Nitartha Digital Library
Tibetan
ཁམས་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་གིས་གཙོས་ཡུལ་དགོན་བདུན་གྱི་བྱུང་རིམ་རགས་ཙམ་བཀོད་པ་ལྷའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།།


   
  collapse section
ཀ༽ ཁམས་སྟོང་འཁོར་དགོན་པའི་ལོ་རྒྱུས་སྐོར་བཤད་པ།
  expand section
  expand section
  expand section
  expand section
   
  expand section


 
previousཀ༽ ཁམས་སྟོང་འཁོར་དགོན་པའི་ལོ་རྒྱུས་སྐོར་བཤད་པ། next

ཀ༽ ཁམས་སྟོང་འཁོར་དགོན་པའི་ལོ་རྒྱུས་སྐོར་བཤད་པ།

མཁྱེན་བརྩེ་འོད་སྟོང་ལྡན་པའི་ཚ་ཟེར་འབུམ་དུ་སྤྲོས། །

ལུང་རྟོགས་ཆུ་སྐྱེས་སྐྱེད་ཚལ་འཛིན་མའི་ཕྱོགས་སུ་བསྐྲུན། །

ལྔ་བདོ་ཚེ་ལོ་བརྒྱ་པའི་ཤེད་སྐྱེས་བྷྲ་མ་ར། །

ཕན་བདེ་གེ་སར་རོལ་མཛད་ཉི་མའི་གཉེན་ལ་འདུད། །

བགྲང་ཡས་སྔོན་ནས་ཚོགས་གཉིས་རབ་རྫོགས་ཀྱང༌། །

མཐའ་ཡས་འགྲོ་བ་སྲིད་མཚོ་ལས་བསྒྲལ་ཕྱིར། །

དཔག་ཡས་རྣམ་འཕྲུལ་གང་འདུལ་བཀྱེས་མཛད་པ། །

བསམ་ཡས་རྒྱལ་ཀུན་ཡབ་གཅིག་སྤོབས་མཆོག་སྩོལ། །

ཡིད་སྲུབས་སྙིང་ཞུགས་རྒོལ་ངན་ལོག་རྟོག་ཆུས། །

ཀྱེ་མ་ཐུབ་བསྟན་ཆུ་གཏེར་བསྙོགས་པ་ན། །

ཨེ་མ་བགྲུང་བྱེད་ཡིད་བཞིན་དབང་གི་རྒྱལ། །

འཇམ་མགོན་བླ་མ་སྤྱི་བོའི་གཙུག་ཏུ་རྒྱལ། །

སྡེ་འདི་སྐྱོང་བར་ཞལ་བཞེས་དམ་བཅས་པའི། །

མྱུར་མགོན་ལས་གཤིན་དམག་ཟོར་རྣམ་ཐོས་སྲས། །

ལྕམ་སྲིང་ཞལ་བཞི་ཚངས་པ་རྡོར་ལེགས་སོགས། །

དུས་ཀུན་གཡེལ་མེད་སྡོང་གྲོགས་གཉེན་པོ་མཛོད། །

སྔོན་བྱུང་གཏམ་ཚོགས་སྡེབ་སྦྱོར་མ་མཐོང་ཕྱིར། །

སྔོན་བྱུང་སྡེ་ལ་ཕྱི་རབས་མཐོང་ཆེན་དཀོན། །

སྔོན་བྱུང་རྟེན་ལ་དད་པའི་ནོར་གྱིས་ཕོངས། །

སྔོན་བྱུང་རྟོགས་པའི་བློ་གྲོས་མིག་ཀྱང་ལྡོངས། །

བདག་ནི་སྐྱེས་སྦྱངས་ཡོན་ཏན་དབེན་ན་ཡང༌། །

དེ་དག་གསོས་སུ་འགྱུར་སྙམ་ལྷག་བསམ་གྱིས། །

གསང་ཆེན་རྡོར་གླིང་གཙོས་པའི་ཡུལ་དགོན་བདུན། །

བྱུང་རིམ་རགས་ཙམ་འདི་ན་གླེང་བར་སྤྲོ། །

ཞེས་ཚིགས་སུ་བཅད་པས་སྔུན་བསུས་ཏེ་སྐབས་སུ་བབ་པ་གང་གླེང་བ་ནི། འཛམ་གླིང་གནས་ཆེན་ཉེར་བཞིའི་ཡ་གྱལ་སཽ་རཱཥྚྲ་དང་མཚུངས་པ་སྐུའི་གནས་མཆོག་སྟོང་འཁོར་སཽ་རཱཥྚྲའམ་ཡོངས་གྲགས་ལ་སྐུ་བསྭོ་ཐོག་གནས་ཞེས་གྲགས་སྙན་དཀར་པོས་སྲིད་འདིར་ཁྱབ་དང་ཁྱབ་བཞིན་པ་དེའི་ཉེ་འདབས། རྒྱབ་རི་རྩེ་མོ་མཁའ་ལ་བསྙེགས་འདྲར་མདའ་འཛིན་སྟུག་པོ་འཁྲིགས་པའི་གཡུ་ལོའི་གསེབ་ནས་འདབ་ཆགས་སྣ་ཚོགས་སྐད་སྙན་སྒྲོག་ས། མདུན་རི་མཎྜལ་སྤུངས་འདྲར་ཚང་ཚིང་རབ་ཏུ་རྒྱས་པའི་ཁྲོད་ནས་ཁྲི་གཉན་ཚོགས་རྣམས་རྩེ་རྒྱུག་བྱེད་ས། ཉེ་འཁོར་གྱི་ས་དབྱིབས་ལ་བཀྲ་ཤིས་བརྒྱད་ཚན་གྱི་རེ་ཁ་འབུར་དུ་ཐོན་ས། གཡས་ཟུར་ནས་ཟླ་ཆུ་གནམ་སྔོན་བཞུས་འདྲ་དལ་གྱིས་བབ་པ་དང༌། གཡོན་ཟུར་ནས་གནས་ཆུ་དྭངས་གཙང་ལྷུང་ལྷུང་བཞུར་བ་གཉིས་བླ་སློབ་དམ་ཚིག་གཅིག་འདྲེས་ཀྱི་བརྡ་ལྟ་བུས་གཅིག་ཏུ་འདྲེས་ནས་གཡུ་འབྲུག་འཁྱུག་པ་འདྲ་བས་ལྷོ་ཕྱོགས་སུ་བཞུད་པ། སེངྒེའམ་གླང་ཆེན་ས་ལ་ཉལ་འདྲའི་གདན་སྟེང་དུ་སྐར་ཚོགས་འཕོས་འདྲར་བརྗིད་ཉམས་སུ་ཆགས་པ། འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་ས་བླ་ན་མ་མཆིས་པ། འཕགས་ཚོགས་འདུས་པ་རྒྱ་མཚོ། འཇམ་པའི་དབྱངས་ཀྱི་གདན་ས། མཁས་གྲུབ་བྱེ་བའི་འབྱུང་གནས། འདུལ་འཛིན་ཡོངས་ཀྱི་བསྟི་གནས། མདོ་སྔགས་ཟུང་དུ་འབྲེལ་བ། རྒྱལ་བསྟན་ནོར་བུའི་བང་མཛོད། ཁམས་སྟོང་འཁོར་བཀྲ་ཤིས་ལྷུན་པོའམ་གསང་ཆེན་རྡོ་རྗེ་གླིང་ཞེས་སྙན་གྲགས་ཀྱི་བ་དན་དཀར་པོ་ས་གསུམ་ན་གཡོ་བ་དེ་ཉིད་ཀྱིས་གཙོས་ཡུལ་དགོན་བདུན་གྱི་བྱུང་བ་རགས་ཙམ་བཤད་པ་ལ། ཁམས་སྟོང་འཁོར་དགོན་པའི་ལོ་རྒྱུས་སྐོར་བཤད་པ་དང༌། ཞར་ལ་ཁམས་སྟོང་འཁོར་ཡུལ་དགོན་བདུན་གྱི་བྱུང་རིམ་སྐོར་བཤད་པའོ།།

དང་པོ་ལ། ཕྱག་འདེབས་པ་པོའི་རྣམ་ཐར་དང་འབྲེལ་ཏེ་ཡང་སྲིད་རིམ་བྱོན་གྱི་སྐོར་བཤད་པ་དང༌། མཁན་རབས་རིམ་བྱོན་གྱི་རྣམ་ཐར་དང་འབྲེལ་ཏེ་དམ་པ་རིམ་བྱོན་གྱི་སྐོར་བཤད་པ་དང༌། མདོ་སྔགས་ཀྱི་ཆོས་ཐོག་སྐོར་བཤད་པ་དང༌། གསར་རྙིང་གི་རྟེན་བརྟེན་པའི་སྐོར་དང་འབྲེལ་ཏེ་གཟི་བྱིན་ལྡན་པའི་རྟེན་རྙིང་ལ་གྱོང་གུན་ཐེབས་ཚུལ་བཤད་པ་དང༌། རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་དང་སྟོང་འཁོར་གྱི་བར་དམིགས་བསལ་གྱི་འབྲེལ་བ་བྱུང་ཚུལ་སྐོར་གླེང་བའོ།།

༡༽ ཕྱག་འདེབས་པ་པོའི་རྣམ་ཐར་དང་འབྲེལ་ཏེ་ཡང་སྲིད་རིམ་བྱོན་གྱི་སྐོར་བཤད་པ།

དང་པོ་ལ། ཕྱག་འདེབས་པ་པོ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ་རྗེ་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་བཤད་པ་དང༌། དེའི་ཡང་སྲིད་རིམ་བྱོན་གྱི་རྣམ་ཐར་བཤད་པའོ།།

༡ ཕྱག་འདེབས་པ་པོ་སྐུ་ཕྲེང་དང་པོ་རྗེ་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་བཤད་པ།

དང་པོ་ལ། སྤྲུལ་གཞི་ངོས་བཟུང་བ་དང༌། ཕྱག་འདེབས་པ་པོའི་རྣམ་ཐར་དང་འབྲེལ་ཏེ་ཕྱག་བཏབ་ཚུལ་བཤད་པའོ།།

སྤྲུལ་གཞི་ངོས་བཟུང་བ།

དང་པོ་ནི། སྟོང་འཁོར་ཞབས་དྲུང་གི་སྤྲུལ་གཞི་དངོས་ནི་རྗེ་བཙུན་འཇམ་པའི་དབྱངས་ཉིད་ཡིན་ལ། དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཆོས་ཀྱི་སྐུ་ལས་མ་གཡོས་པར། མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་གང་ལ་གང་འདུལ་གྱིས་སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱི་གར་བསྒྱུར་ཏེ་རིམ་པར་བྱོན་པ་ཡིན་ཏེ། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོས། འཁྲུངས་རབས་གསོལ་འདེབས་སུ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཅིག་བསྡུས་ནས། །རྒྱལ་སྲས་གཞོན་ནུ་ས་བཅུའི་དབང་ཕྱུག་ཚུལ། །མ་རིག་ཉོན་མོངས་དྲ་བའི་རྒྱུན་གཅོད་པ། །འཇམ་དཔལ་སྨྲ་བའི་སེངྒེ་ལ་ཕྱག་འཚལ། །ཞེས་དང༌། ༸པཎ་ཆེན་༸དཔལ་ལྡན་བསྟན་པའི་ཉི་མས། ཀུན་གཟིགས་ཡེ་ཤེས་ཆེན་པོའི་སྣང་ཆ་ཡིས། །བསྟན་པའི་རྒྱལ་མཚན་འཛིན་ལ་ཟླ་བྲལ་བ། །འཇམ་མགོན་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཞེས་དང༌། མཛོད་དགེ་ངག་དབང་ཆོས་གྲགས་རྒྱ་མཚོས། བདག་གི་ལྷག་པའི་ལྷ་མཆོག་འཇམ་པའི་དབྱངས། །ད་ལྟར་ངུར་སྨྲིག་འཛིན་པའི་གར་མཛད་པ། །རྗེ་བཙུན་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ། །ཞི་བ་རྒྱ་མཚོའི་ཞབས་ལ་གུས་ཕྱག་འཚལ། །ཞེས་དང༌། སྟོང་འཁོར་ཞབས་དྲུང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོས་གསང་རྣམ་དུའང༌། འཇམ་པའི་དབྱངས་ཀྱི་སྤྲུལ་པ་དེས། །སྐུ་ཡི་སྣང་བ་བསྡུས་པ་ན། །ཞེས་སོགས་ཞལ་བཞེས་གནང་ཡོད་པར་མ་ཟད། གོང་མ་ཝན་ལི་རྒྱལ་པོ། གོང་མ་ཁང་ཤིས། གོང་མ་ཆན་ལུང༌། སོག་ཨལ་ཐན་རྒྱལ་པོ། ཧོར་དཔོན་ནམ་མཁའ་རྒྱལ་མཚན་སོགས་འཇིག་རྟེན་འདིའི་ཆེ་དགུ་དག་གིས་ཀྱང་མཉྫུ་ཤྲཱི་ཨེར་ཏེ་ནི་ནོ་མོན་ཧན་ཞེས་འཇམ་པའི་དབྱངས་ཁོ་ནར་བསྟོད་བསྔགས་གནང་ཡོད་པས་སོ།།

དེ་ནས་སྤྱིར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་མཐའ་ཡས་ཀྱང་སྐུའི་ཕྲེང་བ་མུ་ཏིག་བསྟར་ལ་བརྒྱུས་འདྲའི་འཕགས་བོད་ཀུན་ཏུ་སྤྲུལ་པ་བསམ་འཕེལ་ནོར་བུ་ལྟ་བུ་ལོ་རྒྱུས་ཁུངས་ཐུབ་ངེས་ལས་བྱུང་བ་རྣམས་མཚན་ཐོ་ཙམ་འགོད་པ་ནི། སངས་རྒྱས་སྒྲ་དབྱངས་རྒྱལ་པོའི་དྲུང་དུ་ཐོག་མར་ཐུགས་བསྐྱེད་པ་བྱང་ཆུབ་སེམས་དཔའ་ཞི་བའི་དབང་ཕྱུག སངས་རྒྱས་ལོག་པ་དད་སེལ་གྱི་སྐུའི་སྤྲུལ་པ་ཞིག་ལ་བསོད་སྙོམས་ཕུལ་བས་དམ་ཆོས་འཛིན་པའི་སྨོན་ལམ་བཏབ་པ་བྲམ་ཟེའི་ཁྱེའུ་གོ་འཕང་མཆོག །དགའ་ལྡན་དུ་བྱམས་མགོན་སྲས་པོ་ཞི་བའི་དབྱངས། ཞིང་འདིར་ཐུབ་པའི་དྲུང་དུ་གནས་བརྟན་ཡན་ལག་འབྱུང༌། གཞན་ཡང་དེའི་དྲུང་དུ་ཞི་བའི་སྒྲ་དབྱངས། འདི་ཡན་ལག་འབྱུང་གི་ཐུགས་སྤྲུལ་འཁོར་དགྲ་བཅོམ་སྟོང་དང་སུམ་བརྒྱའི་ནང་ནས་ཡིན་ཞེས་མཁས་བཙུན་གྱི་གསང་རྣམ་དུ་གསལ། སུམ་ཅུ་རྩ་གསུམ་དུ་ལྷའི་བུ་སྤྲིན་གྱི་ཕྲེང་བ། ཁ་བ་ཅན་དུ་སྲོང་བཙན་ཆོས་བློན་ཐུ་མི་སམྦྷོ་ཊ། ཨོ་རྒྱན་ཐུགས་སྲས་གཡུ་སྒྲ་སྙིང་པོ། འབྲོམ་སྟོན་པའི་སྲས་ཀྱི་ཐུ་བོ་དགེ་བཤེས་པོ་ཏོ་བ། རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་སྲས་འདུལ་འཛིན་གྲགས་པ་རྒྱལ་མཚན། སྨྲ་བའི་ཁྱུ་མཆོག་གྲགས་པ་འཇིགས་མེད། དེ་ནས་ཕྱོགས་འདིར་རྗེ་ཟླ་བ་རྒྱལ་མཚན་སོགས་རིམ་པར་བྱོན་ཡོད་དེ། རྒྱལ་བ་ཡབ་སྲས་ལ་སོགས་པ་དུས་གསུམ་ཆགས་ཐོགས་མེད་པར་གཟིགས་པའི་འདུལ་འཛིན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མི་ཉུང་བ་ཞིག་གིས་ཞལ་བཞེས་འཁྲུལ་མེད་གནང་ཡོད་པས་སོ། །དེ་ཡང་ཡོད་དེ། ཞབས་དྲུང་སྐུ་ཕྲེང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོས་མཛད་པའི་འཁྲུངས་རབས་གསོལ་འདེབས་དང༌། ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ་གླེགས་བམ་གཉིས་པ་དེབ་གཟུགས་ཤོག་ངོས་ ༣༧༤ ནང་དང༌། གྲུབ་དབང་ཆེན་པོ་རོང་པོ་སྐལ་ལྡན་རྒྱ་མཚོའི་མགུར་འབུམ་ཁྲོད་དུ་བཞུགས་པའི་སྟོང་སྐོར་མདོ་རྒྱུད་རྒྱ་མཚོ་ལ་འཁྲུངས་རབས་ཀྱི་སྒོ་ནས་བསྟོད་པ་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགའ་ལྡན་ཆོས་འབྱུང་བཻ་སེར་དེབ་གཟུགས་ཤོག་ངོས་ ༡༤༠ ནང་དང༌། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་དེབ་གཟུགས་ཤོག་ངོས་ ༡༨༡ ནང་དང༌། སྟོང་འཁོར་ཞབས་དྲུང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་གསང་རྣམ་དང༌། སྟོང་འཁོར་ཞབས་དྲུང་དགུ་པ་ཚུལ་ཁྲིམས་རྒྱ་མཚོའི་གསུང་མགུར་དཔེ་རྙིང་ལྡེབ་རིང་ ༥༢ ཐོག་འཁོད་པ་ལྟར་དང༌། དགའ་ལྡན་ཁྲི་པ་འཇམ་དཔལ་གཞན་ཕན་གྱིས་མཛད་པའི་སྟོང་འཁོར་ཞབས་དྲུང་བཅུ་གཅིག་པའི་བརྟན་བཞུགས་གསོལ་འདེབས་དང༌། སྟོང་འཁོར་ཞབས་དྲུང་དྲུག་པའི་འཁྲུངས་རབས་གསོལ་འདེབས་སོགས་སུ་དེ་དེ་བཞིན་དུ་འཁོད་པས། བློ་གཟུ་བོར་གནས་པ་རྣམས་ཀྱིས་དེ་དག་ལ་གཟིགས་མོར་གནང་ན་ད་གཟོད་གཞི་ནས་ཡིད་ཆེས་ཁུངས་བཙུན་པོ་ཞིག་རྙེད་ཐུབ་བོ་ཞེས་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ཏེ་གསོལ་བ་ནན་གྱིས་འདེབས་པ་ལགས་སོ།།

ཕྱག་འདེབས་པ་པོའི་རྣམ་ཐར་དང་འབྲེལ་ཏེ་ཕྱག་བཏབ་ཚུལ་བཤད་པ།

གཉིས་པ་ཕྱག་འདེབས་པ་པོའི་རྣམ་ཐར་དང་འབྲེལ་ཏེ་ཕྱག་བཏབ་ཚུལ་བཤད་པ་ལ། སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་ཕྱག་འདེབས་པ་པོ་ཞབས་དྲུང་དང་པོ་རྗེ་ཟླ་བ་རྒྱལ་མཚན་སྐུ་མ་བལྟམས་སྔོན་གྱི་ངོ་མཚར་བའི་ལྟས་བཟང་ཁྱད་པར་ཅན་བྱུང་ཚུལ་ངག་རྒྱུན་ལ་ཡོད་པ་ནི། ཙེ་ངོས་ཚང་གིས་བོན་པོའི་བླ་མ་རྣམས་ལ་གྲོ་མ་བྲིམས་ཏེ་ལྷག་མ་བཟའ་མི་རྣམས་ཀྱིས་ཀྱང་ཚིམས་པར་ཟོས་ཏེ་གཡོག་མོ་ལ་ཟས་སྐལ་གཞག་པ་བརྗེད། ཉིན་དེར་རྗེ་ཟླ་བ་རྒྱལ་མཚན་གྱིས་མངལ་ནས་མ་ཡུམ་ལ་གསུང་བྱོན་ཏེ། དེ་རིང་ཟས་བཙོག་ཅིག་དང་འཕྲད་པར་འདུག་ན་དེ་མ་ཟ་ཞེས་གསུངས། དགོང་མོར་ཕྱི་ནས་ཁྱིམ་དུ་ལོག་སྐབས་ཁ་འཕྲོ་རྣམས་བསྡུས་པ་སྟོབ་པ་ན། མངལ་ནས་གསུངས་པ་དྲན་ནས་མི་ཟ་ཟེར་བས་ཁོང་ཁྲོ་དྲག་ཏུ་ལངས་ནས་གཤེ་གཤེ་བཏང་སྟེ་ཕྱིར་ཕུད་པས། མ་ཡུམ་ལུང་པའི་མདར་མར་འགྲོ་གྲབས་བྱེད་སྐབས་མངལ་ནས་ཨ་མ་ལུང་པའི་ནང་དུ་ཡར་འགྲོ་གསུངས་པ་ལྟར་སོང་བས་ཀུ་མུ་ཏའི་མཚེར་དུ་སླེབས། དེ་འདྲ་བའི་རྟགས་མཚན་བཟང་པོ་མང་དུ་བྱུང་བ་ཡུལ་འདིའི་ངག་རྒྱུན་ལ་རླུང་ལྟར་གྲགས། རྣམ་ཐར་བཻཌཱུརྱ་མེ་ལོང་དུ་རོང་བུ་ལོང་བ་ཞེས་པའི་ཡབ་ཡུམ་དབུལ་པོའི་རྣམ་པ་ཅན་ཞེས་པ་ཙམ་ལས་དེ་ཡབ་ཡུམ་གང་ཡིན་གསལ་ཁ་མ་བཏོད་ཀྱང༌། རོང་བུ་ལོང་བ་རྗེ་ཟླ་བ་རྒྱལ་མཚན་གྱི་མ་ཡུམ་ཡིན་པ་འདྲ། གང་ཡིན་ཞེ་ན། ཙེ་ངོས་སུ་ད་ལྟའང་རོང་བུ་ལམ་སོགས་ཀྱི་ཐ་སྙད་ཆགས་པ་ནི། ཙེ་ངོས་ཚང་གི་གཡོག་མོའི་ལམ་ཡིན་པར་གྲགས་པས་སོ། །

སྤྱི་ལོ་ ༡༤༧༤ བོད་རབ་བྱུང་བརྒྱད་པའི་ཤིང་རྟ་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཟླ་བ་ཉ་གང་བ་ཤར་རིའི་ཕྲག་ནས་ཐོན་ཚེ། སྟོང་འཁོར་ཡུལ་གྱི་ཙེ་ངོས་གྲོང་པའི་ལུང་ཕུ་ཀུ་མུ་ཏས་ཡོངས་སུ་གང་བའི་ཕྱོགས་དེར་རོང་བུ་ལོང་བ་ཞེས་པའི་ཡུམ་དབུལ་པོའི་རྣམ་པ་ཅན་གྱི་སྲས་སུ་བལྟམས། བལྟམས་མ་ཐག་གཟུངས་སྔགས་ཟློ་བ། ཞབས་རྗེས་འཇོག་པ་སོགས་ཀྱིས་སྐྱེ་བོ་ཀུན་དད་པ་ལ་བཀོད། སྐུ་བལྟམས་པའི་དུས་དང་འབྲེལ་ནས་མཚན་ལ་ཟླ་བ་རྒྱལ་མཚན་གསོལ། འཁྲུངས་ཡུལ་ལ་དུས་དེ་ནས་བཟུང་ཀུ་མུ་ཏའི་མཚེར་ཞེས་ད་ལྟའི་བར་གྲགས། མ་ཟད་རྗེ་ཉིད་ཀྱི་ཞབས་རྗེས་ཡོད་སའི་རྡོའི་སྟེང་དུ་གཞི་བདག་གི་རྟེན་བཙུགས་ནས་དེང་སང་མི་མཇལ་ཡང་སྐྱེད་ཡུམ་གྱི་ཞབས་རྗེས་ཡིན་ཟེར་བའི་ཞབས་ཟུང་གི་རྗེས་གསལ་པོ་ཞིག་ལུང་པ་དེར་མཇལ་རྒྱུ་ཡོད་འདུག །སྐུ་བལྟམས་རྗེས་ཡབ་ཀྱིས་བོན་གྱི་བླ་མ་ལ་རྒྱུ་མཚན་ཞིབ་ཏུ་ཞུས་པས། བོན་གྱི་བླ་མས་གཟུ་བོའི་བློས་ཁྱོད་ཀྱི་གཏམ་དང་ངེད་གྱི་རྨི་ལམ་མཚུངས་པས་བུ་དེ་ནི་བདག་ཉིད་ཆེན་པོ་ཞིག་སྟེ། དེའི་བསྟན་པ་ནི་ཟླ་བའི་འོད་སྣང་བཞིན་དུ་འཛིན་མའི་ཁྱོན་ལ་ཁྱབ་པ་དང༌། ངེད་ཅག་གི་བསྟན་པ་ནི་མུན་པ་ག་ཤེད་དུ་བྲོས་པ་བཞིན་ནུབ་པར་འགྱུར་བའི་སྔ་ལྟས་སོ་ཞེས་ལུང་བསྟན་གནང༌། དགུང་གྲངས་གསུམ་ལ་སྐུ་བསྭོ་ཐོག་གནས་སུ་ཕེབས་ཚེ་གནས་ཀྱི་བསྐོར་ལམ་དུ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་མ་ཡུམ་དང་བཅས་པས་ངལ་གསོ་བའི་ཞབས་རྗེས་སོགས་ད་ལྟར་ཡང་མཇལ་རྒྱུ་ཡོད། དེའི་མཚམས་སུ་མཁའ་འགྲོའི་བྲོ་ར་ཞེས་པ་འདི་ཡང་དེའི་ཚེ་མཁའ་འགྲོ་རྣམས་ཀྱིས་དགའ་བའི་རྣམ་འགྱུར་གྱིས་བྲོ་འཁྲབ་པའི་སྤྲུལ་པའི་ཞབས་རྗེས་ཡིན་པར་གྲགས། བྱིས་པའི་དུས་སུ་ཙེ་ངོས་ཀྱི་རི་གདོང་ཞིག་ནས་རྒྱུན་དུ་ཆུ་ཕར་ཕྱོགས་ངོས་སུ་གཟིགས་ནས་བཞུགས་པ་ལ་ཀུན་གྱིས་བྱིས་པ་འདི་ལ་ཏིང་ངེ་འཛིན་ཡོད་ཅེས་གླེང༌། རི་གདོང་དེ་ལ་བུ་བཞུགས་གདོང་ཞེས་ད་ལྟའི་བར་མིང་མ་ཡལ་བར་ཡོད། ཉིན་ཞིག་ལ་མ་ཡུམ་ཆུ་ཕར་ཕྱོགས་ཀྱི་རི་ངོས་སུ་བཙོད་རྐོ་བར་བྱོན། ས་བསློགས་པའི་ཤུལ་ནས་ཐུབ་དབང་ལོངས་སྐུའི་ཆ་བྱད་ཞིག་གཏེར་ནས་ཐོན། ཆུང་དུས་ནས་བཟང་པོའི་བག་ཆགས་སད། རྟེན་དེའི་དྲུང་དུ་ཕྱག་འཚལ་མཆོད་འབུལ་སོགས་རྒྱལ་སྲས་ཀྱི་རྣམ་ཐར་བསྐྱངས་ཏེ་ཐུགས་དམ་གྱི་རྟེན་དུ་གྱུར་ཏོ། །ད་ལྟར་སྟོང་འཁོར་གསེར་ཁང་གི་རྟེན་གཙོར་བཞུགས། རྗེ་ཟླ་བ་དབང་ཕྱུག་བསྟེན་ཏེ་རབ་ཏུ་བྱུང་བ་དང་དགེ་ཚུལ་བཞེས། མི་ཉག་རབ་སྒང་གི་ཕྱུག་མོ་ཆོས་འཁོར་གླིང་དུ་ཐུགས་གཉེར་ལ་ཕེབས། དཀའ་བཅུ་དགེ་བ་དཔལ། དགེ་བཤེས་གྲགས་བཟང༌། དབོན་པོ་རིན་ཆེན་གྲགས་པ། མཁས་དབང་དགེ་འདུན་རིན་ཆེན་སོགས་གྱི་དྲུང་དུ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་རིག་གནས་སྦྱངས། དེའི་རྗེས་སུ་དབུས་ཕྱོགས་སུ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཕེབས་ནས་རྗེ་ཉིད་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་ཏྲེ་ཧོར་ཁང་ཚན་དུ་ཕེབས་ཚེ་ཁང་ཚན་དགེ་རྒན་ཐུགས་མ་དགྱེས་པས། དེར་ཆོས་ཞུགས་མ་གནང་བར་སེར་སྨད་རོང་པོ་ཁང་ཚན་དུ་ཞུགས། རོང་པོ་ཀིརྟི་ཆོས་རྗེ་མཇལ། ཕྱག་འཁར་ནང་ནས་གསེར་བཏོན་ཏེ་ཆོས་ཞུགས་རྒྱ་ཆེར་མཛད། དེར་བསྡུས་གྲྭ་ནས་བཟུང་སྦྱངས་པ་མཐར་ཕྱིན་པར་མཛད། ཞབས་དྲུང་དང་པོ་འདིའི་སྐབས་ནས་སྟོང་འཁོར་བའི་གྲྭ་རྒྱུན་རྣམས་སེར་སྨད་རོང་པོ་ཁང་ཚན་གྱི་ཐོབ་ཁོངས་སུ་གྱུར། དེ་ནས་རང་ཡུལ་དུ་ཞབས་བསྐྱོད་གནང༌། སྐབས་དེར་ཁང་ཚན་དེའི་གྲྭ་རྒྱུན་ཕལ་ཆེ་མདོ་སྨད་ཨ་མདོ་ཕྱོགས་ནས་ཡིན་པས་རྗེ་ཉིད་དང་བླ་སློབ་ཀྱི་འབྲེལ་བ་ཟབ་མོ་ཆགས་པར་བརྟེན། སྐུ་ཕྲེང་རིམ་བྱོན་རྣམ་པས་མདོ་སྨད་ཨ་མདོ་ཕྱོགས་སུ་དགོན་སྡེ་མང་པོ་ཕྱག་བཏབ་པ་དང་། གནས་སྒོ་ཕྱེ་བ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་བས་ཡུལ་འདི་དང་འབྲེལ་བ་ཆེན་པོ་བྱུང་བ་ཡིན་སྙམ། དེབ་ཐེར་རྒྱ་མཚོར་རྗེ་འདི་གྲྭ་སར་ཕེབས་སྐབས། ༸རྒྱལ་བ་དགེ་འདུན་རྒྱ་མཚོ། ༸པཎ་ཆེན་བསོད་ནམས་གྲགས་པ། སེ་ར་རྗེ་བཙུན་པ་རྣམས་ཞལ་འཛོམས་དུས་ཡིན་པར་འཁོད། བསྭོ་ཐོག་གནས་ཀྱི་རང་བྱུང་ཕུག་པར་སྐུ་ངལ་བསྟེན་ཏེ་སྒྲུབ་པ་ཡུན་རིང་དུ་གནང༌། ནམ་ཞིག་དགེ་འདུན་གྱི་སྡེ་ཞིག་བཙུགས་ན་ལེགས་སྙམ་དུ་ཐུགས་ལ་འཁྲུངས་ཚེ་ཞིག་ལ་གནས་དེའི་སྨན་ཆུ་ནས་གུ་རུའི་སྐུ་རྡོ་ལས་གྲུབ་པ་ཞིག་གཏེར་ནས་བཞེས་ཀྱང་། ཕྱག་མཚན་ཁ་ཊྭཱཾ་ག་མེད་པས་རྗེ་བླ་མའི་བསྟན་པའི་སྡེ་ཞིག་འཛུགས་པ་ལེགས་པའི་རྟེན་འབྲེལ་གྱི་མཚན་མར་ཤར། དེ་ནས་བོན་ཁང་སྒང་གི་བླ་མའི་དྲུང་དུ་བཅར་ཏེ་ཕྱག་འཁར། ཞབས་ལྷམ། རྟ་སྒ་སོགས་ཀྱི་ཞུ་རྟེན་དང་བཅས་ཏེ་གནས་གཡར་ཞུས་པ་ལ། བོན་གྱི་བླ་མས་བཞུགས་གདན་ཞིག་ལེགས་འབུལ་ཐོག་གཡར་ཁང་རི་སུལ་བཞུགས་གནས་སུ་ཕུལ་བས་རྟེན་འབྲེལ་ལྷུན་གྱིས་གྲུབ། དེར་དབེན་གནས་ཚུལ་མཐུན་བཏབ་སྟེ་རེ་ཞིག་གི་བར་བཞུགས། དེ་ནས་བཟུང་ས་ཆ་དེ་ལ་གཡར་ཁང་ཞེས་ཐོགས། ཞབས་དྲུང་གསུམ་པ་ཡུལ་འདིར་བཞུགས་མེད་དུས་ཤིག་དང༌། བཅུ་པ་འདས་ནས་བཅུ་གཅིག་པ་མ་འཁྲུངས་བར་དུ་ས་གཡོས་ཀྱི་འཇིགས་པ་ཤུགས་ཆེན་པོ་ཐེངས་གཉིས་ཙམ་བྱུང་མྱོང་བས། སྣོད་བཅུད་ཁང་ཁྱིམ་སོགས་ལ་གནོད་རྐྱེན་ཐེབས་པས། རི་ཁྲོད་འདིའང་ཞབས་དྲུང་དགུ་པ་དང༌། བཅུ་གཅིག་པ་གཉིས་ཀྱི་སྐུ་དུས་སུ་བསྐྱར་བཞེངས་ཐེངས་མང་མཛད། དགོན་སྡེ་འཛུགས་པའི་ཐུགས་དགོངས་འཁྲུངས་ནས་ས་དཔྱད་གནང་སྟེ་ཆུ་གཏོར་ཆོ་ག་མཛད་པའི་སྐབས་སྤྲུལ་པའི་བྱ་རོག་ཅིག་གིས་ཆུ་གཏོར་སྣོད་དང་བཅས་པ་ཁྱེར་ཏེ། ད་ལྟར་དགོན་གནས་ཆགས་ས་འདིར་དེ་དུས་ས་འབུར་གོང་འོག་གསུམ་ཡོད་པའི་འོག་མ་གཉིས་ལ་འཇོག་གྲབས་རེ་བྱས་ཏེ་གོང་མའི་སྟེང་དུ་འཇོག་པས་ས་དཔྱད་ཀྱི་རྟེན་འབྲེལ་དུ་མཁྱེན་ནས་གོང་མར་གཙུག་ལག་ཁང་དང༌། འོག་མར་འདུས་ཁང་དང༌། གྲྭ་ཤག་སོགས་གསར་སྐྲུན་མཛད། དགོན་པ་ལ་བཀྲ་ཤིས་ལྷུན་པོ་དང༌། གཙུག་ལག་ཁང་ལ་གསེར་ཁང་ཞེས་འདོགས་པར་མཛད། ལོ་ཚིགས་གང་དུ་ཕྱག་བཏབ་པའི་ཡིག་ཚོགས་ཁུངས་ལྡན་ད་ཕན་ཁོ་བོས་མིག་སྔར་མ་མཐོང་ཡང༌། དུས་རབས་བཅོ་ལྔ་པའི་མཇུག་ཙམ་དང་ཧོར་དགོན་སྡེ་བཅུ་གསུམ་གོང་གི་ལོ་རབས་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་ཙམ་ནས་བཏབ་པ་འདྲའོ། །དེས་ན་མདོ་ཁམས་ཡུལ་དུ་དགེ་ལུགས་པའི་དགོན་སྡེ་སྔ་ཤོས་ཀྱི་གྲས་ཤིག་ཡིན། བཤད་སྲོལ་ཞིག་ལ་སེམས་དཔའ་ཆེན་པོ་བཀྲ་ཤིས་རྒྱལ་མཚན་གྱིས་དགོན་པ་ད་ལྟའི་གཟིག་གདོང་གྲོང་ཆགས་ས་ནས་འདིར་གནས་སྤོས་པ་རེད་ཟེར་བ་མང༌། དེ་ཡང་དགོན་པ་འདིར་ཚུར་སྤོས་རྗེས་གཟིག་གདོང་གྲོང་འདི་དང་པོ་སྲིབ་རིའི་འདབས་སུ་ཆགས་ཡོད་པ་དེ་ནས་དགོན་ཤུལ་དུ་སྤོས་པ་ཡིན། དེ་སྔར་གྲོང་པ་ཆགས་སའི་རྩིག་ཤུལ་མང་པོ་དེར་ལུས་ཡོད་པས་ར་སྤྲོད་ཐུབ་ཟེར་བ་དང༌། ལྷག་པར་དུ་དགེ་སློང་ཞིག་གིས་ངོ་སྤྲོད་བྱེད་དོན་ལ་ཁོང་ཆུང་དུས་སུ་ཨ་ཕྱིས་བཤད་པ་རྣ་བར་འཇགས་པ་ལ། ཨ་ཕྱིས་ཁོང་བྱིས་པ་ཡིན་དུས་དགོན་པའི་འདུས་ཁང་ཤུལ་གྱི་གྱང་རྙིང་ཡིན་ཟེར་བ་ཞིག་ལྷག་ཡོད་ཟེར། དེ་སོགས་ལ་དཔྱད་ན་གཟིག་གདོང་གྲོང་འདི་གཞན་ནས་གནས་སྤོ་བ་ཡིན་པ་ར་སྤྲོད་བྱེད་ཐུབ་བོ། །གང་ལྟར་བཀྲ་ཤིས་རྒྱལ་མཚན་འདི་ཟླ་བ་རྒྱལ་མཚན་གྱི་ཆོས་འབྲེལ་ཐོབ་པའི་བླ་མ་ཞིག་ཏུ་གྱུར་ཡོད་པ་འདྲ། གང་ཡིན་ཞེ་ན། དགོན་འདིའི་མགོན་པོའི་བླ་བརྒྱུད་གསོལ་འདེབས་སུ་ཁོང་གཉིས་ཕྲེང་བསྒྲིགས་ནས་ཡོད་པ་དང༌། རྗེ་ཟླ་བ་རྒྱལ་མཚན་གྱི་གསུང་འབུམ་དབུར། ཁྱོད་ནི་ཡི་དམ་རྗེས་སུ་བཟུང༌། །བསྟན་སྲུང་འཕྲིན་ལས་ཚུལ་བཞིན་བསྒྲུབས། །ཁྱད་པར་མྱུར་མཛད་མགོན་པོ་དང༌། །དབྱེར་མེད་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བསྟོད་པ་ཞིག་ཡོད་པ་དག་ལས་ཤེས་ཐུབ་པ་འདྲའོ། །

རྟེན་ངོ་མཚར་བ་བཞེངས་ཚུལ་ནི། རྣམ་འདྲེན་ལྔ་པའི་སྐུ་བརྙན་ཐོག་བརྩེགས་ལྔ་པ་ཞིག་དང༌། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་བློས་བསླངས་ཀྱི་དཀྱིལ་འཁོར་རྒྱུ་ཙནྡན་ལས་སྒྱུ་རྩལ་ཕུལ་དུ་བྱུང་བས་བཞེངས། གཞན་ཡང༌། རྒྱན་དྲུག་མཆོག་གཉིས། ཉེ་བའི་སྲས་བརྒྱད། གསང་བདེ་འཇིགས་གསུམ། གནས་བརྟན་བཅུ་དྲུག་སོགས་བྲིས་འབུར་གྱི་སྐུ་བརྙན་མང་དུ་བཞེངས། དེ་ནས་སློབ་མ་བྱང་ཆུབ་རྒྱལ་མཚན་གྱིས་སྐུ་མང་དུ་བཞེངས་ཟིན་པས་ད་གསུང་རབ་བཞེངས་ན་ལེགས་ཚུལ་ཞུས་པའི་ནུབ་མནལ་ལམ་དུ། ཁྱོད་ལ་བྱང་ཆུབ་རྒྱལ་མཚན་གྱིས་ཞུས་པ་བཞིན་དུ་ཐུབ་པའི་དབང་པོ་འཚང་རྒྱ་ཚུལ་བསྟན་ནས་མྱ་ངན་ལས་མ་འདས་བར་གྱི་གསུང་རབ་རྣམས་བྲིས་ཤིག་གསུངས་པ་ལ། བདག་ལ་བྲིས་པའི་ཆས་མེད་ཞུས་པ་ན། ལྷག་པའི་ལྷ་མོ་སྒྲོལ་མའི་ཞལ་ནས། ཁྱོད་ཀྱི་བླ་མ་ཤེས་རབ་རྒྱལ་མཚན་དེ། །དབུས་སུ་སྐྱེས་ནས་ཚེ་ཡི་དུས་བྱས་ཏེ། །ད་ལྟར་བྱང་ཆུབ་རྒྱལ་མཚན་འདི་ཉིད་ཡིན། །ཚ་བ་རོང་གི་བཙུན་ཆུང་གཙང་མ་ནི། །ད་ལྟར་ཉི་མ་རྒྱལ་མཚན་འདི་ཉིད་ཡིན། །འདི་དག་གིས་ནི་ཁྱོད་ཀྱི་གཡོག་བྱས་ཤིང༌། །འཕྲིན་ལས་རྣམ་བཞི་བསྟན་སྲུང་རྣམས་ཀྱིས་བསྒྲུབས། །ལོངས་སྤྱོད་འདོད་དགུ་ནོར་ལྷའི་ཚོགས་ཀྱིས་སྩོལ། །མཁའ་འགྲོའི་ཚོགས་ཀྱིས་རྟག་ཏུ་གྲོགས་མཛད་ནས། །འགྲུབ་པར་འགྱུར་བས་མྱུར་དུ་བརྩོན་ཅིག་གསུངས་པ་བཞིན། ཆོས་སྐྱོང་རྣམས་ཀྱི་འཕྲིན་ལས་ཀྱིས་ཤར་ཕྱོགས་ནས་གདན་འདྲེན་པ་བྱུང་བས་ཕེབས་པར་སྦྱིན་བདག་རྣམས་ཀྱིས་འབུལ་བ་རྒྱ་ཆེ་ཕུལ། དེ་ནས་ཡིག་མཁན་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་གསུམ་ལྷག་དང༌། ཤོག་ལས་མཁན་བཅུ་ཕྲག་དྲུག་ཙམ། དེ་དག་གིས་འབད་རྩོལ་ཆེན་པོས་གསེར་དངུལ་གཉིས་ལས་བཀའ་འགྱུར་གླེགས་བམ་བརྒྱ་དང་གསུམ་ཟླ་བ་གསུམ་གྱི་ནང་ལ་རྫོགས་པར་ལེགས་གྲུབ་བྱུང༌། ཞུས་དག་མཁའ་འགྲོ་རྣམས་ཀྱིས་མཛད་པར་གྲགས། དེ་ལྟར་རྟེན་ངོ་མཚར་བ་སྲིད་ན་དཀོན་པ་དག་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་བསྐྲུན། དེའི་ནང་ནས་རེ་ཟུང་ད་ལྟར་ཡང་མཇལ་བའི་སྐལ་བ་ཡོད། ཡུལ་འདི་ཁོ་ནར་མ་ཟད། ཧོར་ཁག མི་ཉག་རབ་སྒང༌། མཚོ་སྔོན། ཟི་ལིང༌། འཛམ་ཐང༌། དམུ་དགེ། མཛོད་དགེ། ཅོ་ནེ། སོག་ཡུལ་སོགས་ལའང་འདིའི་རྒྱལ་བ་གཉིས་པའི་བསྟན་པ་བླ་ནས་བླར་སྤེལ་བའི་འཕྲིན་ལས་ཀྱི་འོད་སྣང་གཅིག་གིས་ཁྱབ་ཡོད་གསུངས། སྲུང་མའི་གཙོ་བོ་ནི། དམག་ཟོར་མ་དང༌། ལྕམ་སྲིང་ཡིན། དེབ་ཐེར་རྒྱ་མཚོར་དམག་ཟོར་མ་གཙོ་བོར་བསྟེན། ཞེས་པ་དང༌། ལྕམ་སྲིང་ཆོས་སྐྱོང་དུ་བསྐོས་ཞེས་གསུངས། དེ་དག་གིས་སྲུང་སྐྱོབ་མཛད་ཚུལ་ནི། ཧོར་ཁག་དཔོན་གྱིས་རྗེ་འདིས་བོན་དགོན་མང་པོ་འཇིག་པའི་ཤུལ་དུ་རྗེ་བླ་མའི་བསྟན་པ་དར་བ་ལ་མ་བཟོད་པས། དོན་ཕྲན་བུ་ཙམ་ལ་ཁ་གཡར་ཏེ་དགོན་འདི་འཇོམས་པ་ལ་དམག་དྲངས་པས། ལམ་བར་གཞན་དང་རྩོད་གླེང་བྱུང་སྟེ་ཉིན་ཁ་ཤས་བར་འགོར། དེ་ནས་སོ་བ་འོང་སྟེ་བལྟས་པས་ཆོས་སྐྱོང་གི་འཕྲུལ་གྱིས་དགོན་པ་དམག་གིས་གང་བ་མཐོང་བས་འོང་མ་ནུས་པ་སོགས་ལོ་རྒྱུས་ཁུངས་ཐུབ་མང་ངོ་། །ལྗགས་རྩོམ་མང་ཡང་པར་གཞི་བཟོ་སྐྲུན་མ་ཐུབ་པའི་དབང་གིས་བརླགས་སོང་བའི་ཤུལ་ལུས་སུ་ཐོར་བུ་འགའ་ཞིག་ལག་ཏུ་སོན་པ་དག་བདག་གིས་དེབ་གཟུགས་སུ་བཀོད་ཡོད། ཐུགས་ཀྱི་བཞེད་དོན་ཡོད་རྒུ་རྫོགས་ནས་མི་བཞུགས་པའི་ཚུལ་བསྟན་པ་ལ་སློབ་མ་རྣམས་ཀྱིས་བཞུགས་དགོས་པའི་གཤོལ་བཏབ་ཀྱང༌། ངས་ལུས་འདོར་ཡང་ཁྱེད་རྣམས་མི་འདོར་ཞེས་ཡང་སྲིད་ཕེབས་པའི་གསུང་ཟུར་གནང་བ་ལས་བཞུགས་པར་ཞལ་བཞེས་མ་གནང་། བཻཌཱུརྱ་མེ་ལོང་ལྟར་ན། དགུང་ལོ་གྱ་གཉིས་ལ་ཕེབས་པ། སྤྱི་ལོ་ ༡༥༥༥ བོད་རབ་བྱུང་བཅུ་དགུ་པའི་ཤིང་ཡོས་ལོར་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས་སོ། །འདིའི་འཁྲུངས་འདས་ལོ་དུས་ལ། བཻཌཱུརྱ་མེ་ལོང་དང༌། དེབ་ཐེར་རྒྱ་མཚོ་སོགས་མི་མཐུན། དེབ་ཐེར་རྒྱ་མཚོར་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་དགུང་མཉམ་ཡིན་པ་དང༌། སྤྱི་ལོ་ ༡༤༧༦ ལ་འཁྲུངས་པ་དང༌། གྱ་གཅིག་པ་སྤྱི་ལོ་ ༡༥༥༦ ལ་གཤེགས་པར་བཤད་པས་དཔྱད་གཞི་ཅུང་སྣང་ངོ༌། །

སྨྲས་པ།

འཇམ་དབྱངས་འདུལ་ཞིང་སྟོང་འཁོར་མཁའ་དབྱིངས་སུ། །

གང་སྐུ་ཟླ་བ་གཞོན་ནུས་འོད་སྤྲོས་ཚེ། །

གཉུག་མའི་སྲོལ་མུན་མ་ལུས་ག་ཤེད་ཡལ། །

དགའ་ལྡན་བསྟན་པ་ཀུ་མུད་གསར་དུ་འཛུམ། །

སྡེ་འདིར་འཚོ་བའི་རབ་བྱུང་དབུ་ཟླུམ་ཚོ། །

ཐུགས་སེམས་ལྷོད་པོས་ཞིབ་འདང་གནང་དང་ཀྱེ། །

ཙནྡྲ་དྷྭ་ཛ་བཀའ་དྲིན་མི་ལྕི་འམ། །

དེས་ན་རང་ནུས་སྲི་ཞུ་ཅུང་ཙམ་སྒྲུབས། །ཞེས་སོ། །

༢ ཡང་སྲིད་རིམ་བྱོན་གྱི་རྣམ་ཐར་བཤད་པ།

སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ།

༈ གཉིས་པ་ཡང་སྲིད་རིམ་བྱོན་གྱི་རྣམ་ཐར་བཤད་པ་ལ། ཞབས་དྲུང་སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ནི། སྤྱི་ལོ་ ༡༥༥༦ བོད་རབ་བྱུང་དགུ་པའི་མེ་འབྲུག་ལོར་སྟོང་འཁོར་དགོན་གྱི་ཉེ་འདབས་ཆུ་སོགས་དགེ་བཅུ་ཚང་བའི་ཡུལ་ཝ་ཏི་འབུར་ཞེས་བྱ་བར་འཁྲུངས། དགུང་གྲངས་གསུམ་ལ། མདོ་སྡེ་བསྐལ་བཟང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ། མདོ་སྡེ་ཟ་མ་ཏོག་བཀོད་པ། གཟུངས་གྲྭ་ལྔ་སོགས་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད། དེས་མཚོན་ཤེས་བྱ་ཡོན་ཏན་མཐའ་དག་རང་ཤུགས་ཀྱིས་མཁྱེན་པས་མཁྱེན་རབ་ཀྱི་ཀློང་རྡོལ་བར་མཛད།

དགུང་ལོ་ལྔ་ནས་བརྒྱད་ཀྱི་བར། དཔལ་གསང་བ་འདུས་པའི་ཆོ་ག་དང༌། མདོ་སྡུད་པ་གཉིས་ཞལ་འདོན་ཆག་མེད་བསྐྱངས། སྐུ་ན་ཆུང་དུས་ཤིག་ལ་མ་ཡུམ་ཟླ་ཆུའི་ཕ་རོལ་དུ་ཡོད་པ་ལ་ཨ་མ་ཞེས་འབོད་པས། ཆུ་སྐད་ཀྱིས་ཐོས་སུ་མ་བཅུག་པ་ལ། ཆུ་ལ་སྐད་མ་རྒྱག་ཅེས་བསྒོ་བས་ད་ལྟའི་བར་དེའི་ཐད་ཀྱི་ཆུ་ལ་སྐད་མེད་པ་འདི་བྱུང་བ་རེད་ཅེས་གྲགས། ནང་སོ་བསོད་ནམས་རྒྱལ་མཚན་གྱིས་བརྟག་དཔྱད་ཞིབ་ཏུ་བགྱིས་ཏེ་རྗེ་ཟླ་བ་རྒྱལ་མཚན་གྱི་ཡང་སྲིད་དུ་ཡིད་ཆེས་རྙེད་ནས་གོང་མའི་ཁྲི་ལ་མངའ་གསོལ། དགུང་གྲངས་བརྒྱད་སོན་པ་ན་བསམ་འགྲུབ་རྩེ་མཁན་པོ་དཀོན་མཆོག་རྒྱལ་མཚན་ལས་རབ་ཏུ་བྱུང་སྟེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཡོན་ཏན་རྒྱ་མཚོ་ཞེས་གསོལ། གཞན་ཡང་དེའི་དྲུང་ནས་དབང་ལུང་སོགས་ཆོས་མང་དུ་གསན་བསམ་མཛད། བླ་མ། ཡི་དམ། སངས་རྒྱས་སོགས་ཀྱི་ཞལ་གཟིགས་སོགས་དག་པའི་སྣང་བ་དང༌། སྐྱེ་བ་མང་པོ་དྲན་པ་སོགས་གསང་བའི་རྣམ་ཐར་རྣམས་ལ་གཟིགས་འདོད་ན། རྗེ་རང་གིས་གསུངས་པའི་གསང་བའི་རྣམ་ཐར་དང༌། འཁྲུངས་རབས་བཻཌཱུརྱའི་མེ་ལོང་དུ་གཟིགས་འཚལ། བསྟན་འགྲོའི་དོན་དུ་དར་རྩེ་མདོ་དང༌། འབུམ་གླིང་ཕྱོགས་གཉིས་གང་ལ་ཕེབས་པ་ལེགས་བརྟག་པར་མཛད་པས་ཕྱི་མ་བཟང་བ་བབས་ཏེ། རོང་པོ་ཀིརྟི་དགོན། ད་ཚང་དགོན། དམུ་དགེ་དགོན། ཟུང་ཆུ་དགོན་རྣམས་སུ་ཕེབས། མཛོད་དགེ་ཕྱོགས་སུ་ངག་དབང་ཆོས་གྲགས་རྒྱ་མཚོ་དཀོན་མཆོག་གྲུབ་པའི་སྡེས་མཛད་པའི་ཐུབ་དབང་དང༌། རྗེའི་རྟོགས་བརྗོད་གཉིས་གཟིགས་པས་ཐུགས་དད་འཁྲུངས་ཤིང༌། ཕན་ཚུན་བླ་སློབ་དུ་འབྲེལ་བའི་རྨི་ལྟས་ངོ་མཚར་བ་དམ་པ་རྣམ་གཉིས་ལ་བྱུང་བས་མཇལ་འཕྲད་མཛད། དམ་པ་དེ་ཉིད་ཀྱི་དྲུང་ནས་བདེ་གསང༌། འཁོར་ཆེན། ཀྱཻ་རྡོར། བཀའ་གདམས་ཐིག་ལེ་བཅུ་དྲུག་སོགས་ཀྱི་དབང་སོགས་བཀའ་ཆོས་མཐའ་ཡས་པ་གསན་པ་ལ་ལྟས་ཀྱང་ཁྱད་པར་ཅན་བྱུང༌། ངག་དབང་ཆོས་གྲགས་རྒྱ་མཚོས་འབྲང་རྒྱས་དགོན་དུ་གདན་དྲངས་ཏེ་དགེ་འདུན་ཉིས་སྟོང་ལྷག་དང་ལྷན་ཅིག་ཏུ་ཆོས་ཞུས། སློབ་དཔོན་དེ་ཉིད་རྗེ་འདིའི་བླ་སློབ་གཉིས་ཀར་གྱུར་ཡོད། གཞན་ཡང་འདི་ལ་སློབ་མ་བཀའ་བཅུ་ཆོས་རྒྱ་མཚོ། རྟ་མགྲིན་གྱི་རྣལ་འབྱོར་པ་ཤེས་རབ་སེང་གེ་སོགས་མང་དུ་བྱུང༌། ངག་དབང་ཆོས་གྲགས་རྒྱ་མཚོ་ནི། འཁྲུངས་ཡུལ་སོག་སྔོན། དགུང་སྙིང་ས་ཡོས། ༸ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། མཁན་པོ་མི་ཉག་རྡོ་རྗེ་བཟང་པོ། ༸པཎ་ཆེན་བསོད་ནམས་གྲགས་པ་རྣམས་བསྟེན་ནས་གསན་བསམ་མཛད། དབྱངས་ཅན་མས་རྗེས་སུ་བཟུང་བས་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པ་ཞིག་ཡིན་ནོ། །སྐུ་གཤེགས་པའི་གདུང་མཁས་བཙུན་ཡོན་ཏན་རྒྱ་མཚོས་ཞུགས་འབུལ་གནང༌།

ནུབ་ཅིག་མནལ་ལམ་དུ་རྗེ་བཙུན་འཇམ་དབྱངས་དགེ་སློང་གི་ཚུལ་དུ་བྱོན་ནས་ལུང་བསྟན་བྱུང་བ་ལ། ཁྱོད་ཀྱིས་དཔལ་ལྡན་ལྷ་མོ་ལ་འཕྲིན་ལས་ཆོལ་ཞིག་དང༌། ལས་ཐམས་ཅད་དེས་བསྒྲུབ་པར་འགྱུར་རོ་ཞེས་གསུངས་པའི་མོད་ལ་གཟིམ་སད་ཚེ། དཔལ་ལྡན་ལྷ་མོའི་ཞལ་དངོས་སུ་བསྟན་ཏེ་འཕྲིན་ལས་བསྒྲུབ་པ་ཞལ་གྱིས་བཞེས། ཡང་དགོན་གནས་འདིའི་འདུ་ཁང་རབ་གནས་མཛད་པའི་ནུབ་ལུང་བསྟན་དུ་ཉིད་ཀྱི་ཁྲི་མདུན་དུ་ཁྲི་ཆུང་ངུ་ཞིག་ཡོད་པའི་སྟེང་དུ། རྡོ་རྗེ་དཔལ་བཙན་སྟག་ཐུལ་ཞིག་གྱོན་ནས་ཡོད་པ་དེས། གཙུག་ལག་ཁང་འདིའི་སྲུང་མ་བདག་གིས་བྱའོ་ཞེས་དམ་བཅའ་ཕུལ་བ་རྨིས། མ་ཟད་རུ་ང་དང༌། ཀོ་ལོང་མི་མཛད་པའི་དམ་བཅའ་འབུལ་བཅུག་ནས་འདུ་ཁང་གི་སྲུང་མར་བསྟེན། གཞན་ཡང་ཀླུ་ཤོད། ཅོ་ནེ། ཐུའུ་ཇུའི། རིབ་ཙ། ཚྭ་རྡོ། ཁུ་ཤ། ཁྲ་བོའི་ཡུལ་རྣམས་སུ་བསྟན་འགྲོའི་དོན་རླབས་ཆེན་མཛད། ཅོ་ནེར་རྒྱུད་སྡེ་བཞིའི་ལམ་གྱི་གནད་བསྡུས་པའི་སྔགས་ཀྱི་བསྟན་བཅོས་བརྩམས་པས། མཁའ་འགྲོ་རྣམས་ཀྱིས་དགྱེས་བཞིན་བསྟན་བཅོས་དེ་ལ་རིག་འཛིན་རོལ་པའི་དགའ་སྟོན་ཞེས་བྱ་བ་ཐོགས་ཞེས་ལུང་བསྟན་བྱུང་བས་དེ་བཞིན་འདོགས་པར་མཛད། ངག་དབང་ཆོས་གྲགས་རྒྱ་མཚོ་དང༌། མཛོད་དགེ་དཔོན་སོགས་ཀྱིས་བསྐུལ་བ་བཞིན། གསང་བའི་རྣམ་ཐར་རྣམས་ཚིགས་བཅད་དུ་སྤེལ། སློབ་དཔོན་པདྨའི་ཞལ་གཟིགས་པ། དུག་སྦྲུལ་སོགས་ལྷ་འདྲེ་གདུག་པ་ཅན་བཏུལ་བ། འབྲུག་མཚོར་ཕེབས་དུས་མཚོ་སྨན་གྱི་གཟུགས་བསྟན། དཔོན་སློབ་ཀུན་མཚོ་མཇལ་ཡ་མཚན་པ་བྱུང་བས་ལྷ་མོའི་བླ་མཚོར་ངོས་འཛིན་མཛད། གཞན་ཡང༌། རྗེ་འདིས་བྲག་དཀར་གྱི་གནས་ཆེན་དུ། ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་རྣམས་སྤྲིན་ལྟར་འདུས་ནས་ཚོགས་འཁོར་མཛད་པ་དང༌། དབྱངས་གསལ་གྱི་ཡི་གེ། འདོད་འཇོའི་བ། དཔག་བསམ་ཤིང༌། མ་རྨོས་པའི་ལོ་ཏོག །མཚོ་རྫིང༌། རྩི་ཤིང༌། ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོས་བསྐོར་བར་གཟིགས། འདི་ལ་བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་དེབ་ཐེར་རྒྱ་མཚོར། རྗེ་བདག་ཉིད་ཆེན་པོའི་བསྐྱེད་རིམ་འདོད་འཇོ་ལས། བྲམ་ཟེ་དང༌། རྒྱལ་རིགས་དང༌། རྗེ་རིགས་དང༌། དམངས་རིགས་མཐའི་རིགས་རྣམས་སུ་རྡོ་རྗེ་རྣལ་འབྱོར་མ་རྣམས་ནི། གྲོང་ཁྱེར་གཅིག་ནའང་གནས་པའི་ཕྱིར། བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་སུ་ཡང་གནས་ལ་སོགས་པ་རྣམས་ཡོད་དོ་ཞེས་གསུངས་པ་དང་མཐུན་ནོ་སྙམ་མོ་ཞེས་གསུངས་ཡོད། སྟག་ཚང་ལྷ་མོའི་གནས་སྒོ་ཕྱེ། གནས་བཤད་དང་ལུང་བསྟན་བསྩལ། དེ་ཕྱོགས་སུ་དགོན་གནས་གསར་བསྐྲུན་སོགས་སྐྱེ་བོ་ཕལ་བའི་བློ་ཡུལ་དུ་མི་ཤོང་བ་ལྟ་བུར་མཛད། སྟག་ཚང་དཔལ་གྱི་ལྷ་མོ་འདི་སློབ་དཔོན་གྱིས་བདུད་སྲིན་བཏུལ་བའི་གནས་སུ་གྲགས། མཛོད་དགེ་ཁང་སར་དགོན་དུའང་མཛད་འཕྲིན་རྒྱ་ཆེར་བསྐྱངས། དབུས་ཕྱོགས་སུ་ཕེབས་ཚེ་འབྲི་ཆུའི་འགྲམ་དུ་སླེབས་སྐབས། དབྱར་དུས་ཆུ་བོ་ཤིན་ཏུ་རྒྱས་པས་བགྲོད་དཀའ་བ་ལ། ལས་གཤིན་གྱིས་ཐོད་དབྱུག་ཟམ་པའི་ཚུལ་དུ་བཙུགས་པས་གཞན་གྱི་མིག་ངོར་འཁྱགས་ཆགས་པའི་སྟེང་ནས་ཕ་རོལ་ཏུ་སླེབས། སེ་ར་ཐེག་ཆེན་གླིང་དུ་ཁྲི་ཆེན་དགེ་འདུན་རྒྱལ་མཚན་ཡོངས་འཛིན་དུ་བསྟེན་ཏེ་སློབ་མའི་གཙོ་བོར་གྱུར། ཁྲི་ཆེན་དེ་ནི་དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་པ་ཡིན། དེ་ལ་སློབ་མ་རྒྱལ་བ་ཡོན་ཏན་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། སྟོང་འཁོར་ཡོན་ཏན་རྒྱ་མཚོ། སྟག་ལུང་གྲགས་པ་རྒྱ་མཚོ་སོགས་མཐའ་ཡས་པ་བྱུང་བ་དུང་དཀར་ཚིག་མཛོད་དུ་གསལ། བོད་སྐྱོང་མི་རྗེ་སྐྱིད་ཤོད་ཞབས་དྲུང་དཔོན་འཁོར་རྣམས་ལ་དཀྱིལ་ཆོག་རྡོ་རྗེའི་ཕྲེང་བའི་དབང་གནང་བས། དབང་ཡོན་དུ་སེར་སྨད་རོང་པོ་ཁང་གསར་གྱི་ས་ཆ་གསོལ་རས་དང༌། གཟིམ་ཆུང་གསར་སྐྲུན་མཛད་ཡོད། འདིའི་སྐྱིད་ཤོད་ཞབས་དྲུང་ནི། ཨ་ཁུ་བཀྲ་ཤིས་སམ་བཀྲ་ཤིས་རབ་བརྟན་ཡིན། སྟོང་འཁོར་ཆོས་རྗེ་འདི་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྗེས་སུ་སེ་རའི་མཁན་ཁྲིར་ཕེབས་པ་ཐུའུ་བཀྭན་གྲུབ་མཐར་འཁོད་ཡོད། མཁན་རབས་བཅུ་དྲུག་པ་ཡིན། མཁན་ཁྲིར་ཅི་ཙམ་བཞུགས་པ་ལ་བཤད་ཚུལ་མི་འདྲ་བ་གཉིས་བྱུང༌། འཁྲུངས་རབས་བཻཌཱུརྱའི་མེ་ལོང་དུ་ལོ་བཞིར་བཞུགས་ཞེས་འཁོད་པ་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་སེར་དུ། བཅུ་དྲུག་པ་ནི། སྟོང་འཁོར་ཆོས་རྗེ་ཡོན་ཏན་རྒྱ་མཚོ། ཟླ་ངོ་གསུམ་ཙམ་སེ་རའི་གདན་སར་ཕེབས་ཏེ། སླར་ཁམས་སུ་ཕེབས་སོ། །ཞེས་འཁོད་པས་དཔྱད་གཞིར་སྣང་ངོ༌། །དུས་འགྱུར་མ་བྱུང་སྔོན་ལ་ལྷ་ས་གཙུག་ལག་ཁང་གི་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་དྲི་གཙང་ཁང་དུ་སྟོང་འཁོར་ཤོག་འབུམ་ཟེར་བ་ཞིག་མཇལ་རྒྱུ་ཡོད་པ་ནི། ལོ་རྒྱུས་ཡི་གེ་མིག་སྔར་མ་སོན་ཡང༌། བཤད་རྒྱུན་ལ་ལྷ་སའི་དཔོན་པོ་ཞིག་གིས་སྟོང་འཁོར་ཡོན་ཏན་རྒྱ་མཚོ་ལ་ཆོས་གནང་རོགས་ཞུས་ཏེ། ཉམས་སད་པའི་ཕྱིར། འབུམ་གྱི་ཡི་གེ་པོ་ཏི་བརྩེགས་ནས་ཁྲི་བཤམས། ཞབས་དྲུང་གིས་དེའི་སྟེང་ནས་ཆོས་གསུངས་རྗེས་འབུམ་གྱི་ཡིག་འབྲུ་རྣམས་ཡལ་ནས་སྟོང་པར་གྱུར་པས། སྟོང་འཁོར་ཤོག་འབུམ་སྤྲུལ་སྐུ་ཞེས་གྲགས་པ་བྱུང་།

སྤྱི་ལོ་ ༡༥༧༨ དགུང་གྲངས་ཉེར་གསུམ་པར་ཨལ་ཐན་ཆོས་ཀྱི་རྒྱལ་པོས་རྒྱལ་དབང་བསོད་ནམས་རྒྱ་མཚོ་གདན་དྲངས་ནས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་བཞུགས་པ་དང་མཇལ་ཏེ་བསྙེན་རྫོགས་བཞེས། གཞན་ཡང་བདེ་མཆོག་གི་དབང་སོགས་ཞུས། དེའི་སྐབས་སུ་ཨལ་ཐན་ཧན་དང་ཡང་མཇལ་འཕྲད་མཛད། སྤྱི་ལོ་ ༡༥༧༩ ལོར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཁོང་གི་སྐུ་ཚབ་ཏུ་ཨལ་ཐན་ཧན་དང་མཉམ་དུ་སོག་ཡུལ་དུ་ཆོས་གསུང་བར་ཆེད་དུ་མངགས། སོག་ཡུལ་དུ་ཕེབས་ནས་རྒྱལ་བློན་འབངས་དང་བཅས་པ་ལ་སྐྱབས་འགྲོ་དང་། བསྙེན་གནས་ཀྱི་སྡོམ་པ། ཡིག་དྲུག་གི་བཟླས་ལུང་སོགས་ཆོས་ཀྱི་ཆར་འབེབས། དགེ་བཅུའི་ཁྲིམས་ལ་སྦྱར། དགེ་འདུན་གྱི་སྡེ་བཙུགས། རིན་ཆེན་གཉིས་པ་ལས་སྟོན་པའི་སྐུ་ཆེན་པོ་བཞེངས་ཏེ་ཕུན་ཚོགས་སྡེ་བཞིའི་དཔལ་ལ་བཀོད། མཁས་བཙུན་ཡོན་ཏན་རྒྱ་མཚོ་ཨལ་ཐན་རྒྱལ་པོའི་དབུ་བླར་ཕེབས་པའི་རྟགས་སུ། གནའ་དུས་སུ་ཨལ་ཐན་གྱིས་གནང་བའི་ཕྱག་རྫས་མང་ཡང་ད་སྐབས་ལྕགས་ཐབ་སོག་ཡིག་དང༌། འབྲུག་རིས། གཡུང་དྲུང་གི་རི་མོ་སོགས་ཡོད་པ་སྤུས་ཚད་ཅན་ཞིག་ད་ལྟར་ཚེ་འབར་བཞག་ས་བྱས་ནས་ཡོད་ལ་དེང་སང་གནའ་རྫས་ཞིབ་འཇུག་ལས་ཁུངས་ནས་ངོ་མཚར་ཆེན་པོའི་རྒྱུ་ནོར་གྱི་གྲས་སུ་ངོས་འཛིན་བྱས་ཡོད། འདིའི་སྐོར་རྒྱ་ཡ་ཧན་ཀྲང་གིས་བརྩམས་པའི་ཏཱ་ལའི་བླ་མའི་རྣམ་ཐར་བསོད་ནམས་རྒྱ་མཚོའི་སྐབས་སུའང་གསལ། ཨལ་ཐན་རྒྱལ་པོ་གཤེགས་སྐབས་བདེ་བ་ཅན་དུ་སྐྱེ་བའི་ཐུགས་སྨོན་མཛད། དེའི་ཚེ་འཇའ་འོད་ཀྱི་གུར་དང༌། མེ་ཏོག་གི་ཆར་འབབ་པ་སོགས་ལྟས་བཟང་བྱུང་བ་དང༌། རྒྱལ་མོ་ཞིག་དུས་ལས་འདས་ཚེ་རྣམ་ཤེས་འགུག་བཞུག་སྐབས། ནམ་མཁའ་ནས་བྱིའུ་ཞིག་མིང་བྱང་གི་སྟེང་དུ་བབ་པ་སོགས་བྱུང་བས་ཀུན་དད་པ་ལ་བཀོད།

ཡང་ཨ་མདོའི་ཕྱོགས་སུ་བཞུགས་ཚེ་དཔལ་མགོན་བྲམ་ཟེས་མི་རྐང་གླིང་བུ་དངོས་སུ་ཕུལ་བ་དང༌། དམ་ཅན་རྡོ་རྗེ་ལེགས་པས་གནམ་ལྕགས་རྡོ་རྗེ་དངོས་སུ་ཕུལ་བར་གསུངས། མི་རྐང་གླིང་བུ་གནའ་དུས་བྲམ་ཟེའི་གར་འཆམ་སྐབས་ཕྱག་མཚན་བྱེད་ཀྱང་དེང་སང་མེད། གནམ་ལྕགས་རྡོ་རྗེ་དེང་སང་ཡང་ཡོད། སོག་ཡུལ་དུ་བཞུགས་སྐབས་གོང་མ་ཏཱ་མིང་ཝན་ལེ་རྒྱལ་པོས་ཀྱང་བཀའ་མཆེད་གནང་སྐྱེས་གཟེངས་བསྟོད་བླ་མེད་བསྩལ་བས། དམ་པ་འདི་རྒྱ་ཧོར་སོག་གསུམ་གྱི་ཆེ་དགུ་རྣམས་ཀྱིས་གཙུག་ཏུ་བཀུར་བའི་བླ་མར་གྱུར་ཏོ། །གོང་མ་འདི་ད་ལྟར་མིང་བྲིས་ཚུལ་གཉིས་སུ་བྱུང་བ་ཝན་ལིའམ་དབན་ལི་སྟེ་མིང་རྒྱལ་རབས་ཀྱི་རྒྱལ་པོ་བཅུ་བཞི་པ་ཡིན་ནོ། །འདི་ནས་བཟུང་སྟོང་འཁོར་ཞབས་དྲུང་རྣམས་ལ་ཧོ་ཐོག་ཐུ་ཞེས་དང་། ཡང་རྒྱ་ཧོར་སོག་གསུམ་གྱི་བླ་མ་ཞེས་འབོད་སྲོལ་ཆགས། བཀའ་རྩོམ་ལ། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱི་རྣམ་ཐར་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལེའུ་ལྔ་ཡོད་པ། མཛོད་དགེ་ནས་ཀླུ་ཤོད་སོགས་སུ་ཕེབས་པའི་རྣམ་ཐར་སོགས་རྣམ་ཐར་གྱི་སྐོར་མང་། སྟག་ཚང་ལྷ་མོའི་གནས་ཀྱི་དཀར་ཆག །རི་བོ་དགེ་ལྡན་པའི་བསྟོད་པ་ངོ་མཚར་རྨད་བྱུང་མ། གཅོད་ཀྱི་ཉམས་ལེན་མདོར་བསྡུས་བྱིན་རླབས་རོལ་པ་ཞེས་བྱ་བ། སངས་རྒྱས་འོད་དཔག་མེད་ཀྱི་འཕོ་བ། རྒྱུད་སྡེ་བཞིའི་ལམ་གྱི་གནད་བསྡུས་པ་རིག་འཛིན་རོལ་པའི་དགའ་སྟོན་ཞེས་བྱ་བ་ལ་སོགས་པ་ཡོད།

དེ་ལྟར་མཛད་པ་རླབས་ཆེན་མཛད་ནས། སྤྱི་ལོ་ ༡༥༨༧ བོད་རབ་བྱུང་བཅུ་པའི་མེ་ཕག་ལོར་གཟུགས་སྐུའི་བཀོད་པ་བསྡུས་སོ། །སྐྱེས་རབས་བཻཌཱུརྱའི་མེ་ལོང་དང༌། དུང་དཀར་ཚིག་མཛོད་སོགས་རྗེ་འདིའི་འདས་དུས་མཚུངས་ཀྱང༌། འཁྲུངས་དུས་མི་གཅིག་པས། དང་པོ་ལྟར་ན་སོ་གཉིས་ཐོག་ཞི་བར་གཤེགས་པ་དང༌། གཉིས་པ་ལྟར་ན་སོ་གཅིག་ཐོག་ཞི་བར་གཤེགས་པ་འདི་ལ་དཔྱད་གཞི་ཡོད་དོ། །

རྗེ་འདི་ནས་བསོད་ནམས་རྒྱ་མཚོའི་བར། མདོ་སྨད་ནོར་འཛིན་གྱི་ཁྱོན་མཐའ་དག་གསེར་མདོག་ཅོད་པཎ་འཆང་བའི་རིང་ལུགས་དྲི་མ་མེད་པས་ཡོངས་སུ་ཁྱབ་པ་ལ་བཀའ་དྲིན་གཞལ་ཟླ་བྲལ་ཚུལ་རྣམས་དེབ་ཐེར་རྒྱ་མཚོའམ་མདོ་སྨད་ཆོས་འབྱུང་དུ་འཁོད་ཡོད། དེ་ལྟར་རྗེ་སྐལ་ལྡན་པས་ཚིགས་བཅད་ཀྱིས་བསྔགས་པ་ནི། སྤྲུལ་སྐུ་བསོད་ནམས་རྒྱ་མཚོའི་དུས། །གཟིམས་ཁང་གོང་གི་སྤྲུལ་པའི་སྐུ། །བསོད་ནམས་ཡེ་ཤེས་དབང་པོ་དང༌། །སྟོང་སྐོར་ཡོན་ཏན་རྒྱ་མཚོ་དང༌། །དུང་རྩེ་ཀུན་དགའ་དཔལ་བཟང་སོགས། །སངས་རྒྱས་བྱང་སེམས་དུ་མ་ཡིས། །མདོ་སྨད་ཕྱོགས་འདིར་ཡོངས་སུ་གང༌། །ཞེས་གསུངས་སོ།།

སྨྲས་པ།

ཡེ་ཤེས་པ་ཡི་སྲུང་མ་དངོས་དག་གིས། །

རིན་ཆེན་ལས་གྲུབ་ཕྱག་མཚན་སྣ་ཚོགས་པ། །

གུས་པའི་བཏུད་དེ་དྲུང་དུ་འབུལ་ལགས་ན། །

དྲེགས་ལྡན་ས་ཡི་དབང་ཕྱུག་ལྟ་ཅི་སྨོས། །

དེའི་ཕྱིར་རྒྱ་ཧོར་སོག་གི་བླ་མ་ཞེས། །

དོན་སྟེང་མེད་པར་གཅམ་བུའི་ཚིག་མ་ཡིན། །

རང་ཕྱོགས་ཞེན་པའི་ཟོལ་བསྟོད་ག་ལ་ཡིན། །

གསང་བའི་རྣམ་ཐར་གཟིགས་མོར་སྤྱོན་དང་ཀྱེ། །ཞེས་སོ།། །།

སྐུ་ཕྲེང་གསུམ་པ་རྒྱལ་བ་རྒྱ་མཚོ།

༈ ཞབས་དྲུང་གསུམ་པ་རྒྱལ་བ་རྒྱ་མཚོ་ནི། སྤྱི་ལོ་ ༡༥༨༨ བོད་རབ་བྱུང་བཅུ་པའི་ས་བྱི་ལོར་དཀར་མཛེས་ཏྲེ་ཤོད་སྟག་བཟང་དུ་རིགས་གསུམ་མགོན་པོ་དང་སྒྲོལ་མའི་གཟུངས་སྒྲ་རང་གྲགས་དང༌། འཇའ་གུར་འཁྲིགས་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས། ཡབ་བསོད་ནམས་རྣམ་རྒྱལ་དང༌། ཡུམ་པདྨ་འཚོ་གཉིས་ཀྱི་སྲས་སུ་བལྟམས། ཁང་དམར་དགོན་གྱི་དྭགས་པོ་ཆོས་རྗེས་ཕྱག་རོགས་གནང་སྟེ་ལན་དང་པོར་ཁང་དམར་དགོན་གྱི་དཔོན་སློབ་ཡོངས་རྫོགས་ཀྱིས་གསོལ་དཔོན་མངགས་ནས། ཕྱག་ཕྲེང༌། རྡོར་དྲིལ། ཌ་མ་རུ་རྣམས་གཞན་རེ་དང་གོང་མའི་ཕྱག་རྫས་ངོ་མ་རེ་མདུན་དུ་ཕུལ་བས་དགྱེས་ཉམས་ཀྱིས་ངོ་མ་རྣམས་ཡར་བཞེས་ནས་གཞན་རྣམས་གསོལ་དཔོན་གྱི་པང་དུ་གཡུགས། ཡང་རྗེས་ཤིག་ལ་ལན་གཉིས་པར་སྐུ་གོང་མའི་མདུན་འདུག་པ་རྒྱལ་མཚན་བཟང་པོས་རྟེན་གསུམ་དང་ཕྱག་དྲིལ་རྣམས་གཞན་རེ་དང་ངོ་མ་གཉིས་རེ་ཕུལ་བས་ཁྲོས་ཉམས་ཀྱིས་ཚང་མ་ངོས་འཛིན་མཛད། སླར་ཡང་ལན་གསུམ་པར་སྐུ་ངོས་འཛིན་གཟབ་སྒྲུབ་ཀྱི་ཆེད་དུ་དྭགས་པོ་ཆོས་རྗེ་སོགས་ཀྱིས་དཔལ་ལྡན་ལྷ་མོ་ལ་འཕྲིན་ལས་བཅོལ་ཏེ་ཐུགས་བརྟག་ཞུས་པས་ཀྱང་ལེགས་པར་ཤར། དེ་ལྟར་བརྟག་དཔྱད་ཐེངས་གསུམ་བྱས་མཐར་ཀུན་གྱིས་གོང་མའི་ཡང་སྲིད་དུ་ཡིད་ཆེས་ཐོབ་པའི་སྒོ་ནས་གསེར་ཁྲི་མཐོན་པོར་མངའ་གསོལ། སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་སུ་ཚེ་དཔག་མེད་ཀྱི་སྙིང་པོ་ཐོལ་བྱུང་དུ་གསུངས། འཇིགས་བྱེད་དབང་གནང་སྐབས་སུ་དབང་རྫས་བཞེས། རྡོར་དྲིལ་བསྣམས་ནས་གར་སྟབས་མཛད། ཁྱད་པར་དགུང་གྲངས་གཉིས་ཙམ་ལོན་དུས་རྗེ་བླ་མ་ཡ་གིར་བཞུགས་འདུག་གསུངས། གང་དུ་བཞུགས་ཞུས་པ་ལ། ཉི་མ་དང་ནི་ཉེ་བ་ན། །སྐུ་ལ་ཆོས་གོས་བཟང་པོ་གསོལ། །དབུ་ལ་པཎ་ཞྭ་སྣེ་རིང་གསོལ། །ཆོས་འཆད་ཕྱག་རྒྱ་མཛད་ནས་བཞུགས། །ཞེས་དག་སྣང་ཤར་བའི་ངོ་མཚར་བའི་ཚིག་དག་གསུངས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་མང་པོའི་ཞལ་གཟིགས་རྒྱུན་པར་བྱུང༌། ནམ་ཞིག་ལ་ཆིབས་པ་འཆིབ་ཚུལ་དང༌། སྒར་འདེགས་ཚུལ་སོགས་རྩེད་མོ་ལྟ་བུ་མཛད་པ་ལ་ཞབས་འབྲིང་བས་གང་དུ་འགྲོ་ཞུས་པར། སོག་པོར་འགྲོ་གསུངས་ནས་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་མངའ་ཚུལ་དང་། སྐུ་གོང་མ་སོག་ཡུལ་དུ་ཕེབས་པའི་མཛད་པ་རྣམས་དྲན་ཚུལ་མཛད། མི་ཞིག་གི་ཁོག་ཏུ་གདོན་ཞུགས་ནས་གྲོགས་པོ་ངེད་གཉིས་ཞབས་དྲུང་ལ་གནོད་བྱེད་དུ་ནམ་སོང་ཡང་གླང་མགོ་ཅན་གྱི་སྲུང་བས་རྭ་གཡུགས་གཅིག་གིས་ངའི་གྲོགས་པོ་མེད་པར་བཟོས་སོང་ཟེར་ནས་ཆོ་ངེ་འདོན་པ་ལ་ཉིད་ཀྱིས་སྲུང་མདུད་ཅིག་བཏགས་པས་གདོན་རང་སར་ཞི་བ་མཛད་པ་སོགས་དམ་པའི་རང་རྟགས་རྒྱ་མཚོའི་རླབས་ཕྲེང་བཞིན་དུ་ངོམ། དགུང་གྲངས་བཞིར་སོན་པ་ན་མཁས་མཆོག་བློ་བཟང་བསྟན་པའི་རྒྱ་མཚོའི་དྲུང་ནས་དགེ་བསྙེན་བཞེས་ཏེ་མཚན་རྒྱལ་བ་རྒྱ་མཚོར་གསོལ། ཆུང་ངུའི་དུས་སུ་སྐུ་བསྭོ་ཐོག་གནས་སུ་ཕེབས་ཚེ་རི་གསུམ་ལ་ཕྱག་མཛུབ་གཏད་ནས་རིམ་བཞིན་སྤྱན་རས་གཟིགས། འཇམ་དབྱངས། ཕྱག་རྡོར་གྱི་གནས་རི་ཡིན་ཞེས་ངོས་འཛིན་གནང་བ་ནས་བཟུང་རིགས་གསུམ་གནས་ཞེས་པའི་སྙན་གྲགས་ཀྱི་རོལ་མོ་འཁྲོལ། དགུང་གྲངས་ལྔ་ལ་ཆོས་རྗེ་རིན་པོ་ཆེའི་དྲུང་ནས་བར་མ་རབ་བྱུང་དང་དགེ་ཚུལ་བསྒྲུབས། དགེ་རྩེ་ཞེས་པའི་འབྲོག་དུད་ལྔ་བརྒྱ་ཙམ་ཡོད་པ་དེས་གདན་འདྲེན་པ་ལ་ཕེབས་ཏེ་ནང་ཆོས་ངོ་སྤྲོད་དང༌། ཁྲི་དྲུང་གི་རྡོ་ཞིག་ལ་ཞབས་རྗེས་འཇོག་པ་སོགས་ཀྱིས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད། དེ་བཞིན་དུ་ཝ་ཤུར་ཞེས་པ་འབྲོག་སྡེ་དུད་ཚང་སྟོང་ཚོ་གཉིས་ཙམ་ཡོད་པ་དེས་དྲངས་པ་ལ་ཞབས་བསྐྱོད་གནང་སྟེ་ཁྲོམ་ཚོགས་ཆེན་པོ་ལ་བཀའ་སློབ་གནད་སྨིན་སྐྱོང་ཚེ་འཇའ་ཚོན་བཀྲ་བ་སོགས་ལྟས་བཟང་ཡ་མཚན་པ་བྱུང༌།

སྔོན་རྗེ་ཟླ་བ་རྒྱལ་མཚན་གྱིས་འདི་ནས་བྱང་ཕྱོགས་སུ་འབྲོག་སྡེ་ཆེན་པོ་ཞིག་ཆགས་པ་དེ་ང་ཡི་གདུལ་བྱར་འགྱུར་རོ་ཞེས་ལུང་བསྟན་ལྟར་སོག་ཡུལ་གྱི་སའི་ཚངས་པ་ཆེན་པོ་ཁོ་ལོ་ཆི་ཞེས་བྱ་བས་ཀྱང་གདན་དྲངས་པ་ལ་ཟབ་རྒྱས་ཆོས་ཀྱི་ཆར་ཕབ་སྟེ་སྐལ་ལྡན་རྣམས་ཀྱི་རྒྱུད་ལ་དགེ་བའི་ལོ་ཏོག་བསྐྲུན། སོག་ཡུལ་དུ་ཕེབས་ཚེ་བཞུགས་གྲལ་ཆེན་པོའི་དབུས་སུ་སྐུ་གོང་མའི་སྐུ་ཆས་དང་ཡོན་བདག་ཕལ་ཆེ་ངོ་མཁྱེན་པ་བྱུང༌། གཞན་ཡང་དཔོན་པོ་སངས་རྒྱས་སྐྱབས། ཕུ་ཚའི་དཔོན་ཤེས་རབ་གྲགས་པ། འགོ་ལོག་དཔོན་ཨ་སྐྱོང་ཚེ་འབུམ་ཐར། ནང་སོ་ངག་དབང་རྣམ་རྒྱལ་སོགས་སྡེ་འབངས་དང་བཅས་པའི་སྤྱི་བོའི་གཙུག་རྒྱན་དུ་གྱུར་ཏེ་མི་ལོ་གསུམ་གྱི་རིང་ལ་ཕྱོགས་དེར་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། རྗེ་འདིའི་གཟིམ་མལ་གྱི་སྐོར་ལ་རྡོ་ཧྲིལ་དཀར་ནག་མང་ཙམ་ཡོད་པ་ལ་ཞབས་འབྲིང་བ་དཔོན་པོས་འདི་དག་གིས་ཅི་བྱེད་ཟེར་ནས་ཕྱི་རོལ་ཏུ་དོར་ཡང༌། མལ་སྟན་གྱི་གསེབ་ཏུ་རྡོ་ཧྲིལ་ཆུང་ངུ་གཉིས་ཙམ་ལུས་འདུག་པས། འོ་ད་རྟེན་འབྲེལ་འཆུགས་སོང༌། དཔོན་པོ་ཁྱོད་ལུང་བ་སྣ་ཁུང་འདྲ་བ་གཉིས་ཀྱི་བདག་པོ་ལས་མི་འོང་ཞེས་གསུངས། རྟེན་འབྲེལ་མ་འཆུགས་ན་ཁམས་དང་ཨ་མདོ་ཕྱོགས་གཉིས་ཀ་ལ་བླ་མ་དང་དཔོན་པོའི་སྡེ་འབངས་རྒྱ་བསྐྱེད་ཆེར་འབྱུང་བ་འདྲ་ཡང་། དེས་ནི་སྟོང་འཁོར་ཟླ་སྙི་གཉིས་ལས་གཞན་ཆབ་འོག་ཏུ་འདུ་མི་ཐུབ་པའི་རྟེན་འབྲེལ་མི་ལེགས་པ་བྱུང་བ་རེད། སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་བློ་བཟང་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་བཞེས། རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐུ་དུས་སུ་དབུས་ཕྱོགས་སུ་ཕེབས་ཏེ་སེར་སྨད་རོང་པོར་ཆོས་ཞུགས་གནང་ནས་ཐོས་བསམ་མཛད། དགེ་བཤེས་དམ་འཇོག་སྐབས་སུ། བདག་མེད་ཡིན་ན། ཡོད་པས་ཁྱབ་ཅེས་ཁས་བླངས་ཐུན་མོང་མ་ཡིན་པ་ཞིག་གནང་བ་ནི། རང་ཉིད་འཕོ་བ་གྲོང་འཇུག་ལ་དབང་སྒྱུར་བ་སོགས་རྟོགས་པའི་ཆུ་ཚོད་མཐོན་པོར་སླེབས་པའི་བརྡ་རྟགས་སུ་ངོམ་པ་ཡིན་ཏེ། རྗེ་མི་ལས་བླ་མའི་བཀའ་དང་འགལ་ན་འགལ་བ་ཡིན་གསུངས་པ་དང༌། ཀློང་རྡོལ་བླ་མ་རིན་པོ་ཆེས་ཀ་བ་སྟོང་ཉིད་ཡིན་གསུངས་པ་དང༌། མཁས་གྲུབ་ནོར་བཟང་རྒྱ་མཚོས། གཞི་གྲུབ་ན། འདུས་བྱས་ཡིན་པས་ཁྱབ་གསུངས་པ་རྣམས་ཀྱང་སྐྱེ་བོ་ཕལ་པ་གཞན་དང་མི་འདྲ་བས་རང་རང་གིས་ཁྱད་ཆོས་རེ་སྟོན་པ་བཞིན་ནོ། །ཞབས་དྲུང་དགོན་འདིར་བཞུགས་མེད་དུས་ཤིག་ལ་ཡུལ་འདིར་ས་གཡོས་འཇིག་པ་ཤུགས་ཆེན་ཞིག་བྱུང་བས་ཟླ་བ་རྒྱལ་མཚན་གྱིས་བཞེངས་པའི་གཙུག་ལག་ཁང་རྟེན་བརྟེན་པ་ཆ་ཚང་འཐོར་བཤིག་ཏུ་སོང༌། རྗེ་འདིས་དེ་དག་གསར་བཞེངས་དང༌། བསྐྱར་གསོ་ལེགས་པར་གནང༌། ཁྱད་པར་དུ་བླ་མ་གསེར་གླིང་པའི་ཐུགས་དམ་གྱི་རྟེན་ཐུབ་དབང་གི་སྐུ་འདི་དང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཇོ་བོ་ལོ་ཀེ་ཤྭ་ར་གཉིས་མཉམ་དུ་འདིའི་སྐུ་རིང་ལ་གསེར་ཁང་དུ་བཞུགས་ཞེས་བཻཌཱུརྱ་མེ་ལོང་དུ་བྲིས་ཡོད་པ་དང༌། དུང་དཀར་ཚིག་མཛོད་མཇུག་གི་ལོ་ཚིགས་དྭངས་ཤེལ་མེ་ལོང་དུ། སྤྱི་ལོ་ ༡༦༤༥ ལོར་ཕོ་བྲང་དཀར་པོ་བཞེངས་འགོ་བཙུགས། འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་བར་སྐབས་མདོ་སྨད་ཁུལ་དུ་ཡུལ་གྱར་བ་འདི་ཉིད་འབྱོར་ཞེས་འཁོད་པ་ལ་གཞིགས་ན། ལ་ལའི་ངག་རྒྱུན་ལ་ལོ་ཀེ་ཤྭ་ར་ལྷ་ལྡན་དུ་ཡར་ཕུལ་བས་འབྱོར་ལན་དུ་གསེར་གླིང་པའི་ཐུགས་དམ་གྱི་རྟེན་ཇོ་བོ་འདི་མར་གནང་བ་ཡིན་ཟེར་བ་ནི་འགྲིག་ཐབས་མེད་པ་ཞིག་རེད། གང་ཡིན་ཞེ་ན། འབྱོར་ལན་ཡིན་ན། མདོ་རྒྱུད་རྒྱ་མཚོའི་སྐུ་དུས་སུ་འདིར་གསར་དུ་འབྱོར་དགོས་པས་སོ། །གང་ལྟར་ཡང་ལོ་ཀེ་ཤྭ་ར་འདིར་བཞུགས་མྱོང་བ་བདེན་པ་ཁོ་ནར་འདུག འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཡིན་པས་སྔོན་དུས་སུ་པོ་ཏ་ལ་ཁོ་ནར་བཞུགས་པ་ཡིན་ཡང་བར་སྐབས་ཤིག་ཏུ་སྡེ་པ་ཨ་དཔལ་གྱིས་ཐུ་མེད་ཀྱི་སེ་ཆེན་ཐའི་ཇི་ལ་ཕུལ། ཐའི་ཇིས་མཚོ་ཁར་གདན་དྲངས་པ་ནས་བཟུང་བོད་ཡུལ་ཀུན་ཏུ་མི་བདེ་བ་བྱུང་བར་གྲགས། ཞབས་དྲུང་གསུམ་པའི་སྐུ་རིང་འདིར་ཕེབས་པ་ཡིན་སྙམ། ༸རྒྱལ་མཆོག་ལྔ་པའི་རང་རྣམ་དུ་མཉྫུ་ཤྲཱི་ཆོས་རྗེ་བཏང་ཞེས་འཁོད་པས་དབུས་སུ་ཡར་སྐྱེལ་བར་ཞབས་དྲུང་བཞི་པ་ཕེབས་པ་འདྲ། ཕོ་བྲང་དཀར་པོ་བཞེངས་འགོ་བཙུགས་པའི་ས་འདུལ་གྱི་ཐོག་དེར་སླེབས་པས་མ་བསྒྲིགས་ལྷུན་འགྲུབ་ཀྱི་རྟེན་འབྲེལ་འགྲིགས་སོ།།

