Nitartha Digital Library
Tibetan
 
no previousརྩོམ་པ་པོའི་སྔོན་གླེང་། next

རྩོམ་པ་པོའི་སྔོན་གླེང་།

སྟོང་འཁོར་ཞབས་དྲུང་སྐུ་ན་རིམ་གྱི་གདན་སའི་གཙོ་བོ་ཁམས་སྟོང་འཁོར་དགོན་འདིར་ལོ་ལྟར་དཔྱིད་ཆོས་ཆེན་མོའི་སྐབས་མཚན་ཉིད་གྲྭ་ཚང་གི་དགེ་སྐོས་ཀྱིས་ཚོགས་གཏམ་འབུལ་རྒྱུའི་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་དང་འབྲེལ་བའི་རྣམ་ཐར་ཆོས་འབྱུང་མདོར་བསྡུས་ཙམ་ལས། སྟོང་འཁོར་ནས་བྱོན་པའི་རིས་མེད་སྐྱེས་ཆེན་དམ་པ་གཞན་རྣམས་ཀྱི་མཛད་པ་རྣམ་ཐར་གྱི་སྐོར་དང་། མདོ་སྔགས་ཀྱི་ཆོས་ཐོག་གི་སྐོར། སྡེ་དཔོན་རིམ་བྱུང་སོགས་ཀྱི་བྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་མི་སྣང་བས། འཕགས་ཡུལ་ནས་སྐྱབས་མཆོག་༸སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལ་ཐུགས་རྒྱུས་ཟབ་པའི་རྒན་རབས་པ་རྣམས་འཚོ་གཞེས་རིང་སྟོང་འཁོར་ཡུལ་དགོན་སྡེ་བདུན་གྱི་ཆོས་འབྱུང་ཞིག་བྲིས་ཐུབ་པར་གྱིས་ཞེས་བཀའ་ལུང་སྤྱི་བོར་ཕེབས་བྱུང་བས། གུས་པ་སྐྱེས་སྦྱངས་ཀྱི་ཡོན་ཏན་གང་གི་ཆ་ནས་ཀྱང་འཁོས་ཀ་ཞན་ཞིང་། ལོ་ངོ་ལྔ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་དགོན་སྡེ་འདི་ལྟ་བུ་ཞིག་གི་ལོ་རྒྱུས་འབྲི་རྒྱུ་སླ་བ་ཞིག་མིན་ཡང་། གཙུག་ནོར་དམ་པ་༸ཞབས་དྲུང་རིན་པོ་ཆེའི་བཀའ་བཟློག་མ་ནུས་པ་དང་། ཡུལ་འདི་ནས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་དག་གི་མཛད་པ་རྣམ་ཐར་རྣམས་བདག་ཅག་ཕྱི་རབས་པ་རྣམས་ཀྱི་མིག་དཔེར་འགྱུར་བ་སོགས་ཀྱི་དགོས་པ་ཆེ་བར་མཐོང་སྟེ། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ་ནས་བརྒྱད་པའི་བར་གྱི་རྣམ་ཐར་བཻཌཱུརྱའི་མེ་ལོང་དང་། ཞབས་དྲུང་དགུ་པའི་རྣམ་ཐར་དད་པའི་ལྗོན་ཤིང་། དགོན་པའི་ཆོས་འབྱུང་མདོར་བསྡུས་སོགས་སྔར་ནས་ཡོད་པའི་ལོ་རྒྱུས་ཁག་ལ་གཞི་བཅོལ་ཞིང་། དགོན་ཁག་སོ་སོར་ཆེད་བཅར་གྱིས་རྒན་རབས་པ་རྒྱུས་མངའ་ཅན་རྣམས་ལ་བཀའ་འདྲི་ཞུས་ཏེ་ངག་རྒྱུན་ཁུངས་ལྡན་འབྲེལ་ཆགས་རྣམས་གུང་བསྒྲིགས་ཤིང་། འབྲེལ་ཡོད་འགའ་རེར་སྤྱན་བསྟར་དགོངས་སྐོར་ཞུས་ཏེ་སྣོན་འཕྲི་བསྐྱར་བཅོས་སྔ་ཕྱི་ལན་མང་བྱས་མཐར་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་བ་ཡིན།

མ་རིག་རྨོངས་པའི་དབང་གིས་ཚིག་དོན་གང་གི་ཆར་ཡང་དོན་དངོས་དང་མི་མཐུན་པའི་འཁྲུལ་ནོངས་རིགས་ཇི་སྙེད་ཅིག་ལྷག་ཡོད་སྲིད་པས། མཁྱེན་སྤྱན་ཡངས་པ་རྣམས་ལ་དགོངས་སེལ་ཞུ་རྒྱུར་མ་ཟད། ཐད་ཀར་སྐྱོན་འདོན་ཡོ་བསྲང་གནང་བའི་རེ་སྐུལ་ཞུ།

རྩོམ་པ་པོས་ ༢༠༡༦/༥/༨ ལ།།


no previousརྩོམ་པ་པོའི་སྔོན་གླེང་། next