྱུར་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྟེ། དེ་ཉིད་སྟོང་གཞིར་བྱས་པའི་སྟོང་ཉིད་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་བ་ཉིད་དོ། །དེ་ལྟ་བུའི་སྟོང་ཉིད་དེ་ནི་སྣང་བཅས་ཀྱི་སྟོང་པ་ཉིད་ཡིན་པའང་ཤེས་པར་བྱའོ། །འདི་དག་ཚིག་གིས་གསལ་འདེབས་པར་སྤྲོ་ན། སྒྱུ་འཕྲུལ་རྩ་རྒྱུད་ལས། ཨེ་མ་ཧོ་རྡོ་རྗེ་ཕུང་བོའི་ཡན་ལག་ནི་སོགས་ནས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་པའི་བར་གྱིས་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་དང་། ཀྱེ་མ་ཧོ་ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་པ་ནས། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་པའི་བར་ཀྱིས་ལྷག་པ་དོན་དམ་པའི་བདེན་པ་དང་། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་པ་ནས། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པའི་བར་གྱིས་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཉིད་གསལ་འདེབས་པར་བྱ་ཞིང་། གལ་ཏེ་ཆེས་ཉུང་བར་འདོད་ན་ཆེད་དུ་བརྗོད་པ་སྔ་མ་གཉིས་ཀའི་དོད་དུ། སློབ་དཔོན་སངས་རྒྱས་གསང་བས་ཞི་བའི་ཆོ་ག་རིན་པོ་ཆེའི་དྲྭ་བར་གསུངས་པ་ལྟར། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་དེ། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་དེ་ཙམ་ཞིག་བརྗོད་པར་བྱའོ། །འདིར་ཡི་གེའི་འབྲུ་དོན་མཐའ་དག་ཞིབ་ཆར་འདྲི་མ་ནུས་པས་མཁྱེན་པར་འདོད་ཚེ་རྒྱུད་འགྲེལ་དུ་གཟིགས་མཛོད། དེ་ལྟར་སྒོམ་པ་ཉིད་སྦྱང་གཞི་སོགས་དང་སྦྱར་ན། མར་སྐྱེ་བ་དང་བར་དོའི་སྔ་ལོག་ཏུ་འབྱུང་བའི་འཆི་སྲིད་དག་པར་བྱེད་ཅིང་། ཡར་སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན་མ་ལུས་པ་རྫོགས་པའི་གཞི་འདིང་བར་བྱེད། རྫོགས་རིམ་གྱི་དུས་སུ་སེམས་དབེན་དང་འོད་གསལ་མྱུར་དུ་འགྲུབ་པའི་སྨིན་བྱེད་དུ་འགྱུར་ཞིང་། དེའི་རྗེས་ཐོབ་ཏུ་ཡང་སྟོང་ཆེན་དེ་ཉིད་ལམ་དུ་བྱེད་པ་ལ་ཤེས་རབ་དང་མཐུན་པའི་སྤྱོད་པ་ཞེས་བྱའོ། །དེ་ལྟར་དེ་ཏིང་སྒོམ་པ་ལ་ལུང་གི་སྦྱོར་བ་ཡང་མང་དུ་མཆིས་མོད་དེ་མ་སྤྲོས་སོ། །དེ་ནས་འགྲོ་བ་གཞན་མཐའ་དག་ཀྱང་གདོད་ནས་སྐུ་གསུང་ཐུགས་སུ་རྣམ་པར་དག་པའི་ཚུལ་ལ་ཡང་དག་པར་རྟོག་ཅིང་དཔྱད་པ་ལ་ཞུགས་ཏེ། དེ་ལྟར་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་སྒོམ་པ་ནི་སྙིང་རྗེ་ཀུན་སྣང་གི་ཏིང་ངེ་འཛིན་ཏེ་འགྲོ་བའི་སྣང་ཚུལ་སྨོན་པ་མེད་པ་ལ་དམིགས་པའི་ཏིང་ངེ་འཛིན་ཡང་ཡིན་ནོ། །དེ་ལྟར་བསྒོམས་པས་བསམ་གཏན་གྱི་ཡན་ལག་དགའ་