རྗེ་འདི་དགུང་གྲངས་བཅུ་དགུ་ཙམ་ཕེབས་པ་ནས་བཟུང་གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་དང་འབྲེལ་བ་ཆེན་པོ་བྱུང་ཡོད་དེ། སྤྱི་ལོ་ ༡༦༠༦ ལ་ཁལ་ཁ་དང༌། ཨོ་རོད་ཇུན་གར་གཉིས་མ་མཐུན་པར་འཁྲུགས་ཆེན་བྱུང་སྐབས་གུ་ཤྲཱི་ཧན་ཁལ་ཁའི་དམག་ཁྲོད་དུ་ཕེབས་ནས་ཕན་ཚུན་བར་འདུམ་འགྲིག་མཛད་པར་གྲུབ་འབྲས་ཆེན་པོ་བྱུང་བར་བརྟེན། ཆོས་རྗེ་འདི་དང་ཁལ་ཁའི་རྒྱལ་བློན་རྣམས་མགུ་ནས་ཏཱ་གུ་ཤྲཱི་ཞེས་པའི་ཆོ་ལོ་ཕུལ། དེའི་སྐོར་ཐུའུ་བཀྭན་གྲུབ་མཐའ་ལྡེབ་གྲངས་ ༤༥༧ དང༌། དུང་དཀར་ཚིག་མཛོད་ལྡེབ་གྲངས་ ༥༠༦ ནང་གསལ། དེའི་ཚེ་རྗེ་འདི་དགུང་གྲངས་བཅུ་དགུ་ཡིན་པ་དང༌། གུ་ཤྲཱི་ཧན་ཉེར་ལྔ་ཡིན་པ་དུང་དཀར་ཚིག་མཛོད་ཀྱི་ལོ་ཚིགས་སུ་གསལ། གུ་ཤྲཱི་ཧན་ནི་བོད་ཀྱི་སྲིད་དབང་ཡོངས་རྫོགས་༸གོང་ས་ལྔ་པ་ཆེན་པོ་ལ་ཕུལ་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཐོག་མར་འཛུགས་པར་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་ཞིང༌། གཏེར་བཏོན་དྲི་མེད་ལྷུན་པོའི་ལུང་བསྟན་ལས་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་དུ་གསུངས། ཐུའུ་བཀྭན་གྲུབ་མཐའི་ནང་དུའང༌སར་གནས་ཀྱི་བྱང་སེམས་ཆོས་ལྡན་རྒྱལ་པོའི་རྣམ་པར་བྱོན་པར་གསུངས་སོ། །རྗེ་འདིས་རེ་ཞིག་ཨེ་ཐུག་མི་ཤེས་ཞེས་གསུང་གི་ཐ་མ་བསྩལ་ཏེ། ཨ་ཚ་མོ་ཁོར་ཞེས་པའི་ལུང་པར་གློ་བུར་དུ་སྙུང་གཞི་བཞེས་ཚུལ་བསྟན། དགུང་གྲངས་ང་གཉིས་པ། སྤྱི་ལོ་ ༡༦༣༩ བོད་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་སྐུ་གཤེགས་ཏེ་སྐུ་ལུས་དོར། རྒྱ་ནག་ཤུ་གྲུ་ཞེས་པའི་ཡུལ་གྱི་སུག་ཆུའི་འགྲམ་དུ་རྒྱ་ཕྲུག་ལོ་ཉི་ཤུ་ལོན་པ་ཞིག་ཤི་བའི་རོ་ལ་གྲོང་འཇུག་མཛད་དེ་སྐྱེས་མཆོག་སྒྲ་སྒྱུར་ཡབ་སྲས་ཀྱི་རྣམ་ཐར་ལ་འགྲན་བཟོད་པར་གྱུར་ཏོ། །

དུང་དཀར་ཚིག་མཛོད་ཀྱི་གྲོང་འཇུག་ཚིག་འགྲེལ་ཐད་དུ་སྟོང་འཁོར་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ཡང༌། ཕ་མ་གཉིས་མི་དགོས་པར་སྐུ་ཕྲེང་སྔ་མ་མདོ་རྒྱུད་རྒྱ་མཚོ་སྐུ་གཤེགས་རྗེས་བྱིས་པ་ལོ་བརྒྱད་ལོན་པ་ཞིག་ཤི་བའི་རོ་ལ་གྲོང་འཇུག་མཛད་པ་ཡིན་ཟེར་སྲོལ་ཡོད་ཅེས་བྲིས་འདུག་ཀྱང༌དེ་ནི་ཅུང་མི་འཐད་པར་སྣང་སྟེ། དུང་དཀར་ཚིག་མཛོད་གཤམ་གྱི་ལོ་ཚིགས་དྭངས་ཤེལ་མེ་ལོང་སྐབས། ས་སྟག་སྤྱི་ལོ་ ༡༦༣༩ ལོར་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་རྒྱ་ཕྲུག་ཅིག་ལ་གྲོང་འཇུག་མཛད་པ་དེ་ཡིན་ཞེས་བྲིས་གནང་ཡོད་པ་དེ་ནི་ཡོངས་གྲགས་དང་ཡང་མཐུན་ལ་ལོ་རྒྱུས་ཁུངས་ཐུབ་གཞན་ཀྱང་ཡོད་དོ། །

གྲོང་འཇུག་སྐོར་མདོ་སྨད་ཆོས་འབྱུང་དེབ་གཟུགས་ལྡེབ་གྲངས་ ༧༨༤ ལ་གསལ། འདིའི་སྐོར་ལ་རྒྱལ་མཆོག་ལྔ་པའི་རང་རྣམ་དུ། སྟོང་འཁོར་བ་རྒྱལ་བ་རྒྱ་མཚོ་མངལ་དུ་སྲིད་པ་འཛིན་མ་དགོས་པར་རྒྱ་ཕྲུག་ལོ་ཉི་ཤུ་ཙམ་འགྲོ་བ་ཞིག་གི་ཕུང་པོ་དུར་ཁྲོད་དུ་བསྐྱལ་བར་བྱ་འཕུར་བ་བཞིན་སྐད་ཅིག་ལ་འཕོས་ནས་ང་སྟོང་འཁོར་བ་ཡིན་ཞེས་ངོས་བཟུང་བར་བརྟེན་སྟོང་འཁོར་འཕོ་བ་གྲོང་འཇུག་པར་གྲགས་པ་མདོ་རྒྱུད་རྒྱ་མཚོ་མཇལ་དུ་བྱོན། འབྲོག་མིའི་རྣམ་ཐར་བཞིན་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་སླར་རང་གི་ཕུང་པོ་ལ་ནི་འཇུག་པ་བཤད་ཀྱང་གྲོང་འཇུག་རྒྱུད་ནས་འདི་འདྲའི་ལས་སླ་བ་མ་བསྟན་པས་གང་ཡིན་ཆ་མ་ཐིངས་ཞེས་གསུངས་པ་ལ་བརྟེན། ཚད་གྲུབ་ཡིན་མིན་གྱི་བཤད་ཚུལ་མི་མཐུན་པ་མཆིས་ཀྱང་། དེབ་ཐེར་རྒྱ་མཚོར་དཔྱད་གཞི་མཛད་པ་སྤྱིར་དགོས་པ་ཤིན་ཏུ་ཆེ་ལ་ཞེས་གསུངས་པ་བཞིན། དཔྱད་གཞི་ཙམ་མཛད་པ་ལས་གྲོང་འཇུག་མིན་པར་ཐག་བཅད་པ་ག་ལ་ཡིན་ཏེ། སྟོང་འཁོར་ཞབས་དྲུང་ལྔ་པ་ཆེན་པོས། གསང་སྔགས་ཟབ་ལམ་གྲོང་འཇུག་གདམས་པ་ཡི། །བརྟེན་བློ་སྦྱངས་རྟོགས་ཡོན་ཏན་ཕུལ་དུ་ཕྱིན། །བསྟན་དང་འགྲོ་ལ་ཕན་པ་ཆེར་མཛད་པ། །མདོ་རྒྱུད་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་དང༌། གྲུབ་དབང་ཤར་སྐལ་ལྡན་རྒྱ་མཚོས་ཀྱང་། སྔགས་བསྟན་པའི་ཆོས་ཀྱི་བཅུད་བཟང་པོས། །ཐུགས་བརྩེ་བས་གྲོང་འཇུག་བདེ་ལམ་ནས། །དཔལ་མདོ་རྒྱུད་རྒྱ་མཚོའི་སྐྱེ་བ་བཞེས། །ཞེས་ཚད་གྲུབ་གནང་ཡོད་པར་མ་ཟད་མཁས་དབང་བྲག་དཀར་རིན་པོ་ཆེས་ཀྱང་། འདིས་གྲོང་འཇུག་མཛད་པ་ནི་གྲོང་འཇུག་གི་བརྒྱུད་པ་ལས་ད་རེས་གསར་དུ་བྱུང་བ་ཞིག་མ་ཡིན་པར་གྲོང་འཇུག་སྦྱངས་པའི་སྔོན་གྱི་སྐྱེས་རབས་གསུངས་ནས་དེ་དུས་ཀྱི་བག་ཆགས་སད་པ་ཡིན་པར་གསུངས་སོ། །

འབྲས་སྤུངས་ཁྲི་པ་གུང་རུ་བསྟན་པ་བསྟན་འཛིན་གྱིས་མཛད་པའི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་གསེར་ཁྲི་རིམ་བྱོན་རྣམས་ཀྱི་ཁྲི་རབས་ཡོངས་འདུའི་ལྗོན་བཟང༌ལས། ལྔ་པའི་རང་རྣམ་དུ་གྲོང་འཇུག་རྒྱུད་ནས་འདི་འདྲའི་ལས་སླ་བ་མ་བསྟན་པས་གང་ཡིན་ཆ་མ་ཐིངས་གསུངས་ཀྱང་། ཕ་བོང་ཁ་པས་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ལ་བརྟེན་པར་བཤད་ཅེས་དང་། ཡང་དེ་ཉིད་ལས། ཕྱོགས་གཞན་དུ། དར་མ་མདོ་སྡེ་ནས་དེ་ལྟའི་གདམས་རྒྱུན་ཆད་པར་གྲགས་ཀྱང༌། མཚུར་སྟོན་དང་རྔོག་སྟོན་སོགས་ལ་གྲོང་འཇུག་གི་གདམས་པ་མེད་ན་དེང་དུས་དྭགས་པོ་བཀའ་བརྒྱུད་ལ་ཆོས་དྲུག་གི་གདམས་པ་ཆ་ཚང་བ་ཞིག་མེད་པར་འདོད་དགོས་ཤིང་། དེ་ལྟར་འདོད་ན། བར་དོ་ངོ་སྤྲོད་སྒྱུ་མ་གསུམ་རྒྱུད་དང༌། །མགྱོགས་འགྲོ་འཕོ་ཉ་འཕོ་བ་གྲོང་འཇུག་སོགས། །རྒྱུད་གཉིས་གདམས་པའི་གཏེར་གྱུར་གསེར་ལྡིང་པ། །གཞོན་ནུ་འོད་ཅེས་གྲགས་ཤིང་གྲུབ་པ་དང་འགལ་ལ། གཞན་ཤངས་པ་བཀའ་བརྒྱུད་ལའང་ནི་གུའི་ཆོས་དྲུག་གི་གདམས་པ་མེད་ཅེས་སྐུར་བ་འདེབས་ཕོད་དམ། དེར་མ་ཟད། ན་རོ་པ་ལས་གྲུབ་ཆེན་གཞན་ལའང་གདམས་པ་དེ་མེད་པར་འདོད་དགོས་ན། དེ་འདྲའི་ལོ་རྒྱུས་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་མ་དག་པར་སྨྲ་དགོས་སོ། །ཞེས་ཚད་མའི་ལུང་རིགས་ཀྱིས་བསྒྲུབས་འདུག་པ་གནད་དུ་མཐོང་ནས་འདིར་བཀོད།

སྨྲས་པ།

ཁྱོད་ཐུགས་ཨ་དར་ཤ་ཡི་ངོས། །

མ་འོངས་འཕོ་འགྱུར་གཟུགས་རིས་གསལ། །

འོན་ཀྱང་སྤྱི་བོ་གནམ་བསྟན་འགའ། །

དེ་ལའང་སོམ་ཉི་དཔྱང་ཐག་འཛིན། །

ཀྭ་ཡེ་ཡུལ་དགོན་སྡེ་བདུན་ཚོ། །

ཕ་མེས་དུས་ཀྱི་བླ་མར་བསྟེན། །

གནའ་རབས་དུས་ཀྱི་དགོན་གནས་བརྩི། །

སྔོན་མའི་རྟེན་གསུམ་དད་ན་མཛེས། །ཞེས་སོ། །

སྐུ་ཕྲེང་བཞི་པ་གྲོང་འཇུག་མདོ་རྒྱུད་རྒྱ་མཚོ།

༈ ཞབས་དྲུང་བཞི་པ་གྲོང་འཇུག་མདོ་རྒྱུད་རྒྱ་མཚོ་ནི། སྤྱི་ལོ་ ༡༦༣༩ བོད་རབ་བྱུང་བཅུ་གཅིག་པའི་ས་ཡོས། ཧོར་ཟླ་བཅུ་པའི་ཚེས་བཅུ་གཅིག་གི་ཉིན་ཤུ་གྲུ་ཞེས་པའི་ཡུལ་གྱི་སུག་ཆུའི་འགྲམ་དུ་རྒྱ་ཕྲུག་ལྕགས་སྤྲེལ་ལོ་པ་རང་ལོ་ཉི་ཤུར་ཚེ་ཡི་དུས་བྱས་པ་ཞིག་གི་རོ་དུར་ཁྲོད་དུ་བསྐྱལ་བ་ལ། སྐུ་གོང་མ་རྒྱལ་བ་རྒྱ་མཚོས་བྱ་འཕུར་བ་བཞིན་སྐད་ཅིག་ལ་འཕོ་བ་གྲོང་འཇུག་མཛད་པའི་རྒྱ་ཕྲུག་པུར་སྒྲོམ་གྱི་སྟེང་དུ་དཀྱིལ་ཀྲུང་གིས་བཞུགས་པ་ལ། མི་རྣམས་ཀྱིས་རོ་ལངས་ཞེས་འཇིགས་ཤིང་སྐྲག་སྟེ། ཐེ་ཇུ་དམག་གི་དཔུང་ཁྲིད་ནས་དགྲོང་བར་བརྩམས་ཚེ། མཚོན་ཆས་གནོད་མ་ནུས་པར་ལུས་པ་ན། རྒྱ་ཕྲུག་གིས་བདག་ནི་རོ་ལངས་མིན་གྱི་སྟོང་འཁོར་རྒྱལ་བ་རྒྱ་མཚོས་གྲོང་འཇུག་བྱས་པ་ཡིན་གསུངས་ནས་མི་རྣམས་དངངས་སྐྲག་ལས་དབུགས་དབྱུང་སྟེ། ཀུན་དད་པ་ལ་བཀོད། རྒྱལ་བ་རྒྱ་མཚོས་མྱ་ངན་ལས་འདས་ཁར་སྐུ་སྐྱེ་ཕྱི་མ་ཕེབས་ཡུལ་གྱི་ས་ཆའི་དབྱིབས་དང༌། མི་རིགས་སོགས་ཀྱི་ལུང་བསྟན་དར་དཀར་གྱི་ངོས་ལ་བྲིས་ནས་བཞུགས་གདན་གྱི་གསེབ་ཏུ་སྦས་ཡོད་པ་རྙེད་པས་ཀྱང་སྐུ་འཁོར་སོགས་ཀྱི་རྒྱུད་ལ་ཡིད་ཆེས་ཆེར་སྐྱེད་པར་བྱེད། རྒྱ་དཔོན་ཅང་ཇུན་གྱིས་རིན་པོ་ཆེ་གདན་དྲངས། ལོ་རྒྱུས་རྣམས་གོང་མ་ལ་ཞུས། གོང་མ་ནས་སྐུ་གདུང་དང༌རིན་པོ་ཆེ་གཉིས་ཀ་གདན་སར་ཡར་དྲངས་ཆོག་པའི་གནང་བ་དང༌། དངོས་པོའི་གནང་སྦྱིན་ཚད་མེད་བསྩལ། རིན་པོ་ཆེ་ཤར་ཕྱོགས་ནས་གདན་དྲངས་ཚེ། རྒྱལ་བ་ཡོན་ཏན་རྒྱ་མཚོའི་དངོས་སློབ་རྣམ་རྒྱལ་དཔལ་འབྱོར་རྒྱལ་མཚན་གྱིས་དགྱེས་པའི་གསུང་གིས་ཞབས་དྲུང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་མཛད། རོང་པོ་སྐལ་ལྡན་རྒྱ་མཚོའི་སྤྱན་སྔར་རབ་ཏུ་བྱུང་། མཚན་འཇམ་དབྱངས་རྒྱ་མཚོ་གསོལ། དབུས་ཕྱོགས་སུ་ཕེབས་ཏེ་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་བཞེས། སྔར་འཇམ་དབྱངས་རྒྱ་མཚོ་ཞེས་པ་དེ་མདོ་རྒྱུད་རྒྱ་མཚོ་ཞེས་མཚན་བསྒྱུར་མཛད།

དགའ་ལྡན་ཆོས་འབྱུང་བཻ་སེར་གྱི་མཇུག་ཕྱོགས་སུ། སྟོང་འཁོར་བ་ནི། རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་དུས་མཉམ་ཙམ་དུ་སྟོང་འཁོར་ཡོན་ཏན་རྒྱ་མཚོ། དེའི་སྐྱེ་བ་རྒྱལ་བ་རྒྱ་མཚོ། དེའི་སྐྱེ་བ་འཇམ་དབྱངས་རྒྱ་མཚོ། ཞེས་དང་། ཡང་ཀློང་རྡོལ་བཀའ་འབུམ་དུ། མཐའ་འཁོབ་འདུལ་བ་རྒྱལ་མཚན། སྟོང་འཁོར་ཡོན་ཏན་རྒྱ་མཚོ། སྟོང་འཁོར་འཇམ་དབྱངས་རྒྱ་མཚོ། སྟོང་འཁོར་འཇམ་དབྱངས་ལྷུན་འགྲུབ་ཅེས་སོགས་ཅུང་མི་འདྲ་བ་འབྱུང་བ་ནི། དགའ་ལྡན་ཆོས་འབྱུང་བཻ་སེར་ལས། སྟོང་འཁོར་ཆོས་རྗེ་ཡོན་ཏན་རྒྱ་མཚོ། དེའི་སྐུའི་སྐྱེ་བ་སྤྲུལ་པའི་སྐུ་གཉིས་བྱུང་སྟེ། སྟོང་འཁོར་སྤྲུལ་པའི་སྐུ་འཇམ་དབྱངས་རྒྱ་མཚོ་དང༌། རྒྱལ་བ་རྒྱ་མཚོ་གཉིས་ལྷན་ཅིག་ཏུ་བྱུང་བར་གྲགས་སོ་ཞེས་གསལ་བ་ལྟར། ཞབས་དྲུང་སྐུ་ཕྲེང་གསུམ་པ་རྒྱལ་བ་རྒྱ་མཚོའི་ཡང་སྲིད་འཇམ་དབྱངས་རྒྱ་མཚོའམ་མདོ་རྒྱུད་རྒྱ་མཚོ་དང་། ཞབས་དྲུང་གཉིས་པ་ཡོན་ཏན་རྒྱ་མཚོ་ལ་ཡོངས་གྲགས་སུ་ཡང་སྲིད་གསུམ་བྱུང་བ་ལས་འཇམ་དབྱངས་རྒྱ་མཚོ་ཞུ་བ་གཅིག་སྟེ། འཇམ་དབྱངས་རྒྱ་མཚོ་མཚན་ཅན་གྱི་སྟོང་འཁོར་སྤྲུལ་སྐུ་གཉིས་བྱུང་ཡོད་པ་དག་གཅིག་ཏུ་འཁྲུལ་བར་དོགས་ནས་གསལ་བཤད་མདོར་བསྡུས་ཤིག་བྲིས།

༸གོང་ས་༸ལྔ་པ་ཆེན་པོ་འབྲས་སྤུངས་སུ་བཞུགས་པ་དང་གསེར་ཞལ་མཇལ། མ་ཟད་སའི་ཚངས་པ་ཆེན་པོ་བསོད་ནམས་ཆོས་འཕེལ་དང༌། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་རྣམ་གཉིས་དང་ཡང་མཇལ་འཛོམས་མཛད། སེ་རར་ཆོས་ཞུགས་མཛད། དགའ་ལྡན་དུ་ཕེབས་ཚེ། དགའ་ལྡན་གྱི་གནས་རི་དེ་དཔལ་གསང་བ་འདུས་པའི་ཕོ་བྲང་དུ་དངོས་སུ་གཟིགས་པའི་དག་སྣང་ཤར། ༸གོང་ས་ལྔ་པ་ཆེན་པོས་དགོན་གནས་འཛུགས་པ་སོགས་བསྟན་འགྲོ་ལ་ཕན་པ་བསྒྲུབ་དགོས་ཚུལ་གྱི་བཀའ་སློབ་དང༌། ཕེབས་རྫོངས་གནང་སྦྱིན་རྒྱ་ཆེན་པོར་བསྩལ། དེ་བཞིན་དུ་སྡེ་སྲིད་བསོད་ནམས་ཆོས་འཕེལ་དང༌། གུ་ཤྲཱི་ཧན་གཉིས་ཀྱིས་ཀྱང་ཕེབས་རྫོངས་རྒྱ་ཆེར་གནང༌། ཁྱད་པར་གུ་ཤྲཱི་ཧན་གྱིས་མདོ་མཁར་དགོན་གནས་འདེབས་སའི་ས་ཆ་གསོལ་རས་དང༌། སླན་ཆད་དགོན་གནས་དེ་ཞབས་དྲུང་རིམ་བྱོན་གྱིས་བདག་དབང་བྱེད་པ་ལས། གཞན་སུས་ཀྱང་རྩོད་གླེང་མི་ཆོག་པའི་བཀའ་ཤོག་ཐམ་ག་ཅན་གནང༌། སྤྱི་ལོ་ ༡༦༤༦ ལོར་མདོ་མཁར་ཟི་ལིང་སྟོང་འཁོར་དགོན་གསར་དུ་བཏབ། སྤྱི་ལོ་ ༡༦༤༧ ལོར་དཔའ་རིས་མཆོད་རྟེན་ཐང་ཕྱག་བཏབ། བོད་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ། སྤྱི་ལོ་ ༡༦༦༥ ལ་རྗེ་ཉིད་དགུང་གྲངས་ཉེར་བདུན་ཐོག་གོང་མ་ཁང་ཤིས་ཀྱི་དབུ་བླར་ཕེབས་ཏེ་ལོ་གཅིག་ཙམ་བཞུགས། དེས་ཀྱང་ཆན་ཞི་མཉྫུ་ཤྲཱིའི་གོ་གནས་དང་འཇའ་ས་གནང༌། གོང་མ་འདི་ནི་མན་ཆིང་རྒྱལ་རབས་ཀྱི་ཁྲི་ཐོག་གཉིས་པ་ཡིན། སྲིད་ལོ་དྲུག་ཅུ་རེ་གཅིག་བཟུང་ཡོད། བཻཌཱུརྱ་མེ་ལོང་དུ། འཇམ་དབྱངས་གོང་མ་ཤུན་ཀྲི། བོད་སྐད་དུ། བདེ་སྐྱིད་རྒྱལ་པོ་ཁྲི་བཞུགས་ལོ་བརྒྱད་དུ་ཕེབས་པ་དང་མཇལ་འཕྲད་མཛད་སྐབས་ཞེས་འཁོད་ཀྱང༌། དེ་ཅུང་མ་དག་པར་མངོན་དེ། གོང་མ་ཤུན་ཀྲི་ནི་མན་ཆིང་རྒྱལ་རབས་ཀྱི་ཁྲི་ཐོག་དང་པོ་ཡིན་པས་འདི་ཁྲི་ལོ་བརྒྱད་ཕེབས་སྐབས་སུ་དབུ་བླར་ཕེབས་པ་ཡིན་ན། འཁྲུངས་རབས་རང་དུ་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ། ཞབས་དྲུང་དགུང་ལོ་ཉེར་བདུན་ཐོག་པེ་ཅིན་དུ་ཕེབས་ཚུལ་གསུངས་པ་དང་མི་འགྲིག དུང་དཀར་ཚིག་མཛོད་སོགས་དང་ཡང་མི་མཐུན། དེས་ན་ཞབས་དྲུང་དབུ་བླར་ཕེབས་སའི་གོང་མ་ནི། ཁང་ཤིས་ཡིན་པ་ལོ་རྒྱུས་ཁུངས་ཐུབ་དང་མཐུན་པར་སེམས་སོ། །སྐུ་གོང་མས་ལུང་བསྟན་ལྟར། སྙི་བ་རྣམས་ཀྱིས་འགོ་གཏད་ཞུས་ནས་སྙི་སྟོད་སྨད་རྣམས་ཆབ་འབངས་སུ་འདུས། སྙི་བཀྲ་ཤིས་དར་རྒྱས་གླིང་ཕྱག་བཏབ། རང་དགོན་དུ་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་གསེར་དངུལ་གྱིས་བྲིས་མའི་བཀའ་བསྟན་ཆ་ཚང་ཞིག་བཞེངས། དཔའ་རིས་ཕྱོགས་སུ་གནས་སྒོ་གསར་དུ་ཕྱེ། སྨན་ཆུ་དང་། བདེ་མཆོག་བླ་མཚོ་ངོས་འཛིན་གནང༌། གང་བཞུགས་ཡིད་ལ་དྲན་པ་ཙམ་གྱིས་ཀྱང༌། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྩོལ་མཛད་ཉེར་བཞིའི་ཆ་ཤས་གཡུ་མཚོ་ལ། །བདག་ཅག་ལུས་ངག་ཡིད་གསུམ་གུས་པས་འདུད། །ཅེས་པ་མཚོ་མཇལ་བ་རྣམས་ལ་ཞལ་འདོན་ལྗགས་རྩོམ་གནང༌། གནས་དེའི་རྡོའི་ངོས་ལ་ཕྱག་གཉིས་ཀྱི་རྗེས་བཞག་སྟེ་གྲུབ་རྟགས་མཛད། གུ་ཤྲཱི་ཧན་གྱིས་དམུ་དགེ་ཚོ་བ་བཅོ་བརྒྱད། རྨེ་ཚ་ཤོག་ཆེན་བཅུ་བདུན། མཁར་ལུང་ཤོག་པ་དྲུག་རྣམས་འདིའི་དབང་འོག་ཏུ་འབུལ་གནང་མཛད། རྒྱ་མཱ་སིང་ཡེས་ཀྱིས་རྗེ་ཉིད་ལ་ངའི་ཡི་དམ་གང་ཡིན། ད་ནངས་ཞོགས་པར་ཅི་བསྒོམས་འདུག སེམས་ཐོག་ཏུ་ཡོང་རྒྱུ་ཞིག་ཡོད་པ་མི་འདུག་པ་ཅིས་ལན་ཞུས་པར། ཉིད་ཀྱི་ཡི་དམ་ཐུགས་རྗེ་ཆེན་པོ་རེད། ནངས་པར་ཡང་དེ་བསྒོམས་འདུག དེ་ང་དང་ཁྱོད་ལ་ལས་འབྲེལ་མེད། དེའི་རྣམ་འཕྲུལ་ཞིག་དང་ཁྱོད་འཕྲད་འོང་བ་དེས་ལུང་སྟོན་ཞེས་གསུངས་པ་ལྟར། ཕྱིས་སུ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ལ་ཞུས་པས་སྔར་ལྟར་གསུངས་པས་ཡིད་ཆེས་བརྟན་པོ་བྱེད། དགོན་ལུང་དུ་འབུལ་དཔོན་པ་ཀུན་དགའ་རྒྱ་མཚོ་བཙོན་དུ་བཅུག་པ་རྗེ་འདིས་འཕྲུལ་གྱིས་ཐར་པར་མཛད། དེའི་སྐོར་ངོ་མཚར་བ་མང་ཡང་ཡི་གེ་མང་དོགས་པས་དེ་ཙམ་ལས་མ་བྲིས། ཞིབ་པར་གཟིགས་འདོད་ན་དེབ་ཐེར་རྒྱ་མཚོའི་ལྡེབ་གྲངས་ ༡༡༤ ལ་གཟིགས། སེམས་ཉིད་དགོན་དུ་གདན་རབས་བཅུ་བཞི་པ་ཏོབ་ཚང་དཔོན་སློབ་གྲགས་པ་དར་རྒྱས་ཀྱིས་གདན་དྲངས་པ་ལྟར་ཕེབས་ཏེ་ཀུན་རིག་དབང་ཆེན་གནང༌། དེའི་གདན་རབས་བཅོ་ལྔ་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་ལ་འཇམ་དཀར་དང༌། མགོན་པོའི་རྗེས་གནང་བསྩལ། དངོས་སློབ་ཀྱང་གནས་བརྟན་བ་ཀུ་ལའི་རྣམ་འཕྲུལ་དུ་གྲགས་པ་སྔོ་ཁོ་ཁྲི་རྒན་གྱི་སྤྲུལ་སྐུ་བསོད་ནམས་དཔལ་བཟང་དང༌། སེང་གེ་བཟང་པོ། རྟིས་ཚང་མ་ཎི་བ་ཤེས་རབ་གྲགས་པ་སོགས་མང༌། དུག་ཆུ་ཞིག་ལ་བདུད་རྩིའི་མིང་བཏགས་པ་ནས་བཟུང་ཁྲག་མཁྲིས་ཀྱི་ནད་ལ་ཤིན་ཏུ་ཕན་པའི་སྨན་ཆུར་གྱུར། ཤུས་གྲུས་ཕྱོགས་སུ་ལྷ་ཁང་ཞིག་རབ་གནས་སྐབས་སུ་རྗེས་སོར་འདུས་ཁང་ཡོང་བར་ལུང་བསྟན། མཆོད་རྟེན་ཐང་དུ་བདེ་རྒུ་མཁན་སྤྲུལ་ཡེ་ཤེས་བསྟན་འཛིན་འགའ་ཞིག་གི་བྱེད་སྤྱོད་དབང་གིས་ཁྲི་ལས་ཟུར་བཞུགས་མཛད་སྐབས་རྗེ་ཉིད་པེ་ཅིན་དུ་བཞུགས་པ་ལ་ཞུས་ཏེ་མཚན་གྱིས་ཁྲི་བྱིན་གྱིས་བརླབས། མདོར་ན། རྗེ་འདི་༸པཎ་ཆེན་༸བློ་བཟང་ཆོས་རྒྱན། ༸གོང་ས་༸ལྔ་པ་ཆེན་པོ། རོང་པོ་སྐལ་ལྡན་རྒྱ་མཚོ་རྣམས་ཀྱི་དངོས་སློབ་ཏུ་གྱུར་ཏེ་ཅི་གསུང་བསྒྲུབས་པ་དང༌། གོང་མ་ཁང་ཤིས། གུ་ཤྲཱི་ཧན། ཚ་ཁོ་རྒྱལ་པོ་སོགས་ཀྱི་དབུ་བླར་གྱུར་ནས་ཆོས་སྲིད་ཀྱི་མངའ་ཐང་རྣམས་ལ་གཞན་གྱིས་འགྲན་པའི་ཟླ་དང་བྲལ་བ་མཛད་དོ། །དགུང་གྲངས་ཞེ་ལྔར་ཕེབས་པ། སྤྱི་ལོ་ ༡༦༨༣ བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ལོར་དགོངས་པ་གཞན་དོན་དུ་གཤེགས་སོ། །

སྨྲས་པ།

འཇམ་མགོན་ཐུགས་བཅུད་ཕྱུང་བའི་མན་ངག་མཆོག །

དགའ་ལྡན་སྙན་བརྒྱུད་གདམས་པའི་གངས་རི་ལས། །

ལེགས་འོངས་ཟབ་ལམ་གྲོང་འཇུག་ཆུ་རྒྱུན་ཅིག །

གང་གི་བགོ་སྐལ་ཐོབ་འདི་ཨ་ཧོ་རྨད། །

གནའ་དུས་ཕལ་པའི་མི་ལ་དེང་གི་མིས། །

ལྟ་སྤྱོད་ཀུན་ནས་བསྒྲུན་པ་མི་བཟོད་ན། །

སྔོན་དུས་དམ་པའི་གསང་གསུམ་རྒྱ་མཚོ་ལ། །

དེང་དུས་གཟུ་ལུམ་མཁན་གྱིས་ཇི་ལྟར་སྒྲུན། །ཅེས་སོ། །

སྐུ་ཕྲེང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོ།

༈ ཞབས་དྲུང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོ་ནི། སྤྱི་ལོ་ ༡༦༨༤ བོད་རབ་བྱུང་བཅུ་གཅིག་པའི་ཤིང་བྱི་ལོར། རྨ་ཆུའི་རྒྱུད་དུ་གཅན་ཚའི་དཔོན་འབུམ་ཡག་སྐྱབས་དང༌། ཡུམ་འབུམ་མི་སྐྱིད་གཉིས་ཀྱི་སྲས་སུ་བལྟམས། མི་རིང་བ་སྟོང་འཁོར་དགོན་ཕན་ཚུན་དང༌། ཟི་ལིང༌། དཔའ་རིས། ཅོ་ནེ་སོགས་དགོན་ཁག་རྣམས་ཀྱིས་མདོ་རྒྱུད་རྒྱ་མཚོའི་གསེར་ཁྲི་མཐོན་པོར་མངའ་གསོལ། ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དྲུང་དུ་ཡོངས་རྫོགས་དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་རབ་ཏུ་བྱུང༌། མཚན་ངག་དབང་བསོད་ནམས་རྒྱ་མཚོ་གསོལ། ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། བླ་མ་དམ་པ་ངག་དབང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་པོ་དང༌། ལི་གྱ་དོན་ཡོད་ཉི་མ། ཡོངས་འཛིན་དམ་པ་བློ་བཟང་ཉི་མ། རྩེ་གདོང་ཞབས་དྲུང་ངག་དབང་དགེ་ལེགས་སོགས་བཤེས་གཉེན་མང་དུ་བསྟེན་ནས་དབང་ལུང་ཁྲིད་སོགས་མཐའ་ཡས་པ་ཞུས། དབུས་གཙང་དུ་ཕེབས་བཞུད་མ་མཛད་ཀྱང་མདོ་སྔགས་ཀྱི་ཆོས་ལ་མཁས་པའི་ཡང་རྩེར་སོན། གཞན་ཡང༌། རྩེ་གདོང་ཆོས་ཀྱི་དཔལ་འབྱོར། སློབ་དཔོན་བློ་བཟང་བཀྲ་ཤིས། མཚུངས་མེད་ནམ་མཁའ་བསམ་འགྲུབ། རྗེ་དཔལ་ལྡན་ཆོས་སྐྱོང༌། སྤྲུལ་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་སོགས་ཀྱི་ཞབས་ལ་གཏུགས་ནས་རི་བོ་དགེ་ལྡན་པའི་གཞུང་ལུགས་རྣམས་ལྟ་ཅི། ས་རྙིང་བཀའ་འབྲུག་གི་གྲུབ་མཐའ་གང་ལའང་ཐོགས་པ་མེད་པའི་མཁས་ཚུལ་བཞེས། ཞབས་དྲུང་དཀར་པོ་ངག་དབང་བློ་བཟང་བསྟན་པ་རྒྱལ་མཚན་དཔལ་བཟང་པོ་ལས་དགེ་སློང་གི་དངོས་པོ་བསྒྲུབས། ཆོས་བཀའ་ཡང་ཅི་རིགས་གསན། སྤྱི་ལོ་ ༡༧༡༠ ལོར་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་དང༌། སྙི་བཀྲ་ཤིས་དར་རྒྱས་གླིང་གཉིས་སུ་ལྷན་དུ་བདེ་མཆོག་དཔའ་བོ་ཉེར་ལྔའི་གར་སྟབས་དང༌། བསྒྲལ་ཆོག་ཕུར་སྐོར་དང་བཅས་པའི་ཕྱག་སྲོལ་དང༌། དབྱངས་རྟ་འདོན་སོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་བཞིན་དགུ་གཏོར་ཆེན་མོ་འཛུགས་པར་མཛད། སྔར་སོར་དགོན་གནས་འདི་ལ་བཀྲ་ཤིས་ལྷུན་པོར་འབོད་པ་ལ། དེ་ནས་རྗེ་འདིས་གསང་ཆེན་རྡོ་རྗེ་གླིང་ཞེས་མཚན་བསྒྱུར། སྔགས་རམས་པ་འཇམ་དབྱངས་བློ་གྲོས་བཤེས་གཉེན་དུ་བསྟེན་ཏེ། གསང་བདེ་འཇིགས་གསུམ་གྱི་དབང་དང༌། རྗེ་ཡབ་སྲས། པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་བ་དགེ་འདུན་གྲུབ། རྒྱལ་བ་དགེ་འདུན་རྒྱ་མཚོ། གོང་ས་ལྔ་པ་ཆེན་པོ་སོགས་ཀྱི་གསུང་འབུམ་རྣམས་ཀྱི་ལུང་དང་ཁྲིད་སོགས་མཐའ་ཡས་པ་ཞུས་ནས་སློབ་མའི་གཙོ་བོར་གྱུར། སྔགས་རམས་པ་འཇམ་དབྱངས་བློ་གྲོས་ནི། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། ལྕང་སྐྱ་རྡོ་རྗེ་འཆང༌། འཇམ་དབྱངས་བཞད་པ་སོགས་ཀྱི་སློབ་མའི་གཙོ་བོ་ཞིག་ཡིན་པ་དང༌། ཁོང་གིས་གཡེར་གཤོང་དུ་གྲྭ་ཚང་བཙུགས་ནས་འཆད་ཉན་མཛད། སྟོང་འཁོར་བསོད་ནམས་རྒྱ་མཚོ་སོགས་སློབ་མ་དང༌། སྐྱེ་བརྒྱུད་བཟང་པོ་མང་དུ་བྱུང་ངོ༌། །དེའི་སྐོར་ཐུའུ་བཀྭན་གྲུབ་མཐའ་མཚོ་སྔོན་དཔར་མའི་ལྡེབ་གྲངས་ ༣༣༣ དུ་གསལ། རྗེ་འདི་བསྭོ་ཐོག་གནས་སུ་ཕེབས་སྐབས་སྐྱེ་བོ་མང་པོས་སྐུ་གོང་མ་རྣམས་ཀྱིས་འདིར་གྲུབ་རྟགས་རེ་ཡོད་པས་ཉིད་ཀྱིས་ཀྱང་གྲུབ་རྟགས་ཤིག་མཛད་རོགས་ཞུས་པས། ཡ་གསུངས་ནས་ཞབས་ས་ལ་བརྒྱབ་ཏེ། ས་ཡར་སློག་གསུངས། ས་སློག་ཚེ་རྡོ་ཞིག་གི་སྟེང་དུ་ཞབས་རྗེས་བཞག་ཡོད་པ་ལ་ཀུན་ཀྱིས་ངོ་མཚར་དུ་འཛིན་པས། དེས་ཅི་ཕན། ཕན་ན་ཨོ་རྒྱན་རིན་པོ་ཆེ་དང༌། རྗེ་ཙོང་ཁ་པ་སོགས་ཀྱིས་བོད་ལུང་ཁོག་ཏུ་རྡོ་ལུས་པ་མེད་པར་ཞབས་རྗེས་འཇོག་ཐུབ་པ་ལ་ཅིའི་ཕྱིར་མ་འཇོག་གསུངས། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཚོ་སྔོན་པོའི་ཕྱོགས་སུ་ཕེབས་པ་དང་མཇལ་ཏེ་ཆོས་འབྲེལ་ཞུས། སྤྱི་ལོ་ ༡༧༢༣ རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ལོར། མཚོ་སྔོན་ཕྱོགས་སུ་སོག་དམག་འོངས་ཏེ་དམག་འཁྲུག་ཆེན་པོ་བསླངས་ནས་མདོ་རྒྱུད་རྒྱ་མཚོས་ཕྱག་བཏབ་པའི་མདོ་མཁར་དགོན་སོགས་མདོ་སྨད་བྱང་རྒྱུད་ཀྱི་དགོན་པ་མང་པོ་མེར་བསྲེགས་ཏེ་སྐུ་འབུམ་ཁྲི་པ་ཆུ་བཟང་རིན་པོ་ཆེ་སོགས་དགེ་འདུན་མང་པོ་བཀྲོངས། དེ་ལྟར་གནས་ཚུལ་ཛ་དྲག་གི་སྐབས་སུ་རྗེ་འདི་ཉིད་ནི་གཡེར་གཤོང་དུ་ཕེབས་ནས་སྔགས་རམས་པ་འཇམ་དབྱངས་བློ་གྲོས་ལས་བླ་མཆོད་ཊཱིཀྐ་སོགས་གསན་ནས་བཞུགས་སོ། །ཐུའུ་བཀྭན་ཧོ་ཐོག་ཐུའི་བསྟི་གནས་དགོན་ལུང་དུ་ཆོས་འཁོར་རྒྱ་ཆེར་བསྐོར། དེར་ཆོས་ཁྲི་བྱིན་ཅན་ཡོད་གསུངས། སྒོ་མང་མཁན་སྤྲུལ་བསོད་ནམས་འོད་ཟེར་ལ་རབ་བྱུང་གི་མཁན་པོ་མཛད། མཆོད་རྟེན་ཐང་ཞལ་བདག་མཛད། བཅའ་ཡིག་བཞག །འཆད་ཉན་གོང་འཕེལ་གྱི་ཐབས་ཚུལ་ལྷུར་བཞེས། ཉིད་ནས་རྡོ་རྗེ་སློབ་དཔོན་གནང་ནས་དབེན་ས་ལུགས་ཀྱི་ལྕགས་མཁར་གཏོར་རྒྱག་སྐབས་ལྟས་ཁྱད་པར་ཅན་བྱུང་བའི་སྐོར། དེབ་ཐེར་རྒྱ་མཚོ་ལྡེབ་གྲངས་ ༡༢༤ ལ་གཟིགས་ན་གསལ། སྐུ་གོང་མའི་དངོས་སློབ་སེང་གེ་བཟང་པོའི་སྤྲུལ་སྐུ་ཤཱཀྱ་བཟང་པོ་འདིའི་དངོས་སློབ་ཏུ་གྱུར། མཆོད་རྟེན་ཐང་དུ་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་གསར་བཞེངས་སྐབས་ཨ་ཙ་ར་འགས་རྟེན་སྣ་མང་པོ་རྗེ་ཉིད་ལ་ཕུལ་བས་རྗེ་ཉིད་ཀྱིས་དེ་དག་རྟེན་གྱི་ནང་དུ་བྱིན་རྟེན་ལ་ཕུལ། འདི་དང་མཉམ་དུ་བར་ཁམས་སྟོང་འཁོར་དང་། ཟི་ལིང་སྟོང་འཁོར་གཉིས་སུ་ལྷ་ཁང་འདྲ་མཚུངས་རེ་རེ་སྟེ་ཁྱོན་ལྷ་ཁང་གསུམ་བཞེངས། དེ་ཕྱོགས་ནས་རབ་གནས་མཛད་སྐབས་སུ་ཕྱག་ནས་གཏོར་བ་བར་ཁམས་སྟོང་འཁོར་གྱི་ལྷ་ཁང་དུ་ཡང་བབས་ཡོད་ཅེས་རྗེ་གསེར་ཁང་པས་གསུངས། ནད་གཞི་ཆེན་པོ་དག་གིས་བསྐོར་གྲངས་བསགས་ན་སང་དྲག་ཏུ་འགྲོ་བ་མྱོང་བས་གྲུབ། གཅུང་ངག་དབང་རྣམ་རྒྱལ་གྱི་ཆེད་དུ་སྲི་བཟློག་གི་རིམ་གྲོ་མཛད་པས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་གཞིས་དེར་འཁྲུངས། དགོན་གསར་བཀྲ་ཤིས་རབ་བརྟན་ཕྱག་བཏབ་རྗེས་སུ་དགོན་གསར་དེར་ཀུན་མཁྱེན་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ་ལ་རྡོར་ཕྲེང་གི་དབང་གནང༌། སྤྲུལ་སྐུ་ངག་དབང་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་ངོས་འཛིན་མཛད། རྗེ་ཉིད་འཁོར་ལོའི་སྒང་ཟེར་བའི་དགོན་པ་ནས་རང་ཡུལ་དུ་ཕེབས་དུས་བྱམས་ཁང་གི་ཚངས་པའི་སྐུ་བརྙན་འབྱོན་གྲབས་བྱས་ཏེ་སྤྱན་ཆབ་བྱུང་བར་བཤད། སྤྱི་ལོ་ ༡༧༣༦ རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོར་ཟི་ལིང་སྟོང་འཁོར་ཐུབ་བསྟན་བཤད་སྒྲུབ་གླིང་ཕྱག་བཏབ། དེར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཡང་བཙུགས། སྤྱི་ལོ་ ༡༧༤༣ རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ལོར། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་གཙོར་མཛད་པ་རྣམས་ལ་ཕྲེང་བ་དང་ཀྲྀ་ཡ་སྦྲགས་པའི་དབང་དང་བཤད་པ་ཟབ་ཅིང་རྒྱ་ཆེར་གནང༌། རྗེ་འདི་ནི། དཀོན་མཆོག་འཇིགས་མེད་དབང་པོའི་ཡབ་ངག་དབང་རྣམ་རྒྱལ་དང༌། གསང་སྒྲོག་བདེ་ཆེན་སྤྲུལ་སྐུ། ཨུས་ཇང་ནང་སོ། སྟོང་འཁོར་སྐུ་འབུམ་ཚེ་རིང་། དཔོན་པོ་ཡུམ་མེ་སོགས་སྐུ་མཆེད་བདུན་གྱི་གཅེན་པོ་ཡིན་པ་དང༌། དཀོན་མཆོག་འཇིགས་མེད་དབང་པོ་དགུང་གྲངས་བདུན་ལ་སྒོ་བླ་ཞེས་པའི་མཚན་འདོགས་པ་པོ་ཡིན་པ་བཅས་དུང་དཀར་ཚིག་མཛོད་དུ་ཀུན་མཁྱེན་སྐབས་སུ་གསལ། ཡང་དགུང་གྲངས་བདུན་ལ་འཇིགས་བྱེད་དཔའ་གཅིག་གི་དབང་བསྩལ་བ་དང༌། བཅུ་གསུམ་ལ་དགེ་ཚུལ་ཡང་གནང༌། སྡེ་དགེ་རྒྱལ་པོས་གདན་འདྲེན་པ་མངགས་ཀྱང་ཕེབས་རྒྱུ་མ་བྱུང་བར་རི་བོ་རྩེ་ལྔར་གནས་མཇལ་ཕེབས། ཡར་ལམ་གྲོང་ཁྱེར་ཞིག་གི་ཉེ་འདབས་སུ་ཞག་ཤས་བཞུགས་ཚེ་བཞེས་དཀར་ཆག་སྟེ་དུམ་བུ་གཉིས་སུ་གྱུར་པ་ལ། ཞལ་ནས་ང་གཅིག་གིས་འདི་ཕྱོགས་དང་ཕ་ཡུལ་ཀུན་མགོ་མི་གནོན་པས་ཡང་སྲིད་གཉིས་ཕེབས་པའི་རྟེན་འབྲེལ་འདི་ལེགས་གསུངས་ཏེ། སྤྱི་ལོ་ ༡༧༥༢ རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་ལོར་རི་བོ་རྩེ་ལྔར་ཕེབས་པའི་ཡར་ལམ་དུ་སྐུ་ཞི་བར་གཤེགས་སོ། །ཆུ་བཟང་རིན་པོ་ཆེས་སྐུ་གདུང་ཞུགས་འབུལ་མཛད་སྐབས་གདུང་ཁང་ནས་དབུ་ཐོད་མཐེབ་རྒྱ་ཙམ་ཡར་ཏེ་མདུན་ཅོག་སྟེང་དུ་བབས་པ་ལ་རང་བྱོན་མང་དུ་ཕེབས་པ་སོགས་ལྟས་ངོ་མཚར་ཅན་བྱུང་བ་དེབ་ཐེར་རྒྱ་མཚོ་སོགས་ལོ་རྒྱུས་ཁུངས་ཐུབ་ལས་བྱུང་ངོ་། །

སྨྲས་པ།

གང་དེའི་དྭང་བའི་ཐུགས་མཚོ་རུ། །

གྲུབ་མཐའ་རྣམ་བཞིའི་ལྟ་བའི་གནད། །

ཕྲ་རགས་གཟུགས་བརྙན་མ་འདྲེས་གསལ། །

དཔལ་ལྡན་དེ་འདྲ་སྤུན་ཟླས་དབེན། །ཞེས་སོ། །

སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ།

༈ ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ་ནི། སྟོང་འཁོར་གྱི་ཡུལ་རྨོག་རི་ཞེས་བྱ་བའི་གྲོང་དུ། སྤྱི་ལོ་ ༡༧༥༤ བོད་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་ལོའི་ཟླ་བ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་ཉི་དྲོས་ལ། འཇའ་ཚོན་རིས་སུ་བཀྲ་བ་སོགས་ལྟས་དུ་མ་དང་བཅས། ཡབ་རིན་ཆེན་དང༌། ཡུམ་སྒྲོལ་མ་ཐར་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་བལྟམས་སར་ཕ་བོང་ཆེན་པོ་ཞིག་ལ་ཞབས་རྗེས་ཡོད་པ་ད་སྐབས་ཀྱང་ཁྱིམ་གཞིས་དེས་གཙིགས་ཆེན་བྱས་ཏེ་བདག་གཉེར་བྱས་ཡོད། ཇི་སྐད་དུ་མཁས་གྲུབ་ཆེན་པོ་འཇོག་པོ་ངག་དབང་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་གྱིས། ལྷག་པར་བསོདໆ་ནམໆས་ཡེ་ཤེས་རྒྱໆ་མཚོໆ་ལས། །གཉིས་མེད་གཉིས་སྣང་ནམ་མཁའི་ནོར་བུ་གང་། །འཇམໆ་དཔໆལ་སྙིང་པོའི་རིང་ལུགས་དགེໆ་འདུནໆ་སྡེ། །བཤད་སྒྲུབ་རྒྱལໆ་མཚནໆ་སྒྲེང་ལ་གསོལ་བ་འདེབས། །ཞེས་པ་ལྟར། འདི་དང་དུས་མཚུངས་སུ་ཟི་ལིང་ཕྱོགས་སུ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་འཁྲུངས། དེ་ནས་བཟུང་སྟེ། ཞབས་དྲུང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོའི་དགོངས་བཞེད་དང༌ལུང་བསྟན་ལྟར་ཟི་ལིང་དང་འདི་ཕྱོགས་གཉིས་ལ་སྤྲུལ་སྐུ་རེ་རེ་ཕེབས་རྒྱུའི་འགོ་བཙུགས་ནས་ད་ལྟའི་བར་ཕྱོགས་གཉིས་སུ་སྤྲུལ་པ་མང་དུ་ཕེབས་ཡོད། འཇམ་དཔལ་དགེ་འདུན་རྒྱ་མཚོ་ནི་ཀུན་གཟིགས་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང༌། ཕུར་བུ་ལྕོག་ངག་དབང་བྱམས་པ། ལྕང་སྐྱ་རོལ་པའི་རྡོ་རྗེ། ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་དབུ་བླ་ཁྲི་དོན་གྲུབ་རྒྱལ་མཚན་གྱི་སྐུ་སྐྱེ་ལྡན་ཆོས་འཁོར་སྤྲུལ་སྐུའམ་གླིང་ཡོངས་འཛིན་སྤྲུལ་སྐུ་སྐྱེ་ཕྲེང་གཉིས་པ་བཅས་ནས་མགྲིན་དབྱངས་གཅིག་གིས་ཞབས་དྲུང་ལྔ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང༌། ལྷག་པར་ལྕང་སྐྱ་རིན་པོ་ཆེ་ནས་རྗེ་འདི་ཉིད་དང་གོང་མ་ཆན་ལུང་བར་འབྲེལ་མཐུད་བྱུང་བ་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་། འདིའི་མཁན་རབས་ལྔ་པ་རོང་བཞུ་རབ་འབྱམས་པ་བྱམས་པ་ལེགས་ལྡན་དགེ་རྒན་བསྟེན་ཏེ་ཡི་གེ་འབྲི་ཀློག་སོགས་ཐུགས་སུ་ཆུད་པར་མཛད། དགུང་གྲངས་བརྒྱད་ལ་བླ་མ་བསོད་ནམས་དར་རྒྱས་མདུན་དུ་དགེ་བསྙེན་དང༌། བར་མ་རབ་བྱུང༌། དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་འཇམ་དཔལ་དགེ་འདུན་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་གཉིས་ལ་ཕེབས་དུས་དབུས་ཕྱོགས་སུ་ཞབས་བསྐྱོད། ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོའི་གསེར་ཞལ་མཇལ། སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་མཛད། སྐབས་དེའི་ཁྲི་ལས་ཐོག་པ་གྲགས་པ་འཕྲིན་ལས་བཤེས་གཉེན་དུ་བསྟེན་ཏེ། བཀའ་པོད་ལྔ་སོགས་སྦྱངས་པས་མཁས་པའི་ཡང་རྩེར་སོན། དགུང་ལོ་ཉི་ཤུར་ཕེབས་དུས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་རྫོགས་བཞེས་སྐབས། པཎ་ཆེན་རིན་པོ་ཆེས་ཐུབ་དབང་གི་སྐུ་ཁྲུ་གང་ལས་ལྷག་པ་སྒྱུ་རྩལ་མཁས་པས་བཞེངས་པའི་ངོ་མཚར་བ་ཞིག་འབྲལ་སྤང་གི་ཚུལ་དུ་གནང་ཡོད། དེ་ནི་ད་ལྟར་སྟོང་འཁོར་གསེར་ཁང་དུ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བཞིན་བཞུགས། དགུང་གྲངས་ཉེར་གཉིས་ཐོག་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོའི་སྤྱན་སྔར་ལྷ་ལྡན་སྨོན་ལམ་ཆེན་མོའི་རབ་འབྱམས་པའི་མཚན་བཏགས་བཞེས། རོང་པོའི་མ་བརྡུངས་གསེར་རྔ་རང་གྲགས་ཞེས་པའི་མཚན་སྙན་ཐོབ། སླར་རང་ཡུལ་དུ་ཞབས་བསྐྱོད་ནས་འགྲོ་བ་མང་པོ་ཟབ་རྒྱས་ཆོས་ཀྱིས་ཚིམས་པར་མཛད། སྤྱི་ལོ་ ༡༧༨༢ བོད་རབ་བྱུང་བཅུ་གསུམ་པའི་ཆུ་སྟག དགུང་ལོ་ཉེར་དགུ་ལ་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་བཞི་པ། རྒྱ་ནག་གི་ལོ་རྒྱུས་ཐོག་སྙན་གྲགས་ཤིན་ཏུ་ཆེ་བའི་གོང་མ་ཆན་ལུང་གི་དབུ་བླར་ཕེབས། དེར་ལོ་གཅིག་ལྷག་བཞུགས་ནས་ཕྱིར་ཕེབས་ཁར། གོང་མ་ནས་གསོལ་རས་ལ་ཡོང་ཤེལ་ལས་གྲུབ་པའི་ཇོ་བོའི་སྐུ་ཙནྡན་གྱི་བཞུགས་ཁང་དང་བཅས་པ་ཁྱད་འཕགས་དང༌། སངས་རྒྱས་རབས་བདུན་གྱི་ཞལ་ཐང་ངོ་མཚར་བ་བདུན། གསེར་གྱི་ཐམ་ག་སོགས་འཇིག་རྟེན་ན་རྙེད་དཀའ་བ་རྣམས་གནང་སྦྱིན་མཛད། དེ་དག་ལས་ཙནྡན་གྱི་བཞུགས་ཁང་གཅིག་པུ་ཙམ་ད་ལྟར་ལུས་ཡོད། སྤྱི་ལོ་ ༡༧༩༢ བོད་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ལོར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར་མཆོག་གི་ཆོས་གྲྭ་ཆེན་པོའམ་མཚན་ཉིད་གྲྭ་ཚང་གསར་འཛུགས་ཀྱི་དགོངས་པ་འཁྲུངས་ནས་དེའི་རིམ་གྲོ་ལ་གཙང་བཀྲ་ཤིས་ལྷུན་པོའི་ཕྱག་ལེན་ལྟར་དྲུག་ཅུ་ལྕགས་མཁར་ཆེན་མོ་གསར་འཛུགས་དང་། སྟོང་འཁོར་གསེར་ཁང་གི་རྟེན་གཙོ་གསེར་གླིང་པའི་ཐུགས་དམ་གྱི་རྟེན་ཇོ་བོ་རིན་པོ་ཆེ་ལ་གསེར་ལས་གྲུབ་པའི་དབུ་རྒྱན་དང༌། སྙན་རྒྱན་དང༌། སྟོད་ཁེབས་རྣམས་ཕུན་སུམ་ཚོགས་པ་གྲུབ་པར་བྱས་ནས་ཕུལ་ཏེ་རྒྱལ་བ་གཉིས་པས་རྣམ་ཐར་ལྟར་མཛད། སྤྱི་ལོ་ ༡༧༩༩ ས་ལུག་ལོར་ཧོར་བྲག་འགོ་ནས་ལྷ་བཟོ་ནམ་མཁའ་རྒྱན་གདན་དྲངས་ནས་དཔག་བསམ་འཁྲི་ཤིང་ཞལ་ཐང་སོ་གཅིག་དང༌། རྒྱན་དྲུག་མཆོག་གཉིས་ཞལ་ཐང་དགུ། བདེ་ཅན་ཞིང་ཁམས་ཞལ་ཐང་སོགས་བཞེངས། བསྟན་པའི་གཞི་རྩར་དམིགས་ནས། སྤྱི་ལོ་ ༡༨༠༠ ལྕགས་སྤྲེལ་ལོར། རྒྱལ་བསྟན་ནོར་བུའི་བང་མཛོད་ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་ཀུན་དགའ་མཐོང་གྲོལ་ཞེས་བྱ་བ་སེར་སྨད་གྲྭ་ཚང་གི་ཕྱག་ལེན་ལྟར་གྱི་མཚན་ཉིད་གྲྭ་ཚང་གསར་འཛུགས་གནང་། བཀའ་རྩོམ་གྱི་རིམ་པ་ཡང༌། ཕར་ཕྱིན་དོན་བདུན་ཅུའི་རྣམ་བཤད་མི་ཕམ་བླ་མའི་ཞལ་ལུང༌། དམ་ཆོས་པད་དཀར་གྱི་ཕན་ཡོན། གསེར་ཁང་གི་དཀར་ཆག་དད་པའི་འདབ་བརྒྱ་བཞད་པའི་ཉིན་བྱེད། སྐྱེས་རབས་སྤྱི་བཤད། རང་ལ་གདམས་པའི་བསླབ་བྱ། གསུང་མགུར་རིགས་ཕྱོགས་གཅིག་ཏུ་བཀོད་པ། ཚེ་དཔག་མེད་ལ་གསོལ་འདེབས་དང་སྨོན་ལམ། བྱམས་པའི་དྲུང་དུ་བགྲོད་པའི་ཐེམ་སྐས་སོགས་སྨོན་ལམ་ཁ་ཤས། རེ་ཏཱི་བརྒྱད་ཅུ། སྒྲོལ་དཀར་བསྟོད་པ། རྟེན་བཞེངས་ཀྱི་དཀར་ཆག གཅིག་དུ་བྲལ། སྦྱོར་ལམ་གྱི་དམིགས་རྣམ་སྐོར། གཞུང་བཟང་སྟོང་གི་སྒོ་འབྱེད་ལེགས་བཤད་གསེར་གྱི་ལྡེའུ་མིག བརྗེད་ཐོ། བློ་རིགས། རྟགས་རིགས། དབྱངས་འཆར་གྱི་འཁོར་ལོ། སྔགས་ཀློག་ཐབས། སུམ་རྟགས་ཀྱི་དོན་འགྲེལ། ལམ་རིམ་ཆེན་མོའི་མཆན་འགྲེལ་སོགས་མང་། དགུང་གྲངས་ལྔ་བཅུ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕག་སྤྱི་ལོ་ ༡༨༠༣ ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། །།

སྨྲས་པ།

འཇམ་དཔལ་དམ་པ་གར་མཁན་ཁྱད་པར་འཕགས། །

གདན་སར་ཞབས་བཅགས་བཤད་གྲྭ་བཟང་བཏབ་པས། །

སྐལ་ལྡན་མཐའ་དག་ཐར་པར་བག་ཆགས་བཞག །

ས་མཁན་ཡང་དག་དད་ལ་གང་མང་རངས། །

མི་རིགས་སྤྱི་ཡི་སྙིང་གི་ཐིག །

ཕུགས་འདུན་མཐུན་འགྱུར་རྒྱུན་ལུགས་གསུང་། །

མཛེས་བྱེད་དཔེ་མེད་དགེ་སེམས་དེ། །

སྟོང་འཁོར་གྲོགས་ཚོགས་དགོས་སོ་ལོ། །ཞེས་སོ། །

སྐུ་ཕྲེང་བདུན་པ་བློ་བཟང་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན།

༈ ཞབས་དྲུང་བདུན་པ་བློ་བཟང་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན་ནི། སྡེ་དགེ་རྒྱལ་པོའི་མངའ་འོག་ཡིད་ལྷུང་དུ། སྤྱི་ལོ་ ༡༨༠༦ རབ་བྱུང་བཅུ་གསུམ་པའི་མེ་སྟག་ལོའི་ཟླ་བཞི་པར་ཉི་མ་མེ་བཞི་འགྲུབ་སྦྱོར་གྱི་ཉིན་ཡབ་དཀར་དགེ་དང༌། ཡུམ་སོག་རུ་ནོར་བཟང་གི་བུ་མོ་དགེ་འདུན་འཚོ་གཉིས་ཀྱི་སྲས་སུ་འོ་མ་བཞོས་པས་སྣོད་གང་བ་དང་མཉམ་དུ་སྐུ་བལྟམས། པཎ་ཆེན་བསྟན་པའི་ཉི་མས་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་གྲངས་བདུན་ཐོག་ཁམས་སྟོང་འཁོར་དུ་གདན་དྲངས། ལྕགས་མོ་དགེ་བཤེས་ཤཱཀྱ་བསོད་ནམས་ཡོངས་འཛིན་དུ་བསྟེན་ཏེ་ཀློག་བསླབས། རྭ་ལོ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དངོས་གྲུབ་དཔལ་བཟང་པོའི་དྲུང་ནས་རབ་ཏུ་བྱུང༌། དགེ་ཚུལ་བཞེས། གླིང་བསྲེ་བློ་བཟང་བསྟན་འཕེལ་ལས། རྣམ་འགྲེལ་དང༌། དབུ་ཕར་རྣམས་སྦྱངས། ལྕགས་མོ་དགེ་བཤེས་བློ་བཟང་བསམ་འགྲུབ་ལས་བྱང་ཆུབ་ལམ་གྱི་རིམ་པ་དམར་ཁྲིད་ཀྱི་མན་ངག་ཡོངས་སུ་རྫོགས་པ་གསན་བསམ་མཛད། དབྱངས་ཅན་བཞད་པ་རྡོ་རྗེས་དབང་རྡོ་རྗེ་ཕྲེང་བ། མི་ཏྲ་བརྒྱ་རྩ་སོགས་དང༌། ལྕམ་སྲིང་ལས་གསུམ་གྱི་རྣམ་གཞག་ལུང་སོགས་བསྩལ། ལྷ་ལྡན་དུ་ཕེབས་ཞོར་འདིའི་གྲྭ་ཚང་གི་མཁན་རབས་བཞི་པ། ཞབས་དགེ་བཤེས་དོན་འགྲུབ་རྒྱ་མཚོ་རི་ཁྲོད་དུ་བཞུགས་པ་དང་མཇལ་ནས། དགེ་བཤེས་ཁོང་དགུང་ལོ་དོན་དགུ་ལ་འཚུབ་ཆ་ཆེ་ལུགས་སོགས་མ་འོངས་མཁྱེན་པའི་ལུང་བསྟན་ཏེ་དབུས་སུ་ཕེབས། སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་ཕུན་སུམ་ཚོགས་པ་དང༌། རོང་པོ་དགེ་བཤེས་ཡེ་ཤེས་ཆོས་འཕེལ་བསྟེན་ནས་གཞུང་པོད་ལྔ་ལ་ཐུགས་སྦྱངས་གནང༌། དགུང་གྲངས་ཉེར་ལྔ་ལ་རིགས་ཀྱི་སྔ་རྒོལ་མཛད་སྐབས་ཉིད་ཀྱི་རྣམ་དཔྱོད་ཀྱི་དཔལ་ཡོན་ལ་རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོས་ཐུགས་དགྱེས་ཚོར་ཆེན་པོས་ཐུབ་དབང་གི་སྐུ་ལི་མ་སོགས་བྱ་དགའ་གསོལ་རས་གནང་སྦྱིན་དང༌། རྒྱལ་ཚབ་ཚེ་སྨོན་གླིང་ནས་ཀྱང་འཇམ་དཔལ་གྱི་འདྲ་སྐུ་གནང་བ་སོགས་གཟེངས་བསྟོད་བླ་མེད་བསྩལ། དགུང་གྲངས་ཉེར་བདུན་ལ་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་བཞེས། སོ་གཅིག་ལ་སྨོན་ལམ་ཆེན་མོར་དམ་བཅའ་བཞག་པས་ལྷ་རམས་ཨང་དང་པོའི་མཚན་སྙན་ཐོབ། རང་དགོན་དུ་ཆོས་གྲྭ་ཆེན་པོ་ཉམས་ཆག་འགྲོ་བཞིན་པ་ལ་མི་དབང་ཆོས་མཛོད་ཀྱི་ཐུགས་ཀྱིས་མ་བཟོད་ནས་མྱུར་དུ་རང་ཡུལ་དུ་ཕེབས་བཞུད་གནང་དགོས་པར་ནན་སྐུལ་བྱུང་བར་བརྟེན། དེའི་ཐད་ལ་ཀེའུ་ཚང་རིན་པོ་ཆེ་ལ་ཐུགས་བརྟག་ཞུས་པས། འདིར་བཞུགས་ན་དགའ་ལྡན་གསེར་ཁྲིར་དབང་བ་དང༌། རྒྱ་ནག་ཏུ་ཕེབས་ན་གོང་མའི་དབུ་བླར་ཕེབས་ཐུབ་པ་འབྱུང་ཡང༌། དེ་དག་ལས་ཕ་ཡུལ་དུ་ཆོས་གྲྭ་ཆེན་པོར་གཟིགས་སྐྱོང་གནང་ན་བསྟན་འགྲོར་ཕན་ཆེ་བ་ལུང་བསྟན་བསྩལ་བ་ལྟར་རང་ཡུལ་དུ་ཆིབས་བསྒྱུར་གནང༌། བསྟན་པ་རྩ་བ་དང་གཞི་མ་ནས་གསོ་བ་དགོངས་ཏེ་གསོ་སྦྱོང་ཁེལ་སྐབས་ཚོགས་ཆེན་སོགས་གང་དང་གང་གི་སྐབས་སུའང་དབུ་བཞུགས་དེས་མདོ་གསུང་དགོས་པ་དང༌། དབུ་མཛད་ཀྱིས་ཕྱིར་བཅོས་བསྐྱང་དགོས་པ། གྲྭ་མང་གསོ་སྦྱོང་ལ་ཆད་མེད་ཕེབས་དགོས་པ་དང་། མ་ཕེབས་ན་ཆད་ལས་འགེལ་བའི་བཀོད་སྒྲིག་གནང་སྟེ་གསོ་སྦྱོང་ལ་དོ་དམ་ཆེར་མཛད། མ་ཟད་སྦྱིན་བདག་གི་གམ་ཚུན་ཆད་དུ་མང་ཚོགས་ཉུང་ཚོགས་གང་ལའང་ཆབ་ལེན། ལྷམ་ཕུད། རུང་ཆུ་འདེབས་པ། བྱིན་ལེན་སོགས་བཅས་མཚམས་ཕྲ་མོ་ཡན་ཆད་ཀྱི་ཕྱག་ལེན་རྣམས་བཙུགས་པར་མཛད། ཡེ་ཤེས་ནོར་བུ་སོགས་དགེ་རྒན་བཞི་བསྐོ་གཞག་གནང་སྟེ་བློ་གསལ་བ་རྣམས་ལ་བསྡུས་གྲྭ་ནས་བཟུང་སྦྱངས་བཅུག་པར་མཛད། ལོ་འཁོར་རྩོད་རྒྱུགས་དང༌། བློ་རྒྱུགས་དང༌། བརྩི་བཞག་ཡོད་མེད་གང་ལའང་རྩོད་པ་མཛད་དགོས་པ། རྩོད་པའི་སྐབས་གཟན་དཀྲི་ལུགས། འཁོར་གསུམ་བཏང་ཚུལ་སོགས་མཆོག་གི་ཆོས་གྲྭ་ཆེན་མོའམ་མཚན་ཉིད་གྲྭ་ཚང་གི་སྒྲིགས་གཞི་ལ་དམ་བསྒྲགས་མཛད། བློ་རྒྱུགས་ཤོག་གྲངས་ཆིག་སྟོང་ལྷག་ལ་ཨང་དང་གཉིས་ནས་རིམ་བཞིན་ཉེར་ལྔའི་བར་དུ་གོ་རིམ་བསྒྲིགས་ཏེ་བཏང་རག་གི་བྱ་དགའ་སྤྲད་པ་དང༌། རྒྱུགས་མ་འཕྲོད་པ་ལ་ཆོས་གྲྭའི་ཀུན་དགའ་ར་བའི་ཤིང་རྩར་ཆུ་བླུག་བཅུག་པའི་ཉེས་ཆད་འགེལ་བ་སོགས་བསྟན་པའི་མིག་ལྟོས་ལ་ཕན་ངེས་མཛད། མདོར་ན་ཆོས་གྲྭའི་སྒྲིགས་ལམ་ཕྱག་བཞེས་ཀྱི་རིམ་པ་རྣམས་མི་ཉམས་གོང་སྤེལ། ཉམས་པ་སླར་གསོའི་ཐབས་ཤེས་ལྷོད་མེད་གནང༌། སྙི་བཀྲ་ཤིས་དར་རྒྱས་གླིང་དུ་ཆོས་གྲྭའམ་མཚན་ཉིད་གསར་བསྐྲུན་མཛད། ལྕགས་བྱི་ལོར་སྨོན་ལམ་ཆེན་མོའི་མཆོད་པའི་བཀོད་པ། བྱམས་མགོན་གདན་དྲངས་ཀྱི་སེར་སྦྲེངས་སོགས་གསར་བཀོད་གནང༌། དགུང་ལོ་སོ་དྲུག་པ་གླང་ལོར་དགོན་པའི་ཕྱོགས་བཞིར་རུ་གནོན་གྱི་ལྷ་ཁང་བཞི། ལྷ་ཁང་རེ་རེའི་ནང་དུ། ཀུན་ཏུ་བཟང་པོ་དང༌། འོད་ཟེར་ཅན་མ་རེ། དབུས་སུ་དབྱེན་ཟླུམ་མཆོད་རྟེན། ནང་དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་རྣམས་བཞེངས། དབྱར་གྱི་རིང་ཆོས་གྲྭར་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་གནང༌། སྐུ་གཤེགས་ཁར་དབྱར་གནས་ཀྱི་བཀའ་ཆོས་བཞག་མཚམས་སུ་བདག་དང་གཞན་གྱི་དབུ་སྐོས་གནང་སྟེ་དགོངས་པ་རྫོགས་པའི་བརྡར་བསྟན། སྤྱི་ལོ་ ༡༨༥༢ དགུང་གྲངས་ཞེ་བདུན་པ་ཆུ་བྱི་ལོར་གཟུགས་སྐུ་རགས་པ་ཆོས་དབྱིངས་ཀློང་དུ་ཐིམ་པར་མཛད་དོ། །བཀའ་རྩོམ་ལ། རྗེ་ཙོང་ཁ་པའི་རྣམ་ཐར་སྐལ་ལྡན་རེ་སྐོང༌། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ། ཕར་ཕྱིན་བསྡུས་དོན། བཟང་སྤྱོད་འགྲེལ་བ། ཀུན་རིག་དབང་གི་བསྡུས་དོན། བླ་མའི་རྣལ་འབྱོར་སོགས་མང་དུ་ཡོད་ཀྱང་དུས་འགྱུར་གྱི་སྐབས་སུ་མེ་ལྕེའི་ཁྲོད་དུ་བརླགས་ནས་ཆ་ཚང་མཇལ་བའི་སྐལ་བ་དང་བྲལ་ལོ།། །།

སྨྲས་པ།

དབུས་ཀྱི་གདན་སར་སྦྱངས་འབྲས་མངོན་གྱུར་པ། །

ཁོ་ནས་སྐྱེ་ཕྲེང་དྲུག་པར་འགྲན་མིན་ཏེ། །

རྒྱལ་བསྟན་ནོར་བུའི་བང་མཛོད་དག་ཐེར་བགྱིས། །

ནང་བསྟན་རྣལ་མ་འཛུགས་པའི་དཔལ་འདི་རྨད། །ཅེས་སོ། །

སྐུ་ཕྲེང་བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས།

༈ ཞབས་དྲུང་བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་དཔལ་བཟང་པོ་ནི། གསེར་རྟའི་ཁུལ་གྱི་སེ་ར་དགོན་པའི་ཉེ་འདབས་ཀྱི་འབྲོག་རྒྱུད་ཅིག་དུ། སྤྱི་ལོ་ ༡༨༥༣ རབ་བྱུང་བཅུ་བཞི་པའི་ཆུ་མོ་གླང་ལོར། ཡབ་ཀརྨ་དར་རྒྱས་དང༌། ཡུམ་སྐྱིད་རིང་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གོང་མས་གཟིམ་ཆུང་ངོས་ཤིག་ལ་སྟག་ཅིག་ལྷ་དང་ལྷ་མོའི་ནམ་མཁར་ཡར་དྲངས་པ་དང༌། གླང་པོ་ཆེ་ཞིག་མར་དྲངས་པ་བྲིས་པ་ནི། ཉིད་དགུང་སྙིང་སྟག་ཡིན་པས་སྐུ་གཤེགས་པ་དང༌། སྐུ་སྐྱེ་དགུང་སྙིང་གླང་ཡིན་པ་ཞིག་ཕེབས་པའི་ལུང་བསྟན་གནང་བ་ཐོག་ཏུ་བབས། བོད་ཀྱི་སྲིད་སྐྱོང་རྭ་སྒྲེང་རྡོ་རྗེ་འཆང་གིས་སྟོང་འཁོར་ཞབས་དྲུང་གི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་མཚན་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་གསོལ་བ་དང་འབྲེལ་བརྟན་བཞུགས་སྨོན་ཚིག་ཀྱང་གནང༌། དགུང་གྲངས་ལྔར་ལོན་ཚེ་རང་དགོན་དུ་བཞུགས། འབུམ་མདོའི་གྲོང་སྨད་སྔགས་རམས་པ་ལས་ཡི་གེ་འབྲི་ཀློག་དང༌། ཆོས་སྤྱོད་བློ་འདོན་སོགས་སྦྱངས། བཤེས་གཉེན་ཆེན་པོ་བློ་བཟང་བསྟན་འཛིན་མཐུ་སྟོབས་རྒྱ་མཚོ་དཔལ་བཟང་པོ་ལས་དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་བཞེས། འབྲུ་ཡག་དགེ་བཤེས་ཆེན་པོ་བློ་གྲོས་ཆོས་འཕེལ་བསྟེན་ཏེ་བསྡུས་གྲྭ་ནས་བཟུང་མཚན་ཉིད་ལེགས་པར་སྦྱངས། སྟོང་འཁོར་སྲས་མོ་ཆོས་མཚོ་དང༌། ཉག་སྐེད་ཚེ་དབང་ཚེ་རིང༌། དབུ་མཛད་འགྱར་འགྱར། ཨ་མདོ་ཆུ་མིག་བླ་མ་སོགས་ཀྱིས་ཕྱག་རོགས་གནང་ནས་འདུས་ཁང་ཀ་བ་བརྒྱད་ཅུ་པ་རྟེན་བརྟེན་པ་ཡོངས་རྫོགས་ལེགས་གྲུབ་མཛད། དགུང་གྲངས་བཅུ་བདུན་ལ་དབུས་སུ་ཕེབས་ཏེ་རྒྱལ་བ་ཡབ་སྲས་མཇལ་འཕྲད་མཛད། སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་གནང་ནས་རོང་པོ་མཁས་མཆོག་གི་མདུན་དུ་ཐོས་བསམ་མཛད། དེར་ཡུན་ཐུང་ཙམ་ལས་མ་བཞུགས། རང་ཡུལ་དུ་ཕེབས་རྗེས་བྲག་འགོའི་ཀེའུ་ཚང་སྤྲུལ་སྐུ་བློ་བཟང་བསྟན་པ་ཡར་རྒྱས་ལས་བསྙེན་རྫོགས་བཞེས། རང་དགོན་གྱི་ཆོས་གྲྭར་གསུང་ཆོས་གནང་བ། རྩོད་རྒྱུགས་ལེན་པ། མཚན་མོར་འདོན་སྐྱོར་སྦྱངས་ལ་གཟིགས་རྟོག་མཛད་པ། ཆོས་གྲྭ་བ་ལ་གསོལ་ཕོགས་གནང་བ་སོགས་བསྟན་པ་རྒྱས་པའི་ཐབས་ཚུལ་ལྷུར་བཞེས་མཛད། དགུང་ལོ་ཉེར་ལྔ་མེ་གླང་ལ་གྲུབ་ཆེན་ལི་ཨཱུ་པའི་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་མཆོད་བཙུགས། ཉིད་ཀྱིས་ཀྱང་དེའི་བདག་མདུན་བུམ་གསུམ་སོགས་ཆོ་ག་ཆ་ཚང་ཐུགས་ལ་བླངས་པའི་སྒོ་ནས་ལོ་གསུམ་ཙམ་གྱི་རིང་ལ་གོང་བཞུགས་མཛད་དེ་ཞིབ་གཟིགས་གནང༌། དམིགས་བརྩེ་མའི་ཆུ་འཁོར་སེར་སྲུང༌། ཆར་འབེབས། རྒྱལ་གདོན་གྱི་གནོད་པ་ཞི་བའི་སྤེལ་ཚིག་དང་འབྲེལ་བ་ལེགས་བཞེངས་གནང༌། དགུང་ལོ་སོ་དྲུག་པ་ས་ཕོ་བྱི་བའི་ལོར་དྲེགས་པ་ལྕམ་སྲིང་གི་སྒྲུབ་མཆོད་གར་འཆམ་བཅས་གསར་དུ་བཙུགས། སོ་དགུ་པ་ལྕགས་ཡོས་ལོར་གདུལ་བྱ་བསོད་ནམས་དམན་པའི་མཐུ་ལས་དཀར་ཆས་མཛད་པའི་ཚུལ་བསྟན། རྦ་ལ་མདར་གཟིམ་ཆུང་བཞེངས་ནས་དེར་བཞུགས། སྲས་པདྨ་ཞེས་པ་བྱུང༌། ཡུལ་འདིར་ཕྱུགས་ཟོག་རྣམས་ནད་ཡམས་ཆེན་པོ་བྱུང་བ་ལ་སྐུ་སྲས་པདྨས་ལྕི་ལེབ་སྟེང་གླུད་གཟུགས་བྱས། ལྕི་བ་ལ་ཐག་གུ་བཏགས་པའི་སྣེ་ནས་དྲངས་ཏེ་ཆོ་ག་སོགས་མི་དགོས་པར་ཁྱོད་འགྲོ་གསུངས་ནས་གླུད་འཕངས་པས་རྗེས་ནས་ཕྱུགས་ནད་མིང་ཡང་མེད་པ་བཟོས་ཞེས་ཡུལ་འདིར་རླུང་ལྟར་གྲགས། ཁོང་ནི་སེམས་ཅན་མང་པོ་བཤའ་མཁན་ཞིག་ཀྱང་ཡིན་པས་ཉིན་ཞིག་ལམ་ཁར་སེམས་ཅན་བཤས་ནས་ཡོད་སྐབས་རྡོ་གྲུབ་ཆེན་རིན་པོ་ཆེས་ཕྱག་ན་རྡོ་རྗེ་དངོས་སུ་གཟིགས་ནས་འདི་ལ་སེམས་ཅན་མ་བཤའ་མ་གསུང་ཞེས་གསུངས་སོ།།

ཞབས་དྲུང་གཉིས་པས་རང་གི་གསང་རྣམ་སོགས་ལས་རང་གི་སྐུ་སྐྱེ་ཕྱི་མ་རྣམས་ཀྱི་མཚན་དང༌། ལྷག་པར་སྐུ་ཕྲེང་བརྒྱད་པ་སྔགས་པ་གྲུབ་ཐོབ་ཀྱི་བརྟུལ་ཞུགས་འཛིན་པ་ཞིག་ཏུ་ཕེབས་པ་དང༌། གཞན་ཡང༌། གདུལ་བྱ་དང༌། དེ་དག་གི་བྱ་སྤྱོད་ཚུན་ཇི་འདྲ་འབྱུང་བ་རྣམས་ལུང་བསྟན་གསལ་པོ་གནང་ཡོད་དེ། ཞབས་དྲུང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་གསུང་འབུམ་ཐོར་བུ་ཕྱོགས་བསྒྲིགས་ལྡེབ་གྲངས་ ༣༡ ན། སྟོང་འཁོར་ཡུལ་དུ་ཞི་བའི་རྒྱ་མཚོ་སྟེ། །ཡོན་ཏན་རྒྱ་མཚོ་རྒྱལ་བ་རྒྱ་མཚོ་ཉིད། །མདོ་རྒྱུད་རྒྱ་མཚོས་བསྟན་པ་རྒྱས་པར་བྱེད། །ཅེས་དང༌། དེ་ཉིད་ཀྱི་ལྡེབ་གྲངས་ ༨༨ ན། ང་བརྒྱད་པ་སྔགས་འཆང་བརྟུལ་ཞུགས་ཏེ། །ཡུལ་བགྲོད་པར་དཀའ་ཞིང་གདུག་རྩུབ་ཆེ། །ཟས་ཤ་ཁྲག་ཟ་ཞིང་སྡིག་ལ་སྤྱོད། །སེམས་ཁེངས་ཤིང་ང་རྒྱལ་རི་བོ་མཐོ། །ཞེས་གསུངས་པས་སོ། །འདིའི་ཚིག་རྐང་དང་པོ་དེ༌མ་དཔེ་གསེར་བྲིས་མའི་ནང་དུ་སྐྱོ་འབུར་འཐེན་པ་ལྟར་གསེར་གྱིས་འབུར་དུ་དོད་ནས་བྲིས་ཡོད། དེ་ནི་ལུང་བསྟན་ཁྱད་པར་ཅན་ཞིག་ལ་བསམས་ནས་ཡིན་སྙམ། ལུང་བསྟན་གནང་བ་ལྟར་གྱི་ལུང་བ་ཆུང་ཆུང་འདི་འདྲ་བར་སྔ་རྗེས་བར་གསུམ་དུ་བླ་མ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཤ་སྟག་ཕེབས་ཀྱང༌། གདུལ་བྱ་གདུག་རྩུབ་ཆེ་བ། མི་དགེ་བ་ལ་སྤྱོད་པ། ང་རྒྱལ་ཁེངས་སེམས་ཅན། འདུལ་དཀའ་བ་དུ་མ་འབྱུང་བས་དམ་པ་དག་གིས་ཐུགས་བཞེད་ཇི་བཞིན་པ་ནི་བསྒྲུབས་པར་མཛད་ཀྱང་འགྲུབ་པ་དཀའོ། །མ་འོངས་མཁྱེན་ཚུལ་བཟང་པོ་འདི་འདྲ་བ་ཡང་རང་རེ་སོ་སྐྱེ་རང་ག་བ་རྣམས་ཀྱི་བསམ་ཡུལ་ལས་འདས་པ་ཁོ་ནའོ། །དེའི་ཕྱིར་རང་ཉིད་ལེགས་སུ་འདོད་པ་རྣམས་ཀྱིས་ཚུལ་བཞིན་མ་ཡིན་པའི་བྱ་སྤྱོད་ཕྲ་རགས་ཀུན་རིང་དུ་སྤང་བར་བྱའོ།།

ཤིང་རྟ་ལོར་སྨན་བླའི་ཆོས་ཐོག་བཙུགས་ཏེ་ཆོ་གའི་སྤྱན་འདྲེན་གྱི་སྤེལ་ཚིག་ལ་འདུས་སྡེ་དཔོན་སློབ་འཁོར་དང་བཅས་པའི་སྐུའི་རིམ་གྲོ་ཞེས་སྦྱར་ན་ལེགས་ཚུལ་གསུངས་པ་ཇི་བཞིན་ད་བར་གནས་སོ། །སྤྱི་ལོ་ ༡༨༩༥ དགུང་གྲངས་ཞེ་གསུམ་པ་མེ་ལུག་ལ་ངུར་སྨྲིག་གི་ན་བཟའ་ལེགས་པར་བཞེས་ནས་ཞབས་གཡས་བསྐུམས་གཡོན་བརྐྱངས། ཕྱག་གཡས་སྡིགས་མཛུབ་དང་བཅས་པུས་མོའི་སྟེང་བཞག ཕྱག་གཡོན་མཉམ་བཞག་མཛད་དེ་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་གྱུར་ཅིག་ཅེས་གསུངས་ནས་འོག་མིན་དུ་ཞི་བར་གཤེགས་སོ། །

སྨྲས་པ།

ཁྱོད་ཀྱིས་གསང་སྔགས་བརྟུལ་ཞུགས་མཛད་པ་དེ། །

རྒྱ་གར་གྲུབ་ཆེན་གཅིག་པུར་མཚུངས་ལགས་ཀྱི། །

བོད་ཡུལ་ཁྱོད་ཀྱི་མཚུངས་ཟླ་གཞན་ཡོད་ན། །

དེ་ཡང་ཁྱོད་ཀྱི་དཔེ་རུ་ཅིས་མི་འགོད། །

དམ་པའི་གསང་གསུམ་དམ་པ་ཕན་ཚུན་ལས། །

སོ་སོ་བཟང་འདོད་སོ་སྐྱེས་ག་ལ་དཔོག །

འཕགས་པའི་རིགས་གྱུར་འཕགས་པ་ཐོགས་མེད་ཀྱིས། །

ཁྱི་མིན་རྗེ་བཙུན་ཁྱི་མོར་མཐོང་བ་ལྟར། །ཞེས་སོ། །

སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ།

༈ ཞབས་དྲུང་དགུ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོ་ནི། སྤྱི་ལོ་ ༡༨༩༦ མེ་སྤྲེལ་ལོར་བྲག་འགོའི་ནོར་བུ་ཁུག་ཏུ། ཡབ་རིག་འཛིན་དང༌། ཡུམ་རྣམ་རྒྱལ་སྒྲོལ་མ་གཉིས་ཀྱི་སྲས་སུ་བལྟམས། མཚན་ལ་བློ་བཟང་ལྷུན་འགྲུབ་ཅེས་གསོལ། འཁྲུངས་ནས་ཞག་གསུམ་ལོན་ཚེ་ཕྱག་གཉིས་ཐལ་མོ་སྦྱར་ནས་སྤྱན་ནམ་མཁའ་ལ་གཟིགས་ཏེ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་གསུངས་པ་དང༌། སྐུ་བྱིས་པའི་དུས་བྱིས་པ་གཞན་གྱིས་སྲོག་ཆགས་སྦྲང་བུ་གསོད་པ་མཐོང་བས་སྤྱན་ཆབ་བྱུང་བ་སོགས་དམ་པའི་རང་རྟགས་མངོན། རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང༌། བློ་བཟང་ཐུབ་བསྟན་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ་ཞེས་པའི་མཚན་གསོལ་དང་འབྲེལ་བརྟན་བཞུགས་སྨོན་ཚིག་དང༌། ཐུབ་དབང་གི་སྐུ་གནང་སྦྱིན་མཛད། དགུང་གྲངས་གསུམ་ཐོག་རང་དགོན་དུ་གོང་མའི་གསེར་ཁྲིར་མངའ་གསོལ། ནགས་གཙང་རྡོ་རྗེ་འཆང་ལས་ཡི་གེ་འབྲི་ཀློག་སོགས་བསླབ་པས་ཚེགས་མེད་དུ་མཁྱེན། དེའི་དྲུང་དུ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སོགས་ཞུས། དགུང་ལོ་བདུན་སྐབས་བྲག་དཀར་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་མདུན་ནས་ཡོངས་རྫོགས་དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་བཞེས། རྗེས་སུ་དེའི་དྲུང་དུ་བསྙེན་པའང་རྫོགས། ན་བཟའ་བཞེས་ལུགས། འཚོ་བའི་ཡོ་བྱད་དང༌། མཁོ་བའི་ཡོ་བྱད་འཆང་ལུགས། བྱིན་ལེན་དང༌། རུང་ཆུ་འདེབས་པ། ཆབ་ལེན་ལྷམ་ཕུད་སོགས་བཅས་མཚམས་ཕྲ་མོ་ཡན་ཆད་ཀྱི་ཕྱག་ལེན་རྒྱུན་སྐྱོང་གནང་སྟེ། ལྷག་པར་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཅེས་སྤྲས་མིག་འབྲས་བཞིན་མཛད། དེའི་འབྲས་རྟགས་སུ་སྐུ་ལུས་ལས་ཚུལ་ཁྲིམས་དག་པའི་དྲི་ངད་རྒྱང་རིང་དུ་ལྡང་ཞིང༌། ཆོས་གྲྭ་སོགས་ཕེབས་བཞུད་སྐབས་སྐུ་མ་མཇལ་བའི་སྔོན་དུ་ཚུལ་ཁྲིམས་དྲི་མ་ཚོར་ཡོང་བ་ཡིན་ཞེས་སྐུ་དངོས་སུ་མཇལ་མྱོང་བའི་རྒན་རབས་དག་གིས་བཤད་ཚུལ་མཐུན་པར་ཕྲན་རང་གིས་ཐོས། ཆོས་གྲྭར་ལོ་རེར་ཟླ་བ་གསུམ་ཙམ་རེ་བསྐྱངས་ནས། སྔོན་འགྲོར་འདུལ་བའི་བསླབ་བྱ། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། གནས་བརྟན་རྟོགས་བརྗོད། སྐྱེས་རབས་སོ་བཞི་པ་སོགས་དང༌། དངོས་གཞིར་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་འཆད་ཁྲིད་མཛད། དགུང་ལོ་བདུན་ནས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་སྐྱེར་གྲགས་པ་བཤེས་གཉེན་བློ་བཟང་ཆོས་གྲགས་ཀྱི་མདུན་ནས་ཆོས་སྤྱོད་ཁག་དང༌། རིག་གནས་མཐའ་དག་ལ་སྦྱངས་པར་གནང༌། གཞན་ཡང༌། བྲག་དཀར་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་རིགས་ཀྱི་ཅོད་པན་དུ་བཟུང༌། རྒྱལ་བའི་བཀའ་འགྱུར་རོ་ཅོག རྗེ་ཡབ་སྲས་ཀྱི་གསུང་འབུམ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་རྣམས་ཀྱི་ལུང་དང༌། ཚད་མ་རྣམ་འགྲེལ་གྱི་ཁྲིད་སོགས་ལེགས་པར་ཞུས། མཚན་བརྗོད་པའི་ཚེ་ངའི་བླ་མའི་ཐུགས་རྗེ་འདྲ་བ་གཞན་ལ་མེད་གསུངས་ཏེ་ཕྱག་ཐལ་མོ་སྦྱར་ནས་སྤྱན་ཆབ་ཉིལ་ཉིལ་དུ་གཏོང་བར་མཛད། དགུང་གྲངས་བཅུ་གཉིས་པ་ལ་དབུས་ཕྱོགས་སུ་ཆིབས་ཞལ་བསྒྱུར། སེར་སྨད་དུ་ཆོས་ཞུགས་མཛད། མཁས་མཆོག་དགེ་འདུན་གྲགས་པ་ཡོངས་འཛིན་བསྟེན་ཏེ་གཞུང་པོད་ལྔ་ཕྲག་ལ་སྦྱངས་པ་ཕུལ་དུ་བྱུང་བ་གནང༌། རིགས་ཆེ་ཆུང་གི་ཚོགས་ལངས་མཛད་དེ་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་། གཟུར་གནས་མཁས་དབང་དགྱེས་པའི་མཆོད་སྤྲིན་དུ་བགྱིས། དགུང་གྲངས་བཅུ་བདུན་པར་ལྷ་ལྡན་སྨོན་ལམ་ཆེན་མོར་རབ་འབྱམས་པའི་མཚན་བཏགས་བཞེས། ༸རྒྱལ་བ་ཐུབ་བསྟན་རྒྱ་མཚོ། ༸པཎ་ཆེན་ཆོས་ཀྱི་ཉི་མ། སྐྱབས་རྗེ་ཕ་བོང་ཁ་སོགས་ཀྱི་མདུན་ནས་ཟབ་ཆོས་མང་དུ་གསན། དགུང་གྲངས་བཅོ་བརྒྱད་ལ་རང་ཡུལ་དུ་བཞུགས་འཇགས་བསྐྱངས། ཉེར་བདུན་ལ་སློབ་དཔོན་གཡུ་སྒྲ་སྙིང་པོས་གནས་སྒོ་འབྱེད་པའི་གནས་ཆེན་ཉེར་བཞིའི་ཡ་གྱལ་སྐུའི་གནས་མཆོག་སྟོང་འཁོར་སཽ་རཱཥྚྲ་ཞེས་པར་རི་ཁྲོད་ཚུལ་མཐུན་བཏབ་སྟེ་སྒྲུབ་པ་ཉམས་བཞེས་མཛད། སོ་གཅིག་པར་རྗེ་ཟླ་བ་རྒྱལ་མཚན་གྱིས་སྔར་གནས་གཡར་བྱས་པའི་ལོ་རྒྱུས་ལྡན་པའི་གདན་ས་ཆེན་པོ་དེ་མིང་ཙམ་ལ་ཐུག་འདུག་པའི་ཤུལ་དུའང་རི་ཁྲོད་བཞེངས། དེ་ནི་རྒྱུན་གྱི་བཞུགས་གནས་ལྟ་བུར་མཛད། བསྟན་པའི་གཞི་རྩར་དམིགས་ཏེ་རྗེ་ཡབ་སྲས་ཀྱི་གསུང་འབུམ། མཁས་གྲུབ་བསྟན་དར་བའི་ཕར་ཕྱིན་སྤྱི་མཐའ། ཞབས་དྲུང་འཇམ་དཔལ་དགེ་འདུན་རྒྱ་མཚོས་མཛད་པའི་བསྡུས་གཞུང༌། བརྗེད་ཐོ། བློ་རྟགས་གཉིས། དོན་བདུན་ཅུ། རྗེ་རང་གི་གསུང་འབུམ་རྣམས་དཔར་གཞི་གསར་བསྐྲུན་མཛད། སེར་སྐྱ་བགྲང་ལས་འདས་པ་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་སྨྱུང་གནས་དང༌། བསྙེན་གནས་དང༌། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལ་གནས་བཅུག་པའི་སྒོ་ནས་སྨིན་གྲོལ་གྱི་ལམ་ལ་བཀོད། གནའ་ནས་ད་བར་སྟོང་འཁོར་གྱི་ཡུལ་གྲུ་སོ་སོར་ཆོ་འཕྲུལ་ཟླ་བ་དང༌། ས་ག་ཟླ་བ་སོགས་དུས་ཆེན་དང་བསྟུན་ཏེ་སྨྱུང་གནས་ཆ་གཉིས་གསུམ་རེ་དང༌། རྒྱུན་གྱི་ཉ་སྟོང་ཚེས་བརྒྱད་དང་བསྟུན་ཏེ་བསྙེན་གནས་དང༌། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལ་གནས་པའི་སྲོལ་རྒྱུན་བཟང་པོ་གཞན་དང་མི་འདྲ་བ་ཡོད་པ་ནི། ཉིད་ཀྱིས་གཙོས་དམ་པ་རིམ་བྱོན་རྣམས་ཀྱི་བཀའ་དྲིན་ལས་ཡིན་པ་སྨོས་མ་དགོས་སོ། །ཉིན་བཞིན་ཉམས་ལེན་རྒྱུན་འཁྱོངས་མཛད་རྒྱུ་ལ། ཐུན་དྲུག་བླ་མའི་རྣལ་འབྱོར། སོ་ཐར་བྱང་སེམས་གཉིས་ཀྱི་བསླབ་བྱ་དང༌། སྔགས་ཀྱི་དམ་ཚིག་གི་སྡོམ་པ་རྣམས་ཐུན་དྲུག་ཏུ་ཉམས་ལེན་དང་བསྔོ་བགྲང་མཛད། དམ་ཚིག་གསོ་ཕྱིར་ཡི་དམ་ཆོས་སྐྱོང་གི་གཏོར་འབུལ། ཡིག་བརྒྱ་ཉེར་གཅིག སྡོམ་གསུམ་ཕྱིར་བཅོས་ལན་གསུམ་རེ། བདེ་མཆོག་ལཱུ་དྲིལ་གཉིས་དང༌། འཇིགས་བྱེད། ཐུགས་རྗེ་ཆེན་པོ་སོགས་ཀྱི་བདག་འཇུག་བར་བར་དུ་བླངས་པ་སོགས་རྒྱལ་བའི་གསུང་གི་གནད་མཁྱེན་པའི་རྣམ་ཐར་རྨད་དུ་བྱུང་བ་བསྐྱངས་སོ། །ཞལ་ཆེམས་སུ་རྗེས་སུ་ང་ཡི་ལུས་འདི་ཆུ་ལ་བསྐུར་ན་ལེགས་ཀྱང་དེ་དགོན་པའི་ཐུགས་ལ་མི་བབས། ལུས་རིལ་པོར་བཞག་ན་དུས་ངན་ལ་ངན་པ་ཤ་སྟག་འབྱུང་བས་ཅིར་འགྱུར་ངེས་པ་མེད། དེས་ན་མེ་ལ་བསྲེག་དགོས་གསུངས་ནས་མ་འོངས་མཐའ་དམག་འོང་བའི་ལུང་བསྟན་གྱི་གསུང་ཟུར་ཙམ་རེ་གནང༌། སྤྱི་ལོ་ ༡༩༣༤ དགུང་གྲངས་སོ་དགུ་པར་ཟླ་བ་རྒྱལ་མཚན་གྱི་གདན་ས་གཡར་ཁང་རི་ཁྲོད་དུ། ཞལ་དགོན་པར་ཕྱོགས་ཏེ་ཆོས་སྐུ་མངོན་དུ་མཛད་དོ། །

