cover

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ།

སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ།

བསྟན་འཛིན་ལུང་རྟོགས་ཉི་མ།།

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐོག་མའི་སྙན་སྒྲོན།

སེམས་ཅན་གྱི་ཁམས་ལ་རྗེས་སུ་བརྩེ་བའི་ཐུགས་བསྐྱེད་ཅིག་གིས་སམ་བཟློག་ཏུ་མེད་པའི་ལས་རླུང་ཞིག་གིས་ཡིན། གང་ལྟར་མེ་ཏོག་གི་ནམ་ཟླ་ཡལ་ཞིང་། ཁྲུང་ཁྲུང་ལྷོ་ལམ་ལ་བསྐྱོད་ཟིན་པའི་སྟོན་མཇུག་གི་དུས་ཤིག་སྟེ། སྤྱི་ལོ་༡༩༧༤ལོར་ངའི་ཚེ་སྲོག་གི་རྣམ་ཤེས་ཕྲ་མོ་འདི་ཁ་བའི་འདབ་མ་དང་ལྷན་དུ་རྨ་ཆེན་གངས་རིའི་ཉེ་འདབས་སུ་བབ། ཀྱག་ཀྱོག་གི་བགྲོད་ལམ་རིང་མོའི་རྐང་རྗེས་དང་པོ་གངས་འདབས་དེར་བཀོད་པ་ནས། བུ་ཡུག་དང་ལྷགས་རླུང་གི་ཁྲོད་དུ་ལང་ཚོའི་མྱུ་གུ་རིམ་བཞིན་འཚར་ལོངས་བྱུང་། བདུན་ཚན་གཅིག་གི་བགྲང་བྱའི་འདབ་ལོ་རྫོགས་ལ་མ་རྫོགས་པའི་དུས་ན་དཔྱད་བརྗོད་མི་ཤེས་པའི་དུང་ཞེན་ཞིག་གིས་གསེར་མདོག་གིས་འཁྱུད་པའི་ཕ་མཁར་འདི་བསྙེགས། སྙོམས་ལག་མ་རྒྱས་པའི་སྐད་གསང་ཕྲ་མོས་ཀ་མད་སུམ་ཅུ་དབྱངས་སུ་གྱེར་བས་ལྷིང་འཇགས་ཀྱི་རི་གྲོང་ཐོག་མར་དཀྲོགས། ལྔ་གསུམ་བཅོ་ལྔའི་ན་ཚོད་ལ་སྨིན་པའི་ལོ་དེར་མགོ་སྐྱེས་གཙུག་ཕུད་ཀྱི་མཆོད་པ་མཁན་སློབ་ལ་ཕུལ་ཏེ་ངུར་སྨྲིག་གི་དར་འཕྱང་གོས་སུ་བཀླུབས། དུས་མཚུངས་གནས་ལྔ་རིག་པའི་དགའ་ཚལ་འདི་ནས་རྒོད་བག་གི་རྩེད་འཇོའི་ཞོར་དུ་རང་སྐལ་དང་འཚམ་པའི་སེར་ཆེན་མེ་ཏོག་འགའ་ཡང་བཏུ་བའི་འགོ་བརྩམས། ལོག་རྟོག་ལ་ཐལ་ལྕག་གཞུ་བའི་རྩོད་གྲྭ་དེ་ནས་ང་ཚོས་ཆོས་ཉིད་ཀྱི་བདེན་དོན་བཙལ་ཞིང་། ཡོད་ཚད་ལ་དཔྱད་བརྗོད་བྱེད་པའི་གླེང་སྟེགས་དེ་ནས་ང་ཚོས་གསར་རྙིང་གི་ལྟ་གྲུབ་ལ་ཤགས་འགྱེད་བྱས། ད་དུང་ཞར་དང་ཞོར་དུ་གངས་རི་དཀར་པོའི་ཆགས་འཇིག་ནས་གཙང་ཆབ་སྔོན་མོའི་བཞུར་རྒྱུན་བར་འཇིག་རྟེན་འདིའི་དར་རྒུད་གླེང་བའང་བགྲངས་ཀྱིས་ག་ལ་ལང་། མདོར་ན་འདས་ཟིན་པའི་མི་ཚེའི་ཕྱེད་ཀ་སྟེ་ལོ་གྲངས་སུམ་ཅུའི་ནམ་ཟླ་ཅི་ཆ་མེད་པར་རྫོགས་ཟིན་པའི་དེ་རིང་གི་ཉི་མ་འདིར། ངས་ཡང་བསྐྱར་རུས་གོང་འདི་རྡུལ་ཕྲན་དུ་དེངས་ཤིང་རྣམ་ཤེས་འདི་ཆོས་ཉིད་ཀྱི་ཀློང་དུ་མ་ཐིམ་བར་རང་ཉིད་ལ་དབང་བའི་ཚེ་སྲོག་གི་སྒྲོན་མེ་ཆུང་ཆུང་འདི་ཁ་བ་རི་བའི་ཆོས་རིག་གི་སྲོག་རྩར་འབུལ་ཐུབ་པའི་སྨོན་འདུན་ཞུ།།

རྩོམ་པ་པོས།

ཐོག་མའི་གླེང་གཞི་དང་འབྲེལ་བའི་གཏམ་ཁ་བཏགས་དཀར་པོའི་འཕྱང་འཕྲུལ།

དེ་ཡང་ཇི་སྐད་དུ། མཐོ་རིས་ཐར་བའི་དངོས་རྒྱུ་མི་བྱེད་ཅིང་། །གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི། །བར་མ་དོ་རུ་གནས་པའི་གནད་འདི་དག །ཀུན་གྱིས་བོར་ཡང་ཁོ་བོས་ཞིབ་ཏུ་དཔྱད། །ཅེས་པའི་ངང་ཚུལ་ལྟར་སྐྱེས་སྦྱངས་ཀྱི་ཤེས་རབ་མེ་ཁྱེར་འོད་ཀྱི་རྗེས་སུ་འགྲོ་ཡང་ལྷག་བསམ་གྱི་དུང་ཞེན་ཉི་ཟླའི་སྣང་བ་ལ་འགྲན་པར་ཁས་འཆེ་བའི་གྱི་ན་བ་བདག་གིས་རིང་མོའི་དུས་ཤིག་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་དེང་གི་དུས་སུ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དུས་ཀྱི་རྒུད་པའི་མུན་ཁྲོད་དུ་བག་ལ་ཞ་ཞིང་། དེ་འཛིན་དམ་པའི་སྐྱེས་བུ་ཚུལ་དགུའི་ཡོན་ཏན་གྱི་མངའ་བདག་དག་ཀྱང་ཉིན་མོའི་སྐར་མའི་གྲངས་ཀྱི་རྗེས་སུ་ཕྱོགས་པ་དང་། ཐ་ན་སྔར་གཤེགས་དམ་པའི་སྐྱེས་བུ་དག་གི་རྣམ་པ་ཐར་བ་ཙམ་ཡང་གླེང་བ་ཉུང་བ་མཐོང་ཞིང་། ཁྱད་པར་གང་ལ་མེ་ཏོག་ཕོགས་པའི་ལྷ་སྐལ་གྲུབ་དབང་རྫོགས་ཆེན་པ་ཆོས་བརྒྱུད་དང་བཅས་པའི་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཀྱི་གདུགས་དཀར་ཡངས་པོས་སྟོད་ཛཱ་ཏིའི་མེ་ཏོག་བཞད་པའི་ཡུལ་གྲུ་ནས་སྨད་ཟ་འོག་ཐགས་སུ་བཏགས་པའི་རྒྱལ་ཁམས་ལ་མ་ཐུག་གི་བར་དཀར་འཇམ་ཡུག་གཅིག་གིས་ཁྱབ་པར་བརྡལ་བ་བྱུང་ནའང་། དེ་དང་འཚམ་པའམ་ཚུལ་དེ་གླེང་བའི་གདན་རབས་ཆོས་འབྱུང་ཆ་ཚང་བ་ཞིག་མཇལ་བར་མི་བཞུགས་པ་ནི་ཆེས་ཕངས་ཤིང་ངོ་གནོང་དགོས་པ་ཞིག་ལགས་ཕྱིར་མ་ཚང་ཁ་སྣོན་དང་ཆད་པ་འཕྲོ་མཐུད་ཅིག་བྱུང་ན་ཅི་མ་རུང་སྙམ་སྟེ་སྨོན་སེམས་ཙམ་དུ་ལུས་པ་ན། རབ་བྱུང་བཅུ་བདུན་པའི་ས་ཡོས་ལོར་རྒྱལ་བསྟན་ཡང་དར་གྱི་ཕྱི་མའི་དུས་འདིར་གྲུབ་དབང་རྫོགས་ཆེན་པའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་གཞིར་བཞེངས་སུ་བསླངས་པ་ལ་བཀའ་དྲིན་དང་ཕྲིན་ལས་རྨད་དུ་བྱུང་བ། ༧ཁྱབ་བདག་བླ་མ་འཁོར་ལོའི་མགོན་པོ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཆོས་འབྱུང་ཞིག་གྲུབ་ན་ཅིས་ཀྱང་ལེགས་པའི་ཐོག་མའི་གསུང་བསྐུལ་ཕེབས་ཤིང་། མཚུངས་མེད་ཐུགས་རྗེའི་གཏེར་མཛོད་རྗེ་བཙུན་བླ་མ་རིན་པོ་ཆེ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་ལ་ཚུལ་འདིའི་བཀའ་འདྲི་ཞུ་སྐབས་ཐུགས་དགྱེས་པ་ཆེན་པོའི་གསུང་གིས་དབུགས་དབྱུང་བསྩལ་པ་དང་། གཞན་ཡང་ཆོས་སྡེ་ཆེན་མོའི་མཁན་སྤྲུལ་སྡེ་སྣོད་འཛིན་པའི་མཆེད་གྲོགས་ཡོངས་ནས་ནང་བརྩེའི་གསུང་གིས་ལན་གཅིག་མིན་པའི་བསྐུལ་མ་ཡང་ཡང་བྱུང་བ་དང་དུ་བླངས་སྟེ། ལོ་དེའི་དབྱར་ཟླ་ར་བའི་ཡར་ཚེས་ནས་དབུ་བརྩམས་ཏེ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། འཇིགས་མེད་རྒྱལ་བའི་མྱུ་གུ། མཁན་ཆེན་ཚེ་དབང་རིག་འཛིན། རིགས་བདག་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་སོགས་གྲུབ་བརྙེས་རིག་འཛིན་མང་པོས་བྱིན་གྱིས་རླབས་པའི་གདན་ས་རུ་དམ་ཡང་དབེན་ཚེ་རིང་སྒྲུབ་ཕུག་ཏུ་ཉམས་ལེན་ལ་འབུང་ཁུལ་བྱེད་པའི་ཐུན་མཚམས་རྣམས་སུ་ཅི་རིགས་པར་བྲིས་ཀྱང་། དཔྱད་གཞིའི་ཡིག་ཆ་འབྱོར་མིན་སོགས་འཕྲལ་རྐྱེན་སྣ་ཚོགས་པའི་རྣམ་པར་གཡེང་བས་རེ་ཞིག་ནར་འགྱངས་སུ་སོང་། སླར་ཡང་ཆུ་མོ་ལུག་གི་ལོར་དཔལ་སེང་གེ་རིའི་ཆོས་སྡེ་ཆེན་མོ་གང་དུ་འཆད་ཉན་གྱིས་བྲེལ་བའི་དུས་བར་རྣམས་སྤྱད་དེ་བརྩོན་པ་ཆེར་བསྐྱེད་ཀྱིས་བྲིས་པས་མཇུག་ལེགས་པར་གྲུབ་ཅིང་། ད་ལམ་གནམ་བསྐོས་གོང་མ་ཆེན་མོའི་གསེར་མཁར་དུ་གྲགས་པའི་མ་ཧཱ་ཙི་ནའི་ཡུལ་གྱི་རྒྱལ་ས་པེ་ཅིན་དུ་དཔེ་སྐྲུན་བྱེད་པའི་སྟ་གོན་གྱི་བྱ་བ་ལ་འཇུག་སྐབས་ཡང་དུ་ཞུས་དག་དང་བཅས་གཏན་ལ་ཕབས་པ་ཡིན་ལ། དེ་ཡང་སྔར་གྱི་དུས་སུ་བྱུང་བའི་གྲུབ་དབང་རྫོགས་ཆེན་པའི་ཆོས་འབྱུང་ཐོག་མ་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་འགོར་མཁས་མཆོག་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་ཆོས་འབྱུང་ཆེན་མོ་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་སྟེ། ཆོས་འབྱུང་འདི་ནི་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དང་། རྒྱལ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ། རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བསྟན་བཟང་པོ་བཅས་ནས་གསུང་བསྐུལ་བཀའ་བསྩལ་ལྟར་རྩོམ་པ་མཛད་པས། སྔ་འགྱུར་བཀའ་གཏེར་དག་སྣང་གི་བབ་སོ་སྤྱི་དང་ཁྱད་པར་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ནས་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་གསེར་ཁྲིར་འཁོད་པའི་བར་ཆོས་སྡེ་འདིའི་ལོ་རྒྱུས་དམིགས་བསལ་གྱིས་ཤིན་ཏུ་རྒྱས་པ་དག་ཅིང་ཁུངས་བཙུན་པ་བཞུགས་པས། སྔ་འགྱུར་རྙིང་མའི་ཆོས་འབྱུང་ངམ་གུ་བཀྲའི་ཆོས་འབྱུང་ཞེས་མཚན་དུ་ཆགས་པ་ལས་དོན་དུ་གྲུབ་དབང་རྫོགས་ཆེན་པའི་ཆོས་འབྱུང་ཞེས་སྨས་ཀྱང་ཆོག་པར་སེམས། དེ་རྗེས་ལོ་ངོ་བརྒྱ་དང་བཞི་བཅུ་ཙམ་འདས་པ་དུས་རབས་ཉི་ཤུ་པའི་སྐེད་དུ་མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་། མཁས་མཆོག་པདྨ་ཚེ་དབང་། ཡབ་རྗེ་ངག་དབང་ནོར་བུ་བཅས་ཀྱིས་ལྗགས་རྩོམ་ཕྱོགས་བསྒྲིགས་གནང་བའི་གྲུབ་དབང་རྫོགས་ཆེན་པའི་གདན་རབས་ཆེན་མོ་ཞེས་པ་སྔར་གྱི་སྟེང་དུ་རྫོགས་ཆེན་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་རྣམ་གཉིས་ཀྱི་ཆོས་སྲིད་གཉིས་ལྡན་གྱི་མཛད་པས་ཁ་བསྐངས་བྱས་པའི་དེབ་ཐེར་ཆེན་མོ་མཛད་པ་ཤིང་པར་དུ་རྐོ་བཞིན་པའི་སྐབས་ཏེ་སྤྱི་ལོ་༡༩༥༩ལོའི་ཟིང་འཁྲུགས་གིས་རྩ་བརླགས་སུ་སོང་། དེ་རྗེས་གངས་ལྗོངས་རྒྱལ་བསྟན་ཡང་དར་གྱི་དུས་བཟང་འཆར་བ་སྤྱི་ལོ་༡༩༨༢ལོར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཞལ་སྔ་ནས་རྫོགས་ཆེན་དགོན་དང་རྫོགས་ཆེན་རིམ་བྱོན་གྱི་ལོ་རྒྱུས་ཞེས་པ་ཉུང་བསྡུས་ཤིག་ལྗགས་རྩོམ་མཛད་པ་དང་། དུས་མཚུངས་སྤྱི་ལོ་༡༩༨༥ལོར་སྔར་ཤྲཱི་སེང་ཆོས་གྲྭའི་སྐྱོར་དཔོན་ཤར་མི་ཉག་པ་ཉན་ཤུལ་རྒྱལ་དབང་ཉི་མས་མདོ་ཁམས་རྫོགས་ཆེན་དགོན་གྱི་ལོ་རྒྱུས་ཞེས་པ་གྲུབ་དབང་པདྨ་རིག་འཛིན་ནས་སྐུ་རབས་བཞི་པའི་བར་གུ་བཀྲའི་ཆོས་འབྱུང་ལྟར་དང་། སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་རྣམ་ཐར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་གདན་རབས་མཚན་ཐོ་ལས་བྱུང་བ། སྐུ་རབས་ལྔ་པ་དང་དྲུག་པ། མཁན་ཆེན་གཞན་དགའ་བཅས་ཀྱི་རྣམ་ཐར་ཉུང་ངུ་གསར་བསྣན་ཅན་གྱི་ལོ་རྒྱུས་འབྲས་ལྗོངས་སྒང་ཏོག་ནས་བརྩམས་པར་མཛད་དོ། །སྐབས་འདིར་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་བྱ་བ་འདི་ཉིད་ཁོ་བོས་འདུ་བྱས་པ་ལས་ལེགས་པར་གྲུབ་པ་བྱུང་བ་སྟེ། འདི་ལ་གཞུང་དོན་འཛིན་བདེ་བའི་ཆེད་དུ་སྐབས་ཀྱི་ཚོམས་སམ་སརྒ་ཆེན་པོ་བཅུ་དྲུག་ཏུ་གཅད་པ་ལས། སྐབས་དང་པོར་སྟོན་པ་འཇིག་རྟེན་དུ་བྱོན་ནས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་བཤད་པ་སྟེ། མཛད་པ་བཅུ་གཉིས་ཀྱི་ཚུལ་མདོར་བསྡུས་པ་ཙམ་ཞིག་ལས་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། ཆོས་ཀྱི་འཁོར་ལོའི་མཐའ་དཔྱད་སོགས་སྔར་གྱི་ཆོས་འབྱུང་ལོ་རྒྱུས་ཕལ་མོ་ཆེ་ན་ཤིན་ཏུ་རྒྱས་པ་བཞུགས་པས་དཔེ་གཅོད་ཀྱི་ཁུར་མ་བླངས། སྐབས་གཉིས་པར་རྗེས་འཇུག་འཕགས་པའི་གང་ཟག་རྣམས་ཀྱིས་བཀའ་བསྡུ་འཆད་སྤེལ་གྱིས་རིམ་པར་བསྐྱངས་ཚུལ་བསྙད་པ་སྟེ། གཏད་རབས་བདུན་དང་རྒྱན་དྲུག་མཆོག་གཉིས་བཅས་ཀྱི་རྣམ་ཐར་རྒྱ་གར་ཆོས་འབྱུང་སོགས་གཞན་དག་ན་རྒྱས་པར་བཞུགས་པས་འདིར་མ་སྤྲོས། སྐབས་གསུམ་པར་གསང་ཆེན་རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་དར་ཚུལ་བྱེ་བྲག་ཏུ་བཤད་པ་སྟེ། བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་བསྟན་པའི་ཆུ་འགོ་སོ་སོར་ཕྱེས་ནས་རྒྱལ་བ་རིག་འཛིན་བརྒྱུད་པའི་རྣམ་ཐར་སྤྲོས་ཏེ་བཤད། སྐབས་བཞི་པར་ཡོངས་རྫོགས་བསྟན་པའི་ཕྱི་མོ་གསང་ཆེན་སྔ་འགྱུར་པའི་རིང་ལུགས་བོད་ཡུལ་དུ་ཐོག་མར་བྱོན་ནས་སྔ་དར་བསྟན་པའི་དབུ་བརྙེས་ཚུལ་སྤྱིར་བཤད་པ་སྟེ། སྐབས་དོན་གྱི་ལོ་རྒྱུས་ཉུང་ངུ་ཙམ་ལས་བོད་རྗེའི་རྒྱལ་རབས་སོགས་ལོ་རྒྱུས་དེབ་ཐེར་ཆེན་མོ་ཁག་ཏུ་གསལ་བས་མ་སྨོས། སྐབས་ལྔ་པར་ཕྱི་དར་བསྟན་པའི་མེ་རོ་སླར་ཡང་གསོས་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་འཕྲོས་དོན་དུ་བརྗོད་པ་སྟེ། སྔ་འགྱུར་རྙིང་མའི་བྱུང་བ་ལུས་ཀྱི་བསྟན་བྱ་གཙོ་བོར་གྱུར་པས་འདིར་མ་བཟློས་ཤིང་སྒྲུབ་བརྒྱུད་ཤིང་རྟ་གཞན་དག་གི་བརྒྱུད་རིམ་མདོར་བསྡུས་ཙམ་བཀོད། སྐབས་དྲུག་པར་སྔ་འགྱུར་རྙིང་མའི་མདོ་སྔགས་ཀྱི་བསྟན་པའི་བབ་སོ་བྱེ་བྲག་ཏུ་བཤད་པ་ལས་མདོ་ཕར་ཕྱིན་ཐེག་པའི་སོ་སོར་ཐར་པའི་སྡོམ་རྒྱུན་རྣམ་ཐར་བསྙད་པ་སྟེ། མཉམ་མེད་ཐུབ་པའི་དབང་པོ་ནས་སྨིན་གླིང་རྒྱལ་སྲས་རིག་འཛིན་བཟང་པོའི་བར་བླ་རབས་སོ་དྲུག་གི་རྣམ་ཐར་མཐར་ཆགས་སུ་རྒྱས་པར་བཀོད་ཅིང་། གྲུབ་དབང་རྫོགས་ཆེན་པ་སེང་ཕྲུག་པདྨ་བཀྲ་ཤིས་ནས་སྐྱབས་རྗེ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་བར་གྱི་བླ་རྣམ་འོག་མའི་ཚོམས་རྣམས་སུ་འབྱུང་བས་ཚོམས་འདིར་མ་སྤྲོས། སྐབས་བདུན་པར་སྔ་འགྱུར་རྙིང་མའི་མདོ་སྔགས་ཀྱི་བསྟན་པའི་བབ་སོ་བྱེ་བྲག་ཏུ་བཤད་པ་ལས་ཐེག་ཆེན་མདོ་ལུགས་དབུ་སེམས་ཀྱི་བྱང་སྡོམ་དང་གཞུང་བཤད་ཀྱི་བརྒྱུད་པ་བཤད་པ་སྟེ། འདི་ལ་བརྒྱུད་པའི་བཀའ་སྲོལ་གསུམ་དུ་བཞུགས་པ་ལས་ཟབ་མོ་ལྟ་ལུགས་ཀྱི་བརྒྱུད་སྲོལ་གྱིས་གཞུང་བསྲངས་ཏེ་བཀོད་ཅིང་། གོང་དུ་སོར་སྡོམ་གྱི་སྐབས་སུ་བཞུགས་པ་འགའ་དང་ཀུན་མཁྱེན་ཆེན་པོ་ནས་ད་ལྟའི་བར་གྱི་བླ་བརྒྱུད་རྫོགས་ཆེན་གསང་བ་སྙིང་ཐིག་གི་བརྒྱུད་པ་དང་ཐུན་མོང་དུ་བཞུགས་པས་བསྐྱར་བཟློས་མ་བྱས་པའི་འཕྲོས་སུ་བླ་རབས་བཅུ་ཙམ་བཞུགས་པའི་རྣམ་ཐར་ཕྱོགས་གཅིག་ཏུ་བཀོད་པར་བྱས། སྐབས་བརྒྱད་པར་སྔ་འགྱུར་རྙིང་མའི་མདོ་སྔགས་ཀྱི་བསྟན་པའི་བབ་སོ་བྱེ་བྲག་ཏུ་བཤད་པ་ལས་སྔགས་རྡོ་རྗེ་ཐེག་པ་རིང་བརྒྱུད་བཀའ་མ་ནང་རྒྱུད་སྡེ་གསུམ་གྱི་བརྒྱུད་སྲོལ་རྒྱས་པར་བཤད་པ་སྟེ། མ་ཧཱ་ཡོ་གའི་རྒྱུད་སྡེ་སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་བརྒྱུད་ལོ་ཙཱ་བ་རྨ་རིན་ཆེན་ནས་ཟུར་ཆོས་དབྱིངས་རང་གྲོལ་བར་གྱི་བླ་རབས་ཉི་ཤུའི་རྣམ་ཐར་སྟར་ཆགས་སུ་རྒྱས་པར་བཀོད་པ་དང་། སྨིན་གླིང་གཏེར་ཆེན་ནས་ད་ལྟའི་བར་གྱི་བླ་རྣམ་འོག་མའི་ཚོམས་རྣམས་སུ་བཞུགས་པས་མཚན་ཙམ་བགྲང་བས་འཐུས་པར་བྱས། ཨ་ནུ་ཡོ་ག་འདུས་མདོའི་དབང་གི་བརྒྱུད་པ་རང་རྐང་སྟར་ཆགས་སུ་བཀོད་ཅིང་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་མ་ཧཱའི་སྐབས་སུ་སོང་པ་འགའ་དང་སྨིན་གླིང་རིགས་སྲས་པདྨ་འགྱུར་མེད་རྒྱ་མཚོ་སོགས་སྐབས་གཞན་ན་གསལ་བ་འགའ་ཡང་གོ་རིམ་ངེས་པའི་ཆེད་དུ་ཡང་བསྐྱར་བཀོད་པར་བྱས། ཨ་ཏི་ཡོ་ག་ལ་སེམས་ཀློང་མན་ངག་གི་བརྒྱུད་པ་གསུམ་ལས་སེམས་སྡེའི་བརྒྱུད་པ་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་བར་བླ་རབས་ཞེ་བདུན་བཞུགས་པ་ཕལ་མོ་ཆེ་མ་ཧཱ་ཨ་ནུ་གཉིས་དང་རྫོགས་ཆེན་མན་ངག་སྡེའི་སྐབས་སུ་བཞུགས་པས་བསྐྱར་བཟློས་མ་བྱས། ཀློང་སྡེའི་བརྒྱུད་པ་སྤང་མི་ཕམ་མགོན་པོ་ནས་སློབ་དཔོན་ཀུན་བཟང་རྡོ་རྗེའི་བར་བླ་རབས་བཅུའི་རྣམ་ཐར་རྒྱས་ཙམ་བཀོད་ཅིང་དེ་ནས་ད་ལྟའི་བར་གྱི་བླ་རབས་སོ་གསུམ་ཙམ་བཞུགས་པའི་རྣམ་ཐར་འགའ་ཞིག་མི་བཞུགས་པ་དང་། ཆོས་རྗེ་སྨིན་གླིང་པ་ཡབ་སྲས་དང་གྲུབ་དབང་རྫོགས་ཆེན་པའི་བླ་རབས་བརྒྱུད་པ་རྣམས་ནི་གོང་འོག་གི་སྐབས་སུ་གསལ་བས་མཚན་ཙམ་བགྲང་བར་བྱས། རྫོགས་ཆེན་མན་ངག་སྡེའི་བཱི་མ་སྙིང་ཐིག་གི་བརྒྱུད་པ་པཎ་ཆེན་བཱི་མ་ནས་རིག་འཛིན་ཀུ་མཱ་རཱ་ཛའི་བར་སྟར་ཆགས་སུ་རྒྱས་པར་བཀོད་པ་དང་། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་སློབ་དཔོན་པདྨ་འབྱུང་གནས་ནས་ཤྭ་བན་རྒྱལ་སྲས་ལེགས་ལྡན་བར་སྟར་ཆགས་སུ་བཀོད་ནས་བཀའ་བབ་གཅིག་འདྲེས་ཀྱི་ཤིང་རྟ་ཀུན་མཁྱེན་ཡབ་སྲས་ཀྱི་རྣམ་ཐར་ཟུར་དུ་བཀོད་པར་བྱས་ཤིང་། ཉེ་བརྒྱུད་ཀུན་མཁྱེན་ཞལ་སློབ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་ནས་ད་ལྟའི་བར་གྱི་བླ་རྣམ་གདན་རབས་དང་མཁན་རབས་སློབ་བརྒྱུད་བཅས་ཀྱི་ཚོམས་སུ་འབྱུང་བས་མཚན་ཙམ་བགྲང་བས་འཐུས་པར་བྱས། གྲུབ་དབང་རྫོགས་ཆེན་པ་རང་ལུགས་ཀྱི་བླ་མ་ཡང་ཏིག་གཙོ་བོར་གྱུར་པའི་སྙིང་ཐིག་མ་བུའི་རིང་བརྒྱུད་ཀུན་མཁྱེན་ཞལ་སློབ་སྟག་མགོའི་བྱ་བྲལ་ཆོས་རྗེ་ནས་རྫོགས་ཆེན་པ་ཀློང་རྫོགས་མཐའ་བྲལ་བར་བླ་རབས་དགུའི་རྣམ་ཐར་མཐར་ཆགས་སུ་བཀོད་ཅིང་གྲུབ་དབང་པདྨ་རིག་འཛིན་ནས་གདན་རབས་སོགས་ཀྱི་ཚོམས་སུ་འབྱུང་བས་མ་བཟློས། དེ་བཞིན་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་ཐུན་མིན་ཀུན་མཁྱེན་ཞལ་སློབ་རྒྱལ་བ་ཡེ་ཤེས་རབ་འབྱམས་ནས་རིག་འཛིན་ཆོས་ཀྱི་རྒྱ་མཚོའི་བར་བླ་རབས་བརྒྱད་ཀྱི་རྣམ་ཐར་མཐར་ཆགས་སུ་བཀོད་ཅིང་གྲུབ་ཐོབ་པདྨ་རིག་འཛིན་ནས་ད་ལ་མ་ཐུག་གི་བར་གདན་རབས་སོགས་སུ་རྒྱས་པ་འབྱུང་བས་ཆོག་པར་བྱས། སྐབས་དགུ་པར་ཉེ་བརྒྱུད་གཏེར་མའི་བྱུང་ཚུལ་གུ་བཀྲའི་ཆོས་འབྱུང་དང་འཇམ་མགོན་ཀོང་སྤྲུལ་གྱི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་སོགས་སུ་ཤིན་ཏུ་རྒྱས་པས་འཕྲོས་དོན་དུ་མདོར་བསྡུས་ཙམ་གླེང་བས་འཐུས་པར་བྱས། སྐབས་བཅུ་པར་གྲུབ་དབང་རྒྱལ་བ་རྫོགས་པའི་གདན་ས་ཆེན་མོ་གང་དུ་ཆགས་པའི་ཡུལ་མདོ་ཁམས་རུ་དམ་ལུང་གི་གནས་ཀྱི་བཀོད་པ་སྤྱི་རགས་ཙམ་བསྟན། སྐབས་བཅུ་གཅིག་པར་བཤད་སྒྲུབ་དགོན་གསུམ་གྱི་ཆོས་སྡེ་ཁག་ཇི་ལྟར་བཞུགས་ཚུལ་དང་། བཤད་སྒྲུབ་ཀྱི་ཆོས་རྒྱུན་ཕྱོགས་སུ་འཕེལ་ཚུལ་བཤད་པ་སྟེ། ཤྲཱི་སེང་ཆོས་གྲྭ་ལས་གྱེས་པའི་བཤད་གྲྭ་འགའ་ཞིག་མཚོན་བྱེད་ཙམ་དུ་སྨོས་པ་ལས་དེ་ཙམ་གྱིས་ཁ་ཚོན་མི་ཆོད་ཅིང་། གཞན་ཡང་ཕྱོགས་ཀྱི་བུ་དགོན་ཁག་གི་ལོ་རྒྱུས་ཆ་ཚང་བ་ཐེངས་འདིར་མ་འབྱོར་བ་དང་འབྱོར་བ་དག་ཀྱང་རེ་ཞིག་རྟེན་འབྲེལ་འཕྲོ་ཅན་དུ་བྱས། སྐབས་བཅུ་གཉིས་པར་ལུགས་གཉིས་ཆོས་སྲིད་ཀྱི་མངའ་བདག་བསྟན་བདག་གདན་རབས་རིམ་བྱོན་གྱི་རྟོགས་པ་བརྗོད་པ་སྟེ། གདན་རབས་དང་པོ་ནས་བདུན་པའི་བར་གུ་བཀྲའི་ཆོས་འབྱུང་གིས་གསལ་བར་བསྟན་པ་ལྟར་དང་། དེ་ནས་ད་ལྟའི་བར་གྲུབ་དབང་སྐུ་རབས་གཉིས་དང་གཞན་མན་ངག་གི་ཆོས་བརྒྱུད་སྤེལ་ཞིང་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་མཚུངས་ཟླ་དང་བྲལ་བའི་སྐྱེས་ཆེན་གདན་རབས་སུ་བཀོད་པ་སྔ་མའི་སྲོལ་ལྟར་བཅུ་གཉིས་སུ་ཁ་བསྐངས་ཏེ་རྣམ་ཐར་རྒྱས་པར་བཀོད། སྐབས་བཅུ་གསུམ་པར་ཆོས་སྡེ་ཆེན་མོའི་བསྟན་འཛིན་སྐྱེས་ཆེན་སྤྱིའི་སྐུ་རབས་རྣམ་ཐར་བཤད་པ་སྟེ། གྲུབ་དབང་སྐུ་རབས་དང་པོ་པདྨ་རིག་འཛིན་དུས་ཀྱི་ཐུགས་ཟིན་རྒྱལ་ཚབ་དཔོན་སློབ་རིམ་བྱོན་དང་། སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་སྐབས་ཀྱི་ཐུགས་ཟིན་རྒྱལ་ཚབ་ཀུན་འབྲུག་གླིང་གསུམ། སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐབས་ཀྱི་ཐུགས་ཟིན་རྒྱལ་ཚབ་བདེ་ཀོང་མཁྱེན་གསུམ་བཅས་སྐུ་རབས་སོ་སོའི་སྐབས་སུ་བསྟན་སྲིད་ཀྱི་ཐུགས་འགན་བཞེས་པར་གཙོ་ཆེ་ཆུང་ཙམ་ལས་སྤྱི་གཅིག་ཏུ་ངེས་པའི་གོ་རིམ་མེད་ཅིང་། དེ་དག་ནང་ཚན་དུའང་ཀུན་འབྲུག་གླིང་གསུམ་བདེ་ཀོང་མཁྱེན་གསུམ་ཞེས་གྲགས་པའང་བརྗོད་བདེ་བའི་ངག་འགྲོས་སུ་བྱུང་བ་ཙམ་ལས་གདན་ཐོབ་ཀྱི་གོ་རིམ་མིན་ཕྱིར། འདིར་སྐུ་རབས་མང་ཉུང་དང་སྐུ་ན་བགྲེས་གཞོན་ཙམ་རྒྱུ་མཚན་དུ་བྱས་ཏེ་སྔ་ཕྱིར་བཀོད་པར་བྱས་ལ། གཞན་ཡང་རྒྱལ་བསྟན་ཡང་དར་གྱི་དུས་སུ་སྐུ་འཁྲུངས་པའི་མཆོག་སྤྲུལ་སྐུ་གཞོན་རྣམས་ཀྱི་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཇི་ལྟར་རྒྱས་པའི་ཚུལ་འབྱུང་འགྱུར་གྱི་དུས་སུ་གཟོད་ངེས་ཕྱིར་འདིར་བཀོད་པ་རྔོ་མ་ཐོགས་ཤིང་། དེ་ལས་གཞན་པའི་སྤྲུལ་རབས་འགའ་ཞིག་གི་རྣམ་ཐར་ཡང་ལག་སོན་མ་བྱུང་བས་མཚན་ཙམ་ལས་བཀོད་ཐབས་བྲལ་བའི་ཚུལ་ཀྱང་མཁྱེན་པར་འཚལ་ལོ། །སྐབས་བཅུ་བཞི་པར་བཤད་སྒྲུབ་བསྟན་པའི་སྲོག་འཛིན་མཁན་རབས་ནོར་བུའི་ཕྲེང་བ་ཚར་དུ་དངར་བ་དག་གི་རྣམ་ཐར་བཤད་པ་སྟེ། མཁན་རབས་དང་པོ་སེང་ཕྲུག་པདྨ་བཀྲ་ཤིས་ནས་མཁན་ཆེན་ཚེ་རིང་ཆོས་འབྱོར་བར་མཁན་རབས་སོ་གསུམ་གྱི་རྣམ་ཐར་མཐར་ཆགས་སུ་རྒྱས་པར་བཀོད། སྐབས་བཅོ་ལྔ་པར་སློབ་བརྒྱུད་དམ་པའི་སྐྱེས་ཆེན་མཁས་བཙུན་གྲུབ་པའི་དབང་ཕྱུག་དག་ཇི་ལྟར་བྱོན་ཚུལ་བསྟན་པ་སྟེ། གྲུབ་དབང་པདྨ་རིག་འཛིན་གྱི་ཐུགས་ཟིན་སློབ་བུ་ཉི་ཟླ་སྐར་གསུམ་ནས་དེང་སང་ལ་མ་ཐུག་གི་བར་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་ཞལ་སློབ་ཏུ་གྱུར་པ་མཁས་བཙུན་གྲུབ་པའི་དབང་ཕྱུག་ཡོངས་གྲགས་ཀྱི་སྐྱེས་ཆེན་ཚད་མར་གྱུར་པ་དག་གི་རྣམ་ཐར་ཅི་འབྱོར་བཀོད་ཅིང་། ཐེངས་འདིར་རྣམ་ཐར་མ་འབྱོར་བ་དང་མཚན་ཙམ་ཡང་མ་འཁོད་པའི་གྲུབ་དབང་ཡབ་སྲས་ཀྱི་སློབ་བརྒྱུད་གནའ་དེང་གི་སྐྱེས་ཆེན་གྲངས་ཀྱིས་མི་ལངས་པ་བྱོན་ཡོད་པ་སྨོས་མ་དགོས་ཕྱིར་འདི་ཙམ་དུ་ཁ་ཚོན་གཅོད་པ་མ་ཡིན་ལ། འདི་དག་གི་གོ་རིམ་ཡང་འོལ་སྤྱི་ཙམ་དུ་བྱོན་སྔ་ཕྱི་དང་བླ་སློབ་ཀྱི་འབྲེལ་བ་སྐུ་འདས་བཞུགས་ཀྱི་ཁྱད་པར་ཙམ་གཙོ་བོར་བྱས་ཏེ་གང་བབ་བབ་ཏུ་བཀོད་པ་ལས་ཁྲི་ཐོབ་དང་གདན་ཐོབ་སོགས་ཀྱི་དཔྱད་པ་གཙིགས་སུ་བཟུང་བ་མ་བྱས། སྐབས་བཅུ་དྲུག་པར་སྔ་འགྱུར་གདན་ས་ཆེན་མོ་དྲུག་གི་གཏམ་རགས་ཙམ་བརྗོད་པ་སྟེ། འདི་དག་གི་གོ་རིམ་ཡང་སྟོད་ན་རྡོར་སྨིན་དཔལ་གསུམ་དང་། སྨད་ན་ཀཿདཔལ་རྫོགས་གསུམ་ཞེས་བརྗོད་བདེའི་ཞལ་རྒྱུན་ཡོངས་ལ་གྲགས་པ་ལྟར་བྱས་ཤིང་གྲུབ་དབང་རྫོགས་ཆེན་པའི་ལོ་རྒྱུས་རྒྱས་པ་ལུས་ཀྱི་སྐབས་སུ་སོང་ཟིན་པས་ཡང་དུ་བཟློས་པ་མ་བྱས་པ་བཅས་སོ། །དེ་ལྟར་སྐབས་སམ་སརྒ་ཆེན་མོ་བཅུ་དྲུག་གིས་ཆིངས་སུ་བཅིངས་པའི་སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་རེ་ཞིག་མཇུག་ཡོངས་སུ་རྫོགས་པ་ཡིན་ལ། སླད་ཆར་ལྷག་བསམ་མཁྱེན་ཡོན་གཉིས་ལྡན་གྱི་མཁས་པའི་དབང་པོ་དག་གིས་མ་ཚང་ཁ་སྐོང་དང་ནོར་བ་དག་བཅོས་ཀྱི་དགོངས་འཆར་འཁྲུལ་བྲལ་ལྷུག་སྩོལ་ཡོད་པའི་གསོལ་འདེབས་དང་། མ་བརྟག་གཡམ་རྒྱུག་མཁན་དག་གིས་གང་བྱུང་དུ་བཅོས་སྒྱུར་དང་ཚན་བཤུས་དཔེ་གཅོད་སོགས་མི་བྱེད་པའི་རེ་བསྐུལ་ཡང་ཞུ་བ་ལགས་སོ། །

སྤྱི་ལོ་༢༠༠༤ཟླ་༥བའི་ཚེས་༩ཉིན་བསྟན་འཛིན་ལུང་རྟོགས་ཉི་མས་པེ་ཅིན་དུ་བྲིས། །

མཆོད་པར་བརྗོད་པ།

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

གཞི་དབྱིངས་དག་པ་སྟོང་པ་ཆེན་པོའི་གནས་ལུགས་མཐའ་བཞིའི་སྤྲོས་ཀུན་ཉེར་ཞི་མཆོག་ཏུ་མི་འགྱུར་ཆོ༵ས་ཀྱི་སྐུ། །

འོད་གསལ་ལྷུན་གྲུབ་སྒྱུ་འཕྲུལ་རོལ་མོ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་གང་ངེས་པ་ལྔ་ལྡན་ལོང༵ས་སྤྱོད་རྫོགས། །

ཀུན་སྣང་དག་ཆེན་མཚན་དཔེའི་རོལ་གར་བཟོ་དང་སྐྱེ་བ་མཆོག་གི་རྣམ་རོལ་སྣ་ཚོགས་སྤྲུ༵ལ་པའི་སྐུར་སྣང་བ། །

ཆོས་ལོངས་སྤྲུལ་གསུམ་སྐུ་གསུམ་སྟོན་པ་དགོ༵ངས་བརྒྱུ༵ད་རྒྱ༵ལ་བ༵་རྒྱ་མཚོའི་ཚོགས་ལ་འདུ་འབྲལ་མེད་པའི་བརྡའ་ཕྱག་འཚལ། །

ཤིན་ཏུ་རྨད་བྱུང་འབྲས་བུའི་ཐེག་པ་གསང་ཆེན་བཀའ་ཡི་བསྡུ་པོར་དབང་བསྐུར་གསང་བའི་བདག་པོ་བཛྲ་ཆོས། །

རྒྱལ་ཚབ་སེམས་དཔའ་རིགས་གསུམ་མགོན་པོ་དམ་པའི་རིགས་ཅན་དྲྭ་མ་ལྔ་དང་ལས་ཅན་ཆོས་བདག་རྒྱལ་པོ་ཛཿ། །

སྡེ་གསུམ་རྫོགས་ཆེན་བསྟན་པའི་ཤིང་རྟ་དགའ་རབ་འཇམ་དཔལ་དྲི་མེད་བཤེས་གཉེན་ཤྲཱི་སེང་ཛྙ་ན་སཱུ་ཏྲ་སོགས། །

བརྡ༵འ་བརྒྱུ༵ད་རི༵ག་འཛི༵ན་མི་དང་མི་མིན་ལྷ་ཀླུ་གནོད་སྦྱིན་སྲིན་པོའི་རིགས་ཅན་འབུམ་ཕྲག་ཚོམ་བུའི་ཚོགས་ལ་འདུད། །

ཚང་ལ་མ་ནོར་གསང་ཆེན་རྒྱུད་སྡེ་ཟབ་ལས་ཆེས་ཟབ་བཀའ་གཏེར་སྨིན་གྲོལ་རིམ་དགུ་ཐེག་པ་རྒྱ་མཚོའི་བཅུད། །

ཆེ་བ་དྲུག་ལྡན་རྨད་བྱུང་ཆོས་ཚུལ་སྙན་ནས་སྙན་བརྒྱུད་བཤད་དང་སྒྲུབ་པས་དུས་ཀྱི་མཐར་ཡང་མ་ཉམས་པར། །

འཛིན་སྐྱོང་སྤེལ་ལ་ཟླ་མེད་ཕྲིན་ལས་ཕྱོགས་ཀྱི་མཐར་ཁྱབ་གྲུབ་བརྙེས་རིག་འཛིན་སྙ༵ན་བརྒྱུ༵ད་བླ༵་མ༵འི་ཚོགས་ཀུན་ལ། །

དངོས་པོ་ཀུན་གྱིས་རབ་ཏུ་འདུད་དོ་དམིགས་པ་མེད་པའི་ཐུགས་རྗེས་དགོངས་ལ་བྱིན་རྒྱུད་རྟོགས་པའི་ཕ་ཕོགས་སྩོལ། །

རྨད་བྱུང་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་མཚན་དཔེའི་འོད་ཟེར་སྟོང་ཕྲག་འབར་བ་ལྷར་བཅས་འགྲོ་བའི་གཙུག་ན་མཐོ། །

རབ་འབྱམས་ཤེས་བྱའི་ཆོས་ཁམས་རྒྱ་མཚོར་གཟིགས་པ་སྒྲིབ་མེད་སྟོབས་བཅུའི་རྩལ་རྫོགས་མཁྱེན་གཉིས་ཡེ་ཤེས་ཕྱོགས་སུ་རྒྱས། །

སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ཀུན་ཁྱབ་ཉེར་བདུན་ཕྲིན་ལས་སྣང་བ་ཐེག་གསུམ་གདུལ་བྱའི་དཔལ་དུ་འཛུམ། །

བདེ་གཤེགས་སང༵ས་རྒྱ༵ས་ཆོས་ཀྱི་ཉི་མའི་ཞབས་སྐྱེས་རྡུལ་བྲལ་རྣམ་པར་དག་པར་མགོ་བོས་བཏུད་དེ་གུས་ཕྱག་འཚལ། །

བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་ཐོག་མཐའ་བར་དགེའི་རྒྱལ་གསུང་ལེགས་བཤད་མདོ་རྒྱུད་བསྟན་པ་ལུང་གི་མཛོད། །

ཆགས་བྲལ་འགོག་ལམ་སྡུག་ཀུན་ཉེར་ཞི་སྒྲིབ་ཚོགས་དྲི་མ་ནམ་ཡང་མི་མཛའ་བསླབ་གསུམ་བསྟན་པ་རྟོགས་པའི་ཆོས། །

སྲིད་དང་ཞི་བའི་གདུང་བ་ཀུན་སེལ་ལུང་རྟོགས་ཆོས་ཚུལ་ཕན་བདེའི་དཔལ་གྱུར་མ་ལུས་ཡོན་ཏན་རྒྱ་མཚོའི་གཏེར། །

སྐྱོབས་པ་མཚུངས་མེད་ད༵མ་ཆོ༵ས་རིན་ཆེན་དང་བའི་བློ་ཡིས་སྐྱབས་སུ་བསྟེན་ནོ་སྐུ་བཞིའི་རྒྱལ་སར་དབུགས་དབྱུང་མཛོད། །

ཉེས་ལྟུང་འཆལ་བའི་དྲི་མས་མ་གོས་རྣམ་དག་བསླབ་གསུམ་གསེར་གྱི་ས་གཞིར་གཟུངས་དང་སྤོབས་པའི་ཏིང་འཛིན་བརྟན། །

རིག་དང་གྲོལ་བའི་ཡོན་ཏན་བརྒྱད་ལྡན་ཚོགས་གཉིས་དཔལ་གྱིས་མངོན་པར་མཐོ་གང་ལེགས་བྱས་བསོད་ནམས་ཞིང་སར་བརྗིད། །

ཐར་དང་རྣམ་མཁྱེན་ཞི་བའི་དེད་དཔོན་འདྲེན་པ་ཟླ་མེད་ཚོགས་ཀྱི་མཆོག་གྱུར་འཕགས་པའི་གང་ཟག་དགེ༵་འདུ༵ན་སྡེ། །

བྱང་ཆུབ་བར་དུ་སྐྱབས་ཀྱི་དྭངས་མར་མི་ཕྱེད་དད་པས་མངོན་པར་འདུད་དོ་འདི་ཕྱིར་དགེ་བའི་དཔལ་སྩོལ་ཅིག །

མཚན་དཔེའི་ལང་ཚོ་འདབ་མ་རབ་རྒྱས་མཐོང་ན་མི་མཐུན་མེད་པའི་སྐུ༵། །

ཡན་ལག་དྲུག་ཅུའི་ཚངས་པའི་དབྱངས་རྫོགས་ཐོས་གྲོལ་ཞི་བསིལ་བདུད་རྩིའི་གསུ༵ང་། །

མཐའ་དག་ཤེས་བྱའི་དེ་ཉིད་མངོན་གཟིགས་མཁྱེན་གཉིས་དཀྱིལ་འཁོར་རྒྱས་པའི་ཐུག༵ས། །

བདེ་གཤེགས་སྟོན་པ་ལྷ་ཡི་ལྷར་གྱུར་མཉམ་མེད་ཤཱཀྱ་སེང་གེས་སྐྱོངས། །

རྒྱལ་ཀུན་དབྱིངས་རིག་མཁྱེན་གཏེར་ཡེ་ཤེས་བཅུ་དྲུག་ལང་ཚོའི་འཇོ་སྒེག་ཅན། །

སྔོ་སངས་རལ་གྲིའི་འཕྲུལ་འཁོར་རྩེ་ན་ཤེས་རབ་མེ་དཔུང་དབལ་ཚ་བས། །

ཀུན་རྨོངས་སྙིང་གི་མུན་པ་འཇོམས་ལ་གཅིག་ཏུ་དཔའ་བ་ལྷག་པའི་ལྷ། །

འཇམ་དཔལ་དབྱངས་ཁྱེད་ཡུད་ཙམ་དགོངས་ལ་གཟུངས་སྤོབས་བློ་གྲོས་སྣང་བ་སྩོལ། །

བདེ་ལྡན་ཞིང་གི་འོད་མཚན་མགོན་པོའི་དབང་མདོག་ཐུགས་ཀའི་ཧྲཱི་ཡིག་དམར། །

ངོ་མཚར་ལྷོ་ནུབ་སིནྡྷུའི་དྭངས་མཚོར་མ་ཆགས་པདྨའི་རྩེར་སྨིན་པ། །

རྒྱལ་ཀུན་གསང་གསུམ་ཕྲིན་ལས་ནུས་བྱིན་མ་ལུས་གཅིག་ཏུ་བསྡུས་པའི་སྐུ། །

བསིལ་ལྡན་འགྲོ་ལ་བཀའ་དྲིན་མཚུངས་མེད་ཨོ་རྒྱན་སངས་རྒྱས་གཉིས་པ་རྒྱལ། །

གང་གི་མཁྱེན་དཔྱོད་བློ་གྲོས་ཡངས་པར་མ་ཆུབ་ཤེས་བྱའི་དངོས་པོ་འགའ། །

ཅི་ཡང་སྲིད་མིན་སྟོང་དང་རྟེན་འབྱུང་བདེན་གཉིས་ཆོས་ཀྱི་དེ་ཉིད་གཟིགས། །

ཐེག་མཆོག་དབུ་སེམས་ཚུལ་གཉིས་ཟུང་འཇུག་སྔར་མེད་གྲུབ་མཐའི་སྲོལ་ཕྱེས་ཤིང་། །

འདུལ་བསྟན་ཉི་མ་ལྗོངས་འདིར་འདྲེན་མཛད་མཁན་ཆེན་བྱང་ཆུབ་སེམས་དཔར་འདུད། །

ཐུགས་བསྐྱེད་སྨོན་པའི་དམ་བཅའ་མ་ཉམས་ཆོས་སྲིད་འཕྲུལ་གྱི་ཞགས་པ་ཡིས། །

སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་བྱས་ངོ་མཚར་བཀའ་རྟགས་གྲགས་སྙན་དབྱངས། །