བདེ་སོགས་ཀྱང་རིམ་བཞིན་འགྲུབ་པར་འགྱུར་བ་ཡིན་ནོ། །འདིར་ཡང་ཚིག་གིས་གསལ་གདབ་པ་ནི། སྒྱུ་འཕྲུལ་ལས། ཨེ་མ་ཧོ། ཡེ་ནས་གསང་བའི་ཆོས། ཞེས་སོགས་ཤོ་ལོ་ཀ་གཅིག་དང་། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། ཞེས་པ་ནས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པའི་བར་གྱིས་ཆེད་དུ་བརྗོད་པ་གཉིས་པོ་བརྗོད་པའམ། ཡང་ན་རིན་ཆེན་དྲྭ་བ་ལས། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་སྒོམ། །ཞེས་པ་ལྟ་བུ་ཇི་རིགས་བརྗོད་པར་བྱའོ། །དེས་མར་བར་སྲིད་དག་པར་བྱེད་ཅིང་། ཡར་སངས་རྒྱས་ལོངས་སྐུའི་ཡོན་ཏན་རྫོགས་པའི་གཞི་འདིང་། རྫོགས་རིམ་ཀྱི་དུས་སུ་དག་དབེན་རྡོ་རྗེའི་བཟླས་པ་དང་། སྒྱུ་ལུས་དང་ཟུང་འཇུག་གི་སྐུར་ལྡང་བའི་འཕེན་པ་དག་གི་སྨིན་བྱེད་དུ་འགྱུར་ཞིང་། རྗེས་ཐོབ་ཏུ་ཡང་སྙིང་རྗེས་སྒྱུ་མའི་རྣལ་འབྱོར་དེ་ཉིད་ལམ་དུ་བྱེད་པ་ལ་ཐབས་དང་མཐུན་པའི་སྤྱོད་པ་ཞེས་བྱའོ། །དེ་ལྟར་སྙིང་རྗེ་ཆེན་པོ་བསྒོམས་པའི་རྐྱེན་གྱིས་རང་གི་སྙིང་གར་སོ་སོ་རང་གི་རིག་པའི་ཡེ་ཤེས་ཉིད་ཡི་གེ་ཨ་དཀར་པོ་ལ་སོགས་པའི་རྣམ་པར་བསྒོམས་པ་ལ་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་འབྱུང་བ་ལྔའི་རླུང་ཡེ་ཤེས་ལྔ་ཡི་འོད་ཟེར་ཀུན་ཏུ་འཕྲོ་བཞིན་པར་བསྒོམ། དེ་ནས་དབུག་འགྲོ་འོང་གི་རྟ་ལ་བསྐྱོན་ཏེ་སྙིང་རིན་པོ་ཆེའི་གོ་སར་གནས་པའི་ཡིག་འབྲུ་ལས་ཐོག་མར་དབྱངས་ཀྱི་ཡི་གེ་གྲངས་མེད་པ་གདོང་གི་སྣ་རྩེར་འཕྲོས། དེ་ལས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྤྲོ། སླར་ཡང་སྤྲོ་གཞིའི་ཡི་གེ་ལ་སེམས་བཟུང་བས། རང་ཉིད་ལས་འཕྲོས་པའི་སྔགས་ཀྱི་ཡི་གེ་ཐམས་ཅད་སྙིང་ག་རུ་ཚུར་འདུས་ཏེ་ཡིག་འབྲུས་མཚན་པའི་ཕྱག་མཚན་ལ་སེམས་རྩེ་གཅིག་ཏུ་འཛིན་པ་སྟེ་གསལ་བྱེད་ཀྱི་ཡི་གེའི་སྤྲོ་བསྡུའང་དེ་བཞིན་དུ་བྱའོ། །འདི་དབུག་དགག་སྟེ་སྲོག་རྩོལ་དང་། སེམས་བཟུང་སྟེ་འཛིན་པའི་ཡན་ལག་རྒྱུའི་ཏིང་ངེ་འཛིན་སྒོམ་པའི་རིམ་པ་སྟེ། དེ་དག་ཀྱང་ཚིག་གིས་གསལ་འདེབས་ན། སྒྱུ་འཕྲུལ་ལས། ཨ་རབ་ཏུ་བརྟན་གྱུར་ཨ་དཀར་ལས། །སོགས་ནས་བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་པའི་བར་དུ་བརྗོད། དེ་ནས་རྗེས་དྲན་ནི། དེ་ལྟར་ལོ་དང་ཟླ་བའི་བར་དུ་སེམས་རྩེ་གཅིག་པས་བསྒོམ་པ་ལ་བརྟེན་ནས་འབྱུང་ལྔའི་རླུང་རང་གནས་སུ་ཟིན་པའི་རྟགས། སྨིག་སྒྱུ་དང་། དུ་བ་དང་། སྲིན་བུ་མེ་ཁྱེར་དང་། མར་མེ་དང་། སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུའི་རྟགས་རྣམས་རིམ་བཞིན་འབྱུང་བའོ། །ཏིང་ངེ་འཛིན་ནི། སླར་ཡང་ཐུགས་སྲོག་ལ་སེམས་རྩེ་གཅིག་ཏུ་བཟུང་བ་ལས། སྣོད་བཅུད་ཐམས་ཅད་ཡེ་ཤེས་ལྔ་ཡི་འོད་ཟེར་དང་ཡི་གེའི་རྣམ་པ་འོད་དུ་ཞུ་སྟེ་རྩ་བའི་ཡི་གེར་འདུས་པས་འོད་ཀྱི་གོང་བུར་གྱུར་པ་ལ་སེམས་མཉམ་པར་འཇོག་པ་སྟེ། འདི་ནི་སྣང་སྟོང་གཉིས་སུ་མེད་པ་དོན་དམ་པའི་ལྷ་སྒོམ་པ་ཉིད་ཡིན་ཏེ། དངོས་པོའི་མཚན་མ་རྣམ་པར་གཞིག་པའི་རྒྱུ་མཚན་གྱིས་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་ལ། སྣང་མེད་ཀྱི་སྟོང་ཉིད་ཡིན་པའང་ཤེས་པར་བྱའོ། །དེས་མར་སྐྱེ་སྲིད་ཀྱི་དྲི་ཟའི་སེམས་དག་པར་བྱེད་ཅིང་། ཡར་སྤྲུལ་སྐུའི་ཡོན་ཏན་རྫོགས་པར་བྱེད། རྫོགས་རིམ་ཀྱི་དུས་སུ་སྒྱུ་ལུས་དང་ཟུང་འཇུག་ཉིད་འགྲུབ་པའི་སྨིན་བྱེད་དུ་འགྱུར་རོ། །འདིའི་འོག་མ་ལྷ་སྐུ་དངོས་སྒོམ་པ་སོགས་ཀྱི་དག་རྫོགས་སྨིན་གསུམ་ཡང་། སྐྱེ་བའི་རིམ་གསུམ་གཉིས་མེད་དོན། །ཞེས་པ་ལྟར་ཕྲ་རགས་མ་གཏོགས་འདི་དང་ཕལ་ཆེར་གཅིག་གོ །དེས་ན་དེ་ཡན་ཆད་ཀྱི་བསྙེན་པའི་ཡན་ལག་མདོར་བསྡུས་ཙམ་བཤད་ཟིན་ནས། གཉིས་པ་ཉེ་བསྙེན་དང་། གསུམ་པ་སྒྲུབ་པ་དང་། བཞི་པ་སྒྲུབ་ཆེན་རྣམས་ནི་རིམ་པ་བཞིན་དུ། ཧེ་རུ་ཀའི་གལ་བོ་ལས། ཉེ་བསྙེན་བདག་ཉིད་ལྷར་བསྒོམས་ཏེ། །ཡེ་ཤེས་བདག་ལ་ལྕགས་ཀྱུས་བསྟིམ། །སྒྲུབ་པ་ཡུམ་ལ་དཀྱིལ་འཁོར་གདོན། །སྐུ་གསུང་ཐུགས་སུ་ཟླ་དྲུག་བསྒྲུབ། །སྒྲུབ་ཆེན་ལྷ་ཡི་སྐུར་གསལ་བས། །བདག་འདྲའི་དཀྱིལ་འཁོར་དབྱུང་ཞིང་བསྒྲུབ། །འདི་ནི་ཤེས་རབ་ཆུང་རྣམས་ལ། །རིམ་གྱིས་བསྒྲུབ་པའི་རིམ་པའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ལྟར་མོས་སྤྱོད་ཀྱི་སར་གཙོ་བོར་བསྐྱེད་རིམ་དང་འབྲེལ་བའི་བསྙེན་སྒྲུབ་ཡན་ལག་བཞི་སྒོམ་པ་ལ་རྫོགས་རིམ་ལམ་གྱིས་ཟིན་པར་བྱས་ནས། སྦྱོར་ལམ་ཆོས་མཆོག་ཏུ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་སྟེ་སྤྲོས་བཅས་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་རྣམ་པར་སྨིན་པའི་རིག་འཛིན་ནམ། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ཏེ། དབང་པོ་རྣོན་རྟུལ་གྱི་དབང་དུ་བྱས་པའི་མཐོང་ལམ་གཉིས་པོ་གང་རུང་འཐོབ་པ་དང་། དེ་ཡན་སློབ་པ་དང་མི་སློབ་པའི་ཟུང་འཇུག་དག་གིས་བསྡུས་པའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། ལྷུན་གྱིས་གྲུབ་པའི་རིག་འཛིན་དག་མངོན་དུ་བྱས་ནས་མཐར་ཐུག་གི་འབྲས་བུ་ལ་ཇི་ལྟར་སྦྱོར་བའི་ཚུལ་རྣམས་ནི་འདིར་བཏང་སྙོམས་སུ་བཞག་པས་གཞན་དུ་རྟོགས་པར་བྱའོ། །དེ་ཡན་ཆད་ཀྱིས་དེ་ཏིང་སྒོམ་ཚུལ་འཕྲོས་དོན་དང་བཅས་པ་མདོར་བསྡུས་ཙམ་བཤད་ཟིན་ཏོ། །ཡང་གསུང་ཤོག་ལས། བསྙེན་སྒྲུབ་ཡན་ལག་བཞིའི་སྐབས་སུ་བདག་སྲས་གཞན་སྲས་གསུངས་པ་དེ་ལ་གོ་བ་ངེས་པ་ཅན་ཞིག་མ་བྱུང་བས་དེ་ལ་བསྡུས་འགྲེལ་གསལ་ཁ་ཅན་ཞིག་གནང་ཐུབ་པ་བཀའ་དྲིན་ཆེ་ལགས། ཞེས་གསུངས་པ་ལ། འདིར་ཀུན་གཟིགས་རོང་ཟོམ་པ་ཆེན་པོའི་རྒྱུད་འགྲེལ་དུ། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། རིགས་མི་ནུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའོ། །ཞེས་གསུངས་པ་ལྟར་བདག་གཞི་དུས་ཀྱི་སངས་རྒྱས་ཡིན་པའི་ཕྱིར། བདག་ཉིད་ཏིང་འཛིན་རྣམ་པ་གསུམ་གྱི་རིམ་པས། རྒྱུ་རྡོ་རྗེ་འཛིན་པའི་ངོ་བོར་བསྒོམས་ཏེ། དེ་ཉིད་ཀྱི་སྲས་སུ་དེ་བཞིན་གཤེགས་པ་རྣམས་དགུགས་པའི་ཆོ་ག་ལ་བདག་སྲས་ཀྱི་ཆོ་ག་དང་། དེ་བཞིན་གཤེགས་པའི་རིགས་མི་ནུབ་པར་བྱ་བའི་ཕྱིར་སླར་ཡང་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཉིད་ཞུ་བ་གླུས་བསྐུལ་གྱིས་འོང་དུ་ཞུ་ནས་གཙོ་བོའི་རྣམ་པར་གྱུར་པའི་སྐུའི་དབྱིབས་སུ་བདག་ཉིད་སྔར་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོར་གྱུར་པ་དེ་ཉིད་ཀྱི་རྟོག་པ་མཐའ་དག་བྱང་ཆུབ་སེམས་ཀྱི་རྣམ་པར་གནས་པ་དེ་སླར་ཡང་ཡུམ་གྱི་མཁའ་སྤྲོས་ཏེ་སྲས་ཀྱི་དཀྱིལ་འཁོར་དུ་གྱུར་པ་ཉིད་ཕྱིར་བཏོན་ཏེ་རང་རང་གི་གདན་ལ་བཀོད་པར་དབང་བསྐུར་རྒྱས་གདབ་སོགས་བྱེད་པ་ལ་གཞན་སྲས་ཀྱི་ཆོ་ག་ཞེས་ཟེར་ཞིང་། འདི་ལ་བཀའ་མའི་གཞུང་རྣམས་སུ་བདག་སྲས་གཞན་སྲས་ཀྱི་རྣམ་གཞག་ཙམ་ལས་ཆོ་གའི་ཡན་ལག་ངེས་པ་མ་གསུངས་ཀྱང་། རིག་འཛིན་འཇིགས་མེད་གླིང་བས་བཀའ་བརྒྱད་ཀྱི་ལུང་ཁུངས་སྨྲོས་ནས། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། ས་བོན་ལས་ནི་གཙོ་བོ་བསྐྱེད་པ་དང་། ཕྱོགས་བཅུའི་བདེ་གཤེགས་བཀུགས་ནས་མཁའ་བསྟིམ་དང་། སེམས་ཅན་བཀུགས་ནས་སྒྲིབ་པ་སྦྱང་བ་དང་། གཉིས་སུ་མེད་ལ་ཆེ་བ་བསྐྱེད་པ་དང་། མཁའ་ནས་བཏོན་ཏེ་གདན་ལ་འཁོད་པའོ། །ཞེས་བདག་སྲས་ཀྱི་ཆོ་ག་ལ་ཡན་ལག་ལྔ་དང་། གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད། གཙོ་བོ་འོད་ཞུ་ས་བོན་གྱུར་པ་དང་། །དེ་ལས་ཡབ་ཡུམ་སྐྱེ་མཆོད་རྫོགས་པ་དང་། །ཡབ་ཀྱི་རྟོག་པ་ཡི་གེར་གྱུར་པ་དང་། །ཡུམ་ལས་འོད་འཕྲོས་ལྷ་ལ་གསོལ་བཏབ་དང་། །ཀུན་ཀྱང་རང་བསྟིམ་ང་རྒྱལ་བཟུང་བ་དང་། །སྙོམ་པར་ཞུགས་ནས་མཁའ་རུ་དཀྱིལ་འཁོར་བསྐྱེད། །རྟོག་པ་ཞེ་གཉིས་ལྷར་གསལ་ཕྱིར་འདོན་དང་། །ཕྱག་རྒྱ་བཞི་ཡིས་བཅིང་དང་རྒྱས་གདབ་བོ། །ཞེས་གཞན་སྲས་ཀྱི་ཆོ་ག་ལ་ཡན་ལག་བརྒྱད་དུ་གསུངས་སོ། །འདི་དག་ལ་སྒོམ་པའི་སྐབས་སུ་གོ་རིམ་གྱི་ངེས་པ་ནི་མེད་པ་འདྲའོ། །དེ་དག་གིས་ནི་བདག་སྲས་གཞན་སྲས་ཀྱི་གསལ་བྱེད་ཅུང་ཟད་སྨྲས་ཟིན་ཏོ། གཞན་ཀར་གླིང་ཞི་ཁྲོའི་དོགས་སེལ་སོགས་ནི་ཟུར་དུ་འགོད་ལ། ཁོ་བོའི་གསང་བའི་རྣམ་ཐར་དགོས་ཞེས་ཕེབས་པ་ནི། བདག་ཅག་བྱིས་པའི་དུས་ནས་སྤྲང་འཁྱམས་བྱས་ཏེ་ས་མཐར་བསྐོར་རབས་དང་། གཤིན་གསོན་གྱི་དཀོར་ནག་བསྡུས་རབས་ཙམ་ལས་གཞན་དམ་པས་བསྔགས་འོས་ཀྱི་རྣམ་ཐར་ནི་ཅི་ཡང་མ་མཆིས་མོད་དེ། འོན་ཀྱང་གསུངས་རྣམས་ཡིད་ཡུལ་དུ་འཇག་པར་མཆིས་པས་མ་འོངས་པ་ན་རྣམ་ཐར་བཟང་པོ་འགོད་པའི་རྟེན་འབྲེལ་ཞུ། །འདིར་སྨྲས་པ། དབང་བཞིས་བསྟན་དོན་བསྐྱེད་རྫོགས་ཡན་ལག་བཞིས། །རིག་འཛིན་རྣམ་བཞིའི་གྲུབ་མཐའ་སྙོགས་པའི་ཐབས། །བསྙེན་སྒྲུབ་ཡན་ལག་བཞི་ཡི་ལམ་རིམ་ལ། །བརྟེན་ནས་སྐུ་བཞིའི་འབྲས་བུ་མངོན་བྱེད་མཛོད། །སྟོང་ཆེན་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་དང་། །ཕྱག་རྒྱ་གཅིག་པའི་བསྐྱེད་རིམ་ལ་གོམས་པས། །དབེན་པ་གསུམ་གྱི་རྫོགས་པའི་རིམ་པ་ལ། །བརྟེན་ནས་སྒྱུ་མའི་ལྷ་སྐུ་མངོན་བྱེད་མཛོད། །བསྐྱེད་རིམ་ཕྲ་མོ་ཕྱག་རྒྱ་སྤྲོས་བཅས་ལ། བརྟན་པ་ཐོབ་ནས་ཐིག་ལེའི་རྣལ་འབྱོར་གྱིས། །དགའ་བཞིས་དྲངས་པའི་དཔེ་ཡི་འོད་གསལ་ཉིད། བསྐྱེད་པའི་ཉེ་རྒྱུས་འཕགས་ལམ་མངོན་བྱེད་མཛོད། །སྣང་སྟོང་མཆོག་གི་འོད་གསལ་ལ་བརྟེན་ནས། །སྒོམ་པའི་ལམ་དུ་སློབས་དང་མི་སློབ་པའི། །ཟུང་འཇུག་ཕྱག་ཆེན་ལྷུན་གྲུབ་རིམ་བགྲོད་ནས། །ཚེ་འདིར་རྡོ་རྗེ་འཆང་དབང་མངོན་བྱེད་མཛོད། །དེ་ལྟར་གསང་ཆེན་བླ་མེད་རྒྱུད་སྡེའི་གནད། །མངོན་བྱེད་རྣམ་བཞིར་བསྡུས་ནས་གདམས་པ་དེས། །མ་ལུས་འགྲོ་ཀུན་སྲིད་པའི་མཚོ་ཆེན་ལས། །ཐར་མཆོག་ཞི་བའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་དད་དམ་མཁྱེན་རབ་ཀྱི་མངའ་བདག་བླ་མ་དམ་པ་དམ་ཆོས་ལྷུན་འགྲུབ་ཀྱི་དྲིས་ལན་དུ་བཙུན་པ་གཞན་ཕན་མཐའ་ཡས་པས་སྨྲས་པ་དགེ། དགེའོ། །

སྔོན་འགྲོ་དང་དངོས་གཞིའི་ལམ་གྱི་སྦྱོར་ཚུལ་མདོར་བསྡུས་འབྲས་མོ་སྡེ་བའི་ཕྲིན་ལས་རབ་རྒྱས་ལ་གནང་བ།

༄། །སྔོན་འགྲོ་དང་དངོས་གཞིའི་ལམ་གྱི་སྦྱོར་ཚུལ་མདོར་བསྡུས་འབྲས་མོ་སྡེ་བའི་ཕྲིན་ལས་རབ་རྒྱས་ལ་གནང་བ། །དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཁྱེད་ཀྱིས་ཚེ་འདིའི་འདོད་ཡོན་ལ་ཞེན་པའི་ཉེས་དམིགས་མཐོང་ནས། གཅིག་ཏུ་ཕྱི་མའི་བདེ་འབྲས་དོན་དུ་གཉེར་བ་དང་། གཉིས་སུ་སྲིད་བདེ་ཟག་བཅས་ལ་སྙིང་པོ་མེད་པར་རིག་ནས་ཐར་བ་དོན་དུ་གཉེར་བ་དང་། གསུམ་དུ་རང་ཉིད་ཞི་བ་དོན་དུ་གཉེར་ཙམ་མཐར་ཐུག་གི་སྒྲུབ་བྱ་མ་ཡིན་པར་ཤེས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བར་འདོད་པ་དེ་ནི་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པ་ལས་ཀྱང་ཆེས་ལྷག་པའི་རྙེད་པ་ལེགས་པར་རྙེད་པ་ཡིན་ནོ། །ད་ནི་དེ་ལྟར་འདོད་པ་ཙམ་གྱིས་མི་ཆོག་གིས། འདོད་པའི་དོན་དེ་མ་སྒྲུབ་ན་མི་འགྲུབ་པས་བསྒྲུབ་དགོས། སྒྲུབ་པའི་ཚུལ་ཡང་ཐོག་མར་ས་བོན་དང་འདྲ་བ་དེ་རང་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་རིགས་ཡིན། དེའི་རྟེན་དུ་གྱུར་པའི་ཞིང་ས་དང་འདྲ་བ་ནི་དལ་འབྱོར་གྱི་མི་ལུས་ཡིན། དེ་ལ་སོ་ནམ་བྱེད་པའི་བདག་པོ་དང་འདྲ་བ་ནི་བླ་མ་དཀོན་མཆོག་ཉིད་ཡིན་ན། ད་རེས་དལ་འབྱོར་གྱི་མི་ལུས་ཐོབ་པ་འདི་ནི་ས་བོན་གྲུང་བོ་དང་ཞིང་ས་གཤིན་པོ་འཛོམས་པ་དང་འདྲ་བས། ད་ནི་འདི་ལ་སོ་ནམ་བྱ་བའི་ཕྱིར་བླ་མ་དགེ་བའི་བཤེས་གཉེན་བསྟེན་ནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་དགོས་ཏེ། དེ་ཡང་སངས་རྒྱས་ནི་སྟོན་པ་སྐུ་གསུམ་གྱི་བདག་ཉིད། ཆོས་ནི་བསླབ་པ་རིན་པོ་ཆེ་རྣམ་གསུམ། དགེ་འདུན་ནི་དེ་ལ་བཀྲི་བའི་གྲོགས་ཡིན་པས་ན། སངས་རྒྱས་ཀྱིས་བསྟན་དོན་དགེ་འདུན་གྱིས་རང་རེ་ལ་སློབ་རྒྱུ་ནི་དམ་པའི་ཆོས་འདི་ཁོ་ན་ཡིན་འདུག་པས་ན་ད་རེས་ཆོས་ལ་སློབ་དགོས། དེར་མཁས་པར་མ་བསླབ་ན་རང་རྒྱུད་ཀྱི་ཞིང་ས་ལ་སོ་ནམ་ལེགས་པོར་བྱེད་མི་ཤེས་པར་འདུག་སྟེ། འདི་ལྟར་ཚུལ་ཁྲིམས་ནི་ཞིང་གི་ར་བ་སོགས་དང་མཚུངས་པར་སྒོ་གསུམ་གྱི་སྟེང་ནས་ཡོད་ཏན་ཆུད་མི་འཛའ་ཞིང་ཉེས་སྤྱོད་བཀག་སྟེ་སྲུང་བར་བྱེད་པ་ཡིན་ནོ། །ཐོས་བསམ་གྱི་ཤེས་རབ་ནི་བྱང་ཆུབ་ཀྱི་ས་བོན་རིགས་ལ་གད་བདར་བྱེད་པ་ཡིན། བློ་སྦྱོང་དང་ཏིང་ངེ་འཛིན་སྒོམ་པ་ནི་དེ་ཉིད་ལ་ཆུ་ལུད་སྐྱེལ་བའི་སྦྱོར་བ་ཡིན་ཏེ། དེས་ན་འདི་གསུམ་མི་ཤེས་པས་སོ་ནམ་ཇི་ལྟར་བྱེད། དེ་ཡང་ཤེས་པ་ཙམ་གྱིས་མི་ཆོག་གི་ལག་ལེན་ལ་ཐེབས་པར་བྱེད་དགོས། ལག་ལེན་དེ་ཡང་མདོ་ལུགས་དང་སྔགས་ལུགས་གཉིས་ཡོད་པའི་མདོ་ལུགས་ལྟར་བྱས་ན་བསྐལ་པ་གྲངས་མེད་གསུམ་མམ། བདུན་ནམ། སུམ་ཅུ་རྩ་གསུམ་ན་གཟོད་སངས་རྒྱས་ཀྱི་གོ་འཕང་འཐོབ། སྔགས་ལུགས་ལྟར་བྱས་ན་དབང་པོ་རབ་འབྲིང་དང་། བརྩོན་འགྲུས་ཆེ་ཆུང་གིས་རིང་མཐའ་སྐྱེ་བ་བཅུ་དྲུག་ཚུད་ཆད་དེ། ཚེ་འདིའམ་འཆི་ཁའམ། བར་དོ་སོགས་སུ་ཟུང་འཇུག་རྡོ་རྗེ་འཆང་ཞེས་བྱ་བ་སངས་རྒྱས་མཐར་ཐུག་གི་གོ་འཕང་དེ་འཐོབ། དེས་ན་ད་རེས་གསང་སྔགས་ཀྱི་ལུགས་ལ་བརྟེན་ནས་ཚེ་འདིར་སངས་རྒྱས་ཀྱི་གོ་འཕང་དེ་སྒྲུབ་པ་ལ། དེའི་འཇུག་སྒོ་དབང་བཞིས་བསྟན་དོན་གྱི་ཉམས་ལེན་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཡ་མ་བྲལ་བར་སྒོམ་དགོས་ཏེ། དེ་ཡང་བསྐྱེད་རིམ་གྱིས་ནི་དངོས་པོ་ལ་མཚན་མར་རྟོག་པའི་སྒྲོ་སྐུར་མཐའ་དག་བསལ་ཏེ་དམ་ཚིག་གི་ར་བས་བསྡམས་ནས་ཡོན་ཏན་གྱི་ལོ་ཏོག་སྲུང་བར་བྱེད། རྫོགས་རིམ་གྱིས་ནི་སྲོག་རྩོལ་དབུ་མར་འཇུག་པའི་སྦྱོར་བས་གཟུང་འཛིན་གྱི་ཤེས་པ་རང་རིག་ཏུ་སྦྱངས་ནས་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་སྒྲུབ་ཅིང་སྨིན་པར་བྱེད། རྫོགས་པ་ཆེན་པོས་ནི་སྣང་སྟོང་ཟུང་འཇུག་གི་འོད་གསལ་མངོན་དུ་བྱས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོས་འཁོར་བ་ཆོས་ཀྱི་དབྱིངས་སུ་དག་པར་བྱས་ནས་དོན་གཉིས་ཀྱི་འབྲས་བུ་གཡུར་དུ་ཟ་བར་བྱེད་དེ། དེ་ལྟར་ན་རགས་པའི་སྒོ་གསུམ་ནི་བསྐྱེད་རིམ་སྤྲུལ་པའི་སྐུའི་བསྒྲུབ་གཞི་དང་། ཕྲ་བའི་སྒོ་གསུམ་ནི་རྫོགས་རིམ་ལོངས་སྤྱོད་རྫོགས་སྐུའི་བསྒྲུབ་གཞི་དང་། ཤིན་ཏུ་ཕྲ་བའི་སྒོ་གསུམ་ནི་རྫོགས་པ་ཆེན་པོ་འོད་གསལ་ཆོས་ཀྱི་སྐུའི་བསྒྲུབ་གཞི་ཡིན་པའང་ཤེས་པར་བྱེད་དགོས་ལ། དེ་གསུམ་ཉམས་སུ་ལེན་པ་ནའང་། བུད་ཤིང་དང་། དེ་ལས་སྐྱེས་པའི་མེ་དང་། མེའི་ཚ་བ་བཞིན་རིམ་གྱིས་བསྐྱེད་དགོས་པའང་ཤེས་པར་བྱེད་དགོས་སོ། །དེས་ན་བསྐྱེད་རིམ་སྒོམ་པ་ལའང་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་འབེབ་པའི་རིམ་པ་རྣམས་སྔོན་དུ་སོང་ནས་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་སྒོམ་པ་ལ་སྟོང་བ་ཆེན་པོའི་རྣལ་འབྱོར། སྙིང་རྗེ་སྒྱུ་མའི་རྣལ་འབྱོར། ཕྱག་རྒྱ་གཅིག་པའི་རྣལ་འབྱོར། ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར། ཚོམ་བུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་ཏེ་ཟག་བཅས་ཀྱི་ལམ་ལྔ་ཡོད་པའི་དང་པོ་གསུམ་ནི་གསང་སྔགས་རང་ལམ་གྱི་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་ཉམས་ལེན་དང་། ཕྱག་རྒྱ་སྤྲོས་བཅས་ནི་སྦྱོར་ལམ་ཡན་ཆད་ཀྱི་རྫོགས་རིན་བསྒོམ་པའི་ལམ་གྱི་རྟེན་དང་། ཚོམ་བུ་ཚོགས་སྒྲུབ་ནི་མཐོང་ལམ་འཐོབ་བྱེད་ཀྱི་ཉེ་རྒྱུའི་སྤྱོད་པ་ཡིན་ཕྱིར་དང་པོ་སྟོང་ཆེན་ནས་ལམ་ངེས་རྫོགས་ཀྱི་ཚུལ་དུ་སྒོམ་དགོས་པས་ན་འདིར་དེ་འཆད་པ་ལ། ཐེག་པ་ཆེ་ཆུང་ཐུན་མོང་གི་སྔོན་འགྲོ་སྐྱབས་འགྲོ་དང་། མདོ་སྔགས་ཐུན་མོང་གི་སྔོན་འགྲོ་སེམས་བསྐྱེད་དང་། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྡོར་སེམས་བསྒོམ་བཟླས་དང་། བླ་མའི་རྣལ་འབྱོར་དག་སྟེ། དེ་རྣམས་གང་གི་སྐབས་སུའང་རང་རང་གི་སྡུད་པའི་རྣལ་འབྱོར་གྱི་མཇུག་ཏུ་ཚོགས་ཞིང་གི་ཐུགས་དང་། རང་སེམས་དབྱེར་མེད་དུ་བསྲེས་ཏེ་སྔར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཐུན་མོང་གི་བདེན་པ་དབྱེར་མེད་ལས་རབ་ཏུ་ཕྱེ་བའི་ལྷག་པའི་བདེན་པ་དབྱེར་མེད་བློས་སྤྱོ་ཡུལ་དང་བྲལ་བར་གཏན་ལ་ཕབ་པ་དེའི་ངང་དུ་མཉམ་པར་འཇོག་པ་ནི་སྟོང་ཆེན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེ་ནས་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྒྱུ་མ་ལྟ་བུར་བལྟས་ཏེ། འདི་ལྟར་མ་རྟོགས་པའི་འགྲོ་བ་མེད་སྣང་འཁྲུལ་བའི་འཁོར་ལོར་འཕྱན་པ་འདི་རྣམས་སྙིང་རེ་རྗེ་སྙམ་པའི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་སྒོམ་པ་ནི་སྙིང་རྗེ་ཀུན་སྣང་གི་ཏིང་ངེ་འཛིན་ནོ། །དེ་ནས་སྙིང་རྗེ་ཆེན་པོའི་རྐྱེན་གྱིས་སད་པར་བྱས་པའི་རང་རིག་གི་ངོ་བོ་ཉིད་ཨ་ཡིག་དཀར་པོ་དྲི་མ་མེད་པར་བསྒོམས་ཏེ་ཡི་གེ་སྤྲོ་བསྡུའི་ཏིང་ངེ་འཛིན་ལ་རྩལ་སྦྱངས་བྱེད་པ་ནི། ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས་སུ་དབྱེ་བའི་ཕྲ་བ་ཡིག་འབྲུ་ལ་བསླབ་པ་ཞེས་བྱ་བ་སྟེ་རྒྱུའི་ཏིང་ངེ་འཛིན་ནོ། །དེས་ན་འདི་གསུམ་ལ་སྔོན་དུ་རིམ་བཞིན་བསླབ་ནས་ད་གཟོད་ཡི་དམ་གང་བྱེད་ཀྱི་ལྷ་སྐུ་ཕྱག་རྒྱ་གཅིག་པ་སོགས་སྒོམ་དགོས་ཤིང་། དེ་ཡང་ཐོག་མར་ལྷ་དེ་མདུན་གྱི་བྲིས་སྐུ་སོགས་ལ་དམིགས་ཏེ་ཡིད་ཡུལ་དུ་བསྒོམས་ནས། ད་བཟོད་རང་ཉིད་དང་བསྲེས་ནས་སྒོམ་ཚུལ་སོགས་ས་བཅད་བདུན་གྱི་རིམ་པ་བསྐྱེད་རིམ་རྣམ་བཤད་དུ་གསལ་བ་ལྟར་བྱ། དེ་ལྟ་བུའི་ལྷའི་རྣལ་འབྱོར་སྒོམ་པ་དང་འབྲེལ་བར། རྫོགས་རིམ་རྩ་རླུང་སོགས་དང་། རྫོགས་པ་ཆེན་པོའང་ཇི་རིགས་པར་ཉམས་སུ་བླང་བར་བྱ་སྟེ། དེ་ལྟར་ཉམས་སུ་བླངས་པས་ལམ་གྱུར་གྱི་འབྲས་བུའི་མཚན་ཉིད་རིག་འཛིན་རྣམ་པ་བཞིའི་གོ་འཕང་ཡང་རིམ་བཞིན་ཐོབ་པར་འགྱུར་བ་ཡིན་ནོ། །ལེགས་བཤད་གསེར་གྱི་ཉི་མ་མ་ཤར་ན། །ལོག་སྨྲའི་མུན་པ་སེལ་བར་ནུས་མིན་པས། །སྣ་ཚོགས་གཏམ་གྱི་རྒྱུ་སྐར་རྣམ་བཀྲ་བར། །དོན་མེད་མགོ་བོ་མ་འཁོར་བློ་ལྡན་ཀྱེ། །ཚེ་གཅིག་སངས་རྒྱས་འཐོབ་པའི་ལམ་སྲོལ་གང་། །རྒྱུད་སྡེ་ཟབ་མོའི་ནང་ན་གནས་པ་ཡིན། །གསང་རྒྱུད་མཐོང་ཐོས་ཙམ་ཡང་མ་མྱོང་བའི། །གང་ཟག་དེ་འདྲར་ལམ་འདི་དྲིས་པས་ཅི། །དེ་ལྟ་ན་རྒྱུ་མཚན་འདི་དག་ཐུགས་ལ་བཞག་ནས་ཚེ་འདིར་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པར་མཛོད་ཅིག །ཅེས་པའང་དད་པ་དང་། གཏོང་བ་དང་། དམ་ཚིག་གི་གནས་མཐའ་དག་ལ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་སུ་མཛད་པའི་འབྲས་མོ་སྡེ་བ་སྐུ་ཞབས་ཕྲིན་ལས་རབ་རྒྱས་ནས་སྔོན་འགྲོ་དང་དངོས་གཞིའི་ལམ་གྱི་མཚམས་སྦྱོར་ཚུལ་མདོར་བསྡུས་ཤིག་འབྲི་དགོས་ཞེས་ལྷ་རྫས་དང་བཅས་བསྐུལ་བའི་བཞེད་སྐོང་དུ་མདོ་ཁམས་ཀྱི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས་ཤར་མར་སྤེལ་བ་དགེའོ། །མངྒ་ལཾ། །


previousདྲིས་ལན་སྟོང་ཐུན་གྱི་སྐོར་ཚོ།next