སྨྲས་པ།

བདེ་གཤེགས་བསྟན་པའི་སྙིང་པོ་མཆོག །

འདུལ་བའི་ཕྱག་ལེན་ཕྲ་རགས་ཀུན། །

སྲོག་བསྡོས་བསྲུངས་པའི་དགེ་མཚན་དུ། །

ཚུལ་ཁྲིམས་དྲི་ངད་རྒྱང་རིང་ལྡང་། །

འདི་ལ་བྱ་མིག་གནམ་བལྟས་ཚུལ་གྱིས་ནི། །

ཚུལ་ཁྲིམས་དྲི་ངད་ཞིམ་པོ་མ་འཐུལ་བར། །

སྡོམ་གསུམ་གཅེས་སྤྲས་བགྱིས་ན་ཅིས་མི་འཐུས། །

མཆེད་གྲོགས་དག་ལ་བདག་གིས་ཆེད་དུ་བརྗོད། །ཅེས་སོ། །

སྐུ་ཕྲེང་བཅུ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་བྱམས་པ་རྒྱ་མཚོ།

༈ ཞབས་དྲུང་བཅུ་པ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་བྱམས་པ་རྒྱ་མཚོ་དཔལ་བཟང་པོ་ནི། སྤྱི་ལོ་ ༡༩༣༣ བོད་རབ་བྱུང་བཅུ་པའི་ཆུ་བྱ་ལོའི་ཧོར་ཟླ་བཞི་པའི་ཚེས་ཉེར་བརྒྱད་ལ་རྫོགས་ཆེན་དུ་སྦྲ་ལ་འཇའ་འོད་ཟུག་པ་དང༌། གཟའ་མཆོག་དྲང་སྲོང་ཆེན་པོ་ལྷས་ཀྱི་ནང་དུ་འཁྱིལ་བ་སོགས་དགེ་མཚན་དུ་མ་དང་བཅས་ཡབ་བསྐལ་དར་དང༌། ཡུམ་རྒྱ་མཚོ་སྒྲོལ་མ་གཉིས་ཀྱི་སྲས་སུ་མ་འདས་སྤྲུལ་པའི་ཚུལ་དུ་བལྟམས། ཕུར་ལྕོག་བྱམས་པ་རིན་པོ་ཆེས་ཞབས་དྲུང་ཚུལ་ཁྲིམས་རྒྱ་མཚོའི་སྐུ་སྐྱེར་ངོས་འཛིན་དང་མཚན་གསོལ་གནང༌། རྦ་ལུང་དགའ་ལྡན་ཁྲི་ཟུར་གྱིས་མཚན་ཐོ་དབུ་ལ་འཇོག་སྟེ། སྐུ་གསུང་ཐུགས་རྟེན་པཎ་ཞྭ་སྣེ་རིང་དང་བཅས་པ་གནང་ནས་འཇམ་མགོན་བསྟན་པའི་བདག་པོར་མངའ་གསོལ། སྟོང་འཁོར་གྲྭ་རིགས་བློ་བཟང་སྨོན་ལམ་ལས་ཡི་གེ་འབྲི་ཀློག་སོགས་སྦྱངས། ཆུང་ངུའི་དུས་ནས་གཤིན་རྗེ་གཤེད་ཀྱི་བསྟོད་པ་གཉིས་མེད་ཐུན་མོང་མ་ལ་འགྲེལ་བཤད་མཛད་པ་སོགས་སོ་སྐྱེ་རང་ག་མ་ཡིན་པའི་བརྡར་བསྟན། དགུང་གྲངས་བརྒྱད་ཙམ་ལ་འཁྲུངས་སར་རྡོ་རྗེ་འཆང་གི་དྲུང་ནས་རབ་བྱུང་བསྒྲུབས། ལོ་དེ་གར་དབུས་སུ་ཕེབས། སེར་སྨད་དུ་ཀོང་པོ་དམ་ཆོས་བསྟན་འཛིན་གྱི་ཞབས་ལ་གཏུགས་ནས་གསན་སྦྱངས་མཛད། རིམ་བཞིན་རིགས་ཆེ་ཆུང་གི་ཚོགས་ལངས་དང༌། ལྷ་ལྡན་སྨོན་ལམ་ཆེན་མོར་རབ་འབྱམས་པའི་མཚན་བཏགས་བཞེས། མི་རིང་བར་རང་ཡུལ་དུ་ཞབས་བསྐྱོད་གནང་ནས་རང་དགོན་དུ་རྗེ་བཙུན་བློ་བཟང་ཕུན་ཚོགས་བསྐྱར་དུ་བསྟེན། མཉེས་པ་གསུམ་གྱིས་མཉེས་པར་བྱས། དམར་ཁྲིད་མྱུར་ལམ་ཐུགས་ལ་འཛིན། ཉམས་བཞེས་གནང༌། འདིའི་གྲྭ་རིགས་ཡོངས་རྫོགས་ལ་དམར་ཁྲིད་ཀྱི་ལྗགས་ལུང་བསྩལ། ལན་གཉིས་པར་དབུས་སུ་ཕེབས། པ་རི་ཁྲི་བཤམ་ལྷ་བཙུན་འཁྲུངས་སའི་དྲུང་ནས་སྤྱོད་འཇུག་ཁྲིད་ལུང་མཇུག་རྫོགས་པར་ཞུས། རང་དགོན་གསང་ཆེན་རྡོ་རྗེ་གླིང་དུ་སྟོང་འཁོར་ཡུལ་དགོན་སྡེ་བདུན་གཙོས་གདུལ་བྱ་རྣམས་ལ་དཔལ་མཉམ་མེད་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་ལྗགས་ལུང་གནང༌། འཁྲུངས་སའི་མདུན་ནས་བསྙེན་རྫོགས་བཞེས། རྒྱལ་བའི་བཀའ་འགྱུར་ཆེན་མོའི་སྤར་ཤིང་གསར་སྐྲུན་མཛད་འཆར་གྱིས་སྔོན་འགྲོར་སྐྱོན་སེལ་གེགས་བཟློག་ཆེད་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྐུ་གསེར་ཟངས་ཀྱིས་ཐོག་བརྩེགས་གསུམ་ཙམ་ཡོད་པ་ཞིག་ཀྱང་བཞེངས་ཤིང་། བཀའ་འགྱུར་གཉེར་པ་སོགས་བསྐོས་ཟིན་ཀྱང་དུས་འགྱུར་བྱུང་བས་ཐུགས་དགོངས་མ་འགྲུབ། སྟོང་འཁོར་ཡུལ་དགོན་བདུན་ལ་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་གསེར་ཞལ་མཇལ་བཅུག་པའི་བཀའ་དྲིན་བསྐྱངས། དབྱར་གནས་གྲོལ་རྗེས་ཉིན་ཁ་ཤས་བར་དགག་དབྱེ་ཆེན་མོ་ཞེས་བླ་གྲྭ་ཡོངས་ཀྱིས་སྤྲོ་སྐྱིད་གཏོང་བའི་སྲོལ་བཙུགས། སྐུ་མཚམས་ལ་བཞུགས་ཚེ་མཚན་མོའང་སྐྱིལ་ཀྲུང་མ་བཤིག་པར་སྐུ་དྲང་པོར་བསྲངས་ནས་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན། བསྐྱེད་རིམ་ཀྱི་སྐབས་སུ་རྡོ་རའི་ནང་དུ་དུར་ཁྲོད་བསྒོམ་དགོས་ཚུལ་གསུངས་པ་སོགས་ཐ་མལ་བའི་བློ་ཡུལ་དུ་མི་ཤོང་བའི་མཛད་བཟང་མངའ་བ་ཞིག་གོ །སྤྱི་ལོ་ ༡༩༦༠ རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་ས་ག་ཉ་ལ་དར་མདོ་ལྔ་མཆོད་དགོན་དུ་སྐུ་ཞི་བར་གཤེགས་སོ། །འདིའི་རྣམ་ཐར་རྒྱས་ཙམ་གཟིགས་འདོད་ན། རྣམ་ཐར་ལྗོན་པའི་དབང་པོར་གཟིགས། འདིར་དེ་ཙམ་ལས་མི་སྤྲོའོ།། །།

སྨྲས་པ།

གང་དེའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལ། །

རབ་རྨོངས་བདག་བློ་ཀུ་ཤའི་རྩེ་ལས་ཕྲ། །

འོན་ཀྱང་དེས་དྲངས་ཐིགས་པ་རེ་རེས་ཀྱང༌། །

སྐལ་ལྡན་མ་དད་བཀྲེས་སྐོམ་ཕ་མཐར་བསྐྲད། །ཅེས་སོ། །

སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་ཐུབ་བསྟན་འཇིགས་མེད།

༈ ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་ཐུབ་བསྟན་འཇིགས་མེད་དཔལ་བཟང་པོ་ནི། ༸གོང་ས་མཆོག་གིས་ཡང་སྲིད་མྱུར་བྱོན་གསོལ་འདེབས་ལྗགས་རྩོམ་གནང་བ་དེའི་སྒོ་ནས་འདི་གའི་ཡུལ་དགོན་གཉིས་ཀྱིས་མཆོག་གསུམ་ལ་གསོལ་འདེབས་ཤུགས་དྲག་བྱས་པའི་མཐུ་ལས། མངའ་བདག་ཉང་གི་གདུང་རྒྱུད་ནང་སོ་གཞི་ཆེན་རྒྱལ་སྲས་ཉི་ཟླ་བཟང་པོའི་སྲས་གྱོ་པོ་དང་། ཡུམ་ཐུང་ཤུལ་ཚང་གི་སྲས་མོ་ཕྱུག་དགའ་གཉིས་ཀྱི་སྲས་སུ། སྟོང་འཁོར་ཡུལ་དགོན་སྡེ་བདུན་གྱི་ནང་ཚན་སྙི་ཁོག་མཚོ་འགོ་གྲོང་གི་ཤར་སྲིབ་གདོང་གོང་མ་ཞེས་པའི་སྤང་ཐང་དུ། རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་ ༡༩༧༧ ལོར། ཡུམ་ལ་ཟུག་གཟེར་མེད་པ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ་རྗེ་ཟླ་བ་རྒྱལ་མཚན་བལྟམས་ཚུལ་དང་མཚུངས་པར་སྐུ་བལྟམས། འཁྲུངས་ཡུལ་ཡང་ཁང་ཁྱིམ་དུ་མ་ཡིན་པ་སྤང་ཐང་དུ་འཁྲུངས་པས་ཨ་ཡེས་བཀྲ་ལྷས་ཐང་རྙེད་ཅེས་མཚན་གསོལ། སྐུ་ན་ཆུང་དུས་ནས་གཤིས་རྒྱུད་བཟང་ལ་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་ཡོད་པས་སྡེ་མི་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར། དགུང་ལོ་བདུན་བརྒྱད་ཙམ་ལ་གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་གི་ཆོས་སྒོར་ཞུགས་ཏེ། འདོན་ཆའི་རིགས་དང་ཀུན་བཟང་བླ་མའི་ཞལ་ལུང་། འཕོ་ཁྲིད་སོགས་ལ་སྦྱངས་པ་ཅུང་ཙམ་གནང་།

༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་སྟོང་འཁོར་བ་སེར་སྐྱ་སྤྱི་མགྲིན་ནས་ཞབས་དྲུང་སྐུ་གོང་མའི་ཡང་སྲིད་ངོས་འཛིན་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབ་པར། དགོན་པའི་ཤར་ཕྱོགས་ནས་ས་བོན་གྱི་མཚན་ཐོ་བསྡུ་དགོས་པའི་བཀའ་ལུང་ཕེབས་དོན་ལྟར། ཤིང་གླང་ ༡༩༨༥ ལོར་དགོན་པའི་ཤར་ཕྱོགས་ཀྱི་གྲོང་ཚོ་ཁག་ ༨༧ ནས་ས་བོན་ཁྱོན་ ༢༧༣ སྡུད་སྒྲུག་བྱས་ཏེ་ྋགོང་ས་ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོར་ཕུལ་པར། བུ་ཐང་རྙེད་ཅེས་པ་ལོ་ན་བརྒྱད་ལ་སོན་པ་དེ་ཉིད་སྟོང་འཁོར་ཞབས་དྲུང་ཧོ་ཐོག་ཐུ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གྱིས། མཚན་ལ་བསྟན་འཛིན་ཐུབ་བསྟན་འཇིགས་མེད་ཅེས་གསོལ་ཞིང་། ཐུབ་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་བྲིས་སྐུ་ངོ་མཚར་བ་ཞིག་ཀྱང་གནང༌སྦྱིན་མཛད་པར་མ་ཟད། རྗེས་སུ་ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་གྲུ་ཆར་ཞེས་པ་ཞིག་ཀྱང་ལྗགས་རྩོམ་མཛད་ཡོད། གཞན་ཡང་དགའ་ལྡན་ཁྲི་ཐོག་གོ་བརྒྱད་པ་འཇམ་དཔལ་གཞན་ཕན་གྱིས་འཁྲུངས་རབས་དང་འབྲེལ་བའི་བརྟན་བཞུགས་མཆོག་གསུམ་བདེན་བསྐུལ་ཞེས་པ་ཞིག་ཀྱང་ལྗགས་རྩོམ་གནང༌ཞིང་། དགོན་འདིའི་བཤེས་གཉེན་དམ་པ་དུ་མའི་ཁྲོད་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་མཚམས་པ་ཆེན་པོ་གླིང་བསྲེ་པདྨ་དབང་རྒྱལ་ཡོངས་འཛིན་དུ་འདེམས་བསྐོས་མཛད། རྗེས་སུ་ཕྱོགས་འདིར་གདན་དྲངས་ཏེ་སྐུ་བསྭོ་ཐོག་གནས་སུ་ཞབས་ཀྱིས་དང་པོར་བཅགས། ཙ་རིའི་དཀྱིལ་འཁོར་ཐང་དུ་མཇལ་ཁའི་ཐོག་མར་བྱས། དེ་སྔར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཞབས་ཀྱིས་བཅགས་མྱོང་སའི་གནས་ཕུག་གི་བྱམས་ཁང་སྟེང་དུ་བཞུགས་གདན་འཇགས། གླིང་བསྲེ་པདྨ་དབང་རྒྱལ་ཡོངས་འཛིན་དུ་སྐར་འཛིན་བྱས། ཆོས་སྤྱོད་ཁག་ཐུགས་ལ་འཛིན་པ་སོགས་ཡོན་ཏན་ཕུལ་བའི་འགོ་བརྩམས།

སྤྱི་ལོ་ ༡༩༨༨ དགུང་གྲངས་བཅུ་གཅིག་ལ་སོན་སྐབས་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་དུ་གདན་དྲངས་ཏེ་གོང་མའི་གསེར་ཁྲིར་མངའ་གསོལ་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཆེན་མོ་སྤེལ་ཞིང་། སྐབས་དེར་སེར་སྐྱ་མང་ཚོགས་ལ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་། ཡོན་ཏན་གཞིར་གྱུར་མའི་ལུང་གི་ཆོས་འབྲེལ་དང༌། བསྔོ་བའི་མཐུན་འགྱུར་གསུངས་པའི་སྒོ་ནས་འབྲེལ་ཐོགས་རྣམས་ལ་བསྔོ་བ་བླ་ན་མེད་པར་མཛད། དགེ་འདུན་འདུས་མང་ནས་ཀྱང་བླ་མཆོད་ཚོགས་འཁོར་དང་འབྲེལ་མཁའ་འགྲོའི་བརྟན་བཞུགས་ཕུལ་ཏེ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཕུར་ཚུགས་སུ་བཏབ།

དགུང་གྲངས་བཅུ་གསུམ་སྟེང་འབྲས་སྤུངས་ལྷ་རམས་པ་གཞི་ཆེན་དབོན་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་འཕགས་ཡུལ་ནས་ཆིབས་བསྒྱུར་གནང་ཡོད་པ་དེ་ལ་རབ་བྱུང་གི་མཁན་པོ་མཛད་པར་ཞུས་པས། ཁོང་ནི་འདུལ་འཛིན་མཁས་གྲུབ་གཉིས་ལྡན་ཀྱི་སྐྱེས་བུ་དམ་པ་ཞིག་ལགས་ཀྱང་། བདག་འདྲ་བ་དམ་པ་འདིའི་མཁན་པོར་མི་འོས་ཀྱང་། ཐུགས་འདུན་དང༌། བཀའ་བཟློག་མི་ཕོད་གསུངས་ནས་ཞལ་བཞེས་གནང་། མཚན་ལ་ངག་དབང་བློ་བཟང་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཞེས་གསོལ་ཞིང་། བསྙེན་རྫོགས་སྐབས་མ་གཏོགས་འབྲལ་སྤང་གནང་སྲོལ་མེད་ཀྱང་ཐུབ་དབང་གི་གསེར་སྐུ་བྱིན་རླབས་ཅན་རྩ་ཆེན་ཞིག་ཀྱང་འབྲལ་སྤང་གི་ཚུལ་དུ་གནང་།

སྤྱི་ལོ་ ༡༩༩༢ དགུང་གྲངས་བཅུ་དྲུག་ལ་ཕེབས་སྐབས་རྟའུ་དགོན་དུ་ཆིབས་བསྒྱུར་མཛད་དེ་གྲུབ་དབང་སྤང་ནང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་གྱི་དྲུང་ནས་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ། ལྷ་བཅུ་གསུམ་མ། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་གསུམ་གྱི་དབང་ཆེན་དང༌། འཇམ་དབྱངས་དཀར་པོའི་རྗེས་གནང༌། འཇམ་དཔལ་མཚན་བརྗོད། ཐུན་དྲུག་བླ་མའི་རྣལ་འབྱོར་རྣམས་ཀྱི་ལུང་གསན་ཞིང་། ལྷག་པར་དུ་དམིགས་བསལ་གྱིས་ལམ་རིམ་ཆེན་མོའི་ལྗགས་ལུང་བསྩལ་བ་ཡོངས་འཛིན་རིན་པོ་ཆེ་དང་ལྷན་དུ་གསན།

དགུང་ལོ་བཅུ་བདུན་པ་ཆུ་བྱ་ ༡༩༩༣ ལོར་ཡོངས་འཛིན་པདྨ་དབང་རྒྱལ་དང་གྲུབ་དབང་སྤང་སྣང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་སོགས་ཀྱི་བཀའ་དགོངས་ལྟར། ཡོངས་འཛིན་རིན་པོ་ཆེ་དང་སྐུའི་གཅེན་པོ་དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱི་ལྷན་ཏུ་གསང་རྒྱ་ཤིན་ཏུ་དམ་པོའི་འོག་ནས་རྒྱ་གར་དུ་ཕེབས་ནས། སྤྱི་ཟླ་ ༩ ཚེས་ ༢༨ ཉིན་ྋརྒྱལ་བའི་ཕོ་བྲང་དུ་ྋགོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོའི་གསེར་ཞལ་མཇལ། སྤྱི་ཟླ་ ༡༠ ཚེས་ ༩ ཉིན་སེ་ར་ཐེག་ཆེན་གླིང་དུ་ཕེབས་ནས་ཕྱི་ལོའི་སྤྱི་ཟླ་ ༣ ཚེས་ ༢༤ ཉིན་སེ་རའི་ཚོགས་ཆེན་དང་སེར་སྨད་གྲྭ་ཚང་བཅས་སུ་སྔ་སྲོལ་ལྟར་ཆོས་ཞུགས་མཛད། ཡོངས་འཛིན་པདྨ་དབང་རྒྱལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་རྗེས། ྋགོང་ས་ཆེན་པོའི་༸བཀའ་དགོངས་ལྟར་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་ཡོངས་འཛིན་དུ་བསྟེན་ནས། རྒྱ་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ལ་ཐོས་བསམ་སློབ་གཉེར་མཛད།

དགུང་ལོ་ཉེར་གཅིག་པ་ས་སྟག་ ༡༩༩༨ ལོའི་སྤྱི་ཟླ་ ༣ ཚེས་ ༡༠ ཉིན་ྋགོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དྲུང་ནས་བསྙེན་པར་རྫོགས། དེ་ལོའི་སྤྱི་ཟླ་ ༨ ཚེས་ ༡༧ ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་རིགས་ཆུང་ཚོགས་ལངས་བཞེངས། ཤིང་བྱ་ ༢༠༠༥ ལོར་ཕར་ཕྱིན་གྱི་གཞུང་ལ་ཐོས་བསམ་ཟིན་ནས་བདུན་ཕྲག་གཅིག་རིང་ཕར་ཕྱིན་གྲྭ་ཚང་གི་དབུ་བཞུགས་མཛད། མེ་ཕག་ ༢༠༠༧ ལོའི་སྤྱི་ཟླ་ ༨ ཚེས་ ༡༣ ཉིན་སེ་ར་ཚོགས་ཆེན་དུ་མཁས་མངས་འདུས་པའི་དབུས་སུ་རིགས་ཆེན་ཚོགས་ལངས་བཞེངས། ལྕགས་སྟག་ ༢༠༡༠ བོད་ཟླ་ ༦ ཚེས་ ༤ མཉམ་མེད་ཤཱཀྱ་སེངྒེས་ཡུལ་ཝཱ་རཱ་ཎ་སཱིར་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན། སེར་སྨད་གྲྭ་ཚང་ནས་གླིང་བསྲེ་དགེ་བཤེས་གསོལ་སྩལ་བྱུང་བ་བཞིན། སྤྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༩ བོད་ཟླ་ ༩ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་གྲྭ་སྐོར་མཛད་དེ། གདན་ས་ཆེན་པོ་གསུམ་དང་། གསང་ཆེན་རྒྱུད་གྲྭ་སྟོད་སྨད་གཉིས། བཀྲ་ཤིས་ལྷུན་པོ་སོགས་དང་། གཞན་ཡང་སྟོང་འཁོར་ཟླ་ཉི་གཉིས་ཀྱི་རིས་མེད་དགོན་ཁག་རྣམས་ལ་བསྙེན་བཀུར་རྒྱ་ཆེར་ཞུས། དེང་གི་ཆར་འཕགས་ཡུལ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ྋགོང་ས་༸སྐྱབས་མགོན་ཆེན་པོས་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དག་ལས་ཟབ་རྒྱས་ཆོས་ཀྱི་གདམས་པའི་བདུད་རྩི་ཇི་སྙེད་བཞེས་ཏེ་ཐུགས་རབ་བློ་གྲོས་ཀྱི་ཟ་མ་ཏོག་ཏུ་སྐྱིལ་བཞིན་འཚོ་ཞིང་གཞེས་པའོ།།

ཞབས་དྲུང་འདི་པ་སྐུ་ན་ཕྲ་དུས་ནས་ངོ་མཚར་བའི་རྣམ་ཐར་མང་དུ་ཡོད་ཀྱང་། དམ་པས་ཡོན་ཏན་ཁོང་དུ་སྦས། །ཞེས་གསུངས་པ་ལྟར། ཉམས་རྟོགས་ཀྱི་ཡོན་ཏན་རྣམས་སྦས་ནས་འབྲིར་མི་གནང་བས། འདིར་རེ་ཞིག་ཕྱོགས་ཙམ་ལས་མ་བྲིས།

སྨྲས་པ།

རྒྱལ་ཀུན་འཕྲིན་ལས་སྒྲིབ་བྲལ་ཕུན་སུམ་ཚོགས། །

གདོད་ནས་དག་པའི་ཆོས་སྐུའི་མཁའ་ལམ་ལ། །

གཟུགས་སྐུའི་ཆུ་འཛིན་ཡུལ་འདིའི་དཔལ་དུ་ཤར། །

ཡིད་ཅན་འཛིན་མར་ཕན་བདེ་ཆར་དུ་བསྙིལ། །ཞེས་སོ།། །།

༢༽ མཁན་རབས་རིམ་བྱོན་གྱི་རྣམ་ཐར་དང་འབྲེལ་ཏེ་དམ་པ་རིམ་བྱོན་གྱི་སྐོར་བཤད་པ།

༈ གཉིས་པ་མཁན་རབས་རིམ་བྱོན་གྱི་རྣམ་ཐར་དང་འབྲེལ་ཏེ་དམ་པ་རིམ་བྱོན་གྱི་སྐོར་བཤད་པ་ལ། མཁན་རབས་བཤད་པ་དང༌། དེ་དག་ལས་གཞན་པའི་དམ་པ་རིམ་བྱོན་གྱི་སྐོར་བཤད་པའོ།།

མཁན་རབས་བཤད་པ།

དང་པོ་ནི། སྤྱིར་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོས་དགོན་འདི་གསར་དུ་ཕྱག་བཏབ་པ་ནས་བཟུང་སྔགས་ཕྱོགས་ཀྱི་ཆོས་ཐོག་ཁག་གི་དབུ་བཞུགས་ལོ་ངོ་ཉིས་བརྒྱ་ཙམ་གྱི་རིང་མཁན་པོའམ་རྡོ་རྗེ་སློབ་དཔོན་རིམ་པར་བྱུང་ཡོད་ངེས་ཀྱང་། མཁན་བརྒྱུད་གསོལ་འདེབས་སུ་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་མཚན་ཉིད་གྲྭ་ཚང་བཙུགས་པའི་རྗེས་སུ་བྱུང་བའི་མཁན་པོ་རྣམས་མ་གཏོགས་མེད་སྟབས། འདིར་ཡང་དེ་གཞིར་བཞག་ནས་བཤད་པར་འདོད། དེ་ཡང་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་རྒྱལ་བསྟན་ནོར་བུའི་བང་མཛོད་ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་ཀུན་དགའ་མཐོང་གྲོལ་ཞེས་པའི་མཚན་ཉིད་ཀྱི་ཆོས་གྲྭ་ཆེན་པོ་བཙུགས་པ་ནས་བཟུང༌། དེར་བརྩི་བཞག་གནང་བ་དང༌། བཀའ་ཆོས་གནང་བ་དང༌། འདི་ཉིད་ཀྱི་འཆད་རྩོད་རྩོམ་གསུམ་མི་ཉམས་གོང་སྤེལ། ཉམས་པ་སླར་གསོའི་བྱ་ལས་དག་གཙོ་འགན་བཞེས་པའི་མཁན་པོ་ཞིག་བསྐོ་གཞག་གནང་བའི་སྲོལ་བཏོད། དེ་ཡང་མཁན་པོར་འོས་པ་ལ་གྲྭ་ས་ནས་ཐོན་པའི་དགེ་བཤེས་དང༌། འདི་ནས་ཐོན་པའི་གླིང་བསྲེ་གང་རུང་ཞིག་ཡིན་དགོས། དང་པོའི་མཁན་རབས་རྣམས་གྲྭ་ས་ནས་ཐོན་པའི་དགེ་བཤེས་ཤ་སྟག་ཡིན་ཀྱང་། རྗེས་སུ་མང་ཆེ་བ་འདི་ནས་ཐོན་པའི་གླིང་བསྲེ་ཡིན་པ་འདྲ། དེ་ལྟར་སྟོང་འཁོར་མཚན་ཉིད་གྲྭ་ཚང་གི་མཁན་རབས་དང་པོ་ནི། ༸པཎ་ཆེན་བསྟན་པའི་ཉི་མས་མཛད་པའི་མཁན་བརྒྱུད་གསོལ་འདེབས་སུ། གྲུབ་པའི་དབང་ཕྱུག་བློ་བཟང་ཚུལ་ཁྲིམས་དང༌། །མཁས་པའི་ཕུལ་བྱུང་བློ་བཟང་བསམ་འགྲུབ་ཞབས། །གདམས་པའི་མཛོད་འཛིན་འཇམ་དབྱངས་བསྟན་འཛིན་ཏེ། བཤེས་གཉེན་ཆེན་པོ་གསུམ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། བློ་བཟང་ཚུལ་ཁྲིམས་སམ་ཡོངས་གྲགས་སུ་དྲི་རོ་དགེ་བཤེས་ཞུ་བ་ཡིན། ཁོང་ནི་དྲི་རོ་མདའ་ཟེར་བར་འཁྲུངས། དང་པོར་ཁྱིམ་གཞི་བཟུང་བའི་ཚུལ་མཛད། དེ་ནས་བཞི་བརྒྱ་པ་ལས། གང་ལ་འདི་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །ཅེས་གསུངས་པ་ལྟར། བར་སྐབས་ཤིག་ལ་ཞིང་རྨོ་ཚེ་ཟོག་ལ་ལྕག་ཚན་བཞུས་པས་སྣེ་མོ་རང་གི་ཤ་ལ་ཁེལ་བས་རྐྱེན་བྱས། རང་ཇི་འདྲ་བ་ཟོག་ཀྱང་དེ་འདྲ་སྙམ་དུ་ཁྱིམ་གཞི་འཛིན་པ་ལ་ཐུགས་སྐྱོ་བའི་ཚུལ་གྱིས་རབ་ཏུ་བྱུང་བའི་ཐུགས་འདུན་ལྷག་པར་འཁྲུངས། དེར་རྨོན་དོར་གྲོལ་ཏེ་ཁྱིམ་དུ་མ་སོང་བར་གྲྭ་སར་ཕེབས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། ཐོས་བསམ་མཛད། དགེ་བཤེས་བཏང་བའི་ལོ་རྒྱུས་འདི་ཀུན་ལ་གྲགས་ཆེ། ངག་རྒྱུན་ལ་ཁོང་གིས་མཁན་ཁྲི་རིང་ཙམ་བསྐྱངས་མཐར་སྐུ་ན་ཤིན་ཏུ་བགྲེས་སོང་བས། ཤོ་ཀ་ལི་གཏད་ས་དགེ་བཤེས་ཤིག་དགོས་ཀྱང་གྲྭ་ས་མ་གཏོགས་འདི་ན་དགེ་བཤེས་གཅིག་ཀྱང་བཞུགས་མེད་པ་ལ། གྲྭ་སར་འཕྲིན་སྐྱེལ་བར་ཕོ་ཉ་མངགས་ཏེ་མར་ཕེབས་པ་སོགས་བྱས་ན་ནི་ཡུན་རིང་ཙམ་འགོར་བས་སྟབས་མི་བདེ་བ་དང༌། དེ་བས་དཔལ་ལྡན་ལྷ་མོ་ལ་མཁན་པོར་འོས་པའི་དགེ་བཤེས་ཤིག་མར་ཕེབས་ཐུབ་པའི་འཕྲིན་ལས་བཅོལ་ན་དགའ་དགོངས་ནས་འཕྲིན་ལས་བཅོལ་བས། དེ་མ་ཁད་སེར་སྨད་དུ་བཞུགས་པའི་དགེ་བཤེས་བློ་བཟང་བསམ་འགྲུབ་ཀྱི་ཐུགས་ལ་ཕ་ཡུལ་ཕེབས་དགོས་པའི་ཐུགས་འདུན་ལྷག་པར་འཁྲུངས་ཏེ་གློ་བུར་དུ་ཕེབས། དེས་ཀྱང་ལམ་བར་ལ་མཐོན་པོ་ཞིག་བརྒལ་ཚེ་རླུང་ཤུགས་ཆེན་པོས་རྒྱབ་ནས་ཡར་དེད་དེ་བདེ་བླག་ཏུ་བརྒལ་ཐུབ་པ་བྱུང་བས་དཔལ་ལྡན་ལྷ་མོའི་འཕྲིན་ལས་དང་སྡོང་གྲོགས་མཛད་པའི་མཚན་མ་མངོན་དུ་གྱུར་བཞིན་པར་ཕེབས་སོ། །སྟོང་འཁོར་དགོན་དུ་སླེབས་ཉིན་ལ་འཕྲིན་ངག་གི་ཆ་གང་ཡང་མེད་པར་མཁན་པོ་བློ་བཟང་ཚུལ་ཁྲིམས་ཀྱིས་ཞབས་འབྲིང་བ་ལ་དགེ་བཤེས་བློ་བཟང་བསམ་འགྲུབ་ཨེ་ཕེབས་ལྟོས་གསུངས་པའི་སྐབས། དགོན་པའི་མདུན་རི་ཆུ་རྩེ་མདུན་དུ་འགྲུལ་པ་ཞིག་ཕེབས་པ་མཐོང་བས་བླ་མ་ལ་ཞུས་པས་ལྕགས་མོ་དགེ་བཤེས་ཡིན་གསུངས། བསུ་མ་དང་གསོལ་ཇ་གྲ་སྒྲིག་བྱས། སླེབས་ཡོང་ཚེ་མཁན་པོས་འོ་བརྒྱལ་ཨེ་བྱུང་དྲིས་པས། དགེ་བཤེས་ཀྱིས། དཔལ་ལྡན་ལྷ་མོས་སྔོན་ནས་བསུས། །རླུང་ནག་མཚུབ་མས་རྒྱབ་ནས་དེད། །ང་རང་དཀའ་ལས་ཁག་པོ་བྱུང་། །ཞེས་གསུངས་པར་གྲགས། དེ་ནས་ཤོ་ཀ་ལི་གཏད་དེ་མཁན་པོར་བསྐོ་གཞག་གནང༌། དེ་ནས་སྐུ་གཤེགས་སོང་བར་གྲགས་སོ། །ཞབས་དྲུང་བདུན་པ་སྐུ་ན་ཕྲ་བའི་སྐབས་དག་ཏུ་ཡིན་པ་འདྲ། རྣམ་ཐར་དེ་དག་ལས་སྔོན་བསགས་ཀྱི་ལས་སྨོན་བཟང་པོའི་བག་ཆགས་སད། ཆོས་སྐྱོང་བྲན་དུ་འཁོལ། སྐྱེ་འཆི་ལ་དབང་ཐོབ་པ་ཞིག་ཡིན་པ་གདོན་མི་ཟའོ། །

སྨྲས་པ།

བློ༵་གྲོས་འཛིན་མ་སྐྱོ་གདུང་ཆུ་ཡིས་བརླན། །

བཟང༵་པོའི་བག་ཆགས་ས་བོན་ལེགས་སྨིན་པས། །

ཚུལ༵་མཐུན་རབ་བྱུང་ལོ་ཏོག་གཡུར་དུ་ཟ། །

ཁྲིམ༵ས་ལྡན་གྲུབ་དབང་ཆེན་པོ་རྟག་ཏུ་བསྔགས། །ཞེས་སོ།། །།

༈ མཁན་རབས་གཉིས་པ་མཁས་པའི་ཕུལ་བྱུང་བློ་བཟང་བསམ་འགྲུབ་ནི། བྱི་རུ་མདའི་ལྕགས་མོ་ཚང་དུ་འཁྲུངས་པར་མངོན། དབུས་སུ་ཕེབས་ཏེ་ཐུགས་སྦྱངས་གནང༌། དགེ་བཤེས་ཀྱི་མཚན་བཏགས་བཞེས། གོང་གསལ་ལྟར་མཁན་ཁྲིར་ཕེབས། རི་ཁྲོད་དུ་བྱང་ཆུབ་ལམ་གྱི་རིམ་པ་སོགས་སྔོན་གཞུང་ཆེན་ཐོས་བསམ་བྱེད་པ་དེ་དག་ཉམས་བཞེས་གནང༌། རྗེ་བླ་མས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་པ་འདི་འདྲ་ལ་ཟེར་བ་ཡིན་ནོ། །རི་ཁྲོད་ནས་ཆེད་གཉེར་གྱིས་ཕེབས་ཏེ་ཞབས་དྲུང་བདུན་པ་ལ་བྱང་ཆུབ་ལམ་གྱི་རིམ་པ་དམར་ཁྲིད་ཀྱི་མན་ངག་ཆ་ལག་ཡོངས་སུ་རྫོགས་པ་དཔལ་རྒྱལ་བ་དབེན་ས་པའི་མན་ངག་གིས་བརྒྱན་ནས་ཤིན་ཏུ་རྒྱས་པ་གསུངས། གཞན་ཡང༌། འཇིགས་བྱེད་དབང་ཆེན་སོགས་མདོ་སྔགས་ཀྱི་ཆོས་ཚུལ་མང་པོ་བསྩལ། མི་དབང་ཆོས་མཛོད་ཀྱིས་དར་རྒྱས་གླིང་ཕོ་བྲང་དུ་སྤྲུལ་སྐུ་གཉིས་པ་ཞིག་གསར་དུ་སྐུ་བདག་བྱས་ནས་གདན་ས་ཕན་ཚུན་འདྲ་མཉམ་དང་སྔ་ཕྱི་ཙམ་མ་གཏོགས་སྤྲུལ་སྐུ་ཕན་ཚུན་འདྲ་མཉམ་ཡིན་ཟེར་བའི་རྐྱེན་གྱིས་རྩོད་གླེང་དང་རྙོག་གྲ་བསླངས་སྐབས་སུ། དམ་པ་འདིའི་གཟིམ་ལམ་དུ་ཁྲི་མཐོ་དམའ་མཉམ་པའི་སྟེང་དུ་ཞབས་དྲུང་བདུན་པ་གསེར་ཐབ་བཞེས་པ་གཅིག་དང༌། སྤྲུལ་སྐུ་གཅིག་ཤོས་དེ་འདྲ་མ་ཡིན་པ་ཞིག་བཞུགས་པ་དང༌། ཡང་གྲལ་འགོ་ཞིག་ལ་ཞབས་དྲུང་གི་མ་ཡུམ་གྱིས་གཟབ་མཆོར་སྤྲས་ནས་ཡོད་པ་དང༌། དེའི་འོག་ཏུ་གཅིག་ཤོས་ཀྱི་མ་ཡུམ་རྒྱན་གོས་ཞན་པ་ཡོད་པར་རྨིས་པས། ཞབས་དྲུང་ལ་སྤྲུལ་སྐུ་གཅིག་ཤོས་ཀྱིས་ཁྱོད་ཀྱི་མཛད་འཕྲིན་ལ་ཅུང་ཟད་ཀྱང་གནོད་མི་ནུས་ཞེས་ལུང་བསྟན་གནང་ཡོད། སྤྲུལ་སྐུ་གཅིག་ཤོས་ནི་དེང་སང་རྭ་རྒྱ་སྤྲུལ་སྐུ་ཡིན་པས། ལུང་བསྟན་བཞིན་གནའ་ནས་ད་བར་རིམ་བྱོན་རྣམས་ཀྱི་སྐུ་དབང་དང་འཕྲིན་ལས་ལ་གནོད་རྐྱེན་ཅུང་ཙམ་ཡང་མ་ཐེབས་པ་རེད། ཁོང་ནི་ཡུལ་ལ་ཡར་མར་ཕེབས་སྐབས་སུ་སེར་ཡུལ་འབུར་ཟེར་བའི་ལམ་ལྟག་ཏུ་ཕ་བོང་ཆེན་པོ་ཞིག་ལ་རྒྱུན་དུ་རྟ་འདྲོགས་པས་ཉིན་ཅིག་ཕ་བོང་དེ་ལ་ཕྱག་ནས་གཏོར་བས་ཕྱིན་ཆད་དུ་རྟ་མི་འདྲོག་པ་དང༌། རྡོ་ཕ་བོང་དེ་ཡང་འཐོར་བཤིག་ཏུ་གྱུར།

སྨྲས་པ།

བློ༵་དཀར་གངས་རིའི་མདངས་ལས་ལྷག །

བཟང༵་གོམས་རྒྱལ་སྲས་སྤྱོད་ལས་དགེ །

བསམ༵་པའི་འཁྱེར་སོའི་དཔལ་ཡོན་ཚོགས། །

འགྲུབ༵་དཀའ་བྱང་ཆུབ་ཁྱོད་ལ་མིན། །ཞེས་སོ། །

༈ མཁན་རབས་གསུམ་པ་འཇམ་དབྱངས་བསྟན་འཛིན་ནི། ཁོང་ལ་མཁན་བརྒྱུད་གསོལ་འདེབས་སུ། གདམས་པའི་མཛོད་འཛིན་འཇམ་དབྱངས་བསྟན་འཛིན་ཏེ། །བཤེས་གཉེན་ཆེན་པོ་གསུམ་ལ་གསོལ་བ་འདེབས། །ཞེས་གདམས་པའི་མཛོད་འཛིན་ཞེས་དང༌། བཤེས་གཉེན་ཆེན་པོ་ཞེས་བསྔགས་པར་མཛད་དོ། །དེ་ཙམ་ལས་ཞིབ་ཚགས་ལོ་རྒྱུས་ཁུངས་ཐུབ་མ་རྙེད།

༈ མཁན་རབས་བཞི་པ་ཞབས་དགེ་བཤེས་དོན་འགྲུབ་རྒྱ་མཚོ་ནི། ཉ་ཁྲིར་འཁྲུངས། གྲྭ་སར་ཕེབས་ཏེ་དགེ་བཤེས་མཚན་བཏགས་བཞེས། མཁས་གྲུབ་འཁོར་སྒྱུར་དོན་འགྲུབ་རྒྱ་མཚོ་དང༌། །ཞེས་བསྔགས་པ་ལྟར། འཁོར་སྒྱུར་གྱི་སྤྲུལ་སྐུར་གྲགས། གསེར་རྐྱང་ལས་གྲུབ་པའི་གཏོར་ཆས་སོགས་ཕྱག་རྫས་ངོ་མཚར་བ་མང༌། སྐུ་ཚེ་ཐ་མར་ཐུག་སྐབས་འདི་རྣམས་གཞན་གྱིས་ལོངས་སྤྱོད་མི་རུང་གསུངས་ནས་དེ་དག་གི་དོད་དུ་ཟངས་རག་གི་གཏོར་ཆས་མགར་བཅུག་ནས་བཞག ད་ལྟར་ཕྱག་དྲིལ་གཏོར་ཆས་རྣམས་ཡོད་ཟེར། མཁན་པོའི་སྐབས་ཆོས་གྲྭར་བཀའ་ཆོས་གསུང་སྐབས་སུ། གྲྭ་རྐྱང་ཞིག་ཡིན་ཀྱང་ནས་ཤ་སྒྲོ་གང་རེ་མེད་པ་མེད་པས་མནྜལ་རྫས་ཀྱིས་ཡར་གང་དགོས་གསུངས། ཆོས་གྲྭ་ནས་ཕྱིར་ཕེབས་རྗེས་ཞབས་ཕྱི་བས་ཁྱོད་ཀྱིས་དེ་འདྲ་གསུངས་པ་ནོར་འདུག ནས་ཤ་སྒྲོ་གང་ལྟ་ཞོག་གསོལ་རྩམ་མེད་པ་མང་པོ་ཡོད་ཅེས་ཞུས་པ་ལ། ཕྱི་ཉིན་ཁ་སང་ང་ཡིས་བཤད་པ་དེ་ནོར་བ་ཆེན་པོ་རེད་འདུག་ཅེས་གསུངས་ནས་མཎྜལ་རྫས་ཀྱི་ཐད་དུ་ནས་བྲེ་གང་རེ་འགྱེད། སྐབས་དེར་ཞབས་དྲུང་སྐུ་ཕྲེང་བདུན་པས། ཁྱོད་ལ་དེ་འདྲ་བའི་ནས་མང་པོ་ཡོད་ནའང་རྗེས་སུ་གྲྭ་རྐྱང་དག་ཀྱང་མཁན་ཁྲིར་ཕེབས་དགོས་པས། སྲོལ་དེ་འདྲ་མི་ལེགས་གསུངས་ནས་མཁན་རབས་རྗེས་མ་རྣམས་མཎྜལ་ནས་ཀྱི་ཐད་ལ་ལྷ་སྡེའི་ཐོག་ཏུ་བསོད་སྙོམས་ལ་ཕེབས་ཆོག་པའི་སྲོལ་བཏོད། དེ་ནས་རྗེས་སུ་མཁན་རབས་རིམ་བྱོན་གྱིས་དེ་ལྟར་མཛད་ནས་དབྱར་གནས་སྐབས་སུ་མཎྜལ་གྱི་ནས་འགྱེད་པའི་ཕྱག་སྲོལ་ཆགས་སོ། །ཞབས་དྲུང་བདུན་པ་དབུས་སུ་ཕེབས་སྐབས་ཉ་ཁྲི་རི་ཁྲོད་དུ་དམ་པ་འདི་ལ་མཇལ་འཕྲད་མཛད། དེའི་ཚེ་ཞབས་དྲུང་རིན་པོ་ཆེ་ལ་དགེ་བཤེས་ཀྱིས་སྐུ་ཀེག་སོགས་ཡོད་མེད་ཞུས་པ་ལ། ཁྱོད་དགུང་གྲངས་དོན་བདུན་དོན་བརྒྱད་དོན་དགུ་རྣམས་ལ་འཚུབ་ཆ་ཆེ་བ་དང༌། ལྷག་པར་དུ་དོན་དགུ་ལ་འཚུབ་ཆ་ཧ་ཅང་ཆེ་བས་རིམ་གྲོ་ལ་ནན་གྱིས་འབད་དགོས་ཞེས་ལུང་བསྟན་པ་ལྟར། དགུང་གྲངས་དོན་དགུའི་སྟེང་ཞི་བར་གཤེགས་སོ། །

སྨྲས་པ།

ཀུན་གཟིགས་ཐུགས་རྗེས་གཞུ་མོ་ལས། །

བཀའ་ཚིག་རྡོ་རྗེའི་མདའ་བོ་ཆེས། །

གང་ཉིད་འཁོར་སྒྱུར་རྣམ་རོལ་དུ། །

བཟློག་པ་མེད་པའི་ཤུགས་སྒྲ་བསྒྲགས། །ཞེས་སོ། །

༈ མཁན་རབས་ལྔ་པ་བྱམས་པ་ལེགས་ལྡན་ནི། གོང་གི་མཁས་གྲུབ་ཆེན་པོ་གསུམ་གྱི་ཡ་གྱལ་ཤེས་བྱ་ཀུན་གཟིགས་བྱམས་པ་ལེགས་ལྡན་ཞེས་པ་དེ་ཡིན། ཁོང་ནི་ལུ་གུ་དགོན་གྱི་སྡེ་འབངས་གཟུ་རོང་བཞུ་ཚང་དུ་འཁྲུངས། གྲྭ་སར་ཕེབས། མཁྱེན་རབ་རྒྱས། དགེ་བཤེས་རབ་འབྱམས་པའི་མཚན་བཏགས་བཞེས། འཁྲུངས་རབས་བཻཌཱུརྱའི་མེ་ལོང་དུ་འཁོད་པ་ལྟར་ཁོང་ནི་གྲྭ་སར་ཡུན་རིང་དུ་བཞུགས་པས་མཚན་ཉིད་ཀྱི་ཤེས་ཡོན་རྒྱས་ཤིང་ཀུན་སྤྱོད་གཙང་ལ་བག་ཡོད་དང་ལྡན་པ་སོགས་ཡོན་ཏན་དུ་མ་མངའ་བ་ཞིག་གོ །དེའི་དབང་གིས་ཡབ་ཀྱི་ཐུགས་བབས་ཡོད་པ་ལྟར་ཞབས་དྲུང་དྲུག་པ་སྐུ་ན་ཕྲ་བའི་སྐབས་སུ་ཡོངས་འཛིན་དུ་བཞུགས་ཏེ་བཀའ་དྲིན་ཆེན་པོས་བསྐྱངས། བདུན་པ་དགུང་གྲངས་བརྒྱད་ལ་ཕེབས་ཚེ་དགེ་བསྙེན་དང༌། རབ་བྱུང་བཞེས་སྐབས་ལས་ཀྱི་སློབ་དཔོན་གྲས་སུ་བཞུགས་མྱོང་། སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་གི་དགོན་ལག་ཆོས་སྡེ་བཀྲ་ཤིས་འཁྱིལ་གྱི་ཁྲི་ཡང་བསྐྱངས་སོ། །

སྨྲས་པ།

མང་དུ་ཐོས་ཤིང་ཐོས་དོན་རྒྱུད་སྦྱར་ཏེ། །

སེམས་ཅན་འདུག་ཚད་ཀུན་ལ་བྱམས་པ་བསྒོམས། །

ཆོས་མཛད་ཡོད་དོ་ཅོག་ལ་ལེགས་བསམས་ནས། །

མོས་གུས་སྐྱེད་པའི་དམ་པའི་ངང་ཚུལ་ལྡན། །ཞེས་སོ། །

༈ མཁན་རབས་དྲུག་པ་གོང་གི་མཁས་གྲུབ་ཆེན་པོ་གསུམ་གྱི་ཡ་གྱལ། བསྟན་འཛིན་གཙུག་རྒྱན་བློ་བཟང་ཡོན་ཏན།

༈ མཁན་རབས་བདུན་པ་མཚུངས་མེད་བླ་མ་གསུམ་གྱི་ཡ་གྱལ་ངག་ལ་དབང་སྒྱུར་ངག་དབང་རྒྱལ་མཚན།

༈ མཁན་རབས་བརྒྱད་པ་མཚུངས་མེད་བླ་མ་གསུམ་གྱི་ཡ་གྱལ་མཁྱེན་བརྩེའི་ཕུལ་བྱུང་བློ་བཟང་དཔལ་ལྡན།

༈ མཁན་རབས་དགུ་པ་མཚུངས་མེད་བླ་མ་གསུམ་གྱི་ཡ་གྱལ་བསྟན་པའི་གསལ་བྱེད་བསོད་ནམས་བསྟན་པ།

༈ མཁན་རབས་བཅུ་པ་འགྲོ་འདྲེན་ཆེན་པོ་གསུམ་གྱི་ཡ་གྱལ་མཚུངས་མེད་ཆོས་རྗེ་ཛྷཱ་ན་མ་ཎིའམ་ཡེ་ཤེས་ནོར་བུ་ནི། མྱང་རི་སྒང་ཚང་དུ་འཁྲུངས། ཞབས་དྲུང་བདུན་པས་སྟོང་འཁོར་མཚན་ཉིད་གྲྭ་ཚང་གི་མཚན་ཉིད་དགེ་རྒན་དུ་བསྐོ་གཞག་མཛད། ཡང་ཉིད་ཀྱི་བཀས་བསྐུལ་བ་ལ་བརྟེན་བློ་གསར་བ་རྣམས་ལ་ཕན་ཕྱིར་བསྡུས་གྲྭ་ཤིན་ཏུ་བསྡུས་པ་ཞིག་དང༌། རྗེས་འགྲོ་ལྡོག་ཁྱབ་ཀྱི་སྡོམ་ཚིག་བཅས་མཛད་ཡོད། དམ་ཅན་ཐིག་ལེ་རྩལ་ལ་འཕྲིན་བཅོལ་དགོངས་ཤིག་ཆོས་སྐྱོང་མ་སྟོང་འཁོར་ཡུལ་དུ་འདོན་བཞིན་པ་འདི་མཛད་པ་པོ་ཡང་ཁོང་ཡིན། ཁོང་ནི་ཐུགས་རབ་གསལ་བས་ཤོ་ཀ་ལིའི་དོད་དུ་ཤིང་གི་ཀུན་དགའ་ར་བ་ཆུང་ངུ་སྟབས་བདེ་ཞིག་བཟོས་ཡོད་པ་ད་ལྟར་ཡང་ཡོད།

སྨྲས་པ།

ཡེ༵་ནས་དག་པའི་ཁྱོད་ཐུགས་མེ་ལོང་ངོས། །

ཤེས༵་ཉོན་གློ་བུར་དྲི་ནོག་ཡོངས་འདག་ཕྱིར། །

ནོར༵་ལ་མ་ཆགས་འགྲོ་ལ་རྗེས་ཆགས་ཏེ། །

བུ༵་བཞིན་སློབ་གསོས་ལེགས་སྐྱོང་གང་དེར་གུས། །ཞེས་སོ། །

༈ མཁན་རབས་བཅུ་གཅིག་པ་གསལ་མཛད་ཆེན་པོ་བྱམས་པ་ཡེ་ཤེས།

༈ མཁན་རབས་བཅུ་གཉིས་པ་བཀའ་དྲིན་གསུམ་ལྡན་དོན་འགྲུབ་ཚུལ་ཁྲིམས་ནི། ཉ་ཁྲི་གྲོང་གི་ཞབས་ཚང་དུ་འཁྲུངས། གོང་གི་མཁན་རབས་བཞི་པ་དོན་འགྲུབ་རྒྱ་མཚོའི་ཚ་བོ་ཡིན་པས། ཁོང་སྐུ་ན་ཕྲ་བའི་དུས་སུ་དོན་འགྲུབ་རྒྱ་མཚོས་དཔེ་ཆ་གཟིགས་དགོས་ཞེས་རྟག་པར་བཀའ་སློབ་ནན་གྱིས་མཛད་པས། ཉིན་ཞིག་ལ་ང་ཡིས་བརྒྱད་སྟོང་པ་ཉིན་རེར་ཚར་རེ་འདོན་བཞིན་པ་ཡིན། དེ་ལས་ལྷག་པའི་དཔེ་ཆ་ཞིག་བལྟ་རྒྱུ་མེད་གསུངས་པ་ལ། དོན་འགྲུབ་རྒྱ་མཚོས་དེ་ཇི་འདྲ་ཡིན་མ་ཤེས་པར་ཉམས་སད་པས་བརྒྱད་སྟོང་པ་ཐུགས་ཐོག་ནས་ཐོགས་མེད་དུ་གསུངས་པ་ལ་ཡིད་ཆེས་ཆེར་སྐྱེས་པའི་ངག་རྒྱུན་ཡོད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བཀའ་དྲིན་གསུམ་ལྡན་ཞེས་བསྟོད་པ་མཛད་པར་གཞིགས་ན། དགོན་གཞི་འདིར་དབང་བསྐུར། རྒྱུད་བཤད། མན་ངག་གནང་བའི་བཀའ་དྲིན་ཆེན་པོ་བསྐྱངས་ཡོད་པར་མངོན་ནོ། །

སྨྲས་པ།

དགོས་དགོས་ཤེར་ཕྱིན་བསྡུས་པའི་དོན༵། །

འབད་འབད་ཐར་ལམ་ཐུགས་ལ་འགྲུབ༵། །

ཟབ་ཟབ་གསང་སྔགས་ཆོས་ཀྱི་ཚུལ༵། །

ཡང་ཡང་སྤེལ་བ་ལུགས་མཐུན་ཁྲིམ༵ས། །ཞེས་སོ། །

༈ མཁན་རབས་བཅུ་གསུམ་པ་འགྲོ་འདྲེན་ཆེན་པོ་བློ་བཟང་འབྱུང་གནས་ནི། ལ་མཐོ་གྲོང་དུ་འཁྲུངས་པའི་བླ་མ་འོད་ཟེར་རྒྱལ་མཚན་ཟེར་བའི་དམ་པ་ཁྱད་དུ་འཕགས་པ་ཞིག་ཕེབས་པ་དེ་ཨེ་ཡིན་སྙམ། གང་ཡིན་ཞེ་ན། འདི་ལ་བཻཌཱུརྱ་མེ་ལོང་དུ་བཀའ་འགྱུར་བ་ཆེན་པོ་ཞེས་གསུངས། བཀའ་འགྱུར་བ་ཆེན་པོ་ཞེས་འབོད་དོན་ནི་བཀའ་འགྱུར་ལུང་ཆ་ཚང་གནང་མྱོང་མཁན་ཞིག་ལ་འབོད་སྲོལ་ཆགས་ཡོད་པ་དང༌། བླ་མ་འོད་ཟེར་རྒྱལ་མཚན་ཡང་རྒྱལ་བའི་བཀའ་འགྱུར་རོ་ཅོག་ལུང་གནང་མཁན་ཞིག་ཡིན་སྙམ། དེ་ལ་ལུང་རྒྱུན་ཕུན་སུམ་ཚོགས་པ་ཡོད་ཚུལ་ནི་ཀློང་རྡོལ་རིན་པོ་ཆེས་བཀའ་འགྱུར་གྱི་ལུང་དབྱར་དུས་སུ་ཉི་མ་ག་ཚ་དང༌། དགུན་དུས་སུ་ལྷགས་པ་ག་ཆེར་གནང་བས་དང་པོར་འདུས་པ་མང་ཡང་རྗེས་སུ་མཐའ་འཁྱོལ་བྱུང་བ་བཞི་ལས་མེད་པའི་གྲས་ནས་གཅིག་ཡིན་ཞེས་མཁན་ཟུར་སྐལ་བཟང་མཐར་ཕྱིན་སོགས་མང་པོའི་ཞལ་རྒྱུན་ལས་བྱུང་བས་སོ། །ཞབས་དྲུང་བརྒྱད་པ་རབ་ཏུ་བྱུང་སྐབས་ཚོགས་པའི་དགེ་འདུན་གྱི་གྲས་དང༌། ཁྲི་འདོན་སྐབས་མཎྜལ་བཤད་པ་གསུངས་པ་བཻཌཱུརྱ་མེ་ལོང་དུ་འཁོད་ཡོད།

༈ མཁན་རབས་བཅུ་བཞི་པ་དངོས་བརྒྱུད་ཡོངས་འཛིན་གསུམ་གྱི་དང་པོ་མཁས་གྲུབ་ཆེན་པོ་བློ་གྲོས་ཆོས་འཕེལ་ནི། འབྲུ་ཡག་གྲོང་དུ་འཁྲུངས། ཞབས་དྲུང་བརྒྱད་པས་རབ་བྱུང་སྒྲུབ་སྐབས་ཚོགས་པའི་དགེ་འདུན་གྱི་གྲས་སུ་བཞུགས་མྱོང་། ཆུ་ཁྱི་ལོར་ཞབས་དྲུང་བརྒྱད་པའི་ཡོངས་འཛིན་དུ་བཞུགས། མཚན་ཉིད་ཀྱི་རིག་པ་བསླབས། ཁོང་གིས་ཞབས་དྲུང་གི་རོགས་སྐྱོར་གནང་བ་ལ་བརྟེན་ནས་གསེར་ཐང་སྤུས་ལེགས་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་བཞེངས་སྒྲུབ་མཛད་ཡོད། གནའ་དུས་སུ་འདུས་ཁང་དུ་འདིའི་འདྲ་སྐུ་ཆུང་ཆུང་ཞིག་བཞུགས་པ་བཤེས་གཉེན་རྣམས་ཀྱིས་གསུངས།

སྨྲས་པ།

གང་གང་བློ་གྲོས་ཤར་རིའི་རྩེ་མོ་རུ། །

མཛེས་མཛེས་བཟང་པོའི་ཡོན་ཏན་ཟླ་བ་འཛེགས། །

གསལ་གསལ་ཆོས་ཀྱི་འོད་སྣང་སྤྲོས་པ་ཡིས། །

ཡང་ཡང་འཕེལ་སྐྱེད་ལུང་རྟོགས་ཀུ་མུད་བཞད། །ཅེས་སོ། །

༈ མཁན་རབས་བཅོ་ལྔ་པ་དངོས་བརྒྱུད་ཡོངས་འཛིན་གསུམ་གྱི་གཉིས་པ་འདུལ་འཛིན་དམ་པ་དོན་འགྲུབ་དཔལ་ལྡན་ནི། ཞབས་དྲུང་བརྒྱད་པ་སྐུ་ངོས་འཛིན་ཆེད་དུ་ངལ་བ་ཁྱད་བསད་ཀྱིས་འཁོར་དང་བཅས་འབྲོག་ཁོག་ཏུ་ཕེབས་ནས་སྐུ་བདག་མཛད། འདི་ཕྱོགས་སུ་གདན་འདྲེན་ལེགས་པར་ཞུས། ཁྲི་སྟོན་སྐབས་སུ་ཁྲི་ལས་ཐོག་པ་ཡིན་པས་བརྒྱ་འབུལ་གྱི་སྔོན་འགྲོར་མཎྜལ་གྱི་བཤད་པ་ཕུན་སུམ་ཚོགས་པ་གསུངས། དགེ་བསྙེན་དང་རབ་བྱུང་སྒྲུབ་པའི་སྐབས་ཚོགས་པའི་དགེ་འདུན་གྱི་གྲས་སུ་བཞུགས། མདོར་ན། ཞབས་དྲུང་འདི་ལ་སྐུ་བདག་ཚུན་ཆད་ནས་མཐུན་འགྱུར་གང་མང་ཞིག་གནང་བའི་བཀའ་དྲིན་ཆེ་བ་བཻཌཱུརྱ་མེ་ལོང་དུ་འཁོད་ཡོད་དོ། །

སྨྲས་པ།

དོན༵་ཆེན་སྐུ་བཞིའི་གོ་འཕང་ཉིད། །

འགྲུབ༵་ལ་ཁ་ཚ་དགོས་གལ་ཆེ། །

དཔལ༵་འཛོམས་བྱང་སེམས་རིན་པོ་ཆེ། །

ལྡན༵་པ་གང་དེར་ཕྱག་བྱར་འོས། །ཞེས་སོ། །

༈ མཁན་རབས་བཅུ་དྲུག་པ་དངོས་བརྒྱུད་ཡོངས་འཛིན་གསུམ་པ་བྱམས་པ་ལྷུན་འགྲུབ་ནི། མཁན་ཁྲིར་ཕེབས། མེ་ཡོས་གནམ་ལོར་གསར་ཚེས་ལ་ཚོགས་དབུས་སུ་མཆོག་སྤྲུལ་བརྒྱད་པ་རིན་པོ་ཆེ་ལ་ཚེ་དབང་ཕུལ་བར་མཛད། ལྕགས་ལུག་ལོར་བསྙེན་རྫོགས་སྒྲུབ་སྐབས་ལས་ཀྱི་སློབ་དཔོན་གནང་། གླིང་བསྲེ་ཡིན་སྐབས་ཞབས་དྲུང་བརྒྱད་པ་ཁྲི་སྟོན་ཟབ་རྒྱས་སྐབས་སུ་དགའ་སྟོན་རྟེན་འབྲེལ་གྱི་ཆེད་དུ། ཁོང་དང༌སྐལ་བཟང་དགེ་ལེགས་གཉིས་ཀྱིས་ཚོགས་ལངས་མཛད་ཡོད། བཀའ་དྲིན་གསུམ་ལྡན་བྱམས་པ་ལྷུན་འགྲུབ་དཔལ། །ཞེས་བསྔགས་ཡོད།

སྨྲས་པ།

འགྲོ་བ་ཡོངས་བྱམས༵་བྱམས་སྙིང་རྗེ། །

རྒྱལ་མྱུག་སྐྱེད་པ༵ར་པཱ་ཎཾ་འདྲ། །

ཚོགས་གཉིས་རི་ལྷུན༵་ལྷུན་ཆགས་པ། །

ཁྱོད་ཀྱི་གང་འགྲུབ་འགྲུབ༵་པ་དཀོན། །ཞེས་སོ། །

༈ མཁན་རབས་བཅུ་བདུན་པ་བསྟན་འཛིན་དམ་པ་བཞིའི་གྲས་ཀྱི་གྲགས་པ་ནི། འདི་ནི་བཻཌཱུརྱ་མེ་ལོང་དུ་ཞབས་དྲུང་བརྒྱད་པ་འབྲོག་ཁོག་སེ་ར་དགོན་པ་ནས་རང་དགོན་དུ་གསར་དུ་གདན་ཞུས་སྐབས་སུ་གླིང་བསྲེ་གྲགས་པ་ཟེར་བ་དེ་ཡིན་པར་མངོན། གྲགས་པའི་མཚན་འཆང་ཆོས་ཀྱི་འབྱོར་བ་རྒྱས། །ཞེས་བསྔགས་པ་དེ་ཡིན་ནོ། །

སྨྲས་པ།

སྔོན་བསགས་ལེགས་བྱས་མཐུ་བརྟས་པས། །

སྐུ་ལུས་ངུར་སྨྲིག་གོས་ཀྱིས་བཀླུབས། །

སྡེ་སྣོད་ཆོས་སྒྲ་དར་དིར་སྒྲོགས། །

བསྟན་ལ་རབ་བྱུང་སྐལ་བ་བཟང༌། །ཞེས་སོ། །

༈ མཁན་རབས་བཅོ་བརྒྱད་པ་ནི། བསྟན་འཛིན་དམ་པ་བཞིའི་གྲས་ཀྱི་བློ་བཟང་ཚེ་བརྟན།

༈ མཁན་རབས་བཅུ་དགུ་པ་ནི། བསྟན་འཛིན་དམ་པ་བཞིའི་གྲས་ཀྱི་གྲགས་པ་བསམ་འགྲུབ།

༈ མཁན་རབས་ཉི་ཤུ་པ་ནི། བསྟན་འཛིན་དམ་པ་བཞིའི་གྲས་ཀྱི་མཁས་པའི་དབང་པོ་གྲགས་པ་ཕུན་ཚོགས།

༈ མཁན་རབས་ཉེར་གཅིག་པ་ནི། མཚུངས་མེད་བླ་མ་གསུམ་གྱི་ནང་ཚན་ཡོན་ཏན་བསྟན་དར།

༈ མཁན་རབས་ཉེར་གཉིས་པ་ནི། མཚུངས་མེད་བླ་མ་གསུམ་གྱི་ནང་ཚན་བློ་བཟང་བསྟན་འཛིན།

༈ མཁན་རབས་ཉེར་གསུམ་པ་ནི། མཚུངས་མེད་བླ་མ་གསུམ་གྱི་ནང་ཚན་ཡོན་ཏན་ཕུན་ཚོགས།

༈ མཁན་རབས་ཉེར་བཞི་པ་ནི། ཡོན་ཏན་འབྱུང་གནས།

༈ མཁན་རབས་ཉེར་ལྔ་པ་བློ་བཟང་བསྟན་འཕེལ་ནི། ཞབས་དྲུང་བདུན་པ་དགུང་ལོ་བཅུ་གཅིག་བར་དུ་ཡོངས་འཛིན་ལ་ལྕགས་མོ་དགེ་བཤེས་ཤཱཀྱ་བསོད་ནམས་བཞུགས། དེའི་རྗེས་ནས་འདི་ཉིད་བཞུགས་ཏེ་ཡོན་ཏན་ཡར་ངོས་ཟླ་བ་ལྟར་འཕེལ་བར་མཛད།

༈ མཁན་རབས་ཉེར་དྲུག་པ་ཡོན་ཏན་འོད་གསལ་ནི། མཁར་སྲུང་ཨ་བ་ཚང་དུ་འཁྲུངས། ཞབས་དྲུང་བརྒྱད་པའི་སྐབས་ཁོང་གིས་རིགས་ཀྱི་སྔ་རྒོལ་དང༌། མཆོག་སྤྲུལ་རིན་པོ་ཆེས་ཕྱི་རྒོལ་གནང་ནས་ཚོགས་ལངས་བཞེངས་ཡོད།

༈ མཁན་རབས་ཉེར་བདུན་པ་ནི། བློ་གྲོས་ཆོས་འཕེལ།

༈ མཁན་རབས་ཉེར་བརྒྱད་པ་ནི། ངག་ལ་དབང་འབྱོར་མདོ་སྔགས་ཆོས་ཚུལ་འཕེལ། །ཞེས་པའི་ངག་དབང་ཆོས་འཕེལ།

༈ མཁན་རབས་ཉེར་དགུ་པ་དཔལ་ལྡན་བསྟན་འཕེལ་ནི། འཁྲུངས་རབས་བཻཌཱུརྱ་མེ་ལོང་དུ་འཁོད་པ་ལྟར་ཁོང་གིས་ཞབས་དྲུང་བརྒྱད་པ་ལ་སྙུན་གཡོག་པ་བྱས། ཞབས་དྲུང་སྐུ་གཤེགས་ཁར་སྐུ་དང་གསུང་གི་འདས་རྟགས་ཁྱད་པར་ཅན་མཇལ་མཁན་གྱི་གྲས་ཡིན། དེ་ཡང་ཞབས་གཡས་བསྐུམས་གཡོན་བརྐྱངས་ཤིང༌། ཕྱག་གཡས་སྡིགས་མཛུབ་དང་བཅས་པུས་མོའི་སྟེང་བཞག་པ་དང་། ཕྱག་གཡོན་མཉམ་བཞག་མཛད་དེ་གསུང་སྐད་གཟེངས་མཐོན་པོས་གདུག་པ་ཅན་རྣམས་ཚར་གཅོད་པར་གྱུར་ཅིག་ཅེས་གསུངས་པ་ཁོང་གིས་དངོས་སུ་ཐོས་གསུངས་སོ། །

སྨྲས་པ།

དམ་པའི་གསང་གསུམ་མཇལ་བའི་དཔལ༵། །

ཕུན་སུམ་ཚོགས་པ་ཁྱོད་ལ་ལྡན༵། །

མཁས་མང་ཁྲིར་དབང་དགེ་ལྡན་བསྟན༵། །

ཡར་ཟླའི་རྗེས་འགྲོར་འཕེལ༵་མཛད་བསྔགས། །ཞེས་སོ། །

༈ མཁན་རབས་སུམ་ཅུ་པ་ནི། ཐུགས་རྒྱུད་ཞི་དུལ་བློ་གྲོས་ཉི་མ།

༈ མཁན་རབས་སོ་གཅིག་པ་ནི། ཐུགས་བསྐྱེད་རབ་བརྟན་ཚུལ་ཁྲིམས་ཐབས་མཁས།

༈ མཁན་རབས་སོ་གཉིས་པ་ནི། མཁྱེན་པའི་མངའ་བདག་བློ་གྲོས་ཟླ་བ།

༈ མཁན་རབས་སོ་གསུམ་པ་ནི། བྱམས་བརྩེའི་དཔལ་མངའ་བློ་བཟང་རབ་འབྱོར།

༈ མཁན་རབས་སོ་བཞི་པ་ནི། བློ་བཟང་དམ་ཆོས།

༈ མཁན་རབས་སོ་ལྔ་པ་ནི། བློ་བཟང་ཤེས་རབ།

༈ མཁན་རབས་སོ་དྲུག་པ་ནི། བློ་བཟང་ཚུལ་ཁྲིམས།

༈ མཁན་རབས་སོ་བདུན་པ་ནི། ཚུལ་ཁྲིམས་བཟང་པོ།

༈ མཁན་རབས་སོ་བརྒྱད་པ་ནི། བློ་བཟང་ཆོས་ལྡན།

༈ མཁན་རབས་སོ་དགུ་པ་ནི། བློ་བཟང་ཆོས་གྲགས་སམ་ཡོངས་གྲགས་སུ་སྐུ་ལོ་ཞེས་གྲགས་པ་དེ་ཉིད་ཡིན། ཁོང་ནི་ཙེ་ངོས་གྲོང་དུ་འཁྲུངས། དགོན་འདིར་ཆོས་ཞུགས་མཛད་རྗེས་དབུས་སུ་ཕེབས་ཏེ་ཐོས་བསམ་མཛད་མཐར་དགེ་བཤེས་ཀྱི་མཚན་བཏགས་བཞེས་སོ། །གཟིམ་ལམ་ཞིག་ཏུ་ཡི་གེ་པོ་ཏི་མང་པོ་བརྩིགས་ཡོད་སར་མཁའ་འགྲོ་མ་མང་པོ་བཞུགས་ཡོད་པ་ལ། ཁོང་གིས་འདི་སུའི་གསུང་རེད་ཞུས་པ་ལ། མཁའ་འགྲོ་རྣམས་ཀྱིས་རང་གསུང་རང་གིས་མི་ཤེས་གསུངས་ནས་ཧ་དགོད་བྱེད། རྗེས་སུ་པོ་ཏི་རྣམས་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་ཤ་སྟག་ཏུ་འདུག་པར་རྨིས། དེའི་དབང་གིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་སྐྱེར་མཛངས་བླུན་ཀུན་ལ་གྲགས་སོ། །དགོན་འདིར་ནང་མཆོད་ལྷག་པོ་སྤྲུག་པའི་བླ་མ་ཞིག་ཡོད་ལ། དེས་ནང་མཆོད་གང་ལ་ཕུལ་བ་མ་ཤེས་པའི་སྐབས། ཉིན་ཞིག་བོན་པོ་ཁྲ་ལེ་ཞེས་པ་ལ་བླ་མ་དེ་དང་འགྲོགས་ནས་ཕེབས་ཚེ་ཆུ་ཕ་རོལ་རྟ་པ་ཞིག་འགྲོ་བཞིན་པ་ལ་ལྟོས་གསུངས་ཏེ་སྡིགས་མཛུབ་གཏད་པས་རྟ་པ་མགོ་རྟིང་ལོག ད་ནང་མཆོད་ལྷག་པོ་སྤྲུག་མཁན་ལ་ཡིན་གསུངས་པས་ཁོ་སྐྲག་ནས་ཁས་བླངས་ཏེ་ང་ཡི་རྗེས་སུ་གཞི་བདག་ཅིག་ཡོང་བ་ལ་ཕུལ་བ་ཡིན་ཞེས་ཞུ་དགོས་བྱུང༌། ཞབས་དྲུང་བཅུ་པ་དགུང་གྲངས་བདུན་ལ་ཕེབས་ཚེ་ཡོངས་འཛིན་དུ་བཞུགས་ནས་སྔ་ཕྱི་ཀུན་ཏུ་མན་ངག་མཐའ་ཡས་པ་བསྩལ། སྐུ་འདས་ཁར་སྙུང་གཞི་དྲག་པོ་བཞེས་ཚུལ་གྱིས་ཞལ་ཆུ་དང་ཤངས་ཆུ་ཟགས་ནས་ཉམ་ཐག་ང་རོས་འོ་དོད་འབོད་པའི་ཚུལ་གྱིས་གཞན་རྟག་འཛིན་ཅན་དང༌། གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་འོང་བ་མ་ཤེས་པ་རྣམས་ལ་འདི་འདྲ་ཡོང་ངོ་ཞེས་བརྡར་བསྟན། གྲྭ་ཆུང་རྣམས་ཀྱིས་ལྟད་མོའི་ཚུལ་དུ་མཇལ་འགྲོ་ཚེ་ཞབས་ཕྱི་བས་མར་སོང་ཞིག་ཅི་བལྟ་རྒྱུ་ཡོད་ཅེས་སྨྲས་པ་ལ། དེ་འདྲ་མ་ཟེར། ཐམས་ཅད་ལ་འོང་བ་ཆོས་ཉིད་ཡིན་པས་བལྟ་བཅུག་གསུངས་སོ། །ཁོང་གི་གསུང་རྩོམ་སྐོར་ལ། རྒྱན་གྱི་ཚིག་འགྲེལ་མི་ཕམ་དགྱེས་པའི་འཛུམ་ཞལ་ཞེས་བྱ་བ་དང༌། རྒྱན་གྱི་མཆན་འགྲེལ་གསར་བུ་འཇུག་བདེ་ཞེས་བྱ་བ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ལ་འཕྲིན་བཅོལ་བདུད་དཔུང་ཚར་གཅོད་ཅེས་བྱ་བ་དང་། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་བཻཌཱུརྱའི་མེ་ལོང་ཞེས་པ་རྩོམ་འགོ་བརྩམས་ནས་འཕྲོ་བསྐྱངས་མ་གྲུབ་པ་ཕྱིས་སུ་མཁན་ཟུར་བློ་བཟང་འཇམ་དཔལ་གྱིས་མཇུག་བསྐྱངས་པ་ཞིག་བཅས་ཡོད།

༈ མཁན་རབས་བཞི་བཅུ་པ་ནི། ཡོན་ཏན་ཡར་འཕེལ།

༈ མཁན་རབས་ཞེ་གཅིག་པ་བློ་བཟང་ཚེ་བརྟན་ནམ་ཚུལ་ཁྲིམས་འོད་ལྡན་ནི། རྦ་མདའ་གྲོང་དུ་སྐུ་འཁྲུངས། ཡུལ་འདིའི་སྐྱེ་རྒུ་ཡོངས་ཀྱི་ལུང་བསྟན་ཞུ་ས་ཞིག་ཡིན། ཕྱག་མོ་གཟིགས་ཁུལ་གྱིས་ལུང་བསྟན་གསུངས་པ་ཐམས་ཅད་འཁྲུལ་བྲལ་དུ་གྲགས་སོ། །

སྨྲས་པ།

མཐའ་ཡས་འགྲོ་བའི་འབྱུང་འགྱུར་དོན། །

ལྐོག་ཏུ་མ་གྱུར་གསལ་ལེར་གཟིགས། །

དེ་ཕྱིར་མཆོག་དམན་ཐམས་ཅད་ཀྱི། །

རྗེ་འདིའི་ལུང་བསྟན་གདེང་འཇོག་མཐོ། །

ཞེས་སོ།།

༈ མཁན་རབས་ཞེ་གཉིས་པ་ངག་དབང་ཆོས་འབྱོར་རམ་བློ་བཟང་འཇམ་དཔལ་ནི། ཁོང་ནི་མཁར་སྲུང་གྲོང་དུ་སྐུ་བལྟམས། ཆུང་དུས་ནས་དགོན་འདིར་ཆོས་ཞུགས་གནང༌། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་པའི་གཞུང་ཆེན་པོའི་དགོངས་པར་བསམས་ནས་གནས་ལྔ་རིག་པའི་གཞུང་ལུགས་ལ་སྦྱངས་པ་ཕུལ་དུ་བྱུང་བར་མཛད། རྩ་ཆུ་བརྟག་པ་སོགས་མཛད་དེ་གསོ་བ་རིག་པ་མཁྱེན་གྱི་ཡོད་ཀྱང་ཐོས་བསམ་སྒོམ་པའི་བྱ་བས་བྲེལ་འཚབ་ཆེ་བའི་དབང་གིས་སྨན་སྦྱོར་སྡེབ་སོགས་མི་འཛོམས་སྟབས་འཛིན་གྲོགས་གཅིག་པ་རྣམས་ཀྱིས་སྨན་པ་སྨན་མེད་ཟེར་ནས་རྩེད་མཚར་མཛད། མདོ་ཁམས་ཡུལ་འདིར་མཁས་པའི་མཚན་སྙན་གྱིས་ཁྱབ་པས་བེ་རི་དགའ་ལྡན་འགྲོ་ཕན་གླིང་གིས་གདན་དྲངས་པ་ལྟར་དགེ་སྟག་སྤྲུལ་སྐུའི་ཡོངས་འཛིན་དུ་ཕེབས་ཏེ་རིགས་ཀྱི་ཅོད་པན་དུ་བཀུར། རྗེས་སུ་ཕྱིར་ཕེབས་ཁར་བ་སོའི་ཌཱ་མ་རུ་དང༌། རྒྱ་ནག་མའི་རྡོར་དྲིལ་སོགས་ཀྱི་ཕེབས་རྫོངས་གྱ་ནོམ་པ་དང་བཅས་རང་དགོན་དུ་ཆིབས་བསྒྱུར་གནང༌། བུ་སློབ་ཀྱང་ཞབས་དྲུང་བཅུ་པའི་ཡོངས་འཛིན་ལ་མཐོ་མགོན་པོ་ཚེ་རིང༌། མཁན་ཟུར་མཁའ་འགྲོ་བརྟན། མཁན་ཟུར་རྡོ་རྗེ་ཆོས་དབྱངས་སོགས་མང་དུ་བྱོན། བཀའ་རྩོམ་ལ། སྟོང་འཁོར་ཞབས་དྲུང་དགུ་པའི་རྣམ་ཐར་དད་པའི་ལྗོན་ཤིང་དང༌། ཞབས་དྲུང་དྲུག་པའི་གསུང་མགུར་གྱི་འགྲེལ་བ། ཕར་ཕྱིན་རིགས་སྦྱོར་གྱི་དོགས་གཅོད། ཚོགས་ལངས་ཀྱི་ཚིག་བཀྲ། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་བཻཌཱུརྱའི་མེ་ལོང་ཞེས་པ་མཁན་ཟུར་བློ་བཟང་ཆོས་གྲགས་ཀྱིས་རྩོམ་འགོ་བརྩམས་ནས་འཕྲོ་ཅན་དུ་ལུས་པ་དེ་ཉིད་མཇུག་བསྐྱངས་པ་སོགས་བཞུགས། ཞབས་དྲུང་དྲུག་པས་བྲག་འགོ་ཕྱོགས་ནས་འཛམ་གླིང་འདིར་སྒྱུ་རྩལ་མཁས་པའི་མཚན་སྙན་ཐོབ་པ་ནམ་མཁའ་རྒྱན་བོས་ནས་སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་ངོ་མཚར་བ་བཞེངས་པའི་གཤམ་དུ་སྡོམ་ཚིག་འགོད་སར་ཚོན་གཞི་ནག་པོ་བྱུགས་ནས་བཞག་ཡོད་པ་ལ། བློ་བཟང་སྨོན་ལམ་དང༌། ཁོང་རྣམ་པ་གཉིས་ཀྱིས་ཞབས་དྲུང་དགུ་པས་ལྗགས་རྩོམ་གནང་བའི་སྡོམ་ཚིག་རྣམས་ཐང་ཀའི་གཤམ་དུ་གསེར་བྲིས་སུ་བཏབ། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་བཞི་ཡོངས་སུ་རྫོགས་པའི་སྒོ་ནས་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། ཡི་དམ་གང་ཡིན་གྱི་བསྒོམ་བཟླས་ལ་བརྩོན་པའི་ཚེ་ཡང་ཐ་མལ་པའི་གཏམ་སོགས་རིང་དུ་སྤངས། སྐུ་གཟན་སོགས་ཀྱིས་དབུ་བཏུམས་ཏེ་གཡོ་འགུལ་མེད་པར་བརྟན་པོར་བཞུགས་ཏེ། སྔགས་ཕྲེང་སོགས་བཟླས་དམིགས་ལ་ཏིང་ངེ་འཛིན་བརྟན་པོས་ཡུན་རིང་དུ་གནས་པར་མཛད་པ་དང༌། སྦྱིན་བདག་གི་གམ་དུ་ལྔ་སྒྲུབ་རེ་ལ་བཞུགས་ཏེ་ཕྱིར་ཕེབས་ནས་ད་རེས་ང་རང་ཉིན་ལྔར་མཚམས་ལ་བསྡད་ཡོད་ཅེས་རྒྱུན་དུ་གསུངས་པ་དང༌། དེ་ཡང་རང་རེ་ལྟར་བསམ་བྱ་ཅི་ཡང་མེད་པར་ཆོ་ག་ཁ་ནས་འདོན་རྐྱང་ཙམ་དང༌། འགའ་ཞིག་འབབ་དང་བྲིམ་འདྲེན་ལ་སྤྱན་མིག་བགྲད་པ་ལས་འདོན་པ་ཡང་གསུང་མི་མོས་པ་ལྟ་བུ་མ་ཡིན་པར། བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཐུགས་ཏིང་ངེ་འཛིན་བརྟན་པོའི་སྒོ་ནས་ཆོ་ག་སྤུས་དག་མཛད་པའི་གསུང་ཟུར་ཡིན་སྙམ། རྗེ་འདི་ལ་འཇམ་པའི་དབྱངས་ཀྱི་གསེར་སྐུ་ཆེན་པོ་ཞིག་ཡོད་པ་ལ་གྲྭ་པ་ཞིག་གིས་རྟག་ཏུ་མིག་ཧྲིག་གེར་མཇལ་བ་ལ། ཁྱོད་ཀྱིས་དད་པའི་སྒོ་ནས་མཇལ་བ་མ་ཡིན་གྱི་དགའ་བ་ཙམ་གྱིས་མཇལ་བ་རེད་ཅེས་གསུངས་པ་སོགས་ཀྱི་ལོ་རྒྱུས་སྐུ་དངོས་ལ་བཅར་འགྲོགས་པ་ཞིག་གིས་གསུངས། སྐུ་འདའ་ཁར་དབུགས་བརྩེགས་ཀྱང་སོ་སྐྱེ་རང་ག་བ་ལྟར་མ་ཡིན་པར། དབུགས་ནང་དུ་ཤུགས་ཆེར་བརྔུབས་ནས་ཕྱིར་ཤུགས་ཆུང་ཆུང་གཏོང་བར་མཛད་པ་ཡང་སྔགས་ཕྱོགས་ཀྱི་རྟོགས་པ་མཐོན་པོར་སླེབས་པའི་རྟགས་ཡིན་ཞེས་བུ་སློབ་དག་གི་ཞལ་ལས་དངོས་སུ་ཐོས། སྤྱི་ལོ་ ༡༩༤༤ ཙམ་ལ་གཤེགས།

སྨྲས་པ།

བཅུ་ཕྲག་རིག་པའི་གནས་ཀུན་བརྗོད་པའི་ངག༵ །

མ་ལུས་མཁྱེན་རབ་ལམ་ནས་བརྒྱུད་ལ་དབང༵༌། །

ལྷག་པར་གསང་བའི་ཡང་གསང་བླ་མེད་ཆོས༵། །

སྐུ་གསུམ་ལམ་འཁྱེར་དག་ལ་ཐུགས་ནི་འབྱོར༵། །

ཅེས་པའོ།། །།

༈ མཁན་རབས་ཞེ་གསུམ་པ་བློ་བཟང་མཁས་མཆོག་ནི། ཡི་དམ་འཁོར་ལོ་སྡོམ་པའི་བསྐྱེད་རིམ་བསྒོམ་བཟླས་ལ་འབད་པས་ལྷའི་མཚན་མ་ཐོབ་པ་ཞིག་ཏུ་གསལ་ལོ། །གང་ཡིན་ཞེ་ན། སྐུ་བསྭོ་ཐོག་གནས་ཀྱི་འཇམ་དབྱངས་རིའི་ངོས་ཀྱི་རྟ་མགྲིན་སྒྲུབ་ཕུག་གི་ཚུར་རྒྱབ་ཕྱོགས་ཀྱི་སྒྲུབ་ཕུག་ཅིག་གི་ནང་དུ་དཔལ་འཁོར་ལོ་བདེ་མཆོག་གི་མཚམས་ལ་བཞུགས། དེ་སྐབས་བར་གསེང་ཞིག་ལ་གློ་བུར་དུ་སྤྲང་པོ་འདྲ་བ་ཞིག་གིས་ཁ་ཊྭཱཾ་ག་ཞིག་སྟེར་ནས་འདི་དེར་ཞོག་ཟེར་བ་ཞིག་བྱུང་བས་ཁོས་ཐུགས་དགོངས་ལ་ང་ལ་ཅ་ལག་འདི་བཅོལ་བ་ཡིན་འདྲ་དགོངས་ནས། བྲག་ཕུག་ཆུང་ངུ་འདི་འདྲ་བའི་ནང་དུ་འཇོག་ས་མི་རྙེད་ཟེར་ནས་བདག་གིར་མ་བྱས། རྗེས་སུ་ཐུགས་འདང་ཞིག་བརྒྱབ་པས་ད་གཟོད་གཞི་ནས་མི་ཕལ་པ་ཞིག་མ་ཡིན་པར་ཡི་དམ་ལྷ་ཡིས་གནང་སྦྱིན་བྱེད་པ་ཞིག་ཡིན་སྙམ་ནས་ཞབས་དྲུང་ལ་དེ་ལྟར་ཞུས་པས། ད་རེས་ཁྱོད་ཀྱིས་ཅུང་མ་ལྕོགས་པ་འདུག་ཀྱང་རྟགས་མཚན་ཤིན་ཏུ་བཟང་གསུངས། སྒྲུབ་ཕུག་དེ་ནི་འདི་ཡིན་ཟེར་ནས་རྒན་རབས་དག་གི་གསུང་སྒྲོས་མ་ཉམས་པར་ཡོད་པས་ད་དུང་ཡང་ངོས་འཛིན་ཞུ་ཐུབ། གནས་འདི་བདེ་མཆོག་གི་སྐུ་འཁོར་བརྒྱད་ཀྱི་ནང་ཚན་མངོན་རྟོགས་སུ་ནུབ་རྩིབས་སཽ་རཱ་ཥྚྲ་རྟ་མགྲིན་དང་ཆང་འཚོང་མ་ཞེས་པའི་གནས་དེ་ཡིན་པར་གནས་ཡིག་དག་ཏུ་སཽ་རཱ་ཥྚྲ་འམ་ཡོངས་གྲགས་ལ་སྐུ་བསྭོ་ཐོག་གནས་ཞེས་གསུངས་པ་ལས་གྲུབ་བོ། །

༈ མཁན་རབས་ཞེ་བཞི་པ་ངག་དབང་བསོད་ནམས་སམ་སྐལ་བསོད་ནམས་ནི། ཐ་ཐོག་གྲོང་དུ་འཁྲུངས། ཕུལ་དུ་བྱུང་བའི་མཁས་པ་ཞིག་ཡིན་པར་གྲགས་སོ། །

༈ མཁན་རབས་ཞེ་ལྔ་པ་ངག་དབང་དངོས་གྲུབ་ཡིན།

༈ མཁན་རབས་ཞེ་དྲུག་པ་བློ་བཟང་རྒྱ་མཚོའམ་ཁེན་ཐར་ཚེ་བརྟན་ནི། བསྭོ་ཐོག་མདའ་གོང་མཆིག་ཚང་དུ་འཁྲུངས། ཁོང་ནི་སྦྱིན་བདག་སོ་སོའི་རེ་འདུན་ལྟར་གྱི་མནན་སྲེག་འཕངས་གསུམ་ལ་ཕེབས་ཏེ་ནུས་པ་དང་ལྡན་པ་ཡིན་པར་གྲགས་ཆེ། སྐུ་ཚེ་ཤིན་ཏུ་རིང་བས་ཁྲི་ཟུར་རྒན་པའི་གོ་སར་ཡུན་རིང་ཙམ་བཞུགས་སོ། །

༈ མཁན་རབས་ཞེ་བདུན་པ་དཔལ་ལྡན་གྲགས་པའམ་བླ་མ་ཆུང་ཆུང་ནི། ལ་མཐོ་གྲོང་དུ་སྐུ་འཁྲུངས། སློབ་གཉེར་མཐར་ཕྱིན་ཏེ་མཁན་ཁྲི་བསྐྱངས། རྗེའི་ལམ་རིམ་ཆེན་མོ་དང༌། མཁས་མཆོག་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པའི་འཆད་ཁྲིད་མཁས་པ་དགྱེས་པའི་མཆོད་སྤྲིན་དུ་བགྱིས། གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་འཇོག་པའི་སྒོ་ནས་མཁས་པའི་མཚན་སྙན་བཞེས་སོ། །སྐྱེ་འཆི་ལ་རང་དབང་ཐོབ་པ་ཞིག་ཀྱང་ཡིན་ཏེ། ཞབས་དྲུང་བཅུ་པ་དབུས་ཕྱོགས་སུ་ཕེབས་གྲབས་སྐབས་དམ་པ་འདིས་དབུས་པས་དགོན་འདིའི་ཁྲི་གདན་ཟུར་རྣམས་ཀྱིས་བཤོལ་བཏབ་པའི་སྐབས་སུ་ཐ་མར་ཆག་སྒོ་ཞིག་གི་རྐྱེན་ལས་འདི་ཉིད་ཀྱིས་རང་རང་གི་འདོད་པ་རེ་བསྒྲུབ་རྒྱུ་ཡིན་གསུངས་ནས་མི་འགོར་བར་ཞིང་དུ་གཤེགས་པ་ད་ལྟའི་བར་ཀུན་ལ་གྲགས། སྐུ་གདུང་གི་དབུ་ཐོད་ལས་བདུད་རྩིའི་རྒྱུན་ཆད་མེད་དུ་བབས་པ་སོགས་ཀྱིས་ཀུན་དད་པ་ལ་བཀོད་པའི་ངོ་མཚར་བའི་ལོ་རྒྱུས་རྒན་རབས་དག་གི་ངག་རྒྱུན་ལ་ཡོད། གསོལ་འདེབས་སུ། འདུལ་བ་འཛིན་པ་དཔལ་ལྡན་གྲགས་པ་དང༌། །ཞེས་འཁོད་པ་ལྟར་འདུལ་འཛིན་མཁས་གྲུབ་གཉིས་ལྡན་ཞིག་ཏུ་གདོན་མི་ཟའོ། །

སྨྲས་པ།

སྲིད་ཞིའི་ཕུན་སུམ་ཚོགས་པའི་དཔལ༵། །

གང་ཡིན་དགེ་སྦྱོང་སུ་ལ་ལྡན༵། །

ཡུལ་འདིར་གནའ་དེང་གཉིས་སུ་གྲགས༵། །

མཁས་རློམ་ཅན་གྱིས་ཟླ་མེད་པ༵། །

ཞེས་པའོ།། །།

༈ མཁན་རབས་ཞེ་བརྒྱད་པ་བློ་བཟང་སྨོན་ལམ་མམ་མགོན་པོ་ཚེ་རིང་ནི། ཁོང་ནི་ལ་མཐོ་གྲོང་དུ་འཁྲུངས། མང་དུ་ཐོས་པ་བློ་བཟང་སྨོན་ལམ་ཞབས། །ཞེས་པ་ལྟར། མཁྱེན་རབ་ཀྱི་སྟོབས་རྒྱས་པས་ཞབས་དྲུང་བཅུ་པའི་ཡོངས་འཛིན་དུ་བཞུགས། དེའི་རིང་ཞབས་དྲུང་གིས་སྐུ་བྱིས་པའི་རྣམ་པར་བསྟན་པ་ལ་དང་པོར་ཕྱག་གསུམ་འཚལ་ཏེ་ལྕག་གིས་བཞུས་གྲབས་མཛད་ཚེ་ཞབས་དྲུང་གིས་གདོང་དམར་མ་བར་བར་ཕེབས་ཤོག་ཅེས་གསུངས་ཏེ་ལྷ་ལ་འབོད་པ་རེད་ཅེས་གསུངས་སྲོལ་ཆགས། བཤེས་གཉེན་མཁྱེན་རབ་ཀྱིས་ས་ལམ་གྱི་རྣམ་གཞག་རྩོམ་འཕྲོ་ལུས་པར་ཁོང་གིས་ཐེག་ཆེན་ནས་དབུར་བྱས་ཏེ་མཇུག་གྲུབ་པར་བརྩམས། ཞབས་དྲུང་དྲུག་པས་དཔག་བསམ་འཁྲི་ཤིང་ཞལ་ཐང་གཤམ་དུ་སྡོམ་ཚིག་འགོད་པའི་དགོངས་འཆར་ཡོད་པ་བཞིན་ཞབས་དྲུང་དགུ་པས་ལྗགས་རྩོམ་མཛད། དེ་རྣམས་མཁན་ཟུར་བློ་བཟང་འཇམ་དཔལ་དང༌། ཁོང་གཉིས་ཀྱིས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་གཤམ་དུ་གསེར་བྲིས་སུ་བཏབ། རྒྱལ་བ་མི་ཕམ་པས། བསྟན་བཅོས་རྒྱུད་བླ་མར། འཕགས་པས་ན་དང་རྒ་བ་དང༌། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར། བསམ་བཞིན་དུ་མ་གཏོགས་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་འཆི་མི་བྱེད་པ་ཞིག་ཡིན་ཏེ། སྙུན་གཞི་ཅུང་བཞེས་ཚུལ་མཛད་དེ་ཡོད་སྐབས་ཀྱི་དགོང་མོ་སྐུ་རིམ་གྱི་ཚེ་ཞབས་ཕྱི་བ་ལ་བླ་མ་དྲང་དུ་སོང་གསུངས། བླ་མ་ཕེབས་རྗེས་བཀའ་མོལ་ཡུན་ཙམ་གནང་ནས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྐུ་གཤེགས་ཁར་ཉེ་གནས་ཞིག་ལ་རྗེ་ཙོང་ཁ་པའི་རྟེན་འབྲེལ་བསྟོད་པ་དང༌། མི་ཕམ་གྱི་གཞི་ལམ་འབྲས་བུའི་རྣམ་གཞག་གཉིས་སྙན་ལམ་དུ་སྒྲོགས་བཅུག་ནས་ཐུགས་སྒོམ་མཛད་པ་ལྟར། བླ་མ་ལ་ད་བླ་མཆོད་གསུང་ན་དགའ་གསུངས་པས་བླ་མ་མཆོད་པ་ལམ་སྣ་མ་ཟིན་ཚར་རྗེས་སུ་སྐུ་ཞི་བར་གཤེགས།

སྨྲས་པ།

སྐྱེ་འཆི་རང་དབང་ཐོབ་པ་དང༌། །

དམ་པའི་སྐྱེས་བུ་ཟེར་བ་དེ། །

འདི་འདྲ་ཞིག་ལ་ཟེར་བ་ལས། །

གཞན་ལ་ཟེར་བ་ག་ལ་ཡིན། །ཞེས་སོ།། །།

༈ མཁན་རབས་ཞེ་དགུ་པ་བློ་བཟང་འཕྲིན་ལས་སམ་ཡོངས་གྲགས་སུ་ཐལ་ལེ་ནི། འབུམ་མདོ་གྲོང་དུ་འཁྲུངས། བླ་མ་ལམ་བསྟན་གྱི་དགེ་བའི་གཤེས་གཉེན་ཡིན་པ་འདྲ། བརྟན་མཁས་གཉིས་ལྡན་ཞིག་ཡིན་པར་གསུངས་སོ། །

༈ མཁན་རབས་ལྔ་བཅུ་པ་སྐལ་བཟང་རྒྱལ་མཚན་ནམ་ཚེ་བརྟན་དངོས་གྲུབ་ནི། རྦ་ལ་མདའ་ཇ་མ་ཚང་དུ་འཁྲུངས།

༈ མཁན་རབས་ང་གཅིག་པ་གྲགས་པ་ཡོན་ཏན་ནི། རྦ་ལ་མདའ་སྐུ་ཚབ་ཚང་དུ་འཁྲུངས། བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་དྲུང་ནས་རིག་གཞུང་བསླབ་སྦྱངས་མཛད་པས་གྲུབ་འབྲས་ཆེན་པོ་ཐོན། བོད་ཡིག་དཀར་ནག་དང་ལཉྫ་སོགས་བྲིས་བཟང༌།

༈ མཁན་རབས་ང་གཉིས་པ་སྐལ་བཟང་མཐར་ཕྱིན་ནི་ཀ་སྐོར་ཚང་དུ་སྐུ་བལྟམས། ཞབས་དྲུང་རིན་པོ་ཆེ་ནས་བསྐོ་བཞག་གནང་བ་ལྟར་གྱི་དྲུག་ཅུ་ལྕགས་མཁར་ཆེན་པོའི་དབུ་བཞུགས་ལོ་བཅུ་གཅིག་གི་རིང་ལ་གནང༌། གསོལ་འདེབས་སུ། གདམས་པའི་མཛོད་འཛིན་སྐལ་བཟང་མཐར་ཕྱིན་དང༌། །ཞེས་བསྔགས་བརྗོད་མཛད་པ་ལྟར། རང་གིས་རིམ་གཉིས་ལམ་ལ་ཉམས་བཞེས་དང༌། གཞན་ལ་འཆད་ཁྲིད་བསྐྱངས། ངག་སྒྲོས་ཤིག་ལ། གཞན་ཞིག་ལ་ཕེབས་ཚེ་སྤྲུལ་སྐུ་མང་པོ་དང་ལྷན་དུ་བཞུགས་པ་ལ་སྦྱིན་བདག་གིས་ཁྱེད་གང་གི་སྤྲུལ་སྐུ་ཡིན་ཞེས་རེ་རེ་ལ་དྲིས་སྐབས་སུ་གཞན་རྣམས་ཀྱིས་ང་དེ་དང་དེའི་སྤྲུལ་སྐུ་ཡིན་ཞེས་བརྗོད་ཚེ་ཁོང་གིས་ང་སྐྱེ་བ་སྔ་མའི་སྤྲུལ་སྐུ་ཡིན་ཞེས་གསུངས། འདི་ལ་བསམས་ན་ཁོང་ནི་ཐ་མལ་བ་མིན་ཞེས་གསང་བའི་ཚུལ་གྱིས་བརྡ་སྟོན་པ་འདྲའོ། །མདོ་སྡེ་བསྐལ་བཟང་ཞལ་འདོན་རྒྱུན་ཁྱེར་གནང་མཁན་ཞིག་རེད་འདུག གཞན་དུ་གྲོང་ཆོག་སོགས་ཞག་བཞུགས་མཛད་ས་ལའང་རྒྱུན་དུ་མདོ་སྡེ་བསྐལ་བཟང་གི་ཕྱག་དཔེ་ཞིག་དྲངས་ནས་ཕེབས།

སྨྲས་པ།

སྔོན་བསགས་དུས་སུ་སྨིན་པའི་རྟེན་མཆོག་སྐལ༵། །

སྔོན་ནས་རྒྱ་ཆེ་བརྟས་པ་ཨེ་མ་བཟང༵༌། །

སྔོན་བྱུང་དམུ་རྒོད་ཡུལ་འདིར་སྔོན་དང་མཐར༵། །

སྔོན་གྱི་དམ་བཅའ་ཇི་བཞིན་ཡང་ཡང་ཕྱིན༵། །ཅེས་སོ།། །།

༈ མཁན་རབས་ང་གསུམ་པ་བློ་བཟང་ཐུགས་རྗེའམ་བྱམས་པ་སྐྱབས་ནི། གོང་མཆིག་ཚང་དུ་འཁྲུངས། གོང་གི་མཁན་རབས་ཞེ་དྲུག་པ་ཁེན་ཐར་ཚེ་བརྟན་གྱི་ཚ་བུ་ཡིན། གྲྭ་སར་ཕེབས་ཏེ་དགེ་བཤེས་མཚན་བཏགས་བཞེས། དགུང་ལོ་ཕྲ་བའི་དུས་ནས་འདིའི་མཁན་ཁྲིར་བཞུགས། འདུས་མང་ཡོངས་ལ་ཀུན་རིག་དབང་ཆེན་གྱི་བཀའ་དྲིན་བསྐྱངས། ཞབས་དྲུང་བཅུ་པར་ཞབས་ཕྱི་ལྷག་པར་ཆེ། རྒྱའི་བཙན་འོག་ཏུ་སྐུ་གཤེགས་སོ། །

༈ མཁན་རབས་ང་བཞི་པ་བསྟན་འཛིན་བཟོད་པའམ་བློ་བཟང་དབང་ཕྱུག་ནི། འབུམ་མདོ་གྲོང་དུ་འཁྲུངས།

༈ མཁན་རབས་ང་ལྔ་པ་ལེགས་པའི་བློ་གྲོས་སམ་བསོད་ནམས་ཆོས་འཕེལ་ནི། ཙེ་ར་གྲོང་དུ་འཁྲུངས།

༈ མཁན་རབས་ང་དྲུག་པ་བློ་བཟང་བསམ་འགྲུབ་བམ་ཡོན་ཏན་མཐར་ཕྱིན་ནི། རྦ་མདའ་སྡེ་བར་འཁྲུངས། གཞུང་ལུགས་སྤྱི་དང༌། ཁྱད་པར་སྐར་རྩིས་ལ་ཤིན་ཏུ་བྱང་ཆུབ་པ་ཞིག་ཡིན། མ་ཟད་མོ་ལུང་མཛད་ཁུལ་གྱིས་གཞན་ལ་ལུང་བསྟན་པ་ཐམས་ཅད་ཐོག་བབས་སུ་བྱུང་བ་ཤ་སྟག་ཡིན་ཞེས་གླེང༌། ཁྱད་པར་དུ་བཅོས་བསྒྱུར་ལ་ཉེ་བའི་སྐབས་སུ་གཞན་དག་དང་ལྷན་ཅིག་ཏུ་བཞུགས་པའི་ཚེ་ཁྱིམ་ཆེན་ཞིག་གིས་མོ་ལུང་གནང་རོགས་ཞུས་པ་ལ། ངས་སྔོན་ནས་ཁྱོད་ལ་བཤད་ཡོད། དེ་ལས་ལྷག་པ་ཅི་ཡང་མེད་ཅེས་བཀའ་བཀྱོན་གནང་བ་དང༌། ཡང་གྲྭ་མང་བསྡུས་ཏེ་བཅོས་བསྒྱུར་བཏང་སྐབས་སུ་ཁོང་ནི་གཞན་དག་དང་ལྷན་ཅིག་ཏུ་རྦ་མདའ་གྲོང་དུ་ཡོད་པ་ལ་གཞན་རྣམས་ཀྱིས་བླ་མ་ལ་འདིར་ཡུན་ཙམ་བཞུགས་ནས་བསྒུག་ན་དེའི་རིང་ཚོགས་འདུ་གྲོལ་འགྲོ་རྒྱུ་རེད་ཅེས་ཞུས་པ་ལ། ཁོང་གིས་དེ་འདྲ་མི་སྲིད་པས་འགྲོ་གསུངས་ནས་རང་དགོན་དུ་ཕྱིར་ཕེབས། མར་ལམ་དུ་ཕེབས་སྐབས་སུ་དགོན་ནང་ཕྱོགས་ནས་འགྲུལ་པ་ཞིག་འོངས་པ་ལ་གཞན་རྣམས་ཀྱིས་གནས་ཚུལ་དྲིས་པས་བསྭོ་ཐོག་མདའ་བའི་གྲྭ་པ་ཞིག་གིས་བཀའ་དགེ་བའི་བཤེས་གཉེན་དང་། དགེ་འདུན་རྣམས་ལ་སྨོད་ཚིག་དང་ཆོས་ལུགས་ལ་སྐྱོན་བརྗོད་སོགས་འདི་དང་འདི་འདྲ་བཤད་སོང་ཟེར་བ་སོགས་ལོ་རྒྱུས་བརྗོད་པས། གཞན་དག་གིས་ཁོང་མཁས་པ་ཞིག་གིས་དེ་འདྲ་བཤད་པ་ལ་ཨང་ཟེར་ནས་ཧ་ལས་པ་ལ། དམ་པ་འདིས་དེ་ལ་ཧ་ལས་རྒྱུ་གང་ཡང་མེད། རྗེས་སུ་ཁ་ནས་དེ་འདྲ་བཤད་པ་ཙམ་མ་ཡིན་པར་ལག་གིས་བརྡེག་བཙོག་དྲག་པོ་བྱེད་པ་མང་པོ་འབྱུང་གསུངས། རྟིང་མར་ལུང་སྟོན་པ་ཐམས་ཅད་ཇི་ལྟ་བ་བཞིན་བྱུང་བ་ཡིན་འདུག ཁོང་ནི་བཅོས་བསྒྱུར་སྐབས་སུ་བླ་དྲག་དང་མི་དྲག་ཟེར་བའི་གྲས་སུ་ཚོགས་འདུར་ཞུགས་པས་མ་ཉེས་ཁ་གཡོགས་བྱས་ཏེ། སང་འཐབ་རྩོད་བྱ་རྒྱུ་ཡིན་པ་ལ་དེ་རིང་ནུབ་མོར་ཞབས་ཕྱི་བ་ལ་ཁྱོད་གཟིམ་ཆུང་དུ་སོང་ནས་དར་དཀར་བུ་རམ་སོགས་ཁྱེར་ཤོག་གསུངས། ཞབས་ཕྱི་བས་ཁྱེར་འོངས་པ་ལ་མཁན་ལས་ཟུར་ཐམས་ཅད་ལ་རིམ་བཞིན་དར་དཀར་དང་ཀ་ར་སོགས་ཕུལ་བ་དང་ཆབས་ཅིག་ཐུགས་གཏད་ཟབ་རྒྱས་ཞུ་བཅུག ཕྱི་ཉིན་སྔ་མོར་ཡར་བཞེངས་ཏེ་བླ་གྲྭ་མང་པོ་དང་མཉམ་དུ་གསོལ་ཇ་བཞེས། དེའི་ཚེ་ང་རང་ཅུང་མི་བདེ་བར་ཡོད་པ་སོགས་གླེང་མོལ་ཡང་གནང་རྗེས་མི་འགོར་བར་སྐུ་ཞི་བར་གཤེགས་སོ། །གསང་རྣམ་འདི་དག་ནི་རྒན་རབས་མི་ཉུང་བ་ཞིག་དང༌། ཁྱད་པར་དུ་ཞབས་ཕྱི་བ་གངས་ཐར་ཟེར་བ་ལས་ཞིབ་མོའི་བློས་ཤེས་རྟོགས་བྱས་སོ།།

སྨྲས་པ།

ཁས་འཆེས་པའི་དམ་པ་དང༌། །

སེམས་ཁེངས་པའི་མཁས་པ་དང༌། །

བརྩི་ཆེས་པའི་བསྟན་འཛིན་གསུམ། །

ཁྱོད་ཉིད་ཀྱི་དོ་མི་ཟླ། །ཞེས་སོ།། །།

༈ མཁན་རབས་ང་བདུན་པ་བློ་བཟང་ཡོན་ཏན། འདི་ལ་བོད་ཕྲུག་བོད་ཕྲུག་ཟེར་བ་ལྟར་དབུས་ཕྱོགས་སུ་འཁྲུངས་ཀྱང༌། སྐུ་ཚེའི་འཚོ་བ་འདིར་ཕེབས་ནས་རོལ་ཡོད། རྗེས་སུ་འབྲུ་ཡག་གྲོང་དུ་སྐུ་གཤེགས་སོ།།

༈ མཁན་རབས་ང་བརྒྱད་པ་བློ་བཟང་ཆོས་སྐྱོང་ངམ་ལམ་ཕྲན་ནི། ལ་མཐོ་གྲོང་དུ་འཁྲུངས། དགོན་འདིར་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་གནང༌། ལྷག་པར་དཀར་མཛེས་སུ་ཏྲེ་ཧོར་བློ་བཟང་དབང་ཕྱུག་དྲུང་ནས་ཚད་མའི་སྐོར་འཆད་ཁྲིད་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་སོགས་གནད་སྨིན་ཞུས། ཡུལ་འདིར་མཚན་སྙན་ཤིན་ཏུ་རྒྱས། འདིར་མཁན་ཁྲིར་ཕེབས་ཚེ་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་འཆད་ཁྲིད་ཀྱི་བཀའ་དྲིན་བསྐྱངས་པས་གཞན་རྒྱུད་སྨིན་པར་ཕན་འབྲས་ངེས་ཅན་ཞིག་བྱུང་བ་ད་ལྟའི་བར་ཀུན་ལ་གྲགས། དམ་པ་འདི་མཁན་ཁྲིར་ཕེབས་ནས་ལོ་རབས་བཞི་བཅུ་ལྷག་སོང་ཡང་བླ་མ་ལམ་ཕྲན་མཁན་པོ་ཡིན་སྐབས་འདི་དང་འདི་གསུངས་ཞེས་རྒན་པ་དག་གི་སེམས་ལ་འཇགས་ཡོད་པ་འདི་ལ་གཞིགས་ན། གཅིག་ནས་དམ་པའི་བྱིན་རླབས་དང༌། གཉིས་ནས་མཁས་པའི་སློབ་གསོའི་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པར་གོར་མ་ཆག་གོ །བཅོས་བསྒྱུར་སྐབས་སུ་མ་ཉེས་ཁ་གཡོགས་ཀྱི་སྐྱོན་འཛུགས་འོག་ཏུ་བཙོན་ཁང་དུ་བཞུགས། དེའི་ཚེ་རྒྱ་མིའི་ལས་བྱེད་པ་ཡ་མ་བསམ་འཕེལ་ཞེས་པས་གསང་གཏམ་དུ་ཁྱོད་ཀྱིས་སྐད་ཆ་དྲང་པོ་གསུང་རོགས་མ་གཏོགས་དཀར་མཛེས་བཙོན་ཁང་དུ་ཕར་འཁྲིད་རྒྱུ་རེད་ཅེས་ཞུས་པས། ང་རང་དཀར་མཛེས་སུ་གཏན་ནས་མི་འགྲོ་གསུངས། དཀར་མཛེས་སུ་འཁྲིད་ལ་ཉེ་བའི་ཉིན་ཞིག་ལ་བཤེས་གཉེན་མང་པོའི་གྲལ་དུ་བཞུགས་པ་ལ་འདང་ང་ཡི་རྨི་ལམ་དུ་མཆོད་བསྟོད་བྱེད་ཚར་བར་རྨིས་སོང་གསུངས། དེ་ལ་གཞན་རྣམས་ཀྱིས་ཅང་མི་གསུང་བ་ལ། གོང་མཆིག་བླ་མ་ཁེན་ཐར་ཚེ་བརྟན་གྱིས་དེ་འདྲ་གསུང་མི་རིགས་ཞེས་ནན་གྱིས་ཞུས་ཀྱང༌། བཀའ་ཆོས་སུའང་ད་ལྟར་འདི་འདྲར་ལགས་ཀྱང་རྗེས་སུ་གཅོང་རོང་ཞིག་ཏུ་འཆི་དགོས་པའང་ཤེས་རྒྱུ་མ་རེད་ཅེས་གསུངས་མྱོང་ཡོད་པ་དང༌། ལས་བྱེད་གྲས་སུ་ཅོག་སྟེང་སྤྲུལ་སྐུ་ཟེར་བའི་དུས་རྒྱུན་དུ་གདོང་ཕྱེས་ཤིག་སྐེ་ལ་གོན་ནས་ཡོད་པ་དེས་རྒྱ་མིའི་མིག་ངོར་བརྡུང་བཙོག་བྱེད་པ་ལྟ་བུས་སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང་ཞེས་བདེན་སྟོབས་བརྗོད་ནས་གདོང་ཕྱེས་ཀྱིས་དབུ་ལ་བཞུས་ཏེ་བགེགས་བསྐྲད་མཛད། དབྱར་གནས་བཀའ་ཆོས་སུ་སྟག་མོ་ལུས་སྦྱིན་རྒྱས་པ་ཞིག་གསུངས་ནས་མཚམས་འཇོག་པས་ཅུང་མི་ལེགས་པའི་རྟེན་འབྲེལ་ལྟར། བཙོན་པ་རྣམས་དཀར་མཛེས་སུ་འཁྲིད་གྲབས་ཀྱིས་ཐག་པས་རེ་རེ་ནས་དམ་པོར་བཀྱིགས་ཏེ་ཐམས་ཅད་སྦྲེལ་ནས་ཁྲིད་སོང་བའི་ལམ་དུ་རྦ་ལ་འཕྲང་ཞེས་པ་ནས་ལུས་སྦྱིན་གྱི་ཚུལ་དུ་སྐུ་འདས་གྲོངས་སུ་སོང་། ཕྱི་ཉིན་རྦ་ལ་མདའ་བའི་མི་ཞིག་སྐུ་གདུང་མཇལ་འགྲོ་ཚེ་གདུང་གི་ཞལ་ངོ་དཀར་ལྷང་ལྷང་ཡོད་པ་དང་གསོལ་བཞེས་ཀྱང་ཆག་གྲུམ་མེད་པར་ལུས་འདུག་པ་ཁོ་རང་གིས་ཁྱེར་ནས་གཡང་རྟེན་དུ་འཇོག་ཡོད་ཟེར། དམ་པའི་མཛད་སྤྱོད་རླབས་ཆེན་པོ་འདི་དག་ལ་དགོས་དོན་རྒྱ་ཆེན་པོ་ཞིག་མཆིས་ཀྱང་འདི་ཡིན་འདི་མིན་གྱི་ཁ་ཚོན་གཅོད་པ་ཤིན་ཏུ་དཀའ། མིག་སྔར་མཆིས་པ་ཁོང་གིས་དཔལ་ལྡན་ལྷ་མོ་ལ་འཕྲིན་བཅོལ་ཀ་རྩོམ་ཞིག་ཡོད།

སྨྲས་པ།

རྒྱལ་བས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན།།

ལམ་ཕྲན་བརྟན་གྱི་རྣམ་འཕྲུལ་གླེང་བའི་གཏམ། །

ཐོས་པས་རྒྱུད་བསྐུལ་གཞན་ནས་མཇལ་ཁར་འོངས། །

གཞན་ཡང་གསང་བའི་རྣམ་ཐར་བསམ་མི་ཁྱབ།།ཅེས་སོ།། །།

༈ མཁན་རབས་ང་དགུ་པ་བློ་བཟང་ལུང་རྟོགས་སམ་རིན་ཆེན་ཚུལ་ཁྲིམས་ནི། ཉ་ཁྲིར་འཁྲུངས། བོད་དུ་དུས་འགྱུར་སྐབས་སུ་མཁན་པོ་ལས་ཐོགས་པ་ཡིན་ཡང་དཔལ་ལྡན་ལྷ་མོའི་འཕྲིན་ལས་དང་ཡ་མ་དོན་འགྲུབ་ཀྱིས་འགན་ལེན་བྱས་པ་སོགས་ལ་བརྟེན་ནས་བཙོན་འོག་ཏུ་ཕེབས་དགོས་མ་བྱུང་། ཡུལ་འདིར་ས་གཡོས་འཇིགས་པ་ཤུགས་ཆེན་བྱུང་སྐབས་གཡས་གཡོན་གྱི་ཁང་པ་ཐམས་ཅད་འཐོར་བཤིག་ཏུ་སོང་ཡང་དཔལ་ལྡན་ལྷ་མོའི་འཕྲིན་ལས་ཀྱིས་ཁོང་གི་གཟིམ་ཆུང་མ་ཞིག་པར་ལུས། གྲྭ་ཚང་གི་མཁན་པོའི་ཕྱག་དཔེ་རྣམས་ཀྱང་འདིའི་བཀའ་དྲིན་ལས་ད་ལྟར་ཆ་ཚང་བཞུགས་སོ། །

༈ མཁན་རབས་དྲུག་ཅུ་པ་བློ་བཟང་ཉི་མའམ་ངག་བློ་ནི། བོད་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ ༡༩༡༣ ལོར་ཙེ་ངོས་གྲོང་དུ་འཁྲུངས། ཁོང་ནི་དགོན་འདིའི་ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་ལེན་དང༌། ལྷག་པར་དུས་རབས་རྙིང་པའི་སྐབས་སུ་ཐིག་དཔོན་གྱི་འགན་བཞེས་གནང་མྱོང་ཡོད་པས་ཡི་དམ་གསང་བདེ་འཇིགས་གསུམ་གྱི་དཀྱིལ་འཁོར་གྱི་ཆ་ཚད་དང་ཐིག་རྡུལ་ཚོན་ལ་ཤིན་ཏུ་མཁས། བོད་དུ་དུས་འགྱུར་ཆེན་པོའི་འོག་ནས་དགོན་པ་བསྐྱར་དར་བྱུང་རྗེས་སུ་མཁན་ཁྲི་དང་པོར་བསྐྱངས། བཅོས་བསྒྱུར་སྐབས་སུ་གྲྭ་ཚང་རིན་པོ་ཆེའི་ལས་སྣེ་གསུམ་ག་དཔལ་ལྡན་ལྷ་མོའི་འཕྲིན་ལས་ཀྱིས་བཙོན་ཁང་དུ་ཕེབས་མ་དགོས་པ་རེད་ཅེས་གནའ་ནས་ད་བར་གྲགས་ཚོད་ལ་ཡོད་པ་ལྟར། ཁོང་སྐབས་དེར་དགེ་སྐོས་ལ་ཁེལ་ཡོད་སྟབས་མ་གཞི་བཙོན་ཁང་དུ་ཕེབས་དགོས་པ་ལྟ་བུ་ཡིན་ཡང་དཔལ་ལྡན་ལྷ་མོའི་འཕྲིན་ལས་ལ་བརྟེན་ནས་དེ་ལྟར་མ་དགོས་སོ། །དགོན་འདིའི་དགེ་འདུན་པ་ཡོངས་ལ་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་ཁག་དང༌། དཔལ་འཁོར་ལོ་སྡོམ་པའི་བདག་མདུན་བུམ་གསུམ་སྨོན་ལམ་ཤིས་བརྗོད་དང་བཅས་པའི་ལྗགས་ལུང་བསྩལ། དགོན་པ་བསྐྱར་དར་སྐབས་དྲུག་ཅུ་ལྕགས་མཁར་ཆེན་པོའི་དབུ་བཞུགས་ཀྱང་དང་པོར་མཛད། དེ་ནས་བཟུང་ལོ་ཤས་བར་འདིས་དབུ་བཞུགས་མཛད་དེ་བསྐྱེད་རྫོགས་ཀྱི་འཆད་ཁྲིད་སོགས་བསྐྱངས་པས་དགོན་འདིར་ཕྱག་རྗེས་ཆེ་བའི་གྲས་ཤིག་ཡིན། དགུང་གྲངས་དོན་ལྔ་པ་མེ་ཡོས་ ༡༩༨༧ ལོར་གཤེགས།

སྨྲས་པ།

མཐོང་བ་བརྒྱུད་པའི་ཕྱག་ལེན་འགའ། །

བརྒྱུད་པ་ཆད་ལ་ཉེ་བའི་སྐབས། །

སྔོན་བསགས་སྨིན་པའི་སྟོབས་དང་ལྷན། །

གཞོན་སྐྱེས་ཚོགས་སུ་སྤེལ་ལ་རེམས། །

ཞེས་སོ།།

༈ མཁན་རབས་རེ་གཅིག་པ་བློ་བཟང་དབང་ཕྱུག་ནི། བོད་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ ༡༩༡༤ ལོར་ཉ་ཁྲི་གྲོང་དུ་བལྟམས། དགོན་འདིའི་གྲྭ་ཚང་དང༌། ཚོགས་ཆེན་གྱི་དབུ་མཛད་ཁུར་བཞེས་གནང༌། ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས་རྣམས་ལ་བྱང་ཆུབ་པ་ཞིག་ཡིན། གཞན་རྣམས་ཀྱིས་མཆོད་གཏོར་བཅའ་བཟོ་དང༌། འདོན་པའི་དབྱངས་རྟ་གྱེར་ལུགས་སོགས་ཀྱི་ཐད་ལ་དགོན་འདིའི་ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་ལེན་དང་མི་འགྲིག་པ་ཅུང་ཟད་ཙམ་རེ་བྱུང་ནའང་། གཏོར་མ་ཡང་བཟོ་དང༌། འདོན་པ་ལ་ནོར་འཕྱུག་གི་བཀའ་བཀྱོན་གནང༌། ཞབས་བརྟན་ལ་ཕེབས་སྐབས་ཤིག་ཏུ་གྲྭ་པ་ཞིག་གིས་འཇིགས་བྱེད་གཏོར་མ་དབྱིབས་དང་དཀར་རྒྱན་དག་མི་མཛེས་པ་ཞིག་བཟོས་པ་གཟིགས་པས། འདི་ཁྱོད་ལ་ཉན་ཡང་ང་ལ་མི་ཉན་གསུངས་ནས་ཕྱག་བཀྲུས་ཏེ་གཏོར་མ་མར་བཤིག་ནས་ཡང་བཟོ་མཛད་པ་དང༌། ཡང་ཞབས་བརྟན་སྐབས་ཤིག་ལ་དབུ་མཛད་ཅིག་གིས་ཁྲུས་གསོལ་གསུང་ཚེ་ཤློཀ་གཅིག་བསྐྱར་ཟློས་བྱས་པས། ལབ་ཚར་སོང་གསུངས་ཏེ་བུམ་ཆུས་མེ་ལོང་ངོས་ཁྲུས་གསོལ་མི་མཛད་པར་བཞུགས་པ་སོགས་མི་སུ་ཡིན་ཡང་ངོ་དགའ་སྤྲེལ་ལད་མེད་པའི་ཐོག་ནས་དག་ཐེར་མཛད་མཁན་ཞིག་ཡིན། དེའི་དབང་གིས་དམ་པ་འདི་ཡོད་ན་སུས་ཀྱང་གང་བྱུང་བྱུང་བྱེད་མི་ཕོད་པ་ལྟ་བུར་གྱུར་ཏོ། །ཧོར་པའི་ཕྱོགས་སུ་ཤི་བོ་ཞིག་ལ་འཕོ་བ་འདེབས་ཏེ་ཧིག་སྒྲ་སྒྲོགས་པའི་ཚེ་ཁང་པ་བསྒུལ་ཏེ་སྟེང་གི་གདུང་གསེབ་ནས་ས་ལུགས་པ་སོགས་ལྟས་ཁྱད་པར་ཅན་བྱུང་བ་ཀུན་ལ་གྲགས་ཚོད་དུ་འདུག །དགུང་ལོ་བདུན་ཅུ་དོན་གཉིས་པ་ཤིང་གླང་ ༡༩༨༥ ས་ག་ཟླ་བའི་ཚེས་བདུན་ཉིན་སྐུ་གཤེགས།

སྨྲས་པ།

བློ༵་དང་ལྡན་པས་ཆོས་མཛད་སྐྱེས་བུ་ལ། །

བཟང༵་པོའི་ཡོན་ཏན་ཆ་ནས་དག་སྣང་སྦྱངས། །

དབང༵་ཟ་བ་ཡིས་རང་སྐྱོན་མི་ཤེས་པར། །

ཕྱུག༵་པའི་ཡོན་ཏན་ཅན་ལ་སྒྲོ་སྐུར་སྨྲ། །ཞེས་སོ།། །།

༈ མཁན་རབས་རེ་གཉིས་པ་མཁན་པོ་བློ་བཟང་དར་རྒྱས་སམ་དཀོན་མཆོག་ལྷུན་འགྲུབ་ནི། འབྲུ་ཡག་གྲོང་དུ་རབ་བྱུང་བཅོ་ལྔ་པའི་ས་ལུག་ ༡༩༡༩ ལོར་སྐུའི་མྱུ་གུ་འཁྲུངས། དགོན་འདིར་ཆོས་ཞུགས་ཐོག་དགེ་བའི་བཤེས་གཉེན་ཆེན་པོ་ལམ་བསྟན་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ནས་ཐུགས་སྦྱོང་གནང༌། སྟོན་པས་ལུང་ལས། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། ཟས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཞེས་གང་གསུངས་པ་ལྟར། དགོན་འདིར་ཆོས་ཞུགས་མ་གནང་གོང་ཆུང་ངུའི་དུས་ནས་ཕ་མ་གཉིས་ཆ་གྲོངས་སོང་བའི་དབང་གིས་ཆ་རྐྱེན་ཞན་སྟབས། ཟས་གོས་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་ཚད་མེད་ངང་ནས་བསླབ་གསུམ་ཉམས་བཞེས་ཀྱི་དཀའ་ཐུབ་ལ་ལེགས་པར་གནས། འཚོ་བའི་ཆ་རྐྱེན་ནི། དཔེར་ན། རྗེ་འདིའི་ཞལ་ནས་དངོས་སུ་གསུངས་པ་ཐོས་མྱོང་བ་ཞིག་ལ། ང་ཁྱིམ་ནས་བྱེས་སུ་འགྲོ་ཚེ་ཤུལ་དུ་ལུས་རྒྱུ་ནས་སྲན་འདྲེས་མའི་རྩམ་པ་ཉུང་ངུ་ཞིག་ལས་གཞན་བོར་དོགས་ཀྱི་སེམས་ཁྲལ་བྱེད་ས་གང་ཡང་མེད་གསུངས། ཆོས་གྲྭ་གསར་ཞུགས་སྐབས་ནས་མཛོད་ཀྱི་བར་དུ་སྐུ་འགག་རྐྱང་པ་སོ་མ་ཞིག་ལས་གཞན་ན་བཟའ་སོ་མ་ཞིག་གཏན་ནས་གོན་མ་མྱོང་གསུངས། རྒྱུན་དུ་རྩམ་སྐྱ་ཞིག་ལས་མར་ཟ་རྒྱུ་མེད་ལ། རེས་འགར་མར་ཞིག་ཟ་རྒྱུ་རྙེད་ཚེ་སེམས་རབ་ཏུ་སྤྲོ་གསུངས། དེ་ལྟར་གོས་ཕྱག་དར་ཁྲོད་པ་དང༌། ཟས་སྟན་གཅིག་པ་སོགས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་འཚོ་བ་ལ་རོལ་ཏོ། །སྟོང་འཁོར་ཡུལ་གྲུ་ཀུན་ཏུ་སྨྱུང་གནས་དང་གསོ་སྦྱོང་གི་སྡོམ་པ་གནང་བར་ཕེབས་ནས་སེར་སྐྱ་བགྲང་ལས་འདས་པ་ལ་འདི་ཕྱིའི་ལམ་སྟོན་གནང་སྟེ་ཐར་པའི་ས་བོན་བཞག་ཡོད། བཅོས་བསྒྱུར་གྱི་སྐབས་གཞན་དབང་བཙན་པོའི་འོག་ཏུ་མི་ལོ་བཅུ་ཕྲག་གཉིས་ལྷག་རིང་འབྲུ་ཡག་རུ་ཁག་གི་སྤྱི་ཁང་སྲུང་མཁན་གྱི་འགན་བཞེས་ནས་དེར་བཞུགས་ཏེ། ནམ་ཕྱེད་ཙམ་ནས་བཟང་སྤྱོད་གསུངས་པ་དང༌། ཉིན་པར་ཚ་གསུར་བཏང་བ་སོགས་དགེ་སྦྱོང་ཚད་མེད་ལ་གནས། བཟང་སྤྱོད་དང༌། ཚ་གསུར་འབུམ་ལྷག་རེ་འགྲུབ་པར་མཛད། ང་ཡི་ཚ་གསུར་འདི་གནས་སྐབས་ཀྱི་རིམ་གྲོ་དང༌། ཕྱི་མའི་དགེ་རྩ་རྒྱ་ཆེན་པོ་ཡིན་གསུངས་ནས་གཙིགས་སུ་འཛིན་ཏེ་ཚ་གསུར་ཆད་མེད་གཏོང་བ་དང༌། གཞན་ནད་གདོན་གྱིས་གནོད་འཚེ་ཡོད་པ་དག་ལའང་ཚ་གསུར་བཏང་བས་མངོན་སུམ་དུ་ཕན་པ་བྱུང་བ་ཀུན་ལ་མཐུན་སྣང་དུ་གྲུབ། དེའི་རྐྱེན་པས་རང་རང་གིས་ཁྱིམ་དུ་གདན་དྲངས་ནས་གནོད་འཚེ་བཟློག་ཐབས་སུ་ཚ་གསུར་གཏོང་བའི་བཀའ་དྲིན་སྐྱོང་བཅུག ཚ་གསུར་གསུང་སྐབས་འགོ་འཛུགས་པ་ནས་བཟུང་སྨྲ་བ་གཞན་བཅད་དེ་ཐུགས་ཏིང་ངེ་འཛིན་བརྟན་པོའི་སྒོ་ནས་ཐུན་ཡུན་རིང་ཙམ་བསྐྱངས། རང་དགོན་དུ་བར་བར་དུ་རབ་བྱུང་དང༌། བསྙེན་རྫོགས་གནང༌། དེ་སྐབས་རང་དགོན་གཙོས། ལྕོག་རི་དགོན་དང༌། ལུ་གུ་དགོན་སོགས་ནས་ཀྱང་འདུས་ཏེ། སྔ་ཕྱི་བར་གསུམ་དུ་དགེ་ཚུལ་སློང་བགྲང་ལས་འདས་པ་ཞིག་བྱུང་ཡོད། ཁོང་མཚན་སྙན་རྒྱས་སྟབས་ལྕོག་རི་དགའ་ལྡན་འཕེལ་རྒྱས་གླིང་གིས་རབ་བྱུང་དང༌། བསྙེན་རྫོགས་ཀྱི་མཁན་པོར་བཀུར་བཟོས་ཚད་མེད་པས་གདན་དྲངས་པ་ལྟར་ཞབས་བསྐྱོད་གནང༌། དེ་དུས་སུ་སྐུ་ཁམས་ཅུང་མི་དྭངས་པའི་སྐབས་ཡིན་ཀྱང་། དེ་ལྟར་ཕེབས་པའི་དགོངས་གཞི་དགོས་པ་གཙོ་བོ་ནི། ཕྱིན་ཆད་དགོན་པ་གཉིས་བར་དུ་མཐུན་སྒྲིལ་དང༌། བླ་སློབ་ཀྱི་འབྲེལ་བ་ཟབ་མོ་ཡོད་ན་ཤིན་ཏུ་ལེགས་པ་ལ་བསམས་པ་ཡིན་ཞེས་བུ་སློབ་ཅིག་ལ་གསུངས་སོ། །སྤྱི་ལོ་ ༡༩༨༥ ལ་མཁན་ཁྲིར་ཕེབས་ནས་བསྟན་པའི་གཞི་རྩར་དམིགས་ཏེ་ཆོས་གྲྭར་ཆད་མེད་འགྲིམ་དགོས་པ་དང༌། ཚོགས་ལངས་སྐབས་ཟང་ཟིང་ཐད་ནས་གཟབ་མཆོར་རྒྱས་སྤྲོས་མི་ཆོག་པ་སོགས་མཆོག་གི་ཆོས་གྲྭ་ཆེན་པོའི་སྒྲིགས་ཁྲིམས་ལ་དམ་བསྒྲགས་ཤུགས་ཆེན་དང༌། རྗེའི་ལམ་རིམ་ཆེན་མོའི་དབུ་ནས་འཆད་ཁྲིད་མཛད་དེ་སྐལ་ལྡན་ལས་འཕྲོ་ཅན་རྣམས་བློ་ཁ་ཆོས་ལ་ཕྱོགས་པའི་བཀའ་དྲིན་བསྐྱངས། མ་ཟད་དུས་རྒྱུན་དུ་གདམས་ངག་ཤ་སྟག་གནང་མཁན་ཞིག་ཡིན་ཞིང་གདམས་ངག་ཚིག་གཅིག་ཡན་གྱིས་ཀྱང་མ་མཐར་ཉིན་ཁ་ཤས་བར་སེམས་ལིང་གིར་འགྱུར་བ་ཞིག་ཡོང་བ་ནི་མཐོང་ཐོས་ཀྱི་ཡུལ་དུ་གྱུར། ཁོང་མཁན་ཁྲིར་བཞུགས་རིང་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་སྐུ་བདག་གནང་ཞིང་། སྐབས་དེར་ཡང་སྲིད་རིན་པོ་ཆེའི་འཁྲུངས་གཞིས་སུ་སྐུ་བདག་གནང་བར་ཕེབས་མཁན་གཙོ་བོའི་གྲས་ཡིན། ཧོར་སྟོང་འཁོར་གཉིས་སུ་བདག་ཉིད་ཆེན་པོ་འདིའི་མཚན་ཐོས་པ་ཙམ་གྱིས་ལག་ཐལ་མོ་མི་སྦྱར་བ་མེད་པ་ལྟ་བུར་གྱུར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། མདོར་ན་བཟང་ངན་སྣང་བ་ཅི་ཤར་ཡང༌། །ཆོས་ཀུན་སྙིང་པོ་སྟོབས་ལྔའི་ཉམས་ལེན་གྱིས། །བྱང་ཆུབ་སེམས་ཉིད་འཕེལ་བའི་ལམ་བསྒྱུར་ཏེ། །ཡིད་བདེ་འབའ་ཞིག་སྒོམ་པར་བྱིན་གྱིས་རློབས། །ཞེས་པ་ལྟར། ཕྱག་རྫས་གང་ཡོད་དགེ་འདུན་གྱི་ཞིང་སར་གཏོང་བ་དང་། བྱ་ཁྱི་ལ་ཟས་སྐོམ་སྦྱིན་པའི་དཀར་པོ་ས་བོན་གྱི་སྟོབས་སོགས་སྟོབས་ལྔ་ལ་རྩེ་གཅིག་ཏུ་གཞོལ། རྗེ་ཙོང་ཁ་པས། གང་ལ་བརྟེན་ན་བདེ་བླག་ཏུ། །ཐར་པའི་གྲོང་དུ་བགྲོད་པའི་ཐབས། །སོ་སོ་ཐར་ཅེས་གྲགས་པ་གང་། །ཞེས་པའི་དགོངས་པ་ལྟར། ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཐུགས་ལྷོད་གཡེང་མེད་པར་མཛད་ཚུལ་ནི། གོས་བྱིན་རླབས། བྱིན་ལེན། ཆབ་ལེན། ལྷམ་ཕུད། ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་གཙིགས་སུ་མཛད་དེ། སྐུ་ཚེ་གཅིག་ལ་ཉེས་བྱས་ཕྲ་མོ་རེས་ཀྱང་མ་གོས་པ་ལྟ་བུར་མཛད། ཟོལ་བསྟོད་མ་ཡིན་པར་ཐ་ན་སྐུ་སྙུང་བའི་སྐབས་ཚུན་ལའང་ཕྱི་དྲོའི་ཁ་ཟས་བཞེས་པ་མཇལ་མ་མྱོང་བའི་ཚོད་དུ་གདའ། ཁོང་གི་ཞལ་གདམས་སུའང་དེང་སང་གྲོང་ཆོག་སོགས་ལ་ཕྱི་དྲོའི་ཁ་ཟས་མི་སྤོང་བའི་སྲོལ་ངན་དར། འདི་ལས་ཁྱིམ་པ་མ་དད་པ་སོགས་འབྱུང་འོང་གསུངས་ནས་འདི་རིགས་ལ་ཐུགས་མི་མཉེས་པ་ཆེན་པོར་མཛད། མན་ངག་ཏུ་ཚུལ་ཁྲིམས་ཆུང་ས་ནས་ཀྱང་མ་བསྲུང་ན་ཆེན་པོ་ལ་སྐྱོན་ཤོར་རྒྱུ་རེད། དཔེར་ན། ཞིང་ཁ་ལ་ར་བ་བརྟན་པོ་མེད་ན་ལོ་ཏོག་ཕྱུགས་ཟོག་གིས་ཟོས་པ་ལྟར། ཉེས་བྱས་དང༌། སོར་བཤགས་དང༌། ལྟུང་བྱེད་རྣམས་ལ་སྲུང་སྡོམ་བརྟན་པོ་བྱེད་ན། ཕམ་ལྷག་རང་ཤུགས་ཀྱིས་ཁེགས་འགྲོ་བ་ཞིག་འོང་གསུངས། འདི་ནི་དེང་གི་དུས་སུ་མན་ངག་ཆེན་པོ་ཞིག་ཡིན། དེ་ལྟར་བླ་མ་རིན་པོ་ཆེ་འདི་ནི་འདུལ་འཛིན་གྱི་ཁྱུ་མཆོག་ཅིག་ཏུ་གྱུར་ཡོད་ཅེས་གླེང་ན་ཅིས་མི་ཆོག །ཆིབས་པ་བཅིབས་ནས་ཡར་མར་ཕེབས་ཚེ་ཆིབས་ཁ་འཁྲིད་མི་དང་ཆིབས་རྟ་གཉིས་ཆ་ལ་ཡོན་ཏན་གཞིར་གྱུར་མའི་སྒོ་ནས་བསྔོ་སྨོན་རེ་མ་གསུངས་པ་མེད་གསུངས་སོགས་སྙིང་རྗེས་གཞན་དབང་དུ་གྱུར་པ་ཞིག་ཡིན། གཞན་ཕན་གྱི་སེམས་དང༌། བདེ་སྡུག་གཏོང་ལེན་སོགས་སློབ་གསོ་གང་གནང་ལ་ཕན་རླབས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་ལ་བསམས་ན། ལམ་རིམ་ཆེན་མོ་ལས། རང་མ་ཐུལ་བ་གཞན་འདུལ་བའི་གནས་མེད་ལ་ཞེས་གང་གསུངས་པ་ལྟར། གཞན་ཕན་སེམས་སོགས་ཐུགས་དམ་གྱི་མཐིལ་དུ་འཛིན་པ་ཞིག་ཡིན་པ་གདོན་མི་ཟ། ཐ་མལ་པ་དང་གསུང་གི་གླེང་མོལ་གནང་སྐབས་སུའང་ཞིབ་ཏུ་དཔྱད་ན་ཆོས་དང་འབྲེལ་བའི་སློབ་གསོ་ཤ་སྟག་ཏུ་གནང་བ་རེད་འདུག རེས་འགའ་རེ་ལ་ཀྱལ་ཀའི་ཚུལ་དུ་འབྱུང་འགྱུར་གྱི་ལུང་བསྟན་ལྟ་བུ་དང༌། སྐབས་འགའ་བརྒལ་ལན་ལྟ་བུ་ཡང་གསུངས། དཔེར་མཚོན་ན། སྐྱེ་བ་སྔ་ཕྱི་མི་ཤེས་པའི་མི་རྒན་ཞིག་གིས་དམ་པ་འདིའི་དྲུང་དུ་ང་རང་ཚོ་ཤི་ནས་རྡོ་ཕ་བོང་དུ་འགྱུར་རྒྱུ་རེད་ཅེས་བཤད་པ་ལ། དམ་པ་འདིས་འོ་ན་དེ་འདྲ་ཡིན་དུས་ཁྱོད་ཀྱི་ཁང་འོག་གི་ཕ་བོང་འདི་དག་སུ་དང་སུ་ཡིན་ན། འདི་འདྲ་ཐབས་སྡུག་པ་ལ་ཨང་སྙིང་རེ་རྗེ་གསུངས་པས་དེས་ཅང་སྨྲ་མ་ནུས་སོ། །ཡང་གྲྭ་ཆུང་ཞིག་ལ་ཀྱལ་ཀའི་ཚུལ་དུ་ཁྱོད་ལྷུང་བཟེད་འདྲ་བ་ཨེ་དགའ་ཞེས་དྲིས་གནང་བས་དེས་ཀྱང་དགའ་ཞུས་པས་འོ་ལྷུང་བཟེད་འདུག་མི་ཚུགས་པ་ཡིན་གསུངས་ནས་ཐུགས་མཚར་མཛད། དེ་ནི་གྲྭ་པར་འདུག་མི་ཤེས་པའི་བརྡ་ཡིན་པ་འདྲ། སྤྱི་ལོ་ ༡༩༩༢ ལ་སྐུ་སྙུང་བའི་ཚུལ་བསྟན་ཏེ་ཕྱི་ལོའི་བོད་ཟླ་ ༣ ཚེས་ ༡༤ ལ་ཞིང་དུ་གཤེགས། དེ་ནས་འཇིག་རྟེན་གྱི་སྒྲོན་མེ་ཞིག་གཟིམས་ཏེ་མྱ་ངན་གྱི་མུན་ཁྲོད་དུ་ལུས་པ་ལྟར་གྱུར་ཏོ། །

སྨྲས་པ།

མཆོག་གི་གསང་གསུམ་ཡོན་ཏན་གྱིས། །

བདག་ཡིད་དད་བརྒྱའི་ཕྱོགས་སུ་དྲངས། །

གདམས་ངག་བདུད་རྩིའི་ཟེགས་མས་ཀྱང༌། །

བདག་སེམས་རབ་ཏུ་སིམ་པར་བྱེད། །ཅེས་སོ། །

༈ མཁན་རབས་རེ་གསུམ་པ་ཡོངས་འཛིན་པདྨ་དབང་རྒྱལ་ལམ་བློ་བཟང་ཚེ་འབྱོར་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ ༡༩༢༡ ལོར་བསྭོ་ཐོག་མདའ་སྡེ་རིགས་ཚང་དུ་འཁྲུངས། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དགུ་པ་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་། དགེ་བའི་བཤེས་གཉེན་བློ་བཟང་ཕུན་ཚོགས་སམ་བླ་མ་ལམ་བསྟན་མཉེས་པ་གསུམ་གྱིས་ཚུལ་བཞིན་དུ་བསྟེན་ནས་གདམས་ངག་རྣམས་ཞུས། ཡོངས་འཛིན་ཕུར་ལྕོག་པ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱི་དྲུང་ནས་བསྙེན་པར་རྫོགས། བཅོས་བསྒྱུར་གྱི་འོག་ཏུ་ཆོས་ལུགས་མི་སྣ་དམའ་འབེབས་པའི་སྐབས་སུ་ལྐོག་ཏུ་འཇིགས་བྱེད་བསྙེན་མཚམས་ལ་བཞུགས་ནས་བསྙེན་ཆེན་གཉིས་གསུམ་ཙམ་མཐའ་འཁྱོལ་བྱུང་བ་གནང་། སྐབས་དེར་འཇིགས་བྱེད་ལ་ནང་མཆོད་ཕུལ་ནས་དམིགས་རྣམ་བསྐྱངས་སྐབས་ཤིག་ལ་ཀ་པཱ་ལ་ནས་དུ་བ་ཤུགས་ཆེར་ཐོན་ཏེ་གཟིམ་ཤག་དུ་བས་གང་བ་སྐབས་དེའི་ལས་ཀྱི་རྡོ་རྗེའི་ཞལ་ནས་ཐོས། ༸གོང་ས་༸མཆོག་གིས་ཞབས་དྲུང་བཅུ་པའི་ཡང་སྲིད་ངོས་འཛིན་འཁྲུལ་བྲལ་གནང་བ་དང་ཆབས་ཅིག ༸དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དཔལ་གཞན་ཕན་གྱིས་དགོན་འདིའི་བཤེས་གཉེན་དུ་མ་ལས་དམ་པ་འདི་ཉིད་ཡོངས་འཛིན་དུ་འདེམས་བསྐོས་མཛད། སྐུ་ན་ཆུང་དུས་སུ་ཞབས་དྲུང་བཅུ་པའི་མ་བྱན་དུ་དུས་ཡུན་ཐུང་ཙམ་བཞུགས་རྗེས་ཞབས་དྲུང་རིན་པོ་ཆེས་དགོངས་པ་གནང་སྟེ་དཔེ་ཆ་ཡག་པོ་ལྟོས་ཞེས་གསུངས། མ་ཟད་ཀ་དཔེ་ཞིག་ཀྱང་གནང་ནས། ཁྱེད་ཀྱིས་འདི་ཉར་ཚགས་གྱིས་དང་རྗེས་སུ་ཕན་ཐོགས་ཡོང་ཞེས་ལུང་བསྟན་པ་དུས་སུ་བབས་ནས། ཁོང་ཉིད་ལ་གནང་བའི་ཀ་དཔེ་དེ་བསྣམས་ཏེ་ཞབས་དྲུང་བཅུ་གཅིག་པའི་ཡོངས་འཛིན་དུ་ཕེབས་པ་བཅས་ཀྱིས་རྟེན་འབྲེལ་རང་འགྲིགས་བྱུང་། དགེ་འདུན་པའི་འཚོ་བའི་སྐུ་ངལ་སེལ་ཐབས་སུ་དམིགས་ཏེ་སྔར་ཆོས་གྲྭའི་སྐབས་ཀྱི་སྐྱབས་རྟེན་སོགས་ཡོང་སྒོ་སྤྱི་འཇོག་བྱེད་དགོས་ཀྱང་ཕྱིན་ཆད་ནས་དགེ་འདུན་རྣམས་ལ་བགོ་བཤའ་བྱེད་དགོས་པའི་ཞལ་བཀོད་གནང་བ་སོགས་དམ་པའི་མཛད་རྗེས་རླབས་ཆེན་བཞག ཞབས་དྲུང་རིན་པོ་ཆེ་ལ་ཆོས་སྤྱོད་ཁག་དང༌། བྲག་དཀར་ལམ་རིམ། རྩ་བ་གསུམ་སོགས་ཐུགས་འཛིན་དང༌། ཡི་གེ་འབྲི་ཀློག་བཅས་ཀྱི་ཡོན་ཏན་ཕུལ། སྐུ་གོང་མ་རྣམས་ཀྱི་ཕྱག་སྲོལ་བཞིན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེའི་གསན་བསམ་སློབ་གཉེར་ཆེད་དུ་ཐབས་མཁས་ཀྱི་འཕྲུལ་ལས། དབུས་སུ་མཆོད་མཇལ་ལ་ཕེབས་པའི་ཟོལ་གྱིས་གསང་རྒྱ་དམ་པོས་ཞབས་དྲུང་རིན་པོ་ཆེ་འཕགས་ཡུལ་དུ་གདན་དྲངས། ཡབ་སྲས་གཉིས་ཀྱིས་༸རྒྱལ་བ་ཐམས་ཅད་མཁྱེན་པའི་གསེར་ཞལ་ཞིབ་མཇལ་ངང་བཀའ་སློབ་ཟབ་རྒྱས་ཞུས། རིན་པོ་ཆེ་སྔར་སྲོལ་ལྟར་གྱིས་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བཞུགས་འཇགས་ཐོག་ཐུགས་སྦྱོང་གནང་བཅུག དེ་ཕྱོགས་སུ་སྟོང་འཁོར་བའི་སེར་སྐྱ་རྣམས་འདུ་འཛོམས་ཀྱི་དབུས་སུ། ང་ཡིས་ཞབས་དྲུང་རིན་པོ་ཆེ་མི་རྒྱུ་གཡང་དང་བཅས་པ་ཁྱོད་རྣམས་ལ་འཕྲོད་པ་ཡིན་པའི་སྐོར་ནས་གསུང་བཤད་ཞིབ་རྒྱས་གནང་བ་སོགས་ཐབས་མཁས་ཀྱི་ལམ་ནས་གང་ཐད་ལ་ལྗགས་བཀོད་ཕུན་སུམ་ཚོགས་པ་གནང་སྟེ་ཐུགས་བདེ་བདེ་མཛད། དེ་དག་ནི་ཞལ་མི་བཞུགས་པའི་བརྡ་ཡིན་པ་འདྲ། ཕ་ཡུལ་ནས་ཕེབས་པའི་སྐབས་སུའང་ཕྱིར་རང་ཡུལ་དུ་མི་ཕེབས་པའི་སྐོར་གསུངས་ཏེ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་སོགས་གསན་ཞིང་། བདོག་པའི་དངོས་པོ་རྣམས་ཀྱང་སྦྱིན་གཏོང་མཛད། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་དྲུང་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཀྱི་བཀའ་ཆོས་ཀྱང་གསན། དེ་ནས་སྐུ་ཅུང་སྙུང་བའི་ཚུལ་མཛད་དེ་འཕགས་ཡུལ་དུ་ཟླ་བ་གསུམ་ཙམ་བཞུགས་ཏེ། དགུང་ལོ་དོན་གསུམ་པ་སྤྱི་ལོ་ ༡༩༩༣ ཟླ་ ༡༡ ཚེས་ ༡༧ ཉིན་འཕགས་ཡུལ་སེ་ར་ཐེག་ཆེན་གླིང་དུ་སྐུ་ཞི་བར་གཤེགས། ཐུགས་དམ་ལ་བཞུགས་པ་སོགས་དམ་པའི་རང་རྟགས་ངོམ།

སྨྲས་པ།

གང་གི་ཨུ་པཱ་དྷྱཱ་ཡ་གྱུར་པ་ཡིས། །

ཐབས་ཇུས་ཟབ་མོའི་བཀོད་པ་ཕུན་ཚོགས་ལས། །

བློ་གཏེར་མི་རུ་སྤྲུལ་པ་གཞོན་ནུའི་སྐུ། །

འཕགས་ཡུལ་ཆོས་ཀྱི་ཞིང་དུ་བདེ་བར་དྲངས། །ཞེས་སོ།། །།

༈ མཁན་རབས་རེ་བཞི་པ་བློ་ཡངས་ནི། ཀ་སྐོར་གྲོང་དུ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ ༡༩༢༣ ལོར་སྐུ་བལྟམས། ཆུང་དུས་ནས་དགོན་འདིར་ཆོས་ཞུགས་གནང༌། ཡི་གེ་འབྲི་ཀློག་དང་གཞུང་ཆེན་ལ་སྦྱངས་བརྩོན་རིམ་པར་མཛད། གསར་བུ་རྣམས་ལ་དཔེ་ཁྲིད་དང་སློབ་སྟོན་གནང་། གཟིག་གདོང་གྲོང་དང་རྦ་ལ་མདའ་གྲོང་སོགས་ཡུལ་གྲོང་མང་པོར་ཕེབས་ཏེ་བསྙེན་གནས་དང༌། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་ནས་སྐྱེ་བོ་མང་པོའི་རྒྱུད་ལ་ཐར་པའི་ས་བོན་འཇོག་པར་མ་ཟད་སྨྱུང་བར་གནས་པའི་སྒོ་ནས་ཚོགས་གསོག་སྒྲིབ་སྦྱོང་ལ་བཀོད། ཁྱད་པར་དུ་དྲུག་ཅུ་ལྕགས་མཁར་ཆེན་མོའི་དབུ་བཞུགས་ལ་ཕེབས་ཏེ་རིམ་གཉིས་ཀྱི་འཆད་ཁྲིད་ཐུགས་ཐོག་ནས་ཐོགས་མེད་དུ་གནང་། མཁན་ཁྲིར་ལོ་ཕྱེད་དང་གཉིས་ཙམ་བཞུགས། འཆང་འབྲལ་འཇོག་གསུམ་དང༌། ཕྱི་དྲོའི་ཁ་ཟས་ཡན་ཆད་ལ་གཙིགས་སུ་མཛད་དེ་བསྟན་པའི་མིག་ལྟོས་ལ་ཕན་ངེས་སུ་མཛད། མཐར་སྐྱེ་འཆི་རང་དབང་ཐོབ་པའི་རྟགས་སུ། དགུང་ལོ་བདུན་ཅུ་པ་ཆུ་སྤྲེལ་ ༡༩༩༢ ལོར། སྙུན་གཞི་ལྕི་མོ་གང་ཡང་མེད་པའི་མཚན་དཀྱིལ་ཞིག་ལ་ཉེ་གནས་དགོན་པའི་འདུས་ཁང་དང་གསེར་ཁང་གི་རྟེན་གཙོ་དག་གི་དྲུང་དུ་མཆོད་འབུལ་བྱེད་དུ་མངགས་རྗེས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ།།

སྨྲས་པ།

སྔོན་བྱོན་དམ་པའི་ཉམས་ལེན་ཕྲ་མོ་ཡང༌། །

ད་ལྟ་འདི་ན་གསེར་གྱི་ཐིགས་པ་ཡིན། །

ད་ལྟའི་མཁས་རློམ་ཁ་བཤད་མཁས་ན་ཡང༌། །

ཆུ་ཡི་གད་མོའི་ངང་ཚུལ་ཤིན་ཏུ་མང༌། །ཞེས་སོ།། །།

༈ མཁན་རབས་རེ་ལྔ་པ་བློ་བཟང་རྡོ་རྗེའམ་བསམ་གཏན་རྒྱ་མཚོ་ནི། འབྲུ་ཡག་གྲོང་དུ་ཤིང་གླང་སྤྱི་ལོ་ ༡༩༢༥ ལོར་སྐུ་བལྟམས། ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཕུན་ཚོགས་སམ་བླ་མ་ལམ་བསྟན་མཉེས་པ་གསུམ་གྱིས་ཚུལ་བཞིན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱངས། དགུང་གྲངས་ཉེར་གཉིས་ཙམ་ལ་དབུས་ལ་ཕེབས་ནས་སེ་ར་ཐེག་ཆེན་གླིང་དུ་ཞུགས། དགའ་ལྡན་ཁྲི་ཐོག་གོ་ལྔ་པ་མི་ཉག་སྟོང་འདུས་ཡེ་ཤེས་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས། དགའ་ལྡན་ཁྲི་ཐོག་གོ་བཞི་པ་ལྷུན་འགྲུབ་བརྩོན་འགྲུས་སོགས་ཀྱི་ཞབས་ལ་བཏུགས་ཏེ་གསན་བསམ་གནང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས། དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར། །གཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང༌། །འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་། །ཞེས་གསུངས་པ་ལྟར། སྒོ་གསུམ་ཞི་ཞིང་དུལ་བ་སོགས་སྦྱངས་འབྲས་མངོན་དུ་གྱུར་པ་ཞིག་ཡིན། གཞན་ལ་བསླབ་བྱ་གནང་སྐབས་སུ་ཡང་སེམས་རྒྱུད་ཞི་ཞིང་དུལ་བ་དང༌། ཟས་གོས་གནས་མལ་རྣམས་ལ་འདོད་ཆུང་ཆོག་ཤེས་དགོས་ཚུལ་སོགས་སེམས་སྟེང་དུ་བསླབ་བྱ་གཙོ་བོ་གནང་མཁན་ཞིག་ཡིན། ཕྱི་དྲོའི་ཁ་ཟས་བཞེས་པ་ཞིག་ནམ་ཡང་མཇལ་མ་མྱོང་བའི་ཚོད་དུ་གྱུར། འདི་དག་ལ་བསམ་གཞིགས་ཤིག་བྱས་ན། མདོ་ལས། སྡིག་པ་ཆུང་ངུ་དག་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གིས་ཀྱང༌། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་དང༌། ལུང་ལས། འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང༌། །ལན་འགའ་འདས་ཀྱང་ཆད་པ་འཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་པ་ལྟར་གྱི་རྒྱལ་བའི་གསུང་རབ་ཀྱི་གནད་ཤེས་པ་དག་ལ་རྣམ་ཐར་འདི་གཅིག་པུས་ཀྱང༌དད་པའི་སྤུ་ལོང་དབང་མེད་དུ་གཡོ་ནུས། དགོན་གཞུང་གིས་བཀོད་སྒྲིག་དང༌། ལྷ་རྫས་ཀྱི་ཞུ་རྟེན་དང་བཅས་གསོལ་བ་ལྟར། དགོན་འདིའི་བླ་གྲྭ་ཡོངས་རྫོགས་དང༌། སྐལ་ལྡན་གྱི་འགྲོ་བ་མང་པོ་ལ་དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར་ལེགས་པར་གནང༌། བཅོས་བསྒྱུར་མ་བཏང་གོང་དུ་ཐིག་དཔོན་གྱི་མཚན་བཞེས་གནང༌། དཀྱིལ་འཁོར་གྱི་ཆ་ཚད་དང་རྡུལ་ཚོན་གདབ་ཚུལ་སོགས་དགོན་འདིའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཕྲ་རགས་མཁྱེན། དེའི་སྟོབས་ཀྱིས་དགོན་འདིའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་རྣམས་ཀྱི་གཞི་རྐང་ལྟ་བུར་བཙུགས་ཡོད། བོད་དུ་དུས་འགྱུར་ཆེན་པོའི་རྗེས་སུ་གྲྭ་ཚང་དགེ་སྐོས་ཀྱི་མཚན་གནས་དང་པོ་བཞེས། གླིང་བསྲེ་ལ་ཕེབས་སྐབས་སུ་ཞབས་དྲུང་བཅུ་གཅིག་པ་གསར་དུ་སྐུ་ངོས་འཛིན་བྱེད་དུས་སྙི་ཁོག་དང༌། སྐུ་བསྭོ་ཐོག་གནས་སུ་སྐུ་རྫིའི་ཚུལ་དུ་ཟླ་ཤས་བར་དུ་བཞུགས་འཇགས་བསྐྱངས། བསྟན་འགྲོའི་རིམ་གྲོ་རྒྱ་ཆེར་དམིགས་ཏེ་སྨན་བླ་མདོ་ཆོག་ཡིད་བཞིན་དབང་རྒྱལ་ཁྲི་ཕྲག་བཞི་ལྷག་ཞལ་འདོན་མཛད། སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་དང་སྔ་ནས་འབྲེལ་བ་བྱུང་ཡོད་སྟབས་དགུང་ལོ་གྱ་བཞི་ལ་ཕེབས་ཚེ་རིན་པོ་ཆེས་དམ་རྫས་རྩ་ཆེན་པོ་ཞིག་འཕགས་ཡུལ་ནས་ཆེད་དུ་བསྐུར་གནང་མཛད། ས་བྱི་སྤྱི་ལོ་ ༢༠༠༨ བོད་ཟླ་ ༦ ཚེས་ ༢༨ ལ་སྐུ་གཤེགས་སོ། །ཐ་མལ་བ་དང་མི་འདྲ་བའི་རྟགས་སུ་དེ་དུས་དབྱར་ཁ་ཚ་བ་ཤིན་ཏུ་ཆེ་བའི་སྐབས་སུ་ཁེལ་ཡང་ཉིན་བཅུ་ལྷག་རིང་ལ་སྐུ་གདུང་ལ་དྲི་མ་ཁ་བ་སོགས་གཏན་ནས་མ་བྱུང་བ་དང༌། བོན་ཁང་སྒང་དུ་སྐུ་གདུང་ཞུགས་འབུལ་སྐབས་སུའང་དེར་འཇའ་ཚོན་ཤར་བ་ཉ་ཁྲི་བའི་མི་མང་པོར་མཐུན་སྣང་དུ་གྲུབ་པ་སོགས་ལྟས་མཚན་ཁྱད་པར་ཅན་བྱུང་། ཁོང་གིས་ལོ་གཉིས་རིང་གྲྭ་ཚང་གི་སྒྲིགས་ཁྲིམས་ལ་གཟིགས་རྟོག་མཛད་ཀྱང་སྒྲིགས་རང་ཁུར་གྱི་རྐྱེན་པས་དང༌། མཆོག་ཉིད་དགེ་སྦྱོང་གི་ཆོས་བཞི་ལ་གནས་པའི་སྟོབས་ཀྱིས་ལོ་གཉིས་རིང་མི་གཅིག་ལའང་ཉེས་རྡུང་བཏང་མ་མྱོང་བའི་བརྟུལ་ཞུགས་འཛིན་པ་ཞིག་གོ །

༈ མཁན་རབས་རེ་དྲུག་པ་བློ་བཟང་ནམ་མཁའམ་མཁའ་འགྲོ་བརྟན་ནི། ཙེ་ངོས་གྲོང་དུ་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ ༡༩༢༤ ལོར་སྐུ་འཁྲུངས། ཆུང་དུས་ནས་དགོན་འདིར་ཆོས་ཞུགས་གནང༌། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དཔལ་དང་། བློ་བཟང་ཆོས་སྐྱོང་ངམ་ཡོངས་གྲགས་སུ་ལམ་ཕྲན་ཞུ་བ་སོགས་ཀྱི་དྲུང་ནས་གཞུང་ལུགས་རྣམས་སྦྱངས། དབུས་ལ་ཕེབས་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ངེས་དོན་གྱི་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་པོ་ལ་བསླབ་སྦྱངས་ཚུལ་བཞིན་གནང་བས་སྦྱངས་འབྲས་ཀྱང་མངོན་དུ་གྱུར་ཏེ། ཇི་སྐད་དུ། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེངས་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར། །ཞེས་པ་ལྟར་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཞི་དུལ་གྱི་ངང་ཚུལ་ཅན། ང་རྒྱལ་ཁེངས་དྲེགས་མེད་པ། དཔེར་ན། གྲྭ་པ་ཆུང་ཆུང་ཞིག་ཡིན་ནའང་ཞེ་སའི་ཚིག་དང་བཅས་གུས་འདུད་ཀྱིས་གསུང་གླེང་གནང་བ་མ་གཏོགས། སྨོད་ཚིག་དང༌། གཞན་ལ་ཁྱད་གསོད་ཀྱི་ཚིག་སོགས་ནམ་ཡང་མི་སྨྲ་བ་ནི། གནའ་དེང་གཉིས་སུ་ཀུན་ལ་མཐུན་སྣང་དུ་གྲུབ་པ་འདི་བཞིན་ལགས། ངག་དབང་བསྟན་པའི་རྒྱལ་མཚན་དྲུང་ནས་བསྙེན་པར་རྫོགས་རྗེས་རང་ཡུལ་དུ་ཕེབས། རང་དགོན་དུ་ཁ་དོག་ནས་མཛོད་ཀྱི་བར་དཔེ་ཁྲིད་གནང་། གྲྭ་ཚང་རིན་པོ་ཆེའི་དགེ་སྐོས་གནང་སྐབས་སུ་མང་ཚོགས་ཀྱིས། ཕྱར་བ་གྲུ་འདེགས་ཟེར་བའི་དཔེ་ལྟར། སྒྲིགས་ལམ་ལ་ཐུགས་རང་ཁུར་བཞེས་པའི་དབང་གིས་ལོ་གཉིས་རིང་ལན་ཅིག་ལ་ཚ་བུ་ཞིག་གི་གདོང་ལ་ཕྱག་ལྕག་ཅུང་ཙམ་བཞུས་པ་ཞིག་ལས་གཞན་རྡུང་འཚོག་གཏོང་བ་ཞིག་མཐོང་མ་མྱོང་བའི་ཚོད་དུ་གདའ། གཞན་ཡང་། དགེ་སྐོས་གནང་སྐབས་སུ་གྲལ་མཐའ་ནས་བསྐོར་བ་ཕེབས་དུས་གྲལ་འགོ་ནས་དགེ་འདུན་པ་ལ་སྣང་བ་མཐོ་མདོག་གིས་བལྟ་ན་དགེ་འདུན་པ་ལ་མཐོང་ཆུང་དང་མ་གུས་པར་འགྱུར་ཚུལ་དང་། མཁན་པོ་གནང་སྐབས་སུ། སྔོན་ལ་འཁྲིད་བྱའི་གཞུང་ལྟ་ཀློག་མི་བྱེད་པར་བཀའ་ཆོས་གནང་ན་དགེ་འདུན་པ་ལ་མཐོང་ཆུང་དུ་འགྱུར་ཚུལ་སོགས་ཞར་ཞོར་དུ་ཞལ་གདམས་ཟབ་མོ་མང་དུ་གནང་། གླེང་བསྲེའི་མཚན་བཏགས་བཞེས་ནས་ལུ་གུ་དགོན་དུ་དེ་ཀའི་ཡུལ་དགོན་གཉིས་ཀྱིས་གདན་ཞུས་ལྟར་ཕེབས་ནས་དོན་གཉེར་བ་རྣམས་ལ་འཆད་ཁྲིད་དང༌། ནང་ཆོས་ངོ་སྤྲོད་མཛད་པ་སོགས་ཀྱི་སྒོ་ནས་ཆོས་ཕྱོགས་ཀྱི་རེ་འདུན་ཇི་བཞིན་བསྐངས་ཏེ་ལོ་ཤས་བར་དུ་བཞུགས་འཇགས་བསྐྱངས། ཙེ་ངོས་གྲོང་ཚོ་སོགས་ཀྱི་སྨྱུང་གནས་དབུ་བཞུགས་ལ་ཕེབས་ཏེ་ཆོས་ཆར་ཕབ། ཁྱིམ་པ་རྣམས་སྡོམ་པ་ལ་བཀོད། ༸དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དཔལ་གཞན་ཕན་གྱིས་དགོན་འདིའི་བཤེས་གཉེན་དམ་པ་དུ་མའི་ཁྲོད་ནས་ཡོངས་འཛིན་པདྨ་དབང་རྒྱལ་དང་དམ་པ་འདི་གཉིས་སུས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་གནང་ཡང་ཁྱད་མེད་པ་ལྟ་བུར་སྣང་ཞེས་གསུངས། སྐལ་ལྡན་བགྲང་ལས་འདས་པར་དགེ་ཚུལ་སློང་གི་སྡོམ་པ་འབོགས། ཡུལ་འདིའི་སེར་སྐྱ་རྣམས་ལ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་གནང་ནས་སྐལ་བ་དང་ལྡན་པ་རྣམས་སྨིན་པར་མཛད། མཐར་དགུང་ལོ་དགུ་བཅུ་པ་ཆུ་སྦྲུལ་ཟླ་ ༩ ཚེས་ ༡༠ སྤྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༢ ཉིན་དགོངས་པ་གཞན་དོན་དུ་གཤེགས། གདུང་ཞུགས་སྐབས་ཐུགས་མ་འཚིགས་པར་ཕྱི་རབས་ཀྱི་གདུལ་བྱའི་དད་རྟེན་དུ་བཞུགས།

སྨྲས་པ།

ཐུགས་རྒྱུད་ཉེས་པའི་རྩུབ་རེག་དང་བྲལ་ཞིང༌། །

ལེགས་བྱས་ཅི་བགྱིས་བྱང་གྲོལ་ཁོ་ནའི་རྒྱུ། །

རྒྱལ་གསུང་གནད་མཁྱེན་ཉམས་ལེན་གཅིག་ཏུ་སྒྲིལ། །

དམ་པ་འདི་ལ་སུས་ཀྱང་དཔེར་མི་འོས། །

ཞེས་སོ།།

༈ མཁན་རབས་རེ་བདུན་པ་ཚེ་རིང་ཆོས་འཕེལ་ནི། རབ་བྱུང་བཅུ་དྲུག་པའི་མེ་ཡོས་ ༡༩༢༧ ལོར་འབུམ་མདོར་འཁྲུངས། རབ་ཏུ་བྱུང༌ནས་འདིར་ཆོས་ཞུགས་མཛད། ཆོས་སྤྱོད་སྐོར་དང་། བསྐང་གསོ་ཞལ་ཚང་། གསང་བདེ་འཇིགས་གསུམ་ཀུན་རིག་དང་བཅས་པ་དགོན་འདིའི་ཆོ་ག་མཐའ་དག་ལ་བྱང་ཆུབ་པ་ཞིག་ཡིན། སྔགས་པ་དབུ་མཛད་དང་། གྲྭ་ཚང་དབུ་མཛད། ཚོགས་ཆེན་དབུ་མཛད་བཅས་དབུ་མཛད་གསུམ་གའི་འགན་རིམ་བཞིན་བཞེས། སྤྱི་སྒེར་གྱི་འདོན་ཆོག་སྐོར་གྱི་དབྱངས་རྟ་དང༌། འབུད་བརྡུང་དཀྲོལ་གསུམ་སོགས་དགོན་འདིའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཇི་སྙེད་ཅིག་ཡོད་པ་མི་རབས་རྗེས་མ་རྣམས་ལ་བརྒྱུད་པའི་བཀའ་དྲིན་སྐྱོང་མཁན་ཞིག་ཡིན། གླེང་བསྲེའི་མཚན་བཏགས་བཞེས། ལུ་གུ་དགོན་གྱིས་བླ་ཚབ་ཏུ་གདན་ཞུས་ལྟར་ཕེབས། སྤྱི་ལོ་ ༡༩༩༢ ལོར་དགོན་འདིའི་མཁན་ཁྲིར་ཕེབས། དགུང་ལོ་དོན་བརྒྱད་པ་ཤིང་སྤྲེལ་ ༢༠༠༤ བོད་ཟླ་ ༥ ཚེས་ ༢༩ ལ་གཤེགས།

སྨྲས་པ།

སྔོན་བཏབ་སྨོན་ལམ་ཆུ་ལུད་དང༌། །

སྔོན་བསགས་ལས་ཀྱི་ས་བོན་ལས། །

སྔོན་བྱོན་མཁན་རབས་ཁྲི་ལ་དབང༌། །

སྔོན་གྱི་དམ་པའི་རིང་ལུགས་བསྐྱངས། །ཞེས་སོ།། །།

༈ མཁན་རབས་རེ་བརྒྱད་པ་དངོས་དགའ་ནི། རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ ༡༩༢༩ ལོར་མཁར་སྲུང་གྲོང་དུ་འཁྲུངས། ཆོས་ཞུགས་ཐོག་རབ་བྱུང་བསྒྲུབས། ཆོས་སྤྱོད་ཁག་དང་སྔགས་ཕྱོགས་ཀྱི་ཆོ་ག་མང་པོ་ཐུགས་འཛིན་གནང་། དབྱངས་དཔོན་གྱི་འགན་བཞེས་སྐབས་དབྱངས་འཐེན་པ་ལ་གསུང་དབྱངས་བཟང་པོ་འགྲན་ཟླ་དང་བྲལ་བ་ཞིག་ཏུ་གྱུར། ལྷག་པར་དུ་ཁོང་ནི་དུས་འགྱུར་གྱི་གོང་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལས་གཙོ་བོར་བརྒྱུད་པའི་མགོན་ཆོས་དང༌། ལྷ་བེག་རྣམ་གསུམ་ཀྱི་དབྱངས་སོགས་ལ་བྱང་ཆུབ་པ་ཞིག་ཡིན་སྟབས་དུས་འགྱུར་གྱི་རྗེས་སུའང་དེའི་བརྒྱུད་པ་སྤེལ་བ་ལ་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་ཀུན་ལ་གྲགས། གྲྭ་ཚང་ཆེན་མོའི་དབུ་མཛད་ཀྱི་ཐུགས་འགན་བཞེས་ཏེ་སྒྲིགས་གཞི་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་ཡོད། ཚོགས་ཆེན་ཞལ་ངོ་རྒན་པའི་ཐུགས་འགན་བཞེས་ཏེ་སྒྲིགས་ལམ་སྐོར་ལ་ལྟ་རྟོག་ནན་མོ་མཛད། སྤྱི་ལོ་ ༡༩༩༣ ལོར་མཁན་ཁྲིར་ཕེབས། བྱི་རི་མདའ་དང་། ཞབས་རྡོ་གྲོང་ཚོ་གཉིས་ཀྱི་བླ་མར་ཕེབས་ཏེ་འདི་ཕྱིའི་ལམ་སྟོན་གང་ཟབ་གནང་།

སྨྲས་པ།

དམ་པ་རེ་ཡིས་མཛད་རྗེས་རེ། །

ཤུལ་བཞག་མེད་པ་མི་སྲིད་པས། །

འདི་ཡང་མཁས་པའི་མཛད་རྗེས་གྲས། །

གླེང་མི་ཆོག་པའི་རྒྱུ་མཚན་ཅི། །ཞེས་སོ།། །།

༈ མཁན་རབས་རེ་དགུ་པ་བློ་དགའ་ནི། རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ ༡༩༢༩ ལོར་ཙེ་ར་ཁང་རྒྱབ་ཚང་དུ་འཁྲུངས། དགོན་འདིའི་ཆོས་སྒོར་ཞུགས་ཏེ་མཁན་ཟུར་བསོད་ནམས་ཆོས་འཕེལ་གྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་བློ་བཟང་ཕུན་ཚོགས་སམ་དགེ་རྒན་ལམ་བསྟན་གྱི་དྲུང་ནས་སློབ་གཉེར་དང་གདམས་ངག་རྣམས་ཞུས་ཏེ་ཐུགས་རྒྱུད་ཆོས་ལ་ཕྱོགས། དགུང་ལོ་བཅུ་བདུན་ཙམ་ལ་དབུས་སུ་ཕེབས། འཁྲུངས་སར་རིན་པོ་ཆེའི་དྲུང་ནས་བསྙེན་པར་རྫོགས། ཚོགས་ཆེན་ཞལ་ངོ་གཞོན་པའི་ཐུགས་འགན་བཞེས་རིང་འདུ་ཁང་སླར་གསོའི་ཆེད་དུ་སྙི་ཁོག་ལ་དངོས་སུ་ཕེབས་ཏེ་སྐུ་ངལ་ལ་མ་འཛེམས་པར་ཤིང་གང་བཟང་ནས་འདེམ་གསེད་ཀྱིས་དབོར་འདྲེན་གནང་བ་སོགས་ཀྱིས་སྐུ་ངལ་ཚད་མེད་བསྐྱོན། གླིང་བསྲེའི་མཚན་བཏགས་བཞེས། ཙེ་ར་གྲོང་ཚོའི་བླ་མར་ཕེབས་ཏེ་བསྙེན་གནས་དང་གསོ་སྦྱོང་གི་སྡོམ་པ་འབོགས་པར་མཛད། སྤྱི་སྒེར་གྱི་བར་ཆད་རྐྱེན་ངན་བཟློག་པའི་རིམ་གྲོའི་ཆེད་དུ་འཚོ་བ་ལེགས་ཉེས་ཅི་འདྲ་ཞིག་གི་གམ་དུའང་ཕེབས་བཞུད་གནང་སྟེ་གསང་སྔགས་ཀྱི་ཟབ་ལམ་ལ་བརྟེན་ནས་མནན་བསྲེགས་འཕངས་གསུམ་དང༌། ཚེ་གཡང་སྒྲུབ་པ་སོགས་གཏོ་བཅོས་ཀྱི་ལས་གང་སྒྲུབ་པ་ལའང་དབུ་བཞུགས་གནང་ནས་སྤྱི་སྒེར་ཀུན་ལ་བཀའ་དྲིན་ཆེན་པོར་མཛད། བོད་དུ་དུས་འགྱུར་ཆེན་པོའི་འོག་ནས་སྟོང་འཁོར་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་འཛུགས་གནང་བའི་དྲུག་ཅུ་ལྕགས་མཁར་བསྐྱར་འཛུགས་སྐབས་སུ་རྒན་རབས་པ་ལས་གར་འཆམ་ཁྲིད་དེ་ནོར་འཆུག་མེད་པའི་ཐོག་ནས་གཞན་ལ་སྤེལ་མཁན་གྱི་གྲས་ཤིག་ཡིན། སྤྱི་ལོ་ ༡༩༩༤ ལོར་མཁན་ཁྲིར་ཕེབས། གཤིན་པོ་འགའ་རེ་ལ་འཕོ་བ་བཏབ་སྟེ་སྐྲ་རྟགས་འཕངས་པས་མཚན་སྙན་ཆེ་བ་བྱུང་། རྗེས་སུ་དྲུག་ཅུ་ལྕགས་མཁར་ཆེན་མོའི་དབུ་བཞུགས་ལོ་འགར་ཕེབས་ཏེ་རིམ་གཉིས་ཀྱི་འཆད་ཁྲིད་བསྐྱངས། དགུང་ལོ་བརྒྱད་ཅུ་པ་སྤྱི་ལོ་ ༢༠༠༨ བོད་ཟླ་གསུམ་པའི་ཟླ་མཇུག་ཙམ་ལ་གཤེགས།

སྨྲས་པ།

ཉམ་ཐག་དག་ལ་སྙིང་རྗེ་དང༌། །

མཆོག་ལ་བྱམས་སེམས་ལྡན་པ་ཡིས། །

ཐུགས་རྗེ་ཀུན་ལ་སྙོམས་པར་བྱས། །

དུས་མཐའ་འདི་རུ་དེ་འདྲ་དཀོན། །ཞེས་སོ།། །།

༈ མཁན་རབས་བདུན་ཅུ་པ་བསོད་ནམས་མཐར་ཕྱིན་ནི། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ ༡༩༣༠ ལོར་ཉ་ཁྲི་གྲོང་དུ་སྐུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང༌། བཤེས་གཉེན་ཆེན་པོ་བློ་བཟང་ཕུན་ཚོགས་སམ་དགེ་རྒན་ལམ་བསྟན་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན། འདུལ་བའི་བསླབ་བྱ་དང༌། བྱང་ཆུབ་ལམ་རིམ་སོགས་གདམས་ངག་རྣམས་ཞུས་ཏེ་ངེས་པ་དོན་གྱི་ཉམས་ལེན་པ་ཞིག་ཏུ་གྱུར། ཉ་ཁྲིར་དབེན་གནས་ཚུལ་མཐུན་བཏབ། དེར་བྲག་དཀར་རྡོ་རྗེ་འཆང་གི་ལམ་ཁྲིད་ཐོག་ནས་ཉམས་བཞེས་གཙོ་བོར་གནང༌། ཕྱི་དྲོའི་ཁ་ཟས་ཡན་ཆད་ཀྱི་ལྟུང་བ་ཕྲ་མོས་ཀྱང་མ་གོས་པར་མཛད་དེ་འདུལ་འཛིན་གྱི་ཁྱུ་མཆོག་ཅིག་ཏུ་གྱུར། གྲྭ་ཚང་དགེ་སྐོས་ལ་འཁོད། སྒྲིགས་ཁྲིམས་ལ་དོ་དམ་མཛད། གླིང་བསྲེའི་མཚན་བཏགས་བཞེས། སྤྱི་ལོ་ ༡༩༩༦ ལོར་མཁན་ཁྲིར་ཕེབས། དགོན་སྤྱི་ནས་བསྐུལ་ཞུས་ལྟར། གྲྭ་མང་ལ་བྲག་དཀར་ལམ་རིམ་གྱི་ལྗགས་ལུང་བསྩལ། ཡུལ་འདིའི་གྲོང་སྡེ་སོ་སོར་མ་ཎིའི་བཟླས་ལུང་དང༌། གསོ་སྦྱོང་གི་སྡོམ་པ་འབོགས་པ་དང༌། སྨྱུང་གནས་ཚོགས་པ་སོགས་ལ་ཕེབས་ནས་ལས་རྒྱུ་འབྲས་ལས་བརྩམས་ཏེ་བཀའ་སློབ་ཟབ་མོས་སྐྱེ་བོ་མང་པོ་ཆོས་ལ་བཀོད། གཤིན་གསོན་གྱི་དད་རྫས་རྣམས་དོན་མེད་དུ་མི་གཏོང་བར་དགེ་འདུན་གྱི་ཞིང་ས་ལ་འགྲོ་ངེས་མཛད། དེ་ཡང་ལོ་རེའི་དད་རྫས་རྣམས་ཀྱིས་ལོ་རེ་ལ་ཚོགས་ཆེན་གྱི་ཡོན་སྦྱོར་བྱས་ནས་གསོལ་མར་དང་སྐུ་ཡོན་ཐད་ལ་གྱ་ནོམ་པའི་འགྲོ་གྲོན་བཏང་བའི་སྲོལ་ལྟ་བུ་ཆགས་སོ། །མཐར་དགུང་གྲངས་དོན་བརྒྱད་པ་མེ་ཕག་ ༢༠༠༧ ལོར་སྐུ་གཤེགས།

སྨྲས་པ།

འཛད་མེད་ལེགས་བྱས་གསོག་པའི་ཐབས། །

རྟག་ཏུ་ཞིང་མཆོག་མཆོད་བརྩོན་དང༌། །

ཡུན་རིང་དབེན་པ་བསྟེན་པ་ནི། །

རྒྱལ་བའི་མྱུ་གུའི་སྨོན་ལམ་གཙོ། །ཞེས་སོ།། །།

༈ མཁན་རབས་དོན་གཅིག་པ་སྐལ་བཟང་མཐར་ཕྱིན་ནི། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ ༡༩༣༢ ལོར་ཙེ་ངོས་གྲོང་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་དགོན་འདིར་ཆོས་ཞུགས་ཐོག་སྐུ་ངལ་གྱི་འོ་བརྒྱལ་ཚད་མེད་ངང་ནས་ཆོས་གྲྭ་འགྲིམ་པ་དང་ཆབས་ཅིག་ཐོས་བསམ་སློབ་གཉེར་མཛད། དེ་ཡང་ཉིན་ཤས་བར་རྩམ་པ་ཙམ་ཡང་ཟ་རྒྱུ་མེད་ནས་སྡོད་དགོས་པ་བྱུང་མྱོང་ཡོད་ལ། དེའི་ཚེ་མཆིག་ནང་དུ་ཡོས་སློང་བར་ཕེབས་ནས་ཡོས་ཙམ་གྱིས་ལྟོ་བ་རྒྱགས་དགོས་པ་ཡིན་གསུངས། ད་ལྟར་འོ་སྐོལ་རྣམས་ལ་མཐུན་རྐྱེན་གྱ་ནོམ་པ་བྱུང་བའི་སྐབས་འདིར་རྣམ་གཡེང་ངང་དུ་མི་ཚེའི་གོ་སྐལ་བཟང་པོ་འདི་ཆུད་ཟོས་དུ་མི་གཏོང་བར་ལྷག་པར་དུ་སློབ་སྦྱོང་དང༌། ཉམས་ལེན་ལ་རྟག་ཏུ་གཞོལ་དགོས་པར་འདུག་སྙམ། ཁོང་ལ་བུ་སློབ་ཀྱང་མང་དུ་བྱུང༌། དགོན་འདིར་མཁས་པའི་གྲགས་པ་རྒྱས། ཤར་ཕྱོགས་སུ་ཕེབས་ཏེ་ལོ་ཤས་རིང་བཞུགས་འཇགས་བསྐྱངས་ནས་དོན་གཉེར་བ་རྣམས་ལ་འཆད་ཁྲིད་ཀྱིས་བཀའ་དྲིན་བསྩལ་ཡོད། གྲྭ་ཚང་གི་དགེ་སྐོས་འགན་བཞེས་ཚེ་སྒྲིགས་ཁྲིམས་སྐོར་ལ་ལྟ་རྟོག་ཤུགས་ཆེན་གནང་ནས་སྒྲིགས་ཁྲིམས་སྔར་ལས་ཡར་རྒྱས་སུ་བཏང༌། སྤྱི་ལོ་ ༡༩༩༨ ལོར་མཁན་ཁྲིར་ཕེབས། དགོན་འདིར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་བའི་བཀའ་དྲིན་བསྐྱངས་སྐབས་སུ་ཧོར་སྟོང་འཁོར་གཉིས་ཀྱི་སྐྱ་སེར་འདུ་འཛོམས་རྒྱ་ཆེར་བྱུང་བ་ལ། སྔོན་འགྲོར་ཆོས་ཀྱི་ངོ་སྤྲོད་གནད་སྨིན་དང་བཅས་བཅོམ་ལྡན་འདས་དཔལ་འཇིགས་མཛད་རྡོ་རྗེའི་དབང་བཞི་ཡོངས་སུ་རྫོགས་པར་བསྩལ་བའི་སྒོ་ནས་ཐར་པའི་ས་བོན་བཞག་པར་མཛད། རྗེའི་ཉམས་མགུར་ལས། དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ནས་རྒྱུད་སྡེ་རྒྱ་མཚོ་ཆེར། །ཞུགས་ནས་ཡོངས་རྫོགས་མན་ངག་བསྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གང་གསུངས་པ་ལྟར། རྒྱུན་དུ་ཐོ་རངས་ནས་ཡར་བཞེངས་ཏེ། དཔལ་འཁོར་ལོ་སྡོམ་པའི་བདག་བསྐྱེད་རྫོགས་པར་སྒོམ། བསྐྱེད་རིམ་གྱི་གཙོ་བོ་སྐུ་གསུམ་ལམ་འཁྱེར་སོགས་རིམ་གཉིས་ཀྱི་ལམ་ལ་རྟག་ཏུ་གཞོལ། མོ་ལུང་གནང་བ་ཀུན་ལ་བསླུ་མེད་དུ་གྲགས་པས། སྤྱི་སྒེར་ཐམས་ཅད་ནས་གང་གསུངས་ལ་ཆ་འཇོག་བྱེད་ས་གཙོ་བོ་ཞིག་ཏུ་གྱུར། རང་གི་འཚོ་བའི་ཐད་ལ་ངན་ངོན་ཙམ་གྱིས་ཆོག་ཤེས་བསྟེན་ནས་ཕྱག་རྫས་གང་ཡོད་ཀྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང༌། སྟོང་འཁོར་གསེར་ཁང་དུ་རྗེ་ཡབ་སྲས་གསུམ་གཙོ་བོར་བཞུགས་པའི་རྗེ་སྟོང་སྐུ་དང་བཅས་པ་ལེགས་བཞེངས་དང༌། དགེ་འདུན་རྣམས་ལ་སྔ་ཕྱི་བར་དུ་སྐུ་འགྱེད་སོགས། མདོར་ན་དད་རྫས་རྣམས་དོན་མེད་ཆུད་ཟོས་སུ་ནམ་ཡང་མི་གཏོང་བར། ཞིང་ས་ཁྱད་པར་ཅན་ལ་འགྲོ་གྲོན་འབོར་ཆེན་གཏོང་གནང་མཛད་དེ་བཀའ་གདམས་གོང་མའི་རྣམ་ཐར་ལ་འགྲན་བཟོད་པར་མཛད་བཞིན་དགུང་གྲངས་གྱ་གཉིས་པ་སྤྱི་ལོ་ ༢༠༡༣ ལོར་གཤེགས།

སྨྲས་པ།

སངས་རྒྱས་ལས་ལྷག་བཤེས་གཉེན་འདིས། །

གང་དག་ལྔ་བརྒྱའི་དུས་ངན་མཐར། །

རྗེས་འཛིན་བཀའ་བསྩལ་ལེགས་བྱུང་བ། །

རིང་ནས་བསྐྲུན་པའི་དགེ་ལས་སོ། །ཞེས་སོ།། །།

༈ མཁན་རབས་དོན་གཉིས་པ་བློ་བཟང་དཀོན་མཆོག་གམ་རྡོ་རྗེ་ཆོས་དབྱངས་ནི། བོད་རབ་བྱུང་བཅུ་པའི་ཆུ་བྱ་ ༡༩༣༣ ལོར་མཁར་སྲུང་དུ་སྐུ་བལྟམས། བཟང་པོའི་བག་ཆགས་སད་དེ་ཆོས་སྒོར་ཞུགས། ངེས་འབྱུང་རྣམ་དག་གིས་ཐུགས་རྒྱུད་བསྐུལ་ནས་རབ་ཏུ་བྱུང་། དགའ་ལྡན་ཁྲི་ཐོག་གོ་ལྔ་པ་ཡེ་ཤེས་རྒྱ་མཚོའམ་མི་ཉག་སྟོང་འདུས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགེ་སྟག་སྤྲུལ་སྐུའི་ཡོངས་འཛིན་ཉིད་ཀྱི་ཨ་ཞང་བློ་བཟང་འཇམ་དཔལ་དང༌། ཞབས་དྲུང་ཡོངས་འཛིན་བློ་བཟང་ཕུན་ཚོགས་སམ་ལམ་བསྟན་སོགས་སྤྱི་བོའི་གཙུག་ཏུ་བཀུར་ནས་བཤེས་གཉེན་དེ་དག་ལས་ཐོས་བསམ་མཛད། ལྷག་པར་མཁན་པོ་ལེགས་བཤད་རྒྱ་མཚོའི་ཞབས་པད་ལ་གཏུགས་ཏེ་ཞྭ་དམར་ལམ་རིམ་གྱི་ཉམས་ཁྲིད་ཞུས། དེའི་སྐབས་ས་ཕུག་ཞིག་ཏུ་ཟས་སྟན་གཅིག་པའི་ཉམས་བཞེས་དང་། འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་སོགས་སྐུ་ངལ་ཚད་མེད་བསྟེན། མ་ཟད་ཁོང་ནི་སྙིང་སྟོབས་ཆེན་པོ་ཞིག་ཡིན་སྟབས་ཆོས་ཕྱོགས་ལ་དཀའ་སྤྱད་དང་སྡུག་རུས་ཚ་པོ་བསྟེན་མཁན་ཞིག་ཡིན། དེ་ཡང་སྐུ་བསྭོ་ཐོག་གནས་སུ་སྒྲིབ་སྦྱོང་ལ་ཕེབས་སྐབས་དགུན་དུས་ཤིན་ཏུ་གྲང་བའི་སྐབས་སུ་ཞབས་རྗེན་གྱིས་གནས་བསྐོར་ཏེ་བརྐྱངས་ཕྱག་འཚལ་བ་སོགས་ཀྱི་ལོ་རྒྱུས་ཡོད། གྲྭ་ཚང་དགེ་སྐོས་གནང་སྐབས་སྒྲིགས་ཁྲིམས་ལ་དོ་དམ་ཆེན་པོ་མཛད། ཞབས་དྲུང་རིན་པོ་ཆེ་འཕགས་ཡུལ་དུ་ཆིབས་ཞལ་མ་བསྒྱུར་གྱི་བར་དུ་གསོལ་དཔོན་ལ་ཡུན་རིང་ཙམ་བཞུགས། གླིང་བསྲེའི་མཚན་བཏགས་བཞེས་ནས་མཁན་པོར་ཕེབས། ཕྱག་རྫས་གང་ཡོད་༸གོང་ས་༸ཐམས་ཅད་མཁྱེན་པ་དང༌། ༸ཞབས་དྲུང་རིན་པོ་ཆེ་དང༌། དགེ་འདུན་མང་ཚོགས་ཀྱི་ཞིང་ས་ལ་སྔ་ཕྱི་བར་དུ་གཏོང་གནང་མཛད་དེ་དཀར་པོ་ས་བོན་གྱི་སྟོབས་ལ་ཉམས་བཞེས་གཙིགས་སུ་འཛིན། སྤྱི་ལོ་ ༢༠༠༠ ལོར་མཁན་ཁྲིར་ཕེབས། མཁན་ཁྲི་ལོ་ངོ་གཉིས་བསྐྱངས་རྗེས་བླ་མ་ལམ་བསྟན་གྱི་རི་ཁྲོད་ཤུལ་དུ་དབེན་གནས་ཚུལ་མཐུན་ཞིག་བསྐྱར་བཏབ་གནང་སྟེ། དེར་མི་ལོ་ཧྲིལ་པོ་ལྔ་ཙམ་ལ་བཞུགས་ནས་སྐུ་ཚེ་དང་སྒྲུབ་པ་མཉམ་པར་མཛད། ཐ་མར་དགུང་གྲངས་དོན་ལྔ་པ་མེ་ཁྱི་བོད་ཟླ་ ༡༡ ཚེས་ ༢༩ སྤྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༡༨ ཉིན་སྙུན་གཞི་ཅུང་ཙམ་བཞེས་ནས་ཡོད་སྐབས་དགོང་མོ་ཉི་ནུབ་ཙམ་གྱི་ཚེ་བླ་མ་རིན་པོ་ཆེ་ནས་རི་ཁྲོད་དུ་ཡར་བསུ་མི་ཞིག་མངགས་པས་ཕྲན་རང་དགོན་པར་ཡོད་པ་ལ་བློ་འཚབ་འཚུབ་ངང་རི་ཁྲོད་དུ་ཡར་སོང་སྐབས། ན་ཚ་སོགས་ཆེར་མེད་པར། སྐུ་ཙོག་པུར་བཞུགས་ནས་གསུང་གླེང་གནང་བ་ལ། ཁོ་བོ་གཟུགས་གཞི་མི་བདེ་བས་ད་ནི་འཆི་ལ་ཐུག་པ་འདྲ་གསུངས། ང་ཡིས་དེ་འདྲ་གཏན་ནས་གསུང་མི་རིགས་ཚུལ་སོགས་ཞུས་ཀྱང༌། འཕྲོ་མཐུད་ནས་གསུངས་པ་ལ། གནའ་བོའི་ལོ་རྒྱུས་ཞིག་ལ་ཞིང་མཆོག་དམ་པའི་འགོ་ལ་ཆོས་གོས་སྦྱོར་རན་ཟེར་བའི་དཔེ་ལྟར་མིན་ན་ཞེས་རྩེད་མཚར་དང་བཅས་གསུངས་ཤིང་། ད་ནི་འཆི་ཡང་རི་ཁྲོད་དུ་སྒོམ་ཉམས་ལེན་ཡང་མི་དམན་པ་ཙམ་དུ་མཆིས། དེ་ཡང་ཞྭ་དམར་པཎྜི་ཏ་ནོ་མོན་ཧན་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ལམ་རིམ་དབུ་ནས་མཇུག་བར་ཆ་ཚང་ཉིན་ལྟར་ཆུ་ཚོད་དགུ་དང་བཅུ་ཙམ་རེ་འགོར་བར་ཉམས་ལེན་བྱས་ཏེ་རི་ཁྲོད་འགྲིམས་ནས་མི་ལོ་ཧྲིལ་པོ་ལོ་ལྔ་ཙམ་སོང་ཡོད་ཅེས་བཤད་ན་ཆེ་མི་དྲགས་པ་ཡིན་གསུངས། དེ་ནས་ཞལ་ཆེམས་སུ། འདིར་ལ་མཐོ་བ་སོགས་ཀྱིས་བླ་མ་རྣམས་འོ་བརྒྱལ་ཆེ་བས་བླ་མ་གཅིག་ཙམ་ལས་དྲང་མི་དགོས། དེ་ནས་ཁྱོད་འདིར་ཞག་གསུམ་ཙམ་བསྡད་ནས་ཉིན་རེར་འདི་ཚར་རེ་འདོན་གསུངས་ཏེ་བདེ་སྨོན་སྔོན་མཇལ་མ་མྱོང་བ་ཞིག་ཤོ་ཀ་ལི་ནས་ཕུད་དེ། ང་ལའང་འདི་དགེ་རྒན་གྱིས་བསྩལ་བ་ཡིན་གསུངས་ནས་གནང་བྱུང་བ་དང༌། མ་ཟད་ཕྱག་དཔེ་སོགས་གཞན་ལས་གཡར་ཡོད་པ་རྣམས་འདི་དང་འདི་ལ་ཕྱིར་སྤྲད་དགོས་ཚུལ་དང༌། ཕྱག་རྫས་ཉུང་ངུ་ཡོད་པ་རྣམས་འདི་དང་འདི་གྱིས་ཤིག་ཅེས་རྗེས་ཀྱི་བྱ་གཞག་ཐད་ལ་ལྗགས་བཀོད་ཐོགས་པར་མེད་པ་གནང་སོང་བས། ཕྲན་བདག་ཅི་བྱ་གཏོལ་མེད་གྱུར་ནས་དེ་ནུབ་དགོན་པར་ཕྱིར་ལོག དེའི་ཕྱི་ཉིན་གནམ་གང་གི་སྔ་མོ་ལ་སློབ་བུ་ཞིག་སྐུའི་གམ་དུ་བཅར་སྐབས་སུ། ལམ་དུ་ཨེ་དཀའ་དྲིས་པ་སོགས་གསུང་སྒྲོས་གནང་བྱུང་ཟེར། དེ་ནས་རི་ཁྲོད་ལ་ཉི་ཟེར་ཕོག་པ་དང་མཉམ་དུ་ཞི་བར་གཤེགས། དེའི་སྐབས་སུ་ཐུགས་དམ་ལ་བཞུགས་པ་ཨེ་ཡིན་སྙམ། ཤངས་བུག་ནས་ཇ་ནག་ཁུ་ལྟ་བུ་འབབ་བཞིན་འདུག་པ་དེ་ཐུགས་དམ་ལས་གྲོལ་བའི་རྟགས་སུ་གསུང་མཁན་འདུག་ཀྱང་། རང་ལ་ཉམས་མྱོང་མེད་སྟབས་གང་ཡིན་ཆ་མ་མཆིས་པས་འབྲི་བར་མ་སྤོབས་སོ།།

འདིའི་སྐོར་ལ་ཞིབ་ཆ་ཅུང་ཐོན་པ་ནི། གཅིག་ནས་རང་ལ་རྒྱུས་ཡོད་པ་དང༌། གཉིས་ནས་རྣམ་ཐར་གྱི་གནད་འགག་ཅིག་འདུག་པས་མ་གཏོགས་རང་གི་ཞང་པོ་ལ་ཟོལ་བསྟོད་ལྟ་བུ་མ་ཡིན་ནོ། །གྲོགས་དག་སྟོང་འཁོར་གྲྭ་ཚང་གི་མཁན་ཁྲིའི་སྟེང་དུ་བྱོན་པའི་སྐྱེས་བུ་དམ་པ་རྣམས་ནི་བསམ་གྱིས་མི་ཁྱབ་པའི་འདུལ་འཛིན་མཁས་གྲུབ་གཉིས་ལྡན་ཤ་སྟག་ཡིན་པས་རང་བློས་གང་ལྕོགས་ཀྱིས་རིམ་བྱོན་གྱི་རྣམ་ཐར་འགོད་ཅི་ཐུབ་གང་ཐུབ་ལས་ཆགས་སྡང་གི་བསམ་པས་ནི་མ་ཡིན་ནོ། །

སྨྲས་པ།

གང་གི་སྙིང་སྟོབས་གོ་ཆ་བརྟན་པོ་ཡིས། །

དམ་ཆོས་བདུད་རྩིའི་སྐལ་བ་མཆོག་ཐོབ་ཆེད། །

བཟོད་དཀའི་ངལ་བ་བརྒྱ་ཡི་གཡུལ་ལས་རྒྱལ། །

ཀུན་ཀྱང་འདི་འདྲའི་ལས་ལ་ཡིད་སྨོན་མཛད། །ཅེས་སོ། །

༈ མཁན་རབས་དོན་གསུམ་པ་བློ་བཟང་ཐོགས་མེད་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ ༡༩༣༡ ལོར་གསུམ་རིས་གྲོང་དུ་འཁྲུངས། དགོན་འདིར་ཆོས་ཞུགས་མཛད་རྗེས་དབུས་སུ་བྱོན། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་འཛུལ་ཞུགས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་ལ་ཉམས་བཞེས་མཛད། དཀྱིལ་འཁོར་བྲི་བ་དང༌། སྔགས་དང་ཕྱག་རྒྱའི་དོན་འཆད་པ་སོགས་སྔགས་ཀྱི་དེ་ཉིད་བཅུ་ཟུང་ལ་བྱང་ཆུབ་པར་བསླབས། དེར་སློབ་མའང་མང་དུ་བསྐྱངས། དུས་འགྱུར་གྱི་སྐབས་སུ་རྒྱ་མིས་བཙན་ཁྲིད་ཀྱི་འོག་ནས་ཕ་ཡུལ་དུ་ལོག བསྟན་པ་བསྐྱར་དར་སྐབས་དབུས་ཀྱི་སྨད་རྒྱུད་གྲྭ་ཚང་ནས་མཐོང་བ་བརྒྱུད་པའི་ཕྱག་བཞེས་བསྐྱར་གསོའི་ཆེད་དུ་གདན་ཞུ་ཕུལ་ཡང་མ་ཕེབས་པར། རིམ་བཞིན་དགོན་འདིའི་གྲྭ་ཚང་དང་ཚོགས་ཆེན་གྱི་དགེ་སྐོས་འགན་བཞེས་དང༌། གླིང་བསྲེའི་མཚན་བཏགས་བཞེས་ཏེ་དགུ་གཏོར་དང་། དགོན་གཞུང་གི་ཞབས་བརྟན་སོགས་ཀྱི་དབུ་བཞུགས་མཛད། བསྭོ་ཐོག་མདའ་གྲོང་གི་སྨྱུང་གནས་བླ་མར་ཕེབས་ཏེ་སྡིག་སྤོང་དགེ་སྒྲུབ་ཀྱི་ལམ་སྟོན་གནང་། མཁན་ཁྲིར་ཕེབས་ནས་རིང་པོར་མ་སོང་བ་སྤྱི་ལོ་ ༢༠༠༢ ལོར་གློ་བུར་དུ་སྐུ་གཤེགས་སོ། །

སྨྲས་པ།

སྔོན་གོམས་བཟང་པོ་ཡོངས་སུ་སྨིན། །

མཁས་གྲུབ་དུ་མའི་སྒྲུབ་པའི་གནས། །

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ། །

མྱུར་ལམ་ཟབ་མོའི་བདུད་རྩི་མྱོང༌། །ཞེས་སོ།། །།

༈ མཁན་རབས་དོན་བཞི་པ་མཁས་བཙུན་བཟང་པོ་ནི། རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ ༡༩༣༣ ལོར་འབུམ་མདོ་གྲོང་དུ་འཁྲུངས། འདིར་ཆོས་ཞུགས་མཛད། བཤེས་གཉེན་ཆེན་པོ་བློ་བཟང་ཕུན་ཚོགས་སམ་ལམ་བསྟན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་གདམས་ངག་རྣམས་ཞུས། འབུམ་མདོ་སྡེ་བའི་སྨྱུང་གནས་ལ་ཕེབས་ནས་སྙིགས་དུས་འདིར་ནང་ཆོས་ངོ་སྤྲོད་དང་། ཆེད་དུ་བོད་མིའི་ཡུལ་སྲོལ་གོམས་གཤིས་རྣམས་ཇེ་སྡུག་ལ་འགྲོ་བཞིན་པ་ལ་དགོངས་ནས་སྨྱུང་གནས་སྐབས་ཀྱི་ལས་རོགས་པ་ཡན་ཆད་ལ་བོད་ལྭ་གོན་རྒྱུ་སོགས་ལ་ལྟ་རྟོག་དང་སློབ་གསོ་མཛད། སྔགས་པ་དབུ་མཛད་དང་ཚོགས་ཆེན་དབུ་མཛད་རིམ་བཞིན་མཛད་རྗེས་གླིང་བསྲེའི་མཚན་བཏགས་བཞེས། མཁན་ཁྲིར་ཕེབས་ཏེ་དགོན་སྤྱི་ལ་སྙིང་སྟོབས་ཞུམ་མེད་ཀྱིས་ཐུགས་དགོངས་རྒྱ་ཆེར་བཞེས། དྲུག་ཅུ་ལྕགས་མཁར་ཆེན་མོའི་དབུ་བཞུགས་ཀྱང་མཛད། དགུང་ལོ་དོན་བཞི་པ་མེ་ཕག་ ༢༠༠༧ ལོར་སྐུ་གཤེགས།

༈ མཁན་རབས་དོན་ལྔ་པ་དཀོན་མཆོག་མཐར་ཕྱིན་ནི། ཤིང་ཁྱི་ ༡༩༣༤ ལོར་ཀ་སྐོར་ཚང་དུ་སྐུ་འཁྲུངས། ཆུང་དུས་ནས་བཟང་པོའི་བག་ཆགས་སད་དེ་རབ་ཏུ་བྱུང་། འཁྲུངས་སར་རིན་པོ་ཆེའི་དྲུང་ནས་བསྙེན་པར་རྫོགས། ཁས་ལེན་ལ་དཔའ་བ་ཙམ་མིན་པར་ཕྱི་དྲོའི་ཁ་ཟས་དང༌། གོས་བྱིན་རླབས་ཚུན་ལ་སྲུང་སྡོམ་གནང་སྟེ་སྙིགས་དུས་ཀྱི་འདུལ་འཛིན་ཞིག་ཏུ་གྱུར། དྲུག་ཅུ་ལྕགས་མཁར་གྱི་འཆམ་དཔོན་དང་གཙོར་བཞུགས་ཀྱང་གནང་མྱོང་བས། དགོན་འདིའི་གར་འཆམ་དང་ཕྱག་ལེན་སྐོར་ལ་མངའ་བརྙེས། གཟིག་གདོང༌། མཁར་སྲུང༌། རྦ་མདའ་གྲོང་གསུམ་གྱི་རྩ་བའི་བླ་མར་གྱུར་ཏེ་ལོ་རེའི་སྨྱུང་གནས་དང༌། ཉ་སྟོང་ཚེས་བརྒྱད་སོགས་ལ་སྡོམ་པ་འབོགས་པར་ཕེབས་ཏེ་འདི་ཕྱིའི་ལམ་སྟོན་གང་ཟབ་གནང་ཡོད། ཚོགས་ཆེན་བྱང་འདྲེན་ཆེན་མོ་ལོ་གསུམ་ལ་གནང་། གླིང་བསྲེའི་མཚན་བཏགས་བཞེས་ནས་མཁན་པོར་ཕེབས། དགུ་གཏོར་གྱི་དབུ་བཞུགས་གནང་སྐབས་ཤིག་ལ་གཏོར་མ་ནས་བདུད་རྩི་བབས་པ་ཀུན་གྱིས་ངོ་མཚར་དུ་འཛིན། ལྕགས་སྟག་ ༢༠༡༠ ལོར་སྐུ་ཞི་བར་གཤེགས།

སྨྲས་པ།

དགོན་སྡེ་འདི་ལ་ཕྱག་རྗེས་ཅན། །

སྐལ་ལྡན་རྣམས་ལ་བཀའ་དྲིན་ཅན། །

སློབ་བུ་རྣམས་ལ་བྱིན་རླབས་ཅན། །

གསུམ་ག་འཛོམས་པ་དམ་པ་མཆོག །ཅེས་སོ།། །།

༈ མཁན་རབས་དོན་དྲུག་པ་ཨོ་རྒྱན་ཆོས་འཕེལ་ནི། རབ་བྱུང་བཅུ་དྲུག་པའི་མེ་བྱི་ ༡༩༣༦ ལོར་ལ་མཐོ་གྲོང་དུ་འཁྲུངས། ཆུང་དུས་ནས་མཁན་ཟུར་བྱམས་པ་སྐྱབས་ཀྱི་དྲུང་ནས་རབ་ཏུ་བྱུང་། འབྲི་ཀློག་སོགས་སྦྱངས་པས་གཟབ་ཡིག་སུག་བྲིས་ཤིན་ཏུ་ལེགས། དགེ་བའི་བཤེས་གཉེན་ཆེན་པོ་ཡོངས་འཛིན་ལམ་བསྟན་གྱི་དྲུང་ནས་བསྙེན་པར་རྫོགས། རྗེས་སུ་དགོན་པ་བསྐྱར་བཏབ་སྐབས་དང་པོ་ནས་བཟུང་དགེ་སློང་རྡོ་རྗེ་ཚེ་རིང་ལ་གྲོགས་དན་པ་གནང་སྟེ་མི་ལོ་མང་པོའི་རིང་སྐུ་ངལ་ཆེ་ཙམ་བསྟེན་ཡོད། གསར་བུ་རྣམས་ལ་ཀ་ཁ་ནས་བརྩམས་ཏེ་ཆོས་སྤྱོད་ཁག་བསླབ་པ་དང༌། ཁྱད་པར་འདིར་བློ་འཛིན་སློབ་གྲྭ་འཛུགས་སྐྲུན་བྱས་པའི་དགེ་རྒན་དང་པོའི་གྲས་ཤིག་ཡིན། གླིང་བསྲེའི་མཚན་བཏགས་བཞེས་ཏེ་དགུང་གྲངས་བདུན་ཅུའི་ཐོག་མཁན་ཁྲིར་ཕེབས། མཁན་ཁྲི་ལོ་གཉིས་ལ་བསྐྱངས། ལྕགས་མཁར་གྱི་དབུ་བཞུགས་ཕེབས་ཏེ་བསྐྱེད་རྫོགས་འཆད་ཁྲིད་མཛད་དོ།།

༈ མཁན་རབས་དོན་བདུན་པ་ཚེ་རིང་མཐར་ཕྱིན་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ ༡༩༤༡ ལོར་གླུ་མདའ་གྲོང་དུ་བལྟམས། དགུང་ལོ་བརྒྱད་ཀྱི་ཐོག་ཆོས་སྒོར་ཞུགས་ཏེ་མཁན་ཟུར་བྱམས་པ་སྐྱབས་ཀྱི་མདུན་ནས་རབ་ཏུ་བྱུང་། ཆོས་སྤྱོད་བསྐང་གསོ་དང་། གསང་བདེ་འཇིགས་གསུམ་ལ་སོགས་པའི་སྟོང་འཁོར་དགོན་གྱི་ཐུན་མོང་མ་ཡིན་པའི་ཆོ་གའི་རིགས་ཀུན་ལ་བྱང་ཆུབ་པར་སྦྱངས། དགུང་ལོ་བཅོ་བརྒྱད་ཙམ་ནས་དུས་འགྱུར་བྱུང་བའི་དབང་གིས་ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་མཉམ་ལས་སོགས་ལ་ཞུགས་དགོས་བྱུང་། དགུང་ལོ་བཞི་བཅུ་ཞེ་གཉིས་ཐོག་མཁན་ཟུར་དཀོན་མཆོག་ལྷུན་འགྲུབ་ལས་བསྙེན་རྫོགས་ཞུས་ཏེ་སྤྱི་བོའི་གཙུག་ཏུ་བསྟེན། འདུལ་བའི་བཅས་ཁྲིམས་ཕྲ་རགས་ཀུན་ལག་བསྟར་གནང་མཁན་སྙིགས་དུས་ཀྱི་འདུལ་བ་འཛིན་པ་ཞིག་ཡིན། མ་ཟད་སྒོ་གསུམ་ཞི་ཞིང་དུལ་བ། ཀུན་སྤྱོད་གཙང་ངེ་བ་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱུན་ཞིག་ཏུའང་གྱུར། བསྭོ་ཐོག་མདའ་བའི་སྨྱུང་གནས་བླ་མ་མཛད་དེ་སྐལ་བ་དང་ལྡན་པ་རྣམས་ཆོས་ལ་བཀོད། དབུ་མཛད་གསུམ་ཀའི་འགན་ལེན་རིམ་བཞིན་བཞེས། སྟོང་འཁོར་ཞབས་དྲུང་བཅུ་གཅིག་པའི་གསོལ་དཔོན་གྱི་ཚུལ་དུ་ལོ་ངོ་གཅིག་ཙམ་བཞུགས། འདོན་ཚོགས་སློབ་གྲྭ་གསར་འཛུགས་སྐབས་ཀྱི་དགེ་རྒན་གཙོ་བོའི་གྲས་ཡིན། གླིང་བསྲེའི་མཚན་བཏགས་བཞེས། དགུང་ལོ་དྲུག་ཅུ་རེ་བདུན་ཐོག་མཁན་ཁྲིར་ཕེབས། དེ་དག་གི་སྐབས་སུ་ལྷག་བསམ་ཟོལ་མེད་དང་། དཀའ་ངལ་ཁྱད་གསོད་ཀྱི་སྒོ་ནས་ཞབས་དྲུང་གོང་མ་སྤྱི་དང༌། ཁྱད་པར་དུ་སྐྱབས་མགོན་འཇམ་དཔལ་དགེ་འདུན་རྒྱ་མཚོའི་ཕྱག་སྲོལ་དང་། སྒྲིགས་ཁྲིམས་སྐོར་ལ་མི་ཉམས་རྒྱུན་འཛིན་ཆེད་དུ་བསྟོད་སྨད་དང་དྲག་ཞན་སུའི་ངོ་ལའང་མ་འཛེམ་པར་སྙིང་སྟོབས་ཆེན་པོས་དམ་བསྒྲགས་ཤུགས་ཆེན་གནང་བ་བཅས་དགོན་སྡེ་འདི་ལ་ཞབས་འདེགས་ཀྱི་ཕྱག་རྗེས་འཇོག་གནང་མཛད། ཁོང་གིས་དབུ་མཛད་གསར་པ་དག་ལ་འདོན་པའི་དབྱངས་རྟ་དང་མགྱོགས་དལ་སོགས་ཁྲིད་ནས་དེའི་སྐོར་གྱི་ཚད་འཛིན་ས་དང་སྲོག་ཤིང་ལྟ་བུར་གྱུར་ཏོ། །

༈ མཁན་རབས་དོན་བརྒྱད་པ་བྱམས་དགའ་ནི། རབ་བྱུང་བཅུ་དྲུག་པའི་ས་ཡོས་ ༡༩༣༩ ལོར་ལམ་གོང་འབུར་དུ་འཁྲུངས། གསར་བུ་མང་པོ་ལ་ཡི་གེ་འབྲི་ཀློག་སོགས་བསླབས་ནས་སློབ་མ་མང་དུ་བསྐྱངས། ཙེ་ངོས་གྲོང་དུ་སྨྱུང་གནས་དབུ་བཞུགས་ལ་ཕེབས། དྲུག་ཅུ་ལྕགས་མཁར་གྱི་འཆམ་དཔོན་མཛད་པ་སོགས་གར་འཆམ་ལ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར། དེའི་དབང་གིས་གར་སྟབས་གཞན་ལ་སྤེལ་བ་སོགས་ཀྱི་བཀའ་དྲིན་མཛད། སྔགས་དབུ་མཛད་དང་ཚོགས་ཆེན་ཞལ་ངོ་གཞོན་པ་མཛད། གླིང་བསྲེའི་མཚན་བཏགས་བཞེས། དགུང་ལོ་དོན་གཅིག་པ་ས་གླང་ ༢༠༠༩ ལོར་མཁན་ཁྲིར་ཕེབས། དགུ་གཏོར་ཆེན་མོ་དང་དྲུག་ཅུ་ལྕགས་མཁར་ཆེན་མོའི་དབུ་བཞུགས་ལོ་འགར་ཕེབས།

༈ མཁན་རབས་དོན་དགུ་པ་མཐའ་དགའ་ནི། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ ༡༩༣༢ ལོར་ཐ་ཐོག་གྲོང་དུ་འཁྲུངས། དགོན་འདིའི་གཏོ་བཅོས་ཀྱི་ཆོག་སྒྲིག་སོ་སོའི་སློབ་དཔོན་ནས་མཆོད་གཡོག་བར་གྱི་ལས་སུ་བྱ་བ་ཀུན་ལ་བྱང་ཆུབ་པ་ཞིག་ཡིན། དེའི་སྟབས་ཀྱིས་ཁོང་ནི་སྟོང་འཁོར་སྡེ་བ་སྤྱི་དང༌། ཁྱད་པར་ཧོར་ཁོག་སོགས་ཀུན་ལ་གེགས་སེལ་གྱི་རེ་བ་སྐོང་མཁན་ཞིག་ཏུ་གྱུར་ཡོད། ཐ་ཐོག་གྲོང་གི་སྨྱུང་གནས་སུ་ཕེབས་གནང༌། དགོན་འདིའི་སྔགས་པ་དབུ་མཛད་དང་། ཚོགས་ཆེན་དབུ་མཛད་ཀྱང་གནང༌། གླིང་བསྲེའི་མཚན་བཏགས་བཞེས། དགུང་ལོ་དོན་དགུ་པ་ལྕགས་སྟག་ ༢༠༡༠ ལོར་མཁན་པོར་ཕེབས་སོ། །

༈ མཁན་རབས་བརྒྱད་ཅུ་པ་བསོད་ནམས་ལྷུན་འགྲུབ་ནི། ཉ་ཁྲི་གྲོང་དུ་སྔར་གྱི་མཁས་གྲུབ་འཁོར་སྒྱུར་དོན་འགྲུབ་རྒྱ་མཚོའི་ཁྱིམ་རྒྱུད་དུ་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ ༡༩༣༤ ལོར་འཁྲུངས། དགུང་ལོ་དགུའི་སྟེང་མཁན་ཟུར་བློ་བཟང་འཇམ་དཔལ་གྱི་དྲུང་ནས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུའི་ཐོག་འཁྲུངས་སར་རིན་པོ་ཆེའི་དྲུང་ནས་བསྙེན་པར་རྫོགས། ཁོང་ནི་དུས་མཆོད་སོ་སོའི་གར་འཆམ་ལ་གཟིགས་རྟོག་སྔ་རྗེས་བར་དུ་གནང་མཁན་ཞིག་དང༌། དུས་འགྱུར་རྗེས་སུ་རང་དགོན་གསང་ཆེན་རྡོ་རྗེ་གླིང་དང་། དགོན་ལག་སྙི་བཀྲ་ཤིས་དར་རྒྱས་གླིང་བཅས་སུ་གར་འཆམ་བསྐྱར་དར་སྐོར་གྱི་དགེ་རྒན་ཞིག་ཀྱང་ཡིན། གྲྭ་ཚང་དབུ་མཛད་དང༌། ཚོགས་ཆེན་ཞལ་ངོའི་འགན་བཞེས་གནང་སྟེ་ཁྲིམས་སྒྲིགས་ལམ་ལ་ལྟ་རྟོག་ནན་པོར་མཛད། དགུང་གྲངས་དོན་བདུན་ཐོག་མཁན་ཁྲིར་ཕེབས།

༈ མཁན་རབས་གྱ་གཅིག་པ་ཚུལ་ཁྲིམས་བསྟན་འཛིན་ནི། རབ་བྱུང་བཅུ་དྲུག་པའི་མེ་བྱི་ ༡༩༣༦ ལོར་རྦ་ལ་མདའི་གྲོང་དུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་སྟེ་ཆོས་སྤྱོད་ཁག་ལ་བསླབས། ཚོགས་ཆེན་ཞལ་ངོ་གཞོན་པའི་འགན་བཞེས། རྦ་ལ་མདའ་གྲོང་གི་སྨྱུང་གནས་བླ་མར་ཕེབས། དགོན་གཞུང་གི་ཞབས་བརྟན་དང་། སེང་གདོང་གཏོར་ཆེན། དགུ་གཏོར་ཆེན་མོ། དྲུག་ཅུ་ལྕགས་མཁར་ཆེན་མོ་སོགས་ཀྱི་དབུ་བཞུགས་ལ་ཕེབས། ཉ་སྟོང་ཚེས་བརྒྱད་ལ་སྡོམ་པ་འབོགས་པ་སོགས་ཀྱིས་མཛད་འཕྲིན་བསྐྱངས་སོ། །

༈ མཁན་རབས་གྱ་གཉིས་པ་དགེ་ལེགས་བཟང་པོ་ནི། བོད་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ ༡༩༤༤ ལོར་ཀ་སྐོར་ཚང་དུ་འཁྲུངས། ཆུང་དུས་ནས་མཁན་ཟུར་བསོད་ནམས་ཆོས་འཕེལ་གྱི་དྲུང་ནས་རབ་ཏུ་བྱུང་། ཁུ་བོ་མཁན་ཟུར་སྐལ་བཟང་མཐར་ཕྱིན་གྱི་དྲུང་ནས་ཆོས་སྤྱོད་བསྐང་གསོ། གསང་བདེ་འཇིགས་གསུམ། ཀུན་རིག་སོགས་བློ་འཛིན་གནང་། དགེ་བའི་བཤེས་གཉེན་འཇམ་དབྱངས་སོགས་ཀྱི་མདུན་ནས་རིགས་པའི་སྒོ་འབྱེད་བསྡུས་གྲྭ་སོགས་ལ་སྦྱངས་པར་མཛད། མཁན་ཟུར་དཀོན་མཆོག་ལྷུན་འགྲུབ་ཀྱི་དྲུང་ནས་བསྙེན་པར་རྫོགས། ཕྱྭ་མོ་ལུང་བསྟན་གནང་བའི་གྲགས་པ་ཆེ། གླིང་བསྲེའི་མཚན་བཏགས་བཞེས་ནས་དགུ་གཏོར་དང་། ཞབས་བརྟན། སེང་གདོང་གཏོར་སྒྲུབ་བཅས་ཀྱི་དབུ་བཞུགས་གནང་། མཁན་ཁྲིར་ལོ་ངོ་གཉིས་བཞུགས། མཁར་སྲུང་དང་། གཟིག་གདོང་། མྱང་རི་། འོག་ཟླ། སྒོ་མང་བཅས་ཀྱི་གྲོང་སྡེ་རྣམས་སུ་སྨྱུང་གནས་ཀྱི་དབུ་བཞུགས་བླ་མར་ཕེབས་པར་མ་ཟད། ཉ་སྟོང་ཚེས་བརྒྱད་རྣམས་ལ་སྡོམ་པ་འབོགས་པ་སོགས་ཀྱི་འགན་བཞེས་བཞིན་ཡོད།

༈ མཁན་རབས་གྱ་གསུམ་པ་བློ་བཟང་དཀོན་མཆོག་ནི། བོད་རབ་བྱུང་བཅུ་དྲུག་པའི་ཤིང་བྱ་ ༡༩༤༥ ལོར་ཙེ་ར་གྲོང་དུ་འཁྲུངས། དགུང་ན་ཆུང་ངུའི་དུས་ནས་མཁན་ཟུར་བསོད་ནམས་ཆོས་འཕེལ་གྱི་དྲུང་ནས་རབ་ཏུ་བྱུང་། ཡུན་མི་རིང་བར་དུས་འགྱུར་བྱུང་སྟེ་ལོ་ངོ་ཉེར་ལྔ་ཙམ་གྱི་རིང་མཉམ་ལས་ལ་ཞུགས་དགོས་བྱུང་། དགུང་ལོ་བཞི་བཅུ་ཙམ་གྱི་ཐོག་སླར་དགོན་འདིའི་ཆོས་སྒོ་ཕྱེ་བས་ཁོང་ཉིད་ཀྱང་ཕྱིར་ཞུགས་པའི་སྐལ་བཟང་ཐོབ། སྟོང་འཁོར་གསེར་ཁང་ཆེན་མོའི་སྐུ་གཉེར་ལ་ལོ་མང་བཞུགས། གླིང་བསྲེའི་མཚན་བཏགས་བཞེས་ནས་དགོན་གཞུང་གི་དཀར་བོ་ཆ་བརྒྱད་ཀྱི་སྨྱུང་གནས་དབུ་བཞུགས་གནང་། ཙེ་ར་གྲོང་སྡེའི་སྨྱུང་གནས་བླ་མར་ཕེབས། མཁན་ཁྲིར་ལོ་གཅིག་བཞུགས་རྗེས་ཁྲི་ལས་ཟུར་ཏེ་འཚོ་གཞེས་ངང་བཞུགས་ཡོད།

༈ མཁན་རབས་གྱ་བཞི་པ་ཚེ་རིང་སྟོབས་ལྡན་ནི། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ ༡༩༥༡ ལོར་གཟིག་གདོང་གྲོང་སྨད་ཚང་དུ་འཁྲུངས། ཆུང་དུས་ནས་གོང་མཆིག་དགེ་བཤེས་བྱམས་པ་སྐྱབས་བསྟེན་ནས་ཆོས་སྤྱོད་བསྐང་གསོ། གསང་བདེ་འཇིགས་གསུམ་སོགས་བློ་འཛིན་མཛད། གླིང་བསྲེ་ནོར་བློའི་དྲུང་ནས་རབ་ཏུ་བྱུང་། བཤེས་གཉེན་འཇམ་དབྱངས་ཀྱི་དྲུང་ནས་བསྡུས་གྲྭ་སོགས་གཞུང་ལུགས་རྣམས་ལ་སྦྱངས། བདག་ཉིད་ཆེན་པོ་དཀོན་མཆོག་ལྷུན་འགྲུབ་ལས་བསྙེན་པར་རྫོགས། མཁན་ཟུར་རྡོ་རྗེ་ཆོས་དབྱངས་ཀྱི་དྲུང་ནས་ལམ་རིམ་ཟུར་ཁྲིད་ཞུས་ཏེ་གསན་བསམ་གནང་། སྟོང་འཁོར་ཞབས་དྲུང་བཅུ་གཅིག་པའི་སྐུ་འཁོར་གྱི་གྲས་སུའང་བཞུགས་མྱོང་། གླིང་བསྲེའི་མཚན་བཏགས་བཞེས་ནས་གཟིག་གདོང༌གྲོང་སྡེ་དང་། བསྭོ་ཐོག་མདའ་བཅས་ལ་སྨྱུང་གནས་ཀྱི་བླ་མར་ཕེབས། ད་ལྟར་མཁན་ཁྲི་སྐྱོང་བཞིན་བཞུགས།

དེ་ལྟར་རྒན་རབས་ཀྱི་ངག་སྒྲོས་སོགས་ལ་གཞི་བཅོལ་ཏེ་མཁན་རབས་རེ་ཞིག་བཤད་ཟིན་ནོ།།

སྨྲས་པ།

མཁན་བརྒྱུད་ཟམ་མ་ཆད་པར་རིམ་བྱོན་གྱིས། །

འགྲོ་ལ་གཅིག་ཏུ་གཏན་བདེ་སྐྲུན་པ་ཡི། །

ཟབ་རྒྱས་ཆོས་ཚུལ་བསམ་འཕེལ་དབང་གི་རྒྱལ། །

འོ་ཅག་སོར་རྩེར་བཀོད་པ་དྲིན་དུ་ལྕི། །ཞེས་སོ།། །།

མཁན་རབས་ལས་གཞན་པའི་དམ་པ་རིམ་བྱོན་གྱི་སྐོར་བཤད་པ།

༈ གཉིས་པ་དེ་དག་ལས་གཞན་པའི་དམ་པ་རིམ་བྱོན་ནི། འདུས་སྡེ་འདི་བཙུགས་ནས་ལོ་རབས་བརྒྱ་ཕྲག་ལྔ་ལས་ལྷག་སོང་ཡོད་པ་དང༌། སྐྱེ་ཕྲེང་དྲུག་པའི་སྐུ་ཚེ་སྨད་ཚུན་ནས་མཁན་རབས་ཕེབས་པའི་དབུ་བཙུགས་པ་འདི་དག་གོང་འོག་བསྒྲིགས་ནས་བསམས་ན། མཁན་རབས་ལས་གཞན་པའི་དམ་པ་རིམ་པར་བྱོན་ཡོད་པར་ངེས་ཀྱང༌། དུས་ཀྱི་འཕོ་འགྱུར་སོགས་ཀྱི་རྐྱེན་པས་དེ་དག་ཐམས་ཅད་ཀྱི་མཛད་རྣམ་རྣ་བའི་བདུད་རྩི་ཆ་ཚང་ཞིག་དུས་མཐའ་ཆེས་སྙིགས་མིའི་རྣ་བར་མྱོང་བའི་གོ་སྐབས་ཡོངས་སུ་བྲལ། དེའི་ཕྱིར་བདག་ལྟ་བུ་གང་ཡང་མི་ཤེས་པ་ཞིག་གིས་རང་དབང་དུ་བརྗོད་ག་ལ་ནུས། འོན་ཀྱང་རྒན་རབས་དག་གི་གསུང་སྒྲོས་ཕྲན་བུ་རེ་མཆིས་པ་འདི་ཙམ་ཡང་དོན་ཆེ་སྙམ་སྟེ། དེ་དག་ལ་དག་གཤེར་དང་རྟོག་དཔྱོད་ཀྱིས་གཟབ་ནན་ཅི་རིགས་བགྱིས་ཏེ་མཚོན་ཙམ་རེ་བརྗོད་ན།

༈ དོ་མཛའ་ཉི་མ་ཐག་རྟོད་ནི། ལ་མཐོ་གྲོང་དུ་འཁྲུངས། ཁོང་མཁན་རབས་གྲལ་དུ་མེད་པ་ནི་མཁན་རབས་མ་ཕེབས་པའི་སྔོན་ནས་བྱོན་པས་རེད་ཟེར། ཉི་མ་ཐག་རྟོད་ཅེས་པའི་མཚན་ཐོགས་དོན་ནི། ཁོང་གིས་རི་ཁྲོད་བཞེངས་ཚེ་ཉིན་གཅིག་ལ་མ་འཛོམས་པས་ཉི་མ་ནུབ་ཁར་ནུབ་མ་བཅུག་པར་རིང་དུ་བཏང་བས་རྐྱེན་གྱིས་ཡིན་པར་གྲགས། རི་ཁྲོད་དེ་ནི་ད་ལྟ་ལ་མཐོ་གྲོང་གི་གཉའ་ན་ཤུལ་ལུས་ཡོད། སྔོན་གནས་དབེན་པ་ཞིག་ཡིན་ཡང་དེང་དུས་ལ་མཐོ་གྲོང་དེར་གནས་སྤོས་པའི་རྐྱེན་གྱིས་གྲོང་དང་འདྲེས་ནས་ཡོད། གཞན་ཡང༌། ད་ལྟ་ལ་མཐོ་གྲོང་གི་ཉེ་འདབས་ཟླ་ཆུའི་འགྲམ་དུ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཁོང་གི་ཞབས་ཕྱག་གི་རྗེས་གསལ་པོ་ཡོད། དེ་ནི་སྔོན་བྱིས་པའི་དུས་ཆུ་རྩེད་མཛད་སྐབས་སུ་བཞག་པ་ཡིན་པར་གྲགས་སོ། །

༈ སྒོ་མང་བླ་མ་ནི། ཞབས་དྲུང་བདུན་པས་རྩོད་རྒྱུགས་ལ་གཟིགས་སྐབས་སུ་འདིས་ན་བཟའ་ཧྲལ་ཧྲུལ་ཞིག་ཡར་འཐེན་མར་འཐེན་བྱས་ཏེ་བཞེས་མཁན་ཞིག་ཡིན་པས་རྟགས་གསལ་གསུངས་ཚེ་ཞབས་དགེ་བཤེས་ཀྱིས་ན་བཟའ་བཞེས་ལུགས་ལས་བཀའ་བཀྱོན་གནང་བ་ལ། ཞབས་དྲུང་གིས་འདི་ལ་བཀའ་བཀྱོན་མ་གནང༌། ཁྱོད་བཞུགས་ས་ནས་མར་འཁོར་མཁན་ཞིག་ཏུ་འགྱུར་ཞེས་ལུང་བསྟན་གནང་ཡོད། འཇིག་རྟེན་ཕལ་པའི་མིག་ངོར་ཕྱིའི་མཛད་སྤྱོད་མི་ལེགས་པ་ལྟ་བུར་ཡོད་ཀྱང༌། ནང་རྟོགས་པ་མཐོན་པོར་སླེབས་ཡོད་ཚོད་འདུག དེ་ཡང་ཞབས་དྲུང་གི་མ་ཡུམ་ཡིན་ནམ་གཞན་ཞིག་ཡིན་གང་ལྟར་མི་ཞིག་ཤི་བའི་དུས་སུ་བླ་མ་རྣམས་རིམ་བཞིན་དྲངས། འདི་དྲངས་སྐབས་ཞབས་དྲུང་གིས་བླ་མ་འདི་ཇི་འདྲར་བལྟ་དགོས་གསུངས་ཏེ་ཤི་བོའི་རྣམ་ཤེས་འགུགས་ནས་གའུ་མ་ནང་བཅུག་སྟེ་ཁ་ལེབ་སྟེང་ནས་རྡོ་རྗེ་ཞིག་གིས་མནན་པར་མཛད། བླ་མ་འདིས་འཕོ་བ་ཡང་ཡང་བཏབ་ཚེ་རྡོ་རྗེ་ཁ་ལེབ་དང་བཅས་པ་སྟེང་དུ་འཕར་བས་ཀུན་དད་པ་ལ་བཀོད་པར་གྲགས་སོ། །སྐུ་གཤེགས་ཚེ་ཞབས་ཕྱག་ས་ལ་བགྲད། གསུང་སྐད་མཐོན་པོ་བརྒྱབ་སྟེ་འདས་སོང་ཡང་། ཞབས་དྲུང་གིས་འདས་ལུགས་དྲིས་ཚེ་ཞབས་ཕྱི་བས་དྲང་པོར་ཞུས་མ་ཕོད་པར་རྫུན་ཞུས་པས་དེ་བས་རེ་བ་ཆེ་གསུངས་པས། དྲང་པོར་ཞུ་སྐབས་ཐུགས་དགྱེས་ཏེ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གཤེགས་ཚུལ་ཡང་དེ་ལྟར་ཡིན་གསུངས་ནས་དགྱེས་ཉམས་མཛད།

༈ བླ་མ་ཚེ་རྣམ་ནི། ཙེ་ངོས་གྲོང་དུ་འཁྲུངས། སྐུ་ཚེ་ཐ་མར་ཙ་ངོས་གྲོང་གི་ལུང་ཕུའི་རང་བྱུང་ཕུག་པ་ཞིག་ཏུ་རང་གིས་སྒྲུབ་པ་ཉམས་བཞེས་གནང་བར་མ་ཟད། སྤུན་མཆེད་མིག་ལོང་བ་ཞིག་ཡོད་པའང་དེར་ཁྲིད་ནས་མ་ཎི་དུང་གྲངས་བསོག་བཅུག་པས་ཐ་མར་མིག་གསལ་དུ་སོང་བར་གྲགས། ཁོང་གྲྭ་ཚང་དགེ་སྐོས་ལ་འཁོར་སྐབས་གྲྭ་ཚང་གི་དངུལ་བོར་བརླག་བྱུང་བ་ན་ཚོགས་གཏམ་བཏང་སྟེ་ལྷ་ལ་བཀའ་བསྒོ་གཉེར་གཏད་མཛད་པས། མི་ཞིག་ལ་རྟགས་མཚན་ཧ་ཅང་ངན་པ་ཡོད་པར་གྲགས། ཡང་དེའི་ཚེ་སྤྱོད་འཆལ་ལས་བརྩམས་ཏེ་ཚོགས་གཏམ་དྲག་ཏུ་བཏང་བས་ཡ་མ་ཚེ་རིང་ཞེས་མིང་ནས་མ་བོས་ཀྱང་ཁོའི་མགོ་ནས་རླངས་པ་དྲག་ཏུ་འཕྱུར་བ་སོགས། དགེ་འདུན་པ་ཐམས་ཅད་ཀྱིས་ཚོར་ནུས་པའི་མངོན་མཚན་ཅན་གྱི་རྟགས་མཚན་བསྟན་པས། སྡོད་མ་ཚུགས་པར་དགོན་པ་ནས་མར་རང་ཤུགས་ཀྱིས་འབུད་དགོས་བྱུང༌། གྲྭ་ལོག་བྱུང་ཚེ་ཁོང་གིས་ལྷ་སྲུང་ལ་ཞུས་ན་གང་བཅོལ་བསྒྲུབས་པས་ཐམས་ཅད་འཇིགས་ཤིང་སྐྲག་ནས་ཁོང་ལ་ཚོགས་གཏམ་ངན་པ་མི་གཏང་བའི་ཆེད་དུ་ཞུ་རྟེན་འབུལ་བ་བཅས། གྲྭ་ཚང་ལ་འདི་འདྲ་བའི་སྲོལ་གཏོད་དེ་ད་ལྟའི་བར་མ་ཉམས་པར་གནས་ཡོད་པ་ནི་ཁོང་གི་མཛད་རྗེས་ཡིན། ཆོས་སྐྱོང་བྲན་དུ་ཁོལ་བ་ནི་ཁོང་འདྲ་ལ་ཟེར་བ་གདའ། ལོ་ཕྱུག་ཟེར་བའི་གཞི་བདག་གིས་ཙེ་ངོས་གྲོང་གི་མི་གཅིག་ཁྲིད་སོང་བ་ལ་བཙལ་མི་རྣམས་ཁག་གཉིས་སུ་བྱས་ནས་སོང་དང་རྙེད་འོང༌། དེའི་ཚེ་སྲུང་མདུད་འདི་ཐོགས་གསུངས་པས། དེ་བཞིན་དུ་བཙལ་བས་བདེ་བླག་ཏུ་ཕྱིར་རྙེད་པ་རེད་ཅེས་ཟེར། འདི་ལ་གྲུབ་བརྙེས་ཚེ་རྣམ་ཞེས་བརྗོད་པ་ལྟར་དོན་ལ་གནས་ངེས་ཤིག་རེད། ཁོང་ནི་མཁན་རབས་གྲས་སུ་ཕལ་ཆེར་ཡོད་ཀྱང་མཚན་ཐོག་ནས་ངོས་འཛིན་ཞུ་མི་ཐུབ་པས་འདིར་བྲིས་པ་ཡིན།

༈ སྡེ་རིགས་བློ་བཟང་དབང་ཕྱུག་ནི། བསྭོ་ཐོག་མདའ་སྡེ་རིགས་ཚང་དུ་འཁྲུངས། ཁོང་ནི་ལམ་སྣར་མ་སླེབས་པའི་སྐྱེ་བོ་རྣམས་བཙན་ཐབས་སུ་འཚང་རྒྱ་བའི་འཕོ་བའི་རྣལ་འབྱོར་ལ་མངའ་བརྙེས་པ་སོགས་རྟོགས་པ་མཐོན་པོར་སླེབས་པ་ཞིག་ཡིན་པ་འདྲ། གང་ཡིན་ཞེ་ན། ཉིན་ཞིག་ལ་སྟོད་གྲོང་ཚོ་ཞིག་ནས་མི་ཞིག་ཤི་སོང་བས་འདིར་བླ་མ་དྲངས་ཡོང་བ་ལ། ཁོང་དྲངས་སོང་ཡང་དེར་འཁོད་པ་རྣམས་ཀྱིས་ཁོང་ནི་ན་བཟའ་ཕྱག་དར་ཁྲོད་པ་བཞེས་མཁན་ཞིག་ཡིན་པས། གཏམ་དཔེར། འཇིག་རྟེན་དད་པ་མིག རྣལ་འབྱོར་དད་པ་སེམས་ཟེར་བ་ལྟར། གོས་ཐར་ཐོར་ཡིན་ན། བླ་མ་ཡང་ཐར་ཐོར་ཡིན་པར་བསམས་ནས་བླ་མ་དྲངས་མཁན་ལ་ཁྱོད་སྟོང་འཁོར་དགོན་དུ་སོང་ཡང་བླ་མ་འདི་འདྲ་ཞིག་ལས་མ་རྙེད་ན་ཞེས་གཤེ་གཤེ་ཡང་ཡང་བཏང་བ་དང༌། ཕུང་པོ་ཡོད་སའི་ཤག་གི་བར་ཆོད་ཀྱི་བུ་ག་ལ་དབྱུག་པ་བརྒྱུས་ཏེ་ཚུར་ཕྱོགས་མི་ཞིག་གིས་བཟུང་ནས་ཕར་ཕྱོགས་སྣེ་མོས་ཕུང་པོའི་འོག་ནས་སྒུལ་བཅུག་པའི་ཐབས་བཀོད་བཟོས་ཏེ་བླ་མས་འཕོ་བ་འདེབས་ཚེ་འཇིགས་སྣང་སྐུལ་དགོས་ཟེར་ནས་གྲོས་བྱས། བླ་མས་འཕོ་བ་འདེབས་རྗེས་ཕར་འཇིགས་སྣང་བསྐུལ་རྒྱུ་ལྟ་ཞོག་ཕྱིར་འཇིགས་སྣང་བསྐུལ་ཏེ་སྔར་གྱི་མི་དེ་ཕྱིར་འོང་རྒྱུ་མེད་པ་ལ་བལྟར་སོང་བས་གཉིད་ཡུར་བ་ཇི་བཞིན་འདུག་པ་ལ། བླ་མར་སྐྱབས་རོགས་ཞུས་ཏེ་སད་བཅུག་པས་བཟོད་གསོལ་དང་དག་སྣང་སྦྱང་དགོས་ཐུག །ཁོང་ནི་དཔལ་ལྡན་ལྷ་མོས་དངོས་སུ་སྲུང་བ་ཞིག་ཀྱང་ཡིན་པ་འདྲ་སྟེ། ཚེ་གནང་མ་དང་ཁོང་གཉིས་སྐུ་བསྭོ་ཐོག་གནས་ཀྱི་རྔ་ཕུག་ཕྱོགས་སུ་དཔེ་མཚམས་ལ་ཕེབས་ཚེ་ཞིག་ལ་དཔེ་ཁྲིད་ཞུས་པར་ཤར་ཕྱོགས་སུ་ཕེབས་པར་གྲོས་བྱས་པའི་མཚན་མོ་ཞིག་ལ་བློ་བཟང་དབང་ཕྱུག་ནས་བུད་མེད་ཅིག་གིས་གདངས་ཤིན་ཏུ་མཐོན་པོས་བོས་པ་ཐོས་པ་མི་མ་ཡིན་འདྲ་ཨེ་ཡིན་དགོངས་ནས། ཕྱི་ཉིན་ཚེ་གནང་མ་ལ་ལོ་རྒྱུས་རྒྱས་པར་ཞུས་པས་གཞན་མ་ཡིན་དཔལ་ལྡན་ལྷ་མོ་ཡིན་པས་གནས་སྤོ་ན་དགའ་གསུངས། དེ་མ་ཐག་གནས་སྤོས་པས་རྗེས་སུ་བྲག་ཕུག་སྒོའི་ཐད་ནས་མར་རྡིབས་སོང་བ་དང༌། དེ་ནས་བློ་བཟང་དབང་ཕྱུག་ཞབས་རྐང་བསྙུངས་ཏེ་གཞན་དུ་ཕེབས་རྒྱུ་སྟབས་མ་བདེ་བས་དགོན་པར་ཕྱིར་ཕེབས་གནང་དགོས་བྱུང་བར་གྲགས་སོ། །

༈ ཆུ་མིག་བླ་མ་ནི། རྔ་བ་ནས་ཡིན་ཟེར། ཨ་མདོ་ཆུ་མིག་བླ་མ་ཞེས་འཁོད་པ་ལ་བསམས་ནའང་ཡིན་པ་འདྲ། ཞབས་དྲུང་བརྒྱད་པས་འདུས་ཁང་བསྐྱར་གསོ་མཛད་པའི་སྐབས་སུ་ཕྱག་རོགས་པ་གཙོ་བོ་ཞིག་ཡིན། དེ་ཡང་ཁོང་ཤར་ཕྱོགས་སོགས་ལ་འབུལ་སྡུད་ཕེབས་ནས་འདུས་ཁང་བཞེངས་པ་ལ་འགྲོ་གྲོན་རྒྱ་ཆེན་བཏང་སྟེ་བཀའ་དྲིན་བསྐྱངས་པས། ཞབས་དྲུང་རིན་པོ་ཆེ་ནས་གདོང་གྲལ་གྲལ་འགོར་འབོལ་གདན། ཁ་གདན། མདུན་ཅོག་དང་བཅས་པའི་ཐོབ་ཐང་གནང༌། གཅོད་པ་ཨང་དང་པོའི་གྲས་ཤིག་ཡིན་ཏེ། འབྲུ་ཡག་གྲོང་ནས་བུད་མེད་ཅིག་ཤི་སོང་བར་བླ་མ་དྲངས་པ་རྟ་ཡིས་དྲུད་ནས་གྲོངས། དམ་སྲིར་གྱུར་པར་གྲགས་པ་དེ་ནུབ་མོར་རྒྱུན་དུ་དགོན་པའི་མདུན་གྱི་ཟླ་ཆུའི་སྟེང་ནས་མེ་འབར་བཞིན་ཡོང་བ་དང༌། གྲྭ་པ་རྣམས་ལ་ན་ཚ་བཏང་བ་སོགས་གནོད་འཚེ་ཧ་ཅང་བྱེད་སྟབས། འདིས་རྦག་རིག་རྒོད་ལ་དམ་སྲི་མེ་འབུད་དེ་འོང་བཞིན་པ་དེ་ལ་གཏོར་མ་ཞིག་འཕེན་ཨེ་ཕོད་གསུངས་པས་རིག་རྒོད་ཀྱིས་ཕོད་ཟེར། འོ་ན་དོ་ནུབ་ང་ཡིས་གཅོད་འདོན་སྐབས་ས་འདི་དང་འདིའི་ཐད་དུ་འོངས་ཚེ་གཟིམ་ཤག་ཕྱི་ངོས་ནས་བརྡུངས་ཏེ་བརྡ་ལན་གསུམ་སྤྲད་དགོས་གསུངས། དེ་ནས་ང་ཡིས་གཏོར་མ་ཁྱོད་ལ་གཏད་ཚེ་མྱུར་དུ་ཁྱེར་ནས་ཆུ་འགྲམ་གད་ཐོག་ནས་སྒུགས། འོག་ཏུ་འོངས་ཚེ་སྟེང་དུ་དྲག་ཏུ་འཕོངས་གསུངས་པས་ཁས་ལེན་བྱས། དོ་ནུབ་མཚན་མོར་དམ་སྲི་འོང་ཚེ་དེ་བཞིན་དུ་བྱས་ཀྱང་ཅུང་སྐྲག་པས་གཏོར་མ་སྡེར་དང་བཅས་པ་འཕངས་ནས་ཕྱིར་ཡོང་ཚེ་ང་ཡི་སྡེར་གར་ཡོད་གསུངས་པས། སྡེར་ཡང་འཕངས་ཚར་ཟེར་བས། གཏོར་མ་འཕོངས་ཟེར་བ་ལས་སྡེར་འཕོངས་མ་ཟེར་བས། ངའི་སྡེར་རིན་པོ་ཆེ་ཡིན་པས་ད་ལྟར་ཁྱེར་ཤོག་གསུངས་པ་ལ་མཚན་མོར་ལག་རྙབ་བྱས་ནས་བཙལ་བས་རྙེད་དེ་ཁྱེར་འོངས། དེ་ནས་བཟུང་དམ་སྲི་དེ་མེད་པར་གྱུར་པར་གྲགས།

༈ གཅོད་པ་བསོད་ནམས་ནོར་བུ་ནི། ཙེ་ངོས་ནས་ཡིན། ཕ་དམ་པ་སངས་རྒྱས་ཀྱིས་སྲོལ་གཏོད་དེ་མ་ཅིག་ལབ་ཀྱི་སྒྲོན་མ་ལ་བརྒྱུད་པའི་ཞི་བྱེད་གཅོད་ཀྱི་གདམས་པ་ལ་བརྟེན་ནས་གྲུབ་པ་ཐོབ་པ་དང་དེ་ལ་མངའ་བརྙེས་པ་ཞིག་ཡིན་པ་འདྲ། ཙེ་རའི་རོང་གི་ཚང་ལ་གཅོད་སྒྲུབ་ཚོགས་སྐབས། ཉིན་ཆ་རེའི་རྗེས་ནས་སྦྱིན་བདག་གིས་བསྙེན་བཀུར་ཕྱག་གཡོག་གི་རིགས་ལེགས་པར་མ་བྱས་གསུངས་ནས་ཁ་གཡར། རྟ་སྒར་རྒྱག་བཅུག་སྟེ་ཤོར་བའི་ཚུལ་གྱིས་དགོན་པར་ཕྱིར་ཕེབས་གནང༌། འབབ་སྤྲད་མ་སོང་གསུངས་ནས་རྟ་རྣམས་ཕྱིར་མ་སྤྲད་པར། ཕྱི་ཉིན་གྱི་མཚན་མོར་གློ་བུར་དུ་སྔར་གྱི་གྲྭ་པ་རྣམས་བོས་ནས། གཅིག་ལ་ཁྱོད་ཀྱིས་རྒྱལ་སྒོ་ནང་དུ་རྡིབས་ཟེར། གཅིག་ལ་ལྕགས་ཀྱི་ཧོམ་ཁུང་ཞིག་སྟེར་ཏེ་ཁྱོད་ཀྱིས་འདི་སྐས་མདར་ཞོག་གསུངས་ནས་བཀོད་སྒྲིག་ཡང་དག་པར་བྱས་ཏེ་ཕེབས། དེར་སླེབས་པ་དང་གྲྭ་པ་གཉིས་ཀྱིས་སྔར་ལྟར་བསྒྲུབས་ཚེ་ཁོང་གིས་ཧོམ་ཁུང་ནང་དུ་ཕུར་བུ་གདབ། དེ་ནས་ད་འགྲིགས་སོང་གསུངས་ཏེ་ཐུགས་ངལ་གསོའི་ངང་ལྷོད་ལྷོད་དུ་བཞུགས་པར་གྲགས། ཡང་ཙེ་ངོས་མེ་ལོང་ཚང་ལ་གཅོད་སྒྲུབ་ཅིག་ཚོགས་སྐབས་སུ་ཌཱ་མ་རུ་འཁྲོལ་བཞིན་མཐོངས་ནང་དུ་མཆོངས་པས། ཁྱི་ཞིག་ཡོད་པ་ཤིན་ཏུ་དངངས་སྐྲག་སྐྱེས་ནས་བྲོས་ཤིང་། གད་ཁ་ནས་མཆོངས་ཏེ་ཤི་སོང་བར་གྲགས། དགེ་བཤེས་པོ་ཏོ་བ་དང་ཁ་རག་པའི་རྣམ་ཐར་ལྟར། མཁས་དབང་དབང་རྒྱལ་གྱིས་གཅོད་པ་འདིས་ཅི་ཡང་མི་ཤེས་སྙམ་དུ་སེམས་པའི་སྐབས་ཤིག་ལ་ཁོང་གཉིས་མཇལ་འཕྲད་ཐེངས་གཅིག་བྱུང༌། དེའི་ཚེ་གཅོད་ཀྱི་ཆོས་སྐོར་ལ་བགྲོ་གླེང་མཛད་པས་དབང་རྒྱལ་ཐུགས་ཤིན་ཏུ་མཉེས་པར་བྱུང་། གཅོད་ལ་མངའ་བརྙེས་པ་ཟེར་བ་དངོས་གནས་དེ་ཡིན་འདྲ། ཁོང་གིས་གཅོད་ཀྱི་ཁྲིད་རྒྱུན་ནི་གོང་གི་ཨ་མདོ་ཆུ་མིག་བླ་མ་ལས་ཞུས། དེའི་དངོས་སློབ་ཡིན། དགོན་པའི་གཉའ་ན་ཡོད་པའི་ལྷ་ཆེན་ཁྱམས་རའི་ནང་གི་གཞི་བདག་ཀྱང་ཁོང་གིས་གཅོད་ཀྱི་སྒོ་ནས་ཕུད་དེ་མེད་པར་མཛད། སྐུ་གཤེགས་ལ་ཉེ་ཁར་ཐོད་པ་མར་ཁུས་གང་བ་ཞིག་དང༌། དཔལ་ཆེན་མོའི་གཡང་སྒྲུབ་ཆོག་བསྒྲིགས་ཤིག་ཁྱིམ་པར་རྟེན་སྐལ་དུ་གནང༌། ཆོག་བསྒྲིགས་ད་ལྟའང་ཡོད་འདུག ནམ་ཞིག་བྱ་རྡོ་ཐོག་ནས་འཕུར་བ་ལྟར་ཟེར་དོན་བཞིན་ཕྱག་རྫས་གང་ཡོད་རྣམས་ཚོང་ཁྲོམ་བཤམས་ཏེ་མེད་པར་བཟོས། དེ་ནས་ཐུགས་ཆེས་པའི་གྲོགས་པོ་རྣམས་མགྲོན་གྱི་ཚུལ་དུ་བོས་ནས། ཁྱེད་རྣམས་ཐུགས་དགའ་སྤྲོའི་ངང་སྡོད་གསུངས་ཏེ་ཐུགས་དགྱེས་དགྱེས་མཛད། ཕྱི་ཉིན་ལ་རྒོད་ནག་པོ་ཞིག་ཁང་སྟེང་བབས། རྒོད་དེས་བླ་མ་ལ་ལྟ་བ་དང༌། བླ་མས་ཀྱང་དེ་ལ་གཟིགས་བཞིན་ཡུད་ཙམ་སོང་རྗེས་རྒོད་འཕུར་སོང་བས་བླ་མ་ཡང་སྐུ་གཤེགས་སོང་བར་གྲགས་སོ། །

༈ མཁས་དབང་ཆེན་མོའི་མཚན་སྙན་ཐོབ་པའི་དབང་རྒྱལ་ནི། མཐའ་ཐོག་གྲོང་དུ་འཁྲུངས། ཁོང་གི་མནལ་ལམ་དུ་མི་ཞིག་གིས་བྱིས་པ་དཀར་པོ་ཞིག་རུམ་དུ་བཅུག་པ་རྨིས། དེ་ནི་དབྱངས་ཅན་མས་བྱིན་གྱིས་བརླབས་པའི་རྟགས་མཚན་ཡིན་གསུངས། དེའི་རྗེས་ནས་ཡོན་ཏན་གྱི་ཀློང་རྡོལ། སྟོང་འཁོར་བ་རྣམས་བྲག་དཀར་རིན་པོ་ཆེའི་དྲུང་དུ་མཇལ་ཁར་སོང་ཚེ་མཁས་དབང་ཆེན་མོས་ཅི་མཛད་བཞིན་འདུག་ཅེས་རྒྱུན་དུ་འདྲི་བར་མཛད། དེ་ལྟར་ཁོང་ལ་བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱིས་མཁས་དབང་ཆེན་མོའི་མཚན་སྙན་ཕུལ་ཡོད། ཁོང་གིས་ཐུན་མོང་མ་ཡིན་པའི་གཅོད་ཀྱི་ཆོག་བསྒྲིགས་མཛད། ད་ལྟར་དགོན་འདིར་འདོན་མུས་སུ་ཡོད་པའི་ཆོ་ག་འདི་ཡིན་པར་གྲགས། བྲག་དཀར་པ་ལ་འཇིགས་བྱེད་བསྙེན་ཆེན་མཚམས་ལ་བཞུགས་དགོས་ཞུས་པས། མ་བཞུགས་ཀྱང་ཆོག་མོད། གལ་སྲིད་བཞུགས་ན་འཚེ་བ་ཧ་ཅང་ཆེ་སྟབས། གཟིམ་ཤག་ཀ་བ་ལ་བརྒྱད་སྟོང་པའི་གླེགས་བམ་བཞུགས་སུ་བཅུག དེ་ལ་བསྐོར་བ་གསོག་བཞིན་བཞུགས་དགོས་པ་དང༌། ཅ་ལག་གསར་པ་རིགས་ལ་ཐུག་རེག་གཏན་ནས་བྱེད་མི་རིགས་གསུངས། འོན་ཀྱང་མཚམས་ལ་བཞུགས་སྐབས་བར་མཚམས་ཞིག་ལ་སྐུ་མཆེད་ཅིག་གིས་གནམ་ལྕགས་ཕུར་བུ་ཞིག་ཉོས་ནས་ཁྱེར་ཡོང་བ་ལ་སྔར་གྱི་ལུང་བསྟན་ལ་ཐུགས་ཀྱིས་དེ་ཙམ་གཙིགས་ཆེན་མ་འཛིན་པར་ཕྱག་གིས་རེག་པའི་རྐྱེན་བྱས་སྐུ་ཁམས་མི་བདེ་བར་གྱུར་ཏེ་སྙུང་གཞི་བཞེས། ཁོང་གིས་གསུང་རྒྱུ་ལ་བྲག་དཀར་པ་མཁས་པ་ཞིག་ལས་མཁྱེན་པ་ཡོད་པ་ཞིག་མ་བསམས་ཀྱང་མངོན་མཁྱེན་ལ་ཐོགས་པ་མེད་གསུངས། སྙུན་གཞི་དེས་རྐྱེན་པས་སྐུ་ཚེ་མཐར་མ་འཁྱོལ་བར་གཤེགས། འདི་དག་གི་མཐུ་ལས་ད་ལྟར་དགོན་འདིར་དབང་གིས་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་སརྒ་མ་ལོག་པ། མོས་གུས་ཀྱིས་བསམ་པ་ཚིམས་པ་སྟེ་གཅོད་ཀྱི་སྙན་བརྒྱུད་བཞི་རྣམས་མ་ཉམས་པར་གནས་སོ། །

༈ བཤེས་གཉེན་མཁྱེན་རབ་ནི། ཤར་ཕྱོགས་ནས་འདིར་ཕེབས་པ་ཞིག་ཡིན། འདིར་ཡུན་རིང་ཙམ་བཞུགས་ནས་ས་ལམ་གྱི་རྣམ་གཞག་འདི་རྩོམ་བཞིན་པ་ལ་གླིང་བསྲེའི་མཚན་བཏགས་ཕུལ་གྲབས་བྱེད་ཚེ་མ་བཞུགས་པར་ཕེབས་པས་བརྩམ་འཕྲོ་ལུས་ཟེར།

༈ བླ་མ་སྔགས་རམས་པ་ནི། རྦ་ལ་མདའ་མོ་བ་ཚང་དུ་འཁྲུངས། ར་འཕྲོ་མ་འདས་ཡང་སྲིད་དུ་སྐུ་བདག་མཛད། འདི་ནས་མ་གནང་རུང་བར་བར་དུ་དེ་ཕྱོགས་སུ་ཕྱག་ཕེབས། ལྷ་སར་རྒྱུད་སྨད་དུ་སྔགས་རམས་མཛད། འདིར་གྲྭ་ཚང་དགེ་སྐོས་ཀྱང་མཛད་མྱོང༌། ཉ་ཁྲི་གྲོང་གི་བུ་མི་སྐྱེ་བའི་དུད་ཚང་ཞིག་ལ་ལུང་བསྟན་གནང་ནས་ཚེ་སྒྲུབ་ཅིག་འདོན་དགོས་གསུངས་ཏེ་ཁོ་རང་ཡང་དེར་ཕེབས། དེའི་ཚེ་ཁྱིམ་གཞིས་གཉིས་ཀྱི་བར་རྙོག་གླེང་ཞིག་བསླངས་ཡོད་པ་ལ། ཁོང་ནི་སྒྲུབ་གྲོགས་པའི་གྲལ་དུ་ཇ་གསོལ་བ་ཙམ་ལས་ཆོ་ག་མ་གསུངས་པར་གྱོད་གཞི་ལྷིང་འཇགས་སུ་གཏོང་བའི་གྲས་སུ་ཕེབས། སྒྲུབ་པ་ཚར་རྗེས་སྒྲུབ་པ་ལམ་དུ་འགྲོ་སོང་། ད་ནི་བུ་ཞིག་དང་བུ་མོ་ཞིག་སྐྱེ་བས་དེ་གཉིས་ལ་མིང་འདི་དང་འདི་ཞེས་བྱ་བ་ཐོགས་གསུངས་ནས་ཕེབས། སྒྲུབ་གྲོགས་འགའ་རེས་སྒྲུབ་པའི་སྐབས་བླ་མ་གྱོད་བཤད་ཕེབས་པའི་རྐྱེན་གྱིས་སྒྲུབ་པ་ལམ་དུ་སོང་གསུངས་པ་ལ་ཁྲེལ་རྒོད་བྱས་ཀྱང་རྗེས་སུ་བུ་བུ་མོ་གཉིས་སྐྱེས་ཏེ་ལུང་བསྟན་ཐོག་བབས་བྱུང་བས་ཀུན་གྱིས་ངོ་མཚར་ཆེན་པོར་འཛིན། ཁོང་གིས་མ་འོངས་ལུང་བསྟན་དུ་བུ་སྤུན་གཉིས་ཅན་ཞིག་གི་ལག་ཏུ་ང་ཡི་ཚེ་སྲོག་ཤོར་དགོས་ཞེས་གསུངས་མྱོང་བ་ལྟར། ཁོང་ལ་ཕྱོགས་སོ་སོ་ནས་ཕུལ་བའི་ལུག་མང་པོ་ཡོད་པ་ཚེ་ཐར་བྱས་ཏེ་མི་བསམ་ཤེས་མེད་པ་ཞིག་གི་ཁྱིམ་དུ་བཅོལ་བའི་ཚེ། ལུག་མང་པོ་བཤས་པ་ལ་བཀའ་བཀྱོན་མཛད་པའི་དོན་རྐྱེན་དེས་སྤྱི་ལོ་ ༡༩༤༢ ལོར་བགྲོང་བར་བརྩམས། འོག་ཟླ་སྨྱུང་གནས་ནས་མར་ཕེབས་ཚེ་མི་དེས་ལམ་དུ་སྒུག་ཡོད་པ་མཁྱེན་ནས་མགྱོགས་པོར་འགྲོ་མ་གཏོགས་དུང་མགོས་སྒུག་ཚོད་ཡོད་མ་རེད་གསུངས་ནས་ཕེབས་ཀྱང་། མི་དྲག་རིན་ཆེན་མཁའ་འགྲོ་ཟེར་བ་རྟ་སྐོར་ཁྲིད་ཡོད་པས་དཔའ་ཞུམ་ནས་སྟབས་མ་བདེ་བར་དེ་ཉིན་དགྲོང་མ་ཕོད་པར་ངང་འཐེན་བྱས་འདུག རྗེས་སུ་ཆུ་མཁར་གྲོང་གི་སྨྱུང་གནས་ནས་ཡར་ཕེབས་ཚེ་བསྒུགས་ནས་དཀྲོངས། དེ་དུས་ཆིབས་ཁ་ཁྲིད་མི་ཆུ་མཁར་འཕྲིན་ལས་ཟེར་བ་ཡིན་པས། ལམ་ལྟག་ནས་སྤང་ལེབ་ཅིག་ལྷུང་བ་དཔལ་ལྡན་ལྷ་མོས་ཡར་མ་འོངས་གསུངས་པའི་བརྡ་རེད་ཅེས་གསུང་ཟུར་ངོ་མཚར་བ་དེ་ལ་གནང་མྱོང་ཚོད་འདུག གདུང་སྐར་གྱི་ཚེ་ཇ་མ་མཁན་ཟུར་སྐལ་བཟང་རྒྱལ་མཚན་གྱི་གཟིམ་ལམ་དུ། མི་ཞིག་གིས་ལག་དམར་བའི་མགོ་བཅད་ནས་འཕངས་པ་རྨིས་ཤིང་། ཉིན་དེར་མཁར་སྲུང་གྲོང་གི་ས་ཕུད་བས་དེ་བསད་པའི་ལོ་རྒྱུས་ཡོད་དོ། །

༈ བློ་བཟང་ཕུན་ཚོགས་སམ་ཡོངས་གྲགས་སུ་ལམ་བསྟན་ནི། བོད་རབ་བྱུང་བཅོ་ལྔ་པའི་ས་ཁྱི་ ༡༨༩༨ ལོར་ཉ་ཁྲི་གྲོང་དུ་བལྟམས། ཆུང་དུས་ནས་འདིར་ཆོས་ཞུགས་ཐོག་གསན་བསམ་རྒྱ་ཆེར་མཛད། འདུལ་འཛིན་མཁས་གྲུབ་གཉིས་ལྡན་དུ་གྱུར། རྗེ་ཙོང་ཁ་པས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་པ་ལྟར། ཉམས་བཞེས་ལ་གོམས་པ་ཧ་ལས་པ་ཞིག་ཡིན། ཕྱི་དྲོའི་ཁ་ཟས་དང༌། གོས་བྱིན་བརླབས་ཡན་ལ་སྲོག་དང་བསྡོས་ཏེ་བསྲུངས་ནས་བསྟན་པའི་རྩ་བ་སོ་ཐར་ལ་ཉམས་བཞེས་ཕུལ་དུ་བྱུང་བར་མཛད། བརྒྱ་ལ་ལྟུང་བས་གོས་ན་ལྟུང་བ་བཤགས་པའི་ཕྱིར་དུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ། ཟས་གཅོད་སྡོམ་པ། སྨྱུང་གནས་སོགས་ལ་བར་བར་དུ་གནས་པར་མཛད་པ་དང༌། ལམ་རིམ་བློ་སྦྱོང་སོགས་ལ་ཉམས་བཞེས་མཛད་པ་ནི། ཁོང་གིས་སྐབས་ཤིག་ལ་སྤྱན་ཤེལ་སྤུས་ལེགས་ཤིག་མནབས་ཡོད་པ་ས་ལ་ཤོར་སོང་བས་སེར་སྣའི་རྣམ་རྟོག་ཅིག་སྐྱེས་འོང་བ་འདྲ། སློབ་བུ་ཞིག་གིས་མཐོང་ཚེ་དང་པོར་གས་ཆག་སོང་མེད་པ་ལ་རྡོག་བརྫིས་ཡང་ཡང་བཏང་ནས་བཅག་པར་མཛད། ལམ་རིམ་སོགས་ན་ཉོན་མོངས་འབུར་འཇོམས་དགོས་གསུངས་པ་དེ་འདྲར་ཟེར་བ་ཡིན་ནོ། །གཞན་ཡང༌། ཞབས་རྐང་དྲེག་གི་སྙུན་གཞི་བཞེས་ཚེ་ནད་ལ་ཕན་ཁུལ་གྱིས་ཞབས་ལ་ཐག་པ་བཏགས་པའི་སྣེ་མོ་བརྐྱངས་ཏེ་ཀ་བ་ལ་བཏགས། དེའི་ཁུག་ལ་སློབ་བུ་བསོད་ནམས་ལྷུན་འགྲུབ་ལ་དབྱུག་པས་ཤེད་ཆེན་པོས་བརྒྱབ་བཅུག་ནས་ཤེད་མ་ཕུད་ན་བཀའ་བཀྱོན་གནང་བ་དང༌། ཡང་དྲེག་ནད་ལ་ཕན་ཁུལ་གྱིས་ལྕགས་ཀྱི་སྙུང་བུ་རྣོན་པོས་ཞབས་རྐང་སྟེང་ནས་འོག་ཏུ་ཐལ་བྱུང་དུ་ཕུག་ནས་ཁྲག་འབྱིན་བཅུག་པ་སོགས། བློ་སྦྱོང་གི་རྩ་བ་བདེ་སྡུག་གཏོང་ལེན་ཞེས་པ་མོས་པ་ཙམ་གྱིས་སྒོམ་པ་མ་ཡིན་པར། ཧ་ལས་པའི་སྙིང་སྟོབས་ཆེན་པོའི་སྒོ་ནས་རང་སྟེང་དུ་ན་ཚ་དངོས་སུ་བཟོས་ནས་དེ་ལ་དམིགས་ཏེ་བསྒོམས་པར་མཛད། སྐབས་ཤིག་ལ་དགེ་སློང་ཞིག་གིས་ལྗི་བས་མི་ཟ་བའི་ཆེད་དུ་ཁུག་མ་ཆེན་པོ་གཟུགས་པོ་ཆ་ཚང་ཤོང་བ་ཞིག་དྲུབས་པའི་ལོ་རྒྱུས་ཚོར་བས་ཐུགས་མ་མཉེས་ནས། ལྗི་བས་ཟ་བ་ཙམ་ཡང་མ་བཟོད་ན་དེ་ལ་ལྟས་ངན་ཞིག་ཤར་བ་འདྲ་ཞེས་བཀས་བཀྱོན་པས། དགེ་སློང་དེས་ཁོང་གིས་ཀྱང་ཨེ་བཟོད་སྙམ་དུ་ཡོད་སྐབས་སུ་གོང་གི་ལོ་རྒྱུས་དེ་དག་ཚོར་བས་ཧ་ལས་ཏེ་དད་པ་བརྟན་པོ་ཐོབ། ཞབས་དྲུང་བཅུ་པའི་ཡོངས་འཛིན་དུ་ཕེབས་པས། དགོངས་བཞེད་ལྟར་མཁན་ཁྲིར་ཕེབས་མ་དགོས་སོ། །སློབ་བུ་མང་པོ་ལ་བཀའ་པོད་ལྔ་དང་ལམ་རིམ་བློ་སྦྱོང་སོགས་ཀྱི་འཆད་ཁྲིད་བསྐྱངས། དེ་འདྲ་བའི་རླབས་ཆེན་གྱི་མཛད་རྗེས་ལ་བརྟེན་ནས་སློབ་བུ་ཡང་ཡ་མཚན་པའི་དམ་པ་ཤ་སྟག་ཕྱི་དྲོའི་ཁ་ཟས་ཡན་ལ་འཛེམ་པ། བསྟན་པའི་མིག་ལྟོས་ལ་ཕན་པའི་འདུལ་འཛིན་ཁྱུ་གཅིག་བྱུང་བ་ནི་གོང་དུ་མཁན་རབས་རིམ་བྱོན་གྱི་རྣམ་ཐར་དག་ལས་གསལ་བ་བཞིན་ཡིན། བློ་སྦྱོང་མཚོན་ཆའི་འཁོར་ལོ་ཉམས་བཞེས་གནང་མཁན་ཞིག་ཡིན་པའི་ཆ་ནས་འབྲས་སྤུངས་ནས་ཕེབས་པའི་ར་འཕྲོ་མཁན་པོ་ལེགས་བཤད་རྒྱ་མཚོ་ལ་སྐུ་བསྭོ་ཐོག་གནས་ཀྱི་སྐྱིད་ཕུག་ཉི་མའི་གདོང་ལ་དེའི་ཁྲིད་གནང་བ་མཁན་པོ་རིན་པོ་ཆེ་ཉིད་ཀྱིས་གསུངས། ཁོང་ནི་བོད་དུ་དུས་འགྱུར་གྱི་ཟིང་འཚུབ་ཆེན་པོའི་ཁྲོད་དུའང་རི་ཁྲོད་དུ་ཐུགས་སེམས་ལྷོད་པོའི་ངང་དུ་དགེ་སྦྱོང་ལ་གནས་བཞིན་བཞུགས་ཆོག་པ་བྱུང༌། དེ་ཡང་སྤྱོད་འཇུག་ལས། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། སེམས་ཅན་མང་པོ་མགུ་བ་ཤིན་ཏུ་དཀའ་ཡང༌། ཁོང་གིས་གཙོ་བོ་བློ་སྦྱོང་གི་སྒོ་ནས་བཀའ་གདམས་གོང་མ་ཚོའི་རྣམ་ཐར་ལ་བསླབ་པས། སྒོ་གསུམ་གྱི་མཛད་སྤྱོད་གང་ཐད་ནས་མཐོང་ན་མི་མཐུན་པ་མེད་པའི་དབང་གིས་ཕྱོགས་འདིའི་སྐྱེ་རྒུ་མཐའ་དག་ཡི་རང་བས་དོན་གྱིས་ཡིན་ནོ། །ཉིད་ཀྱི་ལྗགས་རྩོམ། བླ་མ་མཆོག་གསུམ་ཐུགས་རྗེས་བྱིན་རླབས་ཀྱིས། །འགྲོ་ཀུན་སྡིག་སྒྲིབ་སྡུག་བསྔལ་བདག་ལ་སྨིན། །བདག་གི་བདེ་དགེ་སེམས་ཅན་གཞན་ལ་སྨིན། །འགྲོ་རྣམས་ལུས་སེམས་བདེ་ཆེན་འདྲེན་པར་ཤོག །ཅེས་པ་འདི་ལ་གཞིགས་ནའང་བློ་སྦྱོང་ཉམས་བཞེས་རྣལ་མ་མཛད་པ་ཞིག་ཡིན་པར་ཤེས་ཐུབ་བོ། །གཞན་ཡང༌། ལྗགས་རྩོམ་ལ། ལྟུང་བའི་ལྕི་ཡང་གི་སྡོམ་ཚིག མཎྜལ་གྱི་བཤད་པ། བླ་མའི་གསོལ་འདེབས་སོགས་བཞུགས། སྐུ་གཤེགས་ཁར། ད་ནི་རི་ཁྲོད་འདི་ནས་འགྲོ་རུ་རན། །རྒྱ་བོད་ལ་སོགས་བདག་ལ་བཀའ་དྲིན་ཆེ། །ཞེས་སོགས་ཕྱག་བྲིས་མཛད་ནས་ཐང་གའི་རྒྱབ་ཏུ་སྦས་ཏེ། ཉ་ཁྲིའི་རི་ཁྲོད་དུ་ལྕགས་བྱི་ ༡༩༦༠ ལོར་སྐུ་གཤེགས། ཕྱག་བྲིས་འདི་ད་ལྟའང་མཇལ་དུ་ཡོད་དོ།།

༈ ཀུན་བཟང་རིག་གྲོལ་ནི། མྱང་རི་གུག་ར་ཚང་དུ་འཁྲུངས། འབད་རྩོལ་ལ་མ་ལྟོས་པར་རིག་གནས་ལ་སྐྱེས་སྟོབས་ཀྱི་ཤེས་རབ་མངའ་བ་དང༌། མངོན་མཁྱེན་ལ་ཐོགས་པ་མེད་པར་གྲགས། དེ་ཡང་གསུང་རྒྱུན་ལ། ཁོང་ནི་འཛིན་གྲྭ་ཞིག་གི་སྐྱོར་དཔོན་ཡིན་པའི་སྐབས་ཤིག་ལ། འཛིན་གྲྭ་འདིའི་ནང་བླ་མ་ང་ཆེ་ང་བཟང་བསམ་པ་མང་ཡང་མཁན་ཁྲིར་ཕེབས་ཐུབ་པ་མེད་གསུངས། འཛིན་གྲྭ་དེའི་ནང་ཁོ་རང་སོགས་མཚན་ཉིད་ཤེས་པ་དང་ཚད་ལྡན་མང་ཡང་། དེ་དག་སྐུ་ཚེ་མཐའ་འཁྱོལ་མ་བྱུང་བས། རྗེས་སུ་བློ་བཟང་དབང་ཕྱུག་མ་གཏོགས་ཁྲིར་ཕེབས་པ་མེད། ཁོང་ནི་ང་ཆེའི་གྲས་སུ་མེད་པ་འདྲ། ཡང་ཁྱི་རྒྱུད་ཡ་དགའ་ཟེར་བ་ལ། ཁོ་བོ་ཚེ་འཕོས་པའི་རྗེས་སུ་ཕག་ཅིག་གི་སྐྱེ་བ་ལེན་པ་ཡིན། ཕག་དེ་ཁྱོད་ཀྱིས་དེད་ནས་འགྲོ། དེ་དུས་ཁྱོད་ཀྱིས་ང་ཤེས་གསུངས། བཅོས་བསྒྱུར་གྱི་རྗེས་སུ་རྒྱ་མི་ཚོས་ཡ་དགའ་སྟོང་འཁོར་ནས་དཀར་མཛེས་སུ་ཕག་དེད་མཁན་མངགས་ཚེ་ཕག་མང་པོའི་ཁྲོད་ནས་གཅིག་གིས་ཁ་ཕྱིར་འཁོར་ནས་དགའ་བའི་རྣམ་འགྱུར་ལྟ་བུ་བསྟན་པས། ཡ་དགས་སྔར་གྱི་ལུང་བསྟན་དྲན་ཡང་གཞན་དབང་བཙན་པོའི་འོག་ཏུ་ཅི་བྱ་གཏོལ་མེད་ངང་ཡིད་སྐྱོ་བཞིན་དུ་དཀར་མཛེས་སུ་དེད་དགོས་བྱུང་ཡོད། ཡང་ཁོ་ལ་སྤུན་མཆེད་ཚོང་པ་ཞིག་ཡོད་པ་དེའི་རོགས་སུ་ཧོར་པ་ཕྱོགས་སུ་ཕེབས་གྲབས་བྱེད་སྐབས་ཐག་པ་རིང་པོ་ཞིག་མཁོ་བས་དེ་ཁྱེར་གསུངས་ཏེ་གཉིས་ཀས་རྟ་རེར་ཆིབས་ནས་ཕེབས། མར་ལམ་ཁུ་རི་ཆུ་བརྒལ་ཚེ་དབྱར་དུས་ཆུ་ཤིན་ཏུ་རྒྱས་པས་སྤུན་མཆེད་སྐྱོན་མ་བྱུང་བ་ཁོ་ཆུས་ཁྱེར་ཏེ་འདས་གྲོངས་སུ་སོང༌། ཐག་པ་མཁོ་གསུངས་པ་དེ་སྐུ་ཕུང་རྟ་ལ་བཀལ་དགོས་བྱུང་བ་དེ་ལ་དགོངས་ནས་གསུངས་པ་ཡིན་པར་གྲགས་སོ། །ཡང་མཚན་དངོས་མི་གསལ་ཡང་འདིར་སྐུ་གཉེར་ཞིག་ཡོད་པ་རྒྱུན་དུ་ཤི་བོའི་སྔས་མགོར་ཕེབས་མཁན་ཞིག་ཡིན་པ་ལ་ཉིན་ཞིག་གྲོགས་པོ་ཞིག་གིས། ཁྱོད་ཀྱིས་ཤི་བོའི་རྣམ་ཤེས་འཕོ་ནུས་ན་ང་ཡི་རྣམ་ཤེས་ཀྱང་འཕོ་བར་གྱིས་ཤིག་ཟེར་བ་ལ། སྐུ་གཉེར་གྱིས་དེ་ལ་འཕོ་བ་བཏབ་པས་ཧིག་སྒྲ་གཅིག་སྒྲོགས་ཚེ་ཅིག་ཤོས་ཀྱིས་མིག་གིས་ཅུང་མི་མཐོང་བར་གྱུར། གཉིས་པ་སྒྲོགས་ཚེ་ཅུང་ཙམ་ཡང་མི་མཐོང་བར་ནག་ཐོམ་མེར་གྱུར་པས་ད་གཟོད་གཞི་ནས་ཁོ་སྐྲག་སྟེ་དེ་འདྲ་མ་གནང་རོགས་ཟེར་ནས་སྐད་ངན་འདོན་དགོས་བྱུང་བར་གྲགས།

༈ དགེ་སློང་རྡོ་རྗེ་ཚེ་རིང་ནི། གཞན་དབང་བཙན་པོའི་འོག་ཏུ་གནོན་ནས་དགོན་གནས་བསྐྱར་དར་མ་བྱུང་སྔོན་དང་བསྐྱར་དར་བྱུང་རྗེས་གཉིས་ཆ་ལ་ཡུལ་འདིར་ཕུལ་དུ་བྱུང་བའི་བྱས་རྗེས་ཅན་དང་དགོན་འདིར་ཟླ་དང་བྲལ་བའི་བཀའ་དྲིན་ཅན་ཞིག་ཀུན་ལ་རྩོད་མེད་ཡིན་པས། ཁོང་ཉིད་ཀྱི་མཛད་རྣམ་མདོར་བསྡུས་ཞིག་འདི་ན་འགོད་འོས་པ་དང་དགོད་དགོས་པ་ཞིག་ཡིན། དེས་ན་ཁོང་ནི་མཚན་སྙན་འབར་བའི་ཁམས་སྟོང་འཁོར་གནས་ཀྱི་ཉེ་འདབས་བསྭོ་ཐོག་མདའ་གྲོང་དུ་སྤྱི་ལོ་ ༡༩༤༡ བོད་རབ་བྱུང་ ༡༦ ལྕགས་སྦྲུལ་ལ་འཁྲུངས། ཆུང་དུས་ནས་དགོན་འདིར་ཆོས་ཞུགས་ཐོག་རབ་བྱུང་བསྒྲུབས། ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཁག་བསླབ་སྟེ་གྲྭ་ཚང་དུ་ཞུགས། དགུང་ལོ་ ༡༩ ཡས་མས་ཙམ་ལ་དུས་འགྱུར་གྱི་རྐྱེན་ངན་དེས་དགོན་གནས་སུ་འཚོ་སྡོད་བྲལ་བས་རང་ཁྱིམ་དུ་ཕེབས་རྗེས་རྒྱ་མི་གུང་ཁྲན་ཏང་གི་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་ཡུན་རིང་འགན་བཞེས་གནང་ཞོར་ལ། ཐབས་ཤེས་ཅི་ཡོད་ཀྱིས་ལྐོག་ནས་བོད་མིའི་གནའ་རྫས་དང་རྟེན་གསུམ་ཕོན་ཆེན་ལ་གཅེས་སྤྲས་ཀྱིས་སྲུང་སྐྱོབ་ཐད་ཕྱག་ལས་རྒྱ་ཆེར་གནང་། དེ་ཡང་རང་གི་ཞང་པོ་གླིང་བསྲེ་བློ་བཟང་མཐར་ཕྱིན་ལ་ཕྱག་གཡོག་དང་བརྩི་བཀུར་དང་ལེན་གྱིས་གདམས་ངག་དང་སློབ་སྟོན་འོག་རྟེན་སེ་རུ་མ་དང༌། ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོའི་འབྲལ་སྤང་སྟོན་པའི་སྐུ་གཉིས་ཀྱིས་གཙོས་གསེར་སྐུ་ཉེར་གཅིག་དང༌། སྐྱེས་རབས་དཔག་བསམ་འཁྲི་ཤིང༌གྲས་ཀྱི་ཞལ་ཐང་། ཙོང་ཁ་བརྒྱད་ཅུ་གྲས་ཀྱི་ཞལ་ཐང་། གནས་བརྟན་བཅུ་དྲུག རྗེ་བཙུན་བྱམས་པའི་གསེར་ཐང་ཆེན་མོ་སོགས་ཁྱོན་ཞལ་ཐང་ང་གཅིག རྡོར་དྲིལ་ཆ་གཅིག ཞབས་དྲུང་དགུ་པའི་གདུང་རུས་ཙནྡན་སྒམ་ཆུང་དང་བཅས་པ། གནའ་རྫས་གྲགས་ཅན་སྦུབ་ཆལ་ཆ་གསུམ་སོགས་དགོན་འདིའི་བྱིན་རྟེན་འགངས་ཆེན་དུ་མ་རང་ཉིད་འཚོ་བས་ཕོངས་ཀྱང་། སྐུ་ངལ་དང་ཉེན་ཁ་ལ་མ་འཛེམ་པར་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པས་ཟས་གོས་སོགས་ཀྱིས་གཞན་ལས་བླུས་པ་དང༌། སྦས་སྐུང་སོགས་རྒྱུ་ཚེགས་གཉིས་ཀྱིས་རང་སྲོག་དང་བསྡོས་ཏེ་མི་ལོ་ཉི་ཤུ་ལྷག་རིང་ཉར་ཚགས་བྱས། སྐབས་དེ་བོད་མིའི་རིག་གཞུང་རྩ་བརླག་ཏུ་གཏོར་བའི་གནས་སྟངས་ཧ་ཅང་ཛ་དྲག་གི་སྐབས་སུ་ཁེལ་ཡང་། ཁོང་གཅིག་པུས་རྟེན་གསུམ་འབོར་ཆེན་འདི་ལྟ་བུ་ཉར་ཕོད་པ་དང་ཉར་ཐུབ་པ་བྱུང་བ་ལ་ཤེས་ལྡན་དག་བདེན་དྲང་དང་གཟུ་བོའི་བློས་སོམས་དང༌། ཅི་འདྲའི་ཕུལ་དུ་བྱུང་བའི་སྙིང་སྟོབས་དང་རྨད་དུ་བྱུང་བའི་ལྷག་བསམ་ཞིག་མ་རེད་ཨང༌། ཉིད་ཀྱིས་གནའ་རྫས་འབོར་ཆེན་དེ་དག་སྲུང་སྐྱོབ་མཐའ་འཁྱོལ་བྱུང་མཐར་ཆ་ཚང་ཡར་ཕུལ་གནང་མཛད་ཡོད་པ་དཀར་ཆག་ཏུ་གསལ་བ་ལྟར་ཡིན། སྤྱི་ལོ་ ༡༩༨༡ ལ་རྒྱལ་བ་ཡབ་སྲས་ཀྱི་ཐུགས་བསྐྱེད་བྱིན་མཐུ་དང༌། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ལས་བོད་མུན་གླིང་དུ་རེ་ཞིག་གྱུར་པ་ནས་རྒྱལ་བསྟན་སླར་གསོའི་ཉི་འོད་འཆར་བའི་སྐལ་བཟང་གི་དུས་སྐབས་དེར་དགོན་འདིའང་བསྐྱར་དར་གྱི་དབུ་ཚུགས། དེའི་ཚེ་རྒྱ་བོད་གཉིས་ཀྱིས་ཁོང་ཉིད་རིག་གནས་ཁང་ཟེར་བའི་ཚོགས་གཙོར་བསྐོ་གཞག་ཞུས་པ་ལྟར་སྙིང་སྟོབས་དང་ལྷག་བསམ་ཟོལ་མེད་ཀྱིས་དགོན་ཤུལ་ས་ཕུང་རྡོ་ཕུང་དུ་ལུས་ཡོད་པའི་སྟེང་ནས་ཐོག་མར་ཆོས་གྲྭའི་ཀུན་དགའི་ར་བ་བཞེངས་འགོ་ཚུགས། སྐབས་དེར་སྡེ་འབངས་རྣམས་ཀྱིས་ཀྱང་དགའ་དད་སྤྲོ་གསུམ་གྱིས་རྒྱུད་བསྐུལ་ཏེ་དཀའ་སྡུག་དང་མནར་གཅོད་ཚད་མེད་མྱོང་བཞིན་ཉར་ཚགས་བྱས་པའི་རྟེན་གསུམ་དང་གནའ་རྫས་འགངས་ཆེ། གཞན་ཡང༌། རྒྱུ་ཚེགས་ཀྱིས་ཞབས་འདེགས་རྒྱ་ཆེན་པོ་དང་རོགས་རམ་ཤུགས་ཆེན་བྱས་པ་ལ་བརྟེན་ནས། སྤྱི་ལོ་ ༡༩༨༢ ལ་ཆོས་གྲྭའི་ཀུན་དགའ་ར་བ་ལེགས་གྲུབ་བྱུང༌། དེ་དག་གི་སྐབས་ངོ་མཚར་བའི་ལྟས་བྱུང་ཡོད་པ་ནི་གྱང་ལྡེབས་སུ་དཔལ་ལྡན་ལྷ་མོ་བཞེངས་བཞིན་པ་མཇལ་སྐབས་ལྟེ་བར་ཉི་མའི་དཀྱིལ་འཁོར་དངོས་སུ་མཇལ་བ་ལྟར་བྱུང་བ་དང༌། ཁྲག་གི་ཐིག་ལེ་བབས་པ་སོགས་བྱུང་བ་རང་གིས་གསུངས། སྤྱི་ལོ་ ༡༩༨༣ ལ་ཆོས་སྒོ་ཕྱེ་བའི་ཆོག་མཆན་ཐོབ། ལོ་དེ་ག་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནས་དབུར་བྱས་ཏེ་དགོན་འདིར་མདོ་སྔགས་ཀྱི་ཆོས་ཐོག་སོ་སོ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕྱག་ལེན་སྒྲིག་གཞི་རྣམས་རིམ་གྱིས་སྔར་རྒྱུན་ལྟར་སླར་གསོ་མཛད། སྤྱི་ལོ་ ༡༩༨༥ ཡས་མས་ཙམ་ལ་དགོན་གཞུང་གི་ལས་འགན་ལས་ལོ་ཤས་བཤོལ་ཏེ། དེའི་རིང་སྐུ་བསྭོ་ཐོག་གནས་སུ་རྣམ་འདྲེན་ལྔ་པའི་སྐུ་བརྙན་ཐོག་བརྩེགས་གཉིས་པ་ཅན་རྟེན་དང་བརྟེན་པར་བཅས་པ་དང་། རྣམ་རྒྱལ་མཆོད་རྟེན་བཅས་ལེགས་གྲུབ་མཛད་པ་དང་ཆབས་ཅིག་ཏུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གནས་ནང་དུ་ཞབས་སོར་འཁོད་སྐབས་རབ་ཏུ་གནས་པའི་མཛད་སྒོ་སྤེལ། སྤྱི་ལོ་ ༡༩༨༨ ནས་སླར་ཡང་དགོན་འདིའི་འགོ་འཛིན་གནང༌། དེ་ནས་ལོ་གཅིག་གི་ནང་བླ་བྲང་གི་ཕོ་བྲང་གནའ་སྲོལ་ལྟར་གསེར་ཁང་འཆམ་ར་དང་བཅས་པ་ལེགས་པར་བཞེངས། སྤྱི་ལོ་ ༡༩༩༠ བོད་ཟླ་ ༣ ཚེས་ ༨ ལ་འདུས་ཁང་བཞེངས་འགོ་ཚུགས། སྤྱི་ལོ་ ༡༩༩༢ ལ་རྒྱ་ནག་རི་བོ་རྩེ་ལྔ། གྲུ་འཛིན་པོ་ཏ་ལ། སའི་སྙིང་པོའི་གནས། གླང་ཆེན་འགྱིང་རི་སོགས་འཛམ་གླིང་གནས་ཆེན་ཁག་ཅིག་ལ་གནས་མཇལ་ཕེབས། གྲུ་འཛིན་པོ་ཏ་ལར་རྒྱ་ནག་གི་སྲིད་འཛིན་ཅང་ཛེ་མིན་དང་ཐུག་འཕྲད་གནང་། སྤྱི་ལོ་ ༡༩༩༤ ལ་འདུས་ཁང་ཀ་བ་བརྒྱ་དང་ཉེར་ལྔ་ཡོད་པ་ཐོག་བརྩེགས་བཞི་ཅན། སྟེང་དུ་རྒྱ་ཕིབས་ཉིས་རིམ་དང་ལྡན་པ་ཞིག་ལེགས་གྲུབ་ཀྱི་དགའ་སྟོན་རྒྱ་ཆེར་སྤེལ། གཞན་ཡང་དབུས་སུ་དབྱེན་ཟླུམ་མཆོད་རྟེན། ཕྱོགས་བཞིར་རུ་གནོན་གྱི་ལྷ་ཁང་བཞི་སོགས་རྟེན་བརྟེན་པ་ཆ་ཚང་བཞེངས། ཞབས་དྲུང་བཅུ་གཅིག་པ་སྐུ་བདག་དང༌། འཕགས་ཡུལ་དུ་ཞབས་བསྐྱོད་སོགས་ལ་གྲོགས་དན་ཤུགས་ཆེར་གནང༌། མདོར་ན། དགོན་སྡེ་གསར་སྐྲུན། བོད་ཀྱི་གནའ་རྫས་རིག་གནས་སྲུང་སྐྱོབ། རང་ཡུལ་གྱི་གཙུག་ནོར་ཞབས་དྲུང་རིན་པོ་ཆེ་ལ་ཞབས་ཕྱི་སོགས་གང་ཐད་ལ་བྱས་རྗེས་ཆེན་པོ་འདི་འདྲ་ཡུལ་ཕྱོགས་གཞན་ལའང་དཀོན་ན་རང་རེའི་ཡུལ་འདིར་ལྟ་ཅི་སྨོས། གང་ལྟར་དམ་པ་དེས་སྐུ་ཚེའི་སུམ་གཉིས་ཙམ་ཡུལ་འདིའི་བསྟན་འགྲོའི་ཆེད་དུ་འཛད་ཡོད། རྒྱུན་པར་ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་དང་ཁ་ཏོན་དགེ་སྦྱོང་ལ་བརྩོན་པ། ལྷག་པར་རྒྱལ་བའི་བཀའ་འགྱུར་རོ་ཅོག་དག་ཚར་སོང་བ་སོགས་མཛད། སྤྱི་ལོ་ ༢༠༠༤ ལ་དགོན་གཞུང་གི་འགན་ལས་བཤོལ་རྗེས་སྐུ་ཚེ་གང་པོར་གཟེངས་ཐོན་སྲི་ཞུ་བསྒྲུབས་པར་དགེ་འདུན་དམངས་ཀྱིས་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་མཇལ་དར་བསྒྲོན། དགུང་ལོ་རེ་དྲུག་པ་སྤྱི་ལོ་ ༢༠༠༦ ལོར་སྐུ་གཤེགས་སོ།། །།

སྨྲས་པ།

ལོ་རབས་བཅུ་ཕྲག་དུ་མའི་དུས་ཡུན་རིང་། །

རླབས་ཆེན་སྙིང་སྟོབས་གཅིག་གི་ཡུ་བ་ལས། །

ཡུལ་འདིར་ཆོས་སྲིད་ཟུང་གི་གདུགས་དཀར་འདེགས། །

དེ་ལ་ཡི་རངས་མི་བྱེད་གཟུར་གནས་སུ། །ཞེས་སོ།། །།

གཞན་ཡང༌། བླ་མ་རྣམས་འདའ་ཁར་སྙུང་གཞི་སོགས་མེད་ཀྱང་གནས་ཁང་ལོངས་སྤྱོད་རྣམས་ཡར་མཆོད་མར་སྦྱིན་མཛད་ནས་འདས་ཚེ་བྱ་རྡོ་ཐོག་ནས་འཕུར་བ་ལྟ་བུ་རང་དབང་ཐོབ་མཁན་དང༌། འདས་ནས་སྙིང་མ་ཚིག་པའི་འདས་རྟགས་འཇོག་མཁན་དང༌། དེ་ལྟར་དེ་དང་དེས་མཚོན་པའི་དམ་པ་ཤ་སྟག་གནའ་དུས་གཉིས་སུ་ཕེབས་དང་ཕེབས་བཞིན་པ། བྱུང་དང་འབྱུང་བཞིན་པ་ལགས་པས། མཁས་མང་དགེ་འདུན་འདུ་བའི་གདན་ས་ཆེ། ཞེས་པ་ངེས་པར་དོན་ལ་གནས་པ་ཡིན་ནོ།།

འདིའི་གོང་དུ་མཁན་རབས་ལས་གཞན་པའི་ལོ་རྒྱུས་གྲས་སུ་ཡོད་པའི་སྒོ་མང་བླ་མ་དང་། ཚེ་རྣམ་དང་། བློ་བཟང་དབང་ཕྱུག་དག་ནི་མཁན་རབས་ཀྱི་གྲས་སུ་ཡིན་ཡང་། མཁན་བརྒྱུད་གསོལ་འདེབས་སུ་རབ་བྱུང་གི་མཚན་བཀོད་ཡོད་པ་དང༌། ཡུལ་འདིར་སྐྱ་མིང་གྲགས་ཡོད་སྟབས་མཁན་རབས་གང་ཡིན་མཚན་ཐོག་ནས་ངོས་འཛིན་ཞུ་མ་ཐུབ་པས་འདིར་བྲིས་པ་ཡིན་ནོ།།

འདིར་དུས་འགྱུར་སྔོན་གྱི་དམ་པ་རིམ་བྱོན་རྣམས་ཀྱི་སྐོར་རྒན་རབས་པའི་ངག་རྒྱུན་ནས་བྱུང་བ་རྣམས་ཡི་གེར་མ་འཁོད་པར་ལུས་ན་རྣམ་ཐར་དེ་དག་བརླག་པར་འགྱུར་བའི་ཉེན་ཁ་ཆེ་བར་མཐོང་ནས་རང་བློས་གང་ལྕོགས་ཤིག་བྲིས་ཟིན། སྤྱིར་དགོན་འདིར་མཁན་རབས་ལས་གཞན་པའི་སྐྱེས་བུ་དམ་པ་སྔ་ཕྱི་ཀུན་ཏུ་ཧ་ཅང་མང་པོ་ཕེབས་ཡོད་ཀྱང་། དམིགས་བསལ་བཀའ་དྲིན་གཞལ་བར་དཀའ་བའི་དགེ་སློང་རྡོ་རྗེ་ཚེ་རིང་མ་གཏོགས་བསྐྱར་དར་རྗེས་སུ་ཕེབས་པ་རྣམས་ཀྱི་སྐོར་མ་བྲིས།

སྨྲས་པ།

གང་དག་མཛད་བཟང་རྟ་བདུན་འོད་པོ་ཆེས། །

སྙིགས་དུས་རྒུད་པའི་མུན་པ་ཡོངས་སངས་ནས། །

མདོ་སྔགས་པད་ཚལ་མ་ལུས་སྨིན་མཛད་པ། །

སྐལ་ལྡན་རྐང་དྲུག་ཆོས་ཀྱི་ཟིལ་དངར་རོལ། །ཅེས་སོ། །

༣༽ མདོ་སྔགས་ཀྱི་ཆོས་ཐོག་སྐོར་བཤད་པ།

༈ གསུམ་པ་མདོ་སྔགས་ཀྱི་ཆོས་ཐོག་སྐོར་བཤད་པ་ལ། མདོ་ཕྱོགས་ཀྱི་ཆོས་ཐོག་སོ་སོ་དང༌། སྔགས་ཕྱོགས་ཀྱི་ཆོས་ཐོག་སོ་སོ་བཤད་པའོ།།

༡ མདོ་ཕྱོགས་ཀྱི་ཆོས་ཐོག་སྐོར་བཤད་པ།

དང་པོ་ལ། མདོ་ཕྱོགས་ལ་སྤྲོ་བ་བསྐྱེད་ཚུལ་དང༌། མདོ་ཕྱོགས་ཀྱི་ཆོས་ཐོག་སྐོར་བཤད་པའོ།།

མདོ་ཕྱོགས་ལ་སྤྲོ་བ་བསྐྱེད་ཚུལ།

དང་པོ་ནི། སྐྱབས་རྗེ་འཇམ་དཔལ་དགེ་འདུན་རྒྱ་མཚོས། གཞུང་ཆེན་པོ་སློབ་གཉེར་རྒྱག་དང་གཅིག །ཆོས་བྱང་ཆུབ་ལམ་རིམ་ཐོས་དང་གཉིས། །ནང་སེམས་རྒྱུད་ཆོས་ལ་ཕྱོགས་དང་གསུམ། །ད་སྐྱིད་ཀྱི་ཉི་མ་འདི་གསུམ་ཤར། །ཞེས་གསུངས་པ་ལྟར། རང་རང་གི་སྔོན་བསགས་དགེ་བའི་ལས་དང་མཐུན་པར་དངོས་དང་རྗེས་མཐུན་ཅི་རིགས་ཀྱི་སྒོ་ནས་དལ་འབྱོར་ཚང་བའི་མི་ལུས་ནི་ཐོབ། རྒྱལ་བ་ཡབ་སྲས་དང༌ཞབས་དྲུང་རིན་པོ་ཆེས་གཙོས་བཤེས་གཉེན་དག་དང་ནི་ཕྲད། བསྟན་པ་རིན་པོ་ཆེ་སྤྱི་དང༌། ཁྱད་པར་ཡབ་རྗེ་རྒྱལ་བ་གཉིས་པའི་བསྟན་པ་བཙོ་སྦྱངས་གསེར་གྱི་ཡང་ཞུན་ལྟ་བུ་འདི་ཉིད་དང་མཇལ་བར་མ་ཟད། གཞུང་ཆེན་པོ་ལྔ་སློབ་གཉེར་གནང་ས་ཡོད་པའི་སྐྱིད་ཀྱི་ཉི་མ་འདི་དང་གཅིག ཆོས་བྱང་ཆུབ་ལམ་རིམ་ཐོས་པ་བྱེད་ས་ཡོད་པའི་སྐྱིད་ཀྱི་ཉི་མ་འདི་དང་གཉིས། ནང་སེམས་རྒྱུད་ཆོས་ལ་ཕྱོགས་པའི་སྐྱིད་ཀྱི་ཉི་མ་འདི་དང་གསུམ་ཤར་བ་འདི་ཅི་འདྲའི་སྐལ་བ་བཟང་པོ། དོན་བཟང་པོ། དུས་བཟང་པོ་ཞིག་ཀྱང་མ་ཡིན་ནམ། སྤྱིར་ཉི་མ་ཤར་ཡང་ཉི་འོད་དུ་མ་བསྡད་ན་གང་ཡང་མི་ཕན་པ་བཞིན། དཔེ་ཆ་མ་གཟིགས་པའམ། ལམ་རིམ་ལ་ཐོས་བསམ་མ་བྱས་པའམ། ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པར་མ་བྱས་པ་དག་ལ་ནི་སྐྱིད་ཉི་མ་འདི་གསུམ་རང་གིས་རང་ལ་ཤར་མ་བཅུག་པར་འགེབས་པར་བྱས་པ་དང་འདྲ་བར་འགྱུར། གལ་ཏེ་འདི་དག་དང་འཕྲད་པ་དོན་མེད་དུ་བཏང་ན་དེ་ལས་གྱོང་གུན་ཆེ་བ་ཞིག་འཇིག་རྟེན་འདིར་ཡོད་པ་མ་ཡིན་ནོ། །དེས་ན་རྒྱུ་མཚན་དེའི་ཕྱིར་རྒྱལ་བསྟན་ནོར་བུའི་བང་མཛོད་ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་ཀུན་དགའ་མཐོང་གྲོལ་ཞེས་པའི་ཆོས་གྲྭ་འདིར་བཞུགས་ཀྱི་དགེ་འདུན་རྣམས་ཀྱིས་རྨོངས་པའི་དབང་གིས་ཐོས་བསམ་ཡལ་བར་བོར་ནས་ཚོང་གྲོང་ཆོག་འཚེམ་འདྲུབ་སོགས་ནོར་སྒྲུབ་པའི་ཐབས་ཙམ་ལ་འབད་པ་ནི། དལ་རྟེན་ཆུད་ཟོས་སུ་བཏང་ནས་འབྲས་མེད་ཀྱི་སྤུན་པ་འཕྱར་བ་དང༌། དུད་འགྲོའི་ཀུན་སྤྱོད་ལས་མ་འདས་པས་ཤིན་ཏུ་རྨོངས་པ། ཆེས་བླུན་པ་ཡིན་ནོ། །དེས་ན་དེ་དག་དགོན་པར་བསྡད་པ་དང༌། སྐྲ་བྲེགས་པའི་དགོས་པ་སྟོར་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པའི་ལས་རྣམས་ཤིན་ཏུ་སྤྱོད་པར་བྱེད། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང༌། །བཞོན་དང་བ་ལང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅིའི་ཕྱིར་མགོ་བོ་བྲེགས། །ཞེས་གསུངས་སོ། །དེ་ལྟར་མི་མཛད་པར་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ་རྣམས་ཀྱིས་བཀའ་པོད་ལྔས་གཙོས་རིག་གནས་ལྔ་ལ་བསླབས་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་དགོས་ཏེ། ནང་པའི་བསྟན་པ་ནི་ཤེས་རབ་ཀྱི་ཁྱད་པར་དུ་བྱས་པ་ཡིན་པས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་སྒྲུབ་པ་མ་གཏོགས་དད་པ་རྐྱང་པས་མི་ཆོག་པའི་ཕྱིར་དང༌། ཐོས་བསམ་མི་དགོས་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའང་མེད་ལ། ཡོད་ན་བཅོམ་ལྡན་འདས་དང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཐོགས་མེད། ཙོང་ཁ་པ་སོགས་འཁྲུལ་ཞེས་སྨོས་དགོས་པར་འགྱུར། དེ་སྐད་དུ་ཡང་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། ང་ཡི་བསྟན་པ་ཤེས་རབ་ཀྱི་ཁྱད་པར་དུ་བྱས་པ་ཡིན་ཞེས་གསུངས་པ་དང༌། རྗེ་བཙུན་བྱམས་པ་མགོན་པོས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་གཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པ་དང༌། སློབ་དཔོན་དབྱིག་གཉེན་གྱིས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་དང༌། འཇམ་དཔལ་དགེ་འདུན་རྒྱ་མཚོས། རབ་འབྱམས་གཞུང་ལ་སྦྱངས་པ་མི་བྱེད་པར། །རྣམ་གྲོལ་སྒྲུབ་པའི་མོ་བཤམ་བུ་འདོད་རྣམས། །བདེན་ན་སངས་རྒྱས་ཀླུ་སྒྲུབ་ཐོགས་མེད་དང༌། །ཙོང་ཁ་པ་སོགས་འཁྲུལ་ཞེས་ད་སྨོས་ཤིག །ཅེས་གསུངས་པ་དང༌། ༸གོང་ས་མཆོག་གིས། རང་རེའི་སངས་རྒྱས་ཀྱི་བསྟན་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ལ་བརྟེན་ནས་ཉམས་ལེན་བྱེད་དགོས་པ་ལས་དད་པ་གཅིག་པུས་མི་འགྲིགས་གསུངས་སོ།།

གཞན་ཡང་ལ་ལ་དག་བདག་ཉིད་ལ་བརྙས་པའི་ལེ་ལོས་དབང་པོ་རྟུལ་བ་རྒྱུ་མཚན་དུ་བྱས་ནས་མི་འབད་པ་འདི་ཡང་རིགས་པ་མ་ཡིན་ཏེ། དེང་སང་འཛམ་གླིང་ན་དོམ་གྱིས་རྐང་འཁོར་གཏོང་བ་དང༌། གླང་པོ་ཆེས་རི་མོ་འབྲི་བ་དང༌། སྤྲེའུས་ཞབས་བྲོ་རྒྱག་པ་སོགས་ཡོད་ཚུལ་འདི་དག་ལ་གཟིགས་ན། སྨྲས་ཤིང་བསྐུལ་ན་དུད་འགྲོ་ལའང་གོ་བ་ཡོད་པ་ཤེས་ནུས་པས། རྣམ་དཔྱོད་དང་ལྡན་པའི་མི་རྣམས་ཀྱིས་རིག་གནས་སྦྱངས་པ་དེ་བས་ཀྱང་ལས་སླ་བ་ལྟ་ཅི། དེ་ཡང༌། སྤྱོད་འཇུག་ལས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་དང༌། ས་སྐྱ་ལེགས་བཤད་ལས། སྨྲས་ཤིང་བསྐུལ་བར་གྱུར་པ་ན། །དུད་འགྲོ་ལ་ཡང་གོ་བ་སྐྱེ། །གསུངས་ཡོད།

འགའ་ཞིག་ན་ཚོད་མཐོ་བ་རྒྱུ་མཚན་དུ་བྱས་ནས་མི་འབད་པ་འདི་ཡང་རིགས་པ་མ་ཡིན་ཏེ། ནངས་པར་འཆི་ཡང་དེ་རིང་དཔེ་ཆ་གཟིགས་པ་སྔོན་བྱོན་དམ་པའི་རྣམ་ཐར་དང༌། རིག་པ་བསླབ་པ་དེས་ཚེ་འདིར་མཁས་པར་མ་གྱུར་ཀྱང་དེས་བག་ཆགས་ཁྱད་པར་ཅན་ཐེབས་ནས་བཅོལ་བའི་ནོར་དགོས་དུས་ཕྱིར་ལེན་ཆོག་པ་ལྟར་ཕྱི་མར་བེད་སྤྱོད་གཏོང་ཆོག་པའི་ཕྱིར། དེ་ཡང༌། ས་སྐྱ་ལེགས་བཤད་ལས། རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་གསུངས་པས་སོ།།

གཞན་ཡང༌། ཁ་ཅིག་གིས་ཐོས་བསམ་སྒོམ་གསུམ་མི་ནུས་པས་ཁ་ཏོན་དང་ཕྱག་བསྐོར་ཙམ་གྱིས་ཆོག་སྙམ་ན་དེ་ཡང་མི་རིགས་ཏེ། ཚིག་བཟང་པོ་ཞལ་ནས་གསུང་དུས། དོན་བཟང་པོ་ཡིད་ལ་བསྒོམས་ཏེ་ཁ་དོན་བྱས་ན་ཤིན་ཏུ་བཟང་ཡང༌། དེ་ནི་ཐོས་བསམ་མ་བྱས་པར་ཡོང་ཐབས་རྩ་བ་ནས་མེད་པས། དེ་མིན་གྱི་ཁ་ཏོན་སོགས་ནེ་ཙོའི་མ་ཎི་དང་མཚུངས་པ་ལས་ཕན་བྱེད་གང་ཡིན་དཀའ། ཕན་བྱེད་ཡོད་ན་ཐོག་མ་མེད་པ་ནས་ཉོན་མོངས་ཀྱི་གཞན་དབང་དུ་སོང་བ། རྡོ་ལྟར་སྲ་ཞིང་རྭ་ལྟར་འཁྱོགས་པའི་རང་སེམས་འདི་ལ་ཕན་དགོས་པ་ལས་དེ་མི་རྙེད་པའི་ཕྱིར་ཏེ། རྒྱལ་སྲས་ཞི་བ་ལྷས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱོད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པའི་དོན་མེད་གསུངས། །ཞེས་དང་། སྐྱབས་རྗེ་འཇམ་དཔལ་དགེ་འདུན་རྒྱ་མཚོས་ཀྱང༌། ཚིག་རྐང་གཅིག་གི་དོན་ལ་བསམ་བྱ་དང༌། །བྲལ་བའི་ནེ་ཙོའི་མ་ཎི་ཁ་ཏོན་མཁན། །དེ་ཡི་ཤེས་རྒྱུད་རྡོ་དང་རྭ་ཅོ་ལྟར། །སྲ་ཞིང་འཁྱོགས་ལ་ཕན་བྱེད་གང་ཡིན་སྨོས། །ཞེས་གསུངས་སོ།།

དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཐོས་བསམ་ལ་ཤ་ཐང་དུ་འབད་དགོས། དེའི་ཚུལ་ཡང་༸གོང་ས་མཆོག་གིས། སེམས་རྒྱུད་འདུལ་ཐབས་ཡིན་བསམ་པའི་ཐོག་ནས་དཔེ་ཆ་བལྟ་རྒྱུ་མ་བྱུང་ན། དཔེ་ཆ་ཇི་ཙམ་ཤེས་པ་ཡིན་ཡང་རྒྱུད་གོག་པོ་མ་དུལ་ཧྲེང་པོར་མུ་མཐུད་དེ་གནས་ན་གྲྭ་པའི་ཞབས་འདྲེན་དང༌། ཆོས་པའི་ཞབས་འདྲེན། གདན་སའི་ཞབས་འདྲེན་ཐོན་གྱི་ཡོད། གཞི་རྩའི་དཔེ་ཆ་བ་ཞིག་ཡིན་ཕྱིན་ཐ་ན་གྲྭ་ཆས་གྱོན་སྟངས་གོམས་པ་སྤོ་སྟངས་ཚུན་ཞི་ཞིང་དུལ་བ་ཏན་ཏན་ཡོད། ཧ་ཅང་ལེགས་པའི་གནས་རེད་གསུངས་པ་ལྟར། རབ་བྱུང་སྤྱི་དང༌། ཁྱད་པར་དཔེ་ཆ་བ་རྣམས་ཀྱིས་སེམས་རྒྱུད་འདུལ་ཐབས་ཡིན་པ་ལ་བསམ་བློ་ལེགས་པར་བཏང་སྟེ་སེམས་ཀྱི་འཁྱེར་སོ་འཇིག་རྟེན་རང་ག་བ་ལྟ་བུ་མ་ཡིན་པར། ཐོས་དོན་རྒྱུད་ལ་སྦྱར་ཏེ་རང་རྒྱུད་ཀྱི་ཉོན་མོངས་ཇེ་ཆུང་དང་ཇེ་ཉུང་ལ་ཡང་ཡང་བཏང་བ་ནི་དོན་ཤིན་ཏུ་ཆེན་པོ་ཡིན་ལ། གཟི་བརྗིད་ཤིན་ཏུ་ཆེན་པོའང་ཡིན་ནོ། །དེ་མ་ཡིན་པར་གཞན་ལ་བརྙས་བཅོས་དང་ཁྱད་གསོད། སྐྱོན་བརྗོད་དང་སྐུར་འདེབས་ཁོ་ནས་དུས་འདའ་བར་བྱེད་པ་ནི་དོན་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས། དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར། །གཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང༌། །འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་། །ཞེས་དང༌། ཇོ་བོ་ལྷ་གཅིག་གིས། དམན་པ་རྣམས་ལ་སྙིང་རྗེ་བསྐྱེད་ལ་ཁྱད་དུ་གསོད་དང་བརྙས་པ་སྤོངས། །དགྲ་ཟིན་སྡེ་རིས་ཀུན་ལ་ཞེན་ཅིང་ཆགས་པའི་ཕྱོགས་རིས་མེད་པར་མཛོད། །ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ་གུས་པར་གྱིས་ལ་ཡོན་ཏན་བླང༌། །གཞན་སྐྱོན་མི་བརྟག་རང་སྐྱོན་བརྟག་ལ་རང་སྐྱོན་ཁྲག་ངན་བཞིན་དུ་ཕྱུང༌། །ཞེས་དང༌། རྗེ་བླ་མས། ཆོས་མཛད་འདུག་ཚད་རྣམས་ལ་མོས་གུས་བསྐྱེད། །ཅེས་དང༌། འབྲོམ་སྟོན་པས། རང་ལ་ཡོན་ཏན་ཇི་ཙམ་ཡོད་ན་ཡང༌། །གཞན་ལ་ཁྱད་གསོད་བརྙས་པ་ཆུང་བ་མཛོད། །ཅེས་གསུངས་སོ།།

འདིར་སློབ་གསོ་ཞིག་སྤེལ་བ་ནི་རྫིག་པོ་དང་ཟུར་ཟ་ལྟ་བུའི་ཆེད་དུ་མ་ཡིན་པར། ལེགས་བཤད་རེ་ཟུང་བྱིས་པའི་ཁ་སྒོ་ནས་ཀྱང་འབྱུང་བ་སྲིད་ཅེས་པའི་དཔེ་ལྟར། བླུན་རྨོངས་རང་དང་སྐལ་མཉམ་དག་ལ་སློབ་གསོ་ཅུང་ཙམ་རེ་ཐེབས་ན་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། གཟུ་བོའི་བློས་ཉན་འཇོག་རེ་བྱས་ན་སློབ་གསོའི་བྲོ་བ་རེ་སྟེར་ངེས་ཀྱི་སྔོན་བྱོན་མཁས་པའི་གདམས་ངག་འགའ་བསླབ་བྱར་བཀོད་དོ། །

མདོ་ཕྱོགས་ཀྱི་ཆོས་ཐོག

༈ གཉིས་པ་ནི། ཆོས་མདོ་སྔགས་གཉིས་ཀ་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་མེད་དུ་མི་རུང་བ། དཔེར་ན། བྱ་ནམ་མཁར་འཕུར་བ་ལ་གཤོག་སྒྲོ་ཟུང་དགོས་པ་ལྟར་ཡིན་ཞེས་སྔོན་དེང་མཁས་གྲུབ་རྣམས་ཀྱི་གསུང་རྒྱུན་ལ་ཡོད་པ་ལྟར། གནད་ཀ་དེའི་དབང་གིས་འདི་ཡང་མདོ་སྔགས་ཟུང་འབྲེལ་གྱི་དགོན་པ་ཞིག་ཏུ་ཆགས་ཡོད་ལ། དེས་ན་གཞུང་པོ་ཏི་ལྔའི་འཆད་རྩོད་དང༌། རྗེ་བླ་མའི་ཡི་དམ་གསང་བདེ་འཇིགས་གསུམ་གྱི་བསྐྱེད་རིམ་སྒོམ་བཟླས་སོགས་ཉམས་སུ་ལེན་སའི་མདོ་སྔགས་ཀྱི་ཆོས་ཐོག་སོ་སོར་ཡོད་ཅིང་། དགོན་པ་འདིའི་མདོ་ཕྱོགས་ཀྱི་སློབ་གཉེར་གནང་སའི་གཞུང་ནི། ཡོངས་སུ་གྲགས་པའི་ཡིག་ཆ་ཆེན་མོ་བཞིའི་ཡ་གྱལ་མཁས་གྲུབ་བསྟན་དར་བའི་གསུང་ཡིན་གཤིས། བསྡུས་གྲྭ་འཛིན་གྲྭར་རྭ་སྟོད་བསྡུས་གྲྭ་དང་། ཞབས་དྲུང་དྲུག་པའི་བསྡུས་གཞུང་དང་། བརྗེད་ཐོ་སོགས་དང་། བསྡུས་ཆེན་འཛིན་གྲྭར་ཞབས་དྲུང་དྲུག་པ་ཆེན་པོའི་བློ་རིག་དང་རྟགས་རིགས། དོན་བདུན་ཅུ་སོགས་དང་། གཞུང་གསར་འཛིན་གྲྭ་ནས་རྒྱན་རྩ་བ་གཞིར་བཟུང་ནས་མཁས་གྲུབ་བསྟན་དར་བའི་ཕར་ཕྱིན་སྤྱི་མཐའ་དང་། འགྲེལ་བ་དོན་གསལ། གསེར་ཕྲེང་། རྣམ་བཤད་སྙིང་རྒྱན། རྟོགས་དཀའི་སྣང་བ། དྲང་ངེས་ལེགས་བཤད་སྙིང་པོ། དགོན་འདིའི་བཤེས་གཉེན་མཁྱེན་རབ་ཀྱི་ས་ལམ་གྱི་རྣམ་བཞག་དགོངས་དོན་གསལ་བའི་སྒྲོན་མེ་སོགས་རྒྱ་བོད་ཀྱི་གཞུང་ཆེན་རྣམས་དང་། དབུ་མ་འཛིན་གྲྭ་ལ་དབུ་མ་འཇུག་པ་གཞིར་བཟུང་ནས་མཁས་གྲུབ་བསྟན་དར་བའི་དབུ་མ་སྤྱི་མཐའ་དང་། དགོངས་པ་རབ་གསལ། རྩ་ཤེ་ཊཱིཀ་ཆེན་སོགས་དང་། འདུལ་བ་འཛིན་གྲྭར་པཎ་ཆེན་བློ་གྲོས་ལེགས་བཟང་གི་འདུལ་བ་གཞུང་འགྲེལ་དང་སྤྱི་དོན། ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱི་འདུལ་སྡོམ་སོགས་དང་། མཛོད་འཛིན་གྲྭར་ཆོས་མངོན་པའི་མཛོད་རྩ་བ་གཞིར་བཟུང་ནས་མཆིམས་མཛོད་དང་། རྒྱལ་དབང་མཛོད་སོགས་ཡིན།

མདོ་ཕྱོགས་ཀྱི་ཆོས་ཐོག་སྐོར་ནི། ལོ་རེ་ལ། དཔྱིད་ཆོས། དབྱར་ཆོས། བཅུ་ཆོས། དབྱར་གནས། སྟོན་ཆོས་རྣམས་ཡོད་པ་ལ། བཅུ་ཆོས་ཉིན་བཅུ། དབྱར་གནས་ཟླ་བ་གཅིག་དང་ཕྱེད། དེ་མིན་ཟླ་བ་རེ། ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་གི་དགོང་མོར་ཁ་དོག་འཛིན་གྲྭ་བ་རྣམས་ཀྱིས་དྷཱིཿསྐད་བཏང་སྟེ་ཡར་ཚོགས། རྩོད་པ་བཙུགས། མཁར་བརྡ་བཏང་བ་དང་མཉམ་དུ་འདུས། སྐྱབས་འགྲོ་སེམས་བསྐྱེད། སྒྲོལ་མ་ཚར་བཅུ་གཅིག རྒྱལ་བ་བྱེ་བ་མ། ཤེར་སྙིང་ཚར་དགུ། ཆོས་སྐྱོང་ཞལ་ཚང་ལ་གཏོར་འབུལ། བསྟན་འབར་མ་བཅས་གསུངས་རྗེས་གྲྭ་མང་ནས་དྷཱིཿསྐད་བཏང༌སྟེ། རྩོད་ཟླ་ཡུན་ཙམ་གནང་ནས་གྲོལ། དེ་ཆོས་ཐོག་ཡར་ཚོགས་ཐམས་ཅད་ལ་འདྲ།

ཆོས་གྲྭའི་སྒྲིག་གཞི་ནི། ༡ཡར་ཚོགས་སྒྲིགས། ༢གྲལ་ལ་བཞུགས་སྒྲིགས། ༣འདོན་པ་གསུང་སྒྲིགས། ༤ཁ་ཁྲིམས་ཀྱི་བཀོད་པ། ༥གོང་ལ་གཅིག་ལ་གཉིས་ཐུག་གི་ཟླ་བོ་སྒྲིག་ལུགས། ༦རྩོད་པ་མཛད་ཚུལ། ༧བརྩི་བཞག་ཞུ་ལུགས། ༨འཛིན་གྲྭ་འུབས་ལུགས། ༩བརྩི་བཞག་སྐྱོར་ལུགས། ༡༠ཕྲེང་བ་དཀྲུག་ལུགས། ༡༡འཛིན་གྲྭ་སོ་སོའི་ནང་དུ་རྩོད་པ་མཛད་ཚུལ། ༡༢ན་བཟའ་ཆས་སྐོར། ༡༣མཁོ་བའི་ཡོ་བྱད་སྐོར། ༡༤སྐྲ་རིང་དང་གྲི་རིང་སྐོར། ༡༥གནང་བ་ཞུ་ལུགས། ༡༦མར་གྲོལ་སྒྲིགས། ༡༧མཚན་སྐྱོང་སོ་སོའི་སྐོར། ༡༨རྩོད་རྒྱུགས་རིང་ཐུང་གི་སྐོར། ༡༩བློ་རྒྱུགས་སྐོར། ༢༠བུ་ཚབ་དང་སྐུ་གཉེར་གྱི་སྐོར། ༢༡ཆོས་ཕོགས་སོ་སོའི་སྐོར་སོགས་རིམ་པ་མང་དུ་ཡོད་པ་ལས།

དང་པོ་ཡར་ཚོགས་སྒྲིགས་ནི། སྔ་མོར་མདུན་རིའི་རྩེར་ཉི་ཟེར་ཕོག་པ་དང༌བླ་མ་ཚོགས་སྐད་བས་ས་གཞི་བྱིན་རླབས་སྔོན་དུ་བཏང་ནས་རྡོ་ཏིང་རྡུང༌། ཚོགས་སྐད་རིང་ཐུང་དྲུག་སྒོ་སྐད་དང་བཅས་པ་བརྒྱབས། དུང་འབུད་གཉིས་ཀྱིས་ཟླ་གམ་དབུ་ཞྭ་བཅས་ལེགས་བཞེས་ཀྱིས་དུང་བརྡ་རྒྱུན་རིང་བ་ཞིག་བཏང༌། གནའ་བོའི་དུས་སུ་ཆོས་གྲྭའི་སྐབས་སྔ་མོར་རྒྱུན་ཇ་རྒྱུན་དུ་ཡོད་པ་དང༌། ཞོགས་ཚོགས་གྲོལ་ནས་མཚམས་མཚམས་སུ་གྲྭ་ཇ་དང༌། མཚམས་མཚམས་སུ་མང་ཇ་ཡོད་ངེས་ཀྱང་རིམ་བཞིན་ཉམས་ཆག་ཏུ་སོང་བ་ཡིན་ཏེ། སྔོན་གྱི་ཡིག་རྙིང་ལ་དེ་ལྟར་སྣང་བ་དང་། མ་ཟད་ད་ལྟ་ཆོས་གྲྭའི་རིང་ཚོགས་སྐད་རྒྱག་པ་འདི་གནའ་སྔ་མོར་རྒྱུན་ཇ་ཡོད་པས་དེའི་ཚོགས་བརྡ་ཡིན་ཟེར་སྲོལ་ཡང་འདུག་པ་དང༌། ཞོགས་ཚོགས་གྲོལ་ནས། གྲྭ་ཚང་ལས་སྣེ་གཉིས། ཚོགས་བཤད་པ། ཆབ་རིལ་བ་བཞིས་གྲྭ་ཇ་ཚོགས་བཞིན་པ་ལས་ཤེས་ཐུབ་བོ། །དེང་སང་ནི་ཚོགས་སྐད་དྲུག་གི་རིང་ལ་རང་ཤག་ཏུ་གསོལ་ཇ་བཞེས། དབྱར་དུས་སུ་འདུས་ཁང་དབུ་རྩེ་དང༌། དགུན་དུས་སུ་ཕོ་བྲང་དབུ་རྩེར་ཉི་ཟེར་ཕོག་སྐབས་མཁར་བརྡ་བཏང་ནས། དེ་དང་མཉམ་དུ་གྲྭ་མང་ཟླ་གམ་དང་དབུ་ཞྭ་ལེགས་བཞེས་ཀྱིས་ཕྱི་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན། ནང་འབྱོར་ལྡན་བསོད་ནམས་བསོག་པའི་ཞིང་ས་ཟེར་བ་ལྟར་ཕེབས་ཏེ་ཞོགས་ཆོས་ཚོགས།

གཉིས་པ་གྲལ་ལ་བཞུགས་སྒྲིགས་ནི། ཟླ་གམ་ཐང་ལ་བཏིང་པ་ལྟ་བུ་གཡས་བུད་དང་གཡོན་བུད་མེད་པ་དཀྱིལ་མ་བུག་པ་དང༌། ཆོས་འདོན་ཡོད་པའི་སྐབས་ལ་དང་པོར་གྲལ་འཁྱོག་པོ་དང་རིང་ཐུང་མེད་པ། སྐེད་མ་ཆད་པ་བཞི་བསྒྲིགས། མཁར་རྔ་འཐེང་བརྡུངས་ཟིན་པ་དང༌། ཚོགས་མང་གྲལ་ལ་འཇགས་པ་དང༌། དབུ་མཛད་ཆེན་མོས་འདོན་པའི་དབུ་ལེན་པ་གསུམ་དུས་མཉམ་དགོས་ཟེར་བ་ཚོགས་གཏམ་གྱི་གཙོ་བོ་ཡིན།

གསུམ་པ་འདོན་པ་གསུང་སྒྲིགས་ནི། ཆོས་འདོན་ཡོད་པའི་སྐབས་ལ་འབུམ་གླེགས་བམ་གཉིས་ཞལ་ཕྱེ། གྲལ་རེར་ཕྱེད་ཀ་རེ་བྲིམས་ནས་གསུང་དགོས། དག་འདོན་གྱི་ཆེད་དུ་དཔེ་རིང་གཅིག་གི་སྔོན་རྒྱབ་ཀྱི་ཡིག་ཕྲེང་བསྡོམས་པས་བཅུ་བཞི་གང་དུ་གསུང་མཚམས་ཡོད་ཀྱང་འདིར་ཡོད་ཅེས་ཆོས་བརྡ་མི་འདྲ་བ་བཅུ་བཞིའི་སྒོ་ནས་སྤྲད་རྒྱུ་ཡོད། དེ་ནི་སྔོན་གྱི་ལྡེབ་ངོས་ཀྱི་ཡིག་ཕྲེང་དང་པོ་ལ་ཡོད་ན་དབུ་གཟུགས་ལ་ཡོད་དོ་ཟེར་ནས་ཆོས་བརྡ་གཏང་དགོས། དེ་བཞིན་དུ་ཡིག་ཕྲེང་གཉིས་པ་ལ་གཅིག་འོག་མ། གསུམ་པ་ལ་གཉིས་འོག་མ། བཞི་པ་ལ་མཚམས་གཟིགས། ལྔ་པ་ལ་གསུམ་མཇལ་མ། དྲུག་པ་ལ་གཉིས་མཇལ་མ། བདུན་པ་ལ་གཅིག་མཇལ་མ་ལ་ཡོད་དོ་ཟེར་བ་དང༌། རྒྱབ་ཀྱི་ཡིག་ཕྲེང་དང་པོ་ནས་བདུན་པའི་བར་དུ་རིམ་པ་བཞིན་རྒྱབ་མཐོན་པོའི་དབུ་གཟུགས། རྒྱབ་ལོགས་གཅིག་འོག་མ། རྒྱབ་ལོགས་གཉིས་འོག་མ། རྒྱབ་ལོགས་མཚམས་གཟུགས། རྒྱབ་ལོགས་གསུམ་མཇལ་མ། རྒྱབ་ལོགས་གཉིས་མཇལ་མ། རྒྱབ་ལོགས་གཅིག་མཇལ་མ་ཟེར་ནས་སྔོན་གྱི་ཕྱག་སྲོལ་ལྟར་ཆོས་བརྡ་སྤྲད་དེ་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་དབུ་མཛད་ཀྱི་གཡོན་ཕྱོགས་ཀྱི་གྲལ་སྣེར་བསྐུར། དགེ་སྐོས་ཀྱིས་བརྡ་སྤྲད་པ་བཞིན་གྲལ་སྣེ་ནས་དགེ་འདུན་པ་གཉིས་ཀྱིས་ཡི་གེ་ལ་ཚགས་འཛིན་དང་སྐུ་འཆིང་བཅིང་དགོས། ཆོས་འདོན་ཟླ་ཆོས་རེའི་འགོར་གསུམ། དེ་ནས་བཅོ་ལྔ། ཉེར་ལྔ། གནམ་སྟོང་རྣམས་ལ་རེ་རེ་སྟེ་ཁྱོན་དྲུག་ཡོད། དབྱར་གནས་ལ་དེའི་སྟེང་ཆོས་འདོན་གསུམ། བཅུ་ཆོས་ལ་ཆོས་འདོན་གསུམ་ལས་མེད། ཐུན་རེ་ལ་གླེགས་བམ་གཉིས་རེ་དང༌། ཟླ་ཆོས་རེ་ལ་ཡུམ་རྒྱས་པ་ཚར་རེ་འགྲོ་ངེས་དགོས། ཞོགས་ཚོགས་ལ་ཞབས་དྲུང་གི་སྐུ་བསྟོད་གསོལ་འདེབས་དྲུག་ཉིན་རེར་གཉིས་རེ་གསུངས་ནས་རེས་མོ་དང༌། ཤེར་སྙིང་ཚར་གསུམ་རྣམས་གསུངས། དགེ་སྐོས་ཀྱིས་སྐྱབས་འཇུག་སྙན་ཞུས་ཕབ། གུང་ཚིགས་ལ་ཤེར་སྙིང་ཚར་གསུམ། ༸གོང་ས་མཆོག་དང༌ཞབས་དྲུང་གཉིས་ཀྱི་ཞབས་བརྟན་སྨོན་ཚིག མཁན་བརྒྱུད་གསོལ་འདེབས་བཅས་གསུངས། དགོང་མོའི་སྐུ་རིམ་ལ། སྐྱབས་འགྲོ་སེམས་བསྐྱེད། དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་དམིགས་བརྩེ་མ་སྟོང༌། ཨ་ར་པ་ཙ་སྟོང༌། སྒྲོལ་མ་དར་ཅོག་མ་ཟེར་བ་ཚར་ཉེར་གཅིག ལེགས་བྲིས་མ་དང༌། ཡན་ལག་བདུན་པ་གཉིས་རེས་མོ། གདུགས་དཀར་མཛོ་འགྲོས་མ་ཟེར་བ་ཚར་གཅིག ཤེར་སྙིང་གི་དོན་ཟབ་མོ་ལ་ཐུགས་བསམ་བཞེས་ཁོམ་ཡོད་པ་ལྟ་བུའི་རྒྱས་པ་ཚར་གཅིག་སྟེ་ཁྱོན་ཚར་བཅོ་བརྒྱད། དེའི་རིང་དགེ་སྐོས་ཀྱིས་སྒོ་བརྒྱབ་སྟེ་ཁྲི་ལ་བཞུགས་དགོས། དེ་ནི་དགེ་འདུན་པས་ཟབ་མོ་སྟོང་པ་ཉིད་ལ་ཐུགས་གཞོལ་བའི་གནད་ཀྱིས་ཡིན་གསུངས། སེང་གདོང་མ། ལོ་གྱོན་མའི་གཟུངས་སྔགས་སྟོང༌། ཆོས་སྐྱོང་རྣམས་ལ་གཏོར་འབུལ་བསྡུས་འདོན། བསྟན་འབར་མ། བཀྲ་ཤིས་ཚིགས་སུ་བཅད་པ་བདུན་རེས་མོ་གསུངས་ནས་གྲྭ་མང་གིས་དྷཱིཿསྐད་བཏང་ནས་རྩོད་ཟླ་གནང་། ཡར་ཚོགས་ཀྱི་སྐུ་རིམ་ལ་དགའ་ལྡན་ལྷ་བརྒྱ་མ་དང༌། དམིགས་བརྩེ་མ། ཨ་ར་པ་ཙ། སེང་གདོང་མ། ལོ་གྱོན་མ་བཅས་གསུང་མི་དགོས། མདོར་ན་འགོའི་སྐུ་བསྟོད་ནས་མཐར་བསྟན་འབར་མའི་བར་གྲྭ་པ་ཆོས་གྲྭ་བ་ཡིན་ཕྱིན་ཐུགས་ལ་ཡོད་དགོས།

བཞི་པ་ཁ་ཁྲིམས་ཀྱི་བཀོད་པ་ནི། ལྟག་འགབ་སུ་ཡིན་རུང་ཆོས་གྲྭ་འདིའི་ནང་ཕེབས་པ་ནས་བཟུང་ངག་འཁྱལ་བཤད་པ་ལྟ་ཞོག གྲལ་འཛིན་གཡས་གཡོན་ཧ་གོ་མི་ཆོག་པ་ལྟ་བུས་བཞུགས་དགོས།

ལྔ་པ་གོང་ལ་གཅིག་ལ་གཉིས་ཐུག་གི་ཟླ་བོ་སྒྲིག་ལུགས་ནི། ལྟག་མ་ལྟག་མ་ལ་སང་བརྡ་གནངས་བརྡ་ཕུལ་ནས་བློ་སྐྱེད་ཐོན་ངེས་པ་རེ་དང་ཟླ་བོ་སྒྲིག་པ་མ་གཏོགས་རྡོ་དང་རྡོ་ཐུག་པ་ལྟ་བུར་བཞུགས་མི་ཆོག

དྲུག་པ་རྩོད་པ་མཛད་ཚུལ་ནི། གཞུང་གསར་རྙིང་དང༌ཁ་དོག་ལྟག་འགབ་མེ་འབར་འབར། ཆུ་ཁོལ་ཁོལ་ལྟ་བུ་ཡིན་ཟེར་དོན་ལྟར། ཐམས་ཅད་ཀྱིས་ལུང་དང་རིགས་པ་ཤ་རེ་བར་ཤ་ཆོད་རུས་ཆོད་ཀྱིས་རྩོད་པ་མཛད་དགོས།

བདུན་པ་བརྩི་བཞག་ཞུ་ལུགས་ནི། འཛིན་གྲྭ་གསུམ་པོས་གཏང་རག་གི་ཚུལ་དུ་ཕྱག་གསུམ་དང༌། གཟན་རྐྱང་དང་པོ་མན་ཆད་ཀྱིས་གུས་པའི་ཚུལ་དང༌། གཏང་རག་གི་ཚུལ་དུ་ཕྱག་གསུམ་རེ་འཚལ་དགོས། ཕྱག་དེ་ཡང་ཡན་ལག་ལྔ་ཐུག་གི་ཕྱག་མཚན་ཉིད་པ་ཕུལ་བ་ལས་རྒྱའི་ཙོང་ཡུས་ལྟ་བུ་མི་ཆོག དེའི་སྐབས་མཛོད་པ་བ་ལ་མཛོད་རྩ་བ་དང༌། འདུལ་བ་འཛིན་གྲྭ་ལ་ཀུན་མཁྱེན་བློ་གྲོས་ལེགས་བཟང་གི་འདུལ་བ་གཞུང་འགྲེལ། དབུ་མ་འཛིན་གྲྭ་ལ་མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད། ཕར་ཕྱིན་པ་རྣམས་ལ་མཁས་གྲུབ་བསྟན་དར་བའི་ཕར་ཕྱིན་མཐའ་དཔྱོད། བསྡུས་ཆེན་འཛིན་གྲྭ་ལ་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོའི་བློ་རིག་དང་རྟགས་རིགས། དེ་མན་གྱི་བསྡུས་གྲྭ་བ་རྣམས་ལ་རྭ་སྟོད་བསྡུས་གྲྭ་བཅས་ནས་མཁན་པོས་བརྩི་བཞག་རྒྱུན་དུ་གནང༌བ་དང་། འཛིན་གྲྭ་སོ་སོས་ངེས་པར་དུ་ཐུགས་ཐོག་ནས་སྐྱོར་དགོས།

བརྒྱད་པ་འཛིན་གྲྭ་སྒྲིག་ལུགས་ནི། སྐྱོར་དཔོན་དབུས་སུ་བཞུགས་ནས་གྲལ་གྲུ་བཞི་མ་ཁོ་ན་སྒྲིག་པ་ལས། རྔ་གཡོག་གི་དབྱིབས་ལྟ་བུའི་གྲལ་སྣེ་ཕན་ཚུན་རིང་ཐུང་ཤོར་བ་དང༌། སྲན་འུབས་ལྟ་བུ་ཟླུམ་པོ་སོགས་སྒྲིག་མི་ཆོག

དགུ་པ་བརྩི་བཞག་སྐྱོར་ལུགས་ནི། རྩོད་པའི་རྩ་བ་བརྩི་བཞག་ཡིན་ཞེས་ཚོགས་གཏམ་ལ་ཡོད་པ་ལྟར། བརྩི་བཞག་འདི་ནི་གནད་གལ་ཤིན་ཏུ་ཆེ་བས་དགེ་སྐོས་གྲལ་མཇུག་ཏུ་རིམ་བཞིན་ཕེབས་ཚེ་གཟན་རྐྱང་དང་པོ་ནས་ཁ་དོག་བར་ལྟག་འགབ་ཀུན་གྱིས་ཐུགས་ཐོག་ནས་རིམ་བཞིན་སྐྱོར་དགོས། དགེ་སྐོས་ཀྱིས་བརྩི་བཞག་ཐུགས་ལ་ཡོད་མེད་ཞིབ་གཟིགས་གནང་སྟེ་མེད་པ་ལ་ཉེས་ཆད་མཛད་སྲོལ་ཡོད།

བཅུ་པ་ཕྲེང་བ་དཀྲུག་ལུགས་ནི། གཅིག་བབས་ན་དམ་བཅའ་བ། གཉིས་བབས་ན་རིགས་ལམ་བ་ཟེར་བ་ལྟར། ཕྲེང་བ་དཀྲུག་པ་མ་གཏོགས་ལྟག་མ་བས་རྒྱུན་དུ་རིགས་ལམ་དང་དམ་བཅའ་མཛད་ནས་འགབ་མ་བ་ཚོའི་ཆོས་སྐལ་གཅད་མི་ཆོག

བཅུ་གཅིག་པ་འཛིན་གྲྭ་སོ་སོའི་ནང་དུ་རྩོད་པ་མཛད་ཚུལ་ནི། མཆོག་གི་ཆོས་གྲྭ་ཆེན་པོའི་རྩ་བའི་རྩ་བ། སྙིང་པོའི་སྙིང་པོ་རྩོད་པ་ཡིན་པས། འཛིན་གྲྭ་སོ་སོའི་ནང་དུ་བརྩི་བཞག་སྐྱོར་རྗེས་རྩོད་པ་གོང་ལྟར་མཛད། སྒྲིགས་ལྟ་བ་པོས་ཀྱང་འཆད་ཉན་ཡར་རྒྱས་འགྲོ་བའི་ཐབས་ཚུལ་འདི་ལ་ཐུགས་རྟོག་ཆེན་པོ་གནང་དགོས་པ་དང༌། སྒྲིགས་ཁུར་བ་པོ་རྣམས་ཀྱིས་ཀྱང་ཆོས་གྲྭ་འགྲིམ་པ་ཟེར་བ་སྐུ་རིམ་འདོན་པ་ཙམ་ལ་མི་ཟེར་བར། རང་ནུས་དང་བསྟུན་ཏེ་འཆད་རྩོད་བྱེད་པ་ལ་ཟེར་བ་ནི་གནའ་དེང་ཚོགས་གཏམ་གྱི་རྩ་བ་ཡིན། རྩ་བ་བོར་ནས་ཡལ་གའི་སྟེང་འགྲོ་བ་ནི་ཤིན་ཏུ་ཐ་ཆད་པ་དང༌མི་རིགས་པ་ཡིན་པས། སྒྲིགས་གཞི་གཞན་རྣམས་ཆོས་གྲྭ་འདིའི་ཡན་ལག་ལྟ་བུ་ལས་གཙོ་བོ་ནི་མ་ཡིན་ནོ། །དེས་ན་རྩོད་པ་མེད་ན་གཅིག་ནས་འདི་ཉིད་རྒྱལ་བསྟན་ནོར་བུའི་བང་མཛོད་ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་ཀུན་དགའ་མཐོང་གྲོལ་མ་ཡིན་པར་འགྱུར་བ་དང༌། གཉིས་ནས་བཙུགས་པའི་དགོས་པ་སྟོར་བར་འགྱུར་རོ། །

བཅུ་གཉིས་པ་ན་བཟའ་ཆས་སྐོར་ནི། རྩེ་ཞྭ་ནི། ཟེ་སྒྲོ་དང་ཞྭ་ལག་མེད་པ། ཞྭ་གདོང་རལ་བ། ཁ་དོག་ཕོ་རོག་ལྟར་ནག་པོ་མ་ཡིན་པར་ཞྭ་སེར་བསྟན་པའི་ཞྭ་མོ་ལེགས་པར་བཞེས་དགོས། ཟླ་གམ་ལ་གོང་རྒྱན་པདྨ་ཧྭ་གོས་མེད་པ། སྐེད་མ་བཅད་པ། ནང་ནས་གྲྭའི་ལྷན་སེར་པོས་མ་ཁྱབ་པ་ལྟ་བུ་མ་ཡིན་པ་ཚད་མཐུན་གྱི་ཟླ་གམ་མནབ་དགོས། སྟོད་འགག་ནི། གྲྭའི་ལྷན་མེད་པ་སོགས་དང༌། ལྤགས་རིགས་ཀྱི་འགག་རིང་བསྡུས་གྲྭ་བས་མནབ་མི་ཆོག །སྐུ་གཟན་དང་སྐུ་ཤམ་ནི། དམ་ཆོས་འདུལ་བ་དང་མཐུན་པའི་ཁ་དོག་དང་ཚད་མཐུན་མ་གཏོགས། སྐུ་ཤམ་གྲྭའི་ལྷན་མེད་པ། སྐུ་གཟན་ཐུང་དང་ཕྲ་དྲགས་པ་སོགས་མནབ་མི་ཆོག ཞབས་ལྷམ་ཡང་མོ་ལྷམ་དང་ཐོང་ལྷམ་ལྟ་བུ་མ་ཡིན་པར་གང་ལེགས་བཞེས་དགོས་སོ། །

བཅུ་གསུམ་པ་མཁོ་བའི་ཡོ་བྱད་ནི། ཆོས་གྲྭ་བ་ཡིན་ཕྱིན་ཟླ་གམ། རྩེ་ཞྭ། བྱང་ཆུབ་གདོང་དྲུག་གམ་བོདྷི་ཙིཏྟའི་ཕྲེང་བ། ཆབ་རིལ། མཎྜལ་རྣམས་ཡིན།

བཅུ་བཞི་པ་སྐྲ་རིང་དང་གྲི་རིང་སྐོར་ནི། སྐྲ་སོར་གཅིག་གྲི་སོར་གཉིས་ཟེར་བ་དཔེ་ལ་ཡོད་ཀྱང་། རབ་ཏུ་བྱུང་བས་མཚོན་འདོགས་མི་ཆོག་པ་དངོས་བསྟན་རེད། དབུ་སྐྲ་སོར་གཅིག་ཙམ་ནས་འབྲེག་དགོས། དེ་ཡང་སྐྲ་གྲིས་བསིལ་བ་མ་གཏོགས་འདུལ་བའི་བཅས་ཁྲིམས་དང་མི་མཐུན་པ་ཆན་པས་བྲེག་མི་ཆོག་གོ།

བཅོ་ལྔ་པ་གནང་བ་ཞུ་ལུགས་ནི། རྒྱུ་མཚན་མེད་པའི་གནང་བ། རྒྱུ་མཚན་མ་ངེས་པའི་གནང་བ། རྒྱུ་མཚན་སྔོན་དུ་མ་སོང་བའི་གནང་བ། གནང་བ་འབོག་སྒྲིལ་མ། བཞེངས་པ་ལ་འདུག་ནས་ཞུ་བ། བཞུགས་པ་ལ་ལངས་ནས་ཞུ་བ། ནད་པ་མ་གཏོགས་གྲྭ་ཤག་ཏུ་ཞུ་བ་སོགས་གཏན་ནས་མི་ཆོག མདོར་ན་མཆོག་གི་ཆོས་གྲྭ་ཆེན་པོའི་རིང་ལ་རྔ་ལུ་གནམ་ལ་འགེལ་མི་ཆོག་ཟེར་ནས་ཚོགས་གཏམ་འབུལ་བ་ལྟར། གནང་བ་ཚོད་མེད་ཞུ་མི་ཆོག

བཅུ་དྲུག་པ་མར་གྲོལ་སྒྲིགས་ནི། བརྩི་བཞག་ཡོད་པའི་སྐབས་ལ། དགེ་སྐོས་ཀྱིས་འཛིན་གྲྭ་གསུམ་པོ་ལ་རིམ་བཞིན་ཕྱག་བརྐྱངས་ཏེ་གྲྭ་ཤག་ལ་ཕེབས། དེ་རྗེས་གཟན་རྐྱང་དང་པོས་གྲོལ་ཚོད་བཟུང་ནས་ཁ་དོག་བར་རིམ་གྱིས་གྲོལ། བརྩི་བཞག་མེད་པའི་ཚེ་རྩོད་ཟླ་བསྒྲིགས་ནས་རྩོད་པ་མཛད་དགོས། དེ་ཡང་དགེ་སྐོས་ཀྱིས་དམིགས་བརྩེ་མ་ཕྲེང་སྐོར་གསུམ་གྱི་རིང་སྐོར་གཡེང་བརྒྱབ་ནས་གྲྭ་ཤག་ཏུ་ཕེབས་རྗེས་གསོལ་ཇ་བཞེས་དཀར་གང་གསོལ་ཚར་བའི་ཚོད་ཙམ་ལ་མ་གཏོགས་གྲོལ་མི་ཆོག

བཅུ་བདུན་པ་མཚན་སྐྱོང་སོ་སོའི་སྐོར་ནི། ཆོས་གྲྭ་གང་ཡིན་གྱི་དུས་ཆེན་སོ་སོར་མཁན་པོས་བརྡ་སྤྲད་དེ་ཁ་དོག་ནས་ཡར་གཟན་རྐྱང་དང་པོའི་བར་འཛིན་གྲྭ་རེ་རིམ་བཞིན་ཆོས་གྲྭར་ཕེབས་ནས། འཛིན་གྲྭ་སོ་སོའི་སྐབས་ཐོབ་ཀྱི་རྩོད་པ་གནང་དགོས།

བཅོ་བརྒྱད་པ་རྩོད་རྒྱུགས་རིང་ཐུང་གི་སྐོར་ནི། དཔྱིད་ཆོས་ནས་འགོ་བཟུང་གཟན་རྐྱང་དང་པོ་ནས་གཞུང་གསར་བར་དང༌། དེ་ནས་ཁ་དོག་ནས་བསྡུས་ཆེན་བར་མཁན་པོ་དང་དགེ་སྐོས་གཉིས་ཀྱིས་གཟིགས་རྟོག་ནན་ཆེར་མཛད་དེ། ལེགས་གྲས་ལ་དར་དཀར་དང་གཟེངས་བསྟོད། ཉེས་གྲས་ལ་སྨད་ར་དང་ཉེས་ཆད་མཛད་ནས་རྩོད་རྒྱུགས་ལེན་དགོས།

བཅུ་དགུ་པ་བློ་རྒྱུགས་ཀྱི་སྐོར་ནི། ཧོར་ཟླ་གསུམ་པའི་གནམ་སྟོང་ནས་གཟན་རྐྱང་དང་པོ་མན་ཆད་ལ་བློ་རྒྱུགས་ལེན། དེ་ཡང་ཤོག་གྲངས་མདའ་ཚད་མ་ཉེར་ལྔ་ཡན་ཆད་རེ་འཕྲོད་ངེས་དགོས། མ་འཕྲོད་ན་ཤོག་གྲངས་དང་མཉམ་པའི་ཆོས་གྲྭའི་ཤིང་སྡོང་རྩར་ཆུ་བླུག་དགོས། མ་ཟད་མང་ཚོགས་མཐའ་ནས་ཆུ་སྣོད་སྟོང་པ་ཁུར་དེ་བསྐོར་བ་བྱེད་བཅུག་པ་སོགས་ཀྱིས་ཆད་ལས་འགེལ་སྲོལ་ཡོད།

མཚན་སྐྱོང་དང༌། རྩོད་རྒྱུགས། བློ་རྒྱུགས་རྣམས་ལ་དགེ་སྐོས་དང་མཁན་པོ་གཉིས་ཀྱིས་འགན་བཞེས་དགོས།

ཉི་ཤུ་པ་བུ་ཚབ་ལྷ་གཉེར་གྱི་སྐོར་ནི། བུ་ཚབ་ནི་སྟོང་འཁོར་དགོན་པའི་མངག་པའི་ཕོ་ཉ་ཡིན་པས་ཉིན་ཕྱེད་མཚན་ཕྱེད་ནམ་བོས་ཀྱང་རྔ་ཐོག་སྲན་མ་ཡར་བ་ལྟར་རྒྱུག་དགོས། ཆོས་གྲྭ་གསར་རྙིང་གི་ལྷ་གཉེར་ནི་ཆོས་གྲྭ་ཚོགས་མ་འཚོགས་གང་གི་སྐབས་ཡིན་ཡང་རང་རང་གི་འགན་ལ་ཡོད་པ་ལྟར། ལྷ་ཁང་སོ་སོ་དང་ཀུན་དགའ་ར་བ་གསར་རྙིང་གཙང་སྦྲ་དང་བདག་གཉེར་ཡག་པོ་བྱེད་དགོས། བུ་ཚབ་དང་ལྷ་གཉེར་རྣམས་ལ་རྟེན་དོད་དང་དཀར་རྩི་སྨུག་རྩི་གསོལ་བའི་འགྲོ་གྲོན་ཐད་དུ་འགྱེད་ཕོགས་ལྷག་པོ་ཡོད་པས་རང་རང་གི་འགན་འཁྲི་རྣམས་མ་བསྐུལ་དང་ལེན་བྱེད་དགོས།

ཉེར་གཅིག་པ་ཆོས་ཕོགས་སོ་སོའི་སྐོར་ནི། གསོལ་ཕོགས་འདི་ནི་གྲྭ་པ་ཆོས་གྲྭ་བའི་འཚོ་བའི་རྟེན་དོད་ཡིན་པས། དུས་ཚོད་གཏན་འཁེལ་ལྟར་གཉེར་བ་སོ་སོས་བཤས་ཚོང༌། ཆང་ཚོང༌། དུ་ཚོང༌། སྐུ་གསུང་ཐུགས་རྟེན་གྱི་ཚོང་སོགས་ཀྱི་སྐྱེད་ཀ་ལྟ་བུ་མ་ཡིན་པར་རྒྱུ་རྫས་གཙང་སིང་ངེ་བས་གསོལ་ཕོགས་སྤྲད་དགོས།

ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་ལ་གྲོལ་བས་ཞོགས་ཆོས་ལ་སྐྱབས་འགྲོ་སེམས་བསྐྱེད། སྒྲོལ་མ་ཚར་གསུམ། རྒྱལ་བ་བྱེ་བ་མ། ཤེར་སྙིང་ཚར་གསུམ། གཏོར་འབུལ་ཆ་ཚང༌། མཁའ་མཉམ་མ། སྐུ་བསྟོད། ༸གོང་ས་མཆོག་དང་ཞབས་དྲུང་གཉིས་ཀྱི་བརྟན་བཞུགས་གསོལ་འདེབས། བསྟན་རྒྱས་མ། ཡོན་ཏན་གཞིར་གྱུར་མ། དེའི་མཚམས་མཁན་པོས་འཕྲོས་གཞུང་དང་བསྔོ་ཡིག་རྣམས་གསུངས། བསྟན་འབར་མ་དང་བཀྲ་ཤིས་གསུངས་ནས་གྲོལ། མཁན་པོའི་དྲུང་དུ་བཅར་ཏེ་སྐྱེ་བ་ཀུན་ཏུ་རྗེ་བླ་མའི་བསྟན་པ་དང་མཇལ་བའི་རྟེན་འབྲེལ་དུ་རྗེ་སྐུས་ཕྱག་དབང་གནང་བ་ལེན་ནས་གྲོལ། དེ་ཉིན་བྱང་དུ་ཤམྦྷ་ལའི་ཞིང་བཀོད་ཐང་ག་བཤམས་པ་དང༌། མཁན་པོས་དེར་སྐྱེ་བའི་སྨོན་ཚིག་གསུངས་པ་དང༌། དབུ་མཛད་ཞལ་བྱང་དུ་ཕྱོགས་ནས་བཞུགས་པ་གསུམ་གྱིས་དེར་སྐྱེ་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིགས། དེ་རྣམས་ཆོས་གྲྭ་གང་ཡིན་ལ་འདྲ།

མཁན་པོའི་ལས་སུ་བྱ་བ་ནི་དཔྱིད་ཆོས་སྐབས་གཟའ་སྐར་བཟང་པོར་ཆོས་འཁོར། བཀའ་བསྟན་བཅོས། བྱམས་གཞུང༌། ཡང་དག་མཐའ། སེམས་བསྐྱེད། སྐྱབས་གསུམ། སྦྱོར་ལམ། རིགས་རྣམས་ཀྱི་ཚོགས་ལངས་བ་བཅུ་དྲུག་བསྐོ་གཞག་དང༌། ཤི་བོའི་སྔས་མགོར་ཕེབས་པ་མ་གཏོགས་ཆོས་གྲྭར་ཕེབས་ཏེ་བརྩི་བཞག་གནང་བ་དང༌། ཆོས་འཆད་པ། རྩོད་རྒྱུགས་དང་འདོན་རྒྱུགས་བླང་བ་སོགས་ཡིན།

གྲྭ་ཚང་དགེ་སྐོས་ཀྱི་འགན་ལས་ནི། སྒྲིགས་གཞིའི་བདག་པོ་ལྟ་བུ་ཡིན་པས་རྒྱུན་དུ་སྒྲིགས་གཞི་གཙོ་སྐྱོང་གནང་བ་དང༌། དཔྱིད་ཆོས་ཀྱི་མགོར་ཕྱོགས་འདིའི་ཆོས་འབྱུང་མདོར་བསྡུས་དང་འབྲེལ་སྒྲིགས་གཞིའི་སྟེང་ནས་ཚོགས་གཏམ་དང༌། མཇུག་ཏུ་བསྔོ་བ་རྫོགས་བྱང་དང་འབྲེལ་བའི་ཚོགས་གཏམ་མཛད། ཆོས་གྲྭ་གཞན་གྱི་སྐབས་སུ་ཆོས་འབྱུང་གསུང་མི་དགོས་པ་དང༌། བཅུ་ཆོས་འགོར་ཚོགས་གཏམ་མེད་པ་མ་གཏོགས་གཞན་ཐམས་ཅད་ལའང་འདྲའོ། །

གྲྭ་ཚང་དབུ་མཛད་ཀྱི་འགན་ལས་ནི། གཙོ་བོ་འདོན་པའི་ཁུར་བཞེས་པའི་ཞར་ལ་སྒྲིགས་གཞི་ལ་ལྟ་སྐྱོང་མཛད་དགོས། ཆོས་གྲྭ་འདིའི་ཐད་ཀྱི་བྱ་གཞག་ཕྲ་རགས་ཐམས་ཅད་ལ་གྲྭ་ཚང་ལས་སྣེ་གསུམ་གྱིས་འགན་བཞེས་ཡང་དག་པ་གནང་དགོས་སོ། །

གླིང་བསྲེ་དམ་བཅའ་ཡོད་ན་དཔྱིད་ཆོས་ཟླ་གཅིག་གི་རིང་གླིང་བསྲེ་བཞིས་ཁ་དོག་ནས་འདུལ་བའི་བར་དུ་བློ་སྐྱེད་འདོན་པའི་ཆེད་དུ་དམ་བཅའ་འཇོག

འདིར་ཟུར་བཀོལ་གྱི་ཚུལ་དུ་ཞུ་རྒྱུ་ལ། རྩོད་པའི་སྐབས་ཀྱི་ཕྱག་ཞབས་ཀྱི་རྣམ་འགྱུར་སོགས་སྲོལ་གཏོད་པ་པོ་དང་མཚོན་དོན་རྣམས་གང་ཞེ་ན། འདི་དག་ནི་སྔོན་གསང་ཕུ་དགོན་པར་ཆ་པ་ཆོས་ཀྱི་སེངྒེས་སྲོལ་དེ་གཏོད་པ་ཡིན་པར་གྲགས། དེ་ནས་བཟུང་དེང་སང་གི་བར་བོད་ཀྱི་གྲུབ་མཐའ་ཆེན་པོ་རྣམས་ལ་རིམ་གྱིས་ས་དར་རྡོ་དར་དུ་བྱུང་བ་ཡིན་འདུག རྩོད་པའི་དབུ་བཟུང་ཚུལ་ལ་ཀྭ་ཡེ་ཇི་ལྟར་ཆོས་འཆད་ཅེས་དང༌། དྷཱིཿཇི་ལྟར་ཆོས་འཇལ་ཞེས་རྣམ་པ་གཉིས་བྱུང་ཡོད། དང་པོ་ནི་ཀྭ་ཡེ་ཞེས་པ་རྣམ་དབྱེ་བརྒྱད་པ་བོད་སྒྲ་ཡིན་པས། སྔ་རྒོལ་ལ་བོས་ནས་ཆོས་ཉན་པར་བསྐུལ་བ་ཡིན་པ་དང༌། གཉིས་པ་ནི་དྷཱིཿཞེས་པ་མི་ཤེས་པ་དང་མ་རིག་པའི་གཉེན་པོ་གཞོན་ནུའི་རྣམ་པར་ཤར་བ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ས་བོན་ངག་ཏུ་བརྗོད་ནས་ཇི་ལྟར་ཇི་སྙེད་ཀྱི་ཆོས་རྣམས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་སྲང་ལ་འཇལ་ཚུལ་འདི་ལྟར་རོ་ཞེས་བརྡ་སྔོན་དུ་བཏང་བ་ཡིན་གསུངས།

ཕྱག་ཞབས་ཀྱི་རྣམ་འགྱུར་ནི། བཀའ་གདམས་གླེགས་བམ་ལས། རྐང་གཡས་ས་ལ་རབ་བསྣུན་པས། །ངན་སོང་ཡོང་ཡེ་ཡོང་མ་གྱུར། །རྐང་གཡོན་ཅུང་ཟད་གྱེན་བཏེག་པས། །ཐམས་ཅད་ང་དང་ལྷན་ཅིག་ཏུ། །ཐར་པའི་ལམ་དུ་ཕྱིན་པར་ཤོག །ཕྱག་རྒྱ་ཕྱོགས་སུ་རབ་སྤུར་བས། །བཀྲ་ཤིས་ཕྱོགས་མཐར་རྒྱས་པར་ཤོག །ཕྱག་རྒྱ་ཕྱོགས་སུ་རབ་བསྐྱོད་པས། །དཔལ་འབྱོར་དབང་དུ་འདུ་བར་ཤོག །ཅེས་གསུངས་པ་ལྟར། ཞབས་གཡས་ས་ལ་བསྣུན་པས་ངན་སོང་གི་སྒོ་བཀག་པ་དང༌། ཞབས་གཡོན་གྱེན་དུ་བཏེག་པས་ཐམས་ཅད་ཐར་ལམ་དུ་འདྲེན་པ་དང༌། ཕྱག་གཉིས་ཀྱིས་ཕྱག་རྒྱ་ཕྱོགས་སུ་སྤུར་བ་དང་བསྐྱོད་པས་བཤད་སྒྲུབ་ཕྱོགས་མཐར་རྒྱས་ཤིང་དཔལ་འབྱོར་གཡང་དུ་འདུ་བར་མཚོན་ནོ། །

༈ ཧོར་ཟླ་བཞི་པའི་ཚེས་བརྒྱད་ལ་དབྱར་ཆོས་ཡར་ཚོགས་བྱེད། སྐུ་རིམ་སོགས་གོང་བཞིན། ཚོགས་ལངས་པ་རྣམས་ཀྱིས་གཞུང་གསར་ཡན་གྱི་སྐྱོར་དཔོན་སོ་སོར་སང་བརྡ་གནངས་བརྡ་ཕུལ་ནས་འཛིན་གྲྭ་སོ་སོར་དམ་བཅའ་འཇོག དེའི་རིང་དང་པོ་ཉིན་གསུམ་ལ་དགུང་མོར་སྐུ་རིམ་ཡོད་ལ། དེ་ནས་འཇིགས་བྱེད་བདག་འཇུག་སྐབས་ཉིན་བཅུ་གསུམ་ལ་དགོང་མོར་སྐུ་རིམ་མེད། དགུང་ཚིགས་དགོང་མོར་ཚོགས། དགུང་ཚིགས་སྐབས་སུ་མཁན་པོས་ཕུན་ཚོགས་དགེ་ལེགས་སོགས་དབུ་སྐུལ་གནང༌། གྲྭ་མང་གིས་མཎྜལ་འབུལ། དེ་ནས་མཁན་པོས་སངས་རྒྱས་ཆོས་ཚོགས་མ་དབུ་སྐུལ་ལན་གསུམ་གནང་སྟེ། སྔོན་འགྲོ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དོན་ངོ་སྤྲོད་མཛད། དེ་ནི་གྲྭ་མང་གིས་བདག་འཇུག་ལེན་བཞིན་པའི་སྐབས་དང་འཁེལ་བའི་གནད་ཀྱིས་ཡིན། དངོས་གཞི་ལ་རྗེའི་ལམ་རིམ་ཆེན་མོའི་བཀའ་ཆོས་གནང་སྲོལ་ཡོད། འདིར་མ་ཟད་དབྱར་གྱི་རིང་ཆོས་གྲྭ་གང་ཡིན་ལ་ལམ་རིམ་བཀའ་ཆོས་ཡོད། སྔོན་འགྲོར་དབང་དོན་རྫོགས་མཚམས་སུ་སྟོན་པའི་བཀའ་དྲིན་རྗེས་དྲན་གྱི་དོན་དུ་སྐྱེས་རབས་སོ་བཞི་པ་དང༌། སེམས་བསྐྱེད་ཀྱི་སྟ་གོན་སྦྱོར་བའི་ཚོགས་བསོག་གི་ཆེད་དུ་སྦྱོར་བའི་ཆོས་དྲུག་རྣམས་རིམ་བཞིན་སྙན་ཞུ་མཛད་དགོས། དེའི་ཉེར་བཞི་དང༌། ཉེར་ལྔ་ལ་ཆོས་མཚམས། ཧོར་ཟླ་ལྔ་པའི་ཚེས་བདུན་གྱི་ཞོགས་པར་དབྱར་ཆོས་གྲོལ། ཉིན་བཅུ་ལ་ཆོས་མཚམས། དེའི་བཅུ་བདུན་ལ་བཅུ་ཆོས་ཡར་ཚོགས། ཉེར་དྲུག་གི་ཞོགས་པ་ནས་གྲོལ། ཕྱི་ཉིན་ནས་ཕར་ཕྱིན་འཛིན་གྲྭ་ཆིབས་གྲལ་བསྒྲིགས་ནས་སྐུ་བསྭོ་ཐོག་གནས་སུ་ཕེབས། ཕར་ཕྱིན་ཆོས་ཐོག་དེར་ཚོགས། ཉིན་རེར་དགེ་སྐོས་བརྗེ་ལེན་གྱིས་ཚོགས་གཏམ་འབུལ་བའི་ཐོག་ནས་སྒྲིགས་གཞི་བསྐྱངས། ཚེས་བཞིའི་རྗེས་སུ་མ་གཏོགས་སྒར་འཁྱམས་དང་གནས་ལ་བསྐོར་བ་ཕེབས་པ་སོགས་མི་ཆོག སྐྱོར་དཔོན་ནས་མདོ་གསུངས་ཏེ་གསོ་སྦྱོང་ཚོགས། སྐབས་དེར་ཡུལ་དགོན་གཉིས་ཀ་སྤྲོ་སྐྱིད་ལ་རོལ་པའི་དུས་ཡིན་པས། ཕར་ཕྱིན་འཛིན་གྲྭ་མ་ཡིན་པའི་གྲྭ་པ་གཞན་རྣམས་ཀྱིས་ཀྱང་དེར་གསོ་སྦྱོང་མཛད་ན་དགོན་པར་གསོ་སྦྱོང་ལ་ཕེབས་མི་དགོས་པའི་གནང་བ་ཡོད། ཚེས་གསུམ་དང་བཞི་ལ་ཕར་ཕྱིན་མཛད་སྒོ་ཆེན་མོ་ཡིན། གསུམ་གྱི་ཞོགས་པར་ཡུལ་དགོན་མང་ཚོགས་ཁྲོད་དུ་སྐྱོར་དཔོན་གྱིས་བཀའ་ཆོས་གསུངས་པ་དང༌། དགེ་སྐོས་ཀྱིས་ཁྲིམས་གཏམ་བཏང་བ་ལ། ཀྱལ་ཀ་དང་ཀུ་རེའི་ཆེད་དུ་དགའ་སྤྲོ་དགེ་སྐུལ་གྱིས་ཕྱིར་རྒོལ་གྱི་གཏམ་དང་རྟེན་འབྲེལ་ལེགས་པའི་རྒོད་གཏམ་སྣ་ཚོགས་བཤད་སྲོལ་ཆགས། མ་ཟད་ཚོགས་ལངས་མཛད་པ། བརྒྱ་འབུལ་གྱི་འབུལ་བ་ཕུལ་བ། སེངྒེ་དང༌། གཡག་འཆམ་པ་སོགས་ཡོད། དགུང་ཚིགས་རྗེས་སུ་བླ་མ་མཆོད་པའི་ཚོགས་མཆོད་ཕུལ་ནས་ཐབ་རེའི་ཐོག་ལ་ཚོགས་དང་བཞེས་སྤྲོ་ཆེན་པོ་རེ་སྟེར་བའི་ཕྱག་སྲོལ་བཟང་པོ་གནས། ཕྱག་སྲོལ་འདི་ལ་རྒྱ་རིགས་ཡུལ་སྐོར་སྤྲོ་འཁྱམ་པ་ཞིག་གིས་ཟེར་རྒྱུ་ལ་མི་དམངས་ཁུངས་ནས་ཡར་བསྡུ་བ་ལས་དགོན་པའི་ཁུངས་ནས་མར་འགྲོ་གྲོན་བཏང་བ་གང་དུའང་དཀོན་པས་འདི་རིགས་ཤིན་ཏུ་ལེགས་ཟེར། དེར་བརྟེན་རང་གི་ཚོར་སྣང་ལའང་བདེན་པ་འདྲ་ཞིག་མཐོང་ནས་དེས་མཚོན་སྔར་ཡོད་དེ་དག་ལ་དོ་སྣང་དང༌། གསར་དུ་ཁ་ཚ་དགོས་གཏུགས་བྱེད་པ་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་སྐབས་འདིར་གལ་ཆེན་དོན་ཆེན་ཞིག་རེད་བསམ་གྱིན་འདུག ཆོས་ལུགས་ལ་དར་ནག་དང་ཆོས་པ་ལ་དར་ནག་འཕྱར་མཁན་གྱི་མིང་ཐོགས་དོན་ཡང་། ཡར་བསྡུ་བ་ལས་མར་བཏང་བ་མེད་པའི་གནས་ཚུལ་འདི་འདྲའི་རྐྱེན་པས་རེད་སྙམ།

དགོན་སྡེ་ཞིག་ལ་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་གྱི་ཕྱག་ལེན་ཡོད་དགོས་ལ། ཟླ་བ་རེའི་བཅོ་ལྔ་དང༌། གནམ་གང་གཉིས་ལ་གསོ་སྦྱོང་རེ་དང༌། ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ནས་བདུན་པའི་ཉེར་དགུ་བར་དབྱར་ཁྲིམས་ཁས་བླངས་པའི་དབྱར་གནས་དང༌། དེའི་གནམ་གང་ལ་དབྱར་གནས་གྲོལ་ནས་དགག་དབྱེ་སྟེ། བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ཡོད་པས། འདིར་ཧོར་ཟླ་དྲུག་པའི་ཚེས་བཅུ་བཞི་བཅོ་ལྔ་གང་རུང་ལ་གསོ་སྦྱོང༌། དེ་ལ་མདོ་རྩ་བ་ལས། ཚུལ་ཤིང་འབྲིམ་པར་འགྱུར་གྱི་དགེ་འདུན་ཐམས་ཅད་འདུ་བར་བྱའོ། །ཞེས་དང༌། ལུང་ལས། རབ་བྱུང་སྡེ་ལྔ་གས་ཁས་བླང་བར་བྱའོ། །ཞེས་དང༌། མཚམས་ནང་དེ་ན་གནས་པ་རྣམས་ཀྱིས་ཀྱང་ཁས་བླང་བར་བྱའོ། །ཞེས་པ་ལྟར། དགེ་ཚུལ་སློང་ཐམས་ཅད་ཀྱིས་ཚུལ་ཤིང་བླངས་ནས་དབྱར་གནས་པར་ཞལ་གྱིས་བཞེས་དགོས། ཚུལ་ཤིང་བླངས་རྗེས་དགེ་ཚུལ་སློང་དེ་སྙེད་ཀྱིས་ཚུལ་ཤིང་བཞེས་སོ་ཞེས་གོ་བར་བྱ། དེ་ལ་ཐམས་ཅད་ཀྱིས་ལེགས་པར་བཞེས་སོ་ཤིན་ཏུ་བཞེས་སོ་ཞེས་བརྗོད་དགོས་སོ། །དེ་ནས་གནས་མལ་སྟོབ་པ་དང་བསྔོ་སྨོན་མཛད་ནས་གྲོལ། ཕྱི་ཉིན་སྐྱ་རེངས་ཤར་བ་ན་དགེ་ཚུལ་སློང་ཀུན་གྱིས་འདུས་ཁང་དུ་དབྱར་ཁས་ལེན་མཛད། དབྱར་གནས་ཁས་ལེན་པ་ལ་དགོས་པ་ཡོད་དེ། ལུང་ལས། གཞན་གྱི་ལུས་སྲོག་ལ་གནོད་པ་སྤོང་བ་དང༌། བྱ་བ་མང་བ་སྤོང་པ་དང༌། འདོན་པ་དང༌། བསམ་གཏན་དང༌། ཀློག་པ་སོགས་དགེ་བའི་བྱ་བ་འཕེལ་བ་དང་ཞེས་གསུངས་པ་ལྟར་ཡིན་ནོ། །

དེང་སང་དབྱར་གྱི་ཁྲིམས་སུ་གྲྭ་ཤག་གི་ཉེ་འཁོར་གྱི་ལྡུམ་བུ་ཆེ་ཆུང་མང་པོ་བཅད་ནས་སྲོག་ཆགས་ཕྲ་མོ་མང་པོར་གནོད་པ་མངོན་སུམ་དུ་བཏང་བ་འདི་ཕན་ལས་གནོད་ཆེ་སྙམ། གཅིག་ལ་དགེ་སློང་གིས་ཉེ་འཁོར་གཙང་བ་ལ་གད་སྙིགས་གཙང་བ་ལས་གཞན་སྐྱེས་པ་གཅོད་མི་རིགས། གཉིས་ལ་དབྱར་གནས་སྲུང་བ་རང་གཞན་གྱི་ལུས་སྲོག་ལ་གནོད་པ་ཉུང་ཐབས་ལས་མང་ཐབས་མ་ཡིན། གསུམ་ལ་དབྱར་གནས་སྐབས་སུ་སད་སེར་བཟློག་ཐབས་མཛད་པ་སྲོག་ཆགས་ལ་གནོད་པ་སྤོང་བ་ཡིན་ནོ། །

བཅུ་དྲུག་ལ་དབྱར་གནས་ཡར་ཚོགས། ཉིན་གུང་ལ་གླིང་བསྲེ་བཞིའི་བསང་གསོལ། དགོང་མོར་མཆོད་ཁ་གསོལ། བཅུ་བདུན་ནས་གླིང་བསྲེ་དམ་བཅའ་ཉིན་བཞི་ལ་ཡོད། དེ་ལ་ཞོགས་ཆོས་ལ་འདོན་པ་ཚར་རྗེས་གླིང་བསྲེ་རང་གིས་བཤད་པ་གསུངས། དེ་ནས་མཁན་པོས་རྟགས་གསལ་གསུང་བའི་བར་མཚམས་སུ་གྲོལ་ཆུང་ལ་ཕེབས། དགེ་སྐོས་ཀྱིས་དེ་ཙམ་ལགས་ཞེས་པ་གཉིས་དང༌། ཡོངས་མངའ་ལགས་ཞེས་པ་གཅིག་སྟེ་གསུམ་གྱིས་བཞུགས་བརྡ་ཕུལ་དགོས། དེ་མཁན་ཟུར། གླིང་བསྲེ། དགེ་བཤེས་ཀུན་ལ་འདྲ། མཁན་པོས་རྟགས་གསལ་ཚར་རྗེས་གྲོལ་ཏེ་ཚོགས་ཆེན་འཚོགས། དེ་ལ་གླིང་བསྲེ་རང་གིས་སྐུ་ཡོན་སོགས་ཀྱིས་བསྙེན་བཀུར་གྱ་ནོམ་པ་མཛད་པ་དང༌། སྤོས་བསྐོར་ལ་ཕེབས་སྲོལ་ཡོད། དེ་གྲོལ་ཏེ་དགུང་ཚིགས་ཚོགས། དེ་ལ་མཁན་ཟུར་ནས་གླིང་བསྲེ་བར་རིམ་གྱིས་རྟགས་གསལ་གསུངས་ནས་གྲོལ། དེ་ནས་གྲྭ་ཤག་ཏུ་མཁན་པོ། མཁན་ཟུར། གླིང་བསྲེ། དགེ་བཤེས། མཛོད་པ་བ། ལས་སྣེ། ཁང་ཚན་གཅིག་པའི་གྲྭ་པ་རྣམས་ཀྱིས་གཙོས་བཞུགས་གྲལ་བ་སེར་སྐྱ་མང་ཙམ་དྲངས་ཏེ། འབྲས། ཞོ་མར་ཁུ་སོགས་ཀྱིས་བསྙེན་བཀུར། དགོང་མོར་ཚོགས་ཏེ་མཛོད་ཀྱི་སྐྱོར་དཔོན་ནས་རྟགས་གསལ་གསུང་པ་ལ་དགེ་སྐོས་ཀྱིས་ཡོངས་མངའ་ལགས་ཞེས་པས་བཞུགས་བརྡ་ཕུལ་ཚེ་བཞུགས་ཆོག གཞན་ལའང་དེ་འདྲ་ཡིན། ཉི་མ་ནུབ་རྗེས་སུ་འཛིན་གྲྭ་གསུམ་པོ་མ་གཏོགས་པ་རྣམས་ཐུག་གྲལ་ལ་ཕེབས་ནས་མཚན་སྐྱོང་ཚོགས། མཚམས་འཇོག་ཁར་ཚིག་བཀྲ་གསུངས་ཏེ་གྲོལ། ཉེར་བཞི་ནས་ཚོགས་ལངས་བ་བཞི་རེས་རིམ་བཞིན་བསང་བསྐོར་དང༌། མཆོད་ཁ་གསོལ། ཉེར་ལྔར་ཆོས་འཁོར། བཀའ་བསྟན་བཅོས། ཉེར་དྲུག་ལ་བྱམས་གཞུང༌། ཡང་དག་མཐའ། ཉེར་བདུན་ལ་སེམས་བསྐྱེད། སྦྱོར་ལམ། ཉེར་བརྒྱད་ལ་སྐྱབས་གསུམ། རིགས་རྣམས་ཀྱི་ཚོགས་ལངས། དེ་ལ་གྲྭ་པ་རེས་ཚོགས་ལངས་གསུམ་རེ་རྒྱག་དགོས་པས་གསར་པ་བརྒྱད་དང༌། རྙིང་པ་བརྒྱད། གསར་པས་བཞུགས་གྲལ་ལ་མཁན་པོ། མཁན་ཟུར། གླིང་བསྲེ། དགེ་བཤེས། ལས་སྣེ་རྣམས་དྲངས་ཏེ་འབྲས་ཚོད། ཞོ་མར་ཁུ་སོགས་གསོལ་ཆས་གྱ་ནོམ་པ་འབྲིམ། ཚེས་བདུན་ནས་དགུ་བར་དབྱར་གནས་ཕྱེད་ཀྱི་ཆོས་མཚམས། ཕྱིར་ཚོགས་ནས་རྗེ་ཙོང་ཁ་པའི་ལམ་རིམ་བླ་བརྒྱུད་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཅེས་བྱ་བ་བདུད་རྩི་འབེབས་སྦྱངས་བཅས་དབྱངས་རྟ་ཐུན་མོང་མིན་པས་གསུངས། ཉེར་བདུན་ལ་ཆོས་གྲྭ་གྲོལ། དགོང་མོར་སེམས་བསྐྱེད་སྟ་གོན། གྲྭ་མང་གིས་ཆོས་གོས་བགོས། གདིང་བ་བཏིང༌། གྲྭ་མང་འཛོམས་རྗེས་མཆོད་གཡོག་པས་མཁན་པོ་དྲངས། དམིགས་བརྩེ་མ་རྟ་བཏང༌། ཁྲི་ཕྱག་འཚལ་ཏེ་གདན་ལ་འཁོད་རྗེས་གྲྭ་མང་གིས་ཀྱང་ཕྱག་འཚལ་ཏེ་བཞུགས། དགའ་ལྡན་ཁྲི་རིན་པོ་ཆེའི་ཕྱག་ལེན་ལྟར། མཁན་པོས་དབུ་བསྐུལ་ཏེ། མཁའ་ལ་སྤྱོད་པ་ནས་སེང་གདོང་བསྙེན་པ། ཏདྱཐཱ་ནས་བགེགས་རིགས་སྟོང་ཕྲག་བར། ཕུན་ཚོགས་དགེ་ལེགས་སོགས་ནས་ལྷ་དང་ལྷ་མིན་བར་གསུངས། དབུ་མཛད་ཀྱིས་གསུང་ཆོས་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་དབུ་སྐུལ་གནང་། ཚོགས་ཞིང་གསལ་འདེབས་སོགས་ཞིབ་རྒྱས་བསྩལ་ཏེ་དབུ་མཛད་ལ་གསུང་དབྱངས་བཟང་པོས་འདོན་པར་གསུང་བར་སྐུལ། དབུ་མཛད་ཀྱིས་ས་གཞི་བྱིན་རླབས་ནས་བཟུང༌། ཚོགས་ཞིང་སྤྱན་འདྲེན། ཁྲུས་གསོལ། དྲི་གོས་རྒྱན་འབུལ། འདོད་ཡོན་སྣ་ལྔ། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། ལྟུང་བཤགས། སྤྱི་བཤགས། ལམ་མཆོག་སྒོ་འབྱེད་སོགས་ཞལ་འདོན་གྱི་རིམ་པ་ཚར་རྗེས། སེམས་བསྐྱེད་སྟ་གོན་གྱི་གསུང་ཆོས་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྟ་གོན་གྱི་བཀའ་ཆོས་བསྩལ། ཆོས་ཚོགས་མ་ལན་གསུམ། ཕ་མ་སེམས་ཅན། བྱང་ཆུབ་སེམས་མཆོག དཔལ་ལྡན་བླ་མའི་ཞེས་སོགས་གསུངས། དེ་ནས་གཏང་རག་གི་མཎྜལ་ཕུལ་ཏེ་གྲོལ། དངོས་གཞིའི་ཉིན་སྔ་མོར་ཁ་དོག་འཛིན་གྲྭས་ཆག་ཆག་དང་གད་བདར་བྱེད་པ། དེའི་གོང་མས་གཙང་སྦྲ་དང་ལྡན་པས་མཆོད་པ་བཅའ་བཟོ་བྱེད་པ། ལྟག་མ་བ་རྣམས་ཀྱིས་ཆོས་ཀློག་པ། མཎྜལ་འབུལ་བ། ཕྱག་འཚལ་བ། སཙྪ་དང་སྐུ་གཟུགས་བཞེངས་པ། གཏོར་མ་བརྒྱ་རྩ་གཏོང་བ་སོགས་ཀྱིས་སྦྱོར་བའི་ཚོགས་བསོག་ལ་འབད་དེ་ཞོགས་ཚོགས་བྱེད། གུང་ཚིགས་ལ་བླ་མཆོད་ཚོགས་འཁོར་ལ་རོལ། དགོང་མོར་ཞལ་འདོན་གྱི་རིམ་པ་ཅུང་རྒྱས་ཙམ་ལས་ཕལ་ཆེར་སྟ་གོན་དང་འདྲ། སེམས་བསྐྱེད་སྡོམ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། མཁན་རིན་པོ་ཆེ་ནས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ནས་འབྱུང་བ་ལྟར་གྱི་འབོག་ཆོག་རྒྱས་པའི་སྒོ་ནས་སེམས་བསྐྱེད་ཀྱི་སྡོམ་པ་འབོག བསྔོ་ཡིག་གསུངས། དགེ་རྩ་བཅོལ། གཏང་རག་མཎྜལ་ཕུལ། བསྟན་འབར་མ་གསུངས་ཏེ་གྲོལ། དེའི་ཕྱི་ཉིན་གསོ་སྦྱོང་བཅུ་བཞི་པ་དང་བསྟུན་ཏེ་དགག་དབྱེ་བཅུ་བཞི་པ་བྱ། དགག་དབྱེ་དགེ་འདུན་རྣམས་ལ་རྩྭ་བྲིམས་ཏེ་གསུམ་རེའི་མདུན་དུ་སྔགས་ཚིག་ལན་གསུམ་རེ་དང༌། ཐབས་ལེགས་བྱ། མཇུག་དུ་དགེ་ཚུལ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ། །ཞེས་གོ་བར་བྱ། ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད། རྩྭ་ཆོག་ནི། རྩྭ་ཕན་ཚུན་རྩེ་སྤྲོད་དུ་ཉལ་བ་འདྲ་བར་བྱས་ཏེ་ཕྱོགས་གཉིས་ནས་ཕན་ཚུན་འདུད་པར་འགྱུར་བའི་བརྡ་ཐབས་སུ་གནང་བའི་ཕྱག་ལེན་ཞིག་གོ །དེ་ནས་དར་དཀར་རེ་ཡར་བསྡུས་ཏེ་རྫས་ཀྱི་དགག་དབྱེ་བྱ། དེང་སང་དབྱར་རལ་བ་རྣམས་ཀྱིས་དགག་དབྱེ་མི་བྱེད་པ་ལྟ་བུ་སྣང་ཡང༌། མི་རིགས་ཏེ་དབྱར་རལ་མ་རལ་གང་ཡིན་ཡང་དགག་དབྱེ་མ་བྱས་ན་ཉེས་བྱས་འབྱུང་བར་འདུལ་བ་ལས་གསུངས་སོ། །ལྗོངས་རྒྱུ་ལ་བསྭོ་ཐོག་གནས་ནང་དུ་ཕེབས་པའི་སྲོལ་ཡོད་འདུག

ཧོར་ཟླ་དགུ་པའི་ཚེས་བཅུ་བདུན་ལ་སྟོན་ཆོས་ཡར་ཚོགས། འདིའི་སྐབས་མཁན་པོས་བཀའ་ཆོས་དང་གྲྭ་མང་གིས་མཎྜལ་འབུལ་མི་དགོས། དེ་མིན་གཞན་དང་འདྲ། དེའི་ཉེར་གཉིས་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་ལ་ཚོགས་ཆེན་དུ་ཞབས་དྲུང་སྐྱེ་ཕྲེང་བདུན་པས་མཛད་པའི་རྗེ་བླ་མ་ལ་བརྟེན་པའི་དམིགས་བརྩེ་མའི་བུམ་སྒྲུབ། རིལ་བུ་དགེ་འདུན་པ་སོ་སོ་དང༌། རང་སྡེའི་དུད་ཚང་སོ་སོར་སྐལ་ལྷག་ཆད་མེད་པར་སྦྱིན། འདིས་ཆམ་རིམས་སོགས་འགོག་པ་མངོན་སུམ་གྱིས་གྲུབ་པས་ཡུལ་འདིས་དམ་རྫས་རྩ་ཆེན་གྱི་གྲས་སུ་རྩི་མཐོང་ཤིན་ཏུ་ཆེ། དེའི་བཅུ་དྲུག་ལ་སྟོན་ཆོས་གྲོལ།

མདོར་ན་ཡུལ་དུས་དང་བསྟུན་པའི་དམིགས་བསལ་འགའ་རེ་མ་གཏོགས་འདིའི་ཚོགས་གཏམ་དུ་ཡོད་པ་ལྟར། སྔགས་ལུགས་ལྟར་ན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནང་ལྟར། མདོ་ལུགས་ལྟར་ན་གྲྭ་ཚང་སེ་ར་སྨད་པ་ནང་ལྟར་ཡིན་ཞེས་པ་ལྟར་ཡིན་ནོ། །

སྨྲས་པ།

འཇམ་དབྱངས་དགེ་ལ་འདུན་པ་རྒྱ་མཚོ་ཡིས། །

ཕྱོགས་འདིའི་སྐྱེ་རྒུ་ཆོས་ནོར་གྱིས་ཕོངས་ལ། །

དབྱིག་སྙིང་ཅི་དགར་རོལ་བའི་གཏེར་བསྐྲུན་གང༌། །

བྱང་ཆུབ་འབུམ་པས་ཕྱག་བཏབ་ནོར་གླིང་སྤུན། །ཞེས་སོ།། །།

༢ སྔགས་ཕྱོགས་ཀྱི་ཆོས་ཐོག

༈ གཉིས་པ་སྔགས་ཕྱོགས་ཀྱི་ཆོས་ཐོག་སྐོར་བཤད་པ་ལ། སྔགས་ཕྱོགས་ལ་སྤྲོ་བ་བསྐྱེད་ཚུལ་དང་། ཆོས་ཐོག་སྐོར་ཅི་ཙམ་ཡོད་བཤད་པའོ།།

སྔགས་ཕྱོགས་ལ་སྤྲོ་བ་བསྐྱེད་ཚུལ།

དང་པོ་ལ། འཇིག་རྟེན་གཏམ་དཔེ་ལ། མི་མ་ཟད་ཀྱིས་བསམ་པ་ཡ་ཟད་འཆང་ཟེར་དོན་བཞིན། རང་དང་རང་འདྲ་བའི་བློ་དམན་འགའ་རེ་མཆིས་སྲིད་པས་དེ་དག་ལ་སྤྲོ་བའི་བརྩོན་འགྲུས་བསྐྱེད་པ་ལ་ཕན་དུ་རེ་བའི་ལྷག་བསམ་གྱིས་དེའི་ཚུལ་ཙོང་ཁ་པ་ཡབ་སྲས་ཀྱིས་གཙོས་དམ་པའི་མན་ངག་གིས་བརྒྱན་ཏེ་ཅུང་ཙམ་བྲི་བ་ལ། འོ་སྐོལ་རྣམས་སྔོན་བསགས་བཟང་པོས་མཚམས་སྦྱར་ཏེ་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་དལ་བ་མཚན་ཉིད་པ་འཛམ་བུ་གླིང་པའི་མི་ཁམས་མངལ་སྐྱེས་མཚན་ཉིད་དྲུག་ལྡན་གསང་སྔགས་སྤྱོད་པའི་སྣོད་རུང་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལས་ཐར་འདོད་ལྷག་པར་དགའ་འོས་པ་ཞིག་ཐོབ་ཡོད་པའི་དུས་འདིར་རང་གིས་རང་མ་བསླུས་པར། གང་ཟག་གཅིག་འཚང་རྒྱ་བའི་ཐབས་དམ་པ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དྲི་མ་མེད་པ་འདི་ཉིད་དང༌། ལྷག་པར་ལམ་མཆོག་འདི་ལ་ཐོས་བསམ་སྒོམ་པས། རབ་ལམ་གྱི་བཙན་ས་ཟིན་པ་ཞིག་དང༌། མ་མཐར་བག་ཆགས་རེ་ཡན་ཆད་ཨེ་ཐེབས་བལྟ་དགོས། སྔགས་ལམ་ཡང་ཡལ་བར་མི་འདོར་བར་བག་ཆགས་རེ་ཡན་ཆད་ཨེ་ཐེབས་ལྟ་བ་ལ་ནན་ཏན་བྱས་ན། འཇམ་པའི་དབྱངས་ཀྱི་གདན་ས་ཁྱད་པར་ཅན་འདིར་དེ་དག་བྱ་དཀའ་བ་རང་མ་ཡིན་ཏེ། ཞབས་དྲུང་གོང་མ་རྣམས་ཀྱི་བཀའ་དྲིན་དང་ཐུགས་རྗེ་བླ་མེད་ལ་བརྟེན་ནས། དགོན་སྡེ་གཞན་དང་མི་འདྲ་བར་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་ཆོས་ཐོག་ཀྱང་ཆ་ཚང་ཞིག་བཙུགས་ཡོད་པའི་སྟེང་། བྱིས་པའི་སྐབས་ནས་ཆོ་ག་ཆ་ཚང་ངག་ལ་བྱང་བར་མ་ཟད། དཔལ་རྡོ་རྗེ་འཇིགས་བྱེད་སོགས་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད། ཐིག་རྡུལ་ཚོན་འདེབས་ལུགས་སོགས་སྔགས་ཕྱོགས་ཀྱི་དེ་ཉིད་བཅུའི་ཕྱག་ལེན་མི་དམན་པ་ཞིག་མཆིས་པས་དེ་དག་བྱ་སླ་བ་ཡིན། དེ་ལྟར་བྱས་ན་དལ་བ་དོན་ལྡན་ནམ་དལ་བའི་རྟེན་ལ་སྙིང་པོ་ལེན་པ་ཟེར་ཆོག་པ་འདྲ། གལ་དེ་དེ་ལྟར་མི་བྱེད་པ་ཡིན་ན། དལ་རྟེན་ཆུད་ཟོས་སུ་གཏོང་བ་ཡིན། དེ་ལྟར་ཡིན་པ་དང༌། སྔགས་ལའང་སློབ་པ་དོན་ཆེ་བ་ནི། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན། འཕགས་པ་རིགས་གསུམ་མགོན་པོའི་སྤྱི་གཟུགས། ཡབ་རྗེ་རྒྱལ་བ་གཉིས་པ་ཙོང་ཁ་པས། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཉམས་རྟོགས་ཅི་བྱུང་རང་རེ་ཐར་འདོད་རྣམས་ལ་དབྱངས་སུ་གྱེར་ནས་མགུར་བཞེས་པའི་ཞལ་གདམས་ཁྱད་པར་ཅན་སྐལ་བཟང་རྣ་བའི་བཅུད་ལེན་དུ་གྱུར་པ་རྗེའི་ཉམས་མགུར་ལས། དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ནས་རྒྱུད་སྡེ་རྒྱ་མཚོ་ཆེར། །ཞུགས་ནས་ཡོངས་རྫོགས་མན་ངག་བརྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་དང༌། ཡོན་ཏན་གཞིར་གྱུར་མ་ལས་ཀྱང༌། ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །ཞེས་གང་གསུངས་པ་ལྟར་དང༌། དེའི་སྲས་ཀྱི་ཐུ་བོ་རྒྱབ་ཚབ་ཐམས་ཅད་མཁྱེན་པས་ཀྱང༌། རྣམ་བཤད་སྙིང་པོའི་རྒྱན་དུ། ཕར་ཕྱིན་ཐེག་པའི་ལམ་གྱིས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བགྲོད་ནས་དེའི་རྗེས་སུ་སྔགས་ཀྱི་ལམ་གྱི་སྣོན་པ་བཏབ་ནས་གཟུགས་སྐུ་འགྲུབ་པའི་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །ཞེས་གསུངས་པ་དང༌། དེ་བཞིན་མཁས་གྲུབ་ཐམས་ཅད་མཁྱེན་པས། རྒྱུད་སྡེ་སྤྱི་རྣམ་དུ། ཕ་རོལ་ཏུ་ཕྱིན་པ་རྐྱང་པའི་ལམ་གྱིས་ས་བཅུ་པའི་བར་དུ་བགྲོད་ནུས་ཀྱང་མཐར་འཚང་རྒྱ་བར་སྔགས་བླ་མེད་ཀྱི་ལམ་དུ་ཞུགས་པ་ལ་ངེས་པར་ལྟོས་དགོས་ཀྱི། དེར་མ་ཞུགས་པར་འཚང་རྒྱ་བ་མི་སྲིད་དོ། །ཞེས་གསུངས་པའི་ཕྱིར། རང་ཅག་ལ་དེ་དག་ལས་ལྷག་པའི་གདམས་ངག་མཁན་པོ་གཞན་ནི་མེད། མ་ཟད་གསང་བདེ་འཇིགས་གསུམ་ཀུན་རིག་དང་བཅས་པའི་སྨོན་ལམ་རེ་རེའི་ནང་མདོ་སྔགས་ཟུང་འབྲེལ་ལ་བསླབ་པའི་ཐུགས་སྨོན་གནང་ཡོད་པ་དག་ལ་ཞིབ་ཏུ་གཞིགས་དང་ཤེས་ཐུབ་བོ། །གཞན་ཡང་རྗེ་བདག་ཉིད་ཆེན་པོ་དེ་ཉིད་ཀྱིས། རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་པ་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་རྡོ་རྗེའི་ཐེག་པ་གཉིས་ཡོད་པ་ལས་ཀྱང༌ཁྱད་པར་དུ་འཕགས་པ་ནི་གསང་སྔགས་ཉིད་ཡིན་པ་ཉི་ཟླ་ལྟ་བུར་ཀུན་ལ་གྲགས་པའི་ཚིག་དེ་བདེན་པར་འདོད་བཞིན་དུ། ཐོས་བསམ་སྒོམ་གསུམ་ཀྱིས་གསང་སྔགས་ཅི་འདྲ་ཡིན་པ་མི་འཚོལ་བར། ད་དུང་མཁས་པ་ཡིན་ཁུལ་བྱེད་པ་ནི་བླུན་པོའི་མཐར་ཐུག་ཏུ་གསུངས་ཡོད་པར་མ་ཟད། མཁས་པའི་ཁུར་འཛིན་པ་ཞིག་གིས་བསྐལ་པ་མང་པོར་འཕྲད་པར་དཀའ་བའི་མྱུར་ལམ་གོང་ན་མེད་པ་གསང་སྔགས་འདི་ཡལ་བར་འདོར་བ་ལ་ནི། ཀྱེ་མ་ཞེས་སྨད་དེ་ཆེས་ཤིན་ཏུ་མཚར་བའི་གནས་སུ་གསུངས་པ་དང༌། དེས་ན། རང་རེ་རྣམས་ཀྱིས་འདི་ལྟར་ཤེས་པའི་ཕྱིར་དུ་རྗེ་རང་ཉིད་ཀྱིས་ཀྱང་ཤིན་ཏུ་དཀོན་པའི་རྡོ་རྗེ་ཐེག་པ་འདི་ལ་ཚུལ་བཞིན་ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས་པར་གསུངས་ཏེ། རྟོགས་བརྗོད་མདུན་ལེགས་མ་ལས། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང༌། །ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེ་འོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་གསུངས་སོ། །དེས་ན། ལམ་ཐུན་མོང་བ་ལ་ཐོས་བསམ་སྒོམ་གསུམ་ཅུང་ཟད་རེ་ཡན་ཆད་ཀྱིས་བློ་སྦྱངས་ཤིང༌། གསང་སྔགས་ལ་དད་པའི་སྒོ་ནས་ཆོ་ག་ཚིག་རིས་ལྟར་ཤར་སྒོམ་རེ་བྱས་ཏེ་ཆོ་ག་དག་པོ་རེ་བཏོན་པ་དང༌། རྗེ་བླ་མའི་གསང་བདེ་འཇིགས་གསུམ་ཀུན་རིག་དང་བཅས་པའི་སྨོན་ལམ་འདི་རང་རེ་རྣམས་ཀྱི་རྒྱུད་ལ་འབྲེལ་བ་ཆེན་པོ་ཆགས་ཡོད་པ་དང༌། དེ་དག་རེ་རེའི་ནང་དུ་མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པར་འདུས་པས། རང་གི་བློ་ནུས་དང་བསྟུན་ཏེ་དེ་དག་གི་ནང་དུ་གསུངས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རིམ་ཆ་ཚང་ངམ་རེ་རེ་ཙམ་ཤེས་པར་བྱས་པའམ། ཐུན་རེ་ལའང་གཤར་སྦྱང་ཚུན་ཆད་ཀྱིས་ཉམས་སུ་བླངས་པ་སོགས། མདོར་ན། ལམ་མཆོག་མྱུར་ལམ་འདི་ལ་བག་ཆགས་བཟང་པོ་རེ་ཡན་ཆད་ཨེ་ཐེབས་བལྟས་ན་ཕྱི་མར་དོན་ཆེན་པོ་དང་ལྡན་པ་ལས་གཞན་དུ་དོན་མེད་དུ་འགྱུར་བ་ག་ལ་ཡིན། འོན་ཀྱང་དེང་སང་སྙིགས་དུས་སུ་སོང་གཤིས། ཕྲན་བདག་འདྲ་འགའ་རེས་གསང་སྔགས་ཉམས་ལེན་ཆ་ཚང་ཞིག་དང༌། ཚད་ལྡན་ཞིག་བྱེད་མི་ཐུབ་པ་ལ་བསམས་ཏེ། བག་ཆགས་དང༌དད་པ་གཞག་ཡུལ་ཙམ་དུའང་མི་བྱེད་པར། དོར་བྱ་དང་དགོས་མེད་ལྟ་བུར་བཟུང་ཡང༌། དེ་ལྟར་ན་སྙིགས་དུས་འདིར་ཐ་མལ་བ་དེ་འདྲ་ལ་དགེ་ཚུལ་སློང་གི་སྡོམ་པ་ཡང་ཉམས་ལེན་ཆ་ཚང་བ་ཞིག་དང་ཚད་ལྡན་བྱེད་པ་ཤིན་ཏུ་དཀའ་བས། དེ་དག་ཀྱང་དགོས་མེད་དང་དོར་བྱར་བཟུང་ན་ཅི་ཞིག་ཏུ་འགྱུར། བསྟན་པ་རྨང་ནས་བཤིག་པར་མི་འགྱུར་རམ། དེར་མ་ཟད་དེ་འདྲ་ལ་རྒྱལ་བའི་བཀའ་དང་རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་གསུང་འབུམ་རྣམས་ཀྱང་མང་ཆེ་བ་དགོས་མེད་དང་དོར་བྱར་འགྱུར་བས་ཆོས་སྤོང་གི་ལས་ངན་ཆེས་ཤིན་ཏུ་ལྕི་བ་དང་ལྡན་པར་ཤེས་པར་གྱིས་ཤིག གོང་ལྟར་བཟུང་བ་དེ་ནི་ཆེས་མི་འོས་ཏེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། དེ་ནས་རྡོ་རྗེ་འཛིན་པའི་དེད་དཔོན་གྱི། །དྲིན་ལས་རྒྱུད་སྡེ་རྒྱ་མཚོའི་འཇིངས་བརྒལ་ཏེ། །དངོས་གྲུབ་རྩ་བ་དམ་ཚིག་སྡོམ་པ་རྣམས། །སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། །ཞེས་གང་གསུངས་པ་དང༌། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། ལེགས་པར་སྨིན་ལས་དམ་ཚིག་བསྲུངས་བྱས་ན། །རིམ་གཉིས་ཟབ་མོའི་མན་ངག་མ་བསྟེན་ཀྱང༌། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ་བོ་ཞེས། །འགྲོ་བའི་རྩ་ལག་ཕན་པ་མཛད་པས་གསུངས། །ཞེས་དང༌། ཞབས་དྲུང་གཉིས་པས། དེ་ཡང་ཕར་ཕྱིན་ཐེག་པ་ཡི། །གྲངས་མེད་གསུམ་གྱི་ཚོགས་བསགས་དང༌། །སྒྲིབ་སྦྱངས་བྱས་མཐར་སྔགས་ལམ་ལ། །ཞུགས་ནས་སངས་རྒྱས་ཐོབ་པར་གསུངས། །ཞེས་གསུངས་པ་དང༌། ཞབས་དྲུང་དྲུག་པས། ཕ་རོལ་ཕྱིན་པའི་རྒྱ་ཆེན་གསེར་གཞི་ལ། །ངོ་མཚར་རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱིས། གོམ་པ་གཅིག་གིས་ཡོངས་སུ་བགྲོད་བྱས་ན། །ཚེ་ཐུང་གཅིག་ལ་ཟུང་འཇུག་གནས་དེར་སླེབས། །ཞེས་གསུངས་པ་དང༌། ལྕང་སྐྱ་རོལ་པའི་རྡོ་རྗེས། བགྲང་ཡས་བསྐལ་པར་གང་གི་མཚན་ཙམ་ཡང༌། །ཐོས་པར་དཀའ་བའི་རྡོ་རྗེའི་ཐེག་པ་ལ། །ཐོས་བསམ་སྒོམ་པའི་སྦྱོར་བ་ཅི་ནུས་ཀྱིས། །བག་ཆགས་འཐུག་པོ་འཇོག་པ་གནད་དུ་ཆེ། །ཞེས་གསུངས་པ་དང༌། ཨ་ལག་ཤ་ངག་དབང་བསྟན་དར་གྱིས། སྒོས་སུ་ངག་ལ་བག་ཆགས་མ་ཐེབས་ན། །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག །ཅེས་སོགས་བསྔགས་པ་བརྗོད་པའི་དགོས་པ་ཡང༌། །སྟོར་ཉེན་ཆེ་འོ་སྙིང་གི་གྲོགས་པོ་དག །ཅེས་གསུངས་པ་དང༌། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས། ཐུབ་བསྟན་ཡང་སྙིང་གསང་ཆེན་ལམ་བཟང་རང་ཡིན་ཡང༌། །ཇི་བཞིན་ཉམས་སུ་ལེན་པའི་ཁ་ཐབས་རང་མི་འདུག །འོན་ཀྱང་དད་པས་ཆོ་ག་དག་པོ་རེ་བཏོན་ཏེ། །སྨོན་ལམ་དག་པས་མཚམས་སྦྱོར་ནན་ཏན་ཞིག་བྱེད་ཡ། །ཞེས་དང༌། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་བདེ་གསང་འཇིགས་གསུམ་གྱི་སྨོན་ལམ་རེ་རེའི་ནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རིམ་ཆ་ཚང་བ་ཤེས་པར་བྱས་ནས་རང་རང་གི་བློ་ནུས་དང་བསྟུན་པའི་བག་ཆགས་ཅི་ཐེབས་བྱ། དེ་དག་གི་ནང་དུ་མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པར་འདུས་པས། ཐུན་རེ་ལའང་གཤར་སྦྱང་ཚུན་ཆད་ཀྱིས་དེ་ལྟར་ཉམས་སུ་བླངས་ན། རྗེ་བླ་མས། དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། །ཞེས་སོགས་གསུངས་པ་དང་མཐུན་པར་དལ་འབྱོར་དོན་ལྡན་དུ་འགྱུར་ཞེས་གསུངས་སོ། །གཞན་ཡང༌། ཡི་དམ་གྱི་ལྷ་དང་སྔགས་ཕྱོགས་ཀྱི་གདམས་ངག་ལ་ལོག་ལྟ་མི་བྱེད་པར་ཡིད་ཆེས་དང༌། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་སྟེར་ནུས་པའི་མྱུར་ལམ་འདི་དང་འཕྲད་པ་ད་རེས་སྐལ་བ་བཟང་སྙམ་དུ་ཞེ་འདོད་ཤུགས་དྲག་པོས་ཆོས་ཐོག་སོ་སོར་ཕེབས་པ། ཆོ་ག་དག་པོ་རེ་འདོན་པ། གཟུངས་སྔགས་བགྲང་བ། ཐིག་རྡུལ་ཚོན་གདབ་པ་ཡན་ཆད་ལ་ཕྱག་ལེན་རེ་ཐེབས་པར་མཛད་པ་དང༌། སྨོན་ལམ་བཟང་པོས་མཚམས་སྦྱོར་རྣམ་པར་དག་པ་དེ་ཙམ་རེ་བྱས་ནའང་ཤིན་ཏུ་སྐལ་བ་བཟང་བ་དང༌། གཅེས་པའི་ཉམས་ལེན་དང༌། ཚོགས་བསོག་སྒྲིབ་སྦྱོང་གི་གནད་ཚང་བར་མཁས་པ་མང་པོས་གསུངས་པས། སྡོམ་པ་གསུམ་དང་རིམ་པ་གཉིས་གདན་ཐོག་གཅིག་ལ་ཉམས་ལེན་བྱེད་ཆོག་པ་རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པ་ཇོ་བོ་རྗེ་ཡབ་སྲས་དང༌། རྒྱལ་བ་གཉིས་པ་ཡབ་སྲས་ཀྱི་ལུགས་བཟང་ཆུ་རྒྱུན་རིང་མོ་ཞིག་རིམ་གྱིས་རང་རེ་རྣམས་ཀྱི་འཐུང་སྐལ་བབས་ཡོད་པ་འདི་རང་ནུས་ཀྱི་སྙིམ་པས་བཅུས་ཏེ་བཏུང་ན་དགོས་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་བསླབ་བྱ་མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ཞེས་བྱ་བའི་སྒྲ་བོ་ཆེ། །བགྲངས་རིང་བསྐལ་པར་ལྟོས་མིན་སྙིགས་དུས་ཀྱི། །ཚེ་ཐུང་གཅིག་ལ་མངོན་དུ་བྱེད་པའི་ཐབས། །གསང་སྔགས་མྱུར་ལམ་འདིར་འཕྲད་སྐལ་བ་བཟང༌། །ཞེས་དང༌། ཡང་དེ་ཉིད་ཀྱིས། ལྷ་ཡི་བྱིན་རླབས་དངོས་གྲུབ་ནི། །ཡིད་ཆེས་དད་པར་རག་ལས་པས། །བླ་མ་ལྷ་དང་གདམས་ངག་ལ། །ལོག་ལྟ་ཐེ་ཚོམ་སྤོང་བ་གཅེས། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང༌།། བསྐལ་མང་སྡིག་སྒྲིབ་འདག་གསུངས་ན། །རིམ་གཉིས་བསྒོམས་ན་ལྟ་ཅི་སྨོས། །དེ་ཕྱིར་བརྩོན་པས་འབད་པ་གཅེས། །ཇི་སྐད་གདམས་པའི་ཚུལ་འདི་བཞིན། །མདོ་སྔགས་ལམ་གྱི་ཉམས་ལེན་ལ། །མི་ཚེ་ཧྲིལ་གྱིས་འབད་ནུས་ན། །དེ་ལས་སྐལ་བ་བཟང་བ་སུ། ཞེས་གསུངས་པ་དང༌། ཡང་དེ་ཉིད་ཀྱིས། རང་གི་ཉམས་ལེན་གྱི་གཙོ་བོ་ཆོས་ཆུང་རྣམ་གྲངས་མང་པོ་བསགས་པ་ལས། རྒྱུད་སྡེ་ཚད་ལྡན་ལས་བཤད་པའི་ཡི་དམ་ལྷ་ཁྱད་པར་ཅན་གང་མོས་ཤིག་གི་རྣལ་འབྱོར་ལ་གཙོ་བོར་དྲིལ་ན་བོགས་ཆེ་ཞིང༌། དེ་ཡང་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་ཐུབ་ན་གནད་ཤིན་ཏུ་ཆེ་མོད། གལ་སྲིད་གསུམ་ག་མ་ཐུབ་ན་དུས་ཀྱི་མཐར་བྱིན་རླབས་དང་དངོས་གྲུབ་ཤིན་ཏུ་མྱུར་བར་བསྔགས་པའི་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་ལམ་ལ་སྒྲུབ་པ་སྙིང་པོར་བྱེད་རྒྱུ་ཞིག་བྱུང་ན་སྐལ་བ་ཤིན་ཏུ་བཟང་བས་དེ་བཞིན་མཛོད། ཅེས་གསུངས་སོ། །ཀུན་མཁྱེན་འཇམ་དབྱངས་བཞད་པས། ངེས་པར་སྙིགས་དུས་ཚེ་གཅིག་རྫོགས་སངས་རྒྱས། །སྟེར་བྱེད་རིམ་གཉིས་གོ་རིམ་གྲངས་ངེས་ལ། །ཆོག་སྤྱིར་མ་འཇོག་ཡིད་ངོར་འཕྲོད་ངེས་ལ། །བསྒོམ་པའི་རྣལ་འབྱོར་ཨ་ཧོ་སྐལ་བ་བཟང༌། །ཞེས་དང༌། ཡང༌། མདོ་དང་རྒྱུད་སྡེ་རང་རང་གཞུང་བཞིན་དུ། །ཚ་གྲང་ལྟར་མིན་ཟུང་འབྲེལ་སྤྱོད་པ་གཅེས། །དེ་ལྟར་སྡོམ་པ་གསུམ་དང་རིམ་པ་གཉིས། །གདན་གཅིག་སྟེང་ནས་ཉམས་སུ་ལེན་པའི་ཚུལ། །རྡོ་རྗེ་འཆང་ནས་ཇོ་བོ་ཡབ་སྲས་དང༌། །རྒྱལ་བ་གཉིས་པའི་ལུགས་ལ་དད་པ་དང༌། །ཐུབ་བསྟན་ཡོངས་སུ་རྫོགས་པ་འཛིན་འདོད་ཅིང༌། །བློ་གྲོས་ཆེན་པོ་ཅན་རྣམས་དཔྱོད་པར་འཚལ། །ཞེས་གསུངས་སོ། །སྙིགས་དུས་སུ་ཆོས་མགོ་མི་ཐོན་པས་ལྷག་པའི་ལྷ་དང་ཆོས་སྐྱོང་ལ་གསོལ་འདེབས་ཕྱག་མཆོད་འཕྲིན་བཅོལ་སོགས་ཞིང་གི་མཐུ་ལ་བརྟེན་པ་མ་གཏོགས་རང་ཚུགས་མི་ཐུབ་པ་དང༌། ཐུན་མོང་ལམ་ལ་བག་ཆགས་རེ་ཡན་ཆད་སྔོན་དུ་སོང་ནས་གཞུང་དོན་ལྟ་བའི་ཤེས་རབ་དང་ལྡན་ཏེ་སྔགས་ལ་སློབ་དགོས་པར་གསུངས་ཏེ། གུང་ཐང་བསྟན་པའི་སྒྲོན་མེས། སྙིགས་དུས་བློ་དང་བསོད་ནམས་དམན་པའི་ཕྱིར། །ལྷག་པའི་ལྷ་དང་ཡི་དམ་ཆོས་སྐྱོང་ལ། །རྩེ་གཅིག་གསོལ་འདེབས་ཕྱག་མཆོད་མཎྜལ་སོགས། །ཚོགས་བསགས་སྒྲིབ་སྦྱོང་འབད་པ་དྲག་པོ་ཡིས། །ཞིང་གི་མཐུ་ལ་རྒྱབ་བརྟེན་གྱིས་ཤིག་ཨང༌། །ཐུན་མོང་ལམ་སྦྱངས་སྔོན་དུ་མ་སོང་ཞིང༌། །གཞུང་དོན་ལྟ་བའི་བློ་མིག་མ་ཕྱེ་བར། །ཆོ་གའི་ངག་འདོན་བྱང་བ་ཙམ་ཞིག་གིས། །གསང་སྔགས་འཆང་བའི་གྲལ་དུ་མི་ཚུད་པས། །བསྟན་ལ་རིམ་པ་བཞིན་དུ་སློབས་ཤིག་ཨང༌། །ཞེས་གསུངས་པ་དང༌། གསང་སྔགས་ཞེས་པ་རིམ་གྲོ་སྒྲུབ་པའི་ཆ་རྐྱེན་ཙམ་ལས་བྱང་གྲོལ་བགྲོད་པ་ལ་མཁོ་བར་མི་འཛིན་པ་ནི། ཆོས་ཀྱིས་ངན་སོང་བསྒྲུབས་པ་ཡིན་ཏེ། སྔོན་དབུལ་པོ་ཞིག་གིས་གཞན་གྱི་སོལ་བ་འཚོང་བ་ལ་བལྟས་ནས་ཙནྡན་སྦྲུལ་གྱི་སྙིང་པོ་ཞིག་ཡོད་པ་སོལ་བར་བཟོས་ཏེ་བཙོངས་པ་ལྟར། གསང་སྔགས་དེ་ཡང་འཕྲལ་གྱི་རྐྱེན་སེལ་ལམ། །ཚེ་དང་ནོར་སྒྲུབ་དབང་སྡུད་མངོན་སྤྱོད་སོགས། །ཚེ་འདིའི་ལག་ཆ་ཁོ་ནར་འཁྱེར་བ་ནི། །ས་མཆོག་ཙནྡན་སོལ་བར་བྱས་འདྲ་བས། །ཆོས་ཀྱིས་ངན་སོང་བསྒྲུབས་པ་མ་བྱེད་ཨང༌། །ཞེས་གསུངས་པའི་ཕྱིར། དུས་རབས་ཉེར་གཅིག་པ་འདིར་སེར་སྐྱ་མང་ཚོགས་ཤེས་ཡོན་ཡར་རྒྱས་ཀྱི་རྣམ་པར་ཕྱིན་པ་དེར་ཕྱོགས་གཅིག་ནས་ལེགས་ཆ་ཞིག་མཆིས་ཀྱང་གཅིག་ནས་སྐྱོན་ཆ་ཞིག་ཀྱང་མཆིས། གང་ཡིན་ཞེ་ན། མདོ་སྔགས་ཀྱི་ལམ་གྱི་གནད་ཐམས་ཅད་ལ་གོ་བ་རགས་པས་དམ་བཅའ་ཙམ་མ་གཏོགས་ངེས་པ་གཏིང་ཚུགས་པ་ཞིག་མེད་པ་རང་རེ་འདྲ་བ་དག་གིས་སྔོན་ལ་མ་གྲགས་པའི་ཁུངས་མེད་ཀྱི་འཆལ་གཏམ་འདྲ་ཆགས་པ་མང་པོ་ཞིག་སྒྲོགས་བཞིན་ཡོད། དེ་ནི་ཤེས་རབ་ཅན་དག་གི་རྣ་བར་མི་སྙན་ཡང༌། བསོད་ནམས་ཆུང་ཆུང་ཤེས་རབ་འཆལ་བ་བདག་ལྟ་བུ་དག་གི་རྣ་བར་ཤིན་ཏུ་འགྲོ་བས་རང་རེ་ལེགས་སུ་འདོད་པ་རྣམས་ཀྱིས་རི་བོང་ཅལ་གྱི་རྗེས་སུ་འགྲོ་བ་ལྟ་བུས་དེ་དག་གི་རྗེས་སུ་འགྲོ་མི་རིགས་སོ། །དེ་དག་ལ་ཉན་འཇོག་བྱེད་མི་རིགས་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཉིན་རེ་བཞིན་དུ་ལེགས་བཤད་བདུད་རྩིའི་རྒྱུན་དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད་བསྡུས་པ་ཟམ་མི་ཆད་དུ་གདམས་པས་རྒྱལ་བའི་དགོངས་པ་མཐའ་དག་མངོན་དུ་གྱུར་པ་བློ་བཟང་གྲགས་པའི་ཞལ་ནས་ཀྱང་མ་ཐོན་པའི་གསར་བཤད་དེ་ནི། དཔེར་ན། ཕྲ་མེན་མའམ་མིར་བརྫུས་པའི་འདྲེ་མོ་ཞིག་གིས་སོ་ནམ་བྱེད་ཁུལ་ལྟ་བུ་རང་རྒྱུད་ལ་དགེ་བའི་ལོ་ཏོག་སྐྲུན་པ་ལ་ཕན་པ་ལས་ཀྱང་གནོད་པ་ཚབས་ཆེ་བས་དེ་འདྲ་ལ་ཉན་འཇོག་གཏན་ནས་མི་བྱེད་པར། རྗེ་རིན་པོ་ཆེའི་མདོ་སྔགས་ཀྱི་ལེགས་བཤད་རྣམས་ལ་རིག་པ་ཤིན་ཏུ་བསྒྲིམས་ཏེ་ཉན་འཇོག་དགོས་པ་གནད་དུ་ཆེ་བ་ཡིན་ཏེ། གུང་ཐང་བསྟན་པའི་སྒྲོན་མེས། དམ་བཅའ་ཙམ་གྱིས་མཁས་རློམ་སྐྱེ་བོ་ཡིས། །སྔོན་མེད་ལེགས་བཤད་སྐད་ཀྱི་འཆལ་གཏམ་ཡང༌། །བསོད་ཆུང་ཤེས་འཆལ་རྣམས་ཀྱི་རྣར་འགྲོ་བས། །རི་བོང་ཅལ་གྱི་རྗེས་སུ་མ་རྒྱུགས་ཨང༌། །འཇམ་པའི་དབྱངས་ཀྱིས་ཉིན་བཞིན་གདམས་པ་ཡིས། །རྒྱལ་བའི་དགོངས་པ་མཐའ་དག་མངོན་གྱུར་པའི། །བློ་བཟང་རྒྱལ་བ་ཡིས་ཀྱང་མ་ཐོན་པའི། །གསར་བཤད་ཕྲ་མེན་མ་ཡིས་སོ་ནམ་དེས། །ཕན་ལས་གནོད་པ་ཆེ་བས་སྒྲིམས་ཤིག་ཨང༌། །ཞེས་དང་། ༸གོང་ས་མཆོག་གིས་ཀྱང༌། སྤྱི་ལོ་ ༢༠༠༧ ལོའི་བཀའ་སློབ་ཅིག་ཏུ། གསང་སྔགས་ཀྱི་བསྟན་པར་ཉམས་ལེན་ཆ་ཚང་བ་ཞིག་ཡོད་ན་ཡག་པོ་རེད། འོན་ཀྱང་སྔོན་འགྲོ་ཆ་ཚང་བ་མེད་པར་གསང་སྔགས་ཀྱི་ལམ་དུ་ཞུགས་པ་ནི། སྤྱི་ཡོངས་ཆ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་འཐུས་ཤོར་ཆེན་པོ་ཡིན། ཞེས་གསུངས། དེས་ནི་གསང་སྔགས་སྤུས་དག་ཏུ་འགྲོ་བའི་ཐབས་ཇུས་ལ་འབད་དགོས་པར་གསུངས་པ་མ་གཏོགས་གསང་སྔགས་མེད་པར་བཟོ་དགོས་པར་གསུངས་པ་ག་ལ་ཡིན། ཁོང་ནས་སྔགས་ཕྱོགས་ཀྱི་བཀའ་ལུང་དབང་གསུམ་གནང་མུས་སུ་བཞུགས་པས་དེ་འདྲར་གསུང་པ་མི་སྲིད་དོ་སྙམ།། །།

སྔགས་ཕྱོགས་ཀྱི་ཆོས་ཐོག

༈ གཉིས་པ་སྔགས་ཕྱོགས་དང་འབྲེལ་བའི་ཚོགས་ཆེན་གྱི་ཆོས་ཐོག་སྐོར་ཅི་ཙམ་ཡོད་བཤད་པ་ལ། མདོ་སྡེ་ཉི་མའི་སྙིང་པོ་ལས། བདག་གི་རྒྱུ་སྐར་སྨིན་དྲུག་བརྗོད། །ཅེས་དང༌། འགྲེལ་བ་རྒྱལ་སྲས་མ་ལས། སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་དག་ཡིན་ནོ། །ཞེས་གསུངས་པ་དང་མཐུན་པར་སྨིན་དྲུག་ཟླ་བའི་མཇུག །ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ལ་ཆོས་ཐོག་རྣམས་ཀྱི་འགོ་བཟུང༌། བཅུ་བདུན་ལ་ཞབས་དྲུང་སྐྱེ་ཕྲེང་བདུན་པས་བཙུགས་གནང་བའི་སྨན་བླའི་ཆོས་ཐོག་གི་ཇ་བཏབ། སྨན་བླའི་མདོ་ཆོག་ཆོས་ཐོག་ཉིན་བདུན་ལ་བྱང་འདྲེན་ནས་བསྐྱངས། ཉིན་རེ་ལ་ཐུན་བཞི། ཇ་ཐུག་དགུའི་རིང་ཆོ་ག་ཡིག་ཐོག་ནས་ཚར་བཞི་རེ་གསུངས། ཐུགས་ཐོག་ནས་གསུང་ཐུབ་ཀྱང་དཔེ་ཆ་མི་དྲང་བས་མི་ཆོག ཡིག་ཐོག་ནས་གསུང་བའི་དགོས་པ་ནི། ཚར་རེ་ལ་ཀློག་པ་དང་འདོན་པའི་ཕན་ཡོན་གཉིས་རེ་ཐོབ་པ་ཡིན་ཞེས་གསུང་རྒྱུན་ལ་ཡོད། གྲྭ་ཚང་དབུ་མཛད་ཀྱིས་བསྐྱངས་ནས་མདོ་ཆོག་གསུང་མི་ནུས་པ་རྣམས་ཀྱིས་ལོགས་སུ་ཕུར་བསྙེན་གསོག ཕན་ཚུན་མཉམ་ཚོགས་མཉམ་གྲོལ། བཅུ་དགུ་ལ་གཞུང་མཆོད་ཀྱིས་མཆོད་པ་བཅའ་བཟོ་བྱེད། ཉི་ཤུ་ལ་གླིང་བསྲེ་དགེ་བཤེས་གང་བབས་ཀྱིས་དབུ་བཞུགས་བྱས། སྒྲུབ་པར་ཕེབས་ཐུབ་མཁན་རྣམས་རེས་མོས་ཕེབས་ཏེ་སེང་གདོང་གཏོར་སྒྲུབ་ཉིན་བདུན་ལ་ཚོགས། ཉེར་དྲུག་ལ་གྲྭ་མང་ཕེབས་ཏེ་གཏོར་རྒྱག་ཡིན།

དགོན་འདིའི་གཏོར་རྒྱག་གི་སྐབས་ཐམས་ཅད་དུ་རྡོ་རྗེ་སློབ་དཔོན་གྱིས་ཆིབས་པ་བཅིབས་ནས་ཕྱིར་ཕེབས་སྲོལ་ཆགས་ཚུལ་ནི། ངག་རྒྱུན་དུ་གཏོར་རྒྱག་གི་སྐབས་ཤིག་ལ་ཞབས་དྲུང་གིས་རྡོ་རྗེ་སློབ་དཔོན་ཞིག་གི་དབུ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྭ་གཉིས་ཡོད་པ་དངོས་སུ་གཟིགས་ནས་ཤིན་ཏུ་དད་དེ་ཆིབས་པ་ཁྲིད་ནས་རྡོ་རྗེ་སློབ་དཔོན་ཕྱིར་བསུ་རུ་སོང་གསུངས། དེ་ཕྱིན་ཆད་ནས་དགོན་འདིའི་གཏོར་རྒྱག་ནས་ཕྱིར་ཕེབས་སྐབས་སུ་རྒྱུན་དུ་རྡོ་རྗེ་སློབ་དཔོན་ལ་ཆིབས་པ་འཁྲིད་དགོས་པའི་སྲོལ་ད་ལྟའི་བར་དུ་གནས་པར་གྲགས་སོ།།

ཉི་ཤུ་ལ་ཞབས་དྲུང་བརྒྱད་པས་བཙུགས་གནང༌བའི་ལྕམ་སྲིང་གི་སྒྲུབ་མཆོད་ཡར་ཚོགས། ཉེར་བདུན་ལ་དམར་འཆམ། ཉེར་བརྒྱད་ལ་འབག་འཆམ། ཉེར་དགུ་ལ་གཏོར་རྒྱག ལྕམ་སྲིང་གི་ལྷ་ཚོགས་འཁོར་བཅས་ཀྱི་གར་འཆམ་ཡོད། གནམ་གང་ལ་གྲོལ། དེའི་ཉེར་ལྔ་ལ་དགའ་ལྡན་ལྔ་མཆོད་ཆེན་མོའི་མཚན་ཚོགས་སྐར་འཁྱོག་མ་ནུབ་ཙམ་ལ་རྡོ་ཏིང་རྡུང་ཚེ་གྲྭ་མང་འདུས་ཁང་སྒོ་མཆོར་འོག་ཏུ་འདུས། དུང་འབུད་གཉིས་ཀྱིས་སྒོ་མཆོར་གཡས་གཡོན་ནས་དུང་བརྡ་གཏོང་བཞིན་དུ་གྲྭ་མང་གིས་དགའ་ལྡན་ལྷ་བརྒྱ་མ་སོགས་གསུངས་རྗེས་འཚང་ག་ཡིན་ཞེས་འབོད་སྒྲ་སྒྲོགས་པ་དང༌། འཚང་ག་རྒྱག་བཞིན་དུ་ཡར་ཚོགས། དཔལ་གསང་བ་འདུས་པའི་བདག་བསྐྱེད་སྨོན་ལམ་ཤིས་བརྗོད་དང་བཅས་པ་ཇ་གསུམ་གྱི་རིང་གསུངས། ཇ་གཉིས་པའི་སྒང་ལ་ཞལ་ངོ་རྒན་པས་རྗེ་ཙོང་ཁ་པའི་རྣམ་ཐར་བསྡུས་ཙམ་གསུངས་ཏེ་བཀའ་དྲིན་རྗེས་དྲན་ཞུ། ལྔ་པ་ལ་བླ་མ་མཆོད་པའི་ཚོགས་བསྡུས་ཙམ་ཇ་གཉིས་རིང་གསུངས། དེའི་ཇ་དང་པོའི་སྐབས་ལ། གོང་ས་སྟོང་འཁོར་བླ་བྲང་ནས་སྐུ་མེད་གསུང་ཚབ་མངགས་ཏེ་ལོ་གཅིག་གི་ཚོགས་གཏམ་རྒྱས་པ་སྙན་ཞུ་ཕབ་སྟེ། མཁན་པོ་དང་། ཚོགས་ཆེན་ཞལ་ངོ་རྒན་པ། ཚོགས་ཆེན་བྱང་འདྲེན་ཆེན་མོ། ཚོགས་ཆེན་ཞལ་ངོ་གཞོན་པ། མཚན་ཉིད་གྲྭ་ཚང་གི་དགེ་སྐོས་དང་དབུ་མཛད། སྔགས་པ་དབུ་མཛད་སོགས་ལས་སྣེ་ཆེ་འབྲིང་ཆུང་གསུམ་རྣམས་བསྐོ་འཇོག་མཛད་སྲོལ་ཡོད། བདུན་པ་ལ་ཚོགས་ཆེན་ལས་སྣེ་གསར་བསྐོ་ཡོད་ཚེ་ཁྲི་འདོན་ལ་གནས་བཅུ་དང༌། གཏོར་འབུལ་སོགས་ཇ་གཉིས་རིང་གསུངས། བླ་བྲང་ནས་མཁར་བརྡ་བཏང་ཚེ་གསེར་ཁང་ནང་དུ་བླ་མ་མཆོད་པ་དང༌། ཤིང་བཟོ་ནང་གཏོར་འབུལ་རྣམས་གསུངས་པ་ལ་གྲྭ་མང་ཕེབས་དགོས། དེའི་རྗེས་འདུས་ཁང་དང༌བླ་བྲང་ཐོག་ཁ་གཉིས་ནས་རྔ། སྦུབ་ཆལ་རྣམས་ཀྱི་རོལ་དབྱངས་གང་མཛེས་བཏང༌། ནུབ་མོ་ས་རུབ་ནས་གྲྭ་ཁང་སོ་སོ་དང༌། ཡུལ་ཁང་སོ་སོའི་ཐོག་ནས་མར་མེའི་ཕྲེང་བ་ཚར་དུ་དངར་བ་ཕུལ་ཚེའང་དུང་དཀར། དུང་དམར། རྒྱ་གླིང་རྣམས་ཀྱི་རོལ་དབྱངས་གང་འཇེབས་རེས་མོ་བྱས་ཏེ་རྗེ་བླ་མ་ལ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པར་འགྲོ་ངེས་སུ་མཛད། ཉེར་དགུ་ལ་ཚོགས་ཆེན་ལས་སྣེ་གསུམ། དགེ་གཡོག་གཉིས། འདུས་ཁང་སྐུ་གཉེར། བུ་ཚབ། ཇ་མ། ཆུ་ལེན་རྣམས་ཀྱིས་དགོན་པར་སྐོར་གཡེང་གནང་ནས་ཡུལ་དགོན་མཚམས་སུ་ཞལ་ངོ་རྒན་པས་མོ་ཁྲིམས། ཆང་ཁྲིམས། བཤས་ཁྲིམས་སོགས་ལས་བརྩམས་ཏེ་ཁྲིམས་གཏམ་རྒྱས་ཙམ་བཏང༌། ཧོར་ཟླ་བཅུ་གཅིག་པ་ཟླ་སྟོང་ཡིན་པ་ནི། དཔེ་མཚམས་དང་བསྙེན་མཚམས་སོགས་ལ་བཞུགས་པའི་ཕྱིར་དུ་གོ་སྐབས་གནང་བ་ཡིན། མཚམས་ལ་བཞུགས་མི་ལ་ཟུར་ཚོགས་སོ་སོར་གནང་བ་སྟེར་སྲོལ་ཡོད།

ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་དབྱངས་དཔོན་བཞིས་རང་རང་གི་གྲྭ་ཤག་ནས་དབྱངས་དར་འཕྱར། ཁང་ཚན་སོ་སོ་ཁག་བཞིར་བགོས་ཏེ་འཛིན་གྲྭ་གསུམ་པོ་ལས་སྣེ་ཐོན་ཟུར་མ་གཏོགས་པའི་བསྐང་གསོ་ཐུགས་ལ་མངའ་ཚད་ཕེབས་ནས་དབྱངས་འཐེན། དེའི་བཅུ་བཞི་དང་བཅོ་ལྔ་ལ་འདུས་ཁང་ར་མཐིལ་དུ་དབྱངས་ར་ཆེན་མོར་བསྐང་གསོ་ཐུགས་ལ་མངའ་ཚད་ཕེབས། མགོན་པོ། ཆོས་རྒྱལ། ལྷ་མོ་གསུམ་ཀྱི་དབྱངས་འཐེན། དབྱངས་ར་ཆེ་ཆུང་གང་ལའང་ཚོགས་ཆེན་ལས་སྣེ་གསུམ་གྱིས་སྐོར་གཡེང་གནང་དགོས། དབྱངས་རྫོགས་མཚམས་སུ་སྔགས་པ་དབུ་མཛད་ཀྱིས་དགུ་གཏོར་ཆེན་པོའི་སྒྲིགས་གཞིའི་སྟེང་ནས་ཚོགས་གཏམ་འབུལ་བ་དང༌། དབྱངས་ཐོ་ཀློག་སྲོལ་ཡོད། དེའི་བཅོ་བརྒྱད་སྔ་མོ་ནས་གཞུང་མཆོད་ཚོས་མཆོད་པ་མཛེས་ཤིང་རྒྱན་ལྡན་ལེགས་པར་བཤམས། གུང་ཚིགས་རྒྱབ་ནས་སྔགས་པ་དབུ་མཛད་ཀྱིས་ཚོགས་ཚོད་འཚམས་པར་བརྡ་བྱེད་པའི་ཐོག་ནས་རག་དུང་བཏང༌། ཡར་ཚོགས་བྱེད། ཆོས་སྐྱོང་རྣམས་ལ་གཏོར་འབུལ་གསུངས། ཕྱི་ཉིན་ནམ་མ་ལངས་གོང་ནས་རག་དུང་བཏང་སྟེ་ཚོགས། ཇ་གསུམ་པའི་ཐོག་ལ་ཚོགས་ཆེན་ཞལ་ངོ་ནས་དགུ་གཏོར་གྱི་སྒྲིགས་ལམ་ཕྱག་བཞེས་རིམ་པ་ཚོགས་གཏམ་རྒྱས་པ་འབུལ་དགོས། དེ་ཡང་ཆོས་ཐོག་རེ་རེར་འགོ་ལ་ཚོགས་གཏམ་རྒྱས་པ། བར་དུ་བསྡུས་པ། ཐ་མར་རྒྱས་པ་སྟེ། རྒྱས་འབྲིང་བསྡུས་གསུམ་གྱི་སྒོ་ནས་གཏོང་དགོས་པར་གྲགས་པ་དེ་ཡིན་ནོ། །ཇ་ཐུག་བཅུའི་རིང་འཇིགས་བྱེད་བཟླས་པ་དང་བཅས་ཆ་ཚང་དང༌། མགོན་པོ། ཆོས་རྒྱལ། ལྷ་མོ། ལྕམ་སྲིང་རྣམས་ཀྱི་བསྐང་གསོ་དབྱངས་དང་བཅས་རྒྱས་པར་གསུངས་རྗེས་ཆོས་རྒྱལ་བསྐང་གསོ་མགྱོགས་ཙམ་འདོན་ཏེ་བསྒྲལ་ཆོག་བྱེད། དེ་ཡང་དགྲ་བོ་སླུ་འདྲིད་ཀྱིས་བསྒྲལ་བ་ཡིན་ཞེས་དམ་པའི་གསུང་ལ་གྲགས། ཡི་དམ་ཀྱི་སྔགས་བཟླ་བ། སྒོམ་སྒྲུབ་བྱེད་པ། བསྒྲལ་ཆོག་བྱེད་པ་གསུམ་ཚང་བས་བསྙེན་སྒྲུབ་ལས་གསུམ་ཚང་བའི་ཆོ་ག་ཁྱད་འཕགས་ཡིན་ནོ། །འདི་ནི་ཞབས་དྲུང་ལྔ་པས་བཙུགས། དེ་དག་གི་སྐབས་སུ་བཅའ་འབུད་བརྡུང་གསུམ། གར་དབྱངས་ཐིག་གསུམ། གཏོར་མ་རྒྱན་ཁྲ་ལ་སོགས་པ་ཐམས་ཅད་ལ་འགོའི་རྡོ་རྗེ་སློབ་དཔོན། དབུ་མཛད། མཆོད་གཡོག གྲྭ་མང་ཡན་གྱིས་སྔ་ནས་ཕྱག་ལེན་ཡོད་པ་ལྟར་མ་གཏོགས་སླ་ཆོས་སོགས་ཀྱིས་བཟོ་བཅོས་མི་ཆོག འདིའི་རིང་མཁན་པོ། ཚོགས་ཆེན་ལས་སྣེ་གསུམ། སྔགས་པ་དབུ་མཛད་བཅས་ལྔས་ཟུར་ཇ་ལྔ་ཡོད། དེ་ལ་མར་ཆེན་པོ་རེ་དང་ཇ་བཟང་པོ་རེ་གཏོང་བའི་སྲོལ་ཡོད། ཉེར་བདུན་ལ་དམར་འཆམ། ཉེར་བརྒྱད་ལ་འབག་འཆམ། ཉེར་དགུ་ལ་གཏོར་རྒྱག དེ་ལ་བགྲེས་གཞོན་བར་གསུམ་ཕེབས་དགོས། གནམ་གང་ལ་སྔགས་པ་དབུ་མཛད། རྡོ་རྗེ་སློབ་དཔོན་དག་གིས་གཙོས་དབྱངས་དཔོན་བཞི་སོགས་ཀྱིས་འཇིགས་བྱེད་བདག་བསྐྱེད་སྔོན་དུ་བཏང་ནས་གསེར་ཞུན་མ་གསུངས། མཆོད་གཡོག་ཚོས་ཚེས་གཏོར་བཅའ། གནམ་ལོ་གསར་ཚེས་ཀྱི་སྔ་མོར་ཚེས་གཏོར་ཕུལ་ནས་བླ་བྲང་གི་ལོ་གསར་ཆེན་མོ། ཉི་ཤར་ཙམ་ལ་དགོན་སྤྱིའི་ལོ་གསར་ལ་བཞེས་སྤྲོ་ཆེན་པོ་གསུམ་རེ་ཡོད། ཚོགས་ཐུན་གཅིག་ཇ་ཐུག་གསུམ་གྱི་རིང་ལ་ཞབས་དྲུང་རིན་པོ་ཆེ་ལ་བླ་མཆོད་ཚོགས་འཁོར་དང་འབྲེལ་མཁའ་འགྲོའི་བརྟན་བཞུགས་འབུལ་བ་དང༌། ས་ལམ་སྐབས་གསུམ། ༸གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས། བསྟན་འབར་མ་བཅས་གསུངས་ནས་གྲོལ།

ཧོར་ཟླ་དང་པོའི་ཚེས་དྲུག་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཇ་བཏབ། བདུན་ལ་ཇ་ཐུག་དགུའི་རིང་ལྷ་མོ་ལྕམ་སྲིང་སོགས་བསྐང་གསོ་རྣམས་སྔགས་པ་དབུ་མཛད་ཀྱིས་བསྐྱངས། ལམ་ཐུན་མོང་བ་ལ་བསླབ་ནས་ཐུན་མོང་མ་ཡིན་པ་ལ་སློབ་དགོས་པས་དེ་ལ་རྒྱུད་སྡེ་བཞིའི་ལམ་ཡོད་ལ། འོག་མ་གསུམ་ལ་ཚེ་ཡི་རིག་འཛིན་སྒྲུབ་པ་སོགས་བྱས་ནས་ཚེ་གཅིག་ལ་སངས་རྒྱས་པ་ཡོད་ཀྱང༌། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བ་སྔགས་བླ་མེད་ལ་ལྟོས་དགོས། དེ་ཡང་ཐོབ་བྱ་མཐར་ཐུག་ཐབས་ཤེས་མཉམ་པ་སྦྱོར་བའི་སྐུ་ཐུགས་དབྱེར་མེད་པའི་ཟུང་འཇུག་གི་གོ་འཕང་ཡིན་ལ། ཐབས་ཀྱི་ཉམས་ལེན་ཐམས་ཅད་ཕ་རྒྱུད་ལས་གཙོ་བོར་བསྟན་ཅིང༌། དེའི་ནང་ནས་འདུས་པའི་རྒྱུད་མཆོག ཤེས་རབ་ཀྱི་ཉམས་ལེན་མ་རྒྱུད་ལས་གཙོ་བོར་བསྟན་པས་དེའི་ནང་ནས་བདེ་མཆོག་གི་རྒྱུད་མཆོག དེ་གཉིས་ཀའི་ལམ་གྱི་གནད་ཐམས་ཅད་འཇིགས་བྱེད་ལ་ཚང་བས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བདེ་གསང་འཇིགས་གསུམ་ཡ་མ་བྲལ་བ་དགོས་ཞེས་རྗེ་རིན་པོ་ཆེ་ལ་བཀའ་གནང་བ་འདི་རི་བོ་དགེ་ལྡན་པའི་ཕྱག་བཞེས་རྣམ་ཐར་ཡིན་ཞེས་དམ་པའི་གསུང་ལ་གྲགས་པ་ལྟར། ཚེས་བརྒྱད་ནས་བྱང་འདྲེན་གྱིས་བསྐྱངས་ཏེ་ཐུན་གཉིས་ཇ་ཐུག་ལྔའི་རིང་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བདག་མདུན་སྨོན་ཤིས་བཅས་དང༌། དེ་རྗེས་ཇ་གཉིས་ཀྱི་རིང་བླ་མཆོད། རྗེ་གསང་བའི་རྣམ་ཐར། བྱམས་སྨོན་རྣམས་གསུངས། གསེང་དབར་དམ་བཅའ་ལ་གྲྭ་ཚང་ལས་སྣེས་གཟིགས་རྟོག་མཛད། གྲོལ་ཚོད་བཟུང༌། ཡང་ཇ་གཉིས་ཀྱི་རིང་ཁྲུས་གསོལ་སྤྱན་འདྲེན་མཁན་པོའི་ལས་སུ་བྱ་བ་དང་བཅས་པ་གྲྭ་ཚང་སེ་ར་སྨད་པ་ལྟར་རྟ་ཆེན་རྟ་ཆུང་རེས་མོ། ཚེས་བཅུ་གསུམ་ཉིན་ལྔ་པའི་ཇ་དང་པོ་ལ་ཚོགས་ཆེན་ཞལ་ངོ་ནས་བྱམས་མགོན་གདན་དྲངས་ཀྱི་སེར་སྦྲེངས་བཀོད་སྒྲིག་གི་མིང་ཐོ་བཀླགས་པ་དང་ཆབས་ཅིག་ཏུ་གསེར་སྐུ་དང་རོལ་མོ། སྤོས་དང་མེ་ཏོག་ཕྱག་ཏུ་བསྣམས་ནས་ན་བཟའ་གང་ལེགས་བཞེས་ཏེ་ཕེབས་དགོས་པའི་སྐོར་སྙན་ཞུ་ཕབ། བཅུ་བཞི་ལ་གྲྭ་མང་མཆོད་འབུལ་དང་མ་ཎི་ཞུ་བར་ཕེབས། གླིང་བསྲེ་དགེ་བཤེས་གང་བབས་ཀྱིས་བཀའ་ཆོས་དང༌། བསྔོ་བའི་མཐུན་འགྱུར་གསུངས་རྗེས་གྲྭ་ཆུང་གཉིས་ཀྱིས་གསུང་དབྱངས་སྙན་པོས་རྗེ་བླ་མའི་ཐོག་མཐའ་བར་གྱི་སྨོན་ལམ་ནས་ཤོ་ལོ་ཀ་རེ་རེས་མོས་གསུངས་ཏེ་མ་ཎི་བསྐུལ་ནས་གྲོལ། བཅོ་ལྔ་མཚན་ཚོགས་ལ་གསང་འདུས་བདག་བསྐྱེད་སྨོན་ཤིས་བཅས་གསུངས། ཉི་ཤར་ཙམ་ལ་འཆམ་རའི་མཐིལ་དུ་བྱམས་པ་གདན་དྲངས་པའི་མདུན་དུ། མ་ཅིག་དཔལ་ལྷ། བྲམ་ཟེ། ཚངས་པ། རྣམ་སྲས། དམ་ཅན། ཁྱུང༌། ཤང་ཤང༌། གླང་ཆེན། གླང་རྫི་བཅས་ཀྱི་འཆམ་ཡོད། བར་ཇ་གསོལ། དེ་ནས་གསོལ་དཔོན་གྱིས་ཐིག་དཔོན་ལ་རོགས་བྱས་ཏེ་སེར་སྦྲེང་གི་མིང་ཐོ་བཀླགས་ནས་བྱམས་པ་གདན་དྲངས་ཀྱི་སེར་སྦྲེང་བསྒྲིགས་ཏེ་ཕོ་བྲང་ར་མཐིལ་དུ་ཕེབས། བྱམས་པའི་མདུན་དུ་མཆོད་པ་འབུལ་བའི་ཚུལ་གྱིས་གླང་ཆེན་འཆམ། ས་གཞི་བྱིན་རླབས། ཁྲུས་གསོལ། དྲི་གོས་རྒྱན་འབུལ། མང་འཆམ་རྣམས་མཛད། བྱམས་པ་གདན་དྲངས་ཏེ་ཕྱི་བསྐོར་ཕེབས་སོ། །འདི་ཉིད་སྐྱེ་ཕྲེང་ལྔ་པ་ཆེན་པོས་བཙུགས་པ་ཨེ་ཡིན་སྙམ། དེའི་རྣམ་ཐར་དུ་གསང་འདུས་སྒྲུབ་མཆོད་གསུམ་འཛུགས་པར་འཁོད་པས་གསུམ་ནི། སྟོང་འཁོར་ཕན་ཚུན་གཉིས་དང༌། སྙི་དར་རྒྱས་གླིང་བཅས་གསུམ་དུ་ཨེ་ཡིན་སྙམ་པ་ཤར། གང་ལྟར་སྨོན་ལམ་བཙུགས་ནས་རིང་པོ་མིན་པ་ནི། འདིའི་རིང་མཁར་སྲུང་གྲོང་གི་སྨྱུང་གནས་ཚོགས་པ་ལ་གནང་བ་སྤྲད་པ་ནི་འདིའི་སྔོན་ནས་སྨྱུང་གནས་དེ་ཡོད་པས་ཡིན་པ་རླུང་ལྟར་གྲགས་པ་ལས་ཤེས་སོ། །འདིའི་སྐབས་སུ་ཡུལ་པ་རྣམས་ཀྱིས་ཀྱང་སྨོན་ལམ་ཆེན་མོ་ཞེས་གལ་ཆེ་དང་མཐོང་ཆེན་བྱས་ནས་ཉིན་དགུའི་རིང་གཏོང་སྒོ་དང་སྐུ་འགྱེད་སོགས་ཀྱིས་དགེ་འདུན་རྣམས་ལ་ཟང་ཟིང་གི་མཆོད་པ་གྱ་ནོམ་པར་བྱེད་པའི་སྲོལ་རྒྱུན་བཟང་པོ་གནས་ཡོད།

དེའི་བཅུ་དྲུག་ལ་དཀར་བོ་ཆ་བརྒྱད་ཇ་བཏབ། བཅུ་བདུན་ལ་སེར་སྐྱ་ཐུན་མོང་གིས་སྨྱུང་གནས་ཚོགས། ཉིན་རེར་ཐུན་གསུམ་རེར་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཆོ་ག་བདག་མདུན་སྨོན་ཤིས་བཅས་གསུངས། ཆ་བཞི་ལ་མཁན་པོ་དང༌། ལྷག་མ་ལ་གླིང་བསྲེ་དགེ་བཤེས་རྣམས་ཕེབས་ཏེ། བཀའ་ཆོས་དང༌། སྡོམ་པ་གནང༌། ཚོགས་ཆེན་ཞལ་ངོ་རྒས་གཞོན་གཉིས་ཀྱིས་ཕྱེད་ཕྱེད་དུ་སྒྲིགས་གཞི་བསྐྱངས། ཚོགས་ཆེན་དབུ་མཛད་ཀྱིས་འགོ་ནས་མཇུག་བར་བསྐྱངས། འདི་ཁྱིམ་པ་དང་བཅས་པའི་ཆོས་སྐལ་ཡིན་པས་སྐྱ་སེར་གཉིས་ཀྱི་ཆ་གཉིས་རེ་མི་བསྲུང་བས་མི་ཆོག་པ་བཅའ་ཡིག་ཏུ་འཁོད། སྨྱུང་གནས་བསྲུངས་ན་ཕན་ཡོན་ཆེན་པོ་དང་ལྡན་ཏེ། རྗེ་བཙུན་བྱམས་པ་མགོན་པོས། ཤཱཀྱ་ཐུབ་པའི་བསྟན་པ་ལ། །གང་གིས་དད་པའི་ཆོས་ཉན་ཞིང༌། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །ང་ཡི་འཁོར་དུ་སྐྱེ་བར་འགྱུར། །ཞེས་དང་། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས། བསྙུང་བར་གནས་པ་ལན་བརྒྱད་བྱས་ན་རྒྱུན་དུ་ཞུགས་པ་དང་ཆ་མཚུངས་ཤིང༌། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ།།

ཉེར་བརྒྱད་ནས་མཁན་པོ། གྲྭ་ཚང་དབུ་མཛད། ཐིག་དཔོན་སོགས་དཔོན་གཡོག་བདུན་གྱིས་ཉིན་དྲུག་རིང་དཔལ་འཁོར་ལོ་སྡོམ་པའི་ས་ཆོག་ཚོགས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་མཐོང་བ་ཀུན་གྲོལ་ལེགས་པར་བཞེངས། ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་བདེ་མཆོག་ཆོས་ཐོག་གི་ཇ་བཏབ། ཐུན་བཞི་ཇ་ཐུག་དགུའི་རིང་བདག་མདུན་བུམ་པ་དབང་ཆོག་སྨོན་ཤིས་དང་བཅས་པ་གསུངས་ཏེ་ཉིན་བདུན་ལ་ཚོགས། གྲོལ་ཉིན་རྩེ་རྣམ་རྒྱལ་གྲྭ་ཚང་གི་ཕྱག་སྲོལ་བཞིན་ཚོགས་འཁོར་དང་སྦྱིན་སྲེག་ཡོད། སྦྱིན་སྲེག་ལ་གྲྭ་མང་བཞུགས་དགོས་པ་བཅའ་ཡིག་ཏུ་བཀོད་ཡོད། ཆོས་ཐོག་འདི་ནི། མཁན་པོ། གྲྭ་ཚང་དབུ་མཛད། དགེ་སྐོས་ཆེ་ཆུང༌། གཞུང་མཆོད་རྣམས་ཀྱིས་བསྐྱངས། བདེ་གསང་འཇིགས་གསུམ་ཡ་མ་བྲལ་བ་དགོས་ཞེས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེ་ལ་བཀའ་གནང་བ་འདི་རི་བོ་དགེ་ལྡན་པའི་ཕྱག་བཞེས་རྣམ་ཐར་ཡིན་ཞེས་དམ་པའི་གསུང་ལ་གྲགས་པ་ལྟར། རྗེ་ཙོང་ཁ་པའི་རྗེས་འབྲང་ཞིག་ལ་ཆོས་ཐོག་འདི་ཡང་གནད་ཤིན་ཏུ་ཆེ་བ་ཞིག་ཡིན་ནོ། །ཕྱི་ཉིན་རོལ་མོ་སྣ་ཚོགས་ཀྱིས་སྔོན་བསུས་ཏེ་ཚོགས་ཆེན་དབུ་མཛད་ཀྱིས་གཙོས་རྡུལ་ཚོན་ཆུ་མིག་ཏུ་གཤེགས་པར་ཕེབས། འདི་ནི་སྐྱེ་ཕྲེང་བརྒྱད་པས་མེ་གླང་(༡༨༧༧)ལ་བཙུགས་ནས་རང་ཉིད་ཀྱིས་དབུ་བཞུགས་ལོ་གསུམ་བཞིའི་རིང་མཛད་ཏེ་ཆ་ཚང་ཞིང་འཇུག་བདེ་བ་ཞིག་ཏུ་གྱུར་ཡོད།

ཧོར་ཟླ་གཉིས་པའི་ཉེར་ལྔ་ནས་ལྕགས་མཁར་འཆམ་དཔོན་ནས་འགན་བཞེས་ཀྱིས་གར་འཆམ་སྦྱོང་བརྡར་བྱེད། དེའི་བཅུ་དང་བཅུ་གཅིག་ལ་རྡོ་རྗེ་སློབ་དཔོན་མ་གཏོགས་པའི་ལྕགས་མཁར་བ་ཐམས་ཅད་ཕེབས་ནས་འདོན་དབྱངས་རྟ། འབུད་རྡུང་དཀྲོལ་གསུམ། གར་འཆམ་རྣམས་སྟ་གོན་བྱེད། དེའི་བཅུ་གསུམ་ལ་སྤྱི་གཉེར་ནས་གཏོང་སྒོ་བྱས་ཏེ་གྲྭ་མང་གནས་ནང་བསང་གསོལ་ལ་ཕེབས། ད་ལྟར་སྲོལ་དེ་ནུབ། བཅུ་བཞི་ལ་ལྕགས་མཁར་ཡར་ཚོགས། ལྕགས་མཁར་བ་ཐམས་ཅད་ལ། ཌཱ་དྲིལ། གསང་ཕྲེང༌། ཆོས་གོས། རྣམ་སྦྱར། གཏོར་བུ། ལྷུང་བཟེད། གདིང་བ་རྣམས་དགོས། རྡོ་རྗེ་སློབ་དཔོན་གྱིས་འཇིགས་བྱེད་བསྐྱེད་རིམ་ཆ་ཚང་ཞིག་དང༌། ཞི་བའི་སྦྱིན་སྲེག་གི་དམིགས་རིམ་རྣམས་རྒྱས་ཤིང་འཚམས་པའི་སྒོ་ནས་ངོ་སྤྲོད་མཛད། དེ་ལ་ཀེང་རུས་ཀྱིས་ཤུག་བདུག་ལན་གསུམ་གྱིས་བརྡ་བཏང་བའི་ཕྱག་སྲོལ་ཡོད། དགོང་མོའི་བར་གསེང་སྐབས་རྒྱལ་ཚབ་ཕེབས་ཏེ་དབུ་མཛད་ནས་ཕྱག་བདེ་བ་ཡན་ཆད་དམིགས་བསལ་གྱི་ལས་འགན་ཡོད་པ་དག་ལ་བཀའ་ཁྱབ་གནང༌། ཆོས་རྒྱལ་ཡབ་ཡུམ། འཆམ་དཔོན། ཨརྒྷཾ་བ་རྣམས་ཚབ་རེ་བསྐོ་གཞག་གནང་། དགོང་ཇ་སྐབས་ཞལ་ངོ་གཞོན་པས་ལྕགས་མཁར་གྱི་སྒྲིགས་གཞིའི་སྟེང་ནས་ཚོགས་གཏམ་རྒྱས་པ་འབུལ་སྲོལ་ཡོད། དང་པོ་ཉིན་དྲུག་ལ་འཇིགས་བྱེད་ལས་སྔགས་འབུམ། ཡེ་ཤེས་འབེབས་སྔགས་ཁྲི། ཆོས་རྒྱལ་བསྙེན་པ་འབུམ་གྲངས་གསོག ཉི་ཤུ་ལ་ཁ་སྐོང་གི་སྦྱིན་སྲེག ཉེར་གཅིག་ལ་བླ་མ། དབུ་མཛད། དགེ་སྐོས་གསུམ་མ་གཏོགས་པས་གཏོར་མའི་འཕྲུལ་འཁོར་སོགས་བཅའ་བཟོ་དང༌། རྡུལ་ཚོན་གྱིས་འཕྲུལ་འཁོར་ཐིག་གདབ། སློབ་དཔོན་གྱིས་འཇིགས་བྱེད་རྫོགས་རིམ་དང༌། གཏོར་མའི་འཕྲུལ་འཁོར་གྱི་དམིགས་རིམ་རྣམས་གསུངས། ཉེར་གཉིས་ནས་ཉེར་བརྒྱད་བར་འདོན་རེས་དང་འཆམ་རེས་སོ་སོ་ནས་ལྕགས་མཁར་གྱི་བསྐྱེད་ཆོག་བསྒྲལ་ཆོག་ནང་འཆམ་རྣམས་གཙང་བཀྲ་ཤིས་ལྷུན་པོའི་ཕྱག་ལེན་ལྟར་བསྐྱངས། ཉེར་བརྒྱད་ལ་དམར་འཆམ། ཉེར་དགུ་ལ་འབག་འཆམ་དང་གཏོར་རྒྱག གར་འཆམ་ལ། ཀེང་རུས་གཉིས། ཆོས་རྒྱལ་ཡབ་ཡུམ། སྔགས་པ་ཞྭ་ནག་ཅན་བརྒྱད་བཅས་ཡོད། ཉེར་དགུའི་ནུབ་མོ་འཇིགས་བྱེད་ཀྱི་ཚོགས་འཁོར་དང་གཤེགས་གཏོར་ཕུལ། འདི་ནི་ཞབས་དྲུང་དྲུག་པས་བཀྲ་ཤིས་ལྷུན་པོའི་ཕྱག་ལེན་ལྟར་རྟའུ་ཉ་མཚོ་དགོན་དུ་ཡོད་པ་ནས་ཡར་བསྒྱུར་ཏེ་བཙུགས། མ་ཟད་ཁོང་གིས་དབུར་བཞུགས་ཡང་མཛད་མྱོང་བ་ནི་ད་ལྟར་ཐུད་མང་པོ་བཟོ་བ་འདི་ལ་བལྟས་ན་ཤེས། གང་ཡིན་ཞེ་ན། ཐོག་མར་ཞབས་དྲུང་ནས་མར་ཐུད་མང་པོ་བསྣམས་ཏེ་གྲལ་འགོ་ནས་གྲལ་མཇུག་བར་ཐམས་ཅད་ལ་འགྱེད་པ་ལ་ལྕགས་མཁར་བ་ཐམས་ཅད་ཀྱིས་དེ་མི་རིགས་པས་རང་རང་གིས་ཐུད་ཁུར་བར་གྲོས་པས། དེའི་ཕྱི་ལོ་ནས་བཟུང་ལྕགས་མཁར་ལ་ཕེབས་མཁན་རང་རང་གིས་ཐུད་འཁྱེར་སྲོལ་དར་བར་གྲགས། ལྕགས་མཁར་བ་རྣམ་པས་ཆོ་གའི་བར་གསེང་རྣམས་སུ་དཔེ་གཟིགས་བློ་འཛིན་གནང་དགོས་པ་དང་། དགོང་མོ་རྟག་ཏུ་སྐྱོར་སྦྱོང་གནང་བ་ལ་གྲྭ་ཚང་དགེ་སྐོས་ཀྱིས་གཟིགས་རྟོག་གནང་དགོས། གནམ་གང་ལ་ལྕགས་མཁར་གྲོལ།

ཧོར་ཟླ་བཞི་པའི་ཚེས་བརྒྱད་ལ་འཇིགས་བྱེད་བདག་འཇུག་ཆོས་ཐོག་གི་ཇ་བཏབ། སྔགས་པ་དབུ་མཛད། ཐིག་དཔོན་སོགས་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ས་ཆོག་དབུ་བཙུགས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ཉིན་བཞིའི་རིང་བཞེངས། ཚེས་དགུ་ལ་གྲྭ་ཚང་དབུ་མཛད་ཀྱིས་ཇ་ཐུག་དྲུག་གི་རིང་བསྐང་གསོ་དང༌། ཚེས་བཅུ་དང༌། བཅུ་གཅིག་ལ་བྱང་འདྲེན་གྱིས་གསང་འདུས་བདག་མདུན་སྨོན་ཤིས་དང་བཅས་པ་ཇ་ཐུག་དྲུག་གི་རིང་དང༌། ཚེས་བཅུ་གཉིས་ནས་ཉེར་གཉིས་བར་སྔགས་པ་དབུ་མཛད་ཀྱིས་ཇ་ཐུག་བདུན་གྱི་རིང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བདག་མདུན་ཐ་མི་དད་པའི་སྒོ་ནས་དབང་ཆོག་སྨོན་ཤིས་དང་བཅས་པ་བསྐྱངས། ཚེས་ཉེར་གཉིས་ལ་ཁ་སྐོང་གི་ཞི་བའི་སྦྱིན་སྲེག ཉེར་གསུམ་ལ་རབ་གནས་དངོས་གྲུབ་ཆར་འབེབས་ཀྱི་སྟ་གོན། ཉེར་བཞིར་དངོས་གཞི། ཉེར་ལྔར་གཏང་རག་གི་བསྐང་གསོ་རྣམས་དང༌། ཉེར་བཞིར་རབ་གནས་ཀྱི་རྒྱས་པའི་སྦྱིན་སྲེག ཉེར་ལྔར་གཏང་རག་གི་ཞི་བའི་སྦྱིན་སྲེག་སྟེ་གསུམ་པོ་བསྐྱངས། ཉེར་བཞིར་ཕྱོགས་བཞིའི་སྦྱིན་སྲེག་ཡོད། ཉེར་ལྔ་ཉིན་ཕྱེད་ནས་གྲྭ་མང་སྤྲོ་སྐྱིད་ལ་ཕེབས། རྗེ་རིན་པོ་ཆེ་ལ་འཇམ་པའི་དབྱངས་ཀྱིས་བདེ་གསང་འཇིགས་གསུམ་ཡ་མ་བྲལ་བ་དགོས་ཞེས་གསུངས་པ་འདི་རི་བོ་དགའ་ལྡན་པའི་ཕྱག་བཞེས་རྣམ་ཐར་ཡིན་པས་ཆོས་ཐོག་འདི་ཡང་གནད་ཤིན་ཏུ་ཆེ་བ་ཡིན།

ཧོར་ཟླ་དྲུག་པའི་ཚེས་བཅུ་གཉིས་ལ་ཀུན་རིག་ཆོས་ཐོག་ཆེན་མོའི་ཇ་བཏབ། བྱང་འདྲེན་ཆེན་མོས་ཐུན་བཞིར་ཉུང་ཇ་དང་བཅས་པ་ཇ་ཐུག་བཅུའི་རིང་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་གསུང་ཆོག་བདག་མདུན་བུམ་གསུམ་དབང་ཆོག་སྨོན་ཤིས་རྣམས་ཀྱི་དབྱངས་རྟ་དང་རྒྱུད་གསལ་ནས་འབྱུང་བ་ལྟར་གྱི་ཕྱག་རྒྱ་དང་བཅས་པ་བསྐྱངས། ཉིན་བཞི་ནས་གྲོལ།

ཧོར་ཟླ་དགུ་པའི་བཅུ་སྐོར་ནས་ཞབས་བརྟན་ཇ་བཏབ། བསྐང་གསོ་ཐུགས་ལ་མངའ་ཚད་ཕེབས་ཏེ་སྔགས་པ་དབུ་མཛད་ཀྱིས་ཉིན་བདུན་ལ་བསྐང་གསོ་ཞལ་ཚང་གི་ཆོ་ག་རེས་མོས་ཀྱིས་བསྐྱངས། དེ་ཡང་སྲུང་མ་ཚད་ལྡན་མགོན་པོ། མགོན་དཀར། ཆོས་རྒྱལ། ལྷ་མོ། ཞལ་བཞི་པ། ལྕམ་སྲིང༌། རྣམ་སྲས། དམ་ཅན་རྣམས་ཀྱི་བསྐང་གསོ་ཡིན། དེས་ན་མཚན་ཉིད་གྲྭ་ཚང་གི་སྲུང་མ་གཙོ་བོ་དཔལ་ལྡན་ལྷ་མོ་དང༌། དགོན་སྤྱིའམ་ཚོགས་ཆེན་གྱི་སྲུང་མ་གཙོ་བོ་དམ་ཅན་རྡོ་རྗེ་ལེགས་པ། སྟོང་འཁོར་བླ་བྲང་གི་སྲུང་མ་ཚངས་པ་དུང་ཐོད་ཅན་དང་། དཔལ་ལྡན་དམག་ཟོར་མ། ལྕམ་སྲིང་། གཡར་ཁང་རི་ཁྲོད་ཀྱི་སྲུང་མ་བྲམ་ཟེ་གཟུགས་ཅན་སྙིང་པོ་སོགས་བསྟེན་གསོལ་བྱེད་པ་ལས། གཞན་གླེང་གཞི་ཅན་གྱི་དོལ་རྒྱལ་ཤུགས་ལྡན་འདི་སྟོང་འཁོར་ཡུལ་དགོན་སྡེ་བདུན་གྱི་སྤྱི་སྒེར་སུས་ཀྱང་བསྟེན་གསོལ་བྱས་མ་མྱོང་ལ། བོད་མདོ་དབུས་ཁམས་གསུམ་གྱི་གསར་མའི་དགོན་སྡེ་མང་པོར་དར་སྲོལ་ཆེར་བྱུང་ཡང་། ངེད་སྟོང་འཁོར་གྱི་ཡུལ་འདིར་དེ་ལྟ་བུའི་འབྱུང་པོ་དོལ་འདྲེ་འདི་བསྟེན་སྲོལ་བྱེད་མྱོང་མེད་པ་ནི། ཡུལ་འདིའི་སྐྱབས་གཅིག་བླ་མ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་ནས་གདུལ་བྱ་རྣམས་ཐུགས་རྗེས་བཀའ་སློབ་ལམ་སྟོན་གྱིས་མ་འདོར་བར་ཆུ་བོའི་རྒྱུན་བཞིན་བསྐྱངས་པ་ལས་ཡིན་པ་གདོན་མི་ཟ། དེའི་ཁུངས་ཅུང་ཙམ་སྤེལ་ན། དེ་ཡང་སྔོན་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་པའི་སྐུ་དུས་སུ་རྗེ་ཚེ་འཛིན་མའི་ལྷ་ཁང་ཞིག་བཞེངས་གྲབས་ཀྱི་སྐབས། དཀར་མཛེས་འཁྲུངས་སར་རིན་པོ་ཆེ་ནས་ལྷ་ཁང་བཞེངས་ཡུལ་ས་དཔྱད་གནང་སྟེ། དགོན་པའི་གཉའ་ཕྱོགས་རྒྱབ་རིའི་ངོས་ཀྱི་ཤུག་གསེབ་ཏུ་བཞེངས་ན་ལེགས་ཚུལ་གསུངས་པར་མ་ཟད། ས་འདུལ་ལ་དཔོན་སློབ་ཐུགས་ཤིན་ཏུ་མཐུན་པ་བདུན་གྱིས་ཆོས་རྒྱལ་སྲི་གནོན་ཚུལ་མཐུན་ཞིག་མཛད་དགོས་ཚུལ་དང་། ལྷ་ཁང་དུ་རྟེན་གཙོར་རྗེ་ཚེ་འཛིན་མ་ཞིག་བཞེངས་ནས་སྲུང་མར་ཤུགས་ལྡན་ནམ་དོལ་རྒྱལ་བསྟེན་གསོལ་བྱས་ན་ལེགས་ཚུལ་སོགས་རྟེན་བརྟེན་པ་ཆ་ཚང་བཞེངས་ཚུལ་སྐོར་བཀའ་སློབ་ལམ་སྟོན་གནང་ཡང་། རྗེས་སུ་ལྷ་ཁང་བཞེངས་འགོ་བཙུགས་ཏེ་རྨང་ནས་རིམ་གྱིས་གྱང་རྡུང་བའི་སྐབས་ཅུང་ཙམ་ནས་གྱང་ཞིག་འགྲོ་བ་དང་། ཡང་བསྐྱར་དུ་རྨང་ནས་བརྡུངས་ཀྱང་སྔར་ལྟར་ཞིག་འགྲོ་བ་ཐེངས་མང་བྱུང་བས་ལྟས་འདི་ཡ་མཚན་ཞིག་མིན་ནམ་སྙམ་སྟེ། ཁང་ལི་གདོང་སྤྲུལ་སྐུ་འགྱུར་མེད་རྡོ་རྗེའི་མདུན་ནས་ཕྱྭ་མོ་ལུང་བསྟན་ཞུས་པས། ཁོང་གིས་འབྱུང་པོ་དེ་བསྟེན་གསོལ་བྱེད་གྲབས་བྱས་པས་དགོན་པའི་སྲུང་མ་དམ་ཅན་རྡོ་རྗེ་ལེགས་པ་འཁོན་འདུག་པར་བབས་ཡོད་སྐོར་གྱི་ལམ་བསྟན་གནང་བ་དང་། བསྐྱར་དུ་འཁྲུངས་སར་རིན་པོ་ཆེར་ཡང་གོང་གི་ལོ་རྒྱུས་རྣམས་ཞུས་པས་ཤུགས་ལྡན་བསྟེན་གྲབས་བྱས་པ་འདི་མ་འགྲིག་པ་འདྲ། ལྷ་ཁང་དེར་དམ་ཅན་རྡོ་རྗེ་ལེགས་པ་བསྟེན་གསོལ་གཏན་ཁེལ་བའི་སྒོ་ནས་བཞེངས་ན་ལེགས་ཚུལ་གསུངས་པས། དེ་ལྟར་འཆར་འགོད་ཀྱིས་བཞེངས་པས་གྱང་ཡང་མ་ཞིག་པར་གེགས་མེད་བདེ་ལེགས་ངང་ལེགས་གྲུབ་བྱུང་བ་སོགས་ཀྱི་ངོ་མཚར་བའི་གནས་ཚུལ་བྱུང་། དེའི་སྐོར་དཔལ་ལྡན་འབྲས་སྤུངས་ནས་ཕེབས་པའི་མཁན་པོ་ལེགས་བཤད་རྒྱ་མཚོས་ཀྱང་ཕྱག་ཐལ་མོར་སྦྱར་ཏེ་བསྔགས་བརྗོད་ཚད་མེད་ཞུས་མྱོང་། མདོར་ན་ཡུལ་འདིར་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་བརྩེའི་བཀའ་སློབ་ལམ་སྟོན་འོག་སྟོང་འཁོར་དགོན་གཞུང་ནས་སྲུང་མ་དམ་ཅན་རྡོ་རྗེ་ལེགས་པ་བསྟེན་གསོལ་གནང་གི་ཡོད་པ་དང་། ད་ལྟར་ཡང་གདོན་འདྲེ་འདི་བསྟེན་གསོལ་གྱི་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པ་སོགས་ལས་སྟོང་འཁོར་ཡུལ་འདིར་འབྱུང་པོ་འདི་བསྟེན་པའི་མིང་ཙམ་ཡང་མེད་པ་གསལ།

གཞན་ཡང་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་པའི་སྐུ་དུས་སུ་སྤྲུལ་སྐུ་འགྱུར་མེད་རྡོ་རྗེས་སྟོང་འཁོར་ཡུལ་དགོན་བདུན་གྱི་རིམ་གྲོ་ལ་དྲུག་ཅུ་མ་བྱེ་བ་ཞིག་འབུལ་ན་ལེགས་ཚུལ་གསུངས་པ་ཇི་བཞིན་བསྒྲུབས་པས། དྲུག་ཅུ་མའི་གཏོར་མ་ལས་བདུད་རྩི་མང་དུ་བབས་པ་དང་། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་འདིས་ཀྱང་ཕྱིས་སུ་དྲུག་ཅུ་མ་འབུམ་ཐེར་གཅིག་འབུལ་དགོས་ཚུལ་ཕེབས་པ་ལྟར་ཕུལ་བའི་སྐབས་སུའང་བདུད་རྩི་འཛད་མེད་དུ་བབས་ཤིང་། དེང་གི་ཆར་ཡང་དྲུག་ཅུ་མ་ཁྲི་ཚར་དང་སྟོང་ཚར་ལོ་བསྟར་ཆགས་སུ་འབུལ་མུས་དང་། སྐུ་རིམ་སྒྲུབ་པ་པོ་དགོན་འདིའི་དགེ་འདུན་པ་རྣམས་སྔགས་དང་ཏིང་ངེ་འཛིན་བཟང་པོ་ཡོད་པའི་སྟོབས་ཀྱིས་རྟགས་དང་མཚན་མ་ངོ་མཚར་བ་དང་། རིམ་གྲོ་གནད་ལ་སོང་བའི་རྟགས་སུ་དྲུག་ཅུ་མ་ལས་བདུད་རྩི་འབབ་པ་རྒྱུན་ལྡན་ལྟར་གྱུར་ཡོད།

ཚོགས་ཆེན་སྒྲིགས་གཞི་ལ། དང་པོར་ཡར་ཚོགས་སྒྲིགས། གྲལ་ལ་བཞུགས་སྒྲིགས། འདོན་པ་གསུང་སྒྲིགས། ཁ་ཁྲིམས་སྐོར། གསོལ་ཆས་མཛད་སྒྲིགས། མར་གྲོལ་སྒྲིགས། གནང་བ་ཞུ་ཚུལ། འདོན་སྐྱོར་སྦྱང་། རྒྱུགས་སྤྲོད་སྐོར། ལས་སྣེ་རྣམས་ཀྱིས་སྐྱོང་ཚུལ་རྣམས་ལས། དང་པོ་ནི། ཚོགས་སྐད་བས་ནམ་ལངས་ཀྱི་དུས་སུ་རྡོ་ཏིང་བརྡུངས། ཚོགས་སྐད་རིང་ཐུང་དྲུག་གི་རིང་ལ་འཛིན་གྲྭ་གསུམ་པོ། ལས་སྣེ་ཐོན་ཟུར་རྣམས་འདུས་ཁང་ནང་དུ་ཕེབས་ནས་བཞུགས་ཆོག དེའི་འགབ་མ་རྣམས་སྒོ་མཆོར་ཕན་ཚུན་དང་ར་མཐིལ་ཕན་ཚུན་དུ་མཆོད་རྟེན་བཞིན་དུ་བང་རིམ། བྱ་སྒྲོ་བཞིན་དུ་མཇུག་རིམ་ཟེར་བ་ལྟར་བཞུགས་དགོས། སྒོ་སྐད་རྒྱག་པ་དང་མཉམ་དུ་དབུ་ཞྭ་དང་ཟླ་གམ་ལེགས་པར་བགོས་ནས་འདུས་ཁང་ནང་དུ་ཕེབས། རལ་གྲི་ཤུབས་ལ་བསྡུ་བ་ལྟར་གྲལ་འགོ་ནས་ཡར་ཚོགས།

གཉིས་པ་ནི། ཁྲི་གདན་ཟུར་དགེ་བཤེས་གླིང་བསྲེ་ལྕགས་མཁར་བ་རྣམས་དབུས་ཀྱི་གྲལ་ལ་བཞུགས་ནས་དེ་མིན་རྣམས་བསླབ་པ་གོ་རིམ། འཛིན་གྲྭ་མཐོ་དམའ། གྲྭ་བ་རྒན་གཞོན་བྱས་ནས་བཞུགས་པ་མ་གཏོགས་བསླབ་པ་ཁྱད་དུ་བསད་ནས་བཞུགས་མི་ཆོག དེ་ཡང་སྔོན་ཨ་ལུང་བཅད་པ་ལྟར། རྒྱབ་ཨ་ལུང་བཀུག་པ་ལྟར། དབུ་ལོ་ཡག་གི་སྙེ་མ་ལྟར། མིག་སྣ་རྩེར་ཕབ། སྐུ་ཀ་བ་དང་གྱང་སོགས་ལ་མ་བརྟེན་པ་སོགས་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དང་བ་འདྲེན་པར་བཞུགས་དགོས།

གསུམ་པ་ནི། འགོ་སྐུལ་སྐབས་རྒྱ་མཚོའི་ནང་དུ་རྡོ་འཕངས་པ་ལྟར། གྲལ་དབུས་ནས་གྲལ་མཐར་ཕར་ཁྱབ་དགོས་པ་དང༌། བཅད་མཚམས་སུ་མེ་ལོང་ལ་ཧ་བཏབ་པ་ལྟར་གྲལ་མཐའ་ནས་གྲལ་དབུས་ཚུར་བསྡུ་དགོས་པ་དང༌། དབུ་མཛད་ཀྱིས་འགོ་སྐུལ་མགྱོགས་དལ་ཇི་ལྟར་བྱེད་ཀྱང་མགྲིན་གཅིག་དབྱངས་གཅིག་ཐོག་ནས་གསུངས་པ་མ་གཏོགས་གཡས་འཐེན་གཡོན་འཐེན་མི་ཆོག

བཞི་པ་ནི། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་དང་། མདོ་རྩ་བ་ལས། མི་ན་བས་ཉིན་མོ་ཉལ་བར་མི་བྱའོ། །ཞེས་པ་དང་མཐུན་པར། འདོན་པའི་སྐབས་སུ་གཉིད་དང་གཏམ་སྨྲ་བར་མི་བྱའོ།།

ལྔ་པ་ནི། དམ་ཆོས་འདུལ་བ་ནང་ལྟར་ཧབ་སྒྲ་དང་ཕུ་སྒྲ་མེད་པ་སྐལ་ལྡན་དང་བ་འདྲེན་པར་གསོལ་དགོས། དེ་ཡང་དཔེར་ན། གསོལ་ཇའི་སྐབས་རྒྱ་མཐོངས་ཁ་ནས་ནས་འབྲུ་གཅིག་གྲལ་དབུས་སུ་འཕངས་ན་དེའི་སྒྲ་གྲལ་མཐའ་དབུས་མེད་པར་གོ་ཐུབ་པ་ལྟ་བུ་དགོས།

དྲུག་པ་ནི། དབུ་མཛད་ཀྱིས་བརྡ་བྱེད་ཚེ་ཆབ་རིལ་བས་རུང་ཆུ་བཀྲམ་ནས་རལ་གྲི་ཤུབས་ནས་འཐོན་པ་ལྟ་བུ་གྲལ་མཇུག་ནས་མར་གྲོལ།

བདུན་པ་ནི། ཆོས་དང་མཐུན་པ་མ་གཏོགས་ཚོང་སོ་ནམ་སོགས་དོན་མེད་རིགས་ལ་གནང་བ་ཞུ་མིས་ཞུ་མི་ཆོག་པ་དང༌། སྤྲོད་མིས་སྤྲད་མི་ཆོག་པ་ཡིན།

བརྒྱད་པ་ནི། འཛིན་གྲྭ་གསུམ་པོ་མ་གཏོགས་པ་ཐམས་ཅད་ཀྱིས་གྲྭ་ཤག་སྟེང་ནས་ཁྲིམས་བརྡ་མ་བརྒྱབ་བར་དུ་རྩ་བ་གསུམ་གཙོ་བོར་བྱས་ནས་འདོན་པ་སྐྱོར། དེ་ལ་ཚོགས་ཆེན་ལས་སྣེས་སྐོར་གཡེང་གནང་དགོས།

དགུ་པ་ནི། གྲྭ་ཆུང་རྣམས་ལ་ཟླ་རེ་བཞིན་རྒྱུགས་ལེན་པ་སོགས་བྱས་ཏེ་རྒོད་བག་ཞི་བའི་ཐབས་དང༌། ཐོས་བསམ་འཕེལ་བའི་ཐབས་ལ་སྦྱར་དགོས། གསང་བདེ་འཇིགས་གསུམ་ཀུན་རིག་དང་བཅས་པའི་ཆོས་ཐོག་ཚོགས་སྐབས་སུ་གྲྭ་མང་ལ་མཁོ་བའི་ཡོ་བྱད་ནི། དབུ་ཞྭ། ཟླ་གམ། གདིང་བ། གསོལ་བཞེས། རྩམ་ཁུག སྤྱན་དར། རྡོར་དྲིལ་རྣམས་མེད་དུ་མི་རུང་བ་ཡིན། མདོར་ན་ཚོགས་ཆེན་དང་། དགུ་གཏོར། ཞབས་བརྟན། ལྕགས་མཁར་སོགས་མང་ཚོགས་དང་ཉུང་ཚོགས་གང་ཡིན་ལ་ཕྱག་བདེ་བ་སོགས་ཀྱིས་སྔ་མོར་བྱིན་ལེན་དང་། ཕྱི་དྲོར་བྱིན་ལེན་བཤིག ཆབ་ལེན། ལྷམ་ཕུད། དཀོན་མཆོག་རྗེས་དྲན་གྱི་མདོ་གསུངས་པ། ཕུད་མཆོད་བཞེངས་པ་སོགས་བསྟན་པའི་གཞི་མ་འདུལ་བའི་ཕྱག་ལེན་དེ་དག་རྒྱུན་འཁྱོངས་སུ་གནས་ཡོད།

སྨྲས་པ།

དཔལ་ལྡན་སྨད་རྒྱུད་ཕྱག་ལེན་འདིར་འཕོས་པས། །

བྱང་གྲོལ་མཁའ་ལམ་ཕ་མཐར་མྱུར་བར་མྱུར། །

འཕུར་བའི་གཤོག་སྒྲོ་མདོ་སྔགས་ཟུང་འབྲེལ་བའི། །

དགའ་ལྡན་བསྟན་པ་འཐུས་ཚང་འདི་ན་ཡོད། །ཅེས་སོ། །

༤༽ གསར་རྙིང་གི་རྟེན་བརྟེན་པའི་སྐོར་དང་འབྲེལ་ཏེ་གཟི་བྱིན་ལྡན་པའི་རྟེན་རྙིང་ལ་གྱོང་གུན་ཐེབས་ཚུལ་སྐོར་བཤད་པ།

༈ བཞི་པ་གསར་རྙིང་གི་རྟེན་བརྟེན་པའི་སྐོར་དང་འབྲེལ་ཏེ་གཟི་བྱིན་ལྡན་པའི་རྟེན་རྙིང་ལ་གྱོང་གུན་ཐེབས་ཚུལ་སྐོར་བཤད་པ་ལ། གསར་རྙིང་གི་རྟེན་བརྟེན་པའི་སྐོར་ངོ་སྤྲོད་མདོར་ཙམ་ཞུ་བ་དང༌། གཟི་བྱིན་ལྡན་པའི་རྟེན་རྙིང་ལ་གྱོང་གུན་ཐེབས་ཚུལ་སྐོར་བཤད་པའོ།།

གསར་རྙིང་གི་རྟེན་བརྟེན་པའི་སྐོར་ངོ་སྤྲོད་མདོར་ཙམ་ཞུ་བ།

དང་པོ་ནི། སྟོང་འཁོར་བླ་བྲང་དགྲ་འདུལ་གནམ་ལྕགས་འབར་བའི་རྫོང་ཆེན་མོ་བསོད་ནམས་དོན་ལྡན་ནོར་བུའི་ཕོ་བྲང་གསེར་ཁང་གོང་འོག་གཉིས། གཟིམ་ཆུང༌། ཤིང་བཟོ་འདུས་ཁང༌། ཇ་ཁང༌། འཆམ་ར། སྒོ་ཆེན་བཅས་བརྗིད་ཆགས་པ་ཡོད། གསེར་ཁང་གོང་མ་འདི་ནི་འགོ་འཛིན་རྡོ་རྗེ་ཚེ་རིང་གིས་གཞན་དབང་བཙན་པོའི་འོག་ནས་རྒྱལ་བསྟན་བསྐྱར་དར་བྱུང་རྗེས་སུ་གསར་བསྐྲུན་བྱས། འདིའི་ཤུལ་ནི་སྔོན་ཞབས་དྲུང་དང་པོ་རྗེ་ཟླ་བ་རྒྱལ་མཚན་གྱིས་ཐུགས་དམ་གནང་ཚེ་སྤྲུལ་པའི་བྱ་རོག་ཅིག་གིས་ས་དཔྱད་མཛད་པ་ལྟར་ས་འབུར་གསུམ་གྱི་གོང་མར་གཙུག་ལག་ཁང་བཞེངས་པའི་ཤུལ་དེ་ཡིན། དེ་ཡིན་པ་ནི་ད་ལྟར་ཡང་ས་འབུར་ཞེས་པ་ལ་གཞིགས་ནས་སྔོན་རྒྱབ་མདུན་གསུམ་ག་ནས་བལྟས་ཀྱང་ར་སྤྲོད་བྱེད་ཐུབ་བོ། །དེའི་ནང་ཇོ་བོའི་སྐུ་ཐོག་བརྩེགས་གསུམ་ཅན་བྱམས་འཇམ་དབྱངས་ཀྱི་འཁོར་དང་བཅས་འདམ་ལས་བཞེངས། ནང་རྟེན་ལ་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པས་འཕགས་ཡུལ་ནས་བསྐུར་གནང་མཛད་པའི་བྱིན་རྟེན་ངོ་མཚར་ཅན་བཞུགས། ཀུན་དགའ་ར་བའི་དབུས་སུ་ཙོང་ཁ་པ་ཡབ་སྲས་དང༌། གཡས་གཡོན་དུ་རྗེ་སྟོང་སྐུ་རྣམས་གཙོ་བོ་མཁན་ཟུར་སྐལ་བཟང་མཐར་ཕྱིན་གྱིས་དད་རྫས་རྣམས་ཆུད་ཟོས་སུ་མི་གཏང་བར་འདིར་རྒྱུ་སྦྱོར་དང་ཐུགས་ཁུར་བཞེས་ནས་ནང་རྟེན་བཅས་ཆ་ཚང་ལེགས་གྲུབ་བྱུང་ཡོད། གཡས་གཡོན་གྱི་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་བཅུའི་དྲུག་པའི་སྐུ་གདུང་མ་གཏོགས་པ་རྣམས་ནི། འགོ་འཛིན་རྡོ་རྗེ་ཚེ་རིང་གིས་གཙོས་དུས་འགྱུར་རྗེས་ཀྱི་འཛིན་སྐྱོང་སྐབས་དྲུག་པ་དང་། ཚོང་པ་བློ་བཟང་འཆི་མེད་སོགས་ཀྱིས་ལས་འགན་གྲུབ་རྗེས་གཏང་རག་གི་ཚུལ་དུ་བཞེངས་ཡོད། ནང་རྟེན་ལ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་གདུང་རུས། སྟོང་འཁོར་ཞབས་དྲུང་འཇམ་དཔལ་དགེ་འདུན་རྒྱ་མཚོའི་གདུང་རུས། སྟོང་འཁོར་ཞབས་དྲུང་ཚུལ་ཁྲིམས་རྒྱ་མཚོའི་གདུང་རུས་ཆ་ཚང༌། ཞབས་དྲུང་རྣམས་ཀྱི་ན་བཟའ། དབུ་ལོ། དབུ་ཞྭ། གདུང་ཚ། གཟུངས་གཞུག་བཀའ་རྒྱ་མ། བཀའ་འགྱུར་ཆ་ཚང་རེ། འབུམ་སྐུ་ཚར་གཉིས་གསུམ་རེ། གཞན་ཡང་བྱིན་རྟེན་གང་མང་བཞུགས་ཡོད། མཐའ་སྐོར་གྱི་ལྡེབས་བྲིས་ལ། མི་ལ་རས་པ། སེང་གདོང་མ། ཉེ་བའི་སྲས་བརྒྱད། ཆོས་སྐྱོང་རྣམས་བཞུགས།

གསེར་ཁང་འོག་མ་འདི་ནི། སྤྱི་ལོ་ ༢༠༠༣ ལོར་ཁྲིན་ཏུ་ནས་དད་མཆོག་ལྡན་པ་རྒྱ་ལིང་ཏྲན་གྱིས་དགོན་འདིའི་གནའ་རྫས་སྲུང་སྐྱོབ་ཐད། རྒྱ་སྒོར་འབུམ་ལྔའི་འགྲོ་གྲོན་བཏང༌སྟེ། དགེ་སློང་རྡོ་རྗེ་ཚེ་རིང་ནས་འགན་ཁུར་ལྷུར་བཞེས་ཀྱིས་དྲི་གཙང་ཁང་ཐོག་བརྩེགས་གཉིས་པ་ཞིག་གསར་བསྐྲུན་བྱས། སྟེང་མའི་ནང་ད་ལྟར་རྟེན་རྙིང་མང་དུ་བཞུགས།

སྐུ་རྟེན་གྱི་སྐོར་ལ། གསེར་ཁང་གི་རྟེན་གཙོ་ཇོ་བོའི་སྐུ་འདི་ནི། ཞབས་དྲུང་གསུམ་པའི་སྐུ་དུས་ནས་འདིར་ཕེབས་ཡོད། ད་ལྟར་ཡོངས་སུ་གྲགས་པ་ལ་སྔོན་ཤཱཀྱ་ཐུབ་པ་ཞལ་བཞུགས་དུས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྦྱིན་བདག་མཛད་དེ་ཐུབ་པ་དགུང་ལོ་བརྒྱད་པ། བཅུ་གཉིས་པ། ཉེར་ལྔ་པ་གསུམ་བཞེངས་པའི་སྔོན་འགྲོར་ཐུབ་སྐུ་བརྒྱ་རྩ་བཞེངས་པའི་བརྒྱད་པ་ཡིན་པ་དང༌། སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པ་དང་། བཟོ་བ་སྤྲུལ་སྐུ་བི་ཤྭ་ཀརྨས་བཞེངས་པ་དང༌། སྐུ་རྒྱུ་ནི་ཛྷཻ་ཀྵིམ་མམ་གསེར་སྨུག་ལས་གྲུབ་པར་གསུངས་པས་ཁྱད་ཆོས་དུ་མ་དང་ལྡན་པ་ཡིན། གསེར་གླིང་པའི་ཐུགས་དམ་གྱི་རྟེན་ཡང་ཡིན་པར་གསུངས། དེས་ན་ཐོག་མར་གསེར་གླིང་པས་གསེར་གླིང་ནས་གཏེར་དུ་བཞེས། དེས་ཇོ་བོ་རྗེ། དེས་འབྲོམ་སྟོན་པ། དེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ལ་གནང་ཡོད་པའི་སྟོན་པའི་སྐུ་དེ་ཡིན་དགོས། གླང་དར་མའི་སྟ་རེའི་རྗེས་ཡོད་པ་དང༌། བཻ་ཌཱུརྱ་མེ་ལོང་དུ་ཇོ་བོ་ལོ་ཀེ་ཤྭ་ར་དང་མཉམ་དུ་འདིར་ཕེབས་པར་གསུངས་པ་ལ་དཔྱད་ན་ལྷ་ས་ནས་རིམ་གྱིས་མར་དྲངས་ཡོང་བ་འདྲ། དེས་ན་འདི་ལས་ལྷག་པའི་བྱིན་རྟེན་ཞིག་ཡོད་བསམས་ན་ཤིན་ཏུ་བླུན་པ་ཀུན་ཏུ་རྨོངས་པ་ཞིག་ཡིན་ནོ། །བཅོས་བསྒྱུར་སྐབས་སུ་ནོར་ལི་དང་། ཤེས་རབ་མཐར་ཕྱིན། ཚེ་རིང་དབང་ཕྱུག བསོད་ནམས་དཔལ་མོ་སོགས་ལྷག་བསམ་ཅན་རྣམས་ཀྱིས་ཐབས་མཁས་ཀྱི་འཕྲུལ་ལ་བརྟེན་ནས་རྦ་མདའི་གྲོང་དུ་གདན་དྲངས་ཏེ་ཉར་ཚགས་བྱས། ཚེ་རིང་དབང་ཕྱུག་དང་། བསོད་ནམས་དཔལ་མོ་གཉིས་ཀྱིས་མཚན་མོར་ཡར་དྲངས་སྐབས་རྒྱབ་ཏུ་སྐུ་འགུལ་བའི་སྣང་བ་ཤར། ད་ནི་འདི་ནས་འགྲོ་མི་རིགས་པའི་ལྟས་ཤིག་ཡིན་སྙམ་ནས་ལམ་གཞན་ཞིག་ནས་སོང་བས་རྦ་མདར་བདེ་བར་སླེབས། སྐུ་འདིས་འགྲོ་དོན་མཛད་པ་མཇུག་མ་བསྒྲིལ་པར་ད་ལྟར་བཞུགས་ཡོད་པ་ནི། དེ་དག་གིས་ཐབས་ཤེས་ཀྱིས་གྲོགས་དན་དང་སྙིང་སྟོབས་ཀྱིས་སྐུ་ངལ་བྱས་པའི་འབྲས་བུ་ཡིན། དེས་ན་དེ་དག་གི་རླབས་ཆེན་མཛད་རྗེས་ལ་ཅིས་ཀྱང་རྗེས་དྲན་བྱར་འོས་སོ།།

༈ རྟེན་སེ་རུ་མ་འདི་ནི་དུས་རབས་བཅོ་ལྔ་པར་རྗེ་ཟླ་བ་རྒྱལ་མཚན་གྱི་མ་ཡུམ་གྱིས་རྟེན་བཞུགས་ངོས་སུ་བཙོད་བརྐོ་བར་བྱོན་ཏེ་མཇོར་གྱིས་ས་བསློགས་ཚེ་ས་འོག་ནས་གཏེར་དུ་བཏོན། ད་ལྟར་དབུ་རྒྱན་དབུས་མ་མེད་པ་ནི་དེའི་ཚེ་མཇོར་གྱིས་ཕོག་པའི་རྐྱེན་གྱིས་ལྷུང་བ་ཡིན་ཟེར། རྗེ་ཟླ་བ་རྒྱལ་མཚན་གྱི་ཐུགས་དམ་གྱི་རྟེན་ཡིན་ནོ། །འདི་དང་འོག་གི་དཔག་བསམ་འཁྲི་ཤིང་ཞལ་ཐང་རྣམས་རྡོ་རྗེ་ཚེ་རིང་གིས་གཞན་གྱི་ལག་ནས་བླུས་པ་སོགས་རྒྱུ་ཚེགས་གཉིས་ཀའི་སྒོ་ནས་ལེགས་སྐྱོང་གནང་བ་ཤ་སྟག་ཡིན།

༈ བདེ་མཆོག་སྐུ་ཆེ་བ་འདིའི་ཐུགས་ཀར་དྲོད་རྟ་རྔ་ཙམ་ཡོད་ཟེར་སྲོལ་འདུག དེ་ནི་ཡེ་ཤེས་པ་དངོས་སུ་བཞུགས་པའི་ལྟས་ཡིན་པ་འདྲ།

༈ ཐུབ་དབང་གི་སྐུ་ཆེ་བ་འདི་ནི། སྤྱི་ལོ་ ༡༧༧༣ ལ་ཞབས་དྲུང་དྲུག་པ་བསྙེན་པར་རྫོགས་སྐབས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་འབྲལ་སྤང་དུ་གནང་བ་ཞིག་རེད། འདིའི་ཞལ་ངོ་གཡས་ངོས་སུ་བདུད་རྩི་འཛག་པའི་རྗེས་གསལ་པོར་ཡོད་པ་ད་ལྟར་ཡང་མཇལ་དུ་ཡོད། དེ་ནི་དོན་ལ་སྣང་བ་མཐའ་ཡས་ཀྱིས་འཇམ་པའི་དབྱངས་ལ་གནང་བའི་རྟེན་དངོས་ཡིན་པས་གཞན་ལས་ཁྱད་པར་དུ་འཕགས་ཤིང་བྱིན་རླབས་ཀྱི་ཚན་ཁ་ཐུབ་དབང་དངོས་དང་ཁྱད་མེད་པའི་བརྡར་བསྟན་པ་ཞིག་གོ །

༈ སྒྲོལ་མའི་སྐུ་ཆེ་བ་འདི་ནི་གནའ་ནས་ད་བར་གསུང་བྱོན་མར་གྲགས་པ་རེད། གསུང་བྱོན་སྟངས་ཤིག་ཡོད་ངེས་ཀྱང་ད་ལྟར་གསུང་སྒྲོས་ཤིག་མི་འདུག འདིའི་བཞུགས་ཁང་ནི་ཞབས་དྲུང་དྲུག་པ་ཆེན་པོ་མན་ཇུའི་རྒྱལ་རབས་བཞི་པ་ཆན་ལུང་གི་དབུ་བླར་ཕེབས་པའི་སྐབས་སུ་གནང་སྦྱིན་མཛད་པའི་ཡུང་ཤེལ་གྱི་བཞུགས་ཁང་དེ་ཡིན་ལ། དབྱིབས། རི་མོ། རྒྱུ་ཆ་སོགས་ཀྱི་སྤུས་ཚད་གང་ཐད་ནས་བལྟས་ཀྱང་སྒྱུ་རྩལ་མཁས་པས་བཟོས་པ་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ། དེའི་ནང་གི་ཡོང་ཤེལ་གྱི་སྐུ་དེ་ནི་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་ཛ་དྲག་སྤེལ་ནས་རྟེན་གསུམ་སོགས་མི་མང་གི་ལག་ནས་འཕྲོག་བཅོམ་གཏོར་བརླག་གཏོང་བའི་སྐབས་སུ་རྒྱ་མིའི་ལས་བྱེད་པ་ཞིག་གིས་སྒེར་གྱིས་བདག་དབང་བྱས་ཞེས་ཟེར་སྒྲོས་ཡོད། དེས་མཚོན་ངེད་སྟོང་འཁོར་གྱི་གནའ་རྟེན་བྱིན་རླབས་དང་རིན་ཐང་ལྡན་པ་མང་པོ་དུས་རབས་ཀྱིས་མེ་ལྕེས་བསྲེགས་སོང་བས། ཞབས་དྲུང་དྲུག་པ་གོང་མའི་དབུ་བླར་ཕེབས་པ་འདི་ཙམ་གྱིས་མཚོན་དགོས་པར་ཐུག་པའི་བློ་ཕམ་པོ་བཟོས་ཡོད་དོ། །

༈ རྣམ་འདྲེན་ལྔ་པའི་སྐུ་ཆེ་བ་འདི་ནི། ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ་རྫ་བསམ་འགྲུབ་དགོན་དུ་འཇིགས་བྱེད་དབང་ཆེན་གནང་བར་ཕེབས་སྐབས་ཕུལ་བ་ཡིན་ཟེར་སྲོལ་འདུག །ཞབས་དྲུང་སྐུ་ཕྲེང་བདུན་པས་མ་འོངས་བྱམས་པའི་དུས་སུ་འཁོར་གྱི་ཐོག་མར་སྐྱེས་ཏེ་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་སོགས་བཀྲ་ཤིས་པའི་རྟེན་འབྲེལ་བཟང་པོ་སྤེལ་བའི་ཆེད་དུ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་བྱམས་པ་གདན་དྲངས་ཀྱི་ཞལ་བཀོད་གནང་བ་ནས་བཟུང་ད་བར་ཡུལ་དགོན་གྲྭ་མང་ཀུན་གྱིས་ལོ་ལྟར་ཞལ་མཇལ་གསོལ་འདེབས་ཡིད་སྨོན་བྱ་བའི་ཡུལ་དང༌། དབྱར་གནས་གྲོལ་ཁར་སེམས་བསྐྱེད་ཆོ་གས་ལེན་ཡུལ་དང༌། དགེ་རྩ་བཅོལ་བའི་རྟེན་དུ་དྲངས་པ་སོགས་དགོན་འདིའི་རྟེན་འགངས་ཆེའི་གྲས་ཤིག་ཡིན།

༈ མགོན་པོ་ཕྱག་དྲུག་པའི་སྐུ་ཆུང་ངུ་འདི་ནི། དུས་འགྱུར་ཆེན་པོ་མ་བྱུང་སྔོན་དུ་རང་འགུལ་གྱིས་ཞལ་ཕར་ཚུར་ཕྱོགས་པ་དང༌། མཆོད་སྟེགས་སྟེང་ནས་འོག་ཏུ་ཕེབས་པ་སོགས་མཛད་ཟེར་སྲོལ་ཡོད། བཅོས་བསྒྱུར་མ་བྱུང་སྔོན་དུའང་དེ་ལྟར་བྱུང་བ་རེད་ཅེས་གྲགས།

༈ གུ་རུའི་རྡོ་སྐུ་འདི་ནི། གཏེར་མ་ཞིག་ཡིན་ལ། དགོན་འདི་མ་བཏབ་སྔོན་དུ་རྗེ་ཟླ་བ་རྒྱལ་མཚན་གྱིས་གྲུབ་མཐའ་གསར་རྙིང་གང་གི་སྡེ་འཛུགས་དགོས་སྙམ་དུ་དགོངས་པ་གཏད་པའི་སྐབས་ཤིག་ལ་སྐུ་བསྭོ་ཐོག་གནས་ཀྱི་སྨན་ཆུ་ནས་གཏེར་དུ་བཞེས་པའི་ཁ་ཊྭཱཾ་ག་མེད་པ་དེ་ཡིན།

༈ བ་སོའི་གནས་བརྟན་ཞེས་པ་ནི། བ་སོ་གོར་གོར་མཐའ་ར་ཡོད་པའི་ནང་འཁོར་ལ་རྒྱ་ཁྱོན་སོར་བཞི་ཙམ་ལས་མེད་པའི་ནང་དུ་བྲག་རིའི་ངོས་སུ་སྟོན་པ་འཁོར་གནས་བརྟན་བཅུ་དྲུག་དང་བཅས་པ་འབུར་དུ་ཐོན་པ། སྐུ་རེ་ལ་ཆེ་ཆུང་ནས་འབྲུ་ཙམ་ལས་མེད་པ། ལྷ་བཟོ་མཁས་པས་བཞེངས་པ་དེ་འདྲ་བའི་ངོ་མཚར་བ་ཞིག་ཡོད།

ད་ལྟར་གསེར་ཁང་འདིའི་ནང་དུ་གཏེར་མ། ལི་མ། ཙནྡན་སྐུ། དཀར་ཡོལ་སྐུ། སྤོས་སྐུ། རྡོ་སྐུ་སོགས་ཁྱོན་གྲངས་བཞི་བརྒྱ་ལྷག་བཞུགས་པ་དེ་དག་ཐམས་ཅད་ཞབས་དྲུང་རྣམས་སྐུ་བསོད་དབང་ཐང་ཧ་ཅང་རྒྱས་སྟབས་བོད་ཀྱི་རྒྱལ་བ་ཡབ་སྲས་སོགས་བླ་རབས་དང༌། རྒྱལ་རབས། དཔོན་རབས། སོག་པོའི་རྒྱལ་པོ་ཨལ་ཐན། སའི་ཚངས་པ་ཆེན་པོ་ཁོ་ལོ་ཆི། ཨལ་ཐན་གྱི་གདུང་རྒྱུད་སྐུ་མཆེད། གོང་མ་ཝན་ལི། གོང་མ་ཁང་ཤིས། གོང་མ་ཆན་ལུང་སོགས་ཀྱི་ཕྱག་ནས་ཐོན་པ་ཤ་སྟག་ཡིན། གནའ་བོའི་དུས་སུ་སྟོང་འཁོར་གསེར་ཁང་ནང་དུ་གསེར་སྐུ་སྟོང་གཉིས་ལྷག་བཞུགས་ཀྱང་འདི་ཙམ་མ་གཏོགས་པ་རྣམས་དུས་འགྱུར་གྱིས་གཏོར་བཤིག་འོག་འབྱུང་བཞིའི་ཀློང་དུ་ཐིམ་ནས་བློ་སེམས་ལན་བརྒྱར་ཕམ་པའི་གནས་སུ་གྱུར།

སྐུ་ཐང་སྐོར་ལ། སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་གནའ་དུས་སོ་གཅིག་ནང་ནས་ད་ལྟར་ཉེར་དགུ། རྒྱན་དྲུག་མཆོག་གཉིས་ཀྱང་ཞལ་ཐང་དགུའི་ནང་ནས་ད་ལྟར་ལྔ་ལུས་ཡོད། དེ་དག་ནི་སྤྱི་ལོ་ ༡༧༩༩ ལ་ཞབས་དྲུང་དྲུག་པས་ད་ལྟར་འཛམ་གླིང་ན་ཆེས་སྙན་གྲགས་ཅན་གྱི་སྤྲུལ་པའི་ལྷ་བཟོ་སྤྲོ་ནམ་མཁའ་རྒྱན་བོས་ནས་བཞེངས་པའི་ཕྱག་བྲིས་དངོས་དེ་ཡིན་པ་ལོ་རྒྱུས་ཁུངས་ཐུབ་ལས་བྱུང་བ་དེ་རྣམས་ཡིན། ཞབས་དྲུང་དྲུག་པས་དཔག་བསམ་འཁྲི་ཤིང་ཞལ་ཐང་གི་གཤམ་དུ་ཚོན་གཞི་ནག་པོ་བྱུགས་ནས་ཁ་བྱང་མ་བཏབ་པར་དགུ་པའི་བགོ་སྐལ་དུ་བཞག་པ་ལ། དགུ་པས་ལྗགས་རྩོམ་གནང་བ་བློ་བཟང་འཇམ་དཔལ་དང༌། བློ་བཟང་སྨོན་ལམ་གཉིས་ཀྱིས་གསེར་བྲིས་སུ་མཛད་ཡོད། གཞན་ཡང༌། ནམ་མཁའ་རྒྱན་གྱི་དངོས་སློབ་ཡང་སློབ་དང་བཅས་པས་བྲིས་མ་སྐུ་ཕྲེང་བཅུ་པ་ནས་བཞེངས་གནང་མཛད་པའི་རྣམ་འདྲེན་ལྔ་པའི་གསེར་ཐང་ཆེན་མོ། གདུགས་དཀར་མཆོག་གྲུབ་མའི་ཞལ་ཐང་ཆེན་མོ། གནས་བརྟན་རྟོགས་བརྗོད། གནས་བརྟན་ཆུ་རིས་མ། ཇོ་བོ་རྗེའི་རྟོགས་བརྗོད། ཙོང་ཁ་པའི་རྟོགས་བརྗོད། ཞབས་དྲུང་རིམ་བྱོན། གྲུབ་ཐོབ་བརྒྱད་ཅུ་སོགས་གྱི་སྐུ་ཐང་ཁྱོན་ཉིས་བརྒྱ་ལྷག་བཞུགས།

༈ སྤྲོ་ནམ་མཁའ་རྒྱན་གྱི་ལོ་རྒྱུས་ཤིག་འདིར་འབྲེལ་བའི་ཅུང་ཙམ་འགོད་ན། ཡུལ་བྲག་འགོར་དུས་རབས་བཅུ་བདུན་པར་བྱུང་བར་མངོན། ཆུང་ངུའི་དུས་སུ་སྐྱིད་ཆབ་སྒང་གི་ལུང་པའི་ཕུར་ཕྱུགས་རྫི་ལ་སོང་སྐབས་གཉིད་དུ་ཡུར་བའི་རྨི་ལམ་དུ། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་བྱོན་ནས་པིར་བཞི་གནང་སྟེ་དེང་ནས་བརྩམས་ཏེ་ཁྱོད་ཀྱིས་ལྷ་བྲིས་ཤིག་དང་དེས་འགྲོ་དོན་རྒྱ་ཆེར་འབྱུང་ངོ་ཞེས་ལུང་བསྟན་གསུངས། གཉིད་སད་རྗེས་པིར་བཞི་དངོས་སུ་ཡོད་པ་རྣམས་བདག་གིར་བྱས། དེ་ནས་བཟུང་ལྷ་སོགས་འབྲི་བའི་སྒྱུ་རྩལ་ལ་གཞོལ་བས་མ་འགོར་བར་མཁས་པར་གྱུར། རང་གཞན་སུ་ལ་ཐང་ཀ་བྲིས་ཚེ་གུ་རུའི་སྐུ་ཞིག་མི་འབྲི་བ་མི་སྲིད་པ་ལྟ་བུ་ཡིན་པས་བྲག་འགོ་དཔོན་དྲིན་རྗེ་ལ་ཙོང་ཁ་པ་ཡབ་སྲས་ཀྱི་ཞལ་ཐང་ཞིག་བྲིས་ཚེ་རྗེའི་སྤྱན་འབྲས་ཀྱི་ནང་དུ་གུ་རུའི་སྐུ་ཞིག་བྲིས་པ་དེ་ཕྲ་མཐོང་མེ་ཤེལ་སྤྱད་ནས་མ་གཏོགས་ཆུ་བུར་མིག་གིས་རང་དབང་དུ་མཐོང་མི་ཐུབ་པ་ཞིག་བཞེངས། གཞན་ཡང༌། པིར་བཟོ་བྱེད་ཀྱི་སྤུ་ཉག་མ་གཅིག་གི་བུ་གར་གཅིག་འཐུད་དེ་སྤུ་མང་པོ་སྦྲེལ་ནུས་པའི་སྤྱན་རྣོན་པོ་དེ་འདྲ་ཡོད་པ་དང༌། གོང་དུ་པིར་བཞི་གནང་བའི་ལུང་བསྟན་ལྟར་སློབ་མའི་གཙོ་བོ་ས་གཞི་རྒྱན་སོགས་བཞི་བྱུང་ཡོད་པར་གྲགས། མདོར་ན་དགོན་འདིའི་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་རྣམས་ལ་ཕྲ་མཐོང་མེ་ཤེལ་སྤྱད་ནས་ཞིབ་གཟིགས་ཤིག་གནོངས་དང་སྤྲུལ་པའི་ལྷ་བཟོ་ཟེར་བ་ར་སྤྲོད་བྱེད་ཐུབ་བོ། །

༈ གསུང་རྟེན་གྱི་སྐོར་ལ། བཅོས་བསྒྱུར་སྔོན་དུ་རྗེ་ཟླ་བ་རྒྱལ་མཚན་སོགས་རིམ་བྱོན་གྱིས་བཞེངས་གནང་མཛད་པའི་གསེར་དངུལ་དུང་གསུམ་གང་རུང་གིས་བྲིས་མ་མཁའ་འགྲོས་ཞུས་དག་མཛད་པར་གྲགས་པའི་ངོ་མཚར་ཅན་གྱི་བཀའ་བསྟན་གླེགས་བམ་ཕོན་ཆེན་ཡོད། ཁྱོན་བསྡོམས་སྟོང་གཉིས་ལྷག་བཞུགས་པར་གྲགས་ཀྱང་ད་སྐབས་པོ་ཏི་ཉིས་བརྒྱ་ཙམ་ལས་མི་བཞུགས།

༈ ཐུགས་རྟེན་གྱི་སྐོར་ལ། བཀའ་གདམས་མཆོད་རྟེན་ནང་གི་བྱིན་རྟེན་འཐོར་བཤིག་དང་ཞབས་འཕར་མ་སོང་བ་བཞི་དང༌། དེ་མིན་གྱི་མཆོད་རྟེན་རྙིང་པའི་རིགས་ཀྱང་དེ་བཞིན་ཉེར་གཉིས། ཁྱོན་བསྡོམས་ཉེར་དྲུག་བཞུགས། དངུལ་དྲིལ་ཟེར་བ་རྡོར་དྲིལ་ཆུང་ངུ་གཅིག ཞབས་དྲུང་སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་སྐེད་ཕུར་དུ་གྲགས་པའི་ཙནྡན་ཕུར་བུ་ངོ་མཚར་བ་གཅིག གནམ་ལྕགས་ཕུར་བུ་གཅིག གནམ་ལྕགས་རྡོ་རྗེ་ཆེན་པོ་གཅིག འབོས་ཆེན་སྤྲུལ་སྐུའི་ཕྱག་དྲིལ་དེ་རྣམས་ཡོད། གནམ་ལྕགས་ཕུར་བུ་འདི་ནི་མཚོ་ཞུང་ཚང་གི་མཚོན་སྲུང་ཞིག་རེད། བཅོས་བསྒྱུར་གྱི་སྐབས་རྒྱ་མིའི་ལས་བྱེད་ཅིག་གིས་བདག་དབང་སྤྲད། དགོན་པ་བསྐྱར་དར་བྱུང་རྗེས་གནས་ཚུལ་དེའི་རྐྱེན་གྱིས་ཁག་གཉིས་བར་རྙོག་གྲ་ཅུང་བསླངས་ཀྱང་མཐར་དགོན་པར་འབུལ་བར་གྲོས་མཐུན་བྱུང་ནས་འདིར་ཕུལ། འདི་སུས་ལུས་ལ་བཅང་ན་དེའི་མཐའ་སྐོར་ཚུན་མཚོན་སྲུང་ཐུབ་པར་གྲགས། གང་ལྟར་མདོ་རྒྱུད་རྒྱ་མཚོས་སྐུ་འདའ་ཁར་དཔོན་པོ་རབ་འབྱམས་པ་སྦྱིན་པ་རྒྱ་མཚོ་ལ་གྲུབ་ཐོབ་མདའ་འཕྱར་གྱི་ཕྱག་ཕུར་གནང་བའི་ལོ་རྒྱུས་ཡོད་པ་དེ་ཨེ་ཡིན་སྙམ། རྒྱུ་མཚན་གང་ཡིན་ཞེ་ན། རབ་འབྱམས་པ་འདི་ནི་མཚོ་ཞུང་ཚང་གི་དཔོན་རབས་སྔ་མ་ཞིག་ཡིན་པས་སོ།།

གནམ་ལྕགས་རྡོ་རྗེ་ནི། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལ་དམ་ཅན་ཐིག་ལེ་རྩལ་མཆོག་གིས་ཕུལ་བ་དེ་ཡིན། འདི་དང་པོ་རྡོ་རྗེ་རྭ་གཅིག་པ་ཡིན་ཡང་རྗེས་སུ་རྩེ་དགུར་བཟོས་ཟེར། མཐའི་རྭ་རྣམས་ལ་བལྟས་ན་འགུལ་བསྐྱོད་བྱེད་བཞིན་ཡོད་པས་དེ་འདྲ་ཡིན་ཤས་ཆེ། གནམ་ལྕགས་ཟེར་བ་ནི། ས་འོག་ནས་གཏེར་བཏོན་པ་ཞིག་ཡིན། བརྡུངས་ན་སྐད་སྙན། ཁ་དོག་གསལ་བ་མིན། སྣུམ་མདངས་ཅན། ལྕགས་ཕལ་པས་མི་བརྫི་བ། ནུས་པས་བགེགས་འཇོམས་ཤིང་སྨྱོ་བྱེད་ལ་ཕན་པ་ཞིག་གོ །

དེ་མིན་གནའ་རྫས་སྐོར་ལ། སྒོ་ལྕགས་ལྡེ་མིག དཀར་ཡོལ་བུམ་པ། ཁྲབ་རྨོག་ཆ་གཉིས། ཁྱུང་གི་སྒོ་ང་ཟེར་བ་ཞིག སོག་ཨལ་ཐན་རྒྱལ་པོའི་ལྕགས་ཐབ། གོང་མ་མཇལ་ཁ་ཞུ་སྐབས་ཀྱི་གླང་ཆེན་རྩིབ་མ་སོགས་ཡོད། རོལ་མོའི་སྐོར་ལ་འཛམ་གླིང་ཉིན་ཟས་ཟེར་བའི་སྦུབ་ཆལ་ག་ལི་མ། སིལ་སྙན་མ་ཎི་མ། ཤང་སིལ། དེ་མིན་སིལ་སྙན་ཆེ་ཆུང་གསུམ། སྦུབ་ཆལ་ནི། བྲག་འགོ་ཆེ་ཆུང་གཉིས། ཧོར་ཆལ། བྲག་འདྲ། རྒྱ་དཔོན། ས་ཕྱུག་ཆེ་ཆུང་གཉིས། ཁྲབ་རིན། བྱ་ཆལ་སོགས་འཛམ་གླིང་ཉིན་ཟས་ཟེར་བའི་རིན་ཐང་ཅན་མང་དུ་ཡོད། དེའི་ནང་ལ་གསེར་སོགས་རྒྱུའི་སྤུས་ཚད་རྣམས་སྦུབ་ཆལ་རང་རང་གི་ངོས་སུ་རྒྱ་ཡིག་བཀོད་ཡོད་པ་མང་བས་མང་ཆེ་བ་རྒྱ་ནག་མ་ཡིན་པ་དང༌། ཧོར་ཆལ་འདི་ནི་མིའི་ལག་ནས་ཐོན་པ་ཞིག་མ་ཡིན་པར་ཧོར་པ་ལྟ་བུའི་མི་མ་ཡིན་གྱི་ལག་ནས་ཐོན་པས་དེ་ལྟར་གྲགས་ཟེར། འདིར་གནའ་རྫས་ཕོན་ཆེན་ཡོད་པ་དཀར་མཛེས་རྫོང་དགོན་པ་ཡོངས་ཀྱི་ཨང་དང་པོའི་གྲས་དང༌། བོད་ཀྱི་གནའ་རྫས་རིག་པའི་ལྟེ་གནས་ཤིག་ཏུ་གྱུར་ཡོད།

གསེར་ཁང་འོག་གི་དྲི་གཙང་ཁང་དུ་རྗེ་མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་སྐུ་བརྙན་དང༌། སངས་རྒྱས་སྟོང་སྐུ་རྣམས་བཞུགས། མཁས་གྲུབ་བསྟན་དར་བའི་སྐུ་འདི་སྤྱི་ལོ་ ༢༠༠༦ ལ་འཛིན་གྲྭ་ཞིག་གིས་འགན་བཞེས་ཀྱིས་ཡུལ་དགོན་ཐུན་མོང་གིས་རྒྱུ་སྦྱོར་བྱས་ཏེ་བཞེངས། འདིའི་བྱིན་རྟེན་སྐོར་ལ། རྩྭ་མཆོག་གྲོང་ནས་རྙེད་པའི་སྟོན་པའི་སྐུ། ཤིང་ཙནྡན་རྐང་གཅིག གངས་ཏི་སིའི་སིནྡྷུ་ར། རྭ་ལོ་ཙཱ་བའི་ན་བཟའ། རྗེ་ཡབ་སྲས། དགེ་བཤེས་པོ་ཏོ་བ། ཆོས་རྗེ་དོན་འགྲུབ་རིན་ཆེན། ཞྭ་ལུ་བ་ལེགས་པ་རྒྱལ་མཚན། བཀའ་ཆེན་ཡེ་ཤེས་རྒྱལ་མཚན་སོགས་ཀྱི་རྟེན་རྫས་སྣ་མང༌། རྒྱལ་བ་རྒྱ་མཚོའི་ན་བཟའ། མཁས་གྲུབ་བསྟན་དར་བའི་ཆོས་གོས། ༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་ཕྱག་ཕྲེང༌། པཎ་ཆེན་སྐུ་ཕྲེང་བཅུ་པའི་གདུང་ཚ་སོགས་ནང་རྟེན་མང༌། སངས་རྒྱས་སྟོང་སྐུ་འདི་མཁར་སྲུང་ངག་དབང་དང༌། རིན་ཆེན་བསྟན་དགའ་སོགས་ཀྱིས་བཞེངས།

ཞབས་དྲུང་གི་གཟིམ་ཆུང་ཐོག་བརྩེགས་ལྔ་པ་ཅན་འདི་ནི་སྤྱི་ལོ་ ༢༠༠༧ ལ་དགེ་སློང་བློ་བཟང་མཐར་ཕྱིན་གྱིས་འགྲོ་གྲོན་བཏང་སྟེ་རྟེན་བརྟེན་པ་ཆ་ཚང་ལེགས་གྲུབ་བྱུང་བ་ཞིག་རེད། ནང་གི་ཀུན་དགའ་ར་བའི་དབུས་སུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། འཁོར་དུ་འཇམ་དབྱངས་ཕྱག་རྡོར་དང་བཅས་པ། གཡས་གཡོན་དུ་སྟོན་པ། གུ་རུ། ཉེ་བའི་སྲས་བརྒྱད་རྣམས་བཞུགས། མདུན་བཤམས་སུ་མཎྜལ། ཏིང༌། རྐོང་བུ། བཀྲ་ཤིས་རྟགས་བརྒྱད་སོགས་མགར་བ་མཁས་པས་བཟོས་པ་སྤུས་ལེགས་ཅན་ཡོད།

༈ ཤིང་བཟོ་འདུས་ཁང་ནི། གནའ་དུས་ཀྱི་ཤིང་རྐོས་རི་མོ་ཡ་མཚན་པ་ཡོད་པའི་ཁང་རྙིང་ཞིག་རེད། བེད་སྤྱོད་ནི་གཙོ་བོ། ཞབས་བརྟན། དགུ་གཏོར། ལྕགས་མཁར། སྒྲུབ་མཆོད་རྣམས་ཚོགས་ས་ཡིན། ཆོས་གྲྭའི་ཀུན་དགའ་ར་བ་ནི། སྤྱི་ལོ་ ༡༩༨༣ ལ་དགོན་འདིའི་ཆོས་སྒོ་ཕྱེ་རྗེས་འགོ་འཛིན་རྡོ་རྗེ་ཚེ་རིང་གིས་ཆོས་གྲྭ་ནས་བཟུང་རྟེན་བརྟེན་པ་བཅས་ལེགས་བཞེངས་མཛད་པ་དེ་ཡིན།

ཆོས་གྲྭ་གསར་པའི་ལྷ་ཁང་སྦུག་མར་ཐུགས་རྗེ་ཆེན་པོ་གཙོ་འཁོར། རྗེ་ཡབ་སྲས། གུ་རུ། སེངྒེ་སྒྲ་རྣམས་འདམ་བཞེངས་དང༌། འཇམ་དཔལ་དགེ་འདུན་རྒྱ་མཚོའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ། ལྡེབས་བྲིས་ལ་ཚེ་ལྷ་རྣམ་གསུམ་རྣམས་བཞུགས། ཆོས་གྲྭ་གསར་པའི་ནང་གི་ལྡེབས་བྲིས་ལ། སྟོན་པ་གཙོ་འཁོར་གསུམ། གནས་བརྟན་བཅུ་དྲུག ལྟུང་བཤགས་ལྷ་གྲངས། ཕྱག་རྡོར། སྒྲོལ་མ་སོགས་བཞུགས། བཀའ་འགྱུར་ཆ་ཚང་གཅིག བསྐལ་བཟང༌། གཟུངས་འདུས། བརྒྱད་སྟོང་། ཐར་མདོ། རྡོར་གཅོད་སོགས་ཚར་མང་པོ་བཞུགས་པའི་གཙུག་ལག་ཁང་ཞིག་ཡིན། དེའི་ཐོག་བརྩེགས་སུ་ལྷ་མོ་ཁང་ཞིག་ཡོད་པ་ནི། བསྐྱར་དར་སྐབས་དང་པོར་དཔལ་ལྡན་ལྷ་མོ་བསྟེན་གསོལ་བྱེད་ས་ཡིན། དེ་ནི་གནའ་རབས་ཀྱི་ལྷ་མོ་བྲིས་སའི་གྱང་ལྡེབས་ངོས་ཀྱི་ས་རྣམས་ཀྱིས་དེར་འབྱར་བ་བྱས་ནས་བཞེངས་པས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་ཟེར། ཡང་ཐོག་སྤར་ཤིང་ཁང་གི་བྱམས་པའི་སྐུ་ཐོག་བརྩེགས་མ་སྲས་དང་བཅས་པ་འདི་དགོན་པ་བསྐྱར་དར་སྐབས་སུ་བྱམས་པའི་སྐུ་བཞེངས་པའི་ཐོག་མ་དེ་ཡིན། པར་ཤིང་ལ་གཟུངས་བཀའ་རྒྱ་མ་ཆ་ཚང༌། སྨོན་ལམ་ཞལ་ཚང༌། བསྐང་གསོ་ཞལ་ཚང༌། ཀུན་རིག་ཆ་ཚང༌། ཐར་མདོ། ས་ལམ། མནོལ་བསང་ལྷ་ཆབ་སྔོན་མོ་སོགས་དང༌། པོ་ཏིའི་སྐོར་ལ་རྗེ་ཡབ་སྲས་ཀྱི་གསུང་འབུམ། ས་སྐྱའི་བཀའ་འབུམ། དགོངས་འདུས་སོགས་ས་དགེ་བཀའ་རྙིང་གི་ཆོས་དཔེ་མང་ཙམ་བཞུགས། དེའི་གཡས་ཕྱོགས་སུ་ཞབས་དྲུང་བཅུ་གཅིག་པ་སྐུ་ན་ཆུང་ངུའི་སྐབས་ཀྱི་གཟིམ་ཆུང་ཡོད། འདིར་ཡོད་པའི་གཟུངས་བཀའ་རྒྱ་མ་ནི། རྩེ་པོ་ཏཱ་ལ་ནས་དྲངས་པ་ཡིན་ཟེར། སྔོན་དུས་སུ་སྟོང་འཁོར་བའི་གྲྭ་པ་ཞིག་རྩེ་པོ་ཏཱ་ལར་གཟུངས་གཞུག་སྤར་མཁན་གྲས་སུ་སླེབས་པ་དེས་ཉིན་རེ་ལ་གཟུངས་གཞུག་ཤོག་ལེབ་ཆ་རེ་ལྷམ་དུ་བཅུག་སྟེ་ལྐོག་ནས་ཁྱེར་འོངས་པ་མཐར་ཆ་ཚང་རྙེད་པ་དེས་མ་དཔེར་བྱས་ནས་པར་དུ་བརྐོས་ཟེར་སྒྲོས་ཡོད། ཤིན་ཏུ་རྒྱས་པས་རྟེན་ཆེ་བའི་རིགས་ལ་མ་གཏོགས་ཆུང་བའི་རིགས་ལ་ནང་དུ་མི་ཆུད། དེང་སང་གཟུངས་གཞུག་ཆ་ཚང་རེ་ལ་འདིའི་དབུ་གཟུངས་ལྟ་བུའི་བོངས་ཚད་ལས་མེད་པ་དེ་འདྲ་རྒྱས་པ་ཡིན། འདི་ན་མ་གཏོགས་གཞན་ན་དེ་འདྲ་མཐོང་རྒྱུའང་མེད་པས་བཀའ་རྒྱ་མ་ཞིག་ཡིན་པ་འདྲའོ། །འོན་ཀྱང་ཆེས་རྙིང་དྲགས་པས་ཡིག་འབྲུ་རྣམས་ཧ་ཅང་གི་གསལ་པོ་མེད་པས་མཇུག་སྒྲིལ་ལ་ཉེ་འདུག

༈ ཆོས་གྲྭ་རྙིང་པའི་འཇམ་དབྱངས་ཁང་དུ། འཇམ་པའི་དབྱངས་དཀར་སེར་གཉིས། དབྱངས་ཅན་མ། རིག་བྱེད་མ་རྣམས་འཇིམ་བཞེངས་སུ་བཞུགས། ལྷ་མོ་ཁང་དུ་ལྡེབས་བྲིས་ལ། དབུས་སུ་དཔལ་ལྡན་ལྷ་མོ། འཁོར་དུ་དུས་བཞིའི་ལྷ་མོ། འཇིམ་བཞེངས་སུ་སྒྲོལ་མ། གདུགས་དཀར། ཡུམ་ཆེན་མོ་རྣམས་བཞུགས། དཔལ་ལྡན་ལྷ་མོ་ནི་དགོན་སྤྱི་དང་ཁྱད་པར་མཚན་ཉིད་གྲྭ་ཚང་གི་སྲུང་མའི་གཙོ་བོ་ཞིག་ཡིན་པས་མདུན་དུ་གནའ་ནས་ད་བར་རྒྱུན་གསོལ་གཏོང་མཁན་ཡོད། ལྷ་ཁང་གཉིས་ཀྱི་བར་ཁྱམས་སུ་གཟིགས་པ་ལྔ་ལྡན་གྱི་ཐང་ཀ་ཆེན་པོ་ཞིག་བཞུགས། ཆོས་གྲྭ་རྙིང་པའི་ཁྲིའི་རྒྱབ་ཡོལ་གྱི་ལྡེབས་བྲིས་ལ་ལམ་རིམ་ཚོགས་ཞིང༌། ཡར་ངོས་སུ་རིན་འབྱུང་བརྒྱ་རྩ་ནས་བྱུང་བའི་ལྷ་གྲངས་རྡོ་ངོས་རི་མོའི་ཚུལ་དུ་ཡོད་པ་དང༌། གཡས་སུ་ཁང་བུ་བརྩེགས་པའི་མཆོད་རྟེན། གཡོན་དུ་རྟ་མགྲིན་ལྷ་ཁང༌། དེའི་ནང་དཔལ་རྟ་མགྲིན་དམར་པོ། ཙོང་ཁ་པ། ལྡེབས་བྲིས་ལ་མགོན་པོ་ཀླུ་སྒྲུབ་རྣམས་བཞུགས། རྡོ་ལྷ་རྣམས་དུས་རབས་བཅུ་བདུན་པར་ཞབས་དྲུང་སྐུ་ཕྲེང་དྲུག་པས་རིན་འབྱུང་བརྒྱ་རྩའི་ལྷ་ཚོགས་གཙོ་བོར་མཛད་ནས་བཞེངས་པ་དེའི་གྲས་ཡིན། མ་ཟད་འོག་གི་རྡོ་གཅལ། ལྕང་མ་དག་ཀྱང་གནའ་ནས་ད་བར་ལོ་སུམ་བརྒྱ་ལྷག་གི་རིང་གནས་ཐུབ་པ་བྱུང་ཡོད།

༈ བླ་བྲང་གི་གཟིམ་ཆུང་དུ་ཙནྡན་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་དང༌། གསེར་སྐུ་གཏེར་མ། ལི་མ། དཀར་ཡོལ་སྐུ། སྤོས་སྐུ་སོགས་དང༌། ཇོ་བོའི་གསེར་ཐང་སོགས་ཐང་ཀ་ཆེ་ཆུང་མང་ཙམ་བཞུགས། མ་ཟད་རྡོར་དྲིལ། སྦུབ་ཆལ། དབུ་ཞྭ། འཇའ་ལྷམ་སོགས་རྒྱ་ནག་མའི་དངོས་རྫས་ཕོན་ཆེན་ཡོད།

སྨྲས་པ།

འདི་ན་དཔའ་བོས་གཅེས་སྲོག་དང་བརྗེ་བའི། །

ལོ་རབས་སྟོང་ཕྲག་ལྷག་བརྒལ་རྟེན་གྱི་རིགས། །

བྱིན་རླབས་གཟི་འོད་འཕྲོ་བཞིན་ལྷམ་མེ་བར། །

གདུལ་བྱའི་དཔལ་དུ་ཤར་འདི་ཨ་ཧོ་རྨད། །ཅེས་སོ། །

གཟི་བྱིན་ལྡན་པའི་རྟེན་རྙིང་ལ་གྱོང་གུན་ཐེབས་ཚུལ་སྐོར་བཤད་པ།

༈ གཉིས་པ་གཟི་བྱིན་ལྡན་པའི་རྟེན་རྙིང་ལ་གྱོང་གུན་ཐེབས་ཚུལ་སྐོར་བཤད་པ་ལ། བོད་དུ་དུས་འགྱུར་ལ་ཁ་གཡར་ནས་བོད་ལྗོངས་སྤྱི་དང་རང་ཡུལ་སྟོང་འཁོར་གྱི་ཆོས་དང་རིག་གཞུང་རྩ་བརླག་ཏུ་བཏང་བའི་གོད་ཆག་ཆེན་པོའི་ཁྲོད་གནའ་བོའི་རྟེན་གསུམ་འབོར་ཆེན་ལ་གྱོང་གུན་ཤུགས་ཆེན་ཐེབས་ཡོད། དེ་ཡང་རྟེན་གསུམ་གྱི་རིགས་ཉར་ཚགས་བྱེད་པའི་མི་སྣ་ལ་ཆོས་ལུགས་དར་ནག་འཕྱར་མཁན་ཟེར་བའི་བཀྲ་མི་ཤིས་པའི་མིང་ངན་འོག་མནར་གཅོད་ཚད་མེད་མྱོང་དགོས་བྱུང་། དཔའ་མཛངས་ལྡན་ཞིང་རིག་གཞུང་ལ་ཤ་ཞེན་ཆེ་བའི་མི་རྣམས་ཀྱིས་སྐབས་དེར་མཐའ་དམག་གི་སྲིད་ཇུས་ཧ་ཅང་ཛ་དྲག་པ་དང་། འབྱོར་བ་ཧ་ཅང་ཞན་ཡང་གཞན་ལས་བླུས་པ་དང་ལྐོག་ནས་ཁྱེར་བ། གཅིག་གིས་གཅིག་ལ་སྟེར་བ་དང་བཅོལ་བ། ཁང་ཁྱིམ་གྱི་དོང་དུ་བསྐུངས་པ་དང་ཁང་པའི་བར་ཆོད་ཉིས་རིམ་གྱི་བར་དུ་སྦས་པ། ཕྱི་རོལ་ཏུ་ས་ཕུག་དང་བྲག་ཕུག་ཏུ་བསྐུངས་པ་སོགས། གཞན་ཡང་གཅེས་པའི་སྲོག་ཀྱང་འབེན་དུ་བཙུགས་ནས་ཐབས་ཤེས་སྣ་ཚོགས་བྱེད་དགོས་ཐུག་སྟེ། འུ་དུམ་བཙན་གྱིས་བསྟན་པ་སྣུབ་པའི་སྐབས་ལྟར་གྱུར་ཏོ། །དམ་པ་གོང་མ་རྣམས་ཀྱི་ཐུགས་དམ་གྱི་རྟེན་དང༌། རབ་གནས་མཛད་པའི་བྱིན་རླབས་ཅན་དང༌། རྒྱ་བོད་ཧོར་གསུམ་གྱི་མི་རྗེའི་ལག་ནས་ཐོན་པའི་ཁྱད་འཕགས་ཀྱི་གསེར་སྐུ་སྟོང་གཅིག་ལྷག་དང༌། ཐང་ཀའང་དེ་མཚུངས། གསེར་དངུལ་དུང་སོགས་ཀྱིས་བྲིས་པའི་བཀའ་བསྟན་གླེགས་བམ་སྟོང་གཉིས་ལྷག གཞན་ཡང་ཞབས་དྲུང་རྣམས་རྒྱ་བོད་ཧོར་གསུམ་གྱི་བླ་མར་གྱུར་ཡོད་སྟབས་དེ་དག་ནས་ཐོན་པའི་དངོས་རྫས་རྙིང་པའི་རིགས་འབོར་ཆེན་འཇོག་ཡོད་པ་རྣམས་མཚོན་ཙམ་ལས་མེད་པར་བཟོས་ནས་གནའ་རྫས་རིག་པའི་སྐོར་ལ་གྱོང་གུན་ཚབས་ཆེན་ཐེབས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་གྱོང་གུན་ཕྱེད་ཙམ་ཡང་འཛུགས་སྐྲུན་བགྱིས་མེད་གསུང་དོན་བཞིན། བློ་ཡིད་ཤིན་ཏུ་ཕངས་པོ་བཟོས་ཡོད་ལ། དེང་སང་ཨ་ལུའི་ཁ་ལ་ཞོ་སྐྱུར་ཟེར་བའི་དཔེ་ལྟར་སོང་བ་མང་ངོ་། །ཡིན་ཡང་ཤུལ་ལུས་སུ་ད་ལྟར་ཡང་རྟེན་གསུམ་གཙོས་གནའ་རྫས་ཁྱད་དུ་འཕགས་པ་ཕྱོགས་གཞན་ན་དཀོན་པ་དག་བརྗིད་ཆགས་པར་ཡོད་པ་འདིས་ནི། ལོ་རྒྱུས་ལྡན་པའི་ལྷ་སྡེ་འདིའི་མི་རིགས་ཀྱི་ལ་རྒྱ། རླབས་ཆེན་གྱི་སྙིང་སྟོབས། ཕུལ་བྱུང་གི་དད་ཞེན། ལྷག་བསམ་གྱི་གཟི་བྱིན་མཚོན་ཐུབ་པ་བྱུང་ཡོད། འདིའི་གྲས་སུ་ད་ལྟར་པེ་ཅིན་གནའ་རྫས་ཞིབ་འཇུག་ལས་ཁུངས་སོགས་ནས་ཡོང་བའི་རྒྱལ་ཕྱི་ནང་གི་བརྟག་དཔྱད་མི་སྣ་ཚོས་ལོ་རབས་སྟོང་ཕྲག་སྔོན་ནས་ཐོན་པའི་སྔ་དུས་ཀྱི་དངོས་རྫས་རིན་ཐང་དང་བྲལ་བ་མང་དུ་འདུག་ཅེས་ངོས་འཛིན་བྱས་ཡོད། དེར་བརྟེན། དཀར་མཛེས་རང་སྐྱོང་ཁུལ་དང་རྫོང་སོགས་ཀྱིས་ཀྱང་དགོན་འདི་གནའ་རྫས་ཀྱི་བང་མཛོད་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། སྐྱ་སེར་མི་ཉུང་བའི་ལྷག་བསམ་དང་སྙིང་སྟོབས། དཀའ་བ་དང་སྡུག་བསྔལ་བརྒྱ་ཕྲག་དུ་མའི་སྒོ་ནས་རང་རེ་རྣམས་ཀྱི་བསོད་ནམས་བསོག་པའི་ཞིང་སར་འདི་ལྟ་བུ་བཞག་ཡོད། འོན་ཀྱང་རང་རེའི་ཡུལ་འདིའི་མི་རྣམས་ཀྱིས་ཡུལ་གཞན་གྱི་རྟེན་དང་དགོན་སྡེ་གཙིགས་སུ་བྱེད་པ་མི་རུང་བ་ག་ལ་ཡིན་ཡང༌། དེ་རྣམས་ཁོ་ན་གཙིགས་ཆེན་བྱས་ནས་རང་ཡུལ་གྱི་དེ་རྣམས་གཙིགས་ཆེན་བྱེད་མི་ཤེས་པ་ནི། གཏམ་དཔེར། ཁྱིམ་མཚེས་བླ་མར་དད་པ་མེད་ཅེས་དང༌། ལྷ་སའི་རྒན་མོས་ཇོ་བོ་མི་མཇལ་ཞེས་དང༌། ཕ་ཞིང་བསྐྱུར་ནས་རྡོ་ཕུང་བསློགས་ཟེར་བ་ལྟར། ཀླད་མེད་དང་ཤེས་མེད་གྱི་བསམ་བློ་ཞིག་དང་གོམས་གཤིས་མི་ལེགས་པ་ཞིག་རེད། སྙིགས་དུས་བསྟན་པའི་གསལ་བྱེད་མཁན་པོ་ལེགས་བཤད་རྒྱ་མཚོ་ཞལ་བཞུགས་དུས་ཁོང་ཉིད་ཀྱིས་འབྲོག་པ་མང་པོ་འདིར་སྔ་རྗེས་བར་གསུམ་དུ་སྟོང་མཆོད་ཕུལ་བར་མངགས་པ་འདི་དག་ལ་མིག་དཔེ་ཞིག་བལྟ་དགོས་པ་དང༌། ཞབས་དྲུང་གོང་མ་རྣམས་ཀྱིས་གདུལ་བྱ་རྣམས་ཀྱིས་མི་རེས་འབུམ་གཅིག་རེ་བསྐོར་ན་འདི་ཕྱི་གཉིས་ཀར་བཟང་བ་ཐུགས་ལ་ཤར་ནས་འབུམ་གཅིག་བསྐོར་ཚད་དུ་གསུངས་པ་འདི་དག་ལ་བསམ་མནོ་ལེགས་པར་བཏང་ནས། ཚེ་འདིར་ནད་དང་གདོན་ལས་གྲོལ་བ་དང་། ཕྱི་མའི་ལེགས་ཚོགས་ཀྱི་ཆེད་དུ་ཕྱག་བསྐོར་མཆོད་འབུལ་ལ་བརྩོན་པ་ནི་དོན་ཆེ་ལ་བྱ་སླ་བ་ཡིན་ནོ། །

སྨྲས་པ།

བསིལ་ལྗོངས་སྤྱི་མཐུན་ལས་དམན་སྤྲིན་རུམ་གྱིས། །

རྒྱལ་བསྟན་ཉིན་བྱེད་ཡུད་ཙམ་སྒྲིབ་པའི་སྐབས། །

སྲིད་ཇུས་མཁྲེགས་བཟུང་ཅན་གྱི་འབྱུང་བྱ་འགས། །

བོད་མི་ཉམ་ཆུང་རི་བོང་སྡུག་ལ་སྦྱོར། །ཞེས་སོ། །

༥༽ རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་དང་སྟོང་འཁོར་གྱི་བར་དམིགས་བསལ་གྱི་འབྲེལ་བ་བྱུང་ཚུལ་སྐོར་གླེང་བ།

ལྔ་པ། རྒྱལ་བ་ཡབ་སྲས་ཀྱིས་གཙོས་རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་དང་སྟོང་འཁོར་བར་དམིགས་བསལ་གྱི་འབྲེལ་བ་ཇི་ལྟར་བྱུང་ཚུལ་སྐོར་ལ། ཞབས་བཅགས་གསུང་ཐོས་ནས་དད་རྟེན་རེ་གནང་བ་ཡན་གྱི་འབྲེལ་བ་ཇི་ལྟར་བྱུང་ཚུལ་ནི། སྔོན་ལོ་ཆེན་བཻ་རོ་ཙ་ན་དང༌། སློབ་དཔོན་གཡུ་སྒྲ་སྙིང་པོ་གཉིས་འདིར་དངོས་སུ་ཕེབས་པར་མ་ཟད། སློབ་དཔོན་གཡུ་སྒྲ་སྙིང་པོས་གནས་སྒོ་འབྱེད་པའི་གནས་ཡིག་དང༌། འཇམ་དཔལ་དགེ་འདུན་རྒྱ་མཚོའི་བསང་ཡིག་སོགས་སུ་གསལ་བར་འཁོད། ལྷ་ལུང་དཔལ་གྱི་རྡོ་རྗེ་འདིར་ཕེབས་ནས་སྐུ་བསྭོ་ཐོག་གནས་སུ་རང་བྱུང་ཕུག་པར་སྒྲུབ་པ་གནང༌། དེར་གླང་དར་བཀུམས་པའི་སྡིག་སྦྱོང་དུ་མཆོད་རྟེན་བཞེངས། བཅོས་བསྒྱུར་འོག་གཏོར་བཤིག་ཐེབས་པས་ད་ལྟར་མཆོད་རྟེན་རྨང་ཙམ་ལས་མེད་པ་རྒྱང་ནས་མཇལ་ཐུབ། སྤྲུལ་པ་ལྟ་བུས་མིན་ན་དེར་ཤིན་ཏུ་བགྲོད་དཀའ་བས་ད་དུང་ཡང་ཉམས་གསོ་མ་ནུས་པར་ལུས་ཡོད།

སྤྱི་ལོ་ ༡༩༥༥ བོད་རབ་བྱུང་བཅུ་དྲུག་པའི་ཤིང་ལུག་ཟླ་གསུམ་པའི་ཚེས་ ༣༠ ལ་༸གོང་ས༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་པེ་ཅིན་ནས་དབུས་ཕྱོགས་སུ་ཡར་ཕེབས་པའི་ལམ་ཞོར་དུ་འདི་དང་ཉེ་བའི་ས་ཆ་རྡོ་ཟམ་ཆུ་ཁར་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་པ་དང་ལྷ་སྲས་ཚུལ་ཁྲིམས་བསྟན་འཛིན་རྣམ་གཉིས་ཀྱིས་གཙོས་ཡུལ་དགོན་སྡེ་བདུན་གྱི་ཡུལ་མི་སེར་སྐྱ་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་ཚད་མེད་ཀྱི་ངང་ནས་གུར་མོ་ཆེ་ཞེས་པ་དང་། གཟིམ་གུར་ཞེས་པ་རི་མོ་སྣ་ཚོགས་ཀྱིས་སྤྲས་པའི་གུར་ཆེན་པོ་ཡུལ་གཞན་དུ་མཐོང་བར་དཀོན་པ་ལྟ་བུ་རྣམས་ཕུབ་པ་དང་། བཟའ་བཏུང་གྱ་ནོམ་པར་བཤམས་པ་བཅས་བཀོད་སྒྲིག་ཕུན་སུམ་ཚོགས་པས་ཐབ་བསུ་བྱས་ཏེ། བསང་དང་། དུང་། རྒྱ་གླིང་། སྤོས་དང་། མེ་ཏོག མཇལ་དར་སོགས་མཆོད་རྫས་སྣ་ཚོགས་པས་མཆོད་བཞིན་མཇལ་ཁ་ཞུས་ཏེ། མཐོང་ཐོས་དྲན་རེག་ཐམས་ཅད་དོན་ལྡན་མཛད་པའི་སྐལ་བཟང་མངོན་དུ་གྱུར།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་སྤྱི་ལོ་ ༡༩༨༦ བོད་རབ་བྱུང་བཅུ་བདུན་པའི་མེ་སྟག་ཟླ་བ་དྲུག་པའི་ཉེར་གཅིག་ནས་བརྒྱད་པའི་ཉེར་གསུམ་བར་བོད་དུ་རྟོག་ཞིབ་ཏུ་ཕེབས་སྐབས་ཟླ་བདུན་པར་སྟོང་འཁོར་ཡུལ་དགོན་བདུན་གྱིས་གྲ་བསྒྲིགས་ཏེ་དགོན་པ་དང་སྐུ་བསྭོ་ཐོག་གནས་གཉིས་ཀར་ཞབས་བཅགས་གནང༌། སེར་སྐྱ་ཡོངས་ལ་སྐྱབས་འགྲོ་སེམས་བསྐྱེད། བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ། ཤམ་བྷ་ལའི་སྨོན་ལམ་རྣམས་ཀྱི་ལྗགས་ལུང་དང༌། ཆོས་སྲིད་གཉིས་ཐད་ལ་བཀའ་སློབ་ཟབ་རྒྱས་ཀྱིས་བཀའ་དྲིན་བསྐྱངས། དེའི་ཚེ་ཕྲན་བདག་གམ་བཅར་བའི་ཚུལ་དུ་ཡོད་པས་པཎ་ཆེན་རིན་པོ་ཆེས་ཕྱག་ཕྲེང་ཞིག་འདྲེན་བཞིན་དུ་བཀའ་སློབ་གནང་བའི་གཟུགས་བརྙན་ད་ལྟར་ཡང་ཡིད་ལ་ཡང་ཡང་ཤར་རོ། །འབྲལ་བ་མེད་པའི་རྟེན་འབྲེལ་དུ་འདྲ་པར་ཆེན་པོ་ཞིག་གི་གཤམ་དུ་ཉིད་ཀྱི་མཚན་རྟགས་ཐམ་ཀ་དང་བཅས་པ་ཡོད་པ་ཞིག་གནང་བ་ད་ལྟར་གསེར་ཁང་དུ་བཞུགས་པ་འདི་ཡིན། ཡུལ་དགོན་བདུན་གྱི་སེར་སྐྱ་ཡོངས་སུ་རྫོགས་པ་ལ་བདེ་ལྡན་ཞིང་གི་མགོན་པོས་ཕྱག་རྗེན་པས་བྱིན་གྱིས་བརླབས་པའི་སྐལ་བཟང་མངོན་དུ་གྱུར་ཏོ། །པཎ་ཆེན་ཕེབས་ཚེ་གསར་དུ་བཟོས་པས་པཎ་ཆེན་ཟམ་པ་ཞེས་ཐོགས་པ་ཞིག་དང་། དེ་ལྟར་པཎ་ཆེན་ཁྲི་ཞེས་ཐོགས་པའི་ཁྲི་ཞིག་ཀྱང་ད་ལྟར་འདུས་ཁང་དུ་ཡོད། དགེ་སློང་རྡོ་རྗེ་ཚེ་རིང་གིས་སྐུ་བསྭོ་ཐོག་གནས་སུ་རྣམ་འདྲེན་ལྔ་པའི་སྐུ་བརྙན་ཐོག་བརྩེགས་གཉིས་ཅན་ཞིག་ལེགས་གྲུབ་བྱུང་བར་རབ་གནས་ཀྱི་ཆེད་དུ་དྲངས། དེའི་ཚེ་གནས་མདུན་དུ་བཞུགས་ནས་གནས་སྲུང་ལ་ཐུགས་རྩེད་ཀྱི་བཀའ་མོལ་དང་གཞན་ཞིག་ལ་བོད་ཀྱི་ཡུལ་སྲོལ་ལྟར་ཇ་མཆོད་ཕུལ་གསུངས་པས་ཇ་མཆོད་ཕུལ་བ་ལ་ཐུགས་དགྱེས་ཉམས་མཛད། དེ་ནས་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་དང་བཅས་པས་རབ་ཏུ་གནས་པ་རྒྱ་ཆེར་མཛད། གནས་མདུན་ནས་ཡར་བྱམས་ཁང་དུ་ཆིབས་པ་ཆིབས་ནས་ཕེབས་དགོས་པས་དེའི་ཚེ་རྒྱ་ཡག་རིན་པོ་ཆེས་ཆིབས་ཁ་ཁྲིད་མི་ཞིག་ལ། དུང་དཀར་རིགས་གསུམ་མགོན་པོ། །བཀྲ་ཤིས་གནས་ལ་ཆགས་ཡོད། །པཎ་ཆེན་སྣང་བ་མཐའ་ཡས། །མི་འཇིགས་གདན་ལ་བཞུགས་ཡོད། །ཅེས་ཚིགས་བཅད་འདི་ཐོལ་བྱུང་དུ་གསུངས། དེ་ལྟར་བགྲོད་དཀའ་ཞིང་ས་ཆུང་ལ། མི་འབོར་ཉུང་ཞིང་ཆ་རྐྱེན་ཞན་པ་འདི་ལ་འཛམ་གླིང་གི་བླ་ཆེན་ཞིག་གདན་འདྲེན་ཞུ་ཐུབ་པ་ནི། གཙོ་བོ་རང་ཅག་ལ་ཐུགས་གཙིགས་ཤིན་ཏུ་ཆེ་བའི་ལམ་བྲག་གཡུལ་རྒྱལ་ནོར་བུའི་རྒྱབ་སྐྱོར་དང་ཐུགས་ཁུར་ཚད་མེད་ལས་བྱུང་བ་ཞིག་ཡིན་པར་མ་ཟད། སྟོང་འཁོར་ཡུལ་དགོན་བདུན་གྱི་བསོད་ནམས་ཟོང་གིས་ཁུག་པ་ཞིག་ཀྱང་ལོས་ཡིན།

ལམ་བྲག་རིན་པོ་ཆེ་གཡུལ་རྒྱལ་ནོར་བུ་ནི་སྤྱིར་དཀར་མཛེས་ཕྱོགས་ཀྱི་བླ་སྤྲུལ་གཙོ་གྲས་ཤིག་ཡིན་ཀྱང་། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དྲུག་པ་ནས་བཟུང་ལམ་བྲག་སྐུ་ཕྲེང་རིམ་བྱོན་རྣམས་སྟོང་འཁོར་བ་དང་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་ཅིང་། འདི་ཉིད་ཀྱིས་ཀྱང་སྟོང་འཁོར་ཡུལ་དུ་བྱེད་སྒོ་གལ་ཆེ་ཁག་ལ་ཆིབས་བསྒྱུར་ཡང་ཡང་གནང་སྟེ་ཆོས་འཇིག་རྟེན་གང་ཐད་ནས་བསླབ་བྱ་གཏིང་ཟབ་གནང་བར་བརྟེན། འདིའི་ཡུལ་མི་རྣམས་ཁོང་ལ་དད་པ་ལྷག་པར་ཆེ་བ་ཀུན་ལ་གྲགས་པས། ཡུལ་ཕྱོགས་གཞན་ནས་སྟོང་འཁོར་ལམ་བྲག་ཅེས་འབོད་པའང་བྱུང་།

སྟོང་འཁོར་ཞབས་དྲུང་དགུ་པས་བྲག་དཀར་པཎྜི་ཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་རིགས་ཀྱི་ཅོད་པན་དུ་བཀུར་བའི་དབང་གིས་འདིར་ལན་གྲངས་དུ་མར་ཕེབས་ཏེ་རིན་པོ་ཆེས་གཙོས་སེར་སྐྱ་ཐུན་མོང་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། འཕོ་ཁྲིད། མ་ཎིའི་ལུང༌། དགེ་འདུན་རྣམས་ལ་ལམ་རིམ་དངོས་གྲུབ་ཀུན་འབྱུང་གི་ཁྲིད་བསྟན་པའི་མིག་ལྟོས་ལ་སོང་བ་གནང་ཡོད། དེ་དག་གི་སྐབས་སུ་དགོན་འདིའི་གྲྭ་ཐ་ཐོག་ཚང་གི་དབང་རྒྱལ་དང་ཆོས་ཀྱི་བགྲོ་གླེང་མཛད་པ་ལ་བརྟེན་དེ་ལ་མཁས་དབང་ཆེན་པོའི་མཚན་སྙན་ཕུལ། དེའི་ཕྱིན་ཆད་ནས་སྟོང་འཁོར་མཁས་དབང་ཆེན་པོས་ཅི་མཛད་བཞིན་ཡོད་ཅེས་ཐུགས་གཙིགས་ཆེན་པོ་མཛད་པར་གྲགས། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དགུ་པའི་སྐུ་དུས་སུ་བྲག་དཀར་པཎྜི་ཏ་བསྟན་འཛིན་སྙན་གྲགས་སྟོང་འཁོར་དགོན་ཆེན་དུ་ཕེབས་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་སོགས་ཀྱི་བཀའ་ཆོས་གནང་། ལྷག་པར་དུ་བྲག་དཀར་པཎྜི་ཏའི་འཁྲུངས་རབས་ཉེར་གཅིག་མར་སྟོང་འཁོར་ཞབས་དྲུང་དང་ཚེ་རབས་དཔག་ཏུ་མེད་པའི་སྔ་རོལ་ནས་འབྲེལ་བ་ཡོད་པར་གསུངས་པར་མ་ཟད། སྐུ་སྐྱེ་ཕྱི་མ་གཉིས་ཡབ་གཅིག་ཡུམ་གཅིག་གི་ཕུ་ནུའི་སྐྱེ་བ་བཞེས་པ་སོགས་ཀྱིས་འབྲེལ་བ་ལྷག་པར་ཆེ། དེང་གི་ཆར་ཡང་བྲག་དཀར་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བསྟན་འཛིན་བློ་བཟང་སྙན་གྲགས་ཀྱང་སྟོང་འཁོར་བ་དང་འབྲེལ་བ་ཆེ་ཞིང་། ལྷག་པར་དུ་སྟོང་འཁོར་གནས་ནང་ཇོ་མོ་དགོན་དུ་ཐེངས་དུ་མར་ཞབས་ཀྱིས་བཅགས་ནས་གཟིགས་རྟོག་གནང་དང་གནང་མུས་སུ་མཆིས།

འཁྲུངས་སར་རིན་པོ་ཆེ་ཡང་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་པ་དང་བླ་སློབ་ཀྱི་ཚུལ་དུ་ཕེབས་ཤིང་། སྟོང་འཁོར་དགོན་དུ་ཐེངས་དུ་མར་ཞབས་ཀྱིས་བཅགས་པར་མ་ཟད། སྡེ་འབངས་ཀུན་གྱིས་བློ་འདྲི་ཕྱྭ་མོ་ཞུ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ལ། ད་ལྟའི་མཆོག་སྤྲུལ་རྣམ་གཉིས་ཀྱང་འཕགས་ཡུལ་དུ་བཞུགས་ནས་འབྲེལ་བ་དམ་ཟབ་ཡོད།

ལྕོག་རི་མཁར་གསར་རིན་པོ་ཆེ་ཡང་སྟོང་འཁོར་ཡུལ་དུ་ཡང་ནས་ཡང་དུ་ཕེབས་ཏེ་ལུགས་གཉིས་ཀྱི་བསླབ་བྱ་ཟབ་མོ་གནང་བ་དང་། འབྲེལ་བ་ལེགས་པོ་ཡོད་པར་མ་ཟད། ཧོར་བ་དང་སྟོང་འཁོར་བ་གཉིས་ཀྱི་ཡུལ་མི་ཕན་ཚུན་བར་མཐུན་ལམ་ཐུན་མོང་མ་ཡིན་པ་ཡོད་པ་འདི་ཡང་ཁོང་སོགས་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན།

ཟི་ལིང་སྟོང་འཁོར་སྐུ་ན་རིམ་བྱོན་ནི། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ་ནས་ལྔ་པའི་བར་སྐུ་རྒྱུད་གཅིག་ཡིན་ལ། ཞབས་དྲུང་ལྔ་པས་ལུང་བསྟན་ལྟར་དྲུག་པའི་སྐབས་ནས་བཟུང་ཁམས་དང་ཟི་ལིང་ཕྱོགས་གཉིས་སུ་བླ་མ་སོ་སོར་ཕེབས་ནའང་ཕན་ཚུལ་འབྲེལ་བ་ཧ་ཅང་ཟབ་ཅིང་། ལྷག་པར་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་ཐུབ་བསྟན་འཇིགས་མེད་མཆོག་དང་། ཟི་ལིང་སྟོང་འཁོར་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་བྱང་ཆུབ་བློ་བཟང་རྒྱ་མཚོ་རྣམ་གཉིས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་སློབ་གཉེར་གྱི་ཆེད་ཞལ་འཛོམས་བྱུང་བ་ནས་བཟུང་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་ལྟ་བུ་བྱུང་བས། ཀུན་གྱིས་སྟོང་འཁོར་རིན་པོ་ཆེ་རྣམ་གཉིས་བཞིན་ཞེས་ཧ་ཅང་ཐུགས་མཐུན་པའི་མིག་དཔེར་དང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར། དེར་བརྟེན་དེང་གི་ཆར་རོང་པོ་ཁང་ཚན་དུ་གྲྭ་རྒྱུན་ཇེ་མང་དང། སློབ་གཉེར་ཡར་རྒྱས། ཐུགས་མཐུན་ཁྲིམས་གཙང་སོགས་མདོར་ན་ཆོས་སྲིད་གང་གི་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་ཡོད།

ཤུག་སྒང་རྨ་སྤྲུལ་རིན་པོ་ཆེ་ཆོས་ཀྱི་ཉི་མ་ནི། སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་དང་། སྟོང་འཁོར་དགོན་ཆེན། མ་ཟད་སྟོང་འཁོར་སྡེ་བའི་ལྷ་སྡེ་ཡོངས་ནས་ཕྱྭ་མོ་ལུང་བསྟན་ཞུ་ས་གཙོ་བོ་ཞིག་ཡིན། དེ་བཞིན་ཡུལ་ཕྱོགས་འདིའི་ཡུལ་མི་ཀུན་གྱིས་དམ་པ་ཁོང་གི་གསུང་ལ་ཆ་འཇོག་མི་བྱེད་མཁན་མེད་པའི་ཚོད་དུ་མཆིས། མཚམས་མཚམས་སུ་དམ་པ་ཁོང་འཁོར་དང་བཅས་སྟོང་འཁོར་དུ་ཆེད་ཕེབས་ཀྱིས་དགོན་གཞུང་དང་། སྟོང་འཁོར་ཚང་གི་ཞབས་བརྟན་རིམ་གྲོ་སོགས་ཀྱང་གནང་མྱོང་ལ། ལྷག་པར་དུ་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་གནང་བའི་སྐབས་སུ་དུས་འགྱུར་ཚར་མ་ཁད་ཡིན་པས། དོགས་ཟོན་གྱི་དབང་གིས་མངོན་གསལ་ཡོངས་གྲགས་ཀྱི་སྒོ་ནས་སྐུ་བདག་སྤྲད་མ་ཕོད་པར་མ་ཟད། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་སྟོང་འཁོར་སྙི་ཁོག་ནས་སྟོང་འཁོར་ཟླ་ཁོག་ཏུ་གདན་དྲངས་པ་ཙམ་ལས་དགོན་པར་གདན་འདྲེན་ཞུ་ཆོག་པའི་ཆོག་མཆན་མ་ཐོབ་སྟབས། སྟོང་འཁོར་དགོན་དུ་གདན་འདྲེན་ཞུས་མ་ཐུབ་པར་སྐུ་བསྭོ་ཐོག་གནས་སུ་ལོ་ངོ་གཅིག་ཙམ་བཞུགས་དགོས་བྱུང་སྐབས་སུ་དམ་པ་འདིས་དཔའ་མཛངས་རྟུལ་ཕོད་ཀྱིས་སྒོ་ནས་འགན་ཁུར་བཞེས་པའི་བཀའ་དྲིན་ལ་བརྟེན་ནས་གདན་འདྲེན་ཞུ་ཐུབ་པ་བྱུང་བ་སོགས་ཀྱི་བཀའ་དྲིན་གཞལ་ཐབས་བྲལ།

སྤྱི་ལོ་ ༡༩༨༦ མེ་སྟག་ལོའི་དགུན་དུས་ལ། སྙིགས་དུས་བསྟན་པའི་གསལ་བྱེད་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་ཚུལ་ཁྲིམས་བློ་གྲོས་སོགས་འཁོར་དང་བཅས་འདིར་ཆིབས་བསྒྱུར་གནང༌། དེ་དུས་ཆོས་མཚམས་ཡིན་ཡང་ཁོང་རྣམ་པས་བླ་རུང་དུ་རྩོད་གྲྭ་འཛུགས་པ་འཆར་འགོད་ཀྱི་སྐབས་སུ་ཁེལ་བས་ཆོས་གྲྭ་ཚོགས་བཅུག་སྟེ་མིག་ལྟོས་མཛད་དགོས་གསུངས་ནས་འཛིན་གྲྭ་སོ་སོར་ཞིབ་གཟིགས་གནང་སོང༌། ཆོས་གྲྭ་གོང་འོག་ཀུན་ཏུ་གཟིགས་རྟོག་མཛད་ནས་བཞུགས་སྐབས་བྱུ་རུའི་ཕྲེང་བ་ཆུང་ངུ་ཞིག་སྙན་ལ་བཀལ་ནས་བཞུགས་པ་ཕྲན་བདག་གི་ཡིད་ལ་ད་ལྟར་ཡང་གསལ་ལེར་ཤར། ཚོགས་ཆེན་དུ་ཕེབས་སྐབས་གདོང་གྲལ་མཇུག་ནས་དམ་ཆོས་འདུལ་བའི་ཕྱག་ལེན་ལྟར་གྲྭ་མང་ལ་གུས་འདུད་ཀྱིས་གཟན་ཤད་ལན་གསུམ་བརྒྱབ་ནས་ཡར་ཕེབས་ཏེ་ཁྲི་ལ་བཞུགས་སོང༌། བསམ་བློ་བ་ཞིག་གིས་བལྟས་ན་འདི་གཅིག་པུའང་གཞན་ལ་ཆེས་དཀོན་པའི་མཁས་གྲུབ་དམ་པའི་མཛད་པ་ངོ་མཚར་བ་ཞིག་ཏུ་འདུག་སྙམ། སེར་སྐྱ་གཉིས་ལ་མ་ཎིའི་བཀའ་དབང་དང་བཀའ་སློབ་ཟབ་རྒྱས་གནང་སྟེ་ཐར་པའི་ས་བོན་བཞག སྐུ་བསྭོ་ཐོག་གནས་སུ་ཕེབས་ཏེ་འཇམ་དབྱངས་ཀྱི་གནས་རི་ཁྱད་པར་ཅན་ཡིན་པས་འདི་ནས་རི་བོ་རྩེ་ལྔར་ཕེབས་པའི་རྟེན་འབྲེལ་བསྒྲིག་དགོས་གསུངས་ཏེ་ཚོགས་ཕུལ་རབ་གནས་ཁྲུས་བསང་རྣམས་མཛད། གཤིན་རྗེའི་སྒྲུབ་ཕུག་ཏུ་ཡུན་ཙམ་བཞུགས་ནས་གཏེར་ཚབ་འཇོག་མི་བུ་མོ་ལོ་བཅུ་གཉིས་ལོན་པ་ཞིག་དགོས་ཞེས་གློ་བུར་དུ་གསུངས་ཀྱང་མ་རྙེད་པར་རྒྱ་ཧན་ཚང་གི་བུ་མོ་ལོ་བཅུ་གཅིག་པ་ཞིག་གིས་འཇོག ཡར་ཙམ་ཕྱིན་པས་བནྡེ་ཞིག་གིས་རི་བོ་རྩེ་ལྔའི་གནས་ཡིག་ལྡེབ་གཅིག་མི་ཚང་བ་ཞིག་ཕུལ། འདི་ལ་འཕྲལ་གཏེར་ཟེར་གསུངས། གཏེར་ཚབ་འཇོག་མི་ལོ་བཅུ་གཉིས་ལས་གཅིག་ཆད་པ་ཞིག་གིས་འཇོག་དགོས་བྱུང་བས་རྟེན་འབྲེལ་འཕྱུག་ནས་ལྡེབ་གཅིག་མི་ཚང་བ་ཡིན་གསུངས། འཇམ་དཔལ་ཀྱི་རི་ལ་གེ་སར་གཞི་བདག་སྔར་མེད་གསར་དུ་བཙུགས། དེ་སྐབས་ཞབས་དྲུང་བཅུ་གཅིག་པ་སྐུ་ངོས་འཛིན་མཛད་རྗེས་སྙི་ནས་བསྭོ་ཐོག་གནས་སུ་ཕེབས་ཏེ་སྤྱན་རས་གཟིགས་གནས་ཀྱི་བྱམས་ཁང་དུ་བཞུགས་པ་ལས་རང་དགོན་དུ་ཞབས་བཅགས་མ་ཟིན་པའི་དུས་སུ་ཁེལ་བས་ཁོང་གཉིས་མཛའ་བརྩེའི་ངང་མཇལ་འཕྲད་མཛད། ལྷན་དུ་སྐུ་པར་སྒྲོན། སྐྱེས་ཆེན་དམ་པ་ཁོང་གིས་དགོན་འདི་ལ་གསར་རྙིང་གི་ཕྱོགས་རིས་མེད་པའི་བསྔགས་བརྗོད་མཛད། སྤྱི་ལོ་ ༢༠༡༠ ལ་བླ་རུང་མཁན་པོ་རིག་གྲོལ་ཆེད་དུ་གཉེར་ནས་འདིར་ཕེབས་ཏེ་གྲྭ་ཚང་ལ་བསྙེན་བཀུར་ཞུས། ཆོས་གྲྭར་མཇལ་ཁ་དང་ཞིབ་གཟིགས་མཛད། ཕྱིར་ཕེབས་རྗེས་གསེར་རྟ་བླ་རུང་སྒར་དུ་སྟོང་འཁོར་ཆོས་གྲྭའི་སྒྲིགས་གཞི་དང་ཀུན་སྤྱོད་ལ་བསྟོད་བསྔགས་ཚད་མེད་ཞུས་ཡོད་པར་གྲགས།

སྤྱི་ལོ་ ༡༩༩༧ ལ་དགོན་གཞུང་གིས་ར་འཕྲོ་མཁན་པོ་ལེགས་བཤད་རྒྱ་མཚོ་འདིར་གདན་དྲངས་ཏེ། འདུས་ཁང་དུ་སེར་སྐྱ་ཡོངས་ལ་བྱམས་ཆོས་སྡེ་ལྔའི་ལྗགས་ལུང་གི་བཀའ་དྲིན་བསྐྱངས། བྱམས་ཆོས་སྡེ་ལྔ་ནི་ཁོང་གི་སྐུ་ཚེ་གང་པོར་ཞལ་འདོན་ཆག་མེད་གནང་རྒྱུ་ཞིག་ཡིན་པས་གཞན་ལས་བྱིན་རླབས་ཆེ་བར་བསམས། གཞན་ཡང་ཁོང་ནི་དགོན་འདི་ལ་ཐུགས་དད་ལྷག་པར་ཆེ་སྟབས་གནའ་དེང་གཉིས་སུ་ཕེབས་བཞུད་མང་དུ་མཛད་མྱོང༌། སྐུ་བསྭོ་ཐོག་གནས་ཀྱི་སྐྱིད་ཕུག་ཉི་མའི་གདོང་ལ་རྒན་ལམ་བསྟན་ལས་བློ་སྦྱོང་མཚོན་ཆའི་འཁོར་ལོའི་ཁྲིད་ཞུས་ཚུལ་ཉིད་ཀྱིས་ཕྲན་རང་ལ་དངོས་སུ་གསུངས། དེང་དུས་སུ་རྒན་གཞོན་དུ་མ་ཞིག་ལ་ལམ་རིམ་དང་དྲང་ངེས་ལེགས་བཤད་སྙིང་པོའི་ཁྲིད་སོགས་གནང་བའི་སྒོ་ནས་བཀའ་དྲིན་ལ་འཁོར་ཐབས་མེད།

དེ་དག་མ་ཟད། གཞན་ཡང་ལྕོག་རི་དང་། དཀར་མཛེས། བྲག་འགོ། ཤུག་སྒང་། རྟའུ་སོགས་ཀྱི་དགོན་ཁག་དང་། བླ་ཁག དཔོན་ཁག་སོགས་གོང་དུ་མ་འཁོད་པ་ནགས་གཙང་རིན་པོ་ཆེ་དང་། རྫ་ཆོས་རྗེ། གཟིགས་རྒྱབ་སྤྲུལ་སྐུ། ཁང་སར་སྐྱབས་མགོན། ཧོར་བྲག་འགོ་ཚང་སོགས་དང་ཡང་འབྲེལ་ལམ་ཟབ།

སྨྲས་པ།

ལོ་ཆེན་བཻ་རོ་གཡུ་སྒྲ་སྙིང་པོ་གཉིས། །

ལྡིར་རི་ཆོས་གྲགས་དགའ་རབ་རྡོ་རྗེ་དང༌། །

རྒྱལ་བ་ཡབ་སྲས་ལ་སོགས་ཞབས་བཅགས་པས། །

འཛིན་མ་ཤིས་པར་བསྒྲུབས་པའི་དཔལ་འདི་མཚར། །ཞེས་སོ།། །།


previousཀ༽ ཁམས་སྟོང་འཁོར་དགོན་པའི་ལོ་རྒྱུས་སྐོར་བཤད་པ། next