སྔར་མེད་གངས་རིའི་རྣ་ཆར་བྱིན་པའི་མཛད་རྗེས་ཉི་ཟླའི་གཟུགས་བཞིན་དུ། །

མངོན་པར་འཕགས་པའི་ལྷ་གཅིག་བཙད་པོ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་བསྟོད། །

མདོ་རྒྱུད་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཕྱི་ནང་གཙུག་ལག་རིག་པའི་གཞུང་། །

ཚང་ལ་མ་ནོར་བསྒྱུར་ཞུས་གཏན་ཕབ་ཉན་བཤད་སྒྲུབ་པའི་སྲོལ་བཟང་གིས། །

བྱང་ཕྱོགས་མཐའ་འཁོབ་མུན་པའི་གླིང་འདིར་ཆོས་རིག་སྣང་བ་གསལ་མཛད་པ། །

བཱི་མ་བཻ་རོ་སྐ་ཅོག་གནུབས་གཉགས་སྔ་འགྱུར་ལོ་པཎ་ཚོགས་ལ་འདུད། །

རྣམ་མང་མཁས་གྲུབ་སྟོང་ཕྲག་རྒྱུ་སྐར་ཕྱོགས་སུ་དཀྲིགས་པའི་ཚལ་དབུས་ན། །

ཀུན་གཟིགས་མཁྱེན་པའི་ཡེ་ཤེས་དཀྱིལ་འཁོར་ལུང་དང་རིགས་པའི་འོད་སྟོང་འབར། །

རྒྱལ་བསྟན་སྤྱི་དང་སྔ་འགྱུར་རིང་ལུགས་ཉིན་མོའི་སྣང་བར་བཀོད་པའི་མགོན། །

རོང་ཀློང་ཞེས་གྲགས་ཉི་ཟླ་ཟུང་གཅིག་བདེ་ཆེན་འཁོར་ལོའི་རྒྱན་དུ་བསྟེན། །

གྲུ་འཛིན་མགོན་པོའི་ཐུགས་རྗེའི་སྒྱུ་འཕྲུལ་ངུར་སྨྲིག་འཛིན་པའི་སྐུར་བཞེངས་པ། །

རྨད་བྱུང་ཕྲིན་ལས་ཟེགས་མ་རེ་རེས་བསྟན་འགྲོའིི་དགེ་མཚན་བཞད་པའི་གཉེན། །

མ་ལུས་ཕན་བདེའི་དེད་དཔོན་མཆོག་གཅིག་གངས་ལྗོངས་འགྲོ་བ་སྐྱོབས་པའི་མགོན། །

མཚུངས་མེད་བླ་མ་བཛྲ་དྷ་རའི་ཞབས་པད་ཚངས་གནས་རྒྱན་དུ་མཆོད། །

གང་མཚན་བདུད་རྩིའི་ཟེགས་མ་ཕྲ་མོ་ལུས་ཅན་རྣ་བའི་དཔྱིད་དཔལ་དུ། །

མངོན་པར་སོན་པས་ངན་འགྲོའི་གཡང་ལས་ཀུན་ཏུ་སྒྲོལ་བའི་ཐུགས་རྗེའི་ཤུགས། །

རྨད་བྱུང་མཐུ་གྲུབ་བདེ་གཤེགས་མི་གཡོ་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན། །

རྫོགས་ཆེན་བསྟན་པའི་ཤིང་རྟར་བྱོན་པ་གྲུབ་དབང་པདྨ་རིག་འཛིན་རྒྱལ། །

གང་གི་གསང་གསུམ་སྒྱུ་འཕྲུལ་རོལ་མོ་མཁས་བཙུན་བཟང་པོའི་རྣམ་ཐར་གྱི། །

སྙན་པའི་བ་དན་ཕྱོགས་སུ་གཡོ་ཞིང་བཤད་སྒྲུབ་ལས་ཀྱི་འཁོར་ལོ་ཡི། །

འཕྲིན་ལས་སྣང་བས་ས་འདི་ཁྱབ་མཛད་རིམ་བྱོན་སྐྱེས་རབས་ཡིད་བཞིན་དབང་། །

སྔ་འགྱུར་བསྟན་པའི་གཙུག་ན་མངོན་མཐོ་ཡབ་སྲས་བརྒྱུད་པ་བཅས་པས་སྐྱོངས། །

རླབས་ཆེན་སྨོན་པའི་ཐུགས་བསྐྱེད་ལྷུན་རྫོགས་དཔག་ཡས་མཛད་བཟང་མན་ཤེལ་འོད། །

བཤད་དང་སྒྲུབ་པའི་སྲོག་ཏུ་སྨིན་པའི་གསང་གསུམ་འཕྲིན་ལས་ཕྱོགས་སུ་འཛུམ། །

ཡབ་རྗེའི་རིང་ལུགས་རྣམ་དག་བསྟན་པ་དུས་མཐར་མི་ཉམས་སྤེལ་བའི་གཙོ། །

ཁྱབ་བདག་བླ་མ་པདྨའི་མཚན་འཆང་འཁོར་ལོའི་མགོན་པོ་གང་དེར་འདུད། །

སྟོང་གསལ་ཟུང་འཇུག་འདུས་མ་བྱས་དབྱིངས་མཆོག་ཏུ་མི་འགྱུར་གཉུག་མའི་ཁམས། །

ཟབ་ཞི་རྡུལ་བྲལ་རིག་སྟོང་སྙིང་པོ་འོད་གསལ་སེམས་ཀྱི་གསང་བའི་གནད། །

མངོན་སུམ་ངོ་སྤྲོད་དཔལ་ལྡན་བླ་མ་ཉམས་རྟོགས་ཡོན་ཏན་རྒྱ་མཚོའི་གཏེར། །

བདག་གི་འདྲེན་མཆོག་མ་ཏི་ས་རས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག །

གཞན་ཡང་མཆོད་འོས་བླ་ན་མེད་པ་ལུང་དང་རྟོགས་པའི་ཡོན་ཏན་གྱིས། །

མངོན་པར་ཕྱུག་ཅིང་མཁས་བཙུན་བཟང་གསུམ་དམ་པའི་རྣམ་ཐར་རྨད་བྱུང་བ། །

སྙིགས་དུས་བསྟན་དང་འགྲོ་བའི་དཔལ་གྱུར་ཡོངས་འཛིན་དགེ་བའི་བཤེས་གཉེན་ཚོགས། །

རིགས་ཀྱི་ཅོད་པན་རྒྱན་དུ་བསྙེན་ཀུན་བཀའ་དྲིན་དྲན་བཞིན་དད་ཕྱག་བརྩེགས། །

འདི་ན་སྐྱེས་སྦྱངས་བློ་གྲོས་ཤིན་ཏུ་ཉག་ཕྲ་དར་གྱི་སྐུད་པའི་རྗེས་འགྲོ་བས། །

མཁས་པ་དགྱེས་པའི་ལེགས་བཤད་དགའ་སྟོན་ཅི་དགར་སྤེལ་བའི་མཐུ་ཞན་མོད། །

དྲང་པོའི་རྣམ་དཔྱོད་འཁྱོག་ལ་མ་དྲངས་སྔོན་བྱུང་ལོ་རྒྱུས་རི་མོའི་གཟུགས། །

མངོན་གྱུར་ཡི་གེའི་རིས་སུ་བཀོད་པ་གཟུར་གནས་དགའ་བའི་སྐྱེས་སུ་འབུལ། །

རྨད་བྱུང་མཛད་རྗེས་གྲགས་པ་དཀར་པོ་ཕྱོགས་སུ་གཡོ་བའི་ངོ་མཚར་གཏམ། །

སྙན་པའི་རོལ་མོ་དབྱངས་སུ་འགུགས་མཁས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི། །

ཆོས་སྲིད་མངའ་ཐང་ཟླུམ་པོའི་གསེར་འཁོར་འཛམ་གླིང་གོ་ལའི་ཁྱོན་ཀུན་ཏུ། །

བསྒྱུར་བའི་འདས་དོན་ལོ་རྒྱུས་རིང་མོ་སྔར་མེད་བྱུང་བ་བརྗོད་ལ་སྤྲོ། །

ཞེས་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པ་དང་དངོས་པོ་ངེས་པར་བསྟན་པའི་ཚིགས་སུ་བཅད་པའི་མེ་ཏོག་གི་ཕྲེང་བ་ཚར་དུ་དངར་བས་རྩོམ་པ་ལ་འཇུག་པའི་སྒོ་ཡངས་པོར་ཕྱེས་ཏེ་གང་ཞིག་གླེང་བར་བྱ་བ་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ལ། སྟོན་པ་འཇིག་རྟེན་དུ་བྱོན་ནས་དམ་ཆོས་ཇི་ལྟར་དར་ཚུལ་བཤད་པའི་ཚོམས་དང་། བསིལ་ལྡན་ཁ་བའི་ལྗོངས་སུ་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱོན་ཚུལ་བསྟན་པའི་རབ་བྱེད། སྔ་འགྱུར་བསྟན་པའི་ཉི་མ་གྲུབ་དབང་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་ཀྱི་བྱུང་བ་དངོས་བརྗོད་པའི་སརྒ། ཞར་བྱུང་དུ་གསང་ཆེན་རྙིང་མ་པའི་གདན་ས་ཆེན་མོ་དྲུག་ཏུ་གྲགས་པའི་གཏམ་རགས་ཙམ་བརྗོད་པ་སྟེ་དུམ་བུ་བཞི་ལས།

སྟོན་པ་འཇིག་རྟེན་དུ་བྱོན་ནས་དམ་ཆོས་ཇི་ལྟར་དར་ཚུལ་བཤད་པའི་ཚོམས།

དང་པོ། སྟོན་པ་འཇིག་རྟེན་དུ་བྱོན་ནས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་བཤད་པ།

གཅིག སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་སྤྱིར་བསྟན་པ།

དང་པོ་སྟོན་པ་འཇིག་རྟེན་དུ་བྱོན་ཏེ་དམ་པའི་ཆོས་དར་ཚུལ་བཤད་པ་ལ། སྟོན་པ་འཇིག་རྟེན་དུ་བྱོན་ནས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་བཤད་པ་དང་། རྗེས་འཇུག་འཕགས་པའི་གང་ཟག་རྣམས་ཀྱིས་བཀའ་བསྡུ་འཆད་སྤེལ་གྱིས་རིམ་པར་བསྐྱངས་ཚུལ་བསྙད་པ། གསང་ཆེན་རྡོ་རྗེ་ཐེག་པ་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་བྱེ་བྲག་ཏུ་བརྗོད་པ་སྟེ་གསུམ་ལས།

དང་པོ་ལ་སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་སྤྱིར་བསྟན་པ་དང་། མཛད་པ་བཅུ་གཉིས་བསྟན་ཚུལ་བྱེ་བྲག་ཏུ་བཤད་པ་སྟེ་གཉིས་ལས། དང་པོ་ནི། དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་འགྲོ་བ་ལྷ་དང་བཅས་པའི་སྐྱབས་དང་། མགོན་དང་། དཔུང་གཉེན་གཅིག་པུར་གྱུར་པ། བསྐལ་པ་བཟང་པོའི་རྣམ་འདྲེན་སྟོབས་བཅུ་མངའ་བ་སྟོང་རྩའི་དབུས་ན་སྙིགས་མའི་གདུལ་བྱ་འདུལ་བ་ལ་སྨོན་ལམ་ཆེན་པོ་ལྔ་བརྒྱའི་ཐུགས་དམ་བཅས་པ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་པདྨ་དཀར་པོ་ལྟར་ཡོངས་སུ་བསྔགས་པའི་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོ་གང་ཉིད་ནི། ངེས་པའི་དོན་དུ་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་རང་དོན་སྤངས་དང་རྟོགས་པའི་ཡོན་ཏན་མཐའ་རུ་ཕྱིན་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པའི་ཐབས་ལ་མཁས་པའི་རྣམ་རོལ་ཚད་མེད་པས་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་དུས་གསུམ་རྟག་ཁྱབ་ལྷུན་གྲུབ་ཏུ་གང་འདུལ་འགྲོ་བའི་དོན་མཛད་པ་སྟེ། མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུ་དག་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་གོང་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་དང་། ཡབ་སྲས་མཇལ་བའི་མདོ་ལས། སྔོན་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་པ་དེར། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་དེ་མྱ་ངན་ལས་འདས་ནས། སླར་ཡང་དེའི་འོག་ཏུ་སངས་རྒྱས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་བསྐལ་པ་འདིའི་བར་དུ་བསྟན་ཅིང་། ད་དུང་སོ་སོའི་སྐྱེ་བོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་སངས་རྒྱས་པའི་ཚུལ་འཁོར་བ་མ་སྟོང་གི་བར་དུ་སྟོན་པར་མཛད་དོ། །ཞེས་དང་། སེམས་ཅན་རྣམས་ལ་ཐུགས་བརྩེ་ཞིང་། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །དཔའ་བོ་ཆེན་པོའི་རྣམ་པར་འཕྲུལ། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོག་པའི་འདུ་ཤེས་བསལ། །ཞེས་དང་། དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངེས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་དང་། མདོ་སྡེ་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་ཀུན་སྟོན་པ། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་དང་། གསང་བ་ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྔ་རོལ་སངས་རྒྱས་པ། །རྡོ་རྗེ་འཛིན་རྒྱལ་གསང་བ་ཆེ། །བསམ་ཡས་ཞིང་དུ་རྣམ་པར་རོལ། །གྲངས་མེད་སྔ་ཕྱིའི་དུས་ཀུན་ཏུ། །ཞི་དང་ཁྲོ་ཚུལ་དཔག་མེད་ཅིང་། །རྔོན་དང་སྨད་འཚོང་ལ་སོགས་གཟུགས། །སྣ་ཚོགས་ཚུལ་གྱིས་དོན་མཛད་ཀྱང་། །ད་དུང་བསྐལ་པ་བཟང་པོ་འདིར། །འདྲེན་པ་སྟོང་དུ་སྒྱུར་མཛད་ཅིང་། །དེ་བཞིན་སྣ་ཚོགས་ཚུལ་འཆར་ཞིང་། །དཔག་མེད་འགྲོ་བའི་དོན་མཛད་དོ། །ཞེས་པ་ལྟར་གདུལ་བར་བྱ་བའི་སྐྱེ་བོ་སྣ་ཚོགས་པའི་ཁམས་དང་། དབང་པོ། སྐལ་བ་དང་འཚམས་པར། བཟོ་དང་། སྐྱེ་བ། མཆོག་གི་སྤྲུལ་སྐུའི་རྣམ་རོལ་ཚད་མེད་པ་བསམ་གྱིས་མི་ཁྱབ་པར་སྣང་བ་ལས། རེ་ཞིག་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས་ཀྱི་སྣང་ངོར་ཇི་ལྟར་བྱོན་པའི་ཚུལ་ལ་གྲུབ་མཐའི་བྱེ་བྲག་གིས་བཞེད་པ་མི་མཚུངས་པ་མང་དུ་སྣང་བ་ལས། དང་པོ་ཉན་ཐོས་ཐེག་པའི་ལུགས་ལྟར་ན། བདག་ཅག་གི་སྟོན་པ་འདི་བསྐལ་པ་གྲངས་མེད་གསུམ་འདས་པའི་སྔོན་རོལ་དུ་ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་བསགས་ཤིང་། རྒྱལ་བུ་དོན་གྲུབ་སྲིད་པ་ཐ་མ་པའི་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་ཞིག་གིས་རྡོ་རྗེ་གདན་དུ་ཚོགས་ལམ་ཆེན་པོའི་རྟེན་དེ་ཉིད་ལ་སྦྱོར་མཐོང་སྒོམ་པ་མི་སློབ་པ་བཅས་ལམ་ལྔ་སྟན་ཐོག་གཅིག་ཏུ་བགྲོད་ནས་སངས་རྒྱས་པར་འདོད་དེ། འདུལ་བ་ལུང་ལས། འདྲེན་པ་ཡུལ་འཁོར་སྐྱོང་ནས་ནི། །སངས་རྒྱས་རྣམ་གཟིགས་བར་དག་ཏུ། །ལྔ་ཁྲི་ལྔ་སྟོང་ཚང་པ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །དྲུག་ཁྲི་དྲུག་སྟོང་ཚང་པ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །སངས་རྒྱས་མར་མེ་མཛད་ནས་ནི། །རིན་ཆེན་གཙུག་ཏོར་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་པ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་པ་དང་། མཛོད་ལས། རྣམ་གཟིགས་མར་མེ་གཙུག་ཏོར་ཅན། །གྲངས་མེད་གསུམ་གྱི་མཐའ་རུ་བྱུང་། །གོ་རིམ་དེ་ལས་བཟློག་པ་སྟེ། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་གྲངས་མེད་དང་པོ་ལ་སངས་རྒྱས་ཤཱཀྱ་ཐུབ་ཆེན་ནས་རིན་ཆེན་གཙུག་ཏོར་ཅན་གྱི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་བསྙེན་བཀུར་བ་དང་། དེ་ནས་མར་མེ་མཛད་ཡན་གྱི་སངས་རྒྱས་བདུན་ཁྲི་དྲུག་སྟོང་བསྙེན་བཀུར་ནས་གཉིས་པ་དང། དེ་ནས་རྣམ་གཟིགས་ཡན་གྱི་སངས་རྒྱས་བདུན་ཁྲི་བདུན་སྟོང་བསྙེན་བཀུར་ནས་གསུམ་པ་སྟེ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང། དེ་ནས་སངས་རྒྱས་སྐར་རྒྱལ་ལ་ཚིགས་བཅད་གཅིག་གིས་ཞག་བདུན་བར་མ་ཆད་དུ་བསྟོད་པས་བསྐལ་པ་དགུའི་ཚོགས་འདུམས། དེ་ནས་བསྐལ་པ་འདི་ལ་སངས་རྒྱས་འོད་སྲུང་བསྙེན་བཀུར་བ་ཡན་ལ་བསྐལ་པ་དགུ་བཅུ་གོ་གཅིག་སྟེ་བསྐལ་ཆེན་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ནས་ལྷའི་བུ་དམ་པ་ཏོག་དཀར་པོར་གྱུར་ཅིང་དགའ་ལྡན་ནས་འཕོ་བ་སོགས་མཛད་པ་བཅུ་གཉིས་སྟོན་པར་བཞེད་ཅིང་། དེ་འདྲའི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་སོ་སོའི་སྐྱེ་བོ་ཡིན་པར་བཤད་པ་ཡང་། དེ་ཉིད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་སོ། །ཐེག་ཆེན་ཐུན་མོང་པའི་ལུགས་ལྟར་ན། མདོ་སྡེ་བསྐལ་བཟང་ལས། ང་ནི་སྔོན་ཚེ་དབུལ་པོར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་དག་གི་དབུལ་བ་བྱས་ནས་ནི། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་ཚེ་ཤཱཀྱ་ཐུབ་པ་ཆེན་པོ་ལ་འཇམ་ཐུག་ཡོལ་གོ་གང་ཕུལ་ནས་སེམས་བསྐྱེད་པ་དང་། དྲིན་ལན་བསབས་པའི་མདོ་ལས། དམྱལ་བའི་ལྕགས་བསྲེགས་ཀྱི་ས་གཞིར་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་ཚེ་ཟླ་བོ་སྟོབས་ཆུང་བ་ལ་བརྩེ་བ་སྐྱེས་ཏེ། དམྱལ་སྲུང་ཨ་ཝང་ལ་འདི་ལ་སྙིང་རྗེ་ཅུང་ཟད་བསྐྱེད་ཅིག་ཅེས་སྨྲས་པས་དེ་ཤིན་ཏུ་ཁྲོས་ནས་རྩེ་གསུམ་བསྣུན་ཏེ་ཚེའི་དུས་བྱས་པས་བསྐལ་པ་བརྒྱད་ཀྱི་སྡིག་པ་བྱང་ཞིང་ཐོག་མར་སེམས་བསྐྱེད། དེ་ནས་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་ས་བཅུའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དེ་འཛམ་བུ་གླིང་དུ་རྒྱལ་བུ་དོན་གྲུབ་ཏུ་སྐྱེ་བ་བཞེས་ནས་སངས་རྒྱས་པར་འདོད་དེ། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པ་ཆེན་པོས་ཚོགས་བསགས་ཤིང་། ཚེ་ལོ་བརྒྱ་པའི་ཚེ་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམས་ལ་གཟིགས་ཏེ་ཛམྦུའི་གླིང་འདི་ཉིད་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྐོར་ཏེ། ཞེས་གསུངས་སོ། །དེ་ལས་གཞན་ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཚད་མའི་བདག་ཉིད་ཅན་དེས་སྔོན་སློབ་པ་ལམ་གྱི་སྐབས་སུ་གོང་དུ་བཤད་པ་ལྟར་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་སྐྱེ་བ་བཞེས་ཚེ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ཏེ་སེམས་དང་པོ་བསྐྱེད་པ་དང་། རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་ཚེ་ཐུབ་པ་ཆེན་པོའི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཡང་དམྱལ་བའི་གནས་སུ་ཤིང་རྟ་འདྲེན་པའི་ཚེ་གྲོགས་ལ་ཤིན་ཏུ་བརྩེ་བ་སྐྱེས་ཏེ་སེམས་བསྐྱེད་པ་སོགས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་དེ་བཞིན་གཤེགས་པ་གངྒའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་ཏེ་རྫོགས་སྨིན་སྦྱང་པ་མཐའ་རུ་ཕྱིན་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ལྔ་ལྡན་ལོངས་སྐུའི་ངོ་བོར་སངས་རྒྱས། མཐར་སྐུ་དེ་ལས་མ་གཡོས་བཞིན་འཛམ་བུའི་གླིང་འདིར་མཆོག་གི་སྤྲུལ་སྐུའི་ཚུལ་དུ་ཞིང་འདིར་བྱོན་ཏེ་ཡང་སངས་རྒྱས་པའི་ཚུལ་གྱིས་མཛད་པ་བཅུ་གཉིས་བསྟན་པར་གསུངས་ཏེ། ཇི་སྐད་དུ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། གང་གིས་དཔལ་ལྡན་སྟུག་པོ་བཀོད་པར་དོན་དམ་ཐུགས་ཆུད་ཅིང་། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་པ། །འཆི་བདག་ལས་རྒྱལ་སྒྱུ་མ་མཐའ་ཡས་སྟོན་དེ་རྒྱལ་གྱུར་ཅིག ། ཞེས་དང་། ལང་ཀར་གཤེགས་པའི་མདོ་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། །འཚང་རྒྱ་འོག་མིན་གནས་མཆོག་ཏུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དེ། །དེ་དག་སྟུག་པོའི་ཞིང་གཤེགས་ནས། །སངས་རྒྱས་སྤྲུལ་བ་བྱེ་བ་ཡིས། །རྟག་ཏུ་རྣལ་འབྱོར་མཉམ་པར་བཞག །སྤྲུལ་པ་དག་དང་ཐབས་གཅིག་རོལ། །ཐམས་ཅད་ཞིང་དུ་ཟླ་བ་ལྟར། །གང་ལ་གང་གིས་དབང་སྒྱུར་བ། །དེ་ལ་དེར་སྟོན་འབྱུང་བ་སྟེ། །ཞེས་དང་། ལང་གཤེགས་ལས། གཙང་མའི་གནས་དག་རྣམ་སྤངས་པའི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་ཞིག་འདིར་འཚང་རྒྱ། །ཞེས་དང་། དཔལ་ལྡན་ཟླ་བས། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་པའི་ཕྱིར། །སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང་། །འོག་མིན་དུ་ནི་གང་གི་དོན་དུ་འབད་འགྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་པ་དེ་ནི་ཁྱོད་ཀྱིས་བརྙེས། །ཞེས་དང་། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོས་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་བཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། སྙིང་རྗེའི་དབང་དུ་གྱུར་པ་རྣམས། །གཤེགས་དང་བལྟམས་དང་རོལ་པ་དང་། ཁབ་ནས་འབྱུང་དང་དཀའ་སྤྱད་དང་། །བྱང་ཆུབ་ཆེད་དུ་བདུད་སྡེ་བཅོམ། །ཆོས་ཀྱི་འཁོར་ལོ་བསྐོར་པ་དང་། །ལྷ་རྣམས་ཀུན་ནས་བབས་པ་དང་། །དེ་བཞིན་དུ་ནི་མྱ་ངན་འདས། །འདས་པ་སྟོན་པའི་མཛད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །

གཉིས་པ། མཛད་པ་བཅུ་གཉིས་བསྟན་ཚུལ་བྱེ་བྲག་ཏུ་བཤད་པ།

༡ དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ།

གཉིས་པ་མཛད་པ་བཅུ་གཉིས་བསྟན་ཚུལ་བྱེ་བྲག་ཏུ་བཤད་པ་ལ། དང་པོ་དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། དེ་ཡང་བྲམ་ཟེའི་ཁྱེའུ་བླ་མ་ཚེ་འཕོས་ནས་དགའ་བ་བརྒྱ་ལྡན་ལྷའི་གནས་རིས་བཟང་པོར་སྐྱེ་བ་བཞེས་ཤིང་། རིན་པོ་ཆེའི་ཁང་བཟང་ཡིད་དུ་འོང་བར་རིས་མཐུན་ལྷའི་འཁོར་ཚོགས་ཀྱི་དབུས་སུ་ཆོས་ཀྱིས་མངོན་པར་མཐོ་བའི་ཁྲི་ཆེན་པོ་ལ་བཞུགས་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྣང་བར་མཛད་པའི་ཚེ། སྔོན་གྱི་སྨོན་ལམ་གྱི་བདེན་མཐུ་ཟབ་མོ་དུས་སུ་སྨིན་པ་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་སྟོབས་བསམ་མི་ཁྱབ་པས་ལྷའི་རོལ་མོའི་སྒྲ་ལས། བསོད་ནམས་རྒྱ་ཆེ་ཚོགས་མང་དྲན་རྟོགས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །སྐྱེས་མཆོག་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པས་ན། །ཐུགས་རྗེའི་རྒྱལ་མཚན་དག་ཏུ་ཆར་པ་ཕོབ། །ཅེས་པ་ནས། འདི་ནི་དུས་ལགས་བཏང་སྙོམས་མ་མཛད་ཅེས། །སྙིང་རྗེའི་ཡིད་དང་ལྡན་པས་བསྐུལ་བར་བྱེད། །ཅེས་སོགས་རང་བྱུང་དུ་གྲག་པའི་སྒྲས་དཔལ་ལྡན་འཛམ་བུ་པྲྀཀྵས་མཚན་པའི་གླིང་ཆེན་པོར་བྱོན་པའི་བསྐུལ་མ་མཛད་པ་གསན་ནས་ལྷ་རྣམས་ལ་གསུངས་པ། གྲོགས་པོ་དག་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་པོ་འདི་དག་ནི་རྒྱལ་སྲས་འཆི་འཕོ་བའི་ཚེ་བསྟན་པར་བྱའོ། །གྲོགས་པོ་དག་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ། །དྭངས་བ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་རྙོག་མ་ཅན་དྭངས་བར་འགྱུར་རོ་ཞེས་པ་ནས། དབང་བསྐུར་བའི་ས་ནི་ཆོས་སྣང་བའི་སྒོ་སྟེ། མངལ་དུ་འཇུག་པ་ནས་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་བར་དུ་འགྱུར་རོ། །ཞེས་པའི་བར་དུ་གསུངས་ནས། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སྐྱེས་བུ་སེང་གེ་འཆི་འཕོའི་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲས་པ་ནི། །གྲོགས་དག་བག་མེད་སྤྱོད་པ་སྤང་བར་གྱིས། །ཞེས་སོགས་གསུངས་པ་ན་ལྷ་རྣམས་མི་དགའ་བར་གྱུར་ཏེ། སྐྱེས་བུ་དམ་པ་ཁྱོད་ནི་མི་བཞུགས་ན། །དགའ་ལྡན་གནས་ནི་མཛེས་པར་མི་འགྱུར་རོ། །ཞེས་དང་། ད་ལྟ་མིའི་འཇིག་རྟེན་ན་སྡིག་པ་མི་དགེ་བས་གོས་ཤིང་སྐྱེ་བོ་རྣམས་རྒྱུད་མ་རུང་པར་གྱུར་ཅིང་། ཁྱད་པར་འཛམ་བུ་གླིང་དུ་འོད་སྲུང་རྫོགས་བྱེད་སོགས་ལོག་པར་སྨྲ་བའི་རྟོག་གེ་སྡེ་དྲུག་དང་། བྲམ་ཟེ་རྒྱུ་རྒྱལ་སོགས་རྗེས་སུ་སྒྲོགས་པ་དྲུག རིངས་བྱེད་ཀྱི་བུ་ལྷག་སྤྱོད་སོགས་སྙོམས་འཇུག་པ་དྲུག་བཅས་མུ་སྟེགས་སྟོན་པ་བཅོ་བརྒྱད་ཀྱིས་གཙེས་པས་མི་འབྱོན་པ་ལེགས་ཞེས་གསོལ་བ་ན། བྱང་ཆུབ་སེམས་དཔས་འཁོར་རྣམས་ལ་རོལ་མོ་ཐམས་ཅད་རྡུངས་ཤིག་ཅེས་ལྷའི་རོལ་མོ་ཐམས་ཅད་བརྡུང་དུ་བཅུག་ཅིང་རང་ཉིད་ཀྱིས་ཆོས་ཀྱི་དུང་འབུད་པར་མཛད། རོལ་མོ་འདི་རྣམས་ལས་སྒྲ་གང་ཆེ་བ་ཡིན་ཞེས་དྲིས་པར། འཁོར་རྣམས་ཀྱིས་དུང་གི་སྒྲ་ལྷག་གོ་ཞེས་གསོལ་བར། བཀའ་སྩལ་པ། དུང་གི་སྒྲ་རོལ་མོའི་སྒྲ་ཐམས་ཅད་དང་མི་འདྲེ་ཞིང་ཟིལ་གྱིས་གནོན་པ་བཞིན་དུ། དེ་དག་གི་ཆོས་དང་ང་མི་འདྲེ་ཞིང་ང་ཉིད་ཀྱིས་ཟིལ་གྱིས་མནན་པར་ནུས་སོ། །ཞེས་ཉིད་ཀྱི་ཅོད་པན་བྱམས་པའི་དབུ་ལ་བསྐོན་ཏེ་དེང་ཕྱིན་ཆད་མ་ཕམ་པས་ཆོས་སྟོན་པར་འགྱུར་ཞེས་རྒྱལ་ཚབ་ཏུ་བསྐོས་ཏེ་རིག་བྱེད་ལས་འབྱུང་བ་བཞིན་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་སྤྲུལ་ཏེ་གཤེགས་སོ། །

༢ ལྷུམས་སུ་ཞུགས་པའི་མཛད་པ།

ལྷུམས་སུ་ཞུགས་པའི་མཛད་པ་ནི། དེ་ནས་རིགས་ལ་གཟིགས་པ་མཆོག་ཏུ་བཙུན་པ་མང་པོས་བཀུར་པའི་རྒྱལ་རིགས་དང་། ཡུལ་ལ་གཟིགས་པ་ཛམྦུའི་གླིང་གི་ཡུལ་དབུས་ཀྱི་གྲོང་ཁྱེར་དམ་པ་སེར་སྐྱ། དུས་ལ་གཟིགས་པ་སྙིགས་མ་ལྔ་བདོ་བའི་དུས་སྐྱོ་ཤས་དང་ངེས་འབྱུང་ཆེ་བ་ཚེ་ལོ་བརྒྱ་པ་དང་། རྒྱུད་ལ་གཟིགས་པ་ཕ་མེས་ཀྱི་བདུན་རྒྱུད་བར་དུ་སྐྱོན་མེད་པ་དང་། ཡུམ་ལ་གཟིགས་པ་བུད་མེད་ཀྱི་སྐྱོན་ཀུན་སྤངས་ཤིང་ཡོན་ཏན་ཀུན་ཚང་བ་ལྷ་མོ་སྒྱུ་འཕྲུལ་མ་སྟེ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ནས། ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་ལ་བབ་པ་ཡུམ་སྒྱུ་འཕྲུལ་ཆེན་མོ་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པ་བླངས་ཤིང་གནས་པའི་ཚེ། བྱང་ཆུབ་སེམས་དཔའ་གླང་པོའི་ཕྲུ་གུ་དམ་པ་ཁ་བ་དང་ཀུ་མུ་དཱ་ལྟར་དཀར་པོའི་རྣམ་པས་གློ་གཡས་པ་ནས་ལྷུམས་སུ་ཞུགས་སོ། །སྒྱུ་འཕྲུལ་ལྷ་མོའི་རྨི་ལམ་དུའང་གླང་པོ་ཆེའི་མཆོག་གཅིག་ཡུམ་ཉིད་ཀྱི་གློ་གཡས་པའི་ཕྱོགས་ནས་ཞུགས་པར་རྨིས་ཤིང་། དེ་ནས་བཟུང་འདོད་པའི་གནས་ལ་ཡིད་གཡོ་བ་མེད་པར་བསླབ་པའི་གནས་ལྔ་ལ་རང་བཞིན་གྱིས་གནས་པ་བྱུང་། ཡབ་རྒྱལ་པོ་ཟས་གཙང་མའང་གསོ་སྦྱོང་ལ་གནས་ཤིང་རྒྱལ་པོའི་བྱ་བ་བཏང་ནས་ཆོས་ལ་རྟག་ཏུ་སྤྱོད་ཅིང་། རྒྱལ་སྲིད་ཀྱང་འཁྲུག་པ་དང་དགྲ་ཟླ་མེད་པར་བདེ་ཞིང་ལོ་ལེགས་པས་ཐམས་ཅད་དགའ་སྤྲོ་དང་ལྡན་པར་གྱུར་ཏོ། །

༣ སྐུ་བལྟམས་པའི་མཛད་པ།

སྐུ་བལྟམས་པའི་མཛད་པ་ནི། དེ་ལྟར་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་ནས་ལྷ་མོས་བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ་པ་ཤེས་ནས་རྒྱལ་པོ་ལ་གསོལ་པའི་ཚེ། ཡབ་རྒྱལ་པོས་ཀྱང་ཡུམ་གྱི་བསམ་པ་བཞིན་དུ་ལུམྦི་ནའི་ཚལ་གྱི་ཁོར་ཡུག་ཐམས་ཅད་ཡིད་དུ་འོང་བའི་རྒྱན་དུ་མས་བརྒྱན་པར་བྱས་ཏེ། རིན་པོ་ཆེ་བརྒྱ་ཕྲག་དུ་མའི་ཕྲེང་བ་དང་ལྷའི་གོས་རིན་ཐང་དང་བྲལ་བ་མང་པོས་ཀུན་ནས་མཛེས་པར་བྱས་པའི་ཤིང་རྟ་ལ་ལྷ་མོ་སྒྱུ་འཕྲུལ་མ་བཞུགས་ཤིང་། ཤཱཀྱའི་བུ་མོ་སྟོང་ཕྲག་དྲུག་ཁྲི་དང་། ཤཱཀྱའི་དཔུང་ཚོགས་ཡན་ལག་བཞི་དང་བཅས་པས་ཀྱང་ཡོངས་སུ་བསྐོར་ཏེ་ལུམྦི་ནའི་ཚལ་དུ་གཤེགས་སོ། །དེའི་ཚེ་འཇིག་རྟེན་སྐྱོང་བ་བཞི་དང་། ཚངས་པ་དང་དབང་པོ་སོགས་ཀྱང་ཕྱི་བཞིན་དུ་འབྲངས་ནས་མཆོད་ཅིང་། ལྷ་མིའི་གླུ་དབྱངས་དང་རོལ་མོའི་ཚོགས་ཀྱིས་མཆོད་པར་བྱེད་དོ། །ནགས་ཚལ་དེ་ན་སྔོན་གྱི་རྒྱལ་བ་རྣམས་ཀྱི་ཡུམ་གྱིས་ཀྱང་བསྟེན་པའི་ཤིང་པླཀྵ་ཞེས་བྱ་བ། ལོ་མ་དང་། མེ་ཏོག་དང་། འབྲས་བུས་བརྒྱན་པ་གཟིགས་ནས་དེའི་ཡལ་ག་ལ་ཡུམ་གྱི་ཕྱག་གཡས་པས་བཟུང་སྟེ་ཅུང་ཟད་བཞུགས་ཚེ་བྱང་ཆུབ་སེམས་དཔའ་གློ་གཡས་པ་ནས་འོད་དང་འོད་ཟེར་གྱི་ཕུང་པོ་རབ་ཏུ་དཀྲིགས་པ་དང་བཅས་ཏེ་གནོད་པ་མེད་པར་བདེ་བར་བལྟམས་སོ། །དེའི་ཚེ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་ཀཱ་ཤི་ཀའི་རས་མཆོག་དྲི་མ་མེད་པས་ལྕིབས་ཏེ་བླངས་ཀྱང་བཟུང་མ་ཐུབ་པར་ས་ལ་བབས། དེ་མ་ཐག་ཏུ་སའི་ལྷ་མོས་པདྨ་རྒྱས་པའི་ཞབས་གདན་ཕུལ་བ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་གཉིས་ཀྱིས་ནམ་མཁའ་ནས་དྭངས་ཤིང་བསིལ་བའི་སྤོས་ཆུས་ཁྲུས་བྱས། ས་ཆེན་པོའང་རྣམ་པ་དྲུག་ཏུ་གཡོས་ཤིང་འོད་ཀྱི་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར། བྱང་ཆུབ་སེམས་དཔས་དེ་མ་ཐག་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བར་མཛད་དེ། ཞལ་ནས་ཀྱང་འདི་སྐད་དུ། འདི་ནི་ཤར་ཕྱོགས་ཡིན་ཏེ་མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ། །འདི་ནི་ལྷོ་ཕྱོགས་ཡིན་ཏེ་འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་པའོ། །འདི་ནི་ནུབ་ཕྱོགས་ཡིན་ཏེ་ངའི་སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བྱང་ཕྱོགས་ཡིན་ཏེ་སྲིད་པའི་མཚོ་ལས་བརྒལ་བར་བྱའོ། །ཞེས་གསུངས་སོ། །དུས་དེར་རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོ་དང་། མཉན་ཡོད་དུ་གསལ་རྒྱལ། ཀཽ་ཤམྦིར་ཤར་པ། འཕགས་རྒྱལ་དུ་རབ་སྣང་རྣམས་བཙས་པས་འོད་དང་ཆོ་འཕྲུལ་རྣམས་ཀྱང་རང་རང་གི་མཐུས་ཡིན་པར་སེམས། །བཟང་ལྡན་ལ་སོགས་པ་ཤཱཀྱའི་བུ་ལྔ་བརྒྱ་དང་། གྲགས་འཛིན་མ་ལ་སོགས་ཤཱཀྱའི་བུ་མོ་ལྔ་བརྒྱ། འདུན་པ་ལ་སོགས་པའི་བྲན་ལྔ་བརྒྱ། འདུན་མ་སོགས་བྲན་མོ་ལྔ་བརྒྱ་རྣམས་དུས་གཅིག་ཏུ་བཙས་ཤིང་། གླང་མོ་ལྔ་བརྒྱ་ལ་ཕྲུ་གུ་དང་། རྒོད་མ་ལྔ་བརྒྱ་ལ་རྟ་མཆོག་བསྔགས་ལྡན་སོགས་རྟེའུ་ལྔ་བརྒྱ་ཡང་སྐྱེས། གླིང་དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེས་པ་དང་མེ་ཏོག་ཨུ་དུམ་ཝ་ར་བཞད། སྐྱེད་ཚལ་གཏེར་ཁ་ལྔ་བརྒྱ་སོགས་བྱུང་བས་བྱང་ཆུབ་སེམས་དཔའི་མཚན་ལ་རྒྱལ་པོ་ཟས་གཙང་མས་དོན་ཀུན་གྲུབ་པར་བཏགས་པ་དང་། ཤཱཀྱ་རྣམས་ཀྱིས་རིགས་ཀྱི་ལྷ་རུ་མཆོད་པ་གནོད་སྦྱིན་ཤཱཀྱ་འཕེལ་གྱིས་གཞོན་ནུའི་ཞབས་ལ་ཕྱག་བྱས་པས་ལྷའི་ལྷར་བཏགས། ཤཱཀྱ་གཟུ་ལུམ་ཅན་གཏུམ་པོ་དག་ཀྱང་སྤྱོད་ལམ་ཞི་དུལ་ལ་བཀོད་པས་ཤཱཀྱ་ཐུབ་པ་ཞེས་བཏགས་སོ། །བྱང་ཆུབ་སེམས་དཔའ་འཁྲུངས་ནས་ཞག་བདུན་ལོན་པ་ན་ཡུམ་ལྷ་མོ་ལྔ་བའི་ལམ་དུ་སོང་སྟེ་སུམ་ཅུ་རྩ་གསུམ་དུ་ལྷའི་རིགས་གྱ་ནོམ་པར་སྐྱེས། སྐྱེ་དགུའི་བདག་མོ་སོགས་མ་མ་སུམ་ཅུ་རྩ་གཉིས་ཀྱིས་གཞོན་ནུ་སྐྱེད་བསྲིངས་པར་མཛད་དོ། །དེའི་ཚེ་མངོན་ཤེས་ལྔ་དང་ལྡན་པའི་དྲང་སྲོང་ནག་པོ་ཞེས་པ་དེ་རང་གི་སྣག་གི་ཚ་བོ་མེས་བྱིན་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་ལ་བལྟ་བའི་ཕྱིར་རྫུ་འཕྲུལ་གྱིས་ནམ་མཁའ་ནས་འཕུར་ཏེ་འོངས་པ་ན་གྲོང་ཁྱེར་སེར་སྐྱ་དང་ཉེ་བའི་ཚེ་བྱང་ཆུབ་སེམས་དཔའི་མཐུས་རྫུ་འཕྲུལ་ཉམས་ཏེ་རྐང་པས་བགྲོད་དགོས་པ་བྱུང་། དེ་ཕོ་བྲང་དུ་ཕྱིན་ཏེ་སྐྱེས་བུ་ཆེན་པོར་མཆོག་ཏུ་རིགས་པར་བྱས་ཤིང་ལེགས་པར་བརྟགས་ནས་སྔོན་ཆད་མཚན་མཁན་རྣམས་ཀྱིས་གཞོན་ནུ་ཇི་ལྟར་ལུང་བསྟན་ཅེས་རིམ་གྲོ་བ་དག་ལ་དྲིས་པ་ན། འདི་ནི་གཉིས་སུ་འགྱུར་གྱིས་གཞན་དུ་མི་འགྱུར་རོ། །གལ་ཏེ་ཁྱིམ་ལ་གནས་ན་ནི་འཁོར་ལོའི་སྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་ནི་རྫོགས་པའི་སངས་རྒྱས་སུ་འགྱུར་བ་སོགས་རྒྱས་པར་མཚན་མཁན་རྣམས་ཀྱིས་ཇི་ལྟར་སྨྲས་པ་བཞིན་བཤད་པས། དྲང་སྲོང་ན་རེ། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་སུ་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །ཞེས་མངོན་པར་ཤེས་པས་ལུང་བསྟན་ཏོ། །

༤ བཟོ་ཡི་གནས་ལ་སྦྱངས་པའི་མཛད་པ།

བཟོ་ཡི་གནས་ལ་སྦྱངས་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཅུང་ཟད་ནར་སོན་པ་ན་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་ལྷན་གཅིག་ཏུ། སློབ་དཔོན་ཀུན་གྱི་བཤེས་གཉེན་དང་སྲིད་སྒྲུབ་ལས་ཡི་གེ་དང་རྩིས་ཀྱི་གནས་ལ་སྦྱང་པ་མཛད་ཚེ་བརྡ་བསྟན་པ་ཙམ་གྱིས་ཁོང་དུ་ཆུད་ཅིང་མཁྱེན་པས་རྒྱལ་ཁམས་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་ཅིང་། དེའི་ཚེ་སློབ་དཔོན་གྱིས། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་བསླབ་གྱུར་ཀྱང་། །

འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གེའི་གྲྭར་ནི་བྱོན་པར་གྱུར། །ཞེས་སོགས་ཀྱིས་བསྟོད་དོ། །དེ་བཞིན་དུ་ཉིད་ཀྱི་ཞང་པོ་བཟང་ལེན་ལས་གླང་པོའི་གཉར་ཞོན་པ་སོགས་དང་། ལྷར་བཅས་ལས་འཕོང་དང་མཚོན་ཆའི་འཕྲུལ་འཁོར་རྣམས་ལ་བསླབ་པར་མཛད་ཚེ་ཚེགས་ལ་མ་བལྟོས་པར་མཁྱེན་ཅིང་། ཤཱཀྱ་གཞོན་ནུ་གཞན་རྣམས་ཀྱིས་ནི་བརྩོན་པས་བསླབས་ཤིང་བྱང་བར་གྱུར་ཏོ། །རེ་ཞིག་ན་ཐམས་ཅད་སྒྱུ་རྩལ་འགྲན་པ་ལ་ཆས་པའི་ཚེ། ལྷས་བྱིན་གྱིས་གླང་པོའི་མཆོག་གཅིག་སྒོ་དྲུང་དུ་ཡོད་པ་ལ་ཐལ་མོས་བསྣུན་ཏེ་བསད་དོ། །གཞོན་ནུ་མཛེས་དགས་གླང་པོའི་རོ་དེའི་མཇུག་མ་ནས་བཟུང་སྟེ་གྲོང་ཁྱེར་ཕྱི་རོལ་དུ་འཕངས་སོ། །བྱང་ཆུབ་སེམས་དཔས་ཤིང་རྟ་ལ་བཞུགས་བཞིན་པའི་ཞབས་ཀྱི་མཐེ་བོས་བླངས་ཏེ་ར་བ་རིམ་པ་བདུན་དང་འོབས་རིམ་པ་བདུན་བརྒལ་བའི་ཕྱི་རོལ་རྒྱང་གྲགས་གཅིག་ཏུ་འཕངས་པས་ས་ཕྱོགས་དེ་ན་གཤོང་ཆེན་པོ་ཞིག་བྱུང་སྟེ་གླང་པོའི་གཤོང་ཞེས་བྱ་བར་གྲགས་སོ། །

དེ་ནས་མདའི་གཅོད་ཚད་འགྲན་པ་ལ་ཞུགས་པ་ན། ལྷས་བྱིན་གྱིས་ལྕགས་ཀྱི་ཕ་གུ་གཅིག་དང་། གཅུང་དགའ་བོས་གཉིས། བྱང་ཆུབ་སེམས་དཔས་ལྕགས་ཀྱི་ཕ་གུ་བདུན་དང་། ཤིང་ཏཱ་ལའི་ལྗོན་པ་བདུན། སླ་ང་བདུན་བརྩེགས་པ་ཐམས་ཅད་ལས་འདས་ཏེ་མདའ་ས་ལ་ཟུག་པའི་ཤུལ་དུ་ཆུ་བྱུང་བར་མདའ་ཆུ་ཁྲོན་པར་གྲགས། གཞན་ཡང་ཡི་གེ་དང་། རྩིས་དང་། མཆོངས་དང་། རྐྱལ་དང་། བང་དང་། སྟོབས་འགྱེད་པ་སོགས་སྒྱུ་རྩལ་འགྲན་པ་ཐམས་ཅད་དོ་ཟླ་མེད་པར་གྱུར་ཏེ་ལྷ་མི་ཀུན་ཀྱིས་བསྟོད་ཅིང་བསྔགས་པ་བརྗོད་དོ། །

༥ བཙུན་མོའི་འཁོར་དུ་དགྱེས་རོལ་གྱི་མཛད་པ།

བཙུན་མོའི་འཁོར་དུ་དགྱེས་རོལ་གྱི་མཛད་པ་ནི། དེའི་ཚེ་ཤཱཀྱ་རྒན་རབས་རྣམས་ཀྱིས་རྒྱལ་པོ་ལ། ལྟས་མཁན་དག་གིས་གཞོན་ནུ་འདིས་ཁབ་བཞེས་ན་འཁོར་ལོས་སྒྱུར་རྒྱལ་དུ་འགྱུར་རོ། །ཞེས་ལུང་བསྟན་ན་བཙུན་མོ་བླང་བར་རིགས་སོ་ཞེས་གསོལ། རྒྱལ་པོས་གཞོན་ནུའི་ཚུལ་དང་མཐུན་པའི་བུ་མོ་གང་ཡོད་ལྟོས་ཤིག་ཅེས་བཀའ་བསྩལ། ཤཱཀྱ་ལྔ་བརྒྱ་ཙམ་གྱིས་ངེད་ཀྱི་བུ་མོ་མཐུན་ནོ་ཞེས་ཟེར། རྒྱལ་པོས་གཞོན་ནུ་ཉིད་ལ་དྲིས་ཤིག་ཟེར་ནས་དྲིས་པའི་ཚེ། གཞོན་ནུའི་ཐུགས་དགོངས་ལ། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིགས། །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཇིགས་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་དང་བུད་མེད་ཚོགས་དང་མཛེས་མ་ཡིན། །ཞེས་འདོད་པའི་ཉེས་པ་མཐའ་ཡས་པ་ཇི་བཞིན་པ་མཁྱེན་ཞིང་གཟིགས་ཀྱང་རེ་ཞིག་ཐབས་ལ་མཁས་པ་མངོན་དུ་བྱ་བའི་ཕྱིར་བུད་མེད་ཀྱི་ཡོན་ཏན་ཡི་གེ་ལ་བྲིས་ཏེ་འདི་འདྲ་བ་བདག་ལ་མཛའ་ཞེས་པ་དང་། རྒྱལ་པོས་མདུན་ན་འདོན་ལ་ཁྱོད་སོང་ལ་གང་ན་ཡོན་ཏན་འདི་དག་ཡོད་པའི་བུ་མོ་ཁྲིད་ལ་ཤོག་ཅེས་སྨྲས་སོ། །དེ་ཡུལ་ཀུན་ཏུ་སོང་སོང་བས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་མཐོང་ནས་ཡི་གེ་དེ་བྱིན་པ་དང་དེའང་བཞིན་འཛུམ་སྟེ། བྲམ་ཟེ་ཡོན་ཏན་འདི་དག་བདག་ལ་ཀུན་ཚང་གིས། །དེས་པའི་གཟུགས་ཅན་དེ་ནི་བདག་གི་ཁྱིམ་ཐབ་འོས། །གལ་ཏེ་གཞོན་ནུས་བཞེས་ན་ཕྱི་བཤོལ་མ་མཛད་ཅིག །ཅེས་སྨྲས་སོ། །དེ་ཚུལ་མདུན་ན་འདོན་གྱིས་རྒྱལ་པོ་ལ་གསོལ་བས་རྒྱལ་པོས་བུད་མེད་རྣམས་རྫུན་ཆེ་བས་ཡིད་མི་ཆེས་ཏེ་ད་སྟེ་ཞག་བདུན་ཚུན་བུ་མོ་ཐམས་ཅད་ཕོ་བྲང་དུ་ཤོག་དང་གཞོན་ནུས་ཡིད་དུ་འོང་པའི་ཡོ་བྱད་དག་སྦྱིན་ནོ་ཞེས་ཕྱོགས་ཀུན་དྲིལ་དུ་བསྒྲག་པར་གྱིས་གསུངས། དེ་ནས་བུ་མོ་རྣམས་ཇི་ལྟར་འོངས་པ་བཞིན་ཡོ་བྱད་དག་བྱིན་ཞིང་དེ་དག་གིས་ཀྱང་གཟི་བརྗིད་མ་བཟོད་པར་མྱུར་དུ་སོང་ངོ་། །ས་འཚོ་མ་འོངས་པ་དང་ཡོ་བྱད་ཟད་པས་དེ་འཛུམ་དམུལ་ཏེ་བདག་གིས་ནོངས་པ་ཅི་བགྱིས་ནས་བདག་ལ་རྔན་པ་མི་གནང་ཞུས་པར། གཞོན་ནུས་མི་སྦྱིན་པ་མིན་གྱི་ཁྱེད་འཕྱིས་པས་ལན་ནོ་གསུངས་ཏེ་སོར་གདུབ་གསེར་སྲང་བརྒྱ་སྟོང་རི་བ་དེ་བྱིན་ནོ། །དེ་ནས་དེ་སོང་བ་དང་བྱ་ར་པ་དག་གིས་ཡབ་རྒྱལ་པོ་ལ་གཞོན་ནུ་ས་འཚོ་མ་ལ་སྤྱན་ཆགས་ཏེ་བཀའ་མཆིད་ཀྱང་ཅུང་ཟད་བགྱིས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་ཤཱཀྱ་ལག་ན་བེ་ཅོན་ལ་ཁྱོད་ཀྱི་བུ་མོ་གཞོན་ནུ་མ་བྱིན་ཅིག་ཅེས་ཕོ་ཉ་བཏང་ཏེ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་ཡོན་ཏན་བརྒྱད་དང་ལྡན་པ་ས་འཚོ་མ་ཁབ་ཏུ་བཞེས་ཤིང་། དེ་བཞིན་གྲགས་འཛིན་མ་དང་རི་དྭགས་སྐྱེས་སོགས་བཙུན་མོའི་ཚོགས་དང་ལྷན་གཅིག་ཏུ་དགའ་ཞིང་རྩེ་བས་དགུང་ལོ་ཉི་ཤུ་རྩ་དགུ་བར་རྒྱལ་སྲིད་སྐྱོང་བར་མཛད་དོ། །

༦ ཁབ་ནས་མངོན་པར་བྱུང་བའི་མཛད་པ།

ཁབ་ནས་མངོན་པར་བྱུང་བའི་མཛད་པ་ནི། དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སྔོན་གྱི་དམ་བཅའ་ཡོངས་སུ་བསྐུལ་བའི་ཕྱིར་སིལ་སྙན་དག་ལས་སྒྲ་བྱུང་བ་ནི། སྡུག་བསྔལ་གྱིས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། །ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱེད་ཀྱིས་སྔོན་གྱི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པར་བྱོས། །ཞེས་དང་། འཆི་མེད་མྱ་ངན་མེད་ན་སངས་རྒྱས་ཏེ། །སྐོམ་པས་ཉམ་ཐག་བདུད་རྩིས་ཚིམ་བྱ་ཞིང་། །ཁྱོད་ཀྱིས་སྔོན་སྨྲས་ཚིག་མཐོང་དྲན་བྱས་ནས། །གྲོང་ཁྱེར་དམ་པ་འདི་ནས་མྱུར་དུ་བྱོན། །ཞེས་སོགས་བསྐུལ་བའི་ཚིག་བརྒྱ་སྟོང་བྱུང་བས་མངོན་པར་བྱུང་བ་ལ་ཐུགས་ཕྱོགས་པར་གྱུར་ཏོ། །དེ་ནས་གཞོན་ནུ་ཕྱི་རོལ་གྱི་སྐྱེད་མོས་ཚལ་གཟིགས་པའི་ཕྱིར་གྲོང་ཁྱེར་གྱི་སྒོ་བཞིར་གཤེགས་པ་ན། ལྷས་སྤྲུལ་བའི་རྒས་པ་དང་། ན་བ་དང་། ཤི་བར་གྱུར་པའི་རོ་དང་། རབ་ཏུ་བྱུང་བའི་གཟུགས་རྣམས་རིམ་པ་བཞིན་དུ་གཟིགས་པས་ཐུགས་ཤིན་ཏུ་སྐྱོ་སྟེ། རྒ་དང་ན་དང་འཆི་འགྱུར་པ། །གལ་ཏེ་འདི་གསུམ་ཡོད་མིན་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་པའི། །ཡུལ་རྣམས་ལ་ནི་དགའ་བར་བྱེད། །ཅེས་སོགས་གསུངས། དེའི་ཚེ་ཡབ་རྒྱལ་པོ་ཟས་གཙང་གིས་གཞོན་ནུ་རབ་ཏུ་བྱུང་བར་འགྱུར་གྱི་དོགས་ནས་གྲོང་ཁྱེར་གྱི་ཁོར་ཡུག་ཐམས་ཅད་དུ་མེལ་ཚེ་པས་བསྲུང་བའི་བཀའ་བསྒྲགས་སོ། །ནུབ་གཅིག་བཙུན་མོ་རྣམས་གཉིད་དུ་སོང་བ་ན་རིམ་གྲོ་བ་འདུན་པ་ལ་རྟ་མཆོག་བསྔགས་ལྡན་ཁྲིད་ལ་ཤོག་ཅེས་བཀའ་བསྩལ་པ་དང་། དེས་ཀྱང་བཀའ་བཞིན་མྱུར་བར་བསྒྲུབས་པས་རྟ་ལ་ཆིབས་ཏེ་ནམ་མཁའི་དབྱིངས་ནས་དཔག་ཚད་བཅུ་གཉིས་ཀྱི་སར་གཤེགས་ཏེ་ཆིབས་ལས་བབ། དེར་སྐུའི་རྒྱན་རྣམས་བཀྲོལ་ཏེ་འདུན་པ་ལ་རྒྱན་དང་རྟ་ཁྱེར་ལ་ཕྱིར་ལོག་ཅིག་ཅེས་བཀའ་བསྩལ། འདུན་པ་གདོང་མཆི་མས་གང་བཞིན་དུ་གསོལ་པ། །སེངྒེ་སྟག་གིས་གཏམས་པ་དང་། །ཕྱུགས་རྫིས་གང་བའི་ནགས་ཚལ་དུ། །འབའ་ཞིག་སྐུ་གཉེན་དང་བྲལ་བར། །འཕགས་པ་ཇི་ལྟར་སྤྱོད་པར་འགྱུར། །ཞེས་སྨྲས་པར། སྐྱེ་དགུ་འདི་ན་སྐྱེ་ནའང་གཅིག་པུ་སྟེ། །དེ་བཞིན་འཆི་ནའང་གཅིག་པུར་འཆི་བར་འགྱུར། །འདི་ན་གཅིག་པུས་སྡུག་བསྔལ་མྱོང་གྱུར་ཏེ། །འཁོར་བ་ལ་ནི་གྲོགས་ཡོད་མ་ཡིན་ནོ། །ཞེས་སོགས་ཞུ་ལན་མང་དུ་མཛད་དེ་འདུན་པ་ཤཱཀྱའི་རྒྱལ་སར་ཕྱིར་ལྷོགས། དེ་ནས་རལ་གྲི་ཨུཏྤལ་མཐིང་གའི་འདབ་མ་དང་འདྲ་བས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བྲེགས་ཏེ་མཁའ་ལ་གཏོར་བ་བརྒྱ་བྱིན་གྱིས་ཁྱེར་ནས་ལྷའི་གནས་སུ་དུས་སྟོན་བཙུགས། ལྷའི་བུ་རྔོན་པའི་གཟུགས་སུ་སྤྲུལ་བས་ངུར་སྨྲིག་གི་གོས་ཕུལ་བ་བླངས་ཏེ་སྐུ་ལ་གསོལ་ནས་བདག་ཉིད་རང་གིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད་དོ། །

༧ དཀའ་བ་སྤྱད་པའི་མཛད་པ།

དཀའ་བ་སྤྱད་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲི་མ་མེད་པར་འཇུག་པའི་གདུལ་བྱ་རྣམས་ལ་བྱང་ཆུབ་དམ་པ་ནི་དཀའ་བ་དཔག་ཏུ་མེད་པས་བསྒྲུབ་དགོས་སོ་ཞེས་བསྟན་པའི་ཕྱིར། ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། རྒྱལ་པོའི་ཁབ་ན་རེངས་བྱེད་དང་ལྷག་སྤྱོད་དག་གིས་ཅི་ཡང་མེད་པའི་སྐྱེ་མཆེད་དང་སྲིད་རྩེའི་སེམས་སྟོན་པ་རྣམས་སུ་བྱོན་ཏེ། དེ་དག་གི་ཚུལ་མྱུར་བར་ཁོང་དུ་ཆུད་པར་མཛད་ཀྱང་ཏིང་འཛིན་ཀུན་ཏུ་སྤྱོད་པ་དེ་དག་ནི་སྲིད་པའི་ཉེས་དམིགས་ལས་གྲོལ་བའི་ལམ་མ་ཡིན་པར་གཟིགས་ནས་ཆུ་ཀླུང་ཆེན་པོ་ནཻ་རཉྫ་ན་འབབ་པའི་འགྲམ་དུ་གཅིག་པུར་བཞུགས་སོ། །དེའི་ཚེ་འདི་སྙམ་དུ་དགོངས་ཏེ། ཀྱེ་ཛམྦུ་གླིང་འདི་སྙིགས་མ་ལྔའི་དུས་ལ་བབས་པས་སེམས་ཅན་དམན་པ་ལ་མོས་པ། མུ་སྟེགས་ཅན་གྱི་སྡེས་གང་བ། ལྟ་བ་སྣ་ཚོགས་ལ་ཞུགས་པ། སྐྱབས་མ་ཡིན་པ་ལ་སྐྱབས་སུ་འདུ་ཤེས་པ། དག་པ་མ་ཡིན་པ་ལ་དག་པར་འདུ་ཤེས་པ་ཁོ་ན་སྟེ། བརྟུལ་ཞུགས་ངན་པ་དང་དཀའ་ཐུབ་ངན་པས་དག་པ་འཛིན་པ་རྣམས་སུན་འབྱིན་པའི་ཕྱིར་བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་ཁྱད་པར་བརྩམ་པར་བཞེད་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། དེ་ཡང་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། བར་པ་གཉིས་ལ་ཆུ་ཐིགས་པ་རེ། ཐ་མ་གཉིས་ལ་ཅི་ཡང་མི་གསོལ་བའི་དཀའ་ཐུབ་ཀྱིས་ལོ་དྲུག་འདས་པའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ལམ་དམན་པ་ལས་སད་པར་བྱས་ནས་བྱང་ཆུབ་སྙིང་པོར་བསྐུལ་བ་ན། སྔོན་དུ་ལྷ་རྣམས་ཀྱིས་ཇི་ལྟར་སྦྲན་པ་ལྟར་གྲོང་གི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མ་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པ་གསེར་གྱི་ཡོལ་གོའི་ནང་དུ་བླུགས་ནས་ཕུལ། བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཤེས་རབ་ཀྱི་སྟོབས་ཀྱིས་འོ་ཐུག་གསོལ་མ་ཐག་སྐུ་གསེར་གྱི་མདོག་དང་ལྡན་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་ཡོངས་སུ་སྤྲས་པའི་འོད་དང་ལྡན་པར་གྱུར་ཏོ། །

༨ བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ།

བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། དེ་ལྟར་རགས་པའི་ཟས་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་ལུས་སྟོབས་དང་ལྡན་པར་བསྐྱེད་ནས་བྲག་རི་མེ་ཏོག་དང་འབྲས་བུས་བརྒྱན་པ་ཞིག་ཏུ་བཞུགས་པའི་དེ་མ་ཐག་རི་དེ་ཉིལ་ལོ། །ལྷ་རྣམས་ཀྱིས་གསོལ་བ། དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་ནི་ས་གཞན་གྱིས་གཟུང་བར་མི་ནུས་པས་འདི་དང་ཉེ་བ་ནུབ་ཀྱི་ཕྱོགས་སུ་རྡོ་རྗེ་གདན་མཆིས་པས་དེར་གཤེགས་པར་འཚལ་ཞེས་ལམ་བསྟན་པ་བཞིན་དུ་གཤེགས་སོ། །དུས་དེར་ཆུ་ཀླུང་ནཻ་རཉྫནར་ཀླུ་དུག་ཅན་ནག་པོ་ཟེར་བ་དུས་གཞན་དུ་མིག་ལོང་བ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་མིག་ཐོབ་པ་ཞིག་ཡོད་པ་དེས་བྱང་ཆུབ་སེམས་དཔའ་མཐོང་བས་རབ་ཏུ་དགའ་སྟེ། བདག་གིས་སྔོན་དུ་མཐོང་བ་ཡི། །སངས་རྒྱས་མཐུ་ཆེན་དེ་རྣམས་དང་། །ཐུབ་པ་ཁྱོད་ནི་མཐོང་གྱུར་ན། །དེ་དག་ཐ་དད་དབྱེར་མ་མཆིས། །ཞེས་པ་སོགས་ཀྱིས་མཆོད་ཅིང་བསྟོད་པར་བྱས་སོ། །ཡང་གཤེགས་པ་ན་རྩྭ་འཚོང་བཀྲ་ཤིས་དང་འཕྲད་པས་དེས་སྤོས་ངད་ལྡན་ལས་བླངས་པའི་རྩྭ་འཇམ་ཞིང་དགེ་ལ་བདེ་བ་ཁུར་གཅིག་ཐོགས་པ་གཟིགས་ཚེ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བར་རེག་པར་འགྱུར། །ཞེས་གསུངས་པས་དེས་ཀྱང་གུས་པ་དང་བཅས་པས་ཕུལ་ཏེ། རྩྭ་ཡིས་བྱང་ཆུབ་འཆི་མེད་པ། །སྔོན་གྱི་རྒྱལ་བའི་ལམ་ཐོབ་ན། །ཡོན་ཏན་རྒྱ་མཚོ་ཁྱོད་བཞེས་ཤིག །བདག་ཀྱང་ཐོག་མར་འཚང་རྒྱ་གྱིས། །ཞེས་གསོལ་ཏོ། །དེ་ནས་བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་ལ་འཛེགས་ནས་བྱང་ཆུབ་ཤིང་དྲུང་དུ་རྩྭའི་བམ་པོ་དེ་བསྒྱུར་སྟབས་སུ་གཏོར་བ་ན། རང་བཞིན་གྱིས་སྲབ་འཐུག་མེད་པར་གཡས་ཕྱོགས་སུ་འཁྱིལ་ཏེ་འདུག་པའི་སྟེང་སྐྱིལ་ཀྲུང་གིས་སྐུ་དྲང་པོར་བསྲངས་ནས་བཞུགས་ཏེ། སྟན་འདིར་བདག་གི་ལུས་ནི་སྐམ་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅའི་གསུང་ཡོངས་སུ་བསྒྲགས་པར་མཛད་དོ། །

༩ བདུད་བཏུལ་བའི་མཛད་པ།

བདུད་བཏུལ་བའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔས་གླིང་བཞི་པའི་འདོད་པའི་ཁམས་ཀྱི་དབང་ཕྱུག་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བདུད་སྡིག་ཅན་ཡིན་ལ། དེ་ལ་མ་སྦྲན་པར་བདུད་ལས་རྣམ་པར་རྒྱལ་བའི་གོ་འཕང་མངོན་དུ་མི་འགྱུར་བར་དགོངས་ཏེ། སྨིན་མཚམས་ཀྱི་མཛོད་སྤུ་ལས་བདུད་སྐུལ་བར་བྱེད་པ་དང་བདུད་འདུལ་བར་བྱེད་པའི་འོད་ཟེར་བྱུང་སྟེ། འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་གནས་ཐམས་ཅད་སྣང་བར་བྱས་ཤིང་མོག་མོག་པོར་གྱུར་ཅིང་སྤུ་ཟིང་བར་བྱས་ཤིང་། ཟས་གཙང་སྲས་ཀྱིས་རྒྱལ་སྲིད་དག་ནི་ཡོངས་སྤངས་ཏེ། །ཕན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་པས་བྱུང་། །བྱང་ཆུབ་ཤིང་དྲུང་འོད་ཀྱིས་དེ་རིང་བསྒྲིམ་པར་གྱུར། །དེས་ན་བདག་ཀྱང་བརྒལ་ལ་གཞན་ཡང་སྒྲོལ་བར་བྱེད། །ཅེས་བྱ་བའི་སྒྲ་ནམ་མཁའ་ནས་བྱུང་བས་བདུད་སྡིག་ཅན་ཤིན་ཏུ་ཁྲོས་ཏེ་རྔོན་པའི་ཆ་བྱད་དུ་བརྫུས་ནས་འོངས་ཏེ། འདི་སྐད་དུ། སེར་སྐྱའི་གྲོང་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ནི་བསད་ཟིན་ན་ཁྱོད་ཅིའི་ཕྱིར་འདུག་ཅེས་སྨྲས་པར། བྱང་ཆུབ་སེམས་དཔས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རོ། །ཞེས་བཀའ་བསྩལ་པ་དང་། བདུད་ཀྱིས་སྨྲས་པ། མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཚོགས་དཔག་ཏུ་མེད་པའི་འབྲས་བུ་ཡིན་ན། ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་འབྲས་བུ་ག་ལ་ཐོབ། ཅེས་སྨྲས་པ་དང་། བཀའ་བསྩལ་པ། སྡིག་ཅན་ཁྱོད་ཀྱིས་མཆོད་སྦྱིན་གཏན་པ་མེད་པ་གཅིག་བྱས་པས་འདོད་པའི་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་ན། ངས་བསྐལ་པ་གྲངས་མེད་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱས་ཤིང་ཡོངས་སུ་གཏོང་བར་དཀའ་བ་རྣམས་བཏང་བས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། བདུད་ཀྱིས་སྨྲས་པ། ཁོ་བོས་མཆོད་སྦྱིན་གཏན་པ་མེད་པ་བགྱིས་པའི་དཔང་པོ་ནི་ཁྱོད་ཉིད་ཡོད་ན། ཁྱོད་ལ་དཔང་པོ་སུ་ཡང་མེད་དོ་ཟེར། དེའི་ཚེ་བྱང་ཆུབ་སེམས་དཔའི་ཕྱག་གཡས་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་ས་ལ་རེག་པར་མཛད་དེ། ས་འདི་འགྲོ་བ་ཀུན་ཀྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག །ཅེས་གསུངས་མ་ཐག་ས་རྣམ་པ་དྲུག་ཏུ་གཡོས་ཤིང་སའི་ལྷ་མོ་བརྟན་མ་ལུས་ཕྱེད་མངོན་པར་བྱུང་སྟེ། སྐྱེས་བུ་ཆེན་པོ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། །འོན་ཀྱང་བཅོམ་ལྡན་འདས་ཁྱོད་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་དཔང་དུ་གྱུར་པ་དང་ཚད་མར་གྱུར་པ་དམ་པའོ་ཞེས་བརྗོད་དེ་མི་སྣང་བར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་གྱིས་རྗེས་སུ་ཆགས་པས་བསླུ་བར་ནུས་སམ་མི་ནུས་སད་པར་བྱའོ་སྙམ་ནས། རང་གི་བུ་མོ་སྲེད་མ་དང་། དགའ་བྱེད་མ་དང་། དགའ་སྤྱོད་མ་རྣམས་བཏང་སྟེ་བུད་མེད་ཀྱི་གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཀྱིས་བསླུ་བར་བརྩམས་པ་ན། དེ་དག་རྒན་མོ་མདོག་ཤིན་ཏུ་མི་སྡུག་པར་འགྱུར་བར་བྱིན་གྱིས་བརླབས། སླར་སྟོན་པ་ལ་མོས་པ་བསྐྱེད་པས་རྣམ་པར་གྲོལ་བའི་ལམ་ལ་བཀོད་པར་མཛད་དོ། །དེ་ནས་བདུད་སྡིག་ཅན་བག་འཁུམས་ཤིང་སེམས་ཁོང་དུ་ཆུད་ནས་སོང་སྟེ། བདུད་ཀྱི་རིགས་ཀྱི་དཔུང་ཆེན་པོ་སྦྲན་ཏེ་འབྱུང་པོ་གདོང་གཟུགས་སྣ་ཚོགས་པས་མཚོན་ཆའི་ཆར་ཆེན་པོ་ཕབ་པ་ན། བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཇི་སྙེད་ཕབ་པའི་མཚོན་ཆ་ཐམས་ཅད་སྐད་ཅིག་གིས་མེ་ཏོག་གི་ཕྲེང་བ་དང་། མེ་ཏོག་གི་བླ་བྲེ་སོགས་བྱང་ཆུབ་ཀྱི་ཤིང་རྣམ་པར་མཛེས་པར་བྱེད་པའི་རྒྱན་དུ་གྱུར་ཏོ། །

༡༠ མངོན་པར་བྱང་ཆུབ་པའི་མཛད་པ།

མངོན་པར་བྱང་ཆུབ་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔས་བདུད་ཀྱི་སྡེ་ཆེན་པོ་བཏུལ་ནས་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཐོབ་སྟེ་ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་མངོན་དུ་མཛད་ཅིང་། གུང་ལ་རིག་པ་གསུམ་བསྐྱེད་དེ་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བ་རྒྱལ་རྔ་བརྡུང་བའི་ཚོད་ཙམ་ལ་རྟེན་ཅིང་འབྲེལ་བ་བཅུ་གཉིས་དང་། བདེན་པ་བཞིའི་ཆོས་ཉིད་མངོན་དུ་བྱས་ནས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ་དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་བཞུགས་སོ། །དེ་ནས་ཚངས་པ་དང་། བརྒྱ་བྱིན་དང་། འོག་མིན་བར་གྱི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་རྒྱལ་བ་རྒྱལ་བ་ཞེས་བསྔགས་སོ། །དེའི་ཚེ་ཟླ་བ་སྒྲ་གཅན་ལས་གྲོལ་ཞིང་གྲགས་འཛིན་མའི་སྲས་སྒྲ་གཅན་འཛིན་ཡང་བཙས་ཤིང་། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཙས་སོ། །ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་ཐམས་ཅད་འོད་ཀྱི་སྣང་བས་ཁྱབ་པར་གྱུར་ཏོ། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལ་རིམ་པ་ལྟར་བདུན་ཕྲག་དང་པོ་ལ་སྐྱིལ་ཀྲུང་མ་བཤིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམ་པར་གཟིགས་ནས་དགའ་བའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བདེ་བ་ལ་མྱོང་བར་མཛད་དོ། །བདུན་ཕྲག་གཉིས་པ་ལ་ཡང་སྐྱིལ་ཀྲུང་མ་བཤིག་པར་བཞུགས་བཞིན་པས་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་གཤེགས་ནས། འཇིག་རྟེན་འདོད་པའི་བདེ་བ་གང་། །ལྷ་ཡུལ་བྱུང་བདེ་གང་ཡིན་པ། །སྲིད་པ་ཟད་པའི་བདེ་དེ་ལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་རྣམ་པར་གྲོལ་བའི་བདེ་བས་དགྱེས་པའི་གསུང་ཡང་བསྩལ་ཏོ། །དེ་ནས་བདུན་ཕྲག་གསུམ་པ་ལ་ང་སངས་རྒྱས་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཐར་དབྱུང་ངོ་ཞེས་བྱང་ཆུབ་ཀྱི་ཤིང་ལ་གཟིགས། བདུན་ཕྲག་བཞི་པ་ལ་ཤར་ནུབ་རྒྱ་མཚོའི་བར་གྱི་འཛམ་གླིང་ལ་འཆག་པར་མཛད་དེ་བོད་ཡུལ་ཀྱང་ཞབས་ཀྱིས་བཅག་པར་འདོད་དོ། །བདུན་ཕྲག་ལྔ་པ་ལ་ཡུལ་ངན་གྱི་ཚེ་ན་ཀླུ་བཏང་བཟང་གི་གནས་སུ་བཞུགས་ཤིང་ཀླུ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་དཀྲིས་ཤིང་ཡུལ་ངན་གྲོལ་ནས་ལྷའི་ལུས་སུ་བསྒྱུར་ནས་མཆོད་ཅིང་བསྙུན་གསོལ་ཏོ། །བདུན་ཕྲག་དྲུག་པ་ལ་ནཻ་རཉྫ་ནའི་འགྲམ་ཤིང་ནེ་གྲོ་དྷའི་དྲུང་རྩའི་གདིང་བ་ལ་བཞུགས་ནས་ཀླུ་དེ་དག་དང་ཀུན་ཏུ་རྒྱུ་གཅེར་བུ་པ་རྣམས་ལ་སྙུན་འདྲིའི་ཚིགས་བཅད་གསུངས། བདུན་ཕྲག་བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱིས་སྦྲང་རྩི་ཕུལ་བ་བཞེས་ནས་དེ་གཉིས་ལ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྣམས་གསུངས། དེའི་ཚེ་དེ་བཞིན་གཤེགས་པ་ཅུང་ཟད་བསྙུན་པའི་ཚུལ་བསྟན་པ་ན་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་ཚེ། འཁོར་རྣམ་པ་བཞི་ལ་ཆོས་བསྟན་པར་མ་གྱུར་བར་མྱ་ངན་ལས་མི་འདའ་བ་གསུངས་པས་བདུད་སྡིག་ཅན་ཡིད་མི་བདེ་བར་གྱུར་ཏོ། །དེ་ནས་བདག་གིས་རྟོགས་པའི་ཆོས་ཟབ་མོ་འདི་ནི་གཞན་གྱི་ཁོང་དུ་ཆུད་པར་དཀའ་སྟེ། གལ་ཏེ་བདག་གིས་གཞན་ལ་བསྟན་པར་བྱས་ཀྱང་དེས་མི་རྟོགས་པས་བདག་ཉིད་གཅིག་པུ་དགོན་པར་གནས་པར་བྱའོ་སྙམ་དུ་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་སོ། །

༡༡ ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ།

ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། དེའི་ཚེ་ཚངས་པ་གཙུག་ཕུད་ཅན་གྱིས་ཤེས་ཏེ་ལྷའི་དབང་པོ་བརྒྱ་བྱིན་སྦྲན་ནས་གཉིས་ཀས་ཆོས་ཀྱི་དུང་གཡས་སུ་འཁྱིལ་བ་དང་། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས། འདི་སྐད་དུ། མ་ག་དྷར་ནི་སྔོན་ཆད་ཆོས་བྱུང་བ། །དག་པ་མ་ལགས་དྲི་མར་བཅས་པས་རྟོག །བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། །དྲི་མ་མེད་པས་རྟོགས་པ་བཤད་དུ་གསོལ། །ཅེས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་པ་ན། བདུད་རྩིའི་སྒོ་མོ་དག་ནི་དབྱེ་བར་བྱ། །ཉན་པ་སུ་འདོད་སོམ་ཉི་སོལ་ཅིག་དང་། །ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་བཅོལ་མདོ་ཙམ་བཤད་པར་བྱ། །ཞེས་ཞལ་གྱིས་བཞེས་སོ། །དེ་ནས་གདུལ་བྱ་འདུལ་བར་སླ་བ་ལྔ་སྡེ་བཟང་པོ་ཡིན་པར་དགོངས་ཏེ་ཝཱ་རཱ་ཎ་སཱིར་གཤེགས་པའི་ལམ་དུ་ཀུན་ཏུ་རྒྱུ་ཉེར་འགྲོ་དང་མཇལ་ཏེ། དེས་གཽའུ་ཏ་མ་ཁྱོད་དབང་པོ་རྣམས་ཤིན་ཏུ་གསལ་ན་སུ་ཞིག་ལས་ཚངས་པར་སྤྱོད་པ་སྤྱད་ཅེས་དྲིས་པས། བཀའ་བསྩལ་པ། ང་ལ་སློབ་དཔོན་གང་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུ་རྫོགས་སངས་རྒྱས། །བསིལ་གྱུར་ཟག་པ་མེད་པ་ཡིན། །ཞེས་གསུངས་སོ། །དེ་ནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་པ་ན། ལྔ་སྡེས་རྒྱང་རིང་པོ་ནས་གཤེགས་པར་མཐོང་སྟེ་གཽའུ་ཏ་མ་མང་དུ་ཟ་བ་སྤོང་བ་ལས་ཉམས་ནས་འདིར་འོངས་ན་བདག་ཅག་རྣམས་ཀྱིས་ངག་སྨྲ་བར་མི་བྱ། ལྡང་བར་མི་བྱ། ཕྱག་མི་བྱ། སྟན་སྟོབ་པར་མི་བྱ་ཞེས་ནང་ཁྲིམས་བཅས་པ་ལ་ཀཽཎྜི་ནྱ་ནི་སེམས་ཀྱིས་ཁས་མ་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཉེ་སར་བྱོན་མ་ཐག་དཔལ་དང་གཟི་བརྗིད་མ་བཟོད་དེ་སྟན་གྱི་སྟེང་འདར་ཞིང་འོག་ཁྲིམས་རལ་ཏེ་སྟན་ལས་ལངས་ནས་ཀཽཎྜི་ནྱས་རིམ་གྲོ་བྱེད། རྟ་ཐུལ་གྱིས་ནི་བསུས། རླངས་པས་ནི་གདན་བཤམས། མིང་ཆེན་གྱིས་ནི་ཞབས་སྟན་བསྟབས། བཟང་ལྡན་གྱིས་ནི་ཞབས་བསིལ་ཕུལ་ཏེ། ཚེ་དང་ལྡན་པ་གཽ་ཏ་མ་ཁྱེད་བྱོན་པར་ལེགས་སོ། །གདན་བཤམས་པར་བཞུགས་ཤིག་ཅེས་གསོལ་བ་དང་། སྟོན་པ་གདན་བཤམས་པ་ལ་བཞུགས་ནས་དགེ་སློང་དག་ངས་ནི་བདུད་རྩི་ཐོབ་བོ། །འཆི་བ་མེད་པར་གྱུར་པའི་ལམ་མངོན་དུ་བྱས་སོ། །ང་ནི་སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པའོ། །བསིལ་བར་གྱུར་པའོ། །ཟག་པ་ཟད་པའོ། །ཆོས་ཐམས་ཅད་ལ་དབང་བའོ། །དགེ་སློང་དག་ངས་ཁྱེད་ལ་ཆོས་བཤད་ཀྱི་ཚུར་ཤོག ཉོན་ཅིག ནན་ཏན་གྱིས་ཤིག་སོགས་བཀའ་བསྩལ་པ་དང་། དེ་དག་གི་མུ་སྟེགས་ཀྱི་རྟགས་རྣམས་སྐད་ཅིག་དེ་ཉིད་ལ་མེད་པར་གྱུར་ཏེ་དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར་ཏོ། །དེ་ཚེ་སྔོན་གྱི་རྒྱལ་བ་རྣམས་ཀྱིས་གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་དགོངས་པ་ན། ཕྱོགས་ཀུན་ཏུ་རིན་པོ་ཆེ་སྣ་བདུན་གྱི་ཁྲི་སྟོང་བྱུང་བ་ལས་ཁྲི་སྔ་མ་གསུམ་ལ་འདས་པའི་སངས་རྒྱས་རྣམས་ལ་གུས་པ་བསྐྱེད་པའི་ཆེད་དུ་ཕྱག་དང་སྐོར་བ་མཛད་ནས། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ནས་སེང་གེ་ལྟར་བག་ཚ་བ་མེད་པར་བཞུགས་པ་ན་ཁྲི་གཞན་རྣམས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྐུ་ལས་འོད་བཀྱེ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་པ་དང་ལྟས་ཆེན་པོ་བཅོ་བརྒྱད་བྱུང་བས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་ཡོད་པའི་བྱང་ཆུབ་སེམས་དཔའ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་སོགས་ལྷའི་འཁོར་དཔག་ཏུ་མེད་པ་འདུས་པ་ལ། ཚེ་དང་ལྡན་པ་བཞི་པོ། འདི་དག་ནི་འཕགས་པའི་བདེན་པ་བཞི་སྟེ། གང་ཞེ་ན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ། ཞེས་ལན་དང་པོས་བདེན་པ་བཞིའི་ངོ་བོ་དང་། ལན་གཉིས་པས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་བསྟན་པར་བྱའོ་ཞེས་བདེན་བཞིའི་བྱ་བ་དང་། སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤང་བར་བྱས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྟན་ནོ་ཞེས་བདེན་པ་བཞི་མཐར་ཕྱིན་པར་ལན་བཅུ་གཉིས་སུ་བཟླས་ཏེ་འཁོར་ལོ་བསྐོར་བས། དང་པོས་ཀཽཎྜི་ནྱ་དང་ལྷ་མང་པོ་ལ་མཐོང་ལམ་སྐྱེས། །གཉིས་པར་ཀཽཎྜི་ནྱ་དགྲ་བཅོམ་པ་ཐོབ། གཞན་བཞི་ལ་མཐོང་ལམ་སྐྱེས། གསུམ་པས་བཞི་པོས་ཀྱང་དགྲ་བཅོམ་པ་ཐོབ་བོ། །གཞན་ལྷ་བྱེ་བ་ཕྲག་བརྒྱ་བཞི་བཅུ་དང་མི་བརྒྱད་ཁྲི་བཞི་སྟོང་གིས་བདེན་པ་མཐོང་ངོ་། །དེ་ནས་རིམ་པར་གནས་རྒྱལ་པོའི་ཁབ་དང་། བྱ་རྒོད་ཕུང་པོའི་རི་ལ་སོ་སོའི་སྐྱེ་བོའི་འཁོར་རྣམ་པ་བཞི་དང་། ཁྱད་པར་ཐེག་པ་ཆེན་པོའི་རིགས་ཅན་བྱང་ཆུབ་སེམས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ། བཀའ་བར་པ་རྣམ་ཐར་སྒོ་གསུམ་གྱི་དོན་སྟོན་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཡུམ་སྲས་བཅུ་བདུན་ལ་སོགས་པ་ཤེར་ཕྱིན་གྱི་མདོ་རྣམས་གསུངས་པ་དང་། གནས་གཅིག་ཏུ་མ་ངེས་པར་འཁོར་གདུལ་བྱ་སྣ་ཚོགས་པའི་རིགས་ཅན་དག་ལ་བཀའ་ཐ་མ་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་གཏན་ལ་ཕབས་པ་ལེགས་པར་རྣམ་པར་ཕྱེ་བའིི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྟན་པ་སྟེ་ཐུན་མོང་གདུལ་བྱའི་སྣང་ངོར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བས་རིགས་ཅན་གསུམ་གྱི་གདུལ་བྱ་རང་རང་གི་ཁམས་དང་། དབང་པོ། བསམ་པའི་བྱེ་བྲག་ལྟར་ཐེག་པ་གསུམ་གྱི་ལམ་ལ་བཀོད་ཅིང་། གདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ཀྱི་སྣང་ངོར། འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། རི་རབ་ཀྱི་རྩེ་མོ། མིའི་གནས་དཔལ་ལྡན་འབྲས་སྤུངས། ས་ཧོ་ར། ཨོ་ཌ་ཡ་ན། རི་བོ་བྱ་རྐང་ཅན། དུར་ཁྲོད་བསིལ་བའི་ཚལ་སོགས་གནས་དུས་སྟོན་འཁོར་མ་ངེས་པ་ལ་དཀྱིལ་འཁོར་སྤྲུལ་བཤད་ལ་སོགས་པའི་སྒོ་ནས་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་མཐའ་ཡས་པ་གསུངས་པ་དང་། ཁྱད་པར་ཐེག་པའི་ཡང་རྩེ་ནང་རྒྱུད་སྡེ་གསུམ་གྱི་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་འོག་ཏུ་འབྱུང་བས་འདིར་མི་སྤྲོ་ལ། དེ་དག་ཀྱང་གདུལ་བྱའི་བློ་ལ་བལྟོས་ནས་རིམ་དང་ཅིག་ཆར་སྣ་ཚོགས་སུ་སྣང་ཡང་མི་འགལ་ཏེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུང་པར། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམ་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། འཇིག་རྟེན་ཕན་པ་ཁྱོད་ཀྱི་གསུང་གཅིག་ལས། །མོས་པ་ཐ་དད་བཞིན་དུ་སྒྲ་བྱུང་སྟེ། །རྒྱལ་བས་བདག་ལ་སྟོན་སྙམ་སོ་སོར་སེམས། །གང་གི་སླད་དུ་ཁྱོད་ཀྱིས་འཛུམ་མཛད་སྟོན། །ཞེས་པ་ལྟར་རོ། །

༡༢ མྱ་ངན་ལས་འདའ་བའི་མཛད་པ།

མྱ་ངན་ལས་འདའ་བའི་མཛད་པ་ནི། དེ་ལྟར་མཛད་པ་དང་ཆོ་འཕྲུལ་སྣ་ཚོགས་པའི་སྒོ་ནས་སྐུ་དངོས་ཀྱི་གདུལ་བྱ་རྣམས་རྣམ་པར་གྲོལ་བའི་ལམ་ལ་ཡོངས་སུ་བཀོད་པར་མཛད་དེ། གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་རྟག་པར་འཛིན་པའི་བློ་ཕྱིན་ཅི་ལོག་བཟློག་པའི་ཕྱིར་མྱ་ངན་འདའ་བ་ཐ་མའི་མཛད་པ་བསྟན་པར་བཞེད་དེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཁོར་རྣམ་པ་བཞི་དང་བཅས་པ་གནས་བརྟན་འོད་སྲུང་ཆེན་པོ་ལ་གཏད་དེ་གྱད་ཀྱི་ཡུལ་གྲོང་ཁྱེར་རྩ་ཅན་དང་ཉེ་བར་ཤིང་སཱ་ལ་ཟུང་གི་དྲུང་དུ་བྱོན་ནས་མྱ་ངན་ལས་འདའ་བའི་དགོངས་པར་ཉེ་བར་བཞག་གོ །དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་གདུལ་བྱ་ཐ་མར་གྱུར་པ་དྲི་ཟའི་རྒྱལ་པོ་རབ་དགའ་དང་ཀུན་ཏུ་རྒྱུ་རབ་བཟང་ཡང་བཏུལ་ལོ། །དེ་ནས་ཀུན་དགའ་བོས་སྐུ་གདུང་ལ་ཇི་ལྟར་བགྱི་ཞུས་པར། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་བྱོས་ཤིག་ཅེས་གསུངས། ཡང་དགེ་སློང་དག་ཐེ་ཚོམ་ཡོད་པ་དག་དྲིས་ཤིག་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་འོ། །ཞེས་ཀྱང་གསུང་བཞིན་སེང་གེའི་ཁྲི་ལ་བཞུགས་ཏེ་སྐུའི་སྟོད་གཡོག་བསལ་ནས། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག དེ་བཞིན་གཤེགས་པར་བལྟ་བ་ནི་རྙེད་པ་དཀའ་སྟེ་མེ་ཏོག་ཨུ་དུམྦ་ར་བཞིན་ནོ། །དགེ་སློང་དག་འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ། །ཞེས་གསུང་གི་ཐ་མ་ཉིད་བསྩལ་ཏེ་སྟན་བདུན་གྱི་ཁྲི་ལ་གློ་གཡས་པ་ཕབ་ནས་སེང་གེ་ཉལ་སྟབས་ཀྱིས་གཟིམས་སོ། །དེ་ནས་བསམ་གཏན་བཞི་དང་གཟུགས་མེད་བཞི་དང་འགོག་སྙོམས་ལུགས་འབྱུང་ལུགས་ལྡོག་ལ་མཉམ་པར་བཞག་ནས་སླར་ཡང་བསམ་གཏན་བཞི་པ་ལ་བཞུགས་ཏེ་རབ་མཐའ་ལ་མྱ་ངན་ལས་འདས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་རྟག་ཏུ་བཞུགས་མོད་ཀྱི་ཐབས་ཀྱི་སྒྲོལ་བའི་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པས་གདུལ་བར་བྱ་བ་མ་ཐུལ་པ་རྣམས་ཀྱང་འདིས་ཐུལ་ཞིང་། མི་རྟག་པར་སྟོན་པ་དང་། སྐྱོ་བ་བསྐུལ་བ་དང་། ཆོས་ཀྱི་སྐུ་ལ་སྦྱོར་བ་སོགས་དོན་བཅུ་ལ་དགོངས་ནས་དཔྱིད་ཟླ་ཐ་ཆུང་ཉའི་གུང་ཐུན་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེ་ནས་ཀུན་དགའ་བོ་དང་རྩ་ཅན་གྱི་གྱད་རྣམས་ཀྱིས་ཞག་བདུན་བར་དུ་སྐུ་གདུང་མཆོད་ཅིང་། ཞག་བདུན་པ་ལ་གཞོན་ནུ་རྣམས་ཀྱིས་ཁྱོགས་ལ་བཏེགས་ཏེ་གྱད་ཀྱི་དབུ་རྒྱན་ཅན་གྱི་མཆོད་རྟེན་གྱི་དྲུང་དུ་སྤྱན་དྲངས། སྐུ་གདུང་ཤིང་བལ་དང་རས་ཡུག་ལྔ་བརྒྱས་གཡོགས་ཏེ་ལྕགས་ཀྱི་སྒྲོམ་དུ་བཅུག་ནས་འབྲུ་མར་གྱིས་ཁ་བཀང་བ་དྲི་ཞིམ་པོའི་ཤིང་སྤུང་བ་དང་ལྷན་ཅིག་ཏུ་ཞུགས་ལ་འབུལ་བར་བརྩམས་ཀྱང་མེ་འབར་བར་མ་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་ཁབ་ནས་གནས་བརྟན་འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་པ་བྱོན་ནས་སྒྲོམ་གྱི་ཁ་ཕྱེ་ཞིང་ཤིང་དང་རས་བལ་རྣམས་ལེགས་པར་བསལ་ནས་སྐུ་གདུང་མ་ཉམས་པ་ལ་ཕྱག་བྱས་ཏེ། སླར་སྔ་མ་ལྟར་བྱས་ནས་བཞག་པ་ན་མེ་རང་འབར་དུ་བྱུང་སྟེ་ཞུགས་བཞེས་པར་གྱུར་ཏོ། །དེ་ནས་སྒྲོམ་བུ་ཁ་ཕྱེས་ནས་བལྟས་པས་གདུང་ཡུང་འབྲུ་ལྟ་བུའི་རིང་བསྲེལ་གྱི་ཕུང་པོར་གྱུར་པ་དང་། རས་ཕྱི་མ་དང་ནང་མ་གཉིས་པོ་མ་ཚིག་པར་གནས་པ་གྱད་རྣམས་ཀྱིས་གྲོང་ཁྱེར་གྱི་དབུས་སུ་སྤྱན་དྲངས། སྐུ་གདུང་ཆ་བརྒྱད་དུ་བྱས་པའི་དང་པོ་གྲོང་ཁྱེར་རྩ་ཅན་གྱི་གྱད་རྣམས་ལ་བྱིན། གཉིས་པ་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་ལ་བྱིན། གསུམ་པ་ཡུལ་རྟོགས་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་ཆེན་པོ་ལ་བྱིན། བཞི་པ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོ་ཏྱ་པ་ལ་བྱིན། ལྔ་པ་ཁྱབ་འཇུག་གླིང་གི་བྲམ་ཟེ་རྣམས་ལ་བྱིན། དྲུག་པ་གྲོང་ཁྱེར་སེར་སྐྱའི་རྒྱལ་རིགས་ཤཱཀྱ་པར་གཏོགས་པའི་རི་བྲག་པ་རྣམས་ལ་བྱིན། བདུན་པ་ཡངས་པ་ཅན་གྱི་ལི་ཙྪ་བི་རྣམས་ལ་བྱིན། བརྒྱད་པ་གྲོང་ཁྱེར་མ་ག་དྷ་ལ་བྱིན་པས་དེ་དག་སོ་སོ་ནས་མཆོད་རྟེན་རེ་རེ་བཞེངས་སོ། །དེ་ལྟར་ཡང་འདུལ་བ་ལུང་ལས། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་དུ་མཆོད་པ་ཐོབ། །སྐྱེས་མཆོག་དེ་ཡི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་སྣར་བུར་གནས་པས། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང་། །མི་དང་ཀླུ་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་མཆོད་ཅིང་བསྟོད་པར་བྱས། །རབ་མཁྱེན་ཐུགས་རྗེ་ལྡན་པ་སྟོབས་མངའ་བ། །ཤཱཀྱའི་རིགས་འཁྲུངས་མ་ག་དྷར་བྱང་ཆུབ། །ཀཱ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཏེ། །གྲོང་ཁྱེར་རྩ་ཅན་བརྟེན་ནས་མྱ་ངན་འདས། །ཞེས་འབྱུང་ངོ་། །

སྨྲས་པ།

གདོད་ནས་ཞི་བ་ཆོས་སྐུར་བྱང་ཆུབ་ཀྱང་། །རྩོད་ལྡན་འགྲོ་ལ་བརྩེ་བའི་ཐུགས་རྗེའི་སྤྱན། །གཟིགས་པ་རབ་ཡངས་ལྔ་བརྒྱའི་སྨོན་ལམ་སྟོབས། །མི་མཉམ་མཐུ་གྲུབ་འདྲེན་པ་ཤཱཀྱའི་ཏོག །ཚད་མེད་ཐབས་མཁས་ཐུགས་རྗེའི་རླུང་ཤུགས་ཀྱིས། །ཉེ་བར་དྲངས་པའི་མཚན་དཀྱིལ་ཟླ་བ་གཞོན། །ཕུན་ཚོགས་ལྔ་ལྡན་རིགས་ཀྱི་མཁའ་ལམ་དུ། །འཛུམ་པའི་གྲགས་པ་མངོན་དགའི་ཞིང་ན་སྙན། །དཔལ་ལྡན་ཛམྦུ་ཏྲིཀྵས་མཚན་པའི་ལྗོངས། །དབུས་འགྱུར་ཆོས་ཀྱི་ཞིང་ས་མ་གྷ་དྷར། །དོན་ཀུན་གྲུབ་པའི་ཞབས་སེན་ནོར་བུའི་ཏོག །མངོན་པར་བཀོད་པའི་རྫོགས་ལྡན་དུས་སྟོན་དར། །དེ་ཚེ་དགེ་ལེགས་ཤིས་པའི་མེ་ཏོག་ཆར། །ངོ་མཚར་བསྐལ་པ་བཟང་པོའི་མཚན་མ་འབུམ། །སུམ་རྩེན་ཡུལ་ནས་འཆི་མེད་བདག་པོ་ཡིས། །བྱིན་པའི་དཔལ་གྱིས་ས་འདི་མཛེས་པར་བྱས། །ཨེ་མ་རྒྱལ་སྲས་ཚེས་པའི་ཟླ་བ་གཞོན། །ལང་ཚོའི་འཕེལ་ཆ་ཉིན་བཞིན་རྫོགས་པའི་མོད། །འཕང་དང་སྒྱུ་རྩལ་ཡི་གེའི་རིགས་སོགས་ལ། །འགྲན་པ་ཟླ་མེད་མཁྱེན་པའི་བློ་སྟོབས་རྒྱས། །དེ་ལྟའི་མི་མཆོག་སྟོབས་ཀྱི་འཁོར་ལོའི་སྒྱུར། །ཡབ་རྗེའི་བཀའ་རྟགས་གསེར་གྱི་ཅོད་པཎ་གྱིས། །མངོན་པར་བསྟོད་པའི་གྲགས་སྙན་རྔ་སྒྲའི་དབྱངས། །ལྷོ་རྒྱུད་འཛམ་གླིང་ཁྱོན་ན་ཅིར་ཡང་ལྡིར། །ནམ་ཞིག་དུས་ན་སྲིད་པའི་དངོས་འབྱོར་གྱི། །འདོད་པའི་རྩེ་དགའ་རྒྱས་པའི་ཕུན་ཚོགས་ཁབ། །ཉེས་བརྒྱའི་འབྱུང་ཁུངས་མཆིལ་མའི་ཐལ་བ་བཞིན། །དོར་ནས་མངོན་དགའ་ཞི་བའི་ནགས་སུ་གཤེགས། །སྡུག་བསྔལ་མང་ལྡན་སྲིད་པའི་གྲོང་ཁྱེར་འདིའི། །སྐྱེ་རྒ་ན་འཆིའི་ཚོར་བ་རྩུབ་མོའི་རོས། །མངོན་པར་ཡིད་དབྱུང་གྲོལ་བ་དོན་གཉེར་པའི། །དམ་བཅའི་བཀའ་ཐུབ་སྲོག་གི་ཟུངས་སུ་བརྟན། །བགྲང་ཡས་བསྐལ་པར་མི་ཉམས་དམ་བཅའི་ཁུར། །རྫོགས་སྨིན་སྦྱང་པ་རྒྱ་མཚོའི་གོ་བགོས་ཏེ། །གཞོམ་བྲལ་ཏིང་འཛིན་རྡོ་རྗེའི་མཚོན་ཆ་ཡིས། །སྒྲིབ་གཉིས་ཉེས་ཚོགས་འཇོམས་ལ་གཅིག་ཏུ་དཔའ། །ཞི་བའི་ཏིང་འཛིན་རླུང་གིས་བསྐྱོད་པ་ཡི། །རྣམ་པར་མི་རྟོག་ལམ་བདེན་ཡེ་ཤེས་མེས། །ཀུན་འབྱུང་འཇིགས་ཚོགས་ལྟ་བའི་ཚང་ཚིང་ནགས། །མ་ལུས་བསྲེགས་པའི་འགོག་པ་མངོན་དུ་བྱས། །རྒྱ་ཆེན་ཚོགས་གཉིས་གོམ་པའི་སྟབས་ཆེན་གྱིས། ལམ་ལྔ་ས་བཅུའི་བགྲོད་པ་མཐར་ཕྱིན་ཏེ། །སྐུ་བཞིའི་གོ་འཕང་ཆོས་ཀྱི་རྒྱལ་ས་རུ། གཤེགས་པའི་ཐུབ་པ་སྟོབས་བཅུའི་དབང་ཕྱུག་རྒྱལ། །མགོན་པོ་མཆོག་དེས་ཟབ་རྒྱས་ཆོས་ཀྱི་སྒོ། །མདོ་དང་སྔགས་ཀྱི་གྲུ་ཆར་མི་འཛད་པ། །ཐེག་གསུམ་གདུལ་བྱའི་ཞིང་སར་བསྐྱིལ་བ་ལས། །རྣམ་གྲོལ་འབྲས་བུའི་དགའ་སྟོན་ཅི་དགར་སྨིན། །ཨེ་མ་བསླབ་གསུམ་རིན་ཆེན་གཏེར་གྱི་མཛོད། །ཕན་བདེའི་འདོད་པ་འཇོ་བའི་ལུང་རྟོགས་བསྟན། །མ་ལུས་འགྲོ་བའི་བསོད་ནམས་དཔྱིད་དཔལ་དུ། །ཆས་ཚེ་ལྗོངས་འདི་རྫོགས་ལྡན་དཔལ་ལ་འཁུ། །ཞེས་བྱ་བ་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱི་དབུས་སུ་པདྨ་དཀར་པོ་ལྟར་ཡོངས་སུ་བསྔགས་པའི་རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱའི་རྒྱལ་པོ་འཇིག་རྟེན་དུ་བྱོན་ནས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་ཉུང་ངུའི་ངག་གིས་མདོ་ཙམ་བརྗོད་པའི་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། སྟོན་པ་འཇིག་རྟེན་དུ་བྱོན་ནས་མདོ་སྔགས་ཀྱི་བསྟན་པ་ཇི་ལྟར་དར་ཚུལ་བཤད་པའི་སྐབས་ཏེ་སརྒ་དང་པོ་རྫོགས་སོ།། །།

གཉིས་པ། རྗེས་འཇུག་འཕགས་པའི་གང་ཟག་རྣམས་ཀྱིས་བཀའ་བསྡུ་འཆད་སྤེལ་གྱིས་རིམ་པར་བསྐྱངས་ཚུལ་བསྙད་པ།

གཅིག ཐུན་མོང་ཐེག་དམན་ལུགས་ཀྱི་བཀའ་བསྡུ་རིམ་པ་གསུམ་མཛད་ཚུལ།

གཉིས་པ་རྗེས་འཇུག་འཕགས་པའི་གང་ཟག་དག་གིས་ཇི་ལྟར་བསྐྱངས་ཚུལ་བཤད་པ་ལ། ཐུན་མོང་ཐེག་དམན་ལུགས་ཀྱི་བཀའ་བསྡུ་རིམ་པ་གསུམ་མཛད་ཚུལ། ཐུན་མིན་ཐེག་ཆེན་མདོ་ལུགས་ཀྱི་བཀའ་བསྡུ་མཛད་ཚུལ། གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་བསྡུ་མཛད་ཚུལ་སྟེ་གསུམ་ལས། དང་པོ་ཐེག་དམན་ལུགས་ཀྱི་བཀའ་བསྡུ་རིམ་པ་གསུམ་མཛད་ཚུལ་བཤད་པ་ལས།

བསྡུ་བ་དང་པོ་ནི། ཇི་སྐད་དུ། ལུང་ཕྲན་ཚེགས་ལས། སྟོན་པ་མྱ་ངན་འདས་ནས་ཕྱི་དེའི་དབྱར། །རྒྱལ་པོའི་ཁབ་ཀྱི་གསང་བའི་བྲག་ཕུག་ཏུ། །དགྲ་བཅོམ་ལྔ་བརྒྱ་འདུས་པའི་འཚོ་བ་ནི། །མ་སྐྱེས་དགྲས་སྦྱར་སྡེ་སྣོད་གསུམ་དུ་བསྡུས། །ཞེས་འབྱུང་བ་ལྟར་སྟོན་པ་མྱ་ངན་ལས་མ་འདས་པའི་གོང་ཙམ་དུ་ཤཱ་རིའི་བུ་དང་ལྷན་ཅིག་ཏུ་དགྲ་བཅོམ་པ་བརྒྱད་ཁྲི། མོངྒལ་གྱི་བུ་དང་ལྷན་གཅིག་ཏུ་དགྲ་བཅོམ་པ་བདུན་ཁྲི། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་དང་བཅས་པ་མྱ་ངན་ལས་འདས་པའི་ཚེ། ལྷ་རྣམས་ཀྱིས་བཅོམ་ལྡན་འདས་དང་དགེ་སློང་དབང་ཡོད་པ་རྣམས་ནི་མྱ་ངན་ལས་འདས་ཤིང་། དམ་པའི་ཆོས་ཀྱང་མེ་ཤི་བའི་དུད་པ་ཙམ་དུ་གྱུར་ཏོ་ཞེས་འཕྱ་བ་བྱས་པས། འོད་སྲུང་ཆེན་པོས་གང་བོ་ལ་དགེ་འདུན་བསྡུ་བའི་གཎྜི་རྡུངས་བར་གྱིས་ཤིག་ཅེས་བཀའ་བསྩལ་བ་བཞིན་མཛད་པས་བ་ལང་བདག་གྲོངས་བས་དགྲ་བཅོམ་པ་ལྔ་བརྒྱ་ལ་གཅིག་གིས་ཁ་མ་གང་བ་ན། འོད་སྲུང་གིས་ཀུན་དགའ་བོ་ལ་སྐྱོ་བས་བསྐུལ་ཏེ་དགྲ་བཅོམ་གྱི་གོ་འཕང་ལ་སྦྱོར་བ་མཛད་པས་དགྲ་བཅོམ་པ་ལྔ་བརྒྱ་འདུས་པའི་ཚེ། རྒྱལ་པོའི་ཁབ་ནྱ་གྲོ་དྷ་ཡི་བྲག་ཕུག་ཏུ་རྒྱལ་པོ་མ་སྐྱེས་དགྲས་འཚོ་བ་སྦྱར་ཏེ་ཉེ་བ་འཁོར་གྱིས་འདུལ་བ། ཀུན་དགའ་བོས་མདོ་སྡེ། འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་མཐའ་དག་བསྡུ་བ་མཛད་པས། ལྷ་རྣམས་ནི་འཕེལ། ལྷ་མིན་རྣམས་འགྲིབ། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་སོ། །ཞེས་ལྷ་རྣམས་ཀྱིས་འོག་མིན་གྱི་བར་དུ་བསྒྲགས་སོ། །དེ་ནས་དབྱར་གྲོལ་བ་ན་འོད་སྲུང་ཆེན་པོས་ཀུན་དགའ་བོ་ལ་བསྟན་པ་གཏད་ནས་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་རི་བྱ་གག་རྐང་ཅན་གྱི་རྩེ་མོར་སྟོན་པས་གནང་བའི་སྣམ་སྦྱར་སྐུ་ལ་གསོལ་ཏེ་སེང་གེ་ཉལ་སྟབས་ཀྱིས་གཟིམས་ནས་མྱ་ངན་ལས་འདས་སོ། །དེ་རྗེས་ཀུན་དགའ་བོས་ཤཱ་ནའི་གོས་ཅན་བསྙེན་པར་རྫོགས་ཏེ་བསྟན་པ་གཏད། དེས་ཉེར་སྦས་ལ་བསྟན་པ་གཏད། ཉེར་སྦས་ཀྱིས་འཕགས་པ་དྷི་དྷི་ལ་བསྟན་པ་གཏད། དེས་འཕགས་པ་ནག་པོ་ལ་བསྟན་པ་གཏད་ཅིང་། དེས་ཀྱང་ལེགས་མཐོང་ལ་བསྟན་པ་གཏད་པ་བཅས་སངས་རྒྱས་ཉིད་ཀྱི་ལུང་གིས་ཟིན་པའི་གནས་བརྟན་ཆེན་པོ་སྡེ་སྣོད་གསུམ་པ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཤ་སྟག་བྱོན་ནོ། །

བསྡུ་བ་གཉིས་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་འདས་པ་ན། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུག་དང་

གདིང་། །གསེར་ལ་རུང་བ་བྱ་བ་སྟེ། །འདི་དག་རུང་མིན་གཞི་བཅུར་འདོད། །ཅེས་པ་ལྟར་རུང་བ་མ་ཡིན་པའི་གཞི་བཅུ་བྱས་ཏེ་བསྟན་པ་དཀྲུགས་པ་ན། གཞི་བཅུའི་འདོད་པ་བསལ་བའི་ཕྱིར་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་མཛད་དེ། ཡུལ་ཡངས་པ་ཅན་ཀསྨ་པུ་རིའི་གཙུག་ལག་ཁང་དུ་གྲགས་པ་ལ་སོགས་པར་དགྲ་བཅོམ་པ་བདུན་བརྒྱས་སྡེ་སྣོད་གསུམ་རྫོགས་པར་བཏོན་ནས་སུན་ཕྱུང་པ་མཛད་དོ། །

བསྡུ་བ་གསུམ་པ་ནི། བཞེད་པ་མི་མཐུན་པ་ཅི་རིགས་སུ་སྣང་བ་ལས། འཕགས་ཡུལ་གྱི་པཎྜི་ཏ་ཕལ་མོ་ཆེའི་བཞེད་པ་ལྟར་ན་འདས་ལོ་བཞི་བརྒྱར་ཉེ་བ་ན། ཁ་ཆེ་ཛ་ལནྡྷ་རའི་གནས་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བར་རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས་ཏེ། བྷ་སུ་མི་ཏྲ་སོགས་གཟུངས་ཐོབ་པའི་བྱང་སེམས་ལྔ་བརྒྱ་དང་། པུརྞི་ཀ་ལ་སོགས་དགྲ་བཅོམ་པ་ལྔ་བརྒྱ། སོ་སྐྱེ་བཙུན་པ་ཁྲི་དྲུག་སྟོང་རྣམས་ཀྱིས་སྡེ་སྣོད་གསུམ་པོ་གླེགས་བམ་ལ་བྲིས་ཏེ་ཉན་ཐོས་སྡེ་བ་བཅོ་བརྒྱད་དུ་གྱེས་པ་གཅིག་ཏུ་འདུམ་པར་བྱས་ནས་བསྡུ་བ་གསུམ་པ་བྱས་པར་འདོད་དོ། །

གཉིས། ཐུན་མིན་ཐེག་ཆེན་མདོ་ལུགས་ཀྱི་བཀའ་བསྡུ་མཛད་ཚུལ།

གཉིས་པ་ཐུན་མིན་ཐེག་ཆེན་རྒྱུ་ཕར་ཕྱིན་ཐེག་པའི་སྡེ་སྣོད་གསུམ་བསྡུས་ཤིང་དར་ཚུལ་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བཱི་མ་སྭ་བྷ་ཝའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་དང་ལྷན་ཅིག་ཏུ་བྱམས་པས་འདུལ་བ། འཇམ་དཔལ་གྱིས་མདོ་སྡེ། གསང་བདག་གིས་མངོན་པའི་སྡེ་སྣོད་རྣམས་བསྡུ་བར་མཛད། ཅེས་བཞེད་པ་དང་། དེ་དང་མཚུངས་པར་རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། གསང་བའི་བདག་པོ། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པ་བྱེད་པོ་ཉན་ཐོས་མ་ཡིན་ཏེ་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་དང་། གསང་བ་བསམ་མི་ཁྱབ་པའི་མདོ་ལས་ཕྱག་ན་རྡོ་རྗེ་སངས་རྒྱས་སྟོང་གི་བསྟན་པའི་སྡུད་པ་པོར་བཤད་པ་དང་། ཐེག་ཆེན་གྱི་སྡེ་སྣོད་གཞན་དག་ལས་བྱ་རྒོད་ཕུང་པོའི་རི་བོའི་ལྷོ་ཕྱོགས་ཀྱི་རི་ལ་ཟབ་མོ་ལྟ་བའི་ཕྱོགས་རྣམས་འཇམ་དབྱངས་དང་། རྒྱ་ཆེན་སྤྱོད་པའི་ཕྱོགས་རྣམས་བྱམས་པས་བསྡུས་སོ་ཞེས་བཞེད་དོ། །དེ་ལྟར་བསྡུ་བ་བྱས་མ་ཐག་ཏུ་ལྷ་ཀླུ་མི་མ་ཡིན་རྣམས་ཀྱིས་ཐེག་ཆེན་གྱི་གླེགས་བམ་རྣམས་རང་རང་གི་གནས་སུ་སྤྱན་དྲངས་ནས་མཆོད་པ་ན། ཕྱིས་རྫུ་འཕྲུལ་ལ་མངའ་བརྙེས་པའི་སྐྱེས་བུ་རྣམས་ཀྱིས་སླར་མི་ཡུལ་དུ་ཅི་རིགས་པར་གདན་དྲངས་པ་དང་། མི་ཡུལ་དུ་བཞུགས་པ་རྣམས་ཀྱང་རིམ་པར་དར་ཞིང་རྒྱས་པར་བྱུང་བ་སྟེ། ཐེག་དམན་གྱི་བཀའ་བསྡུ་གསུམ་པ་མ་བྱས་པའི་གོང་ཙམ་དུ་ཡུལ་ཨོ་ཌི་བི་ཤར་བྱ་བའི་རྒྱལ་པོ་ཟླ་སྲུང་གི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་གི་ཚུལ་དུ་བྱོན་ནས་ཐེག་པ་ཆེན་པོའི་ཆོས་བསྟན་ཅིང་གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་བྱུང་ལ། མདོ་ལུགས་པ་རྣམས་ཤེར་ཕྱིན་བརྒྱད་སྟོང་པ་ཡིན་པར་འདོད་ཅིང་། གསང་སྔགས་པ་རྣམས་དེ་ཁོ་ཉིད་བསྡུས་པ་ཡིན་ཞེས་ཟེར། གང་ལྟར་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་ཆེན་མི་ཡུལ་དུ་དར་བའི་ཐོག་མ་ཡིན་པར་ཐམས་ཅད་བཞེད་པ་མཐུན། དེ་ནས་བཙུན་པ་ཨ་བི་ཏརྒ་སོགས་རྣམ་རིག་སྨྲ་བའི་སློབ་དཔོན་ལྔ་བརྒྱ་ཙམ་བྱོན། རིམ་པར་བྲམ་ཟེ་སྒྲ་གཅན་འཛིན་བྱོན་ཞིང་། དེའི་སློབ་མ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་ཐོབ་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྩ་ཤེས་སོགས་དབུ་མའི་བསྟན་བཅོས་མཛད་དེ་ཤེར་ཕྱིན་གྱི་དངོས་བསྟན་དབུ་མའི་ལུགས་ཟབ་མོ་ལྟ་བའི་སྲོལ་རྒྱ་ཆེར་ཕྱེས། དེའི་སློབ་མ་ནཱ་ག་ཧཱ། ནཱ་ག་བོ་དྷིའམ་ཀླུའི་བྱང་ཆུབ། ཨཪྱ་དེ་ཝ་བཅས་བྱོན་ཞིང་འདིས་དབུ་མ་བཞི་བརྒྱ་པ་མཛད། ཨཪྱ་དེ་ཝའི་སློབ་མ་དམངས་རིགས་སྒྲ་གཅན་འཛིན་བཟང་པོ་དང་སློབ་དཔོན་དཔའ་བོའི་ཞབས་སོགས་བྱོན། ཡང་ཀླུ་སྒྲུབ་ཀྱི་སློབ་མ་དགེ་སྲུང་ལས་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་གཉིས་བྱོན་ཏེ་སོ་སོས་བསྟན་བཅོས་མཛད་ནས་དབུ་མ་ཐལ་རང་གི་སྲོལ་གཉིས་སུ་གྱེས། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷའི་སློབ་མ་ཟླ་བ་གྲགས་པས་ཚིག་གསལ་དང་འཇུག་པ་གཉིས་བརྩམས་ཏེ་ཐལ་འགྱུར་ཤིང་རྟའི་སྲོལ་དངོས་སུ་ཕྱེས། ཡང་སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་བྱོན། གཅེན་ཐོགས་མེད་དགའ་ལྡན་དུ་ཕེབས་ཏེ་རྒྱལ་ཚབ་བྱམས་མགོན་ལས་བྱམས་ཆོས་སྡེ་ལྔ་གསན་ཏེ་མི་ཡུལ་དུ་བསྒྲགས་ཤིང་རྒྱ་ཆེན་སྤྱོད་པའི་སྲོལ་གྱི་ཤིང་རྟའི་བཀའ་སྲོལ་ཐོག་མར་ཕྱེས། དེའི་སློབ་མ་གཅུང་དབྱིག་གཉེན་གྱིས་མངོན་མཛོད་སོགས་བསྟན་བཅོས་བྱས་ནས་ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་གསལ་བར་མཛད། དེ་ལ་རང་མཁས་ཀྱི་སློབ་མ་བཞི་ཞེས་ཕྱོགས་ཀྱི་གླང་པོ་དང་། ཡོན་ཏན་འོད། བློ་གྲོས་བརྟན་པ། འཕགས་པ་རྣམ་གྲོལ་སྡེ་བཅས་བྱོན། བློ་བརྟན་གྱི་སློབ་མ་དགེ་བསྙེན་ཙནྡྲ་གོ་མི་བྱོན་ཞིང་དེས་ཐོགས་མེད་ཀྱི་གཞུང་བཟུང་ནས་ཟླ་གྲགས་དང་ཆོས་ཀྱི་བརྒལ་བརྟག་མཛད། ཕྱོགས་ཀྱི་གླང་པོ་སོགས་ཀྱི་སློབ་མ་ནཱ་ལེནྡྲའི་མཁན་པོ་ཆོས་སྐྱོང་བྱ་བ་བྱོན་ནས་དབུ་མ་བཞི་བརྒྱ་པ་རྣམ་རིག་ཏུ་བཀྲལ་བ་སོགས་བསྟན་བཅོས་མང་དུ་མཛད། དེའི་སློབ་མ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དང་དཔལ་ལྡན་ཆོས་སྐྱོང་སྟེ་ཕྱིས་གྲུབ་ཐོབ་བི་རཱུ་པར་གྲགས་པ་གཉིས་བྱོན། དཔལ་ཆོས་ཀྱི་གྲགས་པས་ཕྱོགས་ཀྱི་གླང་པོའི་སློབ་མ་དབང་ཕྱུག་སྡེ་ལས་ཚད་མ་དང་སློབ་དཔོན་ཆོས་སྐྱོང་ལས་སྡེ་སྣོད་གསུམ་གྱི་ཟིལ་མངར་བཞེས། དེ་ལྟར་ཀླུ་སྒྲུབ་དང་། ཐོགས་མེད། ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་གསུམ་དང་། ཨཪྱ་དེ་ཝ། དབྱིག་གཉེན། ཆོས་གྲགས་གསུམ་ནི་འགྲེལ་བ་བྱེད་པ་པོ་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཏུ་གྲགས་ཀྱི་མཆོག་གཉིས་ཀྱི་ཐ་སྙད་འཕགས་ཡུལ་དུ་མ་བྱུང་པར་གསུངས། དེ་བཞིན་རྨད་བྱུང་གི་སློབ་དཔོན་ཆེན་པོ་བཞི། མཁས་པ་སྒོ་དྲུག གྲུབ་ཆེན་བརྒྱད་ཅུ་སོགས་རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་ལ་རང་དབང་འབྱོར་བའི་སློབ་དཔོན་མཐའ་ཡས་པ་བྱོན་པ་རྣམས་ཀྱིས་བསྟན་པ་ལ་འཇུག་འདོད་ཀྱི་སྐལ་ལྡན་རྣམས་འཆད་པས་རྗེས་སུ་བཟུང་ཞིང་། རྒོལ་འདོད་ཀྱི་རྟོག་གེ་པ་ལུང་དང་རིགས་པས་ཚར་བཅད། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་དགོངས་འགྲེལ་བསྟན་བཅོས་ཀྱི་ཚོགས་མང་དུ་བརྩམས་ནས་ཐེག་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་མཐའ་རྒྱས་སུ་བསྐྱངས་སོ། །

གསུམ། གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་བསྡུ་མཛད་ཚུལ།

གསུམ་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་བསྡུས་ཤིང་དར་ཚུལ་ནི། དེ་ལ་རྒྱུད་འགྲེལ་འགའ་ཞིག་ཏུ་རྒྱུད་ཀྱི་ཞུ་བ་པོ་དང་མཇུག་ཏུ་གང་ལ་གཏད་པ་དེས་བསྡུས་པར་བཞེད་དེ། དཔེར་ན་དུས་འཁོར་ཟླ་བཟང་། བརྟག་གཉིས་རྡོ་རྗེ་སྙིང་པོས། སྡོམ་འབྱུང་ཕྱག་རྡོར་སོགས་ཀྱིས་བསྡུས་སོ་ཟེར། གཞན་ཡང་རྩ་རྒྱུད་རྒྱས་པ་རྣམས་ལས་བསྡུས་ནས་བསྡུས་རྒྱུད་རྣམས་གསུངས་པས་སྟོན་པ་པོ་ཉིད་ཀྱིས་བསྡུས་པར་བཤད་པ་དང་། དེ་ལས་གཞན་དཔལ་གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་འགའ་ཡོད་པ་མ་ཡིན་ཏེ། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པོ་ནི་ཐུགས་རྡོ་རྗེ། །ཞེས་གསུངས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དཔལ་གསང་བའི་བདག་པོ་ལས་ལོགས་སུ་བཞག་པ་མེད་པས་གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསང་བདག་གིས་བསྡུས་པར་བཤད་ཅིང་། ལྕང་ལོ་ཅན་དུ་བྱང་སེམས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འདུས་ཏེ་གསང་བདག་ལ་གསོལ་བ་བཏབ་པས། དེས་སྔགས་ཀྱི་རྒྱུད་མ་ལུས་པ་བསྡུས་ནས་ཡི་གེར་བཀོད་ནས་ཨོ་རྒྱན་དུ་ཀླུ་ལས་གྱུར་པའི་མཁའ་འགྲོ་མ་རྣམས་ལ་དབང་བསྐུར་གདམས་གཏད་མཛད་ཚུལ། ཨིནྜ་བོ་དྷིས་མཛད་པའི་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་བ་ལས། རྒྱལ་པོ་ཨིནྜ་བོ་དྷི་འཁོར་བཅས་ལ། །དབང་བསྐུར་བྱིན་རླབས་གསང་ཆེན་བླ་མེད་ཆོས། །ལྐོག་གྱུར་དག་ཏུ་རྡོ་རྗེ་ཐེག་མཆོག་གི །ཆོས་ཀྱི་འཁོར་ལོ་སྐོར་བར་མཛད་པའོ། །ཕྱི་དུས་རིམ་པར་ལུང་བསྟན་སྡུད་པ་པོས། །རི་བོ་མཆོག་རབ་བྱང་ཤར་ལྷ་གནས་མཆོག །ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོར་ནི། །རྒྱུད་རྣམས་མ་ལུས་སེམས་དཔའ་ཆེན་པོའི་ཚོགས། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་དྲུག་སོགས། །འདུས་ཏེ་རྗེ་བཙུན་གསང་བའི་བདག་པོ་ལ། །གསོལ་བ་བཏབ་ཚེ་འདི་སྐད་བདག་ཐོས་ཞེས། །རབ་ཏུ་གསུངས་པ་གསེར་གྱི་ཤོག་བུ་ལ། །བཻ་ཌཱུཪྱ་ཡི་ཞུན་མས་ཡི་གེར་བཀོད། །དེ་ནས་མ་འོངས་དུས་ལ་དགོངས་ནས་ནི། །ཨོ་རྒྱན་གནས་སུ་ཀླུ་ལས་བྱུང་བ་ཡི། །མཁའ་འགྲོ་མ་ཡི་ཚོགས་ལ་བྱིན་གྱིས་བརླབས། །དྷརྨ་སཱ་ཛ་གསང་བ་ཆོས་ཀྱི་མཛོད། །དཔལ་ལྡན་རང་བྱུང་ཕོ་བྲང་གནྡྷོ་ལར། །མཁའ་འགྲོའི་དབང་ཕྱུག་མངོན་པར་དགའ་མ་སོགས། །བྱིན་བརླབས་དབང་བསྐུར་ཕྱི་རབས་སྐལ་ལྡན་

ལ། །རྗེས་གནང་ཉེ་བར་གདམས་པ་ལུང་བསྟན་པའོ། །ཞེས་སོ། །དེས་ན་གསང་སྔགས་ཀྱི་རྒྱུད་རྣམས་ཕལ་ཆེར་གསང་བའི་བདག་པོ་དང་། རྡོ་རྗེ་ཆོས། རྡོ་རྗེ་སྙིང་པོ། འཇམ་དཔལ། སྤྱན་རས་གཟིགས། སྤྲུལ་བའི་སྐུ་དགའ་རབ་རྡོ་རྗེ་སོགས་དང་། མཁའ་འགྲོ་མ་པཱུརྞ་ཉེ་བར་ཞི་བ་སོགས་མཁའ་འགྲོའི་ཚོགས། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་སོགས་མ་ངེས་པའི་རིགས་ཅན་གྱིས་ཀྱང་བསྡུ་བར་མཛད་ནས་འཇིག་རྟེན་གྱི་ཁམས་འདིར་ཡོངས་སུ་དར་བ་བྱུང་ངོ་། །སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་འཕགས་ཡུལ་དུ་དར་ནུབ་ཅི་རིགས་བྱུང་བ་དང་། ཁྱད་པར་བླ་མེད་ཀྱི་རྒྱུད་སྡེ་རྣམས་སྐལ་བ་མཆོག་དང་ལྡན་པ་རེ་གཉིས་ལ་ཐོད་རྒལ་དུ་ལྷག་པའི་ལྷ་སོགས་ཀྱིས་བསྟན་ཅིང་རང་ཉིད་གཅིག་པུས་ཉམས་སུ་བླངས་པས་དངོས་གྲུབ་ཐོབ་པ་ལས། རྗེས་སུ་གདམས་པ་དང་བརྒྱུད་པ་རིམ་ཅན་དུ་འདོམས་པ་ཆེར་མེད་པས་མངོན་ཚན་ཅན་དུ་དར་བ་ལྟ་ཅི་མཚན་ཙམ་ཡང་ཤེས་པ་དཀོན་པས་གསར་རྙིང་གཉིས་ལ་ལོ་རྒྱུས་ཀྱི་བབ་མི་འདྲ་བ་ཅི་རིགས་བྱུང་བ་སྟེ། སྔ་འགྱུར་རྙིང་མའི་ནང་རྒྱུད་སྡེ་གསུམ་གྱི་བརྒྱུད་སྲོལ་འོག་ཏུ་འབྱུང་མ་རག་པའི་དུམ་བུར་བརྗོད་པར་འདོད་པས་འདིར་མི་སྤྲོ་ལ། གསང་སྔགས་གསར་མ་པའི་བཤད་སྲོལ་ནི། སྟོན་པས་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་རྒྱུད་རྣམས་གཏད་ཅིང་། རྒྱལ་པོས་རྒྱུད་རྣམས་གླེགས་བམ་དུ་བྱས་ནས་སྐྱེ་བོ་རྣམས་ལ་བསྟན་པས་སྲོག་ཆགས་ཕྲ་མོ་ཡན་ཆད་གྲུབ་པ་ཐོབ་སྟེ་འཇའ་ལུས་སུ་སོང་། དེ་ནས་ཨོ་རྒྱན་གྱི་ཡུལ་སྟོངས་ཤིང་མཚོར་གྱུར་པ་ཀླུས་གང་བ་ལ་གསང་བདག་གིས་རྒྱུད་རྣམས་བསྟན་ཅིང་སྨིན་པར་མཛད། དེ་དག་རིམ་གྱིས་མིར་གྱུར་ནས་མཚོ་འགྲམ་དུ་གྲོང་བཅས་ཏེ་ཉམས་སུ་བླངས་པས་གྲུབ་པ་ཐོབ། དེ་རྣམས་ཀྱི་བུ་དང་བུ་མོ་རྣམས་དཔའ་བོ་དང་མཁའ་འགྲོ་མར་གྱུར་པས་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་གྲགས། མཚོ་དེ་ཡང་བསྐམས་ཏེ་ཧེ་རུ་ཀའི་ལྷ་ཁང་རང་བྱུང་ཞིག་བྱུང་བས། དེའི་དཀོར་མཛོད་དུ་རྒྱུད་ཀྱི་གླེགས་བམ་རྣམས་བཞུགས་པ་ལས། ཕྱིས་རྒྱལ་པོ་བ་སུ་ཀལྤས་གསང་བ་འདུས་པ་དང་། ཀླུ་སྒྲུབ་ཀྱིས་དགྱེས་རྡོར། ཀུ་ཀུ་རི་པས་མ་ཧཱ་མ་ཡ་དང་འཇིགས་བྱེད་སོགས་གྲུབ་ཐོབ་རྣམས་ཀྱིས་གསར་རྒྱུད་ཕལ་ཆེར་ཞིག་དེ་ནས་བླངས་ཤིང་། དེ་བཞིན་དུ་ཙི་ལུ་པ་སོགས་ཀྱིས་ཤམྦྷ་ལའི་ཡུལ་ནས་དུས་འཁོར་བླངས་པ་སོགས་ཡུལ་གཞན་དག་ནས་བླངས་ཏེ་དར་རོ་ཞེས་ལོ་རྒྱུས་ཅུང་ཟད་མི་མཐུན་པ་མང་ཞིང་། གང་ལྟར་དཔལ་ས་ར་ཧ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་། ཡེ་ཤེས་ཞབས་སོགས་སློབ་དཔོན་བཅུ་གཉིས། གཞན་ཡང་མཁས་པ་སྒོ་དྲུག །དུས་འཁོར་ཞབས་པ་ཆེ་ཆུང་སོགས་གྲུབ་ཐོབ་བརྗོད་ཀྱིས་མི་ལངས་པ་བྱོན་ཏེ་གཙོ་བོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་ནས་སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ས་ལ་བཀོད་པ་སོགས་གསང་བ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་བར་མཛད་དོ། །

སྨྲས་པ།

ཐུབ་དབང་གངས་ཀྱི་རི་བོ་ལས་འོངས་པའི། །ཐོག་མཐའ་བར་དགེའི་ལེགས་གསུང་མདོ་སྔགས་ཆོས། །བཤད་སྒྲུབ་རྦ་རླབས་འཕྱུར་བའི་རྩེ་དགའ་ཅན། །ལྷོ་རྒྱུད་འཛམ་གླིང་ཆོས་ཀྱི་ཞིང་སར་འཁྱིལ། །ཨེ་མ་མ་ལུས་ཕན་བདེའི་གཏེར། །དགེ་ལེགས་པད་མོ་འཛུམ་པའི་གཉེན། །ཐུབ་བསྟན་ཉི་མ་གཞོན་ནུའི་དཔལ། །གདུལ་བྱའི་མཁའ་ལ་མངོན་པར་འཕགས། །དེ་ཚེ་མདོ་སྔགས་ཆོས་ཀྱི་ཆར། །འཐུང་ལྡན་མཁས་གྲུབ་ལྗོན་པའི་ཚལ། །ཐེག་གསུམ་འབྲས་བུས་རབ་དུད་བཞིན། །བགྲང་ཡས་འགྲོ་བའི་དཔལ་དུ་སྨིན། །རྒྱལ་བ་སྐྱོབས་པ་མཆོག་དེའི་ལེགས་གསུང་ཆོས། །ཐ་དད་གདུལ་བྱའི་ཁམས་དབང་རྗེས་འགྲོ་བའི། །རིམ་དང་ཅིག་ཆར་ཐར་དང་རྣམ་མཁྱེན་སར། །བགྲོད་པའི་ལམ་སྟེགས་ཆོས་ཀྱི་སྒོ་མོ་མང་། །དེ་ལྟ་ནའང་རྒྱུ་འབྲས་ཐེག་པའི་ཚུལ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དྲུག་གིས། །བསྡུས་པའི་ཆོས་ཚུལ་དྲང་ངེས་ལྡེམ་དགོངས་སོགས། །ཇི་སྙེད་མཆིས་པ་བདེ་གཤེགས་བསྟན་པའི་ལམ། །རྒྱལ་བའི་རྒྱལ་ཚབ་གནས་བརྟན་གཏད་རབས་བདུན། །རྒྱལ་སྲས་སེམས་དཔའ་རིགས་གསུམ་མགོན་པོ་དང་། །རྒྱལ་བའི་ལུང་ཟིན་རྒྱན་དྲུག་མཆོག་གཉིས་ཀྱིས། །རྒྱལ་གསུང་བཀའ་བསྡུ་འཆད་དང་རྩོམ་པས་སྤེལ། །ཞེས་པ་ནི་རྒྱལ་བསྟན་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དབུས་འགྱུར་ཆོས་ཀྱི་ཞིང་ས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་བསྡུ་འཆད་སྤེལ་གྱིས་ཇི་ལྟར་བསྐྱངས་ཚུལ་བསྟན་པའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། རྗེས་འཇུག་འཕགས་པའི་གང་ཟག་རྣམས་ཀྱིས་བཀའ་བསྡུ་འཆད་སྤེལ་གྱིས་རྒྱལ་བསྟན་རིམ་པར་བསྐྱངས་ཚུལ་བསྙད་པ་སྟེ་སརྒ་གཉིས་པ་རྫོགས་སོ།། །།

གསུམ་པ། གསང་ཆེན་རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་དར་ཚུལ་བྱེ་བྲག་ཏུ་བཤད་པ།

གཅིག རྒྱལ་བ་དགོངས་པའི་བརྒྱུད་པ།

གསུམ་པ་གསང་ཆེན་རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་དར་ཚུལ་བྱེ་བྲག་ཏུ་བཤད་པ་ལ། དེ་ལ་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ་བསྐྱེད་པ་མ་ཧཱ་ཡོ་ག །ཆོས་ཐམས་ཅད་ཀྱི་ལམ་ལྟ་བུ་ལུང་ཨ་ནུ་ཡོ་ག །ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་གྱི་ཆོས་ཀྱི་བྱུང་ཚུལ་ནི། ཇི་སྐད་དུ། སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པའི་དོན་བཞིན། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་སྟེ་བརྒྱུད་པའི་ཆུ་འགོ་བསྟན་པའི་བབ་ལུགས་ཆེན་མོ་གསུམ་ཞེས་གྲགས་པ་ལས།

དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ནི། ཀུན་བྱེད་ལས། སྐུ་གསུམ་སྟོན་པ་དེ་ཡི་བཤད་ལུགས་ནི། །སྟོན་པ་ཆོས་སྐུས་བྱིན་གྱིས་བརླབས་ལས་བཤད། །ལོངས་སྤྱོད་རྫོགས་པས་རང་གིས་ངོ་བོས་བཤད། །སྤྲུལ་པ་སྐུ་ཡིས་ཚིག་དང་དོན་བསྡེབས་ནས། །གང་ཟག་རྣ་བའི་དབང་པོའི་ཚིག་དོན་སྟོན། །ཅེས་པ་ལྟར་གསུམ་ལས།

དང་པོ་སྟོན་པ་ཆོས་སྐུས་རང་བཞིན་བྱིན་གྱིས་རླབས་ཀྱིས་ཇི་ལྟར་གསུང་ཚུལ་ནི། ཀུན་བྱེད་ལས། སྟོན་པ་བསྟན་པ་འཁོར་དུས་གནས་དག་ནི། །ཕུན་སུམ་ཚོགས་པ་ལྔ་ཡི་རང་བཞིན་ནོ། །ཞེས་པ་ལྟར་ལས། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སྤྲོས་པ་དང་བྲལ་བ་སྐྱེ་འགག་མེད་པའི་ཀློང་། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པ་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་གདོད་ནས་མངོན་པར་བྱང་ཆུབ་པའི་རང་བཞིན་ཉིད། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འགྱུར་བ་མེད་པ་དུས་བཞི་མཉམ་པ་ཉིད་ཀྱི་རང་བཞིན་ན། འཁོར་ཕུན་སུམ་ཚོགས་པ་སྟོན་པ་ཉིད་ལས་ཐ་མི་དད་པའི་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་མཉམ་རྫོགས་ཆེན་པོ་མ་གསུངས་མི་གསུང་གསུང་བ་མེད་པའི་ཚུལ་གྱིས་རྣམ་པར་དག་པ་སྟེ། སྙིང་འགྲེལ་ལས། སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲད་པའོ། །ཞེས་དང་། ཐལ་འགྱུར་ལས། དེས་ན་ཆོས་ཉིད་ནམ་མཁའ་ལ། །ཁྱབ་འཇུག་ཆེན་པོའི་གསུང་གིས་ནི། །བྱིན་གྱིས་བརླབས་ཀྱིས་རང་སྒྲ་སྣང་། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་སྟོན་པ་ལོངས་སྐུས་རང་གི་ངོ་བོའི་སྣང་བས་གསུངས་ཚུལ་ནི། སྟོན་པ་ཕུན་སུམ་ཚོགས་པ་ཆོས་སྐུ་སྤྲོས་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ་ཀུན་ཏུ་བཟང་པོ་ཉིད་ལོངས་སྐུའི་རྣམ་པར་བཞེངས་ཏེ། གནས་ཕུན་སུམ་ཚོགས་པ་རང་སྣང་སྟུག་པོ་བཀོད་པ་གསལ་དག་བདེ་བའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྣམ་པར་སྣང་མཛད་ལ། འཁོར་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་ཀྱི་དཀྱིལ་འཁོར་ནམ་མཁའི་དབྱིངས་ཀྱི་མཐའ་ཁྱབ་པ་ཞི་བ་དང་ཁྲོ་བོའི་རང་བཞིན་མངོན་པར་སྣང་བས་བསྐོར་ཏེ། དུས་ཕུན་སུམ་ཚོགས་པ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཉིད་འདུ་འབྲལ་མེད་པའི་ངོ་བོ་བསམ་གྱིས་མི་ཁྱབ་པ་ན། ཆོས་ཕུན་སུམ་ཚོགས་པ་རང་བཞིན་གསང་བའི་སྙིང་པོ-དེ་ཁོ་ན་ཉིད་ངེས་པར་རང་བྱུང་རང་ཤར་ཆེན་པོར་རང་སྣང་བའོ། །

གསུམ་པ་སྤྲུལ་སྐུས་སྒྲ་ཚིག་སྡེབ་སྦྱོར་ལེགས་པས་གསུང་པའི་ཚུལ་ལ་གཉིས་ཏེ། རིག་པའི་སྐྱེས་བུ་ཐུབ་པ་དྲུག་སྣང་བས་གདུལ་བྱའི་དོན་མཛད་ཚུལ་ནི། དེ་ལྟར་ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་ནས་རིག་པའི་སྐྱེས་བུ་རིགས་ལྔ་གངས་ཆེན་མཚོའི་སྐུ་ལས་སྤྲུལ་བའི་དང་པོ་ཡི་གེ་སྤྲིན་གྱི་འོད་ཟེར་བྱེ་བ་ཕྲག་ཁྲིག་དཔག་ཏུ་མེད་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་འཕྲོས་པའི་རྩེ་མོ་ལས། རིག་པའི་སྐྱེས་བུ་ཐུབ་པ་དྲུག་གྲངས་མེད་བརྗོད་དུ་མེད་པ་ཐོན་ཏེ་ལྷ་དང་ལྷ་མིན་ལ་སོགས་པ་འགྲོ་བ་སོ་སོའི་དོན་མཛད་པ་ལས་མིའི་ཐུབ་པ་བསྐལ་བཟང་སངས་རྒྱས་སྟོང་བྱོན་ནས་འགྲོ་བའི་དོན་མཛད་ཅིང་། ཁྱད་པར་ཚེ་ལོ་བརྒྱ་པའི་ཚེ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་མཚན་དང་རྣམ་པས་གདུལ་བར་དགོངས་ནས་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་སྐུ་མཉམ་དུ་སྣང་བ་མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་མཐར་ཕྱིན་པའི་ཚེ། གྲོང་ཁྱེར་རྩྭ་མཆོག་ཏུ་ཤིང་སཱ་ལ་ཟུང་གི་དྲུང་དུ་སེང་གེའི་ཁྲི་ལ་ཞི་བར་གཟིམས་ཏེ་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག ཆོས་ཐམས་ཅད་ནི་མི་རྟག་པ། འབྱོར་པ་ཐམས་ཅད་ནི་རྒུད་པ། དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པ། གང་ཟག་གི་སྲོག་གི་དབང་པོ་ལ་ངེས་པར་སྐྱེ་ཤི་ཡོད་པའི་ཕྱིར་ང་ཡོངས་སུ་མྱ་ངན་ལས་འདའ་བས། གང་སུ་དག་ཐེ་ཚོམ་དང་སྤྲོས་པ་ཡོད་ན་དྲིས་ཤིག་གསུངས་པ་ན། འཁོར་རྣམས་ཀྱི་ནང་ནས་རིག་འཛིན་ཆེན་པོ་ཀུཉྫར་ཞེས་བྱ་བ་སྟན་ལས་ལངས་ཏེ་གསོལ་པ། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་ལ་མཐུན་འཇུག་ཏུ། །འདའ་བས་ཡོངས་སུ་འདུལ་བར་དགོངས། །ཞེས་སོགས་དྲིས་པར་ལན་ལྔ་གསུངས་པའི་ནང་ནས། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པར་བླང་དོར་དུ་སྤྱོད་བྱེད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་ལངས་པ། །མཉམ་པའི་ཐེག་མཆོག་ཡོངས་མ་གསུངས། །ཞེས་སྔར་གསང་སྔགས་མ་གསུངས་པའི་ཚུལ་དང་ཕྱིས་གསང་སྔགས་འབྱུང་བའི་དུས་ཀྱང་ལུང་དུ་བསྟན་པ་སྟེ། དགོངས་འདུས་ལས། རྨོངས་པར་གདུང་བ་སེལ་ན་ཡང་འབྱུང་། འཇིག་རྟེན་སྒྲོན་མ་བཀོད་པ་ན་ཡང་འབྱུང་། ངེས་པར་རྙེད་པ་ན་ཡང་འབྱུང་། དགོངས་པ་ངེས་པར་འགྲེལ་ན་ཡང་འབྱུང་། བྱིན་གྱིས་བརླབས་པ་ན་ཡང་འབྱུང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་། ཆེད་དུ་མཛད་པ་ན་ཡང་འབྱུང་། ལུང་ཆེན་པོ་ངེས་པར་བསྟན་པ་ན་ཡང་འབྱུང་། ལས་རྒྱུན་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་གྲོལ་བ་ན་ཡང་འབྱུང་། ཞེས་པ་དང་། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་ཉི་ཤུ་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། རྒྱལ་པོ་ཛཿཞེས་བྱ་བ་ལ། ལག་ན་རྡོ་རྗེས་སྣང་བར་བྱེད། མི་ལས་སྐལ་ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་གྲུབ་གྱུར་པས། །དེ་ལ་རྟག་ཏུ་གུས་པར་གྱིས། །ཞེས་དང་། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སོགས་ལུང་དུ་བསྟན་ནས་མྱ་ངན་ལས་འདས་སོ། །གཉིས་པ་རིག་པའི་སྐྱེས་བུ་སེམས་དཔར་སྣང་བས་འགྲོ་བའི་དོན་མཛད་པ་ནི། ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་དུ་སྟོན་པ་ལོངས་སྐུ་བླ་ན་མེད་པའི་གསང་བ་རང་གི་ངོ་བོ་ལས་ཐ་མི་དད་པའི་སྐུ་གསུང་ཐུགས་ཀྱི་སེམས་དཔའ་རིག་གསུམ་མགོན་པོ་སོགས་སུ་བསྟན་ནས་ལྷ་ཀླུ་མིའི་གནས་རིས་སོ་སོར་འགྲོ་བའི་དོན་མཛད་ཚུལ་སོགས་འོག་མའི་ཚོམས་སུ་འབྱུང་བ་ལྟར་རོ། །

གཉིས། རིག་འཛིན་བརྡ་ཡི་བརྒྱུད་པ།

༡ རིག་འཛིན་མི་མ་ཡིན་པ་ལས་བརྒྱུད་པ།

གཉིས་པ་རིག་འཛིན་བརྡ་ཡི་བརྒྱུད་པ་ལ་གཉིས་ཏེ། རིག་འཛིན་མི་མ་ཡིན་པ་ལས་བརྒྱུད་པ་དང་། མི་དང་མི་མ་ཡིན་གཉིས་ཀ་ལས་བྱུང་པའོ། །

དང་པོ་ནི། སྟོན་པ་ཉིད་ལས་ཐ་མི་དད་པའི་སྤྲུལ་བ་རིགས་གསུམ་དུ་སྣང་བར་མཛད་དེ་གདུལ་བྱ་ལྷ་ཀླུ་གནོད་སྦྱིན་གསུམ་ལ་ནང་རྒྱུད་སྡེ་གསུམ་གྱི་ཆོས་ཚུལ་བརྡའི་སྒོ་ནས་བཤད་ཅིང་བརྒྱུད་པ་སྟེ། དེ་ཡང་སྐུ་ཡི་སྤྲུལ་པ་འཇམ་དཔལ་དབྱངས་ནི་མཁྱེན་རབ་མཆོག་ཏུ་གྱུར་པས་གཙོ་བོར་ལྟ་བའི་ཆོས་སྟོན་ཅིང་། མཚན་དང་དཔེ་བྱད་དུ་འབར་བས་ལྷ་ཡི་གནས་སུ་ལྷ་རྣམས་ཀྱི་དོན་མཛད་ཅིང་གསང་བ་དམ་པ་ལྷ་གྲགས་ལྡན་མཆོག་སྐྱོང་སོགས་ལ་དེ་དག་གི་ཁམས་དབང་དང་མཐུན་པར་བཤད་ཅིང་། དེས་ལྷ་ཚངས་པ་རིན་ཆེན་འོད་འབར་ལ། དེས་ཚངས་པ་སྐྱེ་དགུའི་བདག་པོ། དེས་ཚངས་པ་ཀུན་གྲོལ། དེས་ཚངས་པ་གཙུག་ཕུད་འཛིན་པ་ལ། དེས་ལྷ་དབང་བརྒྱ་བྱིན། དེས་ལྷའི་རིག་འཛིན་ཚོམ་བུ་འབུམ་ཕྲག་ལ་བཤད་པས་ལྷ་རྣམས་ཀྱང་སངས་རྒྱས་ཀྱི་གདུང་འཚོབ་ཅིང་རིག་པ་འཛིན་པར་གྱུར་ཏོ། །གསུང་གི་སྤྲུལ་པ་སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པས་གཙོ་བོར་སྤྱོད་པའི་ཆོས་སྟོན་ཅིང་ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་ཅིང་། དེས་ཀླུ་མོ་མ་མ་ཁ་འདུལ་ལ། དེས་ཀླུ་མོ་འདུལ་ཚང་མ། དེས་ཀླུ་ཡིད་འོང་དགའ། དེས་ཀླུ་འཇོག་པོ་སོགས་ཀླུའི་རིག་འཛིན་ཚོམ་བུ་འབུམ་ཕྲག་དང་བཅས་པར་བཤད་པས་སངས་རྒྱས་པར་གྱུར་ཏོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུ་ཅན་གྱིས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བསྟན། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ། དེས་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ་བཤད་པས་སྔར་བཞིན་རྡོ་རྗེ་འཆང་གི་ས་བརྙེས་པར་གྱུར་ཏོ། །

