Nitartha Digital Library
Tibetan
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།


   
   
   
  expand section
  collapse section
རྣམ་ཐར་འབེལ་གཏམ་གྱི་སྐོར་ཚོ།
   
   
   
   
  expand section
  expand section
  expand section
  expand section


 
previousརྣམ་ཐར་འབེལ་གཏམ་གྱི་སྐོར་ཚོ།next

རྣམ་ཐར་འབེལ་གཏམ་གྱི་སྐོར་ཚོ།

རྡོ་གྲུབ་ཆེན་རྣམ་ཐར་མདོར་བསྡུས།

༄། །རྡོ་གྲུབ་ཆེན་རྣམ་ཐར་མདོར་བསྡུས་བཞུགས་སོ། །མགོན་སྟོན་པ་ཐུབ་པའི་དབང་པོའི་ཞིང་། །སྟོང་མི་མཇེད་འཇིག་རྟེན་ཁམས་འདི་ཡི། །ཡུལ་བྱེ་བྲག་གླིང་བཞིས་མཛེས་པ་འདིའི། །ལྷོ་འཛམ་གླིང་ཡངས་པའི་བྱང་གི་ཕྱོགས། །རི་གངས་ཅན་པ་ལ་ཚིགས་གསུམ་གྱི། །སྨད་མདོ་ཁམས་འཛིན་མའི་རྟ་ཟུར་ནས། །ཀླུང་དངུལ་ཆུའི་རྒྱལ་མོ་ཤར་དུ་འབབ། །དེའི་གཙུག་རྒྱན་ནོར་བུའི་ས་འཛིན་མཆོག །གཉན་བྲག་ལྷ་མགོན་པོས་བཟུང་བ་ཡོད། །ལྷ་གཉུག་མར་གནས་དེའི་གཡོན་ཕྱོགས་ན། །རྡོ་བོ་ཆུང་ཞེས་བྱའི་མི་སྡེ་ཡོད། །དེའི་ཆོ་རིགས་བཙུན་པའི་སྲིད་བཟུང་བའི། །ཕ་གྲུབ་དབང་ཆོས་རྗེ་བླ་མ་དེ། །སྐུ་མཚན་དཔེའི་མེ་ཏོག་གསར་བ་ནས། །ཆོས་ཐོས་བསམ་སྒོམ་ལ་བརྩོན་པ་སོགས། །རྗེ་དམ་པའི་རྣམ་ཐར་ལ་གནས་ཤིང་། །དགོས་དྭགས་བརྒྱུད་བསྟན་བའི་སྒོ་རུ་ཞུགས། །སྐུའི་འདབ་ལྡན་ཅུང་ཟད་ནར་སོན་ནས། །ཡུལ་ཁམས་གཙང་དབུས་ཀྱི་གནས་རྟེན་དང་། །ཁོང་དམ་པའི་མགོན་རྣམས་མཇལ་བའི་ཆེད། །ཕྱོགས་ངེས་མེད་ཕེབས་བཞེད་དགོངས་པ་ལྟར། །གཉེན་འདུན་དང་འཁོར་ནོར་ལྟ་ཅི་སྨྲོས། །སྐུ་སྲོག་ཀྱང་ཕངས་མེད་འདོར་ཕོད་པའི། །ཐུགས་དམ་བཅའི་སྲད་བུས་བསྡམས་བཞིན་དུ། །ཞབས་སྔོན་སྨོན་རླུང་གིས་དབུས་སུ་བསྐྱོད། །དེའི་བགྲོད་ལམ་ཀུན་ཏུ་ངལ་དུབ་ཀྱི། །དཀའ་བ་ཀུན་དང་དུ་ལེན་མཛད་ནས། །རྗེ་རྣམ་འདྲེན་དམ་པ་ཉི་ཤུའི་གྲངས། །དཔལ་རིགས་ཀྱི་བདག་པོར་བསྟེན་པར་མཛད། །རྗེ་དེ་ཀུན་མཉེས་པ་རྣམ་གསུམ་གྱིས། །ཡོངས་བསྟེན་ནས་ཐུགས་བཅུད་ལོན་པ་དང་། །གནས་དབེན་པའི་རི་ཁྲོད་སྣ་ཚོགས་སུ། །སྒོམ་སྒྲུབ་ཀྱིས་ས་ལམ་གོང་འཕེལ་མཛད། །ཁོང་རིག་འཛིན་མཁའ་འགྲོ་དུ་མའི་ཞལ། །དངོས་ཉམས་སུ་མཇལ་ནས་བྱིན་གྱིས་བརླབས། །ཁྱད་པར་དུ་ཞིང་སྐྱོང་མཁའ་འགྲོའི་གནས། །ཡུལ་འཐུང་སྤྱོད་ཙཱ་རི་ཏྲར་ཕེབས་ཚེ། །རི་སིངྒ་ལ་ཡི་ནགས་ཚལ་ནས། །དཔལ་མ་ཧཱ་གུ་རུས་བྱིན་བརླབས་ཤིང་། །མ་རྡོ་རྗེ་ཕག་མོས་དངོས་གྲུབ་བྱིན། །ཞག་བདུན་ཕྲག་གཅིག་ཏུ་སྣང་སེམས་ཀྱི། །སྤྲིན་ཆོས་ཉིད་གཉུགས་མའི་དབྱིངས་སུ་ནུབ། །མཚན་གྲུབ་པའི་གྲགས་པས་ཕྱོགས་ཀུན་ཁྱབ། །སྤྱིར་དབུས་གཙང་ཕྱོགས་སུ་ལན་བཞིར་ཕེབས། །རྗེ་དམ་པའི་མགོན་ཀུན་མཉེས་མཛད་ཀྱང་། །དགོས་རིག་འཛིན་བཛྲ་པྲ་ཧེའི་ཞལ། །རྗེ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང། །མགོན་གང་དེའི་གདམས་པའི་བདུད་རྩི་ཀུན། །ཡོངས་བཞེས་ནས་སྐལ་བཟང་སྐྱེ་བོའི་ཚོགས། །ཆོས་བྱང་ཆུབ་སེམས་དང་རིམ་གཉིས་ཀྱི། །ལམ་གང་ལས་རྡོ་རྗེ་འཆང་སར་དྲངས། །ཚུལ་དེ་འདྲའི་མཛད་པའི་ངོ་མཚར་ལ། །མི་ཤེས་ལྡན་མཐའ་དག་དད་ཅིང་འདུད། །སྟོད་གངས་རིའི་རྒྱལ་པོ་ཏི་སེ་ནས། །སྨད་རྒྱ་ནག་འཕྲུལ་གྱི་ལྡིང་ཁང་ཡན། །ལོགས་ལྷོ་མོན་ཧོར་སོག་ཚུན་ཆད་ཀྱི། །མི་ཆེ་དགུའི་གཙུག་གི་པདྨ་ཀུན། །རྗེ་འདི་ཡི་ཞབས་མཐིལ་ཉི་གཞོན་ལ། །དུས་གཅིག་ཏུ་གུས་པས་འདུད་པ་མཐོང་། །དེ་མཐོང་ནས་ལས་དང་སྨོན་ལམ་གྱིས། །ཡོངས་འབྲེལ་བའི་བློ་ལྡན་སྦྲ་མ་ར། །ཕྱོགས་ཀུན་ནས་འདུས་ཀུན་གདམས་ངག་གི །བཅུད་སྦྲང་རྩི་བཏུང་བས་ཚིམ་པར་མཛད། །སྐབས་དེ་ཚེ་ཆུ་འཛིན་དང་བྲལ་བའི། །མཁའ་རྟ་ལྗང་དབང་པོས་མཛེས་པ་ལས། །ཁོང་སྐབས་གསུམ་བདག་པོས་མནྡ་རའི། །ཆར་ཕྱོགས་མདོག་འགྱུར་བ་ཙམ་དུ་ཕབས། །མ་ཌཱ་ཀིའི་ཚོགས་ཀུན་སྤྲིན་བཞིན་དུ། །ཡོངས་འདུས་ནས་རྡོ་རྗེའི་གླུ་གར་སྒྱུར། །དེའི་བྱིན་གྱིས་སྐལ་བཟང་གདུལ་བྱ་ཀུན། །སྔགས་ཐབས་ལམ་སྒོམ་པས་ཉིན་མཚན་འདའ། །མཐར་གཟུགས་སྐུའི་སྣང་བ་ཆོས་དབྱིངས་སུ། །ཡོངས་བསྡུ་བར་ཉེ་ཚེ་དད་འདུས་ཀྱི། །ཁོང་སློབ་འབང་ཚོགས་ལ་རང་རང་གི །བློར་འཚམས་པའི་བསླབ་སྟོན་ལུང་བསྟན་དང་། །རྟེན་འབྲེལ་གྱི་རྫས་ཀུན་གནང་མཛད་དེ། །ད་ཁོ་བོ་འབྲུག་དང་ལྷན་ཅིག་ཉལ། །སང་གཡུ་འབྲུག་སྔོན་མོ་མཁའ་ལ་ལྡིར། །བདག་ཉལ་ལས་ལྡང་བར་མི་འགྱུར་ཞེས། །གསུངས་འགྱུར་མེད་ཀྱི་ལུང་གསལ་དང་བཅས་ཏེ། །སྐུ་བཅད་རྒྱར་བཞུགས་པའི་ཚུལ་གནང་ནས། །ཐུགས་འོད་གསལ་ཆོས་སྐུར་བསྡུ་བར་མཛད། །དུས་དེ་ཚེ་དུས་ཚིགས་ཀུན་འགྱུར་ཏེ། །དགུན་ལྷག་པས་བསྡམས་པའི་ནམ་ཟླ་ཡང་། །དབྱར་རྒྱལ་མོ་སླེབ་བཞིན་ལྷོད་གྱུར་ནས། །ཕྱིའི་འབྱུང་བ་རྣམས་ཀྱི་རང་མཚན་ཞིག །གདུང་གོས་དཀར་མོས་སྦྱངས་དུད་སྤྲིན་ལ། །མ་མཁའ་འགྲོའི་ཚོགས་ཀུན་མཁའ་ལྡིང་གི །ཟོལ་བརྟེན་ནས་ཕྱག་བསྐོར་མཆོད་པས་བྲེལ། །སྐུའི་རིང་བསྲེལ་གདུལ་བྱའི་སྐལ་བར་བཞག །ང་དེ་འདྲའི་རྗེ་དང་མཇལ་བས་སྐྱིད། །རྗེ་དེ་འདྲའི་རྣམ་ཐར་བརྗོད་པས་སྤྲོ། །གཏམ་བརྗོད་པ་དོན་ལྡན་འདི་བརྗོད་པས། །ཁྱེད་བརྗོད་བྲལ་དོན་ལ་གནས་པར་ཤོག །ཅེས་པའང་སྐྱབས་མགོན་གང་གི་རྣམ་ཐར་ལ་གཅིག་ཏུ་གུས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཤེས་རབ་རྒྱ་མཚོ་ནས་ཇི་ལྟར་ཕེབས་དོན་ལྟར། རྗེ་གང་གི་བཀའ་འབངས་ཐ་ཤལ་བ་རྒྱལ་སྲསགཞན་ཕན་མཐའ་ཡས་སུ་སྒྲོ་འདོགས་པས་ཡེར་བ་ལྷ་རི་ནས་སྤྲིང་བའི་ཡི་གེ་པ་ནི་རང་སློབ་དད་དམ་ལྡན་པ་ཐེག་མཆོག་བསྟན་འཛིན་ནོ། །

རྒྱས་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པའི་སྤྱོད་ཚུལ་མདོར་བསྡུས་ཚིགས་བཅད་མ།

༄། །རྒྱས་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པའི་སྤྱོད་ཚུལ་མདོར་བསྡུས་ཚིགས་བཅད་མ་བཞུགས། །ན་མོ་གུ་རུ་བྷྱཿ མི་དུག་ལྔའི་ནད་ཀྱིས་གདུང་བས། །ཆོས་བདུད་རྩིའི་སྨན་མཆོག་སྕོལ་མཛད་པའི། །རྗེ་སྨན་པའི་རྒྱལ་པོ་བླ་མ་རྣམས། །དེང་བདེ་ཆེན་འཁོར་ལོའི་རྒྱན་ཏུ་བཞུགས། །མི་བདག་འདྲའི་སྒོ་གསུམ་འདུ་བྱེད་ལ། །རྣམ་ཐར་དུ་སྒྲོ་འདོགས་བགྱིས་ན་ཡང་། །དོན་ལྡན་གྱི་དགོས་པ་མ་མཐོང་ཕྱིར། །སྔར་བརྗོད་འདོད་ཡིད་ལ་མ་མཆིས་མོད། །ད་འོན་ཀྱང་རྔ་ལ་དབྱུག་གུ་བཞིན། །ཁྱེད་དོན་གཉེར་ཆེན་པོས་བསྐུལ་ལགས་ན། །སྦ་གསང་ཡང་བྱ་དོན་མ་མཆིས་པས། །འཛེམ་མེད་དུ་བརྗོད་ལ་སྙན་གསོན་ཅིག །བདག་ཐོག་མེད་དུས་ནས་ད་བར་དུ། །ལས་ཉོན་གྱི་གྲོགས་ངན་གྱིས་བསླུས་ནས། །སྲིད་འཁོར་བ་འདི་རུ་འཁྱམས་པ་ལ། །གྲངས་བསྒྲང་བས་ཟད་པ་མ་མཆིས་ཀྱང་། །དུས་ད་ལྟའི་སྐྱེ་བའི་སྲིད་པ་འདི། །ཡུལ་གང་དུ་བཟུང་བའི་ཚུལ་སྨོས་ན། །ཤར་མདོ་ཁམས་འཛིན་མའི་ལྟེ་བ་ན། །མི་ཆོས་ལྡན་རྒྱལ་པོས་བསྲུང་བའི་ཕྱོགས། །ལྷ་རྣམས་མང་ཐོས་པའི་སྲས་པོ་ཡི། །གནས་ལྷུན་སྡུག་རྫ་རི་མཐོན་པོ་ཡོད། །རིའི་ཉེ་འཁོར་སྤངས་ལྗོང་མཛེས་པ་ལ། །སྨན་མེ་ཏོག་ཚལ་གྱིས་བཀྲ་བ་དེའི། །མིང་བརྗོད་ན་ཟླ་རྒྱལ་འཕན་ཕྱུག་ཅེས། །ཆབ་ཆུ་ཀླུང་གཡོན་ནས་འབབ་པ་ཡོད། །དེའི་ཤར་ནས་ཤར་དུ་ས་འཛིན་གྱི། །རྒྱུན་དར་ཡོལ་བྲེས་འདྲ་གསུམ་གྱི་སྣ། །ཀླུང་ཉལ་འགྲོའི་བུ་མོས་བཟུང་འདྲའི་མདུན། །ཐང་རིན་ཆེན་བྱེ་མ་བརྡལ་འདྲ་ཡོད། །དེའི་གཡས་ལུང་ལམ་གསུམ་ཆུ་བོ་ཡི། །རྒྱུན་སྐམས་པའི་མིང་གི་བཏགས་པའི་ས། །སྐམས་ཆེ་ཆུང་ཞེས་བྱའི་ཕྱི་མ་རུ། །ལོ་དྲག་པོ་ལྕགས་སྤྲེའུ་ཤར་བའི་ཚེ། །བོད་མི་བུ་རུས་དྲུག་ཞེས་བྱའི་གྲང་། །སྡོང་སྨུག་པོའི་རིགས་ལས་བཙན་ཁ་བཞིར། །ཡོངས་གྱེས་པའི་བྱེ་བྲག་གི་རྩེ་ལ། །མིང་དགེ་རྩེར་ཆགས་པའི་མི་རྒྱུད་ལས། །སྡེ་དགེ་མང་ཨ་དོན་ཞེས་བྱ་བར། །མི་འབྱོར་ལྡན་ཆོས་བཟང་བྱ་བ་བྱུང་། །དེའི་ཚ་བོ་ཚེ་དབང་ནོར་བུ་དང་། །མ་ཀརྨ་སྒྲོན་གྱི་བུ་རུ་སྐྱེས། །རྟེན་དལ་བའི་མྱུ་གུ་གསར་བ་དང་། །མཁར་དབང་བོའི་གཞུ་རིས་ལྷན་ཅིག་མཐོང་། །རྗེ་དགེ་བའི་བཤེས་གཉེན་འགའ་ཞིག་གིས། །འདི་སྤྲུལ་པའི་སྐུ་ཞིག་ཡིན་ཞེསབསྒྲགས། །གཏམ་རྒྱུ་མཚན་མེད་པའི་འུད་གོག་དེས། །མི་ཀུན་གྱིས་སྤྲུལ་སྐུར་སྒྲོ་འདོགས་བྱས། །དེའི་རྐྱེན་གྱིས་དམ་པ་འགའ་ཞིག་གི །སྐྱེ་སྲིད་དུ་ཐོབ་ཤ་བྱེད་པ་བྱུང། །དེ་ཡིན་ཀྱང་སྔོན་སྨོན་དགེ་བའི་མཐུས། །ཆུང་སྐྱེས་ནས་ཆོས་ཀྱིས་བསྲུང་མཛད་ཅིང་། །ལོ་གསུམ་ནས་དགེ་བའི་བཤེས་དང་མཇལ། །སྔོན་བརྟེན་གྱི་སྲུང་མ་འགའ་ཡང་མཐོང། །སྔོན་སྦྱང་གི་བག་ཆགས་རབ་རིབ་དང་། །ལྐོགས་གྱུར་གྱི་གཏམ་འགའ་འབྲེལ་མེད་སྨྲས། །རྗེ་འཇིགས་བྲལ་རྒྱལ་བའི་མྱུ་གུ་དང་། །གླིང་གྲུབ་ཆེན་སོགས་ཀྱིས་རྗེས་སུ་བཟུང་། །སྐབས་དེ་ཚེ་ཨར་ཇག་མ་རུངས་པས། །རྟ་འགའ་ཞིག་བརྐུས་པའི་རམ་ཟླ་ལ། །ཕ་དེ་ཉིད་བརྒྱུགས་པ་ལྔ་ལམ་བཏང་། །ནོར་འབྱོར་བ་རྣམས་ཀྱང་རིམ་བཞིན་མཛད། །ཚུལ་དེ་འདྲའི་རང་བཞིན་མཐོང་ཙ་ན། །ནོར་བསགས་པ་སྲོག་གི་གཤེད་མར་གྱུར། །དཔལ་འབྱོར་བ་དབྱར་ཆུ་སྐམ་པ་འདྲ། །ཚེ་རྩྭ་རྩེ་ཟིལ་བ་ལྟར་མཐོང་ནས། །ད་བསམ་ཞིང་མཚན་ལྡན་བླ་མ་དྲན། །གནས་དབེན་པ་ཞིག་ཏུ་ནམ་སླེབ་སྙམས། །མགོན་དམ་པ་གོང་མའི་རྣམ་ཐར་ལ། །ཉིན་མཚན་དུ་ཡིད་སྨོན་བྱེད་སྐབས་དེར། །རྗེ་གཞོན་ནུ་ཆོས་ཀྱི་བློ་གྲོས་དེ། །ཆོས་སྒོ་སྐྱེལ་ཚུལ་དུ་ཡུལ་དེར་ཕེབས། །མི་བདག་ལ་དམིགས་ཀྱིས་བཀར་ནས་སུ། །ཁྱེད་གྲུབ་དབང་བླ་མ་མཇལ་དགོས་དང་། །གནས་རྫོགས་ཆེན་དགོན་དུ་འགྲོ་དགོས་སོགས། །གསུངས་བདུད་རྩིས་དབུགས་དབྱུང་གཟེང་བསྟོད་ནས། །མི་ཁྱོད་ཀྱི་བདག་པོ་ངེད་ཡིན་ཞེས། །ཁྲི་མཐོན་པོར་མངའ་གསོལ་དང་བཅས་མཛད། །གཞན་རྩོད་པ་བྱེད་པའི་མི་ཀུན་ཀྱང། །གཏམ་བརྗོད་པ་ཟད་པའི་ངང་ཚུལ་བཟུངས། །དུས་འདི་ནས་མཚུངས་བྲལ་དགེ་བའི་བཤེས། །རྗེ་འཇིགས་མེད་ངོ་མཚར་རྒྱ་མཚོ་དང་། །ཁོང་རྗེ་དབོན་བསྟན་འཛིན་ནོར་བུ་སོགས། །མགོན་དམ་པ་དུ་མའི་ཞལ་སྔ་ནས། །ཆོས་བདུད་རྩིའི་ཟིལ་མངར་མང་དུ་མྱང་། །ཉམས་ལེན་ཀྱང་ཅི་ནུས་བྱེད་ཁུལ་བགྱིས། །གདམས་ཁྲིད་ཀྱི་ལག་ལེན་དེ་དག་ཀྱང་། །གོང་འོག་གི་གོ་རིམ་མ་འཁྲུལ་བར། །གནད་སྨིན་གྱི་ཚུལ་དུ་ལན་འགར་བསྐྱར། །མཚམས་བཅད་ཀྱི་གཟུགས་བརྙན་འགའ་ཡང་བྱས། །ཁྱད་པར་དུ་རྗེ་བཙུན་བླ་མ་མཆོག །གཅེན་སྔགས་རམ་སྨོན་ལམ་དར་རྒྱས་ལས། །ཡིག་རྩིས་དང་ཡི་གེའི་བརྡའ་སྤྲོད་སོགས། །ཐུན་མོང་གི་རིག་གནས་འགའ་ཞིག་དང་། །སྡོམ་གསུམ་དང་མཛོད་ཀྱི་བཤད་པ་སོགས། །རྗེ་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི། །གཞུང་བཟང་གི་ཆུ་བོ་ཀུན་འཐུངས་པས། །བློ་ཆོས་ཀྱི་མུ་གེའི་འཕྲང་ལས་གྲོལ། །རང་བསྒྲང་བྱ་བཅུ་དགུར་སླེབ་ཙ་ན། །དུས་ཚེ་རབས་གཏན་གྱི་སྐྱབས་མགོན་མཆོག །ཕ་གྲུབ་དབང་ཆོས་ཀྱི་རྒྱལ་པོ་དེའི། །མཚན་གྲགས་སྙན་ཐོས་ནས་ཚུགས་ཐབས་མེད། །ཉིན་འཇིག་རྟེན་བྱ་བས་མི་གཡེང་ཞིང་། །མཚན་གཏི་མུག་གཉིད་ལས་བཤོལ་བཏབས་ཏེ། །རྗེ་གང་དང་ནམ་ཞིག་མཇལ་འགྱུར་ཞེས། །ཡིད་དད་པའི་མེ་ལྕེས་བསྲེགས་བཞིན་མཆིས། །དུས་དེ་ཚོ་དོན་མཐུན་གྲོགས་འགའ་དང་། །ལྷན་གཅིག་ཏུ་ཕྱི་བཤོལ་མེད་པར་ཐེག །ལམ་བཤུལ་ཐག་རིང་བའི་རྐང་ཚེགས་དང་། །རླུང་ལྷགས་པའི་ངལ་བ་ཁྱད་དུ་བསད། །དགྲ་འཇིགས་པའི་འཕྲང་ལས་ཐར་དཀའ་ཡང་། །རྗེ་ཉིན་བྱེད་དབང་པོ་དྲན་བཞིན་དུ། །ཤར་ཉིན་བྱེད་དབང་པོ་ཐོད་དུ་བཅིང་། །ལུས་གཡོ་བའི་བརྩོན་པ་དང་དུ་བླང་། །དུས་ནམ་ཞིག་ཤར་རིའི་ཕྲག་པ་ནས། །སྐྱབས་ཆོས་རྗེའི་གདན་ས་མཐོང་བའི་མོད། །གྲོགས་གཞན་དག་ཕྱག་འཚལ་གསོལ་བ་འདེབས། །ངས་དབང་བཞི་བླངས་ནས་ཐུགས་ཡིད་བསྲེས། །སེམས་གཉུག་མའི་ངང་ལ་བཞག་ཙ་ན། །མགོན་གསང་བདག་དཔའ་བོའི་སྣང་བརྙན་མཇལ། །སླར་རྗེ་བཙུན་དངོས་དང་མཇལ་བའི་ཚེ། །སྐུ་དམར་སྨུག་བརྗིད་པའི་ཕྱག་གཡས་ཀྱིས། །ཤིང་རྦ་ལྕགས་རིང་མོ་བསྣམས་པའི་རྩེར། །མགོན་རྡོ་རྗེ་འཛིན་པའི་གཟུགས་སྐུ་ཞིག །དར་སྔོན་མོའི་ཅོད་པཎ་གྱིས་བསྡམས་ནས། །ངེད་སྐལ་བ་ལྡན་པའི་སྤྱི་བོར་བསྩལ། །ཐུགས་གཡོ་མེད་དགོངས་པ་གཏད་བཞིན་དུ། །སྤྱན་ཧུ་རེ་གཟིགས་ནས་འདི་སྐད་དུ། །ཁྱོད་རིགས་བཟང་ཡིན་པའི་སྒྲོ་འདོགས་ལ། །མི་ཁོ་བོའི་རྟོགས་པ་ཤེས་སམ་གསུངས། །ང་ཡིད་ལ་མེད་པའི་རྒྱུ་མཚན་དེས། །ལུས་འཇིགས་པས་སྤུ་ལོང་གཡོ་བ་དང། །ཡིད་ལྐོག་གྱུར་མངོན་དུ་མཁྱེན་པ་ཡི། །གཏམ་དོན་ལྡན་སྙམ་པ་ལྷན་ཅིག་བྱུང་། །དུས་དེ་ནས་ཉིན་མཚན་གཡེལ་མེད་པར། །ཕ་རྡོ་རྗེ་འཆང་དེའི་ཞབས་བསྟེན་ནས། །ཆོས་ཟབ་མོ་གསང་སྔགས་ཐབས་ལམ་ཞུས། །ལམ་རྩ་ཐིག་རླུང་ལ་གནད་དུ་བསྣུན། །ནོར་རིན་ཐང་ཆེ་བ་མ་མཆིས་ཀྱང་། །སེམས་དག་པས་སྤོང་དག་ལན་ལྔ་ཕུལ། །རྗེ་ཅི་ཙམ་བཞུགས་པར་བསྟེན་འདོད་ཀྱང་། །སྤྲང་བསོད་ནམས་དམན་པས་ལོ་གསུམ་ན། །ཕ་འོད་གསལ་ཆོས་སྐུར་གཟིམ་པ་ཡི། །དུས་ཐ་མའི་མཛད་པ་མཇལ་བ་བྱུང། །སེམས་སྐྱོ་བ་ལ་ཚད་བཟུང་མ་མཆིས་ཀྱང་། །གནས་དབེན་པར་སྒྲུབ་པའི་དམ་བཅའ་བཟུངས། །རྗེ་ཉིད་ཀྱི་ལུང་བསྟན་གནང་དོན་ལྟར། །སྔོན་པཎ་ཆེན་བཻ་རོས་བྱིན་རླབས་པའི། །གནས་རྒྱལ་མོ་རོང་གི་ས་ཕྱོགས་སོགས། །ཡུལ་ངེས་མེད་ཀུན་ཏུ་འཁྱམས་ཤིང་བསྒོམ། །སྐབས་ལ་ལར་དད་ལྡན་འདུས་ཚོགས་ལ། །ཆོས་ཟབ་མོའི་འབྲེལ་འཇོག་ཉིད་ཀྱང་བགྱིས། །སྤྱིར་བོད་ལྗོངས་དུམ་བུ་གསུམ་གྱི་ཆའི། །མཐའ་དཀར་ནག་རྒྱ་ལ་ཐུགས་པ་ཚུན། །སྔོན་ལས་དབང་བཙན་པོས་ཡང་ཡང་བསྐོར། །མི་དད་ལྡན་ཀུན་ལ་ཅི་ཕན་བྱས། །ཁྱད་པར་དུ་རུ་དམ་དབེན་གནས་སུ། །མགོན་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི། །སྐུའི་སྐྱེ་སྲིད་བཞི་བའི་ཞབས་རྡུལ་དང་། །རྗེ་མཁན་ཆེན་པངྨ་མངྒ་ལ། །ཁོང་གླིང་སྲས་གཏེར་ཆེན་འགྲོ་འདུལ་རྩལ། །མགོན་དེ་སོགས་དམ་པ་དུ་མའི་ཞབས། །གནས་བདེ་ཆེན་འཁོར་ལོར་བསྟེན་བྱས་ནས། །ཆོས་བཀའ་གཏེར་གདམས་པའི་མཛོད་ཀུན་བླང་། །ཡུལ་དབུས་གཙང་ཕྱོགས་ན་གྲགས་ཆེ་བའི། །དགའ་ལྡན་དང་ས་རྙིང་བཀའ་བརྒྱུད་ཀྱི། །ཁོང་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། །བཀའ་བསྟན་འགྱུར་གྱིས་མཚོན་ཆོས་མང་ཞུས། །དེ་ཀུན་ཀྱང་ཞུས་ལོ་ཙམ་མིན་པར། །དབུས་གཙང་དང་ཁམས་ཕྱོགས་ཀུན་ཏུ་སྤེལ། །སྤྱིར་དེང་སྔོན་གཙང་དབུས་ལན་གསུམ་བསྐོར། །གནས་ཁྱད་འཕགས་རྣམས་སུ་སྒྲུབས་པ་བྱས། །རྟེན་ཁྱད་འཕགས་རྣམས་ལ་ཁྲི་མཆོད་སོགས། །ཕྱག་བསྐོར་དང་སྒྲིབ་སྦྱོང་གང་ནུས་བགྱིས། །མགོན་རྒྱལ་བའི་སྐུ་གསུངས་ཐུགས་ཀྱི་རྟེན། །སྤྱིར་ཁམས་དབུས་ཀུན་ཏུ་ཅི་རིགས་སྤེལ། །དགོས་རུ་དམ་བསམ་བསྟན་ཆོས་གླིང་གི །རྟེན་བརྟེན་པའི་མཐུན་གྲོགས་གང་འོས་བསྒྲུབས། །དགོན་གནས་དང་གྲྭ་སའི་འཛིན་སྐྱོང་ལ། །རང་སྔོན་ནས་སྤྲོ་བ་མ་མཆིས་ཀྱང། །བཤད་སྒྲུབ་ཀྱི་བསྟན་པའི་སྲོལ་འཛིན་པའི། །དགོན་ཆུང་དང་རི་ཁྲོད་འགའ་ཡང་ཆགས། །གཞི་གསུམ་གྱི་ལག་ལེན་གྱིས་མཚོན་པའི། །མདོ་ཕྱོགས་དང་རྒྱུད་ཀྱི་བཤད་སྲོལ་བཙུག །གནས་མཁའ་སྤྱོད་དཔལ་གྱི་ཙ་རི་དང་། །རིའི་རྒྱལ་པོ་གངས་དཀར་ཏི་སེ་སོགས། །མ་མཁའ་འགྲོ་འདུ་བའི་གནས་རྣམས་སུ། །ཚོགས་མེ་མཆོད་འབུམ་ཕྲག་འགའ་ཡང་བསགས། །གནས་བསྐོར་བའི་དད་ལྡན་ཕོ་མོ་ལ། །རྩམ་ཚུམ་དད་ཇ་ཚུམ་གྱིས་མཚོན་པའི། །བཟའ་བཏུང་དང་གོས་ཀྱི་སྦྱིན་གཏོང་སོགས། །ཡུལ་གང་ལ་གང་འོས་ཀྱིས་ཕན་པ་བསྒྲུབས། །ཁམས་དབུས་ཀྱི་དགོན་རྙིང་འགའ་ཞིག་གི །བཤད་སྒྲུབ་ཀྱི་སྲོལ་ཁ་ཉམས་པ་དང་། །ལོངས་སྤྱོད་ཀྱི་གཏོང་སྒོ་ཆད་པའང་གསོས། །སོ་བྱང་དང་སྔགས་ཀྱི་དམ་སྡོམ་ཀུན། །རང་གང་ནུས་སྲུང་བ་གཞིར་བཞག་ནས། །གཞན་རྣམས་ཀྱང་སྡོམ་པ་གསུམ་ལ་བསྐུལ། །ཁོང་པད་སྤྲུལ་པངྨ་དབང་རྒྱལ་དང་། །རྗེ་ཁྲི་ཆེན་སངས་རྒྱས་ཀུན་དགའ་སོགས། །བསྟན་འགྲོ་ལ་ཕན་བཞེད་ཆེ་རྣམས་ཀྱི། །བཀས་བསྐུལ་དོན་ཇི་བཞིན་སྔ་འགྱུར་གྱི། །གཞུང་ཕྲིན་ཆོག་རྒྱུན་བཟང་བཞུགས་སོ་འཚལ། །ཕྱོགས་གཅིག་ཏུ་བསྡུས་ནས་སྤར་དུ་བསྒྲུབས། །སྤྱིར་སྒོ་གསུམ་བྱ་བ་ཆེ་ཕྲ་ཀུན། །བསྟན་འགྲོ་ལ་ཕན་པའི་རྒྱུར་བསྔོས་ནས། །གཞན་བྱས་པ་དྲིན་དུ་མི་གཟོ་བའི། །མི་དེ་དག་རྣམས་ལའང་ཁྲོ་སྤངས་ཏེ། །བཟོད་པ་དང་སྙིང་རྗེས་རྗེས་སུ་བཟུང། །མ་འགྲོ་ལ་ཕན་པའི་ལྷག་བསམ་གྱིས། །ཆོས་བྱང་ཆུབ་སེམས་གཉིས་ལེགས་བསྒོམས་ཏེ། །ཁོང་རྒྱལ་བའི་སྲས་ཀྱི་འཇུག་ངོགས་མཆོག །ལམ་ཕྱིན་དྲུག་བསླབ་པ་རྣམ་གསུམ་དུ། །ཡོངས་བསྡུས་ནས་ཉམས་སུ་གང་ལོན་བགྱིས། །སྤྱིར་དགེ་བ་སྤྱོམས་པར་མི་བྱ་ཞིང་། །སྡིག་པ་རྣམས་བཅབ་པར་མི་བྱ་ཞེས། །མགོན་ཐུབ་པའི་དབང་པོས་གསུངས་ལགས་ཀྱང་། །འདིར་མོས་ལྡན་དགེ་ལ་བསྐུལ་ཕྱིར་བྲིས། །གཞན་འགྲོ་བའི་ལས་ལ་ཟད་མེད་ཕྱིར། །ཕྱི་གནས་ཡུལ་འགྲིམ་པའི་ལམ་ཡིག་དང་། །ནང་བྱང་སེམས་བསྐྱེད་པའི་བློ་སྦྱོང་དང་། །གསང་རིམ་གཉིས་བསྒོམས་པའི་རྟོགས་བརྗོད་སོགས། །ཚིག་མང་པོའི་སྤྲོས་པ་མ་བྱས་པར། །དོན་སྙིང་པོར་དྲིལ་ཏེ་བརྗོད་པ་ཡིན། །འདི་རང་ལོ་བཅུ་ཕྲག་ལྔ་ཡན་གྱི། །ལེགས་སྤྱོད་ཀྱི་ངོས་ནས་སྨྲོས་པ་ལས། །མི་བདག་འདྲ་སྐྱོན་གྱི་གོང་བུ་ཡི། །སྐྱོན་བརྗོད་ན་ཟད་མཐའ་མ་མཆིས་མོད། །གཏམ་སྒྲོ་སྐུར་སྤངས་ནས་བརྗོད་པ་འདི། །ཁོང་ཆགས་སྡང་གདོན་གྱིས་མྱོས་པ་འགའི། །སེམས་ཕྲག་དོག་རྒྱུ་རུ་མི་འགྱུར་བར། །ཡིད་ཆོས་ལ་བསྐུལ་པའི་རྒྱུར་གྱུར་ཅིག །ཅེས་པའང་དད་དམ་ལ་གཅེས་ནོར་དུ་འཛིན་པའི་བླ་མ་དམ་པ་ཤེས་རབ་རྒྱ་མཚོ་ནས་དོན་གཉེར་ཆེན་པོས་བསྐུལ་བའི་བཞེད་སྐོང་དུ་བཙུན་པ་རང་ཉིད་ཀྱིས་ཡེར་བ་ལྷ་རི་སྙིང་བོའི་མགུལ་ནས་སྤྲིངས་པའི་ཡི་གེ་པ་ནི་རང་སློབ་བླ་མ་ཐེག་མཆོག་བསྟན་འཛིན་ནོ། །མངྒལཾ།། །།

རྡོ་བ་གྲུབ་དབང་རིན་པོ་ཆེའི་ཉེ་གནས་ངྷརྨ་ཀིརྟིའི་རྣམ་ཐར་མདོར་བསྡུས།

༄། །རྡོ་བ་གྲུབ་དབང་རིན་པོ་ཆེའི་ཉེ་གནས་ངྷརྨ་ཀིརྟིའི་རྣམ་ཐར་མདོར་བསྡུས་བཞུགས། །རྗེ་སངས་རྒྱས་ཀུན་དང་མི་གཉིས་པའི། །ཕ་རྡོ་རྗེ་འཆང་དེའི་ཞབས་འདེགས་པ། །ཁོང་སྒྲུབ་བརྩོན་ངྷརྨ་ཀིརྟི་ཡི། །གཏམ་རྣ་བའི་བཅུད་དུ་འཆད་དོ་ཀྱེ། །ཁོངས་འཁྲུངས་ཡུལ་ཟླ་ཀླུང་གཡས་ཀྱི་ཆར། །འབྲོག་ཕྱག་ཚ་དགོན་གྱི་ཉེ་འདབས་སུ། །མི་ཆོས་སྣང་དཀར་བའི་རིགས་སུ་སྐྱེས། །བུ་རང་ཡང་ཆོས་དང་བླ་མར་དད། །སྐབས་དེ་ཚེ་སྐྱབས་མགོན་བླ་མ་རྗེར། །མ་དེ་ཡིས་བུ་ཆུང་དད་ལྡན་འདི། །རྗེ་ཁྱེད་ཀྱི་ཞབས་ཕྱིར་འབུལ་ལོ་ཞེས། །ལྟོས་མེད་དུ་ཕུལ་བཞིན་རྗེས་སུ་བཟུང་། །དུས་དེ་ནས་མྱ་ངན་འདས་ཀྱི་བར། །མགོན་གང་གི་ཞབས་འབྲིང་ཉིད་བགྱིས་ཏེ། །སྒོ་གསུམ་གྱི་ངལ་བ་ཁྱད་བསད་ནས། །རྗེ་གང་ཐུགས་མཉེས་པའི་ཐབས་ལ་འབད། །སྐབས་དེ་ཚེ་བདུད་སྡེ་དགྲར་ལངས་པ། །སྟོབས་བློ་གྲོས་འཕྲུལ་གྱིས་བཟློག་པ་དང་། །མགོན་འཇིགས་མེད་གླིང་པའི་ཞབས་པད་དུ། །འབུལ་སྐྱེལ་སོགས་དོན་ལྡན་དུ་མ་གནང་། །སླར་རྗེ་བཙུན་གང་དེའི་ཡང་སྲིད་ཀྱི། །ཞབས་འདེགས་སུ་འབྲི་གོང་ལ་སོགས་པའི། །དབུས་གནས་ལ་བསྐྱར་ནས་ཕེབས་པ་དང་། །རྒྱ་སོག་དང་རྒྱ་རོང་སོགས་ལ་ཕེབས། །དུས་ནམ་ཞིག་སྐྱབས་མགོན་བླ་མ་མཆོག །ཞིང་དག་པར་གཤེགས་པའི་ཚུལ་གནང་ཚེ། །སྐུ་གདུང་གི་ཞབས་འདེགས་གྲུབ་པ་དང་། །ལྷན་ཅིག་ཏུ་སྒྲུབ་ལ་འཇུག་པར་མཛད། །ལྷ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །བསྙེན་སྒྲུབ་ཀྱི་རྣམས་གྲངས་དུང་ཕྱུར་སོགས། །དུས་ཉིན་མཚན་སྦྲེལ་བའི་དགེ་སྦྱོར་གྱིས། །ལོ་བཅུ་ཕྲག་ཙམ་ཞིག་འདས་མཚམས་སུ། །གནས་རུ་དམ་དགོན་གྱི་ཡང་དབེན་དང། །རྗེའི་གདན་ས་ལྷུན་སྒང་ལ་གནས་པར། །ཞི་དྲག་གི་བསྙེན་སྒྲུབ་དཔག་མེད་གནང་། །སྐབས་འདི་ནས་སྐལ་བཟང་གཞན་ཡང་བསྐྱངས། །སླར་བླ་མའི་གདན་ས་གསེར་སྟོད་ཀྱི། །གནས་པདྨ་བཀོད་ཀྱི་སྒྲུབ་སྡེ་རུ། །ལོ་འགའ་ལ་བསྙེན་སྒྲུབ་བྱེད་བཞིན་པར། །འཁོར་གདུལ་བྱའི་ཚོགས་ཀྱང་ཅི་བདེར་བསྐྱང་། །མཐར་སྐུ་ཚེའི་གེགས་ལ་སླེབ་པ་དང་། །རྗེ་བླ་མས་ཚེ་ཚད་ལུང་བསྟན་བཞིན། །སྐུ་ཅུང་ཟད་བསྙུན་པའི་ཚུལ་བསྟན་ཏེ། །བདག་ད་ལོ་ངེས་པར་འཆི་འགྱུར་ཕྱིར། །སྨན་དཔྱད་དང་རིམ་གྲོ་བྱེད་དོན་མེད། །ཞེས་གསུངས་ནས་སྲོད་ཀྱི་དུས་ཤིག་ཏུ། །གསུངས་ཆེན་པོས་ཕཊ་སྒྲ་ལན་གསུམ་གནང་། །འཁོར་གཞན་དག་བལྟ་བར་ཕྱིན་པ་ན། །སྐུ་གཡོ་མེད་དྲང་བོར་བཞུགས་པ་ཡི། །ཐུགས་ཞི་བའི་དབྱིངས་སུ་ཐིམ་ཟིན་པའི། །ཚུལ་དེ་འདྲའི་ངོ་མཚར་ལེགས་མཐོང་ནས། །གྲོགས་གཞན་ཡང་སྦྲན་ཏེ་མཆོད་འབུལ་སོགས། །སྐུའི་རྗེས་ཀྱི་བྱ་བ་ཀུན་བྱས་ནས། །སླར་ཞུགས་སྦྱོང་ལ་སོགས་ཚུལ་བཞིན་གནང་། །གྲོགས་རྡོ་རྗེའི་སྤུན་གྱི་རྣམ་ཐར་འདི། །ཁྱེད་དགྱེས་པ་སྐོང་བའི་རྒྱུར་གྱུར་ཅིག །ཅེས་པའང་དམ་ཚིག་ལ་གཅེས་ནོར་དུ་བྱེད་པའི་བླ་མ་ཤེས་རབ་རྒྱ་མཚོའི་བཞེད་སྐོང་དུ་བཙུན་པ་གཞན་ཕན་པས་བྲིས་པའི་ཡི་གེ་པ་ནི་བླ་མ་ཐེག་མཆོག་གོ། མངྒ་ལམ། །

རྫ་རྒྱལ་དགོན་གྱི་འདུས་པར་འབེལ་གཏམ་དུ་བགྱིས་པ་ལྷ་ཡི་རྔ་སྒྲ།

༄། །རྫ་རྒྱལ་དགོན་གྱི་འདུས་པར་འབེལ་གཏམ་དུ་བགྱིས་པ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །མཁས་དང་གྲུབ་པའི་གཙུག་ནོར་ཐམས་ཅད་མཁྱེན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །ཐར་བའི་ལམ་དང་འབྲེལ་བ་དགེ་བའི་གཏམ། །གང་ཡིན་དེ་ནི་བདག་གིས་བཤད་པར་བྱ། །དེ་ཡང་འདིར་ཐར་བ་དང་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་གང་སྒྲུབ་ཀྱང་དེ་ཉིད་རང་ལ་རག་ལས་ཀྱི། རང་གིས་ཉམས་སུ་མ་བླངས་ན་བླ་མ་ཇི་ཙམ་བཟང་། གདམས་ངག་ཇི་ལྟར་ཟབ་ཀྱང་ཕན་པ་མེད་པ། དཔེར་ན་སྨན་པ་ཅི་ཙམ་བཟང་། སྨན་ཇི་ལྟར་ནུས་པ་ཆེ་རུང་། རང་གིས་སྨན་མ་བཏུང་ན་ནད་ལ་མི་ཕན་པ་དང་། སྦྱིན་བདག་ཅི་ཙམ་བཟང་། ལྟོ་ཆས་ཇི་ལྟར་ཞིམ་ཀྱང་། རང་གིས་མ་ཟོས་ན་བཀྲེས་ལྟོག་གི་གདུང་བ་ལས་མི་གྲོལ་བ་ལྟ་བུ་སྟེ། དེ་སྐད་དུའང་མདོ་ལས། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱི། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། ཐར་བ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱི་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ཅེས་གསུངས་པ་ལྟར་རོ། །འོ་ན་རང་ཉིད་ཀྱིས་ཉམས་སུ་བླང་བྱའི་ཆོས་དེའང་གང་ཞེ་ན། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ཞིང་། དེ་ཡང་བཤད་སྒྲུབ་ཀྱི་སྒོ་ནས་ཉམས་སུ་ལེན་དགོས་ཏེ། སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་ལས། སྟོན་པའི་དམ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པ་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ལུང་གི་བསྟན་པ་དེ་ཡང་གང་། རྟོགས་པའི་བསྟན་པ་དེ་ཡང་གང་། བཤད་པ་གང་སྒྲུབ་པའི་ཚུལ་དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། ལུང་གི་བསྟན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུ་ལ། དེ་ཡང་བསྡུ་ན་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུ་བའི་རྒྱུ་མཚན་གྱིས། དེའི་བརྗོད་དོན་རྟོགས་པའི་བསྟན་པ་དང་། བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དུ་འདུ་བར་བཤད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་པ་རྟག་ཏུ་བསླབ་པར་བྱ། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ཀྱང་། །གསུམ་པོ་འདི་ནང་ཡང་དག་པར་འདུ་བར་འགྱུར། །ཞེས་གསུངས་སོ། །དེ་ཡང་སྡེ་སྣོད་དང་སོ་སོ་སྦྱར་ན། དམ་པའི་ཆོས་འདུལ་བའི་བརྗོད་བྱའི་གཙོ་བོ་དེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། དམ་པའི་ཆོས་མདོ་སྡེའི་བརྗོད་བྱའི་གཙོ་བོ་དེ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། དམ་པའི་ཆོས་མངོན་པའི་བརྗོད་བྱའི་གཙོ་བོ་དེ་ལྷག་པ་ཤེས་རབ་ཀྱི་བསླབ་པ་རྣམས་སུ་གནས་ཤིང་། དེ་དག་རྗེས་སུ་སྒྲུབ་པའི་གང་ཟག་དགེ་འདུན་པ་རྣམས་ཀྱིས་འཛིན་པ་ནའང་། ལུང་སྡེ་སྣོད་གསུམ་ལ་བཤད་པ་བྱེད་པ་དང་། མངོན་རྟོགས་བསླབ་པ་གསུམ་སྒྲུབ་པའི་སྒོ་ནས་འཛིན་ཏེ། ཇི་ལྟར་བསྒྲུབ་ན། ཚུལ་ཁྲིམས་བསྲུང་བའི་སྒོ་ནས་རྗེས་སུ་བསྒྲུབ། ཏིང་ངེ་འཛིན་སྒོམ་པའི་སྒོ་ནས་རྗེས་སུ་བསྒྲུབ། ཤེས་རབ་རྣམ་པར་དཔྱོད་པའི་སྒོ་ནས་རྗེས་སུ་བསྒྲུབ་པར་བྱ་ཞིང་། དེ་དག་གི་མཚུངས་དཔེ་ཡང་། རིམ་པ་བཞིན། ཚུལ་ཁྲིམས་ནི་ཞིང་ས་ལྟ་བུ། ཏིང་ངེ་འཛིན་ནི་ཆུ་ལུད་ལྟ་བུ། ཤེས་རབ་ནི་ས་བོན་ལྟ་བུ་ཡིན་ཞིང་། གཞན་ཡང་རྟེན་དང་བརྟེན་པའི་སྒོ་ནས་བཞག་ན་ཚུལ་ཁྲིམས་རྟེན་དང་ཕྱི་མ་གཉིས་བརྟེན་པར་འགྱུར་ཏེ། དེ་སྐད་དུའང་བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང་། ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་མཆིས་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་གསུངས། དེ་དག་ལ་རིམ་པར་འཇུག་པའི་གོ་རིམ་ཡང་། སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་པས་སོ་སོར་ཐར་བ་རིགས་བདུན་གང་རུང་གིས་རྒྱུད་ལེགས་པར་སྡོམ་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་བཞིན། ཤེས་རབ་ལས་ཐོས་པ་དང་། བསམ་པའི་ཤེས་རབ་དག་རིམ་པར་བསྐྱེད་ནས་གཟོད་ཏིང་ངེ་འཛིན་ལ་བརྟེན་ནས་སྒོམ་པའི་ཤེས་རབ་མཐོང་ལམ་གྱི་ངོ་བོ་ཉིད་སྐྱེས་པ་ནས་རིམ་བཞིན་འཕགས་ལམ་སློབ་པ་དང་། མི་སློབ་པ་དག་མངོན་དུ་བྱེད་དགོས་པ་ཡིན་ནོ། །དེ་ལྟར་ནི་ཚུལ་ཁྲིམས་ནི། རྣམ་པར་གྲོལ་པའི་ལམ་གྱི་རྟེན་གཞི་ཡིན་ཞིང་དེའི་གཙོ་བོ་ཡང་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ངོ་བོ་སོ་སོར་ཐར་བའི་སྡོམ་པ་ཉིད་ཡིན་ཏེ། དེ་སྐད་དུ་ཡང་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་སླ་ཡི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་དང་། ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། །དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། །ཞེས་གསུངས་ཤིང་། དེ་ལྟ་བུའི་ཚུལ་ཁྲིམས་ཀྱི་རྩ་བ་སོ་སོར་ཐར་བའི་སྡོམ་པ་ཡིན་པའི་ཚུལ་ཡང་སོ་སོར་ཐར་བའི་མདོ་ལས། སངས་རྒྱས་འདུལ་བ་གངས་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་བ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །གདུག་པ་རྣམ་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོས་རྣམ་འཁྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་བའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པའོ། །ཞེས་དང་། རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་དང་། བསྐལ་བ་བྱེ་བ་རྣམས་སུ་ཡང་། །སོ་སོར་ཐར་བ་ཐོས་པ་དང་། །གཟུངས་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བའི་སོ་སོར་ཐར་བ་དེའང་རིགས་བདུན་ནམ་བརྒྱད་དུ་ཡོད་པ་ལས་ལྷག་པར་རབ་ཏུ་བྱུང་བའི་ཕྱོགས་རྣམས་ནི་རྙེད་པར་དཀའ་བ་ཡིན་ཏེ། དེ་ཉིད་ལས། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །ཞེས་དང་། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས། འདོད་པ་ནི་བདེ་བ་ཆུང་ལ་སྡུག་བསྔལ་ཆེ་ཞིང་། ཉེས་པ་མང་སྟེ། རབ་ཏུ་བྱུང་བ་ནི་དགེ་བའོ། །བཅོམ་ལྡན་འདས་ནི་མཁས་པས་ཉེས་པ་རྣམ་པ་ལྔ་མཐོང་ནས་དེས་འདོད་པ་ལ་བརྟེན་པར་མི་རིགས་ཞེས་གསུངས་ཏེ། ཞེས་དང་། མཁས་པ་ཡོན་ཏན་ལྔ་མཐོང་ནས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བ་རིགས་སོ། །ཞེས་གསུངས་ཤིང་། ཐེག་ཆེན་གྱི་སྐབས་སུ་ཡང་། ཉེ་བར་འཁོར་གྱིས་ཞུས་པའི་མདོ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་དང་། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་སོགས། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་དང་། གཞན་ཡང་མདོ་སྡེ་དུ་མ་ནས་ཁྱིམ་པ་ལས་རབ་ཏུ་བྱུང་བའི་བྱང་སེམས་ཉིད་མཆོག་ཏུ་བསྔགས་ཤིང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་ཀྱང་། ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག ཅེས་སྨོན་ལམ་གྱི་ཡུལ་དུ་མཛད་པ་ཡིན་ནོ། །མ་ཟད་ཐེག་ཆེན་གསང་སྔགས་ལས་ཀྱང་། སྔགས་པ་རབ་འབྲིང་ཐ་གསུམ་དུ་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། དགེ་ཚུལ་ཞེས་བྱ་དེ་ཉིད་ལས། ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས་པ་དང་མཐུན་པར་ཕུར་པའི་རྒྱུད་དང་བརྟགས་གཉིས་སོགས་ལས་ཀྱང་གསུངས། དེ་ལྟར་ན་ཐར་འདོད་རྣམས་ཀྱིས་སྤྱིར་རབ་ཏུ་འབྱུང་བ་ལ་བརྩོན་པར་བྱེད་ཅིང་། རབ་ཏུ་བྱུང་ནས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང་། ཆོས་དང་མཐུན་པ་ཚངས་སྤྱོད་ཀྱི་གྲོགས་དང་འགྲོགས་ནས་སོ་སོར་ཐར་བའི་སྡེ་སྣོད་ལ་བསླབ་པར་བྱེད་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང་མདོ་ལས། དེ་བཞིན་རབ་ཏུ་བྱུང་རྣམས་ཀྱང་། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་། །གྲོགས་བཟང་རྙེད་པ་ཤིན་ཏུ་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང་། །མི་དག་རབ་ཏུ་བྱུང་བ་དང་། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་བདག་ལ་ལེགས་འདོད་ཅིང་། །དེ་དག་འབྲས་བཅས་བྱེད་འདོད་པའི། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བགྱི། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་སྤྱིར་སོ་ཐར་གྱི་སྡོམ་པས་རྒྱུད་བསྡམས་པ་དང་། ཁྱད་པར་རབ་ཏུ་བྱུང་བའི་ཕྱོགས་དག་གིས་རང་སའི་སྡོམ་པ་མིག་འབྲས་བཞིན་ཏུ་བསྲུང་དགོས་ཤིང་། དེ་ཡང་རབ་བྱུང་ཐོག་མར་བསྒྲུབ་པའི་དུས་སུ། རྟགས་དང་། མིང་དང་། བསམ་པ་བརྗེ་བ་སྟེ། བརྗེ་བ་རྣམ་པ་གསུམ་བྱས་པ་ཉིད་སླར་མི་འདོར་བ་ཞིག་ནི་ལྷག་པར་ཡང་གལ་ཆེ་བའི་ཕྱིར། དེའི་ཚུལ་ཅུང་ཟད་སྨྲོས་ན། དང་པོ་རྟགས་བརྗེ་བ་ནི། ཡུལ་གྲུ་སོ་སོའི་ཁྱིམ་པའི་ཆ་ལུགས་སུ་གྲགས་པ་ཧོར་ཆས་དང་། སོགས་ཆས་ཟེར་བ་ལྟ་བུས་མཚོན་ཐ་དད་པ་དང་། ཕལ་ཆེར་ལ་ཡོངས་སུ་གྲགས་པ་ལྤགས་རྩག་དང་། རྐང་སྣམ་དང་། སྐེད་གྲི་དང་། གོས་སྐྱ་སོགས་ཁྱིམ་པའི་རྟགས་རྣམས་སྤངས་ནས་རབ་ཏུ་བྱུང་བའི་རྟགས་ཆོས་གོས་གཉིས་སམ་གསུམ་དང་། ལྷུང་བཟེད་དང་། གདིང་བ་དང་ཆུ་ཚགས་ལ་སོགས་པ་དང་དུ་བླང་ནས་མི་འདོར་བའོ། །གཉིས་པ་མིང་བརྗེ་བ་ནི། ཁྱིམ་ན་གནས་དུས་ཀྱི་མིང་ཕ་མས་བཏགས་པ་དེ་སྤངས་ནས་རབ་ཏུ་བྱུང་དུས་ཀྱི་མིང་མཁན་སློབ་ཀྱིས་བཏགས་པ་དེ་ནས་འབོད་པའོ། །གསུམ་པ་བསམ་པ་བརྗེ་བ་ནི། ཁྱིམ་པའི་བསམ་སྦྱོར་ཚོང་དང་སོ་ནམ་དགྲ་འདུལ་གཉེན་སྐྱོང་ལ་སོགས་པ་ཚེ་འདི་སྒྲུབ་འདོད་ཀྱི་བསམ་པ་མཐའ་དག་སྤངས་ནས། ཚེ་ཕྱི་མ་ཕན་ཆད་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཐབས་ལ་འབད་པ་རབ་ཏུ་བྱུང་བའི་བསམ་སྦྱོར་ལ་གནས་པའོ། །དེ་ལྟར་བརྗེ་བ་གསུམ་བྱས་ནས་དེ་ཕན་ཆོད་དེ་ལས་མི་ལྡོག་པ་གཅིག་དགོས་ཀྱི། གལ་ཏེ་དེ་ལས་ལོག་ནས། ཁྱིམ་པའི་རྟགས་སྤངས་པ་ཉམས་པ། རབ་ཏུ་བྱུང་བའི་རྟགས་བླང་བ་ཉམས་པ་། བརྙས་པས་མཁན་པོ་ལ་ཉམས་པ་སྟེ། དེ་འདྲའི་ཉམས་པ་གསུམ་པོ་བྱུང་ན་སྔར་བླང་བའི་རབ་ཏུ་བྱུང་བའི་སྡོམ་པ་ཉིད་དཔེར་ན་བུམ་པ་ཆུས་བཀང་བ་སླར་ཕོ་བ་བཞིན་དུ་གཏོང་བར་འགྱུར་བའི་ཕྱིར། སྤྱིར་ཆོས་གོས་རྣམས་དང་ཞག་གཅིག་ཏུའང་མ་བྲལ་བར་བྱེད་པ་དང་། མ་ཟད་རྟག་ཏུ་ལུས་ཀྱི་པགས་པ་བཞིན་འབྲལ་མེད་དུ་བགོ་བར་གསུངས་པའི་ཕྱིར། དུས་རྟག་ཏུ་མ་གྱོན་ན། འཚོགས་གྲལ་ལྟ་བུར་ཉི་ཚེར་གྱོན་པས་ཀྱང་འོང་བ་མ་ཡིན་ནོ། །བྱེ་བྲག་དགེ་སློང་རྣམས་ལ་ཆོས་གོས་དང་འབྲལ་བའི་ལྟུང་བ་བྱུང་ན་ནི་སྲོག་ཆགས་བསད་པ་སོགས་ལས་ཀྱང་ཉེས་པ་ལྕི་བའི་སྤང་ལྟུང་ཕོག་པ་ཡིན་པས་ལྷག་པར་གཟབ་དགོས། དེས་ན་རྟག་ཏུའང་ལུས་གཟན་ཤམས་དང་མ་བྲལ་བ་བྱེད་ཅིང་། ཁྱད་པར་བླ་མ་དང་དཀོན་མཆོག་གི་རྟེན་ལ་ཕྱག་འཚལ་བ་དང་། ཆོས་འཆད་ཉན་བྱེད་པ་དང་། འཚོགས་གྲལ་རྣམས་སུ་ནི་ཆོས་གོས་རྣམས་ཅི་ནས་ཀྱང་བགོ་དགོས་པ་ཡིན་ནོ། །དེ་བཞིན་དུ་སྔགས་སྡོམ་རྒྱུད་ལྡན་གྱི་གང་ཟག་རྣམས་ཀྱིས་ཀྱང་སྔགས་ཀྱི་དམ་ཚིག་གི་རྫས་རྣམས་འབྲལ་མེད་དུ་འཆང་དགོས་པ་དང་། དེ་དག་བཅང་བར་མ་བགྱིས་ན་རྒྱུད་ནས་བཤད་པའི་བཅང་བ་དང་། མི་འབྲལ་བའི་དམ་ཚིག་དག་ལས་ཉམས་པ་ཡིན་པའི་ཚུལ་དག་ལེགས་པར་བསམ་དགོས། ཁྱད་པར་རིགས་ལྔའི་སྡོམ་བཟུང་ལས། རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཞེས་གསུངས་པ་ལྟར། རྡོར་དྲིལ་གྱིས་མཚོན་པའི་དམ་ཚིག་གི་ཕྱག་རྒྱ་དང་། ལས་དང་། ཆོས་དང་། ཕྱག་རྒྱ་ཆེན་པོ་སྟེ་བཞི་དང་། རྟག་ཏུ་མི་འབྲལ་བར་བྱེད་དགོས་པ་ཡང་། སྒྱུ་འཕྲུལ་ལས། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། ཅེས་པའི་དོན་དེ་ཡིན་ལ་ངེས་པར་བྱའོ། །དེ་ལྟར་སོ་བྱང་སྔགས་གསུམ་གང་ལ་ཞུགས་ཀྱང་རང་གཞུང་ནས་བཤད་པའི་བསླབ་པ་གསུམ་ཉིད་ལམ་གྱི་ངོ་བོ་ཡིན་པར་ཤེས་པར་བྱས་ནས། དེ་དང་དེའི་རྟགས་དང་ཆ་ལུགས་འཛིན་པས་མཚོན། ཚུལ་ཁྲིམས་རྣམ་པར་དག་པས་རྒྱུད་ལེགས་པར་བསྡམས་ཏེ་རང་ལམ་གྱི་ཏིང་ངེ་འཛིན་དང་ཤེས་རབ་དག་ལ་བརྩོན་པར་བགྱིས་ན་མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་འཐོབ་པར་འགྱུར་ལ། ཁྱད་པར་ཕ་རོལ་དང་གཤིན་གྱི་ཟས་ཟ་བ་ནི། ལྡན་གྲོལ་གཉིས་ལྡན་ཁོ་ནའི་དབང་དུ་བྱས་པའི་ཕྱིར། ཚུལ་ཁྲིམས་དང་ལྡན་པ་དང་། ཤེས་རབ་རྣམ་པར་དག་པས་རྒྱུད་གྲོལ་པ་ཉིད་མེད་དུ་མི་རུང་ཞིང་། དེའི་ནང་ནས་ཀྱང་ཚུལ་ཁྲིམས་དང་ལྡན་ན་ཤེས་རབ་མེད་ཀྱང་བུ་ལོན་དུ་འགྱུར་བ་ཙམ་ལས་ངན་སོང་དུ་འཕེན་མི་ནུས་པ་དང་། རྟགས་དང་ཆ་ལུགས་འཆང་བ་དེ་ཡང་སྡོམ་པ་མ་ཞུས་པ་ལ་དགོས་པ་མེད་པ་ཡང་ཤེས་དགོས་སོ། །སྨྲས་པ། གཞན་ལས་བླང་བའི་རྣམ་དག་ཁྲིམས་ཀྱི་གཞིར། ཐོས་དང་བསམ་པས་འདུལ་སྦྱོང་ལེགས་བགྱིས་ཏེ། ཏིང་འཛིན་ཆུ་ལུད་བསྐྱལ་ལ་ཤེས་རབ་ཀྱི། ས་བོན་ཐེབས་ལས་སྐུ་བཞིའི་འབྲས་སྨིན་ཤོག ཅེས་པའང་ལུགས་ཟུང་མཁྱེན་སྤྱན་ཡངས་པ་ཁྲོམ་ཟ་འཇིགས་དོན་གྱི་བཞེད་སྐོང་དུ་བཙུན་པ་གཞན་ཕན་པས་རྫ་རྒྱལ་ལྕོག་སྒར་ནས་ཤར་མར་སྤེལ་བ་དགེ། །།


previousརྣམ་ཐར་འབེལ་གཏམ་གྱི་སྐོར་ཚོ།next