བྱེ་བྲག་རྫོགས་པ་ཆེན་པོའི་སྐོར་རྣམས་ནི། དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་ན་ལྷ་དེ་བ་བཟང་སྐྱོང་གི་བུ་ཀུན་དགའ་སྙིང་པོ་ཞེས་ལྷ་བུ་གཞན་དག་ལས་བློ་གྲོས་ཀྱི་རྩལ་ཁྱད་དུ་འཕགས་པ་ཞིག་བྱུང་ཞིང་། དེ་ཉིད་ལྷའི་འདོད་ཡོན་ལ་མི་དགའ་བར་རྒྱུན་དུ་བསམ་གཏན་གྱི་ཁང་བུར་འདུག་ཅིང་རྡོ་རྗེའི་བཟླས་པར་བརྩོན་པས་ལྷ་བུ་སེམས་ལྷག་ཅན་ཞེས་གྲགས། དེ་ལ་ཆུ་མོ་གླང་གི་ལོའི་ཆོ་འཕྲུལ་ཟླ་བར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་འོད་ཟེར་འཕྲོས་ཏེ་རང་ལ་ཐིམ་པ་སོགས་རྨི་ལྟས་ཁྱད་པར་བ་བཞི་བྱུང་བས་ཤིན་ཏུ་དགའ་སྟེ། ཕྱོགས་བཞིར་གདོང་ཕྱོགས་ནས་སངས་རྒྱས་ཐམས་ཅད་བསྐུལ་བ། གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་བའི་ཐེག་པ་མཐར་བཏོན་ནས། །རྩོལ་མེད་ཐེག་པ་མི་གསུང་པར། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པ་ན། །ལྷུན་གྱིས་གྲུབ་པ་གསུང་དུ་གསོལ། །ཞེས་གསོལ་བ་བཏབ་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་རིགས་ལྔའི་སངས་རྒྱས་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་བྱིན་གྱིས་བརླབས་ཤིང་ཚིགས་སུ་བཅད་པ་རྩོལ་མེད་ཀྱི་ཐེག་པ་སྣང་བར་བྱ་བའི་དུས་ལ་བབ་པར་བསྐུལ་བས། རྡོ་རྗེ་སེམས་དཔའི་ཞལ་ནས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བདག་གིས་བགྲོ་བ་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པ་ནི་རྣམ་པར་བགྲོ། །ཞེས་ཞལ་གྱིས་བཞེས་ནས་སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེ་སྲོག་ཤིང་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་གནས་སུ་བྱོན་ནས། ལྷའི་བུ་སེམས་ལྷག་ཅན་ལ་ཐོག་མར་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ཏེ་མན་ངག་གི་ལུང་བཅུ་ཕོག ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས་སྐུ་གསུམ་ཐུག་ཕྲད་ཀྱི་གདམས་པ་བྱིན། ཐིག་ལེ་ཆེན་པོའི་དབང་བསྐུར་ནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། མི་འགྱུར་བརྟན་པའི་དབང་བསྐུར་ནས་སྤྱོད་ལམ་རིག་པའི་མན་ངག་བྱིན། གཉིས་མེད་འདྲེས་པའི་དབང་བསྐུར་ནས་ཕྱག་རྒྱ་ཆེན་པོའི་མན་ངག་བྱིན། གཞན་ཡང་དབང་དང་མན་ངག་གི་རྒྱུད་སྡེ་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་བྱིན་ནས་རྒྱལ་ཚབ་ཏུ་མངའ་གསོལ་བ་སྟེ། ཇི་སྐད་དུ། རྨད་བྱུང་བསྟན་པའི་སྙིང་པོ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱོས། །ཞེས་སོ། །

༢ མི་དང་མི་མ་ཡིན་གཉིས་ཀ་ལས་བྱུང་བ།

གཉིས་པ་རིག་འཛིན་མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་ཚུལ་ནི། ཇི་སྐད་དུ། དགོངས་པ་ལུང་སྟོན་པའི་མདོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པ་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ལས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མི་གསུང་། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པར་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་ནས་ནི། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན། སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན་ལྷ་གྲགས་ལྡན་མཆོག་སྐྱོང་དང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མེད་གྲགས་པ་སྟེ་དམ་པའི་རིགས་ཅན་དྲྭ་མ་ལྔ་པོས་འཇིག་རྟེན་མགོན་པོ་མྱ་ངན་ལས་འདས་པ་མངོན་པར་ཤེས་པས་ཤེས་ནས་ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ཏེ་རྫུ་འཕྲུལ་གྱིས་རི་མཱ་ལ་ཡའི་རྩེ་མོར་འདུས་ཏེ། ཀྱེ་མ་ཧོ་ཀྱེ་མ་འཇིག་རྟེན་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ཚེ། །འཇིག་རྟེན་མུན་པ་གང་གིས་བསལ། །ཞེས་སོགས་གདུང་ཚིག་ཉེར་གསུམ་བཏོན་ཅིང་མཆི་མ་ཕྱུང་བ་ན། །དེའི་ཚེ་གསང་བའི་བདག་པོ་སངས་རྒྱས་ཀྱི་གསང་སྔགས་སྟོན་པར་དབང་བསྐུར་བ་བརྙེས་པའི་ཕྱིར་མངོན་སུམ་དུ་སྣང་བར་མཛད་པ་སྟེ། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་ལྟར་བདག་གིས་ཀྱང་། །སྐུལ་བའི་དུས་ནི་གང་བྱུང་བར། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་གསུངས་ནས་རིགས་ཅན་ལྔ་དང་གཞན་ཡང་རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེ་ལ་སྔོན་སྟོན་པས་འོག་མིན་སོགས་སུ་གསང་སྔགས་ཀྱི་ཆོས་བསྟན་པ་རྣམས་སླར་ཡང་བཟླས་ཏེ་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུཪྱ་ཞུན་མས་ཡི་གེར་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་སྟེ་སྦས་པ་སྟེ། ཇི་སྐད་དུ། གཞི་རྒྱུད་དགོངས་སྣོད་གནས་བསྲུང་བདག་བརྒྱུད་འཛིན། །ཞེས་པས། གསེར་གྱི་བྱང་བུ་ལ་འབྲི་གཞི་ཕུན་སུམ་ཚོགས་པར་དགོངས་པ། བཻ་ཌཱུཪྱ་ཞུན་མས་བྲིས་པ་རྒྱུ་ཕུན་སུམ་ཚོགས་པ་ལ་དགོངས་པ། རིན་པོ་ཆེའི་སྒྲོམ་བུ་སྣོད་ངོ་མཚར་བར་དགོངས་པ། ནམ་མཁའ་འབྱུང་བཞིས་མི་འཇིག་པས་གཏེར་གནས་དམ་པར་དགོངས་པ། མ་དང་མཁའ་འགྲོ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཏེར་སྲུང་ཁྱད་པར་ཅན་དུ་དགོངས་པ། ཆོས་བདག་རྒྱལ་པོ་ཛ་ལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་ལ་དགོངས་པ། སྐྱེ་འཕགས་བྱང་སེམས་ས་ལ་གནས་པ་སོགས་གྲུབ་བརྙེས་བརྒྱུད་འཛིན་ལ་དགོངས་པ་སྟེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེ་ལྟར་ལངྐའི་ཡུལ་ན་ཡོད་པའི་རི་མཱ་ལ་ཡ་ནི། ཇི་སྐད་དུ། རྩེ་ན་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུགས་པ། །སེང་གེ་གནམ་དུ་མཆོང་འདྲས་བརྒྱན། །རྩི་སྨན་རྩ་བརྒྱད་རྩ་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། །སྤྱི་བོར་ཀ་ལནྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པ་ཡི། །མཛོད་ལྡན་དེ་ཡི་ཚང་བཅས་པ། །སྐལ་ལྡན་རྣམས་ཀྱིས་བགྲོད་པར་སླ། །སྐལ་མེད་རྣམས་ནི་ཡོངས་མི་ཐར། །ཞེས་གསུངས་པ་ལྟར་གླིང་གཞན་ལས་ཁྱད་དུ་འཕགས་པའི་ཡོན་ཏན་གྱིས་འབྱོར་ཞིང་། གནས་དེར་སྔོན་བཅོམ་ལྡན་འདས་ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ཏེ་བྱང་སེམས་བློ་གྲོས་ཆེན་པོས་ཞུས་པ་ལས་ལང་ཀར་གཤེགས་མདོ་གསུངས་ཤིང་། གཞན་ཡང་ཡུལ་དེར་སློབ་དཔོན་ཆེན་མོ་ཀ་ཧ་ན་པ་བྱོན་ནས་བི་ཤྭ་རཱི་པཱི་ཞེས་པའི་སྲིན་མོ་འཁོར་ལྔ་བརྒྱའི་ཚོགས་དང་བཅས་པ་བཏུལ་ནས་སྔགས་ཀྱི་བསྟན་པ་སྤེལ་བར་མཛད། ཕྱིས་སུ་ཐེག་ཆེན་གྱི་སློབ་དཔོན་ལངྐ་རྒྱལ་བ་བཟང་པོ་འཁྲུངས་ལ། སློབ་དཔོན་ཙནྡྲ་གོ་མི་ཡང་ཡུལ་དེར་བྱོན། ཤཱནྟི་པ་དང་པཎ་ཆེན་ནགས་ཀྱི་རིན་ཆེན་ཡང་བྱོན་ནས་མདོ་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་ཅིང་། དེང་སང་ཡང་ཐེག་དམན་ཉན་ཐོས་པའི་བསྟན་པ་དར་རྒྱས་སུ་བཞུགས་ཤིང་ཡོངས་གྲགས་སུ་རྒྱལ་ཁབ་ཀྱི་མིང་ལ་ཤྲཱི་ལངྐ་ཞེས་འབོད་དོ། །

གསུམ། གང་ཟག་སྙན་ཁུང་གི་བརྒྱུད་པ།

༡ དཔལ་མ་ཧཱ་ཡོ་གའི་བརྒྱུད་ཚུལ།

ཀ རྩ་བར་གྱུར་པ་རྒྱུད་སྡེའི་བརྒྱུད་ཚུལ།

གསུམ་པ་གང་ཟག་སྙན་ཁུང་གི་བརྒྱུད་པ་ལ་གསུམ་ལས། དང་པོ་དཔལ་མ་ཧཱ་ཡོ་གའི་བརྒྱུད་ཚུལ་ནི། དེ་ཡང་མ་ཧཱ་ཡོ་ག་ལའང་རྩ་བར་གྱུར་པ་རྒྱུད་སྡེ་དང་། ཟབ་པ་སྒྲུབ་སྡེ་གཉིས་སུ་ཡོད་པ་ལས། སྔ་མ་ཏནྟྲ་ཆེན་མོ་སྡེ་བཅོ་བརྒྱད་ནི། སྐུ་ཡི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ་སྟེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་བའི་རྒྱུད་སྡེ་ཆེན་མོ་ལྔ་དང་། ཧེ་རུ་ཀ་རོལ་བའི་རྒྱུད། རྟ་མཆོག་རོལ་བའི་རྒྱུད། སྙིང་རྗེ་རོལ་བའི་རྒྱུད། བདུད་རྩི་རོལ་བའི་རྒྱུད། ཕུར་བ་བཅུ་གཉིས་པ་འབྱུང་བའི་རྒྱུད་བཅས་སྒྲུབ་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། རི་བོ་བརྩེགས་པ། ཡེ་ཤེས་རྔམས་གློག དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག གླང་ཆེན་རབ་འབོག་གི་རྒྱུད་བཅས་སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། དཀྱིལ་འཁོར་གྱི་ཡན་ལག་ཏུ་གྱུར་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་། དངོས་གྲུབ་སྒྲུབ་པའི་ཆ་རྐྱེན་ཆོ་གའི་ཡན་ལག་ཏུ་གྱུར་པ་འཕགས་པ་ཐབས་ཀྱི་ཞགས་པ་པད་མོ་ཕྲེང་བའི་དོན་བསྡུས་ཏེ་མ་ཚང་བ་ཁ་སྐོང་གི་རྒྱུད་ཕྱི་མ་གཉིས། ཐམས་ཅད་ཀྱི་བསྡུས་དོན་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བའི་སྙིང་པོ་སྟེ་བཅོ་བརྒྱད་དུ་མཁས་པ་ཕལ་མོ་ཆེས་བཞེད་ཅིང་། དེ་དག་ནང་གསེས་སུ་དབྱེ་ན་རྩ་རྒྱུད་གསང་བ་སྙིང་པོ། རོལ་བ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ། དཀྱིལ་འཁོར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཕྲིན་ལས་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ། ཡོན་ཏན་མཐར་ཕྱིན་པ་སྟོན་པ་སྒྱུ་འཕྲུལ་བརྒྱད་ཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ། དམ་ཚིག་གཙོ་བོར་སྟོན་པ་སྒྱུ་འཕྲུལ་ལེ་ལག་སྟེ་སྒྱུ་འཕྲུལ་སྡེ་བརྒྱད། གྲོལ་ལམ་སྟོན་པ་ཡེ་ཤེས་སྙིང་པོ། ཅིག་ཆར་སྟོན་པ་རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་གྱིས་སྟོན་པ་རྡོ་རྗེ་ཐལ་པ། ཅིག་ཆར་སྟོན་པ་རྡོ་རྗེ་རྒྱ་མཚོ་སྟེ་བཤད་རྒྱུད་སྡེ་བཞི་ཞེས་གྲགས་ལ། དེ་ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེས་རི་མ་ལ་ཡ་དྲག་ཤུལ་ཅན་གྱི་རྩེ་མོར་དམ་པའི་རིགས་ཅན་དྲྭ་མ་ལྔ་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་ཚེ། ས་ཧོ་རའི་རྒྱལ་པོ་ཛ་གསང་སྔགས་ཕྱི་རྒྱུད་ཀྱི་སྒྲུབ་པར་བཞུགས་པ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་སྟེ། ཇི་སྐད་དུ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱེད་པ་དང་། །ཀུན་ཀྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབ་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་སོ། །དེ་ལ་རྒྱལ་པོ་ཛ་ནི་སྟོན་པས་མདོ་རྒྱུད་ཐམས་ཅད་ནས་ལུང་བསྟན་པའི་སྐྱེས་བུ་སྟེ། བདེ་མཆོག་སྡོམ་བྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་གྲངས་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོ་སྣང་བར་འགྱུར། །ཞེས་པ་དང་། དེ་དང་མཚུངས་པར་སྤྱི་མདོ་དགོངས་འདུས་ལས་ཀྱང་འབྱུང་ལ། རྒྱལ་པོ་ཛ་དེ་གང་ཡིན་ངོས་འཛིན་ཚུལ་སྣ་ཚོགས་སྣང་ཡང་སློབ་དཔོན་ཀུ་ཀུ་ར་ཛ་དང་དུས་མཚུངས་པས་ཨིནྡྲ་བྷུ་ཏི་བར་པ་ལ་བྱེད་དགོས་པ་འདྲ་ཞེས་སྔོན་གྱི་ལོ་རྒྱུས་སྨྲ་བ་སོགས་བཞེད། གང་ལྟར་རྒྱལ་པོ་དེ་ཉིད་རྒྱུད་སྡེ་འོག་མའི་རྣལ་འབྱོར་སྒོམ་ཞིང་བཞུགས་པའི་ཚེ་སྔར་གྱི་རྨི་ལྟས་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབ་པ་སྟེ། ཀྲི་ཡའི་རྒྱུད་རྣམས་ཝཱ་ར་ཎ་སིར་བབ། ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བའི་ཚལ་དུ་བབ། ཡོ་གའི་རྒྱུད་དུར་ཁྲོད་མེ་རི་འབར་བའི་རྩེར་བབ། མ་ཧཱ་ཡོ་གའི་རྒྱུད་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་དང་གསང་བའི་བདག་པོའི་སྐུ་ཁྲུ་གང་བ་གཅིག་བཅས་རྒྱལ་པོ་ཛ་ཉིད་ཀྱི་ཁང་སྟེང་དུ་བབ། ཨ་ནུ་ཡོ་གའི་རྒྱུད་རྣམས་ལངྐའི་གླིང་གི་རི་བོ་མ་ལ་ཡར་གླེགས་བམ་དང་བཅས་ཏེ་ཆར་བབ་པར་གྱུར་ཏོ། །དེ་ནས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ཤིང་དེ་དང་ཕྱག་ན་རྡོ་རྗེའི་སྐུ་ལ་བརྟེན་ནས་ཟླ་བ་བདུན་ལ་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་དངོས་སུ་མཐོང་ཞིང་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་གླེགས་བམ་གྱི་དོན་མ་ལུས་པ་མཁྱེན་པར་གསུངས་ཏེ། ཉིད་ཀྱིས་མཛད་པའི་སྒྱུ་འཕྲུལ་ལམ་རྣམ་བཀོད་ལས། ཤར་ཕྱོགས་ཨིནྡྲའི་ལུང་པ་ནས། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྡྲ་བྷུ་ཏི་ངས། །གསང་བའི་བདག་པོས་མངོན་བསྟེན་པའི། །སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ། །སྤང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུལ་ནས་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །ཞེས་གསུངས། ལོ་རྒྱུས་འགའ་ཞིག་ཏུ་རྒྱལ་པོས་རྒྱུད་དོན་མ་ལུས་པ་མཁྱེན་པར་གྱུར་ཀྱང་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ནས་སློབ་དཔོན་ལ་མ་བསྟེན་པར་མི་རྟོགས་པའི་ཚུལ་གྱིས་སློབ་དཔོན་ཨུ་པ་རཱ་ཛ་ལ་བསྟེན་པས་བརྡ་དང་དོན་མ་མཇལ། དེ་ནས་ཟ་ཧོར་གྱི་ཡུལ་ན་མཁྱེན་པ་ཆེ་བར་གྲགས་པའི་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བསྟེན་པས་དེས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྡོར་སེམས་ལེའུ་རྟོགས་ཏེ་བསྒྲུབས་པས་རྡོ་རྗེ་སེམས་དཔས་ཞལ་བསྟན་ནས་རྒྱུད་དོན་ཡོངས་སུ་རྫོགས་པ་གསང་བདག་གིས་སྟོན་པ་འགྱུར་རོ་ཞེས་ལུང་བསྟན། དེ་ལྟར་སྒྲུབ་པ་མཛད་པས་གསང་བདག་དངོས་སུ་བྱོན་ཏེ་དོན་གྱི་བསྟན་པ་དང་ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར་ཞིང་ཚིག་གི་བརྒྱུད་པ་ལི་ཙ་བཱི་དྲི་མེད་གྲགས་པ་ལས་ཞུས་ཤིག་ཅེས་ལུང་བྱིན། སློབ་དཔོན་གྱིས་གསང་བདག་གི་བཀའ་ལྟར་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དུ་ཕྱེས་ནས་རྒྱལ་པོ་ཛ་ལ་བསྟན་པར་མཛད་དོ་ཞེས་བྱུང་ངོ་། །རྒྱལ་པོ་འདིས་སྒྱུ་འཕྲུལ་ལམ་རྣམ་བཀོད་དང་། རིམ་པ་གཉིས་པ་ལ་སོགས་པ་མཛད་ཅིང་། གཞན་ཡང་བླ་མེད་ཀྱི་བསྟན་བཅོས་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་དང་། ཡེ་ཤེས་གྲུབ་པ། ལྷན་གཅིག་སྐྱེས་གྲུབ་སོགས་ཀྱང་མཛད། འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱི་རྒྱུད་དང་གདམས་ངག་ཅི་རིགས་པ་ལས་ཕལ་ཆེར་རྒྱལ་པོའི་རིགས་ཀྱི་སློབ་དཔོན་འདི་ཉིད་ལས་བྱུང་བ་ཤས་ཆེ་སྟེ། གྲུབ་ཐོབ་བྱིས་པའི་ཞབས་སམ་ཛ་ལནྡྷ་རི་པ་ནས་ནག་པོ་པ་སློབ་ཚོགས་དང་བཅས་པ། དེ་བཞིན་ཏིལླི་པ་དང་ནཱ་རོ་པ་སློབ་ཚོགས་དང་བཅས་པ་ཐམས་ཅད་ཀྱང་བརྒྱུད་པའི་བཀའ་སྲོལ་འདི་ཉིད་ལས་བྱུང་བར་གྲགས་སོ། །

རྒྱལ་པོ་ཨིནྡྲ་བྷུ་ཏི་ཆེན་པོས་ཏནྟྲའི་རྒྱུད་སྡེ་རྣམས་སློབ་དཔོན་ཀུ་ཀུ་རཱ་ཛ་སྟེ་ཁྱིའི་རྒྱལ་པོ་ལ་བཤད་དེ། སློབ་དཔོན་འདི་ནི་ལོ་རྒྱུས་འགའ་ཞིག་ཏུ་ཀུ་ཏ་རཱ་ཛ་ཞེས་ཀྱང་འབྱུང་སྟེ་ཉིན་མོ་ཁྱིའི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་རེ་ལ་ཆོས་སྟོན་ཅིང་། མཚན་མོ་དེ་དག་དང་ལྷན་དུ་དུར་ཁྲོད་ཀྱི་གནས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ལ་གནས་ཤིང་། དེ་ལྟར་ལོ་བཅུ་གཉིས་སུ་སྤྱད་པས་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན་ལ། ཡང་ཁ་ཅིག་གིས་སློབ་དཔོན་འདི་སྤྱོད་པར་གནས་པའི་ཚེ་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་སླར་ཡང་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་ནང་ནས་སངས་རྒྱས་མཉམ་སྦྱོར་ལ་སོགས་པའི་ནང་རྒྱུད་སྡེ་ལྔ་རྒྱ་ཆེར་བཤད་ཅིང་མཐར་ཟླ་གསང་ཐིག་ལེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ནོ་ཞེས་ཀྱང་ཟེར། སློབ་དཔོན་འདི་ཉིད་ཀྱིས་མཉམ་སྦྱོར་ལ་རྩལ་དུ་བཏོན་ཞིང་། གསང་དོན་རྣམ་པར་དགོད་པ་དྲུག་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་སོགས་བསྟན་བཅོས་དུ་མ་མཛད་དོ། །

སློབ་དཔོན་འདིས་ཤཱ་ཀྲ་པུ་ཏྲིའམ་ཨིནྡྲ་བྷུ་ཏི་ཆུང་བ་ལ་བཤད་པ་སྟེ། སློབ་དཔོན་འདི་ཉིད་ནི་ཕྱིས་སུ་གྲུབ་པ་བརྙེས་པའི་ཚེ་སློབ་དཔོན་ལྭ་བ་པར་གྲགས་པ་སྟེ། གསང་སྔགས་ཀྱི་སྒྲུབ་པ་ལ་བཞུགས་པའི་ཚེ་ཨོ་རྒྱན་ཡུལ་གྱི་མུ་སྟེགས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་གཏད་པ་ལག་ཏུ་བླངས་པས། ནང་པའི་མཁའ་འགྲོ་མ་རྣམས་ཀྱིས་བུ་ད་ནི་མ་ལེགས་ཀྱི་མུ་སྟེགས་ཀྱི་རྗེས་སུ་འཇུག་དགོས་པར་འགྱུར་རོ་ཟེར། དེར་སློབ་དཔོན་གྱིས་ཏིང་ངེ་འཛིན་བསྒོམས་ཤིང་བཞུགས་པས་ནམ་ཕྱེད་ཙམ་ན་མུ་སྟེགས་པའི་མཁའ་འགྲོ་རྣམས་ཀྱིས་རྡོ་ཆར་ཕབ་པ་བསྐྱེད་རིམ་གྱི་སྲུང་འཁོར་བསྒོམས་པས་མཚམས་ཚུན་ལ་མ་གནོད། ཡང་དུ་བསྐྱེད་རིམ་གྱི་ཕན་ཡོན་དེ་འདྲ་ན་རྫོགས་རིམ་གྱི་ནུས་པ་བསྟན་པར་བྱའོ་དགོངས་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པས་རྡོ་ཐམས་ཅད་ནམ་མཁའ་ལ་ཆགས་པ་དེང་སང་ཡང་སྒྲུབ་ཕུག་འདིའི་སྟེང་གི་ནམ་མཁའ་ལ་ཕ་ཝང་ཆེན་པོ་རྟེན་མེད་དུ་ཡོད་པ་དང་། བྲག་མེ་ལོང་ལྟར་འཇམ་པའི་ངོས་ལ་ཕ་ཝང་མང་པོ་ཆགས་པ་མངོན་སུམ་གྱི་སྤྱོད་ཡུལ་དུ་ཡོད་པར་གྲགས། ཡང་ལན་གཅིག་རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་དུ་ལོ་བཅུ་གཉིས་སུ་འོད་གསལ་ཐུན་གཅིག་གི་ངང་དུ་གཟིམས་པའི་ཚེ་སུ་ཞིག་སློབ་དཔོན་ལ་ཕྱག་མ་བྱས་པར་ཕྱིན་ན་བྱིན་པ་རེངས་འགྲོ་བ་བྱུང་བས་ཐམས་ཅད་ཀྱི་ཕྱག་བྱེད་དགོས་པ་བྱུང་། སྐབས་ཤིག་ཨོ་རྒྱན་གྱི་ཕྲ་མེན་ལྔ་བརྒྱས་བར་ཆད་བརྩམས་པར་འདོད་པ་ན་སློབ་དཔོན་གྱི་ཤུལ་དུ་ལྭ་བ་ཞིག་ལས་ཅི་ཡང་མི་འདུག ཀྱེ་མ་ནང་པའི་དགེ་སློང་འདིའི་སྒྱུ་མ་ལ་ལྟོས་རང་གི་ལུས་ལྭ་བར་བསྒྱུར་ནས་འདུག་ན་འདི་དུམ་བུར་བྱའོ་ཟེར་ནས་བགོས་ཏེ་ཟོས་སོ། །དེར་སློབ་དཔོན་གྱིས་ལུས་སྣང་བར་བྱས་ཏེ་དམོད་པ་བོར་བས་ཕྲ་མེན་ལྔ་བརྒྱ་པོ་ཐམས་ཅད་ལུག་མ་མོ་ལྔ་བརྒྱར་གྱུར། དེ་རྣམས་རྒྱལ་པོའི་དྲུང་དུ་ཕྱིན་ཏེ་དགེ་སློང་དུར་ཁྲོད་བདག་པོས་ངེད་ཅག་རྣམས་འདི་ལྟར་བྱས་པས་ལྷས་དགྲོལ་བའི་ཐབས་འཚལ་ལོ་ཞེས་ཟེར། རྒྱལ་པོས་སློབ་དཔོན་ལ་གསོལ་བས་སྐུ་གཅེར་བུར་བཞེངས་ཏེ་ཁྱོད་ཀྱི་སྔགས་འཆང་མ་རྣམས་ཀྱིས་དགེ་སློང་ལ་ནོར་ལྭ་བ་ཞིག་ཡོད་པ་ཟོས་པས་དེ་དག་ཁུག་ཅིག་གསུངས། དེེར་ཐམས་ཅད་བཀུག་པ་རེ་རེ་ལ་སྡིགས་མཛུབ་རེ་བསྟན་པས་མགོ་བརྙན་སྣ་ཚོགས་སུ་གྱུར་ནས་ལྭ་བའི་དུམ་བུ་སོ་སོར་བསྐྱུགས་པ་ཚེམ་བུ་བྱས་པས་ཅུང་ཟད་མ་འགྲིགས། ད་དུང་གསུམ་ཡོད་པ་ཁུག་ཅིག་གསུངས་པས། བཙུན་མོའི་འཁོར་གྱི་ནང་ན་གསུམ་ཡོད་པའང་བཀུག་ནས་སྔར་བཞིན་སྐྱུགས་སུ་བཅུག་པས་འགྲིགས་ནས་སྐུ་ལ་གསོལ་བས་རྗེ་བཙུན་ལྭ་བ་པར་གྲགས། དེ་བཞིན་སློབ་དཔོན་རོལ་བའི་རྡོ་རྗེ་ཐུན་མོང་གི་དངོས་གྲུབ་ཐོབ་པའི་སྐབས་ཤིག་ཨོ་རྒྱན་གྱི་ཡུལ་དུ་སློབ་དཔོན་འདི་དང་ལྷན་ཅིག་པར་བྱོན་པས་མུཎྜ་ཀ་ལར་རྫུ་འཕྲུལ་འགྲན་པའི་ལོ་རྒྱུས་སོགས་གྲུབ་པ་ཐོབ་པའི་རྟགས་སྐྱེ་བོ་རྣམས་ལ་བསྟན་པའི་ལོ་རྒྱུས་ཤིན་ཏུ་མང་། ཕྱིས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་དང་སློབ་དཔོན་གཉིས་ཆར་གྱིས་གདམས་པ་བསྟན་པས་ཐམས་ཅད་རིག་པ་འཛིན་པའི་ས་ལ་གཤེགས་པས་ཡུལ་སྟོང་བར་ཉེ་བར་གྱུར་སྐད་དོ། །

དེས་སེང་ཧ་རཱ་ཛ་ལ་བཤད་པས་འཁོར་ཚོམ་བུ་སྟོང་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས། དེས་ཨུ་པ་རཱ་ཛ་ལ་བཤད་དེ་འཁོར་ཚོམ་བུ་བརྒྱ་དང་། དེས་སྲས་མོ་གོ་མ་དེ་བཱི་ལ་བཤད་པས་འཁོར་ཚོམ་བུ་ལྔ་བཅུ་དང་བཅས་ཀུན་ཀྱང་ཟུང་འཇུག་རྡོ་རྗེ་འཆང་གི་སར་གཤེགས་པ་སྟེ། ལམ་རིམ་ལས། གསང་བའི་བདག་པོ་མངོན་གཤེགས་ནས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མི་ལས་སྐལ་ལྡན་འདུས་པ་ལ། །དབང་པོའི་ཇི་ལྟར་ལུང་བསྟན་དུས། །རྒྱལ་བུ་རིགས་ཅན་ལྟས་ཤར་བ། །འབྲེལ་བས་སྣང་བ་མངོན་བརྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་བསྒྲུབས། །བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་ནས་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །དེ་ནས་རྡོ་རྗེ་གདན་སྟེང་གི །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་རིན་ཆེན་དམ་པ་དེར། །བཀྲ་ཤིས་པ་ཡི་ལྷ་ཁང་དུ། །ཀུ་ཀུ་རཱ་ཛ་ཨིནྡྲ་བོ། །སིངྷ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་དེ་བཱི་སོགས། །སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་གསུངས་སོ། །སྲས་མོ་གོ་མ་དེ་བཱིས་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ་བཤད་དེ་འདི་ལ་ཀུ་ཀུ་རཱ་ཛ་ཕྱི་མ་ཞེས་གྲགས། དེས་སློབ་དཔོན་སྒེག་པ་རྡོ་རྗེ་དང་། རོ་ལངས་བདེ་བའི་དངོས་གྲུབ། དྲང་སྲོང་བྷཱ་ཥི་ཏ། ནཱ་ག་རྫུ་ན་བཞི་ལ་བཤད་ཅིང་། སློབ་དཔོན་སྒེག་པ་རྡོ་རྗེ་ནི། ཡུལ་ཥམ་ཥར་ཞེས་པར་སྐུ་འཁྲུངས་ཤིང་ཨོ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་བའི་མཚན་ལ་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་ཞེས་གྲགས། སྡེ་སྣོད་གསུམ་ལ་སྦྱངས་ཤིང་ཐོགས་མེད་ལུགས་ཀྱི་གྲུབ་མཐའ་ལ་ལྷག་པར་དུ་མཁས། ཨོ་རྒྱན་ཡུལ་གྱི་གླིང་ཕྲན་མ་དྷིམ་ཞེས་བྱ་བར་འཇམ་དཔལ་སྒྲུབ་སྐབས་བྲིས་སྐུའི་ཞལ་ནས་འོད་ཟེར་བྱུང་སྟེ་གླིང་དེར་ཡུན་རིང་སྣང་བས་ཉི་མ་དང་འདྲ་བ་ཞེས་བྱ་བར་མཚན་གསོལ། ལྟ་བ་ལོག་པ་ཞིག་བཀྲོང་དུ་འོངས་པ་ན་གླང་པོ་ཆེ་དང་། རྟ་དང་། ཁྱེའུ་དང་། བུ་མོ་དང་། མ་ཧེ་དང་། རྨ་བྱ་སོགས་སྣ་ཚོགས་པའི་གཟུགས་སུ་སྣང་བར་མཛད་པས་སྣ་ཚོགས་གཟུགས་ཅན་ཞེས་མཚན་དུ་གྲགས། སྐུ་ཚེའི་སྨད་དུ་ཨོ་རྒྱན་གྱི་ཡུལ་དུ་འགྲོ་བའི་དོན་རྒྱ་ཆེན་མཛད་པ་དང་། ནཱ་ལེནྡྲར་ཡང་ལོ་བཅུར་བཞུགས་ནས་གསང་སྔགས་ཀྱི་བསྟན་པ་སྤེལ། སློབ་དཔོན་འདི་རྒྱུད་སྡེ་སྤྱི་དང་ཁྱད་པར་སྒྱུ་འཕྲུལ་དྲྭ་བ་ལ་མཁས་ཤིང་གྲུབ་པ་བརྙེས་པས། མཚན་ཡང་དག་པར་བརྗོད་པ་བླ་མེད་ལུགས་སུ་བཀྲལ་བའི་ཊཱི་ཀ་དང་། དགྱེས་པ་རྡོ་རྗེའི་རྫོགས་རིམ་ཐིག་ལེ་ཆེན་པོའི་རིམ་པ། འདུས་པ་ལ་རྒྱུད་ཀྱི་བཤད་པ་བླ་མའི་མན་ངག་གིས་བཤད་པ། ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱུད་གཞན་དང་། གསང་སྙིང་འགྲེལ་པ་རིན་ཆེན་སྤར་ཁབ་དང་། ཐུགས་ཐིག དམ་ཚིག་གསལ་བཀྲ། རིམ་པ་དྲུག་པ། ཕྲ་རྒྱས་སོགས་སྒྱུ་འཕྲུལ་སྐོར་གྱི་བསྟན་བཅོས་མང་དུ་མཛད་ནས་མཐར་རྡོ་རྗེའི་སྐུ་བརྙེས་སོ། །

སྒེག་པས་སངས་རྒྱས་གསང་བ་ལ་བཤད་པ་སྟེ་སློབ་དཔོན་འདི་ཉིད་ནི། རྒྱ་གར་ཡུལ་དབུས་སུ་སྐུ་འཁྲུངས་ཤིང་ནཱ་ལེནྡྲར་རབ་ཏུ་བྱུང་། སྐུ་ཚེའི་སྟོད་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་བླ་མར་བསྟེན། ཝཱ་ར་ཎཱ་སིའི་གནས་ཤིག་ཏུ་འཇམ་དཔལ་བསྒྲུབས་པས་བྲིས་སྐུ་བཞད་ཅིང་དངོས་གྲུབ་ཀྱི་རྫས་བ་དམར་གྱི་མར་ཁུ་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཀྱང་ཁ་འབུས་པས་གྲུབ་པའི་རྟགས་སུ་མཁྱེན་ཞིང་། ཐོག་མར་མེ་ཏོག་འབུལ་ལམ་མར་ཁུ་གསོལ་སྙམ་པའི་ཐེ་ཚོམ་གྱི་ངང་དུ་ཅུང་ཟད་ལུས་པ་ན་གནོད་སྦྱིན་མོ་ཞིག་གིས་བར་ཆད་བརྩམས་ནས་སློབ་དཔོན་གྱི་འགྲམ་པར་ཐལ་ལྕགས་བསྣུན་པས་ཅུང་ཟད་བརྒྱལ། སངས་ཙ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིང་། མར་ཁུ་ཡང་སར་བོ་བ་གཟིགས། འོན་ཀྱང་རྡུལ་ཕྱིས། མེ་ཏོག་དབུ་ལ་ཕུལ། མར་ཁུ་གང་ཡོད་གསོལ་བས་སྐུ་ལུས་ནད་ཐམས་ཅད་དང་བྲལ་ཏེ་སྟོབས་དང་གཟི་བརྗིད་ལྡན་པ། བློ་ཤིན་ཏུ་རྣོ་ཞིང་མངོན་པར་ཤེས་པ་ལ་དབང་འབྱོར་བ་བྱུང་། དེ་སྐབས་ཨོ་རྒྱན་ཡུལ་དུ་བྱོན་པས་སློབ་དཔོན་སྒེག་པ་རྡོ་རྗེ་དང་མཇལ། རྣལ་འབྱོར་རྒྱུད་དང་བླ་མེད་ནང་རྒྱུད་སྡེ་ལྔ་གསན་ཞིང་ཁྱད་པར་སྒྱུ་འཕྲུལ་ལ་མཁས། དུས་གཞན་ཞིག་ཏུ་སངས་རྒྱས་ཞི་བ་དང་མཉམ་དུ་རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་མཇལ་བར་བྱོན་པས། རིའི་རྩ་བར་འཕགས་མ་སྒྲོལ་མས་ཀླུའི་ཚོགས་ལ་ཆོས་སྟོན་པ་དང་། སྐེད་པར་ཁྲོ་གཉེར་ཅན་མས་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་དང་། རྩེ་མོར་འཕགས་པ་མངོན་སུམ་དུ་བཞུགས་པ་ཡང་རང་རང་གི་སྣང་བ་དང་མཐུན་པར་མཇལ། དེར་སངས་རྒྱས་གསང་བས་ཞབས་ས་ལ་མི་རེག་པ་སོགས་ཀྱི་དངོས་གྲུབ་ཀྱང་བརྙེས། འཕགས་མ་སྒྲོལ་མས་རི་ཁ་བ་ཅན་གྱི་གངས་ཏི་སེར་སོང་ལ་སྒྲུབ་པ་གྱིས་ཞེས་ལུང་བསྟན། ཚུར་སླེབས་ནས་ཝཱ་རཱ་ཎཱ་སི་སོགས་སུ་ལོ་མང་པོར་ཆོས་བཤད། སླར་ཡང་འཕགས་པ་འཇམ་དཔལ་གྱིས་སྔར་སྒྲོལ་མས་ལུང་བསྟན་པ་ལྟར་བསྐུལ་བས། གངས་རི་ཏི་སེར་བྱོན་ནས་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལན་གྲངས་དུ་མར་གཟིགས་ཤིང་འཇམ་དཔལ་དབྱངས་མི་དང་མི་ལབ་པ་བཞིན་དུ་གྱུར། འདི་དུས་བོད་ཀྱི་རྒྱལ་པོ་ལ་ཆོས་སྐྱེས་བསྐུར་བར་མཛད་པ་སོགས་བོད་ཡུལ་ལའང་བཀའ་དྲིན་དང་ཕྲིན་ལས་རྒྱ་ཆེ། སློབ་དཔོན་འདིས་གསང་བ་སྙིང་པོའི་འགྲེལ་པ་རྣམ་དབྱེ་འགྲེལ་དང་། རྡོ་རྗེ་ལས་རིམ་དང་། དཀྱིལ་འཁོར་ཆོས་དོན། དམ་པ་རྒྱན། དྲྭ་ཆེན་དྲྭ་ཆུང་། ལམ་རིམ་ཆེ་ཆུང་། ཞི་ཁྲོའི་མངོན་པར་རྟོགས་པའི་རིམ་པ་རྣམས་དང་། རྣལ་འབྱོར་རྒྱུད་ལའང་རྡོ་རྗེ་དབྱིངས་ཀྱི་སྒྲུབ་ཐབས་ཡོ་ག་ལ་འཇུག་པ་དང་། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ། བསམ་གཏན་ཕྱི་མའི་རྒྱས་འགྲེལ་སོགས་མཛད་ནས་མཐར་སྐུ་ལུས་མི་སྣང་བར་རིག་འཛིན་གྱི་སར་གཤེགས་སོ། །

རོ་ལངས་བདེ་བས་རྡོ་རྗེ་བཞད་པ་སྟེ་དགའ་རབ་རྡོ་རྗེ་ལ་བཤད། དེ་དང་དྲང་སྲོང་བྷཱ་ཥི་ཏ་གཉིས་ཀྱིས་ཟ་ཧོར་གྱི་རྒྱལ་པོ་པྲ་བྷ་ཧསྟི་ལ་བཤད་པ་སྟེ་སློབ་དཔོན་འདི་ཉིད་ནི། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་རིགས་སུ་སྐུ་འཁྲུངས། ཙི་ཏ་བ་རིའི་ཡུལ་གྱི་སློབ་དཔོན་ཞི་བ་འོད་དང་། མ་རུའི་ཡུལ་གྱི་འདུལ་འཛིན་ཆེན་མོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ཞིང་མཚན་ཤཱཀྱ་འོད་དུ་གྲགས། སྡེ་སྣོད་གསུམ་ཀ་ལ་མཁས་པར་སྦྱངས་ཤིང་སློབ་དཔོན་རྡོ་རྗེ་བཞད་པ་སོགས་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེས་མང་བར་བསྟེན་ནས་རྒྱུད་སྡེ་ཐམས་ཅད་ཐུགས་སུ་ཆུད་ཅིང་མཆོག་གི་དངོས་གྲུབ་བརྙེས་པར་གྲགས། སྔགས་སུ་ཞུགས་པའི་མཚན་ལ་གླང་པོའི་འོད་དེ་པྲ་བྷ་ཧསྟི་ཞེས་འབྱུང་། སློབ་དཔོན་འདིའི་སློབ་མ་ཤཱཀྱ་བཤེས་གཉེན་གྱིས་རྣལ་འབྱོར་གྱི་རྒྱུད་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བ་ཀོ་ས་ལའི་རྒྱན་ཞེས་བྱ་བ་བརྩམས། སློབ་དཔོན་འདི་གཉིས་ཀ་ཁ་ཆེར་བྱོན་ནས་འགྲོ་དོན་རྒྱ་ཆེན་བྱུང་བ་དང་། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་ཀྱང་འདི་ལས་རིང་བརྒྱུད་ཀྱི་ཚུལ་དུ་གསན་པར་མཛད་ཅིང་། སློབ་དཔོན་ཆེན་པོ་ལ་རྒྱལ་པོ་ཛ་ཉིད་ལས་གསན་པའི་ཉེ་བརྒྱུད་ཀྱང་བཞུགས། སློབ་དཔོན་སངས་རྒྱས་གསང་བས་ཀྱང་འདི་ལས་གསན་པར་གྲགས་ཤིང་། སྒེག་པ་རྡོ་རྗེ་དང་སངས་རྒྱས་གསང་བ་གཉིས་ལས་སློབ་དཔོན་བཱི་མ་ལས་གསན་ནས་སྙིང་འགྲེལ་ཁོག་གཞུང་གསལ་སྒྲོན་ཡང་མཛད། སློབ་དཔོན་དགའ་རབ་རྡོ་རྗེ་དང་། པཎ་ཆེན་བཱི་མ་མི་ཏྲ། པདྨ་སམྦྷ་ཝ་བཅས་ཀྱི་རྣམ་ཐར་འོག་ཏུ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་བརྒྱུད་ཚུལ་རྒྱས་པར་བཤད་པའི་སྐབས་སུ་འབྱུང་ཞིང་། གཞན་ཡང་ནཱ་གརྫུ་ནས་སློབ་དཔོན་ཧཱུྃ་ཀ་ར་དང་། དགའ་རབ་རྡོ་རྗེས་ཤྲཱི་སེང་ཧ་ལ་བཤད་པར་མཛད་པ་བཅས་འཕགས་ཡུལ་དུ་བརྒྱུད་པའི་ཆུ་འགོ་མི་འདྲ་བ་དུ་མ་བཞུགས་ཀྱང་བོད་དུ་གཉགས་གནུབས་ཟུར་གསུམ་ལ་བཀའ་བབ་ནས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་བཀའ་སྲོལ་ད་ལྟའི་བར་ཇི་ལྟར་བཞུགས་ཚུལ་འོག་ཏུ་གངས་རིའི་ལྗོངས་སུ་རྒྱལ་བསྟན་དར་ཚུལ་བཤད་པའི་ཚོམས་སུ་སྤྲོ་བར་འདོད་པས་འདིར་མ་སྨྲོས་སོ། །

ཁ ཟབ་པ་སྒྲུབ་སྡེའི་བརྒྱུད་ཚུལ།

(༡) སྒྲུབ་སྡེ་བཀའ་མ།

གཉིས་པ་མ་ཧཱ་ཡོ་གའི་ཟབ་པ་སྒྲུབ་སྡེ་ལ་བཀའ་གཏེར་གཉིས་ལས། དང་པོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི་སྐུ་རྣམ་སྣང་གི་རིགས་འཇམ་དཔལ་ཁྲོས་པ་གསང་རྒྱུད་སོགས་གཤིན་རྗེ་གཤེད་ཀྱི་བཀའ་བབ་ཏེ། རྒྱ་གར་ནུབ་ཕྱོགས་རིམ་པ་གཉིས་པ་ཞེས་བྱ་བའི་གྲོང་ཁྱེར་དུ། ཡབ་སཱ་དྷུ་སཱ་སྐྲྀ་དང་ཡུམ་སྣང་བ་སྒྲོན་མའི་སྲས་སུ་འཁྲུངས། རིག་བྱེད་ཡན་ལག་དང་བཅས་པར་མཁས་པར་གྱུར། སློབ་དཔོན་དགའ་རབ་རྡོ་རྗེ་སོགས་ལས་གསང་སྔགས་ཕྱི་ནང་གི་དབང་དང་གདམས་ངག་ཐུན་མོང་ཐུན་མིན་ཐམས་ཅད་ཐོབ། སློབ་དཔོན་རོལ་བའི་རྡོ་རྗེ་ལས་དགྲ་གདོང་འཇིགས་གསུམ་སོགས་ཀྱང་གསན། སྤྱོད་པ་ལ་གཤེགས་པའི་ཚེ་མུ་སྟེགས་ཀྱི་རྒྱལ་པོ་ཆེན་པོ་ཞིག་གླང་པོར་ཞོན་ནས་འོང་བ་དང་ཟམ་པ་གཅིག་གི་སྟེང་ནས་འཕྲད་པ་ན་ལམ་མ་བཟུར་བས་སྡིགས་མཛུབ་གཏད་པས་རྒྱལ་པོ་གླང་ཆེན་དང་བཅས་ལུས་ཕྱེད་ཚལ་དུ་གས། སླར་བཟོད་པར་གསོལ་བས་བསོས་ནས་ནང་པའི་བསྟན་པ་ལ་བཀོད། འཕགས་པ་འཇམ་དཔལ་དང་མི་གཉིས་པའི་ཟུང་འཇུག་གི་གོ་འཕང་མཐོན་པོར་གཤེགས། འཇམ་དཔལ་ཡ་མནྟ་ཀ་མངོན་སུམ་དུ་སྣང་བས་དབང་བསྐུར་ཞིང་རྒྱུད་དང་གདམས་ངག་བསྟན། སྤྲུལ་པ་ལས་ཀྱི་གཤིན་རྗེ་མང་པོས་སྐོར་བ་བྱེད་ཅིང་སྲོག་སྙིང་ཕུལ། རི་མ་ལ་ཡ་ནས་ལས་བཞི་ཚང་བའི་གསེར་གྱི་གླེགས་བམ་ལ་བཻ་ཌཱུཪྱས་བྲིས་པ་གཏེར་ནས་བཏོན་ཞིང་གཟིགས་པའི་མོད་ལ་ཐུགས་སུ་ཆུད་ཅིང་ལས་ལ་སྦྱར་བས་མུ་སྟེགས་ཀྱི་རྒྱལ་ཁམས་བརླགས། གླེགས་བམ་དེ་ཉིད་རྡོ་རྗེ་གདན་གྱི་བྱང་དུ་མི་སྣང་བར་རྒྱས་བཏབ་བོ། །སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས་གཙོ་བོ་ཧཱུྃ་ཀཱ་ར་དང་། པདྨ་འབྱུང་གནས། དྷ་ན་ཏེ་ལ་རྣམས་ལ་གསུངས་ནས་དར་བར་མཛད་དོ། །ལོ་རྒྱུས་རྙིང་པ་རྣམས་སུ་འཇམ་དཔལ་བཤེས་གཉེན་འདི་ལ་རྒྱལ་རིགས་གཅིག བྲམ་ཟེའི་རིགས་གཅིག བརྫུས་ཏེ་སྐྱེས་པ་གཅིག་བཅས་གསུམ་དུ་སྣང་ཡང་རང་ས་རང་སར་གསུམ་ག་འཐད་དེ་སྤྲུལ་པ་སྒྱུ་མ་ལྟ་བུས་འགྲོ་བའི་དོན་མཛད་པའི་བདག་ཉིད་ཅན་ནོ་ཞེས་མཁས་མཆོག་གུ་རུ་བཀྲ་ཤིས་བཞེད་དོ། །

སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་བ་སོགས་པདྨ་གསུང་གི་ཏནྟྲ་རྣམས་ཀྱི་བཀའ་བབ་ཅིང་། འདི་ཉིད་ཀྱི་ཐུན་མོང་ཕྱིའི་རྣམ་ཐར་ཡོངས་གྲགས་འོག་ཏུ་སོ་ཐར་སྡོམ་བརྒྱུད་ཀྱི་སྐབས་སུ་འབྱུང་བ་ལྟར་ལ། ཁྱད་པར་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་གདམས་པ་ཐོབ། རྟ་མཆོག་ཧེ་རུ་ཀའི་དགོངས་པ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང་སློབ་དཔོན་ཧཱུྃ་ཀཱ་ར་ལ་གནང་། ཤྲཱི་པར་ཏར་མི་ལོ་ཉིས་བརྒྱར་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་སྔགས་ཀྱི་སྤྱོད་པ་ལ་ཞུགས་ནས་མཐར་རྡོ་རྗེའི་སྐུ་གྲུབ་པ་གྲགས་སོ། །

སློབ་དཔོན་ཧཱུྃ་ཀཱ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀ་གལ་པོ་སོགས་ཡང་དག་ཐུགས་ཀྱི་བཀའ་བབ་པ་སྟེེ་རྒྱ་གར་མཐའ་འཁོབ་ཅིག་ཏུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། རིག་བྱེད་སོགས་མུ་སྟེགས་ཀྱི་གཞུང་ལུགས་ལ་ཤིན་ཏུ་མཁས་ཤིང་ནུས་པའང་ཐོབ། ཕྱིས་སངས་རྒྱས་པའི་བསྟན་པ་ལ་དད་ནས་ནཱ་ལེནྡྲར་སངས་རྒྱས་ཡེ་ཤེས་དང་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་། ཕ་རོལ་ཏུ་ཕྱིན་པ་ནས་བཟུང་གསང་སྔགས་ཕྱི་ནང་གི་བར་གྱི་ཐོས་པས་རྒྱུད་སྦྱངས། དབང་བསྐུར་དང་གདམས་པ་རྗེས་སུ་གདམས་པ་མཐའ་དག་ཡོངས་སུ་ནོས་ཤིང་། ཁྱད་པར་ཤྲཱི་ཧེ་རུ་ཀའི་དབང་གི་ཚེ་མེ་ཏོག་ཧཱུྃ་མཛད་ལ་ཕོག་ཅིང་བསྒོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེས། གདོལ་བའི་བུ་མོ་ཨུཏྤལ་སྔོན་པོའི་མདོག་ལྟ་བུ་རྡོ་རྗེ་རིགས་ཀྱི་མཚན་རྟགས་ཚང་བའི་ལས་རྒྱ་དང་ལྷན་ཅིག་ཏུ་ཟླ་བ་དྲུག་ལ་བསྙེན་སྒྲུབ་མཛད་པས་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བ་དང་ནམ་མཁའ་ནས་ཧཱུྃ་གི་སྒྲ་ཆེན་པོ་གྲགས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། རུ་ལུ་གསེར་ཕྲེང་དང་ཡང་དག་གྲུབ་པ་སོགས་བསྟན་བཅོས་མང་དུ་མཛད་ནས་མཐར་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་མི་འཁྲུགས་པའི་ཞིང་ཁམས་སུ་བཞུད་དོ། །སློབ་དཔོན་འདི་དང་བལ་པོ་ཧཱུྃ་ཀཱ་ར་གཉིས་འགའ་ཞིག་གཅིག་ཏུ་བཞེད་ཀྱང་གཏེར་བདག་གླིང་པ་དང་གུ་རུ་བཀྲ་ཤིས་སོགས་ཀྱིས་ཐ་དད་ཡིན་པར་གསུངས་སོ། །

སློབ་དཔོན་བཱི་མ་མི་ཏྲ་ལ་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་རིགས་བདུད་རྩི་བམ་བརྒྱད་སོགས་བདུད་རྩི་ཡོན་ཏན་གྱི་བཀའ་བབ་ཏེ། ནུབ་ཕྱོགས་གླང་པོའི་ཚལ་དུ་ཡབ་ཁྱིམ་བདག་བདེ་ལྡན་དང་། ཡུམ་བདག་ཉིད་གསལ་རིག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཐུན་མོང་ཐུན་མིན་གྱི་ཤེས་བྱའི་གནས་ཀུན་ལ་མཁས། སློབ་དཔོན་སངས་རྒྱས་གསང་བ་སོགས་རྡོ་རྗེ་འཛིན་པ་ཆེན་པོ་དུ་མ་ལས་རྒྱུད་སྡེ་མཐའ་དག་གསན། བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉམས་འོག་ཏུ་ཆུད། སྒྱུ་འཕྲུལ་གཙོ་བོར་གྱུར་པའི་བསྟན་བཅོས་མང་པོ་མཛད་པ་སོགས་རྣམ་ཐར་རྒྱས་པ་འོག་ཏུ་འབྱུང་ངོ་། །

སློབ་དཔོན་པྲ་བྷ་ཧསྟི་དང་པདྨ་འབྱུང་གནས་རྣམ་གཉིས་ལ་དོན་གྲུབ་རིགས་ཕྲིན་ལས་ཕུར་བའི་བཀའ་བབ་པ་སྟེ། དང་པོའི་རྣམ་ཐར་གོང་དུ་སོང་ཟིན་པས་འདིར་ཡང་དུ་མི་ཟློས་ལ། སློབ་དཔོན་སངས་རྒྱས་གཉིས་པས་ནི་བལ་ཡུལ་དུ་ཕྱག་རྒྱའི་རིག་འཛིན་སྒྲུབ་པའི་ཚེ། ཀླུ་གྱོང་པོ་དང་། གནོད་སྦྱིན་རྒོད་མ་ཁ་སོགས་ཀྱིས་ཐོ་བརྩམས་པའི་གཉེན་པོར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་པས་ཤྲཱི་བཛྲ་ཀུ་མཱ་རས་ཞལ་བསྟན། བར་ཆད་ཀྱི་གཡུལ་ལས་རྒྱལ་ཏེ་མ་མོ་བཅུ་གཉིས་སོགས་དམ་འོག་ཏུ་བཅུག སླར་ཡང་སློབ་དཔོན་པྲ་བྷ་ཧསྟི་ལས་ཀཱི་ལ་ཡའི་རྒྱུད་ཚར་བཅོ་བརྒྱད་གསན་པས་ཕྲིན་ལས་ཕུར་བའི་བཀའ་བབ་ཏུ་གྱུར་པ་བཅས་རྣམ་ཐར་རྒྱས་པ་འོག་ཏུ་འབྱུང་བ་ལྟར་རོ། །

(༢) སྒྲུབ་སྡེ་གཏེར་མ།

གཉིས་པ་མ་ཧཱ་ཡོ་ག་སྒྲུབ་སྡེ་གཏེར་མའི་ཕྱོགས་ནི། དེ་ཡང་འོག་མིན་གྱི་གནས་སུ་ཀུན་ཏུ་བཟང་པོ་དཔལ་ཧེ་རུ་ཀས་ཡོངས་སུ་དག་པའི་འཁོར་རྣམས་ལ་རྡོ་རྗེའི་ཚིག་ཏུ་གསུངས་པ་རྣམས་སྡུད་པ་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་དུ་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་དུ་བྲིས་ཤིང་དགོངས་འགྲེལ་ལུང་ལྔ་ཡང་མཛད་དེ་རེ་ཞིག་འཇིག་རྟེན་དུ་བསྟན་པའི་ཡུལ་མ་གཟིགས་པས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཉེར་དུ་གཏད་པར་མཛད། དེས་སྒྲུབ་པ་བཀའ་བརྒྱད་ཀྱི་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་སོ་སོར་ཕྱེས་ཏེ། བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་ངེས་པ་འབྱུང་བའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད་བཅས་སྤྱི་རྒྱུད་ལྔ། ཞི་བ་འདུས་པ་རྩ་བའི་རྒྱུད། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལ་སོགས་པ་བརྒྱད་དང་། རིག་འཛིན་འདུས་པ་རྩ་བའི་རྒྱུད་བཅས་སྒོས་རྒྱུད་བཅུ་བཅས་རྒྱུད་ཆེན་བཅོ་ལྔ་གཙོ་བོར་གྱུར་པའི་བདེ་གཤེགས་འདུས་པ་རྩ་བའི་སྐོར་རྣམས་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུར་བཅུག གཞན་འཇམ་དཔལ་གསུང་རྒྱུད་སོགས་འཇམ་དཔལ་སྐུ་ཡི་སྐོར། རྟ་མཆོག་རོལ་བའི་རྒྱུད་སོགས་པདྨ་གསུང་གི་སྐོར། འཇིག་རྟེན་འདས་མདོ་སོགས་ཡང་དག་ཐུགས་ཀྱི་སྐོར། ཀཱི་ལ་ཡའི་རྒྱུད་སོགས་ཕུར་བ་ཕྲིན་ལས་ཀྱི་སྐོར། ལུང་བམ་བརྒྱད་སོགས་ཆེ་མཆོག་ཡོན་ཏན་གྱི་སྐོར། གསང་བ་གཏན་ཚིག་གི་རྒྱུད་སོགས་མ་མོའི་སྐོར། དྲེགས་པའི་སྲོག་ཏིག་སོགས་མཆོད་བསྟོད་སྐོར། དྲག་སྔགས་ཙིཏྟ་དམར་འབྱིན་སོགས་དྲག་སྔགས་ཀྱི་སྐོར་ཏེ་བྱེ་བྲག་གི་སྒོས་རྒྱུད་རྣམས་སྒྲོམ་བུ་ཐ་དད་པར་བཅུག་ནས་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་སོ། །དུས་གང་གི་ཚེ་དུར་ཁྲོད་རོ་གླིང་བསིལ་བའི་ཚལ་ཞེས་འཇིགས་སུ་རུང་བའི་གནས་སུ་སློབ་དཔོན་ཧཱུྃ་ཀ་ར་དང་། འཇམ་དཔལ་བཤེས་གཉེན། ནཱ་གརྫུ་ན། པདྨ་འབྱུང་གནས། དྷ་ན་སཾ་ཀྲྀ་ཏ། བཱི་མ་ལ་མི་ཏྲ། རོམ་བུ་གུ་ཧྱ། ཤཱནྟིཾ་གརྦྷ་དང་བརྒྱད་དགོངས་པ་མཛད་དེ་བཞུགས་པའི་ཚེ་ན། ཡ་མཚན་རྨད་དུ་བྱུང་བའི་སྒྲོམ་བུ་བརྒྱད་ལ་འོད་དང་འཇའ་ཚོན་དཀྲིགས་པ་སོགས་ཀྱི་ལྟས་དང་། མཁའ་འགྲོ་དང་དྲེགས་པའི་ཚོགས་ཀྱིས་སྐོར་བ་བྱེད་པ་གཟིགས་པ་ན་འདིར་འཇིག་རྟེན་ཕུང་འཚེངས་ནུས་པའི་གདམས་པ་ཟབ་མོ་འདུག་སྙམ་དུ་དགོངས་ཏེ་སློབ་དཔོན་རྣམས་ཀྱིས་དེར་དགོངས་པ་གཏད་ཅིང་། བཀའ་སྲུང་གི་ཚོགས་རྣམས་ལ་དམ་རྫས་བྱིན་ནས་དམ་བསྒྲགས་ཤིང་དབང་དུ་བསྡུས་པས་མ་མོ་མཁའ་འགྲོ་རྣམས་སྐད་གཅིག་གིས་ལྷགས་ཏེ་བཀའ་ཅི་སྩལ་ཟེར་བར། སྒྲོམ་བུ་རྣམས་གཏོད་ཅེས་གསུངས་པས་དངུལ་གྱི་སྒྲོམ་བུ་ཡང་དག་གི་ཆོས་སྐོར་གནས་པ་སློབ་དཔོན་ཧཱུྃ་ཀཱ་རའི་ཕྱག་ཏུ་གཏད། ལྕགས་སྒྲོམ་དུ་འཇམ་དཔལ་སྐུའི་ཆོས་སྐོར་གནས་པ་འཇམ་དཔལ་བཤེས་གཉེན་གྱི་ཕྱག་ཏུ་གཏད། ཟངས་སྒྲོམ་དུ་པདྨ་གསུང་གི་ཆོས་སྐོར་གནས་པ་ཀླུ་སྒྲུབ་སྙིང་པོའི་ཕྱག་ཏུ་གཏད། གཡུ་ཡི་སྒྲོམ་བུར་ཕུར་བའི་ཆོས་སྐོར་གནས་པ་པདྨ་འབྱུང་གནས་ཀྱི་ཕྱག་ཏུ་གཏད། གསེར་གྱི་སྒྲོམ་བུར་ཆེ་མཆོག་གི་ཆོས་སྐོར་གནས་པ་བི་མ་མི་ཏྲའི་ཕྱག་ཏུ་གཏད། བསེ་སྒྲོམ་དུ་མ་མོའི་ཆོས་སྐོར་ཡོད་པ་དྷ་ན་སཾ་ཀྲྀ་ཏའི་ཕྱག་ཏུ་གཏད། མཆོང་སྒྲོམ་དུ་མཆོད་བསྟོད་ཀྱི་ཆོས་སྐོར་ཡོད་རམ་བུ་གུ་ཧྱ་དེ་བ་ཙནྟྲའི་ཕྱག་ཏུ་གཏད། གཟི་སྒྲོམ་དུ་དྲག་སྔགས་ཀྱི་ཆོས་སྐོར་ཡོད་པ་ཕུང་བྱེད་ཤནྟིཾ་གརྦྷའི་ཕྱག་ཏུ་གཏད། རིན་ཆེན་སྣ་ལྔའི་སྒྲོམ་བུ་ཕྲ་མེན་གྱི་རྒྱས་བཏབ་པ་ཞིག་སློབ་དཔོན་རྣམས་ཀྱི་དབུས་སུ་བཞག་གོ །ལོ་རྒྱུས་གཞན་ན་ཕུར་པའི་ཆོས་སྐོར་གྱི་སྒྲོམ་བུ་པྲ་བྷ་ཧསྟིའི་ཕྱག་ཏུ་གཏད་ཅིང་། རིན་ཆེན་སྣ་ལྔའི་སྒྲོམ་བུ་བཀའ་བརྒྱད་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཆོས་སྐོར་ནི་ཐམས་ཅད་ཀྱི་བཀའ་བབ་པ་པདྨ་འབྱུང་གནས་ཀྱི་ཕྱག་ཏུ་གཏད་ཅེས་རིགས་དགུའི་བཀའ་བབ་ཀྱི་ལོ་རྒྱུས་ཀྱང་འབྱུང་ངོ་། །དེ་ནས་སློབ་དཔོན་རྣམས་ཀྱིས་སོ་སོ་རང་གི་སྒྲོམ་བུ་ཁ་ཕྱེས་ནས་སོ་སོའི་ཆོས་སྐོར་བཏོན། དབུས་ཀྱི་སྒྲོམ་བུ་སློབ་དཔོན་གང་གིས་ཀྱང་ཁ་འབྱེད་མ་ནུས་ལ། རྒྱ་བཅག་པས་ཀྱང་མ་ཆོག་ནས་སློབ་དཔོན་བརྒྱད་ཀྱིས་དགུང་བདུན་དུ་དགོངས་པ་རྩེ་གཅིག་ཏུ་མཛད་དེ་མཁའ་འགྲོ་མ་རྣམས་ལ་གསོལ་བ་བཏབ་པས། སྒྲོམ་བུ་རང་གྲོལ་དུ་གྱུར་པའི་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་བྱུང་བར་བཤད་པ་དང་། ཡང་བདེ་གཤེགས་འདུས་པའི་ཆོས་སྐོར་གྱི་སྒྲོམ་བུ་དེ་དུས་རྒྱ་མ་ཁྲོལ་བས་སླར་མཆོད་རྟེན་དེ་ཉིད་དུ་སྦས་པ་ཕྱིས་པདྨ་འབྱུང་གནས་ཀྱིས་རྒྱ་བཀྲོལ་ཞིང་། མཁའ་འགྲོ་རྣམས་ཀྱིས་བཤད་པ་དང་སྒྲུབ་བཀའ་གནང་བའོ་ཞེས་ལོ་རྒྱུས་འགའ་ཞིག་ལས་འབྱུང་ངོ་། །མདོར་ན་སློབ་དཔོན་དེ་རྣམས་ཀྱིས་གནས་སོ་སོར་སྒྲུབ་པའི་ཚུལ་མཛད་པས་དཔལ་ཆེ་མཆོག་གཙོ་བོ་བརྒྱད་དང་མི་གཉིས་པའི་གོ་འཕང་བརྙེས་ཤིང་། རྒྱལ་དབང་པདྨ་ཀ་རས་སློབ་དཔོན་དེ་དག་ལས་སྒྲུབ་ཐབས་བྱེ་བྲག་གི་རྒྱུད་ལུང་མན་ངག་རྣམས་གསན་ནས་དེ་རྣམས་ལས་ཀྱང་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན་པ་དང་། དཔལ་ཧེ་རུ་ཀ་དང་གསང་བའི་བདག་པོ་ལ་སོགས་པས་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པའི་བཀའ་དབང་བསྒྱུར་བར་མངའ་གསོལ་ཞིང་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་སར་གཤེགས་ནས་སྔོན་གྱི་སློབ་དཔོན་ཆེན་པོ་བརྒྱད་ལའང་ཆོས་སྐྱེས་ཕུལ་བར་གྲགས་སོ། །

༢ ལུང་ཨ་ནུ་ཡོ་གའི་བརྒྱུད་ཚུལ།

གཉིས་པ་ལུང་ཆེན་ཨ་ནུ་ཡོ་གའི་བརྒྱུད་ཚུལ་ནི། དེ་ཡང་ལུང་ཨ་ནུ་ཡོ་གའི་རྒྱུད་སྡེའི་དཔེ་རྣམས་ལངྐའི་གླིང་གི་རི་མཱ་་ལ་ཡར་ཆར་དུ་བབ་ཅིང་། གསང་བདག་ཕྱག་ན་རྡོ་རྗེས་ཆོས་རྒྱལ་ལུང་བསྟན་རྡོ་རྗེའམ་སྐལ་ལྡན་རྒྱལ་པོ་ཛཿལ་ཞལ་དངོས་སུ་བསྟན་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད་པར་གྱུར་ནའང་། ཚུར་མཐོང་གི་སྣང་ངོར་གསང་སྔགས་ལ་རང་དགར་འཇུག་པ་དགག་པའི་ཕྱིར། མིའི་རིག་འཛིན་དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་བསྟེན་པའི་ཚུལ་བསྟན་པ་སྟེ། དེ་ཉིད་ལ་རིན་པོ་ཆེ་ཨིནྡྲ་ནཱི་ལ་ཁྲུ་གང་ཕུལ་ནས་ཏྲི་ཤཾ་ཨ་སུ་རའི་བྲག་ཕུག་ཏུ་ཆུ་བོ་བཞིའི་དབང་རྫོགས་པར་ཞུས། གསང་མཚན་རྡོ་རྗེ་ཉི་འོད་རྩལ་དུ་བཏགས་ཤིང་ཚིག་གི་བསྟན་པ་རྒྱུད་སྡེ་རྣམས་ཀྱི་བཤད་པ་ཐམས་ཅད་ཀྱང་གསན། ལུང་གི་མདོ་ལྔ་མདོ་ཕྲན་དང་བཅས་པ་རྣམས་སོ་སོར་ཕྱེ་ནས་བཤད་ཅིང་སྤྱི་མདོའི་འགྲེལ་པ་ལུང་བསྟན་མ་དང་སྒྱུ་དྲྭའི་ལམ་རྣམ་བཀོད་སོགས་དགོངས་འགྲེལ་ཀྱང་མཛད། ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུས་འཁོར་ཚོམ་བུ་སྟོང་ལྔ་བཅུ་སྟེ་ཁྲི་ཕྲག་ལྔ་དང་བཅས་པ་བདེ་བ་ཆེན་པོའི་ལམ་གྱིས་རྡོ་རྗེ་འཆང་གི་སར་མངོན་དུ་གཤེགས་སོ། །རྒྱལ་པོ་ཛཿས་སྔར་རང་ཉིད་ལི་ཙ་བཱི་ལ་བསྟེན་པའི་དུས་ཀྱི་ཆོས་གྲོགས་ཨུ་པ་རཱ་ཛ་དང་། རང་གི་སྲས་རྒྱལ་བུ་བུ་ཏྲི་གསུམ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་ངག་བཞག་པ་སྟེ། ཨུ་པ་རཱ་ཛ་ལ་གྲོང་ཁྱེར་དཔལ་ཡོན་ཅན་དུ་དབང་བསྐུར་བས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཡོན་དུ་ཕུལ། གསང་མཚན་རྡོ་རྗེ་ཡང་དག་རྩལ་ཞེས་བཏགས། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་རང་གི་སྲས་གསུམ་ལ་དབང་བསྐུར་སྐབས་ཡོན་དུ་ལྷའི་རིན་པོ་ཆེ་བསམ་འཕེལ་ཕུལ། དེ་གསུམ་གྱི་གསང་མཚན་ནི། ཤ་ཀྲ་པུ་ཏྲིའམ་ཨནྡྲི་བོ་དྷི་ལ་རྡོ་རྗེ་གསལ་མཛེས་རྩལ། ནཱ་ག་པུ་ཏྲི་ལ་ཐིག་ལེ་བསྐྱོད་མེད་རྩལ། གུ་ཧྱ་པུ་ཏྲི་ལ་རྡོ་རྗེ་གསལ་འཕྲོ་རྩལ་ཞེས་བཏགས། དེ་བཞི་ཀ་བདེ་བ་ཆེན་པོའི་ལམ་གྱི་ཉེ་རྒྱུ་སྤྱད་པས་རང་རང་གི་ཚོམ་བུ་དང་བཅས་ཏེ་རིག་འཛིན་གྱི་སར་གཤེགས། དེ་ལས་ནཱ་ག་པུ་ཏྲི་ནི་ཀླུ་བ་སུ་རིགས་དྲུག་གིས་ལོ་དགུའི་བར་དུ་གཞན་ལ་ཤོད་དུ་མ་བཅུག་ཅེས་ཀྱང་གྲགས་སོ། །སྲས་གསུམ་གྱི་ནང་ནས་ཨིནྡྲ་བོ་དྷིས། རྒྱལ་པོ་སིདྷ་པུ་ཏྲ་དང་། ཀུ་ཀུ་རཱ་ཛ་ཕྱི་མ་གཉིས་ལ་ཕྱིའི་རྒྱ་མཚོའི་འགྲམ་དུ་དབང་བསྐུར་ཅིང་བཤད། སིདྷས་བཻ་ཌཱུཪྱ་སྔོན་པོ་ཕུལ་ཞིང་གསང་མཚན་རྡོ་རྗེ་འོད་ཟེར་རྩལ། ཀུ་ཀུ་རཱ་ཛས་རིན་པོ་ཆེའི་དྲིལ་གཡེར་སྟོང་ཕུལ་ནས་གསང་མཚན་རྡོ་རྗེ་བདེ་མཆོག་རྩལ། གཉིས་ཀ་འཁོར་ཚོམ་བུ་དང་བཅས་པས་རིག་འཛིན་གྱི་གནས་ཐོབ་བོ། །ཀུ་ཀུ་རཱ་ཛས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བའི་དངོས་གྲུབ་ལ་གླང་ཆེན་སྣའི་བྲག་ཕུག་ཏུ་དབང་བསྐུར་ཅིང་བཤད་པས་ལྷ་ཀླུ་མིའི་ཡུལ་གྱི་རྩི་སྨན་སྣ་ཚོགས་ཕུལ། གསང་མཚན་བདུད་འདུལ་དྲག་པོ་རྩལ་དུ་བཏགས། དེ་ཡང་རོ་ལངས་བདེ་བ་ནི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་མཚན་གྱི་རྣམ་གྲངས་ཡིན་པ་ཆོས་རྗེ་སྨིན་གླིང་པས་གསུངས་ཤིང་། རོ་ལངས་ཐལ་མདོག་དང་དགྱེས་པ་རྡོ་རྗེ་དང་བཞད་པ་རྡོ་རྗེ་ཞེས་ཀྱང་གྲགས། ཕྱག་ན་རྡོ་རྗེས་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར་ཅིང་། བསྟན་པའི་རྩེ་མོ་ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྫོགས་པ་ཆེན་པོའི་རྒྱུད་ལུང་ཐམས་ཅད་བཤད་པ་སློབ་དཔོན་གྱིས་གླེགས་བམ་དུ་བཀོད་དེ་ཌཱ་ཀི་མ་རྣམས་ལ་གཏད། མདོ་ཡོངས་རྫོགས་ཀྱི་དབང་གི་ཆུ་བོ་བྱེ་བྲག་པ་རྣམས་ཀྱི་བཀའ་ཡང་བབ། ཨཽ་ཌཱི་ཡ་ནའི་ཡུལ་དང་རྒྱ་གར་གྱི་མཚམས་མ་ག་ཏའི་ཕུག་ཏུ་ཚོགས་བསྒྲུབས་པས་འཁོར་ཁྲི་ཕྲག་གཅིག་དང་བཅས་པས་ཟུང་འཇུག་གི་སྐུ་བརྙེས་སོ། །དེས་སངས་རྒྱས་རྣམ་པར་གཟིགས་ཀྱི་སྤྲུལ་པ་སློབ་དཔོན་རྡོ་རྗེ་བཞད་པ་ལ་ཨུ་ཏ་པ་རའི་ཚལ་དུ་དབང་བསྐུར་ཅིང་བཤད། ཡོན་དུ་ནོར་བུ་རིན་པོ་ཆེ་འོད་འབར་བ་ཕུལ་བས་གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་བཏགས། བདེ་བ་ཆེན་པོའི་ལམ་གྱིས་མཆོག་གྲུབ་ཅིང་རྣལ་འབྱོར་རིག་པའི་ཉི་མ་ཞེས་བྱ་བ་མདོའི་ཟབ་ལམ་གཏན་ལ་འབེབས་པའི་བསྟན་བཅོས་ཀྱང་མཛད་དོ། །དེས་སློབ་དཔོན་པྲ་བྷ་ཧསྟི་ལ་ག་ཛ་ནིའི་ཡུལ་ཆུ་བོ་སིནྡྷུའི་འགྲམ་དུ་དབང་བསྐུར་ཅིང་བཤད། ཡོན་དུ་རིན་པོ་ཆེ་ཀེ་ཀེ་རུ་ཕུལ་ཞིང་གསང་མཚན་ཐིག་ལེ་བདེ་བྱེད་རྩལ་དུ་བཏགས། སློབ་དཔོན་འདི་ནི་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། ཐོར་ཅོག་ཡུལ་དུ་སྐྱེས་པ་དེས། །ཕྲིན་ལས་སྤྱོད་པ་གཙོ་བོར་སྟོན། །ཞེས་ལུང་བསྟན་པ་དང་། ཕུར་པ་བཀའ་མའི་ཡིག་རྙིང་ལས། ཨོ་རྒྱན་ཐོར་ཅོག་ཅན་གྱི་ཡུལ། །རིགས་ནི་ཟ་ཧོར་རྒྱལ་པོའི་རིགས། །དགེ་སློང་མིང་ནི་ཤཱཀྱ་འོད། །སློབ་དཔོན་པྲ་ཆེན་ཧསྟི་རྩལ། །ཞེས་འབྱུང་བ་ལྟར་ལ་རྣམ་ཐར་རྒྱས་པ་གོང་དུ་སོང་། དེས་སློབ་མ་ཤཱཀྱ་གསུམ་ལ་ས་ཧོ་རའི་རྒྱལ་ཁབ་ཏུ་དབང་བསྐུར་ཅིང་བཤད། རང་རང་གི་བདོག་དགུའི་འབྱོར་པས་མཆོད་ཅིང་གསང་མཚན་ཤཱཀྱ་སེང་གེ་ལ་རྡོ་རྗེ་ཐོད་ཕྲེང་རྩལ། ཤཱཀྱ་པྲ་བྷཱ་ཆུང་བ་ལ་རྡོ་རྗེ་ཐིག་ལེ་རྩལ། ཤཱཀྱ་མུ་དྲ་ལ་རྡོ་རྗེ་ཐོགས་མེད་རྩལ་དུ་བཏགས། དེ་ལ་ཤཱཀྱ་སེདྒེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་སྤྲུལ་པའི་སྐུ་ཨཽ་ཌཱི་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཏེ་དྷ་ན་ཀོ་ཥའི་མཚོ་དབུས་སུ་པདྨའི་སྡོང་པོ་ལས་སྐུ་འཁྲུངས། རིག་པའི་གནས་ཐམས་ཅད་ལ་བྱང་ཞིང་རིག་སྔགས་ཀྱི་མཐུས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལ་དབང་འབྱོར་ནའང་། མཆོག་གི་དངོས་གྲུབ་འདོད་པས་ཤཱཀྱ་པྲ་བྷཱ་ཆེན་པོ་སྟེ་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་། མཱ་ར་ཏི་ཀ་ཞེས་པའི་གནས་སུ་ལས་རྒྱ་པདྨ་ཅན་མནྡཱ་ར་བ་ལ་བརྟེན་ནས་བདེ་བ་ཆེན་པོའི་ལམ་གྱི་ཉེ་རྒྱུའི་སྤྱོད་པས་མཐོང་ལམ་འོད་གསལ་གྱི་སྐུ་ཚེ་ལ་དབང་བའི་རིག་འཛིན་གྲུབ། དེ་ནས་ནེ་པཱ་ལའི་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་དཔལ་ཧེ་རུ་ཀའི་སྒྲུབ་པ་ཚོམ་བུ་ལྔ་པའི་ཚོགས་ཀྱི་སྤྱོད་པས་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཧེ་རུ་ཀའི་གོ་འཕང་མངོན་དུ་མཛད། རྒྱ་བལ་བོད་ཡུལ་རྔ་ཡབ་གླིང་སོགས་སུ་མི་དང་མི་མ་ཡིན་གདུག་པ་ཅན་ཐམས་ཅད་བཏུལ། འགྲོ་བ་མཐའ་དག་རྫུ་འཕྲུལ་གྱིས་དད་པར་བྱས་ཏེ་དམ་པའི་ཆོས་ལ་བཀོད་པའི་ཕྲིན་ལས་ཀྱི་མཐའ་ནི་འདི་ཙམ་མོ་ཞེས་གཞལ་དུ་མེད་ཅིང་། ཉེ་བརྒྱུད་ལ་རྒྱལ་པོ་ཛཿཉིད་ལའང་གསན་པར་ཨ་ཏིའི་ལོ་རྒྱུས་སོགས་ལས་བཤད། དེས་ལྷའི་བཤོས་ཁང་དགུ་ཐོག་ཏུ་སློབ་དཔོན་དྷ་ན་རཀྵི་ཏ་ལ་དབང་བསྐུར་ཅིང་རྒྱུད་དང་གདམས་ངག་ཐམས་ཅད་བཤད་པས་ཡོན་དུ་ལྷའི་བདུད་རྩི་བསིལ་མཆོག་གིས་མཆོད། གསང་མཚན་སེང་གེ་སྒྲ་སྒྲོགས་རྩལ་དུ་བཏགས་ཤིང་མདོའི་རྣམ་གྲངས་འཆད་པའི་བསྟན་བཅོས་ཀྱང་བརྩམས། ཡིག་རྙིང་འགའ་ཞིག་ཏུ་སློབ་དཔོན་འདི་ཤཱཀྱ་སེང་གེ་དང་གཅིག་ཅེས་གསུངས་པ་ནི་མདོའི་ཁོག་དབུབ་ཏུ་ཤཱཀྱ་སེང་གེས་ཞེས་པའི་རྣམ་དབྱེ་གསུམ་པའི་ས་སྒྲ་ཆད་དེ་ཤཱཀྱ་སེང་གེ་དྷ་ན་ར་ཀྵི་ཏ་ཞེས་པའི་ཡིག་སྐྱོན་དང་། ཕུར་པའི་ལོ་རྒྱུས་འགར་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་རིགས་སྲིག་དྷ་རིའི་བུ་དྷ་ན་རཀྵི་ཏའམ་ཤཱནྟ་རཀྵི་ཏ་ཞེས་མཚན་འདྲ་བར་བྱུང་བས་ཀྱང་འཁྲུལ་ལམ་སྙམ་མོ་ཞེས་ཆོས་རྗེ་སྨིན་གླིང་པའི་འདུས་མདོའི་དབང་གི་སྤྱི་དོན་དུ་གསུངས། སློབ་དཔོན་དྷ་ན་རཀྵི་ཏས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རྡོ་རྗེའི་ཕུག་ཏུ་ཧཱུྃ་མཛད་རྡོ་རྗེ་ལ་དབང་བསྐུར་ཅིང་བཤད། གསང་མཚན་རྡོ་རྗེ་ཉི་འོད་རྩལ་དུ་གྲགས་ཤིང་རྩ་རྒྱུད་ཀྱི་རྒྱ་བདུན་འགྲེལ་དང་། འགྲེལ་ཆུང་རྣལ་འབྱོར་སའི་སྒྲོན་མ་མཛད། དེས་སློབ་དཔོན་སྠི་ར་མ་ཏི་ལ་གཽ་རུམ་གྱི་བྲག་ཕུག་ཏུ་དབང་བསྐུར་ཅིང་བཤད་པའི་ཡོན་དུ་གསེར་སྲང་བརྒྱ་ཕྲག་གིས་མཆོད། གསང་མཚན་རྡོ་རྗེ་ཡང་དག་རྩལ་དུ་བཏགས་ཤིང་མདོའི་སྐབས་འགྲེལ་རྣམ་པར་བཤད་པ་དང་། སྐབས་འགྲེལ་བྱེ་བྲག་ཏུ་བཤད་པ། དཀའ་གཅོད། ཐེག་པ་གསལ་བྱེད་སྒྲོན་མེ་ལ་སོགས་པའི་བསྟན་བཅོས་ཀྱང་བརྩམས། རྒྱ་གར་དང་ཏཱ་སིག་གི་མཚམས་ཨ་སུ་རའི་བྲག་ཕུག་ཏུ་ལས་ཀྱི་ཕྱག་རྒྱ་མ་ག་ག་སིདྡྷི་ལ་བརྟེན་ནས་དངོས་གྲུབ་ཐོབ། དེས་སློབ་དཔོན་བདེ་བ་གསལ་མཛད་ལ་གྲོང་ཁྱེར་དཔལ་ཡོན་ཅན་དུ་དབང་བསྐུར་ཅིང་བཤད་པས་ཅི་མཉེས་ཀྱི་དངོས་པོ་མཆོག་གིས་བཀུར། གསང་མཚན་དབང་ཕྱུག་འཇིགས་མེད་རྩལ་དུ་བཏགས། འདིས་སློབ་དཔོན་ཧཱུྃ་མཛད་རྡོ་རྗེ་ལའང་གསན་ཞེས་གྲགས་ཤིང་རིག་སྔགས་གྲུབ་སྟེ་འཆི་མེད་ཀྱི་རིག་འཛིན་བརྙེས། མདོ་དབང་གི་ཡིག་སྣ་དྲུག་གསུམ་བཅོ་བརྒྱད་དང་། རྣལ་འབྱོར་གྱི་རིམ་པ་ཐེག་ཆེན་སྒྲོན་མེ་སོགས་བསྡུས་ཤིང་བརྩམས་པར་མཛད། དེས་སྐལ་པ་མཆོག་ཏུ་གྱུར་པའི་སྐྱེས་བུ་བཞི་ལ་དབང་བསྐུར་ཏེ་མ་གྷ་དྷར་མདོ་མཁན་དྷརྨ་བོ་དྷི་ལ་དབང་བསྐུར། རྟ་དང་གླང་པོ་ཆེ་ཡོན་དུ་ཕུལ། གསང་མཚན་ཤེས་རབ་མཐར་ཕྱིན་རྩལ་དུ་བཏགས། མདོའི་དོན་བསྡུས་དང་། ཤེས་རབ་སྒྲོན་མེ། བཀོལ་མདོ་རྣམས་བརྩམས། ཤྲཱི་ནཱ་ལེནྡར་མཁན་པོ་ཆོས་རྒྱལ་སྐྱོང་ལ་དབང་བསྐུར་སྐབས་འདོད་པའི་ཡོན་ཏན་ལྔས་མཆོདཅིང་གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་བཏགས། འདི་ཉིད་ཀྱིས་བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། རྒྱ་གར་གཙུག་ལག་དཔལ་དགེ་གཉིས་ལ་རྒྱལ་པོའི་ཁབ་ཏུ་དབང་བསྐུར་པས་གསེར་བཟང་པོའི་ཡོན་ཕུལ། བ་སུ་དྷ་རའི་གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ་དང་། གཙུག་ལག་དཔལ་དགེའི་གསང་མཚན་རྡོ་རྗེ་གཙུག་ཏོར་རྩལ་ཞེས་བཏགས། དྷརྨ་བོ་དྷི། དྷརྨ་རཱ་ཛ། བ་སུ་དྷ་ར་གསུམ་གྱིས་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ལ་རྒྱ་གར་གྱི་ཡུལ་དབུས་སུ་དབང་བསྐུར་ཅིང་། སུ་ཝཪྞའི་དཀོར་ཆ་མང་པོས་སོ་སོར་མཆོད་ཅིང་གསང་མཚན་རྡོ་རྗེ་ལེགས་ཐོབ་རྩལ་དུ་བཏགས། ཡང་ཉེ་བརྒྱུད་དབང་བསྐུར་བ་པོའི་སློབ་དཔོན་དེ་གསུམ་ཀས་དྷ་ན་རཀྵི་ཏ་ལའང་ཐོབ་ཅེས་བྱུང་ཡང་གཏད་རྒྱ་ལྟར་ན་དབང་བཀའི་བརྒྱུད་པ་དཀྱུས་སུ་བཀོད་པ་ཉིད་ཡིན་པར་གསལ་བས་བཤད་བཀའ་དང་མན་ངག་བཀའི་ཉེ་བརྒྱུད་དུ་སྣང་ངོ་ཞེས་ཚད་མའི་ཡིག་ཆར་གསལ། དེ་ལྟར་སྨོས་པའི་བརྒྱུད་པ་དེ་ཐམས་ཅད་ཀྱང་དབང་བརྒྱུད་ཙམ་དུ་མ་ཟད། རྒྱུད་ཀྱི་བཤད་བཀའ་དང་མན་ངག་གི་བཀའ་ཐམས་ཅད་འདུས་པའི་བརྒྱུད་ལུགས་ཡིན་ཞིང་། བཤད་བཀའ་ལ་རྣམ་པ་གཅིག་ཏུ་ན། དྷ་ན་རཀྵི་ཏ་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ཀྱིས་སྤྱན་དྲངས་ཏེ་མདོ་དགོངས་འདུས་བྲུ་ཤའི་ཡུལ་དུ་སྒྱུར་བར་བརྩམས་ཚེ་མོས་པ་ཆུང་བས་མ་འགྱུར་ཏེ་བལ་ཡུལ་དུ་བྱོན། དེར་དྷརྨ་བོ་དྷི་དང་བ་སུ་དྷ་ར་ལ་བཤད། ཕྱིས་བྲུ་ཤའི་ཡུལ་དུ་མདོ་མཁན་དྷརྨ་བོ་དྷི་དང་དྷ་ན་རཀྵི་ཏའི་སྤྱན་སྔར་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་སྐད་དང་ཡི་གེ་ལས་བོད་སྐད་དུ་བསྒྱུར་བ་ཡིན་ལ། དེའི་དུས་སུ་མི་མ་ཡིན་ཞིག་གིས་ཛམ་བུ་གླིང་ན་མེད་པའི་ལྷའི་མེ་ཏོག་པ་ཏ་ལའི་མདོག་ཤིང་རྟའི་འཕང་ལོ་ཙམ་ཞིག་ལག་ཏུ་ཐོགས་ཏེ་འོངས་ནས། སུ་ལས་ཐོས་ཞེས་གླེང་བ་ན། མཁན་པོ་དག་གིས། དཔལ་རྡོ་རྗེ་སེམས་དཔའ་ལས་ཐོས་ཞེས་སྨྲས་པས། དེས་མེ་ཏོག་གཏོར་ཞིང་སྐོར་བ་ལན་གསུམ་བསྐོར་ཏེ་མངོན་པར་བཏུད་ཅིང་གླང་པོ་ཆེའི་བརྟུལ་ཞུགས་ལྟ་བུས་ཐེ་ཚོམ་མེད་པར་བཀུར་ནས་ཛི་ན་རཱ་ཛ་ཞེས་ཟེར་ནས་སླར་སོང་ངོ་། །དེ་ལ་མཁན་པོ་དག་ངོ་མཚར་སྐྱེས་ཤིང་ལེགས་པའི་ཡོན་ཏན་ཡང་མང་དུ་བྱུང་ཞེས་གྲགས། དེ་ལ་ལོ་ཙཱ་བ་ཆེ་བཙན་སྐྱེས་ནི། ཡུལ་ཡར་ལུང་པ་ཡིན། སྐད་རིགས་གསུམ་ལ་སྦྱངས་ནས་ཕྱིས་བྲུ་ཤའི་ཡུལ་དུ་ཕྲིན་ལས་བསྐྱངས་པས་བྲུ་ཤའི་སློབ་དཔོན་དུ་གྲགས་ཤིང་། སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་མཐའ་དག་ལ་མཁས། རིག་པའི་གནས་སུ་གྱུར་པ་གང་ཡང་མི་མཁྱེན་པ་མེད་ཅིང་རིག་སྔགས་གྲུབ་པས་ཡེ་ཤེས་ཀྱི་ལྷས་མངོན་སུམ་དུ་དབང་བསྐུར་བ་དང་། ཡི་དམ་གྱི་ལྷ་དང་བཀའ་མཆིད་མོལ་བར་མཛད། རྡོ་རྗེའི་མཁའ་འགྲོ་ཐམས་ཅད་དབང་དུ་འདུས་ཤིང་བྲན་དུ་ཁོལ། རིམ་པ་གཉིས་ཀྱི་ལམ་གྱིས་དངོས་གྲུབ་བརྙེས་པས་རིག་པ་འཛིན་པའི་ས་ལ་བཞུགས་སོ། །རྒྱ་བལ་བྲུ་ཤའི་སློབ་དཔོན་རྣམ་བཞི་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གཞུང་བཤད་དབང་བཀའ་ཕྱག་བཞེས་ཕྲ་གཅོད་སོགས་གདམས་ངག་གི་གནད་ལ་ཞུན་མཐར་བཅད་དེ་བོད་ཡུལ་དུ་རྒྱས་པར་སྤེལ་ཚུལ་འོག་ཏུ་འབྱུང་བ་ལས་མཁྱེན་པར་འཚལ་ལོ། །

༣ མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་ཚུལ།

ཀ རྒྱལ་བ་དགོངས་བརྒྱུད།

གསུམ་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་ཚུལ་ནི། དེ་ཡང་ཐེག་པའི་རྩེ་རྒྱལ་འོད་གསལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་ཚུལ་བྱེ་བྲག་ཏུ་རྒྱས་པར་བཤད་པ་ལ། ལུགས་འདིའི་ཐུན་མོང་མ་ཡིན་པའི་བཞེད་པ་རྒྱལ་བ་དགོངས་པའི་བརྒྱུད་པ་བཱི་མ་སྙིང་ཐིག་དང་ཐེག་མཆོག་རིན་པོ་ཆེའི་མཛོད་ལས་བྱུང་བ་ལྟར་མདོ་ཙམ་བཀོད་པར་འདོད་དེ། དེ་ལ་བདག་ཅག་གི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ཉིད་གཞི་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མ་གཡོས་པར་བཞུགས་པའི་ཚུལ་ལ། ནང་གསལ་ཆོས་སྐུའི་གནས་སྐབས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱིངས་ཀྱི་སྐུ་གསུམ་དུ་གནས་པའི་རྣམ་པ་ཡུལ་ལ་མི་སྤྱོད་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངང་གིས་འོད་གསལ་བའོ། །དེའི་ཚེ་གནས་ཕུན་སུམ་ཚོགས་པ་ཆོས་སྐུའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོ་ལ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འཕོ་འགྱུར་མེད་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྱིས་གྲུབ་པའི་ངང་དུ་འོད་གསལ་བའོ། །དེ་ནས་དེ་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུར་རང་བྱུང་བ་ནི། རང་བཞིན་གྱི་སྣང་ཆ་ལས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་ཐམས་ཅད་ཀྱང་ཡེ་ཤེས་ལྔའི་རང་མདངས་ལས་བྱུང་བ། སྟེང་དང་འོག་དང་ཕྱོགས་མཚམས་མ་ཡིན་ཞིང་འོད་ཁྱིམ་རིན་པོ་ཆེའི་ཁང་བུ་བཀོད་ལེགས་པ་ན། རིགས་ལྔའི་སངས་རྒྱས་སོ་སོའི་དཀྱིལ་འཁོར་གྱི་ཚོམ་བུ་འབུམ་ཕྲག་བརྗོད་ལས་འདས་པས་བསྐོར་བ་རྣམས་ཀྱང་། གདུལ་བྱ་དང་འདུལ་བྱེད་མ་ཡིན་ཞིང་རང་སྣང་ལྷུན་གྱིས་གྲུབ་པའི་མངའ་དབང་དུ་རང་བྱུང་བ་དེ་ཉིད་ཀྱི་སྣང་ཆ་ལས་རིགས་ལྔའི་སངས་རྒྱས་གྲངས་མེད་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང་སྣང་བ་ཐམས་ཅད་ཀྱང་། ཟ་འོག་གི་བེར་ཁྱིམ་བཀྲ་བ་ལྟར་བཀོད་ལེགས་ཤིང་ཁ་དོག་ལྔར་འོད་འབར་བ་ནི། ཞལ་དང་ལྗགས་ཀྱི་དཀྱིལ་འཁོར་ལས་ཡི་གེ་དྲུག་གི་འོད་ཟེར་མུ་མེད་པར་འཕྲོ་བ་ལས་རང་བྱུང་བའོ། །དེའི་ཚེ་གནས་ཕུན་སུམ་ཚོགས་པ་རྣམ་དག་སྟུག་པོ་བཀོད་པར། སྟོན་པ་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་དཀྱིལ་འཁོར་ཚད་མེད་པས་བསྐོར་བ་ལ། ཆོས་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་གསལ་བའི་དགོངས་པ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚེ་རང་ཆས་སུ་ངང་གིས་འོད་གསལ་བའི་དགོངས་པ་རང་བཞིན་བརྗོད་དུ་མེད་པར་སྟོན་ཏོ། །དེ་ཉིད་ཀྱི་ངང་ལས་སྤྲུལ་པའི་སྐུ་མངོན་པར་འཕྲོ་བ་ནི། གདུལ་བྱའི་དབང་ལས་འོད་འཕྲོ་བ་རང་སྣང་བ་ཆུའི་ཟླ་བ་ལྟ་བུ་སྟེ། འདིའི་དུས་སུ་སྟེང་འོག་ཕྱོགས་མཚམས་ཀྱི་འགྲོ་བ་དྲུག་སོ་སོར་འཁྲུལ་པའི་དབང་གིས་རང་གི་གནས་དང་བདེ་སྡུག་གི་སྣང་བ་དུ་མ་ལ་སྤྱོད་པས་སེམས་ཀྱི་འཁྲུལ་སྣང་ལ་ཞེན་པའི་ཚེ། ས་དང་པོ་ནས་ས་བཅུ་པའི་བར་གྱི་སེམས་དཔའ་རྣམས་ལ། ཕྱོགས་བཅུའི་ཞིང་དུ་རང་བཞིན་སྤྲུལ་པའི་རིགས་ལྔ་སོ་སོར་སྣང་བས་དོན་མཛད་ཅིང་། འགྲོ་བ་དྲུག་གི་གནས་སུ་ཐུབ་པ་བཅོམ་ལྡན་འདས་གྲངས་མེད་པས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་དོན་མཛད་པ་ལས། རེ་ཞིག་མི་མཇེད་འདིར་སྤྲུལ་པའི་འཕྲོ་ཚུལ་ནི། དེ་ལྟར་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་ནས་སྤྲུལ་པ་ཆེན་པོ་གཉིས་སྣང་བ་ལས་བྱིན་རླབས་མཆོག་གི་སྤྲུལ་པ་ནི་གསུམ་སྟེ། རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་བྱུང་བར་རང་སྣང་བའི་སྐུ་གཟུགས་འགྲོ་བ་གང་གི་ཚེ་ལོའི་ལུས་བོངས་དང་མཉམ་པ་ལས་ཆོ་འཕྲུལ་དུ་མ་འབྱུང་བས་འགྲོ་བ་གྲོལ་བར་བྱེད་པ་དང་། རིན་པོ་ཆེ་ལས་རང་བྱུང་བར་སྣང་བའི་ཡི་གེ་ཆེན་པོ་བསྟན་པ་བུ་གཅིག་གི་རྒྱུད་ལས་ཆོས་ཀྱི་རྣམ་གྲངས་བརྗོད་དུ་མེད་པར་རང་གྲག་པས་དོན་བྱེད་པ་དང་། ཆོས་ཉིད་ཀྱིས་རྡོ་རྗེ་ཚེ་ལོ་དང་པོའི་མི་རྣམས་ཀྱི་ཆག་གང་བ་ལས་གང་ལ་གང་འདུལ་གྱི་ཆོས་དང་ཡོ་བྱད་ཀྱི་ཆར་འབེབས་པར་བྱེད་ཅིང་གྲོལ་བར་བྱེད་པ་དང་གསུམ་སྟེ། ཡི་གེ་དེ་ཡང་སྐད་རིགས་མི་གཅིག་པ་གང་གི་སྒྲ་སྐད་དེར་གྲག་པའོ། །དེ་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་འོད་ཟེར་འགྱེད་ཅིང་འགྲོ་བ་དཔག་ཏུ་མེད་པ་རང་བཞིན་གྱིས་འབད་པ་མེད་པར་གྲོལ་བའི་ཕྲིན་ལས་མཛད་དེ་སྐུ་གསུང་ཐུགས་ལས་རང་བྱུང་གི་སྤྲུལ་པ་ཆེན་པོ་ཞེས་བྱའོ། །ཡེ་ཤེས་དམ་པའི་སྤྲུལ་པ་ནི། འགྲོ་བ་གང་ལ་གང་འདུལ་གྱིས་དེ་དང་དེའི་གཙོ་བོ་ལ་སོགས་པར་སྣང་བས་དོན་མཛད་པ་སྟེ། དེའང་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་རང་བྱུང་བ། སྤྲུལ་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་ཆ་བྱད་དུ་ཞིང་འདིའི་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བ་ལ། པདྨའི་སྟེང་དུ་རང་བྱོན་ནས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་ཚིག་དང་ཡི་གེ་ལས་འདས་པ་དགོངས་པས་རང་སྣང་དུ་གོ་བར་མཛད་ལ། དེའི་ཚེ་རྡོ་རྗེ་འཆང་ཆེན་རྫོགས་པའི་སངས་རྒྱས་དེས་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་དུ་འདུལ་བྱེད་ཀྱི་སྐུ་ཡང་དེ་སྙེད་དུ་སྤྲུལ་པ་ནི། འཁོར་རྣམས་ཀྱི་ཕུང་པོ་ལྔ་དག་པར་བྱེད་པའི་དོན་དུ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་ཉིད་ཡིན་ནོ། དེ་ཡང་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཆེན་པོ་དེས་ཡུལ་དགའ་ལྡན་བརྩེགས་པར། གནས་ཕུན་སུམ་ཚོགས་པ་མེ་ཏོག་པདྨའི་སྟེང་དུ། སྟོན་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས། འཁོར་སངས་རྒྱས་སྟོང་རྩ་གཉིས་ལ། བསྟན་པ་རྒྱུད་ཐམས་ཅད་ལས་སྔ་བ་བསྟན་པ་ཀུན་ཀྱི་རྩ་བ་སྒྲ་ཐལ་འགྱུར་གསུངས་པར། རྒྱུད་ཀྱི་སྡུད་པ་པོ་ནི་ལྷའི་བུ་དགའ་བྱེད་དབང་ཕྱུག་གིས་མཛད། གྲོགས་ནི་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་ལ་སོགས་པ། དུས་ཚེ་ལོ་དཔག་ཏུ་མེད་པའི་དུས་ནའོ། དེའང་སྟོན་པ་དང་འཁོར་ཐ་དད་མེད་ཀྱང་འགྲོ་བ་འདུལ་བ་ལ་དགོངས་ནས་སོ་སོར་སྣང་བ་ཡིན་ཏེ། བསྐལ་པ་འདི་ལ་སངས་རྒྱས་ཀྱི་མཚན་ཐ་དད། དུས་ཐ་དད། ཆོས་ཐ་དད་པས་འདུལ་བར་དགོངས་ནས་རིམ་པ་ཐ་དད་པར་བྱོན་པའོ། །

དེ་ནས་སྤྲུལ་སྐུ་རིམ་གྱིས་མཆེད་ཚུལ་ནི། གཉིས་པ་གནས་མི་མཇེད་འཇིག་རྟེན་དུ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ། འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས། བསྟན་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། ཐབས་འབྱུང་བ་ཚ་གྲང་གི་རང་སྒྲ་ལས་ཁྱབ་འཇུག་ཟུར་ཕུད་ལྔ་པའི་སྐད་ཀྱིས་གསུངས། དུས་ཚེ་ལོ་བྱེ་བ་གཅིག་ཐུབ་པའི་དུས་ནའོ། །ཡང་གསུམ་པ། གནས་དྲོད་གཤེར་འདུས་པ་འོད་ཀྱི་ཕུང་པོར། སྟོན་པ་འཇམ་དཔལ་འཇིགས་པ་སྐྱོབ་པ། འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག བསྟན་པ་འཁོར་བ་དོང་སྤྲུགས་དང་། རྨ་བྱ་མཇིང་བསྣོལ་དང་། དཔལ་འབྱུང་བཞི་ཟད་པའི་རྒྱུད་བར་སྣང་གི་ཁམས་སུ་བབ་ནས་རླུང་གི་སྒྲ་མ་ར་ཤ་ཤུ་ལས་དྲངས་ཏེ་མཁའ་ལྡིང་ཟུར་ཕུད་གསུམ་པའི་སྐད་ལ་བསྒྱུར་ཏེ་གསུངས་ལ། དུས་ཚེ་ལོ་འབུམ་པའི་དུས་ནའོ། །ཡང་བཞི་པ། གནས་འདོད་ཆགས་འབྱུང་བ་མངལ་དུ་སྣང་བར། སྟོན་པ་གཞོན་ནུ་རོལ་པ་རྣམ་པར་རྩེ་བས། འཁོར་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་ལྔ་ལ། བསྟན་པ་སེམས་སྡེ་རྩ་བའི་རྒྱུད་ལྔ་དང་། ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག་གསུངས། དུས་ཚེ་ལོ་བརྒྱད་ཁྲིའི་དུས་ནའོ། །ཡང་ལྔ་པ། གནས་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་གིས། འཁོར་སངས་རྒྱས་རབས་བདུན་ལ། བསྟན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དཔག་ཏུ་མེད་པ་གསུངས། དུས་ཚེ་ལོ་བདུན་ཁྲིའི་དུས་ནའོ། །ཡང་དྲུག་པ། གནས་གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བར། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོས། འཁོར་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་ལ། ཆོས་ཕ་རྒྱུད་མ་རྒྱུད་ལ་སོགས་པའི་རྒྱུད་སྡེ་དུ་མ་གསུངས་པར། དུས་ཚེ་ལོ་དྲུག་ཁྲིའི་དུས་ནའོ། །ཡང་བདུན་པ། གནས་སྲིན་པོ་རུ་ལུའི་སྒྲ་དང་ལྡན་པར། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ་བསྟན་ཏེ། དུས་ཚེ་ལོ་ཁྲི་པའི་དུས་ནའོ། །ཡང་བརྒྱད་པ། གནས་བྱ་རྒོད་ཕུང་པོའི་རི་རྒྱལ་པོའི་ཁབ་ཏུ། སྟོན་པ་དགྲ་བཅོམ་པ་གསེར་འོད་དམ་པས། འཁོར་འཕགས་པ་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་ལ། ཆོས་དམ་པའི་ཆོས་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ་གསུངས་ཏེ། །དུས་ཚེ་ལོ་ལྔ་སྟོང་གི་དུས་ནའོ། །ཡང་དགུ་པ། གནས་སོག་པོ་གཡུ་ཡི་སྨིན་མ་ཅན་བྱང་ཆུབ་ཀྱི་ཤིང་རྣམ་པར་རྒྱལ་བའི་ཁང་པར། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་ཀྱིས། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ཕྲ་རྒྱུད་བདུན་ལ་སོགས་པ་གསུངས་ལ། དུས་ཚེ་ལོ་སྟོང་གི་དུས་ནའོ། །ཡང་བཅུ་པ། གནས་བྱ་རྒོད་སྤུངས་པར། སྟོན་པ་འོད་སྲུང་བགྲེས་པོས། འཁོར་ཚེ་དང་ལྡན་པ་དགྲ་བཅོམ་པ་བདུན་ལ། དམ་པའི་ཆོས་མདོ་སྡེ་དང་། སྔགས་ཀྲི་ཡ་དང་། ལུང་ཨ་ནུ་ཡོ་གའི་ཆོས་ཁྲི་ཕྲག་ཕྱེད་དང་བརྒྱད་ལ་སོགས་པ་གསུངས་པར། དུས་ཚེ་ལོ་ལྔ་བརྒྱའི་དུས་ནའོ། །ཡང་བཅུ་གཅིག་པ། གནས་རྡོ་རྗེ་གདན་བྱང་ཆུབ་འབྱུང་བར། སྟོན་པ་མངོན་རྫོགས་རྒྱལ་པོས། འཁོར་རིགས་གསུམ་མགོན་པོ་ལ། ཆོས་ངེས་པའི་དོན་འབའ་ཞིག་ཏུ་གསུངས་པའི། དུས་ཚེ་ལོ་སུམ་བརྒྱ་པའི་དུས་ནའོ། །ཡང་བཅུ་གཉིས་པ། གནས་ཕུན་སུམ་ཚོགས་པ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་རྣམ་པ་བཞི་ལ། ཆོས་ཕུན་སུམ་ཚོགས་པ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་བཅུ་གཉིས་སུ་བསྐོར་ཏེ། དེ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། རྒྱུ་དང་། ཀུན་འབྱུང་། རབ་སྐྱེ། རྐྱེན་གྱི་རྣམ་པ། ལམ། རིགས་པ། སྒྲུབ་པ། ངེས་འབྱིན། འགོག་པ། ཞི་བ། གྱ་ནོམ་པ། ངེས་འབྱུང་སྟེ་ལན་བཅུ་གཉིས་སུ་བསྐོར་ལ། དུས་ཚེ་ལོ་བརྒྱ་པའི་དུས་ནའོ་ཞེས་འབྱུང་ངོ་། །

ཁ རིག་འཛིན་བརྡའ་བརྒྱུད།

གཉིས་པ་རིག་འཛིན་བརྡ་ཡི་བརྒྱུད་པ་ནི། ཇི་སྐད་དུ། ཉོན་མོངས་རྒྱུད་དྲག་ནུས་མཐུ་ཞན། །ལས་ཀྱིས་ཚེ་ཐུང་བཀའ་རྙིང་སྟོར། །བསྟན་སྙིང་གྲུབ་མཐའ་ངན་པས་བསྒྱུར། །གཉེན་པོས་མི་ནོན་སྒྲུབ་ཚུགས་ཞན། །དེ་ཚེ་རིག་པའི་རྣམ་རྟོག་ཤར། །ཞེས་རྩོལ་མེད་ཨ་ཏིའི་བསྟན་པ་འབྱུང་བའི་དུས་དྲུག་ལ་བབས་པའི་ཚེ། སུམ་ཅུ་རྩ་གསུམ་གྱི་ལྷ་དེ་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་ལ་རྨི་ལྟས་ཁྱད་པར་ཅན་བཞི་བྱུང་བ་དང་མཐུན་པར་རྡོ་རྗེ་སེམས་དཔས་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས་ལྷའི་གནས་སུ་དར། དེ་ནས་མི་ཡུལ་དུ་གསང་བའི་བདག་པོས་དུར་ཁྲོད་མེ་རི་འབར་བར་མཁའ་འགྲོ་དང་། མཁའ་འགྲོ་མ། གྲུབ་པ་དང་། རིག་པ་འཛིན་པའི་ཚོགས་ལ་གསང་བ་སྔགས་ཀྱི་ཆོས་བསྟན་པའི་ཚེ་སློབ་དཔོན་དགའ་རབ་རྡོ་རྗེ་མི་ཡུལ་དུ་བྱོན་པ་སྟེ། ཇི་སྐད་དུ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨོ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །ཞེས་པ་ལྟར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ཞེས་བྱ་བར། བདེ་བྱེད་བརྩེགས་པའི་མཆོད་རྟེན་ཞེས་གྲགས་པ་ལྷ་ཁང་ཆེན་པོ་གཅིག་ལ་ལྷ་ཁང་ཆུང་ངུ་སྟོང་དྲུག་བརྒྱ་བརྒྱད་ཀྱིས་བསྐོར་བའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་གནས་སུ། ཡབ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་དང་ཡུམ་བཙུན་མོ་བརྩོན་རྒྱལ་གཉིས་ལ་སྲས་མོ་པྲ་ར་ནི་བྱ་བའི་དགེ་སློང་མ་ཞིག་བྱུང་། དེ་ཉིད་ཡུལ་དེ་ནས་དཔག་ཚད་ཙམ་འདས་པའི་གསེར་གྱི་བྱེ་མ་བརྡལ་བའི་མཚོ་གླིང་ཞིག་ཏུ་རྩའི་སྤྱིལ་བུ་ཆུང་ངུ་ཞིག་ལ་བརྟེན་ཏེ། གཡོག་མོ་བདེ་བའི་སྙིང་ལྡན་མ་བྱ་བ་དང་ལྷན་གཅིག་ཏུ་རྣལ་འབྱོར་བསྒོམས་ཤིང་གནས་སོ། །ཤིང་མོ་གླང་གི་ལོའི་དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ཐོ་རངས་ཁའི་རྨི་ལམ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལས་འོད་ཟེར་འཕྲོས་ཏེ་ཉི་ཟླ་གཉིས་སུ་གྱུར་པ་ལས་ཉི་མ་སྤྱི་བོ་ནས་མར་དང་ཟླ་བ་རྐང་མཐིལ་ལས་ཡར་ཐིམ་པ་རྨིས་སོ། །དེའི་ནང་པར་མཚོ་ཀུ་ཏྲིའི་འགྲམ་དུ་ཁྲུས་བྱས་ནས་ཁ་ཤར་དུ་ཕྱོགས་ནས་འདུག་པ་ལ། ཕྱག་ན་རྡོ་རྗེ་གསེར་གྱི་ངང་པ་ཞིག་ཏུ་སྤྲུལ་ནས་ལྷའི་བུ་སེམས་ལྷག་ཅན་ཡི་གེ་ཧཱུྃ་ཞིག་ཏུ་བསྡུས། སྤྲུལ་པའི་བྱ་ངང་པ་བཞི་དང་བཅས་ནམ་མཁའ་ལས་བབ་སྟེ་སྲས་མོའི་མདུན་དུ་ཁྲུས་བྱས་པའི་མཐར་སྤྲུལ་གཞི་ནམ་མཁའ་ལ་འཕུར། སྤྲུལ་པའི་གཙོ་བོ་གསེར་གྱི་བྱས་སྲས་མོའི་སྙིང་ཁར་མཆུ་ལན་གསུམ་གཏུགས་ནས་ཧཱུྃ་འོད་འབར་བ་ཞིག་བསྟིམས་ནས་སྔར་གྱི་གནས་སུ་འཕུར་རོ། །དེ་ནས་མི་རིང་བར་ཟླ་དུས་ཚང་བ་ན་རྩིབ་མ་གཡས་པའི་གོ་བར་ནས་ཁྱེའུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་བལྟམས་པ་ན། ཡུམ་དགེ་སློང་མ་ཤིན་ཏུ་ངོ་ཚ་ནས་སྨྲས་པ། ཕ་མེད་བུ་འདི་འདྲེ་བས་གཞན་པ་སུ། །གལ་ཏེ་ལྷ་དང་ལྷ་མིན་སྣ་ཚོགས་གཟུགས། །འདི་ལྟར་འབྱུང་བའི་དཔེ་ནི་སུས་མཐོང་མེད། །རྒྱལ་ཁམས་ཆོས་མེད་འདི་ནི་སུ་ལ་སྲིད། །ཅེས་སོགས་སྨྲེ་སྔགས་མང་དུ་བཏོན་ཏེ་ཐལ་དོང་དུ་བསྐྱུར་བ་ན་སྒྲ་དང་འོད་ལ་སོགས་པའང་བྱུང་བར་གྱུར་ཏོ། །དེ་ནས་ཞག་གསུམ་ནས་བལྟས་པས་ཅི་ཡང་མ་ཉེས་པར་མཐོང་བས་སྤྲུལ་བ་ཡིན་པར་ཤེས་ཏེ་བཀུར་སྟི་ཆེན་པོ་དང་བཅས་པས་སྤྱན་དྲངས་པ་ན། བར་སྣང་ནས་ལྷ་རྣམས་ཀྱིས། མགོན་པོ་ཆེན་པོ་བཅོམ་ལྡན་འདས། །བདག་ཀྱང་རབ་ཏུ་སྐྱབས་པ་དང་། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །ཞེས་བཀྲ་ཤིས་པར་བརྗོད་ཅིང་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པའི་སྤྲིན་གཏིབས་ཏེ་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པས་ཙནྡན་དང་གུར་གུམ་གྱི་ཆར་འབེབས་པ་སོགས་བྱུང་ངོ་། །ལོ་བདུན་སོང་བ་ན་སྲས་ཀྱིས་ཡུམ་ལ། ཀྱེ་བདག་གིས་པཎྜི་ཏ་རྣམས་ལ་ཆོས་ཀྱི་གཏམ་བགྲོ་གླེང་བྱེད་པར་འཚལ་ན་ཡུམ་བདག་ལ་ཅི་བདེར་གནང་བ་སྩོལ་ཅིག །ཅེས་གསུངས་པ་ན། ཡུམ་གྱིས་བུ་ཁྱོད་ནི་ཤིན་ཏུ་གཞོན་པས་པཎྜི་ཏ་རྣམས་མཁས་ཤིང་གཞུངས་པས་ཁྱོད་ཀྱིས་ཐུབ་པ་དཀའ་འོ་ཟེར། ཅིས་ཀྱང་བགྱི་བར་གསོལ་བ་ན། རྒྱལ་པོས་ཁྱེའུ་འདི་ནི་གཞོན་པས་པཎྜི་ཏ་རྣམས་དང་ཆོས་ཀྱི་གཏམ་འོང་པ་དཀའ་མོད་ཀྱི། འོན་ཀྱང་ལུས་ལ་སྐྱེས་བུ་ཆེན་པོས་མཚན་མང་པོ་འདུག་པས་སྤྲུལ་བ་ཡིན་ཡང་སྲིད་སྙམ་ནས་མཆོད་གནས་པཎ་ཆེན་ལྔ་བརྒྱ་ལ་ཚུལ་དེ་བསྙད། དེ་ནས་པཎྜི་ཏ་རྣམས་ལ་ཕྱག་མཛད་ཅིང་བགྲོ་གླེང་དང་བརྒལ་བརྟག་གི་རིམ་པ་མང་དུ་མཛད་པས་པཎྜི་ཏ་རྣམས་ཀྱི་སྤོབས་པ་བཅོམ་པས་ཞབས་སྤྱི་བོར་བླངས་ཤིང་མཆོད་ནས་པྲ་ཛྙཱ་བྷ་བ་ཞེས་མཚན་གསོལ། རྒྱལ་པོ་ངོ་མཚར་ཞིང་དགའ་བས་དགའ་རབ་རྡོ་རྗེ་ཞེས་མཚན་བཏགས། སྔར་ཡུམ་གྱིས་ཐལ་དོང་དུ་བསྐྱུར་ཀྱང་མ་ཉེས་པས་རོ་ལངས་ཐལ་མདོག་ཏུ་གསོལ། དེ་ནས་བྱང་ཕྱོགས་རི་བོ་ཉི་མ་རབ་ཏུ་སྣང་བྱེད་ཅེས་བྱ་བར་བྲག་རི་ཤིན་ཏུ་འཇིགས་པ་ཡི་དྭགས་ཀྱི་ཚོགས་མངོན་སུམ་དུ་རྒྱུ་བ་ཞིག་གི་སྟེང་དུ་རྩྭའི་སྤྱིལ་བུར་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ། ས་ཆེན་པོ་ལན་དུ་མར་གཡོས་ཤིང་ནམ་མཁའ་ལས་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་སོ་ཞེས་སྒྲ་གྲག དེ་མུ་སྟེགས་ཀྱི་རྒྱལ་པོས་ཐོས་པས་གཤེད་མ་བཏང་ནས་སློབ་དཔོན་བཀྲོང་བར་བརྩམས་པ་ན་ནམ་མཁའི་ལམ་ནས་གཤེགས་པ་མཐོང་བས་རྒྱལ་པོ་འཁོར་བཅས་དད་དེ་སངས་རྒྱས་པའི་བསྟན་པར་ཞུགས། དེ་ནས་ཐེག་པ་ཕྱི་ནང་གི་སྡེ་སྣོད་རྣམས་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས། རྡོ་རྗེ་སེམས་དཔས་ཞལ་མངོན་སུམ་དུ་བསྟན་ནས་རིག་པ་སྤྱི་བླུགས་ཀྱི་དབང་གིས་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད་པའི་ཚུལ་བསྟན། ཚིག་གི་རྒྱུད་རྣམས་ཡི་གེར་འགོད་པའི་ལུང་བྱིན་ཏེ་རི་མཱ་ལ་ཡའི་རིན་ཆེན་སྤུངས་པ་རྒྱས་པའི་རྩེ་མོར་སློབ་དཔོན་ཉིད་དང་། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་འཇིག་རྟེན་བདེ་བའི་རོ་དང་ལྡན་པ་དང་། བདེ་བྱེད་སེར་མོ། ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གསུམ་གྱིས་ལོ་གསུམ་གྱི་བར་དུ་ཚིག་དང་ཡི་གེར་དཀར་ཆག་ཏུ་བཏབ། རང་བྱུང་རང་བབ་ཀྱི་ཡི་གེ་སྤྲུལ་བའི་སྐུ་དང་བཅས་པ་ཕྱིན་ཅི་མ་ལོག་པར་ལེགས་པར་བཀོད་ནས་མཁའ་འགྲོ་མ་མངོན་པར་འབྱུང་བའི་ཕུག་ཏུ་བཞུགས་སུ་གསོལ། དེ་ནས་རྡོ་རྗེ་གདན་གྱི་བྱང་ཤར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་དབུས་སུ་མཆོད་རྟེན་ཆེན་པོ་ཡོད་ཅིང་སེམས་ཅན་རབ་ཏུ་གདུག་པ་ཚོགས་པའི་གནས་སུ་བྱོན་ནས་མཁའ་འགྲོ་མ་ཉི་མའི་འོད་ཟེར་སོགས་ལ་ཆོས་བསྟན་པས་མཁའ་འགྲོ་མ་འབུམ་ཕྲག་མང་པོ་འཇའ་ལུས་སུ་གྲུབ་ཅིང་། སློབ་དཔོན་ཉིད་ཀྱང་ཆུ་བོ་དན་ཏིག་བྱ་བར་འོད་ཕུང་དུ་ཡལ་ལོ། །

དེ་ལས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གསན་པ་སྟེ། ཇི་སྐད་དུ། ཐལ་འགྱུར་ལས། དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །ཞེས་པ་ལྟར་མ་གྷ་དྷ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ་ཡབ་བྲམ་ཟེ་དཔལ་ལྡན་སྐྱོང་དང་། ཡུམ་བྲམ་ཟེ་མོ་ཀུ་ཧ་ན་ཞེས་བྱ་བ་ལ་འཇམ་དཔལ་གྱི་སྤྲུལ་པ་ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང་སྟེ། མཚན་ལ་བྲམ་ཟེ་སྙིང་པོ་གྲུབ་པའམ་བདེ་མཆོག་སྙིང་པོ་ཞེས་སུ་གྲགས། ནང་བའི་ཆོས་སྒོར་ཞུགས་ནས་རིག་པའི་གནས་ལྔ་ལ་མཁས་པའི་དགེ་སློང་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ཞིག་ཏུ་གྱུར་ཏོ། །པཎྜི་ཏ་ལྔ་བརྒྱའི་མཆོག་ཏུ་གྱུར་པའི་ཚེ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བས་རྒྱུ་འབྲས་ལས་འདས་པའི་ཆོས་རྩོལ་མེད་རྫོགས་པ་ཆེན་པོ་སྒྲོག་གོ་ཞེས་ཕྱོགས་ཀུན་ཏུ་གྲགས། དེའི་ཚེ་བྲམ་ཟེ་སྙིང་པོ་གྲུབ་པ་ལ་རྗེ་བཙུན་འཇམ་དཔལ་གྱིས་ལུང་བསྟན་པ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་། མཚོ་ཆེན་པོ་ཀུ་ཤའི་འགྲམ། དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་འདབས་རྡོ་རྗེ་གླིང་གི་ཕུག་པ་ན། སངས་རྒྱས་ཐམས་ཅད་ཀྱིས་རྩོལ་མེད་བསྟན་པའི་སྒྲོན་མེར་དབང་བསྐུར་བ་རྡོ་རྗེ་སེམས་དཔའི་སྤྲུལ་པ་དགའ་རབ་རྡོ་རྗེ་བྱ་བ་ཡོད་ཀྱི། དེ་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་ཞེས་བྱ་བ་རྩོལ་མེད་སྐད་ཅིག་ལ་འཚང་རྒྱ་བའི་ཆོས་ཡོད་པས་དེ་ལོངས་ལ་སྡུད་པ་པོ་གྱིས་ཤིག་ཅེས་ལུང་བསྟན་ཏོ། །དེར་པཎྜི་ཏ་གཞན་རྣམས་ན་རེ། རྒྱུ་འབྲས་ལས་འདས་པའི་ཆོས་ཡོད་པ་མི་རིགས་པས་སུན་དབྱུང་བར་འཐད་ཅེས་བགྲོས་སོ། །བྲམ་ཟེ་སྙིང་པོ་གྲུབ་པས་མཁྱེན་བཞིན་དུ་ཆོས་དང་གང་ཟག་གི་ཆེ་བ་འབྱིན་པའི་ཕྱིར་ཞལ་འཆམ་པའི་ཚུལ་གྱིས་རཱ་ཛ་ཧསྟི་སོགས་པཎྜི་ཏའི་མཆོག་བདུན་དང་ལྷན་ཅིག་ཏུ་སོང་ངོ་། །དགའ་རབ་རྡོ་རྗེའི་དྲུང་དུ་ལྷགས་ནས་རྒྱུའི་སྡེ་སྣོད་གསུམ་དང་འབྲས་བུ་གསང་སྔགས་ཕྱི་ནང་གང་གི་སྒོ་ནས་བརྩད་ཀྱང་མ་ཐུབ། བདེ་མཆོག་སྙིང་པོས་པཎྜི་ཏ་གཞན་རྣམས་ལ་འུ་ཅག་གིས་རྩོད་པ་ནོངས་པས་སྤྲུལ་བའི་སྐུ་འདི་ལས་རྒྱུ་འབྲས་ལས་འདས་པའི་ཆོས་མི་ཞུའམ་ཞེས་བགྲོ་བ་ལྟར་མཛད་པས། ལ་ལ་ནི་སྐྱེངས་ནས་ངོ་གནག་པར་གྱུར་ཅིང་། ལ་ལ་ནི་འོ་ཅག་གིས་བརྩད་ཅིང་བརྙས་པ་བྱས་པས་ཞུ་བར་མི་སྤོབས་ཟེར། དེར་བདེ་མཆོག་སྙིང་པོ་ལ་སོགས་པས་བཤགས་པ་བྱ་བར་བགྲོས་ཏེ་པཎྜི་ཏ་རྣམས་ཀྱིས་དགའ་རབ་རྡོ་རྗེ་ལ་ཕྱག་དང་སྐོར་བ་བྱས། སྙིང་པོ་གྲུབ་པས་རང་གི་ལྕེ་བཅད་དེ་བཤགས་པ་བྱ་བར་དགོངས་པ་ན། རིག་འཛིན་དགའ་རབ་རྡོ་རྗེས་མཁྱེན་ཏེ་ཚིགས་སུ་བཅད་པ་འདི་སྐད་གསུངས་སོ། །མཉམ་ཉིད་ཕྱོགས་བྲལ་ལྷུན་གྲུབ་བདེ་བ་ཆེ། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སྙིང་པོ་ལ། །འགྲོ་དྲུག་རང་ལ་ཡུལ་བཟུང་ཞེན་པས་བཅིངས། །མུ་སྟེགས་མཐར་འཛིན་རྟག་ཆད་ལོག་ལྟར་ཞུགས། །ཐེག་བརྒྱད་ངང་ལ་གཉིས་བཟུང་ཡིན་མིན་གྱི། །ཞེ་འདོད་ཕྱོགས་རིས་དབྱིངས་ལ་ཕྱོགས་སུ་ཞེན། །མཉམ་པའི་དོན་ལ་ཕྱོགས་དང་རིས་སུ་བཅད། །རང་ལ་ཡོད་བཞག་མེད་པ་གཞན་དུ་འཚོལ། །ལྷུན་གནས་བདེ་བོར་རྩོལ་བས་དང་དུ་ལེན། །རང་སེམས་སངས་རྒྱས་ནམ་ཞིག་དུས་ལ་ལྟོས། །མཉམ་ཉིད་མ་རྟོགས་ཞེ་འདོད་ཕྱོགས་ལྟ་ལ། །འདི་ཡི་ཐང་ཆད་ཡུས་རྒྱས་སྙིང་རེ་རྗེ། །དེ་བས་ཕྱོགས་འཛིན་ཞེན་པའི་དུག་ཆོམས་ལ། །མཉམ་ཉིད་ཕྱོགས་བྲལ་བདེ་བའི་དོན་ལ་ཞུགས། །ཞེས་གསུངས་ནས་ཁྱོད་ཀྱིས་ལྕེ་བཅད་པས་སྡིག་པ་མི་འདག །རྒྱུ་འབྲས་ལས་འདས་པའི་ཆོས་ཁྱད་དུ་འཕགས་པ་ཞིག་རྩོམས་དང་དེས་སྡིག་པ་དག་པར་འགྱུར་རོ་གསུངས། ཕྱིས་སུ་བྱང་སེམས་སྡེ་ལ་འགྲེལ་པ་གསེར་ཞུན་བརྩམས་ཤིང་བཀའི་བསྡུ་བ་པོ་མཛད། དེར་བརྡ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཀྱང་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རིན་པོ་ཆེའི་མཎྜལ་སྣ་ཚོགས་པ་ཕུལ་ནས་སྙིང་པོའི་དོན་ཞུས་པས། སེམས་སྡེའི་སྐོར་རྩ་བའི་རྒྱུད་བརྒྱད་དང་། ཡན་ལག་གི་རྒྱུད་མཐའ་ཡས་པ། དབང་མན་ངག་ལ་སོགས་པ་རྒྱས་པར་གནང་། དེ་ནས་ཀློང་སྡེའི་སྐོར་ཕྱི་ནང་གསང་བའི་རྒྱུད་ཆེ་ཆུང་། དགོངས་པ་གཏད་རྒྱའི་སྐོར་ལ་སོགས་པ་རྒྱུད་མན་ངག་དང་བཅས་པས་མཚོན་ཨ་ཏི་ཡོ་གའི་རྒྱུད་དཔག་ཏུ་མེད་པ་གསུངས་སོ། །དེས་ཀྱང་ཐུགས་མ་ཚིམས་པར་ཕྱག་དང་སྐོར་བ་བྱས་ཏེ་རིན་པོ་ཆེའི་མེ་ཏོག་ཕུལ་ནས་གསོལ་བ་བཏབ་པས། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་སྡེའི་སྐོར་ཡང་བྱིན་ཏེ་ཕྱི་ལྟར་འཇམ་དཔལ་བཤེས་གཉེན་དང་ནང་ལྟར་རྡོ་རྗེ་བདེ་བ་རྩལ་དུ་མིང་བཏགས། སླར་ཆུ་བོ་དན་ཏིག་བྱ་བར་དགའ་རབ་རྡོ་རྗེ་འོད་ཕུང་དུ་ཡལ་བའི་ཚེ། འཇམ་དཔལ་བཤེས་གཉེན་གྱིས་གདུང་ཚིག་ལན་གསུམ་བཏོན་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སྐུ་མངོན་སུམ་སྣང་བར་མཛད་དེ། གསེར་གྱི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་ཏུ་བབ་པས་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་འདས་རྗེས་སུ་འདུག་པ་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད། དགའ་རབ་རྡོ་རྗེ་དང་རྟོགས་པ་མཉམ་པ་བྱུང་བས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སྡེ་གསུམ་དུ་ཕྱེས་ཏེ། སེམས་གནས་རྣམས་ལ་སེམས་ཀྱི་སྡེ། །བྱ་བྲལ་རྣམས་ལ་ཀློང་གི་སྡེ། །གནད་གཙོ་བ་ལ་མན་ངག་སྡེ། །ཞེས་པ་ལྟར་རྫོགས་ཆེན་སྡེ་གསུམ་དུ་ཕྱེས་ཤིང་གནད་ལས་ཟབ་པ་སྙིང་གི་ཐིག་ལེའི་སྐོར་ལ་བཤད་རྒྱུད་དང་། རྣ་རྒྱུད་གཉིས་སུ་ཕྱེས་ནས་རྣ་རྒྱུད་མཆན་དུ་བཏབ། བཤད་རྒྱུད་སྙིང་གི་ཐིག་ལེ་རེ་ཞིག་སྤེལ་བའི་སྣོད་མ་རྙེད་པས་རྡོ་རྗེ་གདན་གྱི་བྱང་ཤར་ཕ་ཝང་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་པའི་འོག་ཏུ་སྦས་ཏེ་མི་སྣང་བར་བྱས། རྒྱལ་པོ་དྷ་ཧེ་ན་ཏ་སོགས་ལ་དགོངས་པའི་དོན་སྟོན་བཞིན་སོ་ས་གླིང་གི་དུར་ཁྲོད་དུ་ལོ་བརྒྱ་དང་ཉི་ཤུ་རྩ་དགུའི་བར་ཏིང་ངེ་འཛིན་ལ་བཞུགས་ཤིང་། དེར་མི་སྡུག་པའི་མཁའ་འགྲོ་མ་རྣམས་དང་སྤྱོད་པ་ལ་གནས་པའི་སྒྲུབ་པ་པོ་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་དོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱང་འདིའི་སློབ་མ་ཡིན་ཞིང་གྲོལ་བའི་ཐིག་ལེ་དང་། སྒྲུབ་ཐབས་ཀུན་བཟང་སོགས་བསྟན་བཅོས་ཀྱང་ཤིན་ཏུ་མང་པོ་མཛད་ལ། སློབ་དཔོན་འདིའི་རྫོགས་རིམ་གྱི་མན་ངག་བོད་དུ་འགྱུར་བ་རྣམས་སེམས་སྡེ་ཁོ་ནའི་གྲུབ་མཐའ་གཙང་སིང་ངེ་བར་གནས་ཞེས་སྔོན་གྱིས་མཁས་པ་དག་གསུངས་ཤིང་། འགའ་ཞིག་གིས་སློབ་དཔོན་ཤྲཱི་སེང་ཧ་དང་གཅིག་ཡིན་ཞེས་ཀྱང་བཞེད་དོ། །

དེ་ཉིད་ལས་རིག་འཛིན་ཆེན་མོ་ཤྲཱི་སེངྷས་གསན་པ་སྟེ། ཐལ་འགྱུར་ལས། དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ས་གླིང་ཞེས་བྱ་བ་རུ། ཁྱིམ་བདག་རིགས་སྐྱེས་ཤྲཱི་སེང་། །ཞེས་བྱ་བ་ཡིས་འཛིན་པར་འགྱུར། །ཞེས་པ་ལྟར། རྒྱ་ནག་པོའི་གྲོང་ཁྱེར་ཤོ་ཁྱམ་ཞེས་པར་ཁྱིམ་བདག་དགེ་བའི་ཡིད་ཅན་དང་། ཡུམ་སྣང་བ་གསལ་བ་རབ་ཏུ་མཁྱེན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལོ་བཅོ་ལྔ་ནས་སློབ་དཔོན་ཧ་རི་བྷ་ལ་སོགས་པཎྜི་ཏ་ལྔ་བརྒྱ་ལས་སྒྲ་ཚད་སོགས་ཐུན་མོང་གི་རིག་པ་རྣམས་ལོ་གསུམ་ལ་སྦྱངས་པ་མཛད་པས་མཁས་པ་ཆེན་པོར་གྱུར། སྐབས་ཤིག་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་བྱ་བར་འགྲོ་བའི་ལམ་བར་ནས་འཕགས་པ་སྤྱན་རས་གཟིགས་ནམ་མཁར་བྱོན་ཏེ་སྐལ་ལྡན་འབྲས་བུ་ངེས་པར་འདོད་ན་རྒྱ་གར་གྱི་དུར་ཁྲོད་སོ་ས་གླིང་དུ་སོང་ཞིག ཅེས་ལུང་བསྟན་པས་སློབ་དཔོན་ཉིད་ཡིད་ཚིམས་པར་མ་གྱུར་ཏེ་ད་དུང་འབྲས་བུ་བླ་ན་མེད་པ་གོ་སླ་བའི་ཕྱིར་གསང་སྔགས་ཀྱི་རྒྱུད་གཞན་ལ་མཁས་པར་བྱ་སྙམ་དུ་དགོངས་ཏེ་རི་བོ་རྩེ་ལྔ་རུ་གདོལ་བའི་རིགས་ཀྱི་སློབ་དཔོན་བྷེ་ལ་ཀིརྟི་ལས་སྔགས་ཕྱི་ནང་གི་ཆོས་མ་ལུས་པར་གསན་ཅིང་ཉམས་འོག་ཏུ་ཆུད་པར་མཛད། རབ་ཏུ་བྱུང་ནས་དགེ་སློང་སྡེ་སྣོད་འཛིན་པ་མཛད་ཅིང་ལོ་སུམ་ཅུའི་བར་དུ་སྦྱངས་པའི་ཡོན་ཏན་ལ་གནས། སླར་འཕགས་པའི་ལུང་གིས་སྔོན་བཞིན་བསྐུལ་བས་རྒྱ་གར་དུ་བགྲོད་པའི་ལམ་ལ་དཀའ་བ་མེད་པ་ཞིག་དགོངས་ཏེ་ལོ་གསུམ་དུ་སྒྲུབ་པ་ལ་བཞུགས་པས་རིག་པ་འཛིན་པའི་སྐུར་གྱུར། དེ་ནས་ཞབས་ས་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་མཇལ་བ་སྟེ། ཐོག་མར་ཞལ་མཇལ་སྐབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཐོང་གཤོལ་ཕྲག་པ་ལ་བཟུང་ནས་ཤམ་ཐབས་ཐོད་དུ་བཅིངས་པ་ཞིག་འདུག་པས་ངོ་མ་ཤེས་ཤིང་། དེ་ནི་པཎྜི་ཏའི་ཆ་བྱད་དམ་ཡང་ན་རྣལ་འབྱོར་བའི་ཆས་སུ་འོང་སྙམ་ནས་བཟའ་བ་ཞིག་བསླངས་པས། ངའི་ཆུང་མ་ལ་སློངས་ཟེར། དེ་ནས་གྲོང་ཁྱེར་དུ་ཕྱིན་ནས་བསླངས་པས། ཕྱག་རྒྱ་མས་ཚོང་དུས་ནས་བྱེའུ་མཆིལ་བ་བདུན་ཉོས་པ་བཙོས་ཤིང་འབྲས་ཆན་དང་བསྲེས་ནས་དྲངས། ང་དགེ་སློང་ཡིན་པས་བཟའ་བ་མི་རུང་བྱས་པས་རྗེས་སུ་ཡི་རང་ཟེར། ཕར་ལག་མཐིལ་དུ་བཞག་པ་མོས་ཕུས་བཏབ་པས་ཐམས་ཅད་ཅོ་དིར་གྱིས་ནམ་མཁའ་ལ་དེངས་སོང་། ཅུང་ཟད་ནས་ཁྱིམ་བཙུན་བྱུང་སྟེ་འདི་ལ་བཟའ་བ་བྱིན་ནམ་ཟེར་བར། ཆུང་མས་བཟའ་བ་བྱིན་ཀྱང་ཁོང་མི་འདོད་པ་གདའ་ཞུས་པར། གང་ཟག་འཆིང་བ་ཅན་གསུངས། ཤྲཱི་སེངྷས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞལ་འདོན་མཛད་པས་སློབ་དཔོན་གྱིས་དང་པོ་མལ་ན་གཟིམས་བཞིན་གསན། དེ་ནས་བཞེངས་ཏེ་གསན་ཞིང་ཐམས་ཅད་རྫོགས་པ་ན་དོན་ལ་ལྟ་ཅི་ཚིག་ལའང་རྨོངས་གསུངས་པས་ད་གཟོད་འཇམ་དཔལ་བཤེས་གཉེན་ཡིན་པ་དགོངས། རྗེས་སུ་བཟུང་བར་གསོལ་བ་བཏབ་པས་བླ་མས་ཀྱང་དགྱེས་བཞིན་དུ་གནང་། ལོ་ཉེར་ལྔའི་བར་ལ་གདམས་པ་དང་རྗེས་སུ་གདམས་པ་རྣམས་བསྩལ་པའི་རྗེས་སུ་སློབ་དཔོན་ཉིད་སྐུ་འོད་ཕུང་དུ་ཡལ། དེའི་ཚེ་ཤྲཱི་སེངྷས་སྨྲེ་སྔགས་ཀྱི་གདུང་དབྱངས་བཏོན་པས་ནམ་མཁའ་ནས་སློབ་དཔོན་གྱི་སྐུ་དངོས་སུ་བསྟན་ཏེ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་ཞིག་ཕྱག་ཏུ་གཏད་པར་སྒོམ་ཉམས་དྲུག་པ་ཞེས་བྱ་བའི་འདས་རྗེས་བབ་པས་སློབ་དཔོན་ཉིད་དོན་གྱི་གདེང་དང་ལྡན་པར་གྱུར་ཏོ། །དེ་ནས་སློབ་དཔོན་ཤྲཱི་སེངྷས་རྡོ་རྗེ་གདན་གྱི་འོག་ནས་སྔར་སྦས་པའི་རྒྱུད་རྣམས་བཏོན་ཏེ་རྒྱ་ནག་ཏུ་བྱོན་ཞིང་། རྫོགས་པ་ཆེན་པོའི་མན་ངག་གི་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པའི་སྐོར་བཞིར་ཕྱེས་ནས་སྐོར་སྔ་མ་གསུམ་ལ་སྤྲོས་བཅས་ཀྱི་དོན་དུ་བསྡེབས་ནས་བྱང་ཆུབ་ཤིང་གི་ལྷ་ཁང་བྱ་འདབས་སུ་གཏེར་དུ་སྦས། གསང་བ་བླ་ན་མེད་པའི་སྐོར་མཁའ་འགྲོས་ལུང་བསྟན་པ་ལྟར་བཀྲ་ཤིས་ཁྲི་སྒོའི་ཀ་བར་སྨོན་ལམ་གྱི་རྒྱས་བཏབ་ནས་སྦས། སློབ་དཔོན་ཉིད་བསིལ་སྦྱིན་ཞེས་པའི་དུར་ཁྲོད་ཆེན་པོ་རུ་གདུག་པའི་མི་མ་ཡིན་རྣམས་ཀྱིས་བཀུར་སྟི་དང་བཅས་པས་ཏིང་ངེ་འཛིན་ལ་བཞུགས་སོ། །

སློབ་དཔོན་དེ་ལས་མཁས་པ་ཛྙཱ་ན་སུ་ཏྲའམ་ཡེ་ཤེས་མདོ་དང་པཎ་ཆེན་བཱི་མ་ལ་གཉིས་ཀྱིས་གསན་པ་སྟེ། དེ་ལ་ཛྙཱ་ན་སུ་ཏྲ་ནི། ཐལ་འགྱུར་ལས། དེ་རྗེས་འཛིན་པ་གདོལ་བའི་རིགས། །ཛྙཱ་ན་སུ་ཏྲས་འདི་ཉིད་འཛིན། །ཞེས་པ་ལྟར། ཤར་ཕྱོགས་ཀ་མ་ཤཱི་ལའི་གྲོང་ཁྱེར་དུ་ཡབ་གདོལ་བའི་རིགས་ཨུ་པ་རྡ་ཛ་ན་བྱ་བ་དང་། ཡུམ་རྒྱ་མཚོ་མ་བྱ་བའི་བུ་སྦྲུལ་གྱི་གདེངས་ཀས་མཚན་པ་ཞིག་བྱུང་བ་ཕ་མ་གཉིས་སྐྲགས་ཏེ་དུར་ཁྲོད་དུ་བསྐྱལ་བས་ཁྱེའུ་ན་རེ། སྙིང་པོའི་དོན་ལ་ཐུགས་ཕངས་པའི་སྤྲུལ་པ་ཡིན་ཞིང་ལས་ཀྱིས་འབྲེལ་བའི་ཕ་མ་ཡིན་པས་གསོས་ཤིག་ཅེས་ཟེར་བས། བདེན་པར་བཟུང་ནས་བླངས་ཏེ་གསོས། ཁྱེའུ་དེ་གཞན་ལས་སྐྱེད་ཆེ་ཞིང་བློ་གྲོས་དང་ལྡན་པར་གྱུར་ནས་རྒྱལ་པོ་ཧསྟི་དང་། སྲས་མོ་པྲ་ར་ནི་སོགས་ལས་སེམས་ཕྱོགས་ཀྱི་ཆོས་མང་དུ་གསན། དེ་ནས་རེ་ཞིག་ན་སློབ་དཔོན་བཱི་མ་ལ་ནས་སློབ་དཔོན་ཤྲཱི་སེངྷའི་རྣམ་ཐར་གསན་པས་འབད་རྩོལ་ཆེན་པོས་རྒྱ་ནག་ཏུ་བྱོན་ཏེ་མཁའ་འགྲོ་མས་ལུང་བསྟན་པ་བཞིན་བསིལ་སྦྱིན་དུ་ཤྲཱི་སེངྷ་དང་མཇལ། ལོ་དགུའི་བར་དུ་རྫོགས་ཆེན་གསུངས་ནས་སྙན་བརྒྱུད་དཔེ་དང་བཅས་པ་གནང་། དེས་ཚིམས་ནས་བྱོན་པར་བརྩམ་པ་ན། སློབ་དཔོན་གྱིས་གཏད་པ་མེད་དོ་གསུངས་པས། ཡེ་ཤེས་མདོ་དོགས་པ་སྐྱེས་ཏེ་སླར་ཡང་རབ་ཏུ་ཟབ་པའི་གདམས་པ་གནང་བར་ཞུས་པས། ཕྱི་སྤྲོས་བཅས་ཀྱི་དབང་རྫོགས་པར་གནང་ནས་གསང་བ་བླ་ན་མེད་པའི་མན་ངག་རྣམས་ལོ་གསུམ་གྱི་བར་དུ་གནང་། དེ་ནས་ཉམས་སུ་བླང་བར་ཞུས་པས། སྤྲོས་མེད་ཀྱི་དབང་རྫོགས་པར་གནང་ཞིང་རི་བོ་ཀོ་ས་ལའི་རྩེ་མོར་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་མཛད་ཅིང་རབ་ཏུ་སྤྲོས་མེད་ཀྱི་དབང་དང་། རིམ་པས་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཡང་རྫོགས་པར་གནང་། དེ་ནས་ལོ་བཅུ་དྲུག་ཏུ་ཉམས་སུ་བླངས་པས་སྒོམ་པར་མཛད། སློབ་དཔོན་འདི་ཁྱད་པར་གྱི་སྤྱོད་པ་སྣ་ཚོགས་པར་གནས་པས་དུས་གཞན་ཞིག་ཏུ་ལི་ཡུལ་གྱི་རྒྱལ་པོས་སྤྱན་དྲངས་ནས་དེར་བཞུད་པའི་ཞག་བདུན་ན། སྒྲ་དང་ལྟས་ཆེན་པོ་བྱུང་བས་ནམ་མཁར་གཟིགས་ཚེ་ཤྲཱི་སེང་ཧ་བཞུགས་པ་མཇལ་བས་སྨྲེ་སྔགས་ཀྱི་གདུང་ཚིག་བཏོན་པས་གཟེར་བུ་བདུན་པའི་ཞལ་ཆེམས་ཕྱག་ཏུ་བབས་པ་དང་། བཀྲ་ཤིས་ཁྲི་སྒོའི་ཀ་བ་ན་ཡོད་པའི་སྙིང་ཐིག་གསང་བའི་མན་ངག་གི་དཔེ་རྣམས་ལོངས་ལ་དུར་ཁྲོད་བྷ་སིང་དུ་སོང་ཞིག་ཅེས་པ་ཐོས། དེ་ནས་གསང་བའི་དཔེ་རྣམས་བཏོན་ནས་རྒྱ་གར་གྱི་དུར་ཁྲོད་བྷ་སིང་དུ་བྱོན་ཞིང་དེར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ལ་གསང་བ་སྙིང་ཐིག་གི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བཞུགས་བཞིན། བཱི་མ་ལའང་རྗེས་སུ་བཟུང་ནས་གསང་བ་མཆོག་གི་གདམས་པ་ཐམས་ཅད་ལྷག་མེད་དུ་བསྩལ་བའི་མཐར་སྐུ་འོད་ཕུང་དུ་ཡལ་ལོ། །

སློབ་དཔོན་བཱི་མ་མི་ཏྲའམ་པཎ་ཆེན་དྲི་མེད་བཤེས་གཉེན་ནི། ཐལ་འགྱུར་ལས། དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །ཞེས་པ་སྟེ་སློབ་དཔོན་འདིའི་རྣམ་ཐར་གདུལ་བྱའི་མོས་སྣང་ལྟར་སྣ་ཚོགས་པར་བཞུགས་པ་ལས་ལོ་རྒྱུས་ཁ་ཅིག་ལྟར་ན། ཕ་མེད་ཀྱི་བུར་གྱུར་བས་ཡུམ་གནོད་དེ་གཡོག་མོ་བྱེ་མའི་ཁུང་དུ་སྦ་བར་མངགས། ཉིན་འགའི་རྗེས་བལྟས་ཙ་ན་མིག་བཀྲ་ཧྲིག་གེ་མ་ཤི་བར་འདུག་པས་སྤྲུལ་པའི་སྐུ་ཡིན་པར་ཤེས་ནས་བླངས། རིག་པའི་གནས་ལྔ་ལ་བསླབས་པས་པཎྜི་ཏ་ལྔ་བརྒྱའི་སྤྱི་ཕུད་དུ་གྱུར། སློབ་དཔོན་ཛྙཱ་ན་སུ་ཏྲ་དང་སྐྱེ་བ་སྔ་མ་སྤུན་ཟླར་གྱུར་པའི་རྟེན་འབྲེལ་ལས་ཐུགས་ཤིན་ཏུ་མཐུན་པར་གནས་ཤིང་། རེ་ཞིག་ན་སྐྱོ་སངས་ལ་ལྷན་དུ་ཕེབས་སྐབས་རྡོ་རྗེ་སེམས་དཔའ་ནམ་མཁའ་རུ་མངོན་སུམ་དུ་བྱོན་ནས། ཀྱེ་རིགས་ཀྱི་བུ་གཉིས། ཁྱེད་གཉིས་སྐྱེ་བ་ལྔ་བརྒྱ་པཎྜི་ཏའི་ལུས་བླངས་ཤིང་དམ་པའི་ཆོས་སྤྱད་ཀྱང་འབྲས་བུ་མ་ཐོབ། ད་ཡང་མི་ཐོབ་པས་ཚེ་འདི་ཉིད་ལ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་འདོད་ན་རྒྱ་ནག་པོའི་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང་དུ་སོང་ཞིག །ཅེས་ལུང་བསྟན་པས་བཱི་མ་མི་ཏྲ་བརྩོན་འགྲུས་ཆེ་བས་དེ་ཉིད་དུ་ལྷུང་བཟེད་བླངས་ཏེ་བྱོན། ལུང་བསྟན་ལྟར་སློབ་དཔོན་ཤྲཱི་སེང་ཧ་མཇལ་ནས་ལོ་ཉི་ཤུའི་བར་ལ་སྙན་བརྒྱུད་ཕྱི་ནང་གསང་གསུམ་གྱི་གདམས་པ་བསྩལ་ཀྱང་དཔེ་མ་གནང་། བཱི་མ་ལ་ཐུགས་ཚིམས་ཏེ་སླར་རྒྱ་གར་དུ་བྱོན་ནས་ཛྙཱ་ན་སུ་ཏྲ་ལ་ཇི་ལྟར་བྱུང་བ་རྣམས་བསྙད་དེ་རང་ཉིད་སྤྱོད་པ་ལ་གནས་པར་མཛད། རེ་ཞིག་ན་མཁའ་འགྲོའི་ལུང་གིས། ཀྱེ་སྐལ་ལྡན། སྔར་བས་ཟབ་པའི་སྙིང་ཐིག་གི་གདམས་པ་བཞེད་ན་དུར་ཁྲོད་ཆེན་པོ་བྷ་སིང་གི་ནགས་སུ་སོང་ཞིག །ཅེས་ལུང་བསྟན་པ་བཞིན་དེ་ཉིད་དུ་བྱོན་པས་ཛྙཱ་ན་སུ་ཏྲ་དང་མཇལ་ཞིང་ཆེས་ཟབ་པའི་གདམས་པས་རྗེས་སུ་བཟུང་བར་གསོལ་བ་བཏབ། སློབ་དཔོན་གྱིས་ཆོ་འཕྲུལ་སྣ་ཚོགས་པ་སྣང་བར་མཛད་ནས་སྤྲོས་བཅས་སྤྲོས་མེད་ཀྱི་དབང་རྣམས་བསྐུར། རི་བོ་སྣང་བྱེད་ཀྱི་རྩེ་མོར་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་དང་། ཤིན་ཏུ་སྤྲོས་མེད་ཀྱི་དབང་རྣམས་རྫོགས་པར་མཛད་པས་ཐུན་མོང་མ་ཡིན་པའི་རྟོགས་པ་འཁྲུངས། ཤངས་ཀྱི་རྩེ་མོར་ཡི་གེ་ཨ་དཀར་པོ་ཟགས་ལ་ཁད་པ་གཅིག་ཀྱང་བྱུང་། དེ་ནས་རབ་ཏུ་སྤྲོས་མེད་ཀྱི་དབང་རྫོགས་པར་གནང་བས་སེམས་ཀྱི་དེ་ཉིད་ཁོ་ན་རྗེན་པར་མཐོང་། དབང་དེ་དག་གི་རིམ་པ་བཞིན་རྫོགས་པ་ཆེན་པོ་སྐོར་བཞིའི་གདམས་པ་དཔེ་དང་བཅས་པ་མ་ལུས་པ་གནང་། ལོ་བཅུའི་བར་ལ་ཞུན་མཐར་བཅད་ཅིང་ཛྙཱ་ན་སུ་ཏྲ་འོད་ཕུང་དུ་ཡལ་བའི་ཚེ་བཱི་མས་སྨྲེ་སྔགས་དང་གདུང་དབྱངས་བཏོན་པ་ན། སླར་ཡང་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་རིན་པོ་ཆེ་སྣ་ལྔའི་ཟ་མ་ཏོག་ཅིག་ཕྱག་ཏུ་གཏད་པ་ལས་བཞག་ཐབས་བཞི་པ་ཞེས་པའི་འདས་རྗེས་ཐོབ་ཅིང་ཚིག་དོན་ལ་འཁྲུལ་བ་མེད་པའི་གདེང་ཐོབ་པར་གྱུར་ཏོ། །དེ་ནས་སློབ་དཔོན་བཱི་མ་ཉིད་ཤར་ཕྱོགས་ཀ་མ་རུའི་གྲོང་ཁྱེར་དུ་རྒྱལ་པོ་སེངྒེ་བཟང་པོའི་བླ་མཆོད་དུ་ལོ་ཉི་ཤུར་བཞུགས་ཤིང་། དེ་ནས་ནུབ་ཕྱོགས་སུ་གྲོང་ཁྱེར་བྷིར་ཡ་ཞེས་པར་རྒྱལ་པོ་དྷརྨ་པཱ་ལའི་མཆོད་གནས་ཀྱང་མཛད། དེའི་འོག་ཏུ་རབ་ཏུ་སྣང་བྱེད་ཅེས་པའི་དུར་ཁྲོད་ཆེན་པོར་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་ཅིང་གདུག་པའི་ཚོགས་ལ་ཆོས་སྟོན་ཞིང་བཞུགས། གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས་ནས། ཚར་གཅིག་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བརྡལ་བའི་གླིང་དུ་སྦས། ཚར་གཅིག་ཁ་ཆེའི་ཡུལ་གསེར་གླིང་ཞེས་པའི་བྲག་སྐྱིབས་སུ་སྦས། ཚར་གཅིག་དུར་ཁྲོད་དེར་མཁའ་འགྲོ་མ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞག །སློབ་དཔོན་འདི་འཕོ་བ་ཆེན་པོའི་སྐུ་གྲུབ་པས་འཕགས་ཡུལ་དུ་ཅི་རིགས་པར་བཞུགས་ཤིང་བོད་དང་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་རྒྱ་ཆེར་མཛད་ཚུལ་གྱི་རྣམ་ཐར་ཡང་ཤིན་ཏུ་མང་ངོ་། །

ཡང་རིག་འཛིན་ཤྲཱི་སེང་ཧ་ལས་སློབ་དཔོན་ཆེན་པོ་པདྨས་གསན་པ་སྟེ། སྤྱིར་སློབ་དཔོན་ཆེན་པོ་འདི་ཉིད་སྐུ་གསུམ་གྱི་སྟོན་པ་རྒྱ་མཚོའི་ངོ་བོ་ཡིན་པས་བརྒྱུད་པ་བྲེང་ཆགས་ཀྱི་མཚན་ཉིད་ལ་ལྟོས་པ་མེད་ཀྱང་ཚུར་མཐོང་གི་སྣང་ངོར་པཎ་གྲུབ་སྤྱི་ལྟར་བླ་བརྒྱུད་བར་མ་ཆད་པ་ལས་ཟབ་མོའི་མན་ངག་གི་བདུད་རྩི་གསན་བཞེས་ཀྱི་ཚུལ་བསྟན་པ་སྟེ། བཏགས་གྲོལ་སྙིང་པོའི་རྒྱུད་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །ཉིད་ལས་མི་གཞན་སེམས་དཔའི་སྣོད། །བྱིན་གྱིས་རླབས་ཀྱི་བདག་ཉིད་ལ། །བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ། །བཅིངས་དང་གྲོལ་བའི་མཐའ་ལས་འདས། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །རང་བྱུང་དགའ་རབ་ཐུགས་ལ་ཤར། །སེང་ཧ་ཉིད་ལ་རྒྱུད་གཏད་པ། །འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། །ཨོ་རྒྱན་པདྨ་ཉིད་ལ་གཏད། །ལྔ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས་པ་ལྟར་དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ལས་ཀྱང་གསན་པར་གྲགས་ཀྱང་། གཙོ་ཆེར་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལྟར་གུ་རུ་ཤྲཱི་སེང་ཧ་ལས་བླ་མ་བསྟེན་ནས་གསན་པའི་ཚུལ་མཛད་པ་སྟེ། དེ་ཡང་བདག་ཉིད་ཆེན་པོ་འདིའི་གསང་བ་བསམ་མི་ཁྱབ་པའི་རྣམ་ཐར་བཀའ་གཏེར་གྱི་ཡི་གེ་རྣམས་ལས་སྣ་ཚོགས་པ་བྱུང་བ་ལས། འདིར་ཐང་ཡིག་སོགས་གཏེར་མ་ཡོངས་གྲགས་ཀྱི་ལུགས་སུ་བྱས་ཏེ་ཅུང་ཟད་གླེང་བ་ལ། ཇི་སྐད་དུ། དབུས་འགྱུར་འཆང་ལུང་བསྟན་པའི་མདོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བཞི་གཉིས་ལོན་པ་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་གེ་སར་སྡོང་པོ་ལས། །ཀུན་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོར་འགྱུར། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །ཞེས་མདོ་རྒྱུད་དུ་མ་ནས་གསལ་བར་བསྟན་པ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེའི་བདག་ཉིད་སངས་རྒྱས་འོད་དཔག་ཏུ་མེད་པའི་སྤྲུལ་སྐུ་སྟེ། དེ་ཡང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གྱི་ལྷོ་ནུབ་སྲིན་ཡུལ་དང་ཐག་ཉེ་བའི་རྒྱ་མཚོའི་གླིང་དུ། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ལས་བྱུང་བའི་པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་པའི་སྦུབས་སུ་བདེ་ལྡན་ཞིང་གི་མགོན་པོའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཧྲཱིས་མཚན་པ་ཞིག་སྤྲོས་པ་ལས། རྫུས་སྐྱེས་ཀྱི་ཁྱེའུ་ལོ་བརྒྱད་པའི་ན་ཚོད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་སྤྲུལ་ཏེ་བཞུགས་ཤིང་། ལྷ་དང་མཚོ་གླིང་གི་མཁའ་འགྲོ་མ་རྣམས་ལ་ཟབ་མོའི་ཆོས་སྟོན་པར་མཛད་པའི་ཚེ་ན། ཡུལ་དེའི་རྒྱལ་པོ་ཨིནྡྲ་བྷོ་དྷི་ལ་སྲས་མེད་པས་དཀོན་མཆོག་མཆོད་ཅིང་དཀོར་མཛོད་སྦྱིན་པ་བཏང་བ་ཟད་དེ་རྒྱ་མཚོའི་གླིང་ནས་ཡིད་བཞིན་གྱི་ནོར་བུ་བླངས་ཏེ་ཚུར་བྱོན་པའི་དུས་ཆོས་བློན་ཀྲིཥྞ་འཛིན་གྱིས་ཐོག་མར་མཇལ། དེ་ནས་རྒྱལ་པོས་མཇལ་ཞིང་སྲས་ཀྱི་སྐལ་བར་བྱོན་པར་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས་ནས་ཕོ་བྲང་དུ་སྤྱན་དྲངས། ནོར་བུའི་མཐུ་ལས་བྱུང་བའི་རིན་པོ་ཆེའི་ཁྲིའི་སྟེང་ལ་བཞུགས་སུ་གསོལ་ཏེ་པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། གཞོན་ནུའི་རོལ་རྩེད་ཀྱིས་གདུལ་བྱ་མཐའ་ཡས་པ་སྨིན་པར་མཛད་ཅིང་མཁའ་འགྲོ་འོད་འཆང་མ་ཁབ་ཏུ་བཞེས། ཟས་གོས་རིན་པོ་ཆེའི་ཆར་གྱིས་སྐྱེ་བོ་ཐམས་ཅད་ཚིམས་པར་བྱས་ཤིང་ཨོ་རྒྱན་གྱི་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་རྒྱལ་པོ་ཐོར་ཅོག་ཅན་ནམ་པདྨ་རྒྱལ་པོར་གྲགས། དེའི་ཚེ་རྒྱལ་སྲིད་བཟུང་བས་གཞན་དོན་རླབས་ཆེན་མི་འགྲུབ་པར་དགོངས་ནས་ཡབ་ལ་ཞུས་ཀྱང་མ་གནང་བས་ཕོ་བྲང་ཡང་རྩེ་ནས་གར་མཛད་དེ་རྩེ་གསུམ་ཤོར་བའི་བརྫུ་བག་གིས་བདུད་བློན་གྱི་བུ་དབྱིངས་སུ་སྤར། བུ་བསད་པའི་ཁྲིམས་ཀྱིས་དུར་ཁྲོད་དུ་སྤྱུགས་པས། བསིལ་བའི་ཚལ་དང་། དགའ་བའི་ཚལ། སོ་ས་གླིང་རྣམས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ན། མཁའ་འགྲོ་བདུད་འདུལ་མ་དང་ཞི་བ་འཚོས་དབང་བསྐུར་ཞིང་བྱིན་གྱིས་བརླབས། དུར་ཁྲོད་ཀྱི་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་པའི་ཚེ་ཤཱནྟ་རཀྵི་ཏ་ཞེས་གྲགས། ངྷ་ན་ཀོ་ཥའི་མཚོ་གླིང་དུ་བྱོན་ཏེ་གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་མཚོ་གླིང་གི་མཁའ་འགྲོ་མ་དབང་དུ་བསྡུས། རྩུབ་འགྱུར་ཚལ་དུ་སྤྱོད་པ་མཛད་པས་རྡོ་རྗེ་ཕག་མོས་ཞལ་བསྟན་ནས་བྱིན་གྱིས་བརླབས། རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་ཐམས་ཅད་དམ་ལ་བཞག གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བསྩལ་ཏེ་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་སོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་པས་མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་པ་ལ། རང་བྱུང་གི་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་པ་ཡིད་མ་ཆེས་ཏེ་སྐུར་པ་བཏབ་པ་ན། དགོས་པའི་དབང་མང་དུ་གཟིགས་ནས་ཟ་ཧོར་གྱི་ཡུལ་དུ་བྱོན་ཏེ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་བའི་མཚན་ཤཱཀྱ་སེངྒེར་གྲགས། ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་གསན་པས་དེ་ཉིད་དུ་ལྷ་རྣམས་ཀྱི་ཞལ་མཐོང་། སླར་ལྷོ་ཕྱོགས་བྷཻདྷེའི་ཡུལ་གྱི་དུར་ཁྲོད་སྐུ་ལ་རྫོགས་སུ་མཁའ་འགྲོ་མ་རྣམས་ཀྱིས་མཆོད་ནས་ཆོས་གསུངས་པས་མཚན་ཉི་མ་འོད་ཟེར་དུ་གྲགས། དེ་ནས་ནགས་ཚལ་དྲྭ་བ་ཅན་དུ་བྱོན་ནས་སྲས་མོ་གོ་མ་དེ་ཝིས་ཕྱི་ནང་གསང་བའི་དབང་བསྐུར་ཞིང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ཚེ་ངས་ཁྱོད་འདུལ་བའི་དུས་ལ་མ་སླེབས་པས་མཁའ་འགྲོ་གསང་བ་ཡེ་ཤེས་དགེ་སློང་མའི་ཚུལ་དུ་བྱོན་པ་ཀུན་དགའ་མོ་ལས་ཞུས་ཞེས་ལུང་བསྟན། དེ་ལས་ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་མཛད། སངས་རྒྱས་གསང་བ་ལས་ཕར་ཕྱིན་དང་སྒྱུ་འཕྲུལ་སོགས་མདོ་སྔགས་ཀྱི་ཆོས་མང་པོ་གསན། གཞན་ཡང་འཕགས་ཡུལ་གྱི་མཁས་གྲུབ་དུ་མ་ལས་རིག་པའི་གནས་ཐམས་ཅད་གསན་ཅིང་སྦྱངས་པའི་ཚུལ་བསྟན་པས་ཆོས་ཐམས་ཅད་ཚར་རེ་རེས་མཁས་པར་མཁྱེན་པས་མཚན་བློ་ལྡན་མཆོག་སྲེད་དུ་གྲགས། དེ་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ་གསུམ་ལས་རྫོགས་པ་ཆེན་པོ་དོན་བརྒྱུད་ཀྱི་མན་ངག་རྒྱལ་ཐབས་སྤྱི་བླུགས་ཀྱི་ཚུལ་དུ་ཐོབ་པས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དགོངས་པར་རང་དབང་བརྙེས། ཁྱད་པར་སློབ་དཔོན་ཤྲཱི་སེངྷའི་མདུན་ནས་ལོ་ཉི་ཤུ་རྩ་ལྔའི་རིང་འོད་གསལ་རྫོགས་པ་ཆེན་པོའི་ཚིག་དོན་གྱི་ཆ་ཐམས་ཅད་ལྷག་མེད་དུ་གསན་པའི་ཚུལ་ནི། རྡོ་རྗེ་ཕག་མོས་ལུང་བསྟན་ལས། སྐལ་ལྡན་འབྲས་བུ་ཚེ་གཅིག་ངེས་པའི་ལུང་། །གང་དང་མི་འདྲ་ཀུན་ཀྱིས་མ་རྟོགས་པ། །ཤྲཱི་སེངྷ་རྡོ་རྗེའི་ཐུགས་ལ་གནས། །རྩུབ་འགྱུར་ཚལ་དུ་དགོངས་པ་རྙེད་པར་འགྱུར། །ཞེས་གསུངས་པ་དང་། སྐད་ཅིག་གིས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོར་རྫུ་འཕྲུལ་གྱིས་བྱོན་ཏེ་སློབ་དཔོན་ཤྲཱི་སེངྷ་ལ་ཕྱག་དང་སྐོར་བ་མཛད་ནས་རྗེས་སུ་བཟུང་བར་ཞུས་པས་གནང་སྟེ། རྫོགས་པ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་སེམས་ཀློང་མན་ངག་གི་སྐོར་མཐའ་དག་གསུངས་ཤིང་། ཁྱད་པར་དུ་ཐིག་ལེ་ཕྱི་ནང་གསང་བའི་སྐོར་མ་ལུས་པ་གསན་དུས། ཡང་ཞུས་པ། སློབ་དཔོན་ཆེན་པོ་ལགས། ཚེ་འདི་ཉིད་ལ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་མཐོང་ཞིང་། ཆོས་ཀྱི་སྐུའི་ཞིང་ཁམས་སུ་སངས་རྒྱས་པའི་གདམས་ངག་གཅིག་གནང་བར་འཚལ་ཞེས་གསོལ་བ་དང་། ཤྲཱི་སེངྷས་གསུངས་པ། རིགས་ཀྱི་བུ་ཤིན་ཏུ་ལེགས་ཀྱི་ཆོས་ཐམས་ཅད་ཀྱི་ཡང་རྩེ། ལྟ་བ་ཐམས་ཅད་ཀྱི་ཞེ་ཕུགས། ཐེག་པ་ཐམས་ཅད་ལས་འདས་ཤིང་། མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཏིག གསང་བ་བས་ཀྱང་ཆེས་ཤིན་ཏུ་གསང་བའི་དོན། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་ཆེན་པོ། སེམས་ལས་འདས་པ། ཡིད་དཔྱོད་དང་བྲལ་བ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ། ཡིན་མིན་གྱི་མཐའ་ལ་མི་གནས་ཤིང་། ལྟ་སྒོམ་བསྐྱེད་རྫོགས་ཀྱི་ཡུལ་ལས་འདས་པ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ། རིག་འཛིན་ཆེན་པོ་རྣམས་ཀྱི་ཉེ་ལམ། མཐར་ཐུག་པའི་མན་ངག་བླ་ན་མེད་པ། ལོ་གསུམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པའི་གདམས་པ་ཞིག་ཡོད་ཀྱིས་བསྟན་པར་བྱའོ། །གསུངས་ནས། རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་མཁའ་འགྲོ་སྙིང་ཏིག་གི་དབང་དང་། དེའི་ཉམས་ལེན་མན་ངག་གི་ཡི་གེ་རབ་ཏུ་མང་པོ་དང་། དེའི་རྒྱབ་རྟེན་དུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད། ཡི་གེ་མེད་པ་གཞིའི་རྒྱུད། སྐུ་གདུང་འབར་བ་རྟགས་ཀྱི་རྒྱུད། རྫོགས་པ་རང་བྱུང་དབང་གི་རྒྱུད། ངོ་སྤྲོད་སྤྲས་པའི་རྒྱུད། སྒྲོན་མ་འབར་བའི་རྒྱུད། རིག་པ་རང་ཤར་གྱི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། རིན་པོ་ཆེ་སྤུངས་པའི་རྒྱུད། ཉི་ཟླ་ཁ་སྦྱོར་གྱི་རྒྱུད། ནོར་བུ་ཕྲ་བཀོད་ཀྱི་རྒྱུད། རིག་པ་རང་གྲོལ་གྱི་རྒྱུད། མུ་ཏིག་ཕྲེང་བའི་རྒྱུད། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། བཀྲ་ཤིས་མཛེས་ལྡན་གྱི་རྒྱུད། སེང་གེ་རྩལ་རྫོགས་ཀྱི་རྒྱུད། ཀློང་དྲུག་པའི་རྒྱུད། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད་དང་བཅོ་བརྒྱད་ཡོངས་སུ་རྫོགས་པར་གསུངས་ཤིང་བསྟན་པ་གཏད་དོ། །དེ་ནས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་བྱོན་ཏེ་ལོ་གསུམ་ཉམས་སུ་བླངས་པས་སྐྱེ་ཤི་གཉིས་སྤངས་ཆུའི་ཟླ་བ་ལྟ་བུའི་སྐུ་གྲུབ་ནས་རྫུ་འཕྲུལ་གྱིས་གནས་རྣམ་པ་སྣ་ཚོགས་སུ་མི་དང་མི་མིན་གྱི་འགྲོ་བ་རབ་ཏུ་མང་པོ་ལ་ཕན་པར་མཛད་ཅིང་། ཁྱད་པར་རྒྱ་གར་གྱི་རྒྱལ་པོ་ངྷརྨ་པ་ལའི་མཆོད་གནས་སུ་ཉིན་པར་བཞུགས་ཤིང་། མཚན་མོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དང་། སོ་ས་གླིང་དང་། རབ་ཏུ་སྣང་བྱེད་དང་། དགའ་བྱེད་དང་། བྷ་སིང་དང་། ཐ་ཆུང་དང་། འཇིགས་བྱེད་ལ་སོགས་པར་བྱོན་ཏེ། མཁའ་འགྲོ་འབར་བའི་སྤྲིན་ཕུང་དང་ལྷན་ཅིག་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པས་གནས་པར་མཛད་དོ། །དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྡ་ར་བ་ཞེས་མཁའ་འགྲོའི་མཚན་དང་ལྡན་པ་དེ་དབང་དུ་བསྡུས་ནས་སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས་བལ་ཡུལ་བྲག་ཕུག་མཱ་ར་ཏི་ཀར་ཚེའི་སྒྲུབ་པ་ཟླ་བ་གསུམ་མཛད་པས་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར་ཞིང་ཉིད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་གནང་བས་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་གྲུབ་ནས་ཟ་ཧོར་གྱི་རྒྱལ་ཁམས་འདུལ་བའི་དོན་ལ་གཤེགས། རྒྱལ་བློན་རྣམས་ཀྱིས་ལོག་པའི་སྤྱོད་པས་མེ་ལ་བསྲེགས་པ་ན་ཏིལ་མར་མཚོར་འཁྱིལ་བའི་དབུས་སུ་པདྨའི་སྡོང་པོའི་རྩེར་བཞུགས་པའི་རྫུ་འཕྲུལ་བསྟན་ནས་དད་པ་ལ་བཀོད་ཅིང་ཐམས་ཅད་ཆོས་ལ་བཙུད། སླར་ཨོ་རྒྱན་གྱི་རྒྱལ་ཁམས་འདུལ་བའི་ཕྱིར་བསོད་སྙོམས་ལ་ཕེབས་པས། ཡུལ་མི་རྣམས་ཀྱིས་ངོ་ཤེས་ཏེ་སྔོན་གྱི་བདུད་བློན་རྣམས་ཀྱིས་ཙནྡན་གྱི་མེ་ལ་བསྲེགས་པས་མཚོ་དབུས་པདྨའི་སྡོང་པོར་ཡབ་ཡུམ་གཉིས་བཞུགས་ཏེ། སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བ་མཚོན་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་བསྟན་པས་པདྨ་ཐོད་ཕྲེང་རྩལ་དུ་གྲགས། རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད་ནས་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྨིན་གྲོལ་བསྩལ་ཏེ་རྒྱལ་པོ་ཡབ་ཡུམ་སོགས་ལས་ཅན་ཐམས་ཅད་མཆོག་གི་རིག་འཛིན་གྱི་ས་ལ་བཀོད་པས་མཚན་པདྨ་རྒྱལ་པོར་གྲགས། སྐུ་ལ་རྫོགས་པ་སོགས་དུར་ཁྲོད་ཆེན་པོ་རྣམས་སུ་བྱོན་ཏེ་མཁའ་འགྲོ་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན། ཕྱི་ནང་གི་དྲེགས་པ་ཅན་ཐམས་ཅད་ཀྱི་སྲོག་སྙིང་བླངས་ནས་བསྟན་སྲུང་དུ་བསྐོས་པ་སོགས་མཛད་པའི་ཚེ་མཚན་ཉི་མ་འོད་ཟེར་གྲགས། རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པ་ལ་རྒོལ་བ་རྩོམ་པའི་ཚེ་རྩོད་པ་དང་ནུས་པ་འགྲན་པས་སློབ་དཔོན་ཉིད་རྒྱལ། ཁོང་རྣམས་ཀྱིས་ངན་སྔགས་སྒྲུབ་པའི་ཚེ་མཁའ་འགྲོ་བདུད་འདུལ་མས་ཕུལ་བའི་དྲག་སྔགས་ཀྱིས་ཕྱིར་བཟློག་སྟེ་ཐོག་ཆེན་ཕབ་ནས་མུ་སྟེགས་ཀྱི་སྟོན་པ་རྣམས་བསྒྲལ། གྲོང་ཁྱེར་མེས་བསྲེགས། ལྷག་མ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་ནས་ཆོས་ཀྱི་རྒྱལ་མཚན་དགུང་དུ་བསྒྲེངས་བའི་ཚེ་སེང་གེ་སྒྲ་སྒྲོག་ཏུ་གྲགས་ཏེ། འདི་ཡན་ཆད་ཟག་པ་གསུམ་ཟད་ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་རིག་འཛིན་གྱི་ཚུལ་དུ་བཞུགས་པ་ཡིན་ནོ། །དེ་ནས་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བལ་པོའི་རྒྱལ་པོ་དགེ་འཛིན་གྱི་སྲས་མོ་བལ་མོ་ཤཱཀྱ་དེ་བ་སྒྲུབ་རྟེན་མཛད་ནས་དཔལ་ཡང་དག་གི་སྒོ་ནས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཚེ་འདྲེ་སྲིན་མཐུ་བོ་ཆེ་གསུམ་གྱིས་བར་ཆད་བྱས་ཏེ། ལོ་གསུམ་དུ་ཆར་མ་བབ། ནད་དང་མུ་གེ་བཏང་བ་ལ། རྒྱ་གར་དུ་བླ་མ་རྣམས་ལས་བར་ཆད་འདུལ་བའི་ཆོས་ལེན་པར་བཏང་བས་ཕུར་པའི་རྒྱུད་ལུང་མི་ཁུར་གཉིས་བརྫངས་པ་ཕེབས་པ་ཙམ་གྱིས་བར་ཆད་རང་བཞིན་གྱིས་ཞི། ཆར་བབ་ཅིང་ནད་མུག་རྒྱུན་ཆད། ཡབ་ཡུམ་གཉིས་མཆོག་གི་དངོས་གྲུབ་བརྙེས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐུར་བཞུགས་སོ། །གཞན་ཡང་དུས་སྐབས་ཅི་རིགས་པར། ཨོ་རྒྱན་གྱི་གླིང་ཕྲན་ཧུརྨུ་ཛུ་དང་། སི་ཀོ་ངྷ་ར་དང་། ངྷ་ན་ཀོ་ས་དང་། རུཀྨ་སོགས་དང་། ཏི་ར་ཧུ་ཏི་སོགས་ཐ་རུའི་རྒྱལ་ཁམས་དང་། ཀཱ་མ་རུ་ལ་སོགས་པ་རྣམས་སུ་གཅིག་དང་དུ་མའི་རོལ་གར་གྱིས་གདུལ་བྱའི་སྐལ་པ་དང་འཚམས་པར་ཆོས་སྟོན་པ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱིས་སེམས་ཅན་མང་པོ་ལ་ཕན་བཏགས་པ་སྟེ། ཧོར་དང་རྒྱ་ནག་སོགས་འདུལ་བ་ལ་རྒྱལ་པོ་མངོན་ཤེས་ཅན་དང་། རྣལ་འབྱོར་པ་སྟོབས་ལྡན་དུ་སྤྲུལ་པ་དང་། ཞང་ཞུང་ཡུལ་དུ་ཏ་བི་ཧྲི་ཙ་ཞེས་རང་བྱུང་གི་ཁྱེའུར་སྤྲུལ་ནས་རྫོགས་ཆེན་སྙན་བརྒྱུད་ཀྱི་གདམས་པས་སྐལ་ལྡན་མང་པོ་འོད་ལུས་སུ་བསྐྱལ་བས་མཚོན་ཡུལ་རིས་དང་སྐད་རིགས་མི་གཅིག་པ་རྣམས་སུ་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་པས་སྐྱེ་རྒུ་རྣམས་ཐར་ལམ་དུ་བཀོད་པའི་ཕྲིན་ལས་ནི་ཚད་གཟུང་དུ་མེད་པ་སྟེ་རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ་པའི་ཆོས་ཉིད་དོ། །ཁྱད་པར་རང་ཅག་གངས་རིའི་ལྗོངས་པ་རྣམས་ལ་རྒྱལ་བསྟན་མདོ་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་བྱུང་བ་སློབ་དཔོན་འདི་ཉིད་ཁོ་ནའི་བཀའ་དྲིན་དང་ཕྲིན་ལས་ཡིན་པ་སྔོན་གྱི་རྒྱལ་རབས་ཆོས་འབྱུང་དག་ན་རྒྱས་པར་གསལ་ཞིང་འོག་ཏུ་ཡང་ཅུང་ཟད་འབྱུང་བར་འགྱུར་བས་འདིར་མི་སྤྲོའོ། །དེ་ལྟར་དངོས་རྒྱུད་རྫུ་འཕྲུལ་གྱི་རོལ་གར་ཚད་མེད་པས་རྒྱ་བལ་བོད་གསུམ་གཙོ་བོར་གྱུར་པའི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ས་ལ་བཀོད་ནས་སྤྱི་ལོ་༨༧༦པར་རྔ་ཡབ་སྲིན་པོའི་གླིང་དུ་སྐུ་ལུས་མ་སྤངས་པར་འཇའ་འོད་ཀྱི་ཀློང་ནས་མངོན་སུམ་དུ་གཤེགས་པར་མཛད་དོ། །དེ་ཡན་ཆད་རིག་འཛིན་བརྡའི་བརྒྱུད་པ་སྟེ་སྟོན་པའི་ཐུགས་ཡེ་ཤེས་རིག་པའི་རང་རྩལ་ལས་ཤར་བ་ཁོ་ན་ལས་གང་ཟག་རང་རྒྱུད་པ་མིན་པས། བརྡ་ཐབས་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་སོང་བ་ཤ་སྟག་ཡིན་ཕྱིར། རིག་འཛིན་བརྡ་ཡི་བརྒྱུད་པ་ཞེས་གསང་ཆེན་སྔ་འགྱུར་པའི་བརྡ་ཆད་ཐུན་མོང་མ་ཡིན་པའོ། །

སྨྲས་པ།

སྐུ་གསུམ་སྟོན་པའི་ལྷ་ལམ་ཡངས་པར་ཐུགས་རྗེའི་སྤྲིན་ཆེན་རབ་དཀྲིགས་པས། །རྣམ་གསུམ་ཡོ་ག་འབྲས་བུའི་ཐེག་པ་སྨིན་གྲོལ་བདུད་རྩིའི་ཆོས་ཆར་འབེབས། །བརྒྱུད་གསུམ་བླ་མའི་ཞལ་ཆབ་མ་ཉམས་བྱིན་བརྒྱུད་རྟོགས་པའི་ཟིལ་མངར་ཅན། །ས་གསུམ་གདུལ་བྱའི་བསོད་ནམས་ཞིང་སར་དུས་ཀུན་དགེ་བའི་དཔྱིད་དུ་འཇོ། །གཞི་དབྱིངས་སྟོང་གསལ་ཆོས་སྐུའི་ཞིང་ཁམས་རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ། །གདོད་ནས་ཡེ་གྲོལ་ཆོས་སྐུའི་སྟོན་པ་ཁྱབ་བདག་རིགས་དྲུག་ཀུན་ཏུ་བཟང་། །ཉིད་ལས་མི་གཞན་རྒྱལ་བ་རྒྱ་མཚོ་ཡེ་ཤེས་དག་པའི་འཁོར་ཚོགས་ལ། །བྱིན་གྱིས་བརླབས་པའི་ངོ་བོར་སྣང་བ་སྐྱེ་མེད་བརྗོད་བྲལ་དགོངས་པའི་གསུང་། །ངེས་པ་ལྔ་ལྡན་ལོངས་སྐུའི་ཕོ་བྲང་ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་། །མཆོག་ཏུ་མི་འགྱུར་ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་སྐུ་རྣམ་སྣང་མཛད། །ཐ་མི་དད་ཅིང་སྤྲོ་བསྡུ་བྲལ་བ་རང་སྣང་དག་པའི་འཁོར་ཚོགས་ལ། །བསམ་གྱིས་མི་ཁྱབ་རང་གི་ངོ་བོས་བརྡ་ཐབས་རྟགས་ཀྱི་གསུང་མཆོག་སྣང་། །བྱེ་བ་ཕྲག་བརྒྱ་སྟོང་གསུམ་འཇིག་རྟེན་དག་དང་མ་དག་འགྲོ་མང་ཁམས། །དཔག་ཡས་སྒྱུ་འཕྲུལ་ཆུ་ཟླའི་རོལ་གར་སྣ་ཚོགས་སྤྲུལ་པའི་སྐུར་སྣང་བས། །ཐ་དད་དྲང་ངེས་མདོ་དང་སྔགས་ཀྱི་ཟབ་དང་རྒྱ་ཆེའི་ཆོས་ཚུལ་འབུམ། །མ་ལུས་གདུལ་བྱའི་དབྱངས་ཀྱིས་བསྙད་པ་སྒྲ་ཚིག་སྡེབ་སྦྱོར་ལེགས་པས་གསུངས། །ཇི་སྙེད་སྣང་ཞིང་སྲིད་པའི་ཆོས་སོ་ཅོག །ལྷ་སྔགས་བདེ་བ་ཆེན་པོའི་རོལ་རྩལ་དུ། །བསྐྱེད་པའི་རྣལ་འབྱོར་དག་མཉམ་དབྱེར་མེད་པས། །དཀྱིལ་འཁོར་གསུམ་དུ་རྟོགས་པ་མ་ཧཱའི་ལམ། །ཤེས་དང་ཤེས་བྱ་མཚན་བཅས་དངོས་སྣང་ཀུན། །ཐབས་མཆོག་མི་འགྱུར་ཞུ་བདེའི་ཡེ་ཤེས་ཁམས། །རྫོགས་པའི་རིམ་པས་བདེ་སྟོང་དབྱེར་མེད་དུ། །རྣལ་འབྱོར་ལམ་བྱེད་ལུང་ཆེན་ཨ་ནུའི་ལུགས། །སྣང་སྲིད་འཁོར་འདས་བཟང་ངན་མཚན་རྟོག་ཀུན། །གདོད་ནས་དག་པ་སྟོང་ཆེན་ཆོས་ཀྱི་སྐུར། །ཤར་གྲོལ་དུས་མཉམ་རིག་སྟོང་དབྱེར་མེད་དུ། །མ་ལུས་འུབ་ཆུབ་བྱར་མེད་ཨ་ཏིའི་གནད། །རྒྱལ་ཀུན་གསང་བ་བླ་ན་མེད་པའི་མཛོད། །ངེས་དོན་ཆོས་ཚུལ་རྒྱ་མཚོའི་ཉིང་ཁུའི་བཅུད། །ཟབ་ལས་ཆེས་ཟབ་ནང་རྒྱུད་ཡོ་ག་གསུམ། །བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པ་འཕགས། །ཐུབ་བསྟན་ཡོངས་སུ་རྫོགས་པའི་ཁང་བཟང་རྩེར། །གསང་ཆེན་བསྟན་པའི་བ་གམ་མངོན་མཐོ་ཞིང་། །སྡེ་གསུམ་ནོར་བུའི་ཏོག་གིས་ཉེར་མཛེས་པ། །སྔ་འགྱུར་ཆོས་ཀྱི་རྒྱལ་ཐབས་འདི་ཀོ་རྨད། །ཅེས་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ནང་རྒྱུད་ཡོ་ག་གསུམ་གྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་བཤད་པའི་སྐབས་ཀྱི་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། གསང་ཆེན་རྡོ་རྗེ་ཐེག་པ་ནང་རྒྱུད་ཡོ་ག་རྣམ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་བྱེ་བྲག་ཏུ་བརྗོད་པའི་སྐབས་སྟེ་སརྒ་གསུམ་པ་རྫོགས་སོ།། །།

བསིལ་ལྡན་ཁ་བའི་ལྗོངས་སུ་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱོན་ཚུལ་བསྟན་པའི་རབ་བྱེད།

དང་པོ། ཡོངས་རྫོགས་བསྟན་པའི་ཕྱི་མོ་གསང་ཆེན་སྔ་འགྱུར་པའི་རིང་ལུགས་བོད་ཡུལ་དུ་ཐོག་མར་བྱོན་ནས་སྔ་དར་བསྟན་པའི་དབུ་བརྙེས་ཚུལ་སྤྱིར་བཤད་པ།

རྩ་བའི་ས་བཅད་གཉིས་པ་བསིལ་ལྡན་ཁ་བའི་ལྗོངས་སུ་རྒྱལ་བསྟན་རིན་པོ་ཆེ་ཇི་ལྟར་དར་ཚུལ་ལ། ཡོངས་རྫོགས་བསྟན་པའི་ཕྱི་མོ་གསང་ཆེན་སྔ་འགྱུར་པའི་རིང་ལུགས་བོད་ཡུལ་དུ་ཐོག་མར་བྱོན་ནས་སྔ་དར་བསྟན་པའི་དབུ་བརྙེས་ཚུལ་སྤྱིར་བཤད་པ་དང་། ཕྱི་དར་བསྟན་པའི་མེ་རོ་སླར་ཡང་གསོས་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་འཕྲོས་དོན་དུ་བརྗོད་པ། སྐབས་དོན་སྔ་འགྱུར་རྙིང་མའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེའི་བབ་སོ་བྱེ་བྲག་ཏུ་བཤད་པ་སྟེ་གསུམ་ལས།

དང་པོ་ནི། མདོ་སྡེ་པད་མ་དཀར་པོ་ལས། སྟོན་པ་ཐུབ་པའི་དབང་པོ་འོད་མའི་ཚལ་དུ་བཞུགས་པའི་ཚེ། མཛོད་སྤུ་ནས་འོད་ཟེར་བྱང་ཕྱོགས་སུ་སྤྲོས་ཏེ་ཞལ་འཛུམ་པ་མཛད་པའི་ཚེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་རྒྱུ་རྐྱེན་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས། འདྲེ་སྲིན་དུ་མས་གང་བའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པའི་དུས་སུ་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་དར་ཞིང་རྒྱས་པར་འདུག་སྟེ། སེམས་ཅན་དེ་རྣམས་ཀྱང་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །མཐའ་འཁོབ་དེ་འདུལ་བའི་གཉེན་པོ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིན་ནོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །ས་ལའི་ནགས་སུ་འབྱུང་བར་འགྱུར། །ཞེས་དང་། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་དང་། གཞན་ཡང་ཟ་མ་ཏོག་བཀོད་པའི་མདོ་དང་། ཤེར་ཕྱིན་བརྒྱད་སྟོང་། རྡོ་རྗེ་མཁའ་འགྲོའི་རྒྱུད་སོགས་ལས་ལུང་གིས་བསྟན་པ་ལྟར། བསིལ་ལྗོངས་མུན་པའི་གླིང་དུ་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་སྐྱ་རེངས་ཀྱི་མཐུ་ལ་བརྟེན་ནས་མདོ་སྔགས་བསྟན་པའི་ཉི་མ་ཕྱོགས་ཀུན་གསལ་བར་གྱུར་པ་སྟེ། དེ་ཡང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་བཅུ་དྲུག་གི་རིང་ལ་ཆབ་སྲིད། སྒྲུང་དང་། ལྡེའུ། བོན་གསུམ་གྱིས་བསྐྱངས་པས་དམ་པ་ཆོས་ཀྱི་མིང་ཙམ་མ་གྲགས་ཤིང་། དེ་ནས་རྒྱལ་རབས་ཉེར་བདུན་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་བཙན་སྤྱི་ལོ་༣༧༤ལོར་སྐུ་འཁྲུངས། རྒྱལ་པོ་དགུང་གྲངས་དྲུག་ཅུ་བཞེས་པ་སྤྱི་ལོ་༤༣༣པའི་ལོར་ཕོ་བྲང་ཡུམ་བུ་བླ་མཁར་གྱི་སྟེང་དུ། མདོ་སྡེ་ཟ་མ་ཏོག་དང་། སྤང་སྐོང་ཕྱག་བརྒྱ་པ། སྙིང་པོ་ཡི་གེ་དྲུག་མ། ཙིནྡྷ་མ་ཎིའི་གཟུངས་ཀྱི་བརྐོས་ཕོར། གསེར་གྱི་མཆོད་རྟེན་རྣམས་ནམ་མཁའ་ནས་བབ་པ་རྒྱལ་པོས་མཛོད་ཕུགས་སུ་བཞག་ནས་མཆོད་པ་བྱས་ཤིང་། ད་ཕྱིན་གདུང་རབས་ལྔ་ནས་འདིའི་དོན་ཤེས་པའི་རྒྱལ་བརྒྱུད་འོང་བར་ལུང་བསྟན་པ་བཅས་དམ་པ་ཆོས་ཀྱི་དབུ་ཐོག་མར་བརྙེས་སོ། །དེ་ནས་རྒྱལ་རབས་བཞི་པ་གནམ་རི་སྲོང་བཙན་གྱི་དུས་སུ། ཇི་སྐད་དུ། འཇམ་དཔལ་རྩ་རྒྱུད་ལས། ལྷ་ཡུལ་ལྡན་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འབྱུང་། །ཞེས་ལུང་གིས་བསྔགས་པ་ལྟར། སྤྱི་ལོ་༦༡༧པར་བོད་ཀྱི་རྒྱལ་རབས་སོ་གཉིས་པ་འཕགས་མཆོག་སྤྱན་རས་གཟིགས་ཆོས་ཀྱི་རྒྱལ་པོའི་ཚུལ་བཟུང་པ་སྲོང་བཙན་སྒམ་པོ་སྐུ་འཁྲུངས་ནས་དམ་པ་ཆོས་ཀྱི་སྲོལ་བཏོད་པ་ཡིན་ཏེ། དེ་ཡང་མཛངས་བློན་ཐོན་མི་སམྦྷོ་ཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད་ཅིང་བརྡ་སྤྲོད་ཀྱི་བསྟན་བཅོས་བརྩམས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བོད་སྐད་དུ་བསྒྱུར། དཔལ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་གསར་དུ་བཞེངས། ཁྱད་པར་སངས་རྒྱས་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྐུ་རྟེན་ཇོ་བོ་ཤཱཀྱ་མུ་ནེ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་རྣམ་གཉིས་རྒྱ་བལ་ནས་སྤྱན་དྲངས། གཞན་ཡང་རྒྱལ་པོ་ཉིད་ཀྱིས་སྐལ་ལྡན་གྱི་གང་ཟག་མང་པོ་ལ་སྨིན་ཁྲིད་ལྐོག་ཆོས་སུ་བསྩལ་བས་ཕ་ཝང་ཁ་སོགས་སྒྲུབ་གནས་རྣམས་སུ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་པ་བརྒྱ་ཕྲག་རྒྱུན་བཞུགས་བྱུང་བ་སོགས་མུན་པའི་གླིང་དུ་ཆོས་ཀྱི་སྣང་བ་ཐོག་མ་བྱུང་ངོ་། །དེ་ནས་རྒྱལ་རབས་སོ་བདུན་པ་རྗེ་བཙུན་འཇམ་དཔལ་དབྱངས་མངའ་བདག་ཆོས་ཀྱི་རྒྱལ་པོའི་རྣམ་རོལ་དུ་བྱོན་པ་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་སྤྱི་ལོ་༧༩༠པ་ལྕགས་རྟ་ལོར་སྐུ་འཁྲུངས། ཆོས་རྒྱལ་ཆེན་པོ་འདིའི་སྐུ་རིང་ལ་འཛམ་གླིང་གྲུབ་བརྒྱའི་སྤྱི་མེས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ཟ་ཧོར་གྱི་མཁན་ཆེན་བོ་དྷི་ས་ཏྭ་གཉིས་བོད་དུ་སྤྱན་དྲངས་ཤིང་། ཚད་མའི་ལུང་གིས་ཡང་ཡང་བསྔགས་པའི་སྤྲུལ་བའི་མཁན་སློབ་ཆོས་གསུམ་གངས་ཅན་བོད་ཀྱི་ཡུལ་དུ་ཞལ་འཛོམས་དུས་གཅིག་ལ་བྱུང་ནས། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་མོ་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པས་སྤྱི་ལོ་༨༡༠པ་ལྕགས་རྟ་ལོར་གསར་དུ་བཞེངས། གཞན་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་བཱི་མ་མི་ཏྲ་དང་། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཤཱནྟིཾ་གརྦྷ། དྷརྨ་ཀིརྟི་སོགས་པཎྜི་ཏ་བརྒྱ་རྩ་བརྒྱད་དང་། ལོ་ཆེན་བཻ་རོ་ཙ་ན། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུ་ཡི་རྒྱལ་མཚན། རྨ་རིན་ཆེན། གཉགས་ཛྙཱ་ན་ཀུ་མ་ར་ལ་སོགས་མཁྱེན་རབ་དང་རྟོགས་པ་ནམ་མཁའི་མཐའ་དང་མཉམ་པའི་ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་གདན་འཛོམས་ཏེ། མདོ་སྡེ་སྣོད་གསུམ་དང་། སྔགས་རྒྱུད་སྡེ་བཞི་དྲུག་དགོངས་འགྲེལ་བསྟན་བཅོས་དང་བཅས་མདོ་སྔགས་ཀྱི་ཆོས་ཚུལ་ཚང་ལ་མ་ནོར་པ་འཕགས་ཡུལ་དུ་བཞུགས་སོ་ཅོག་ཀུན་བསྒྱུར་ཞུས་ཀྱིས་གཏན་ལ་ཕབས་ནས་རྒྱལ་བསྟན་སྣང་བའི་སྒྲོན་མེ་གཞིར་བཞེངས་སུ་སྦར། ཁྱད་པར་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ཐུན་མོང་མ་ཡིན་པ་ལྷ་ཀླུའི་གནས་དང་མཁའ་འགྲོའི་གསང་མཛོད་ན་བཞུགས་པ་རྣམས་ཀྱང་སློབ་དཔོན་པདྨ་དང་བཱི་མས་རྫུ་འཕྲུལ་གྱིས་སྤྱན་དྲངས་ཏེ་ལས་ཅན་སྨིན་ཅིང་གྲོལ་བའི་སྒོ་འཕར་ཡངས་པོར་ཕྱེས་པས། ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ཀྱང་ཞལ་ནས། བོད་དུ་གསང་སྔགས་ཀྱི་བསྟན་པ་དར་བ་འདྲ་བ་སྔོན་རྒྱ་གར་དུའང་མ་བྱུང་བ་འདྲ་ཞེས་བསྔགས་པར་མཛད། གཞན་ཡང་མཁན་ཆེན་ཞི་བ་འཚོས་སད་མི་མི་བདུན་རབ་ཏུ་བྱུང་སྟེ་བསྟན་རྩ་དགེ་འདུན་གྱིི་སྡེ་བཙུགས། རྒྱུ་མཚན་ཉིད་ཐེག་པའི་འཆད་ཁྲིད་ཀྱི་རྒྱུན་སྤེལ་བས་བསམ་ཡས་དང་ཁྲ་འབྲུག་སོགས་ཀློག་པའི་ཆོས་གྲྭ་ཆེན་པོ་བཅུ་གཉིས་སུ་བཤད་སྒྲུབ་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་དར་རྒྱས་བྱུང་། དེ་མཚུངས་སློབ་དཔོན་སངས་རྒྱས་གཉིས་པས་ཀྱང་། ཇི་སྐད་དུ། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་བཤད། །རྒྱུ་འབྲས་སྤང་བླང་ཤེས་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་བླ་མེད་ལུགས་སུ་བཤད། །བསྐྱེད་རྫོགས་ཟུང་དུ་འཇུག་པའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་བཤད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་པའི་བཀའ་སྲོལ་ལྟར་ཐུན་མོང་མདོ་དང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་དང་། ཁྱད་པར་ཐུན་མིན་མཆོག་ཏུ་ཟབ་པ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། བླ་མ་དགོངས་པ་འདུས་པ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་གསང་བ་སྔགས་ཀྱི་དཀྱིལ་འཁོར་གཉན་པོའི་དར་ཞལ་ཕྱེས་ཏེ་ལས་ཅན་དག་པའི་གདུལ་བྱ་སྨིན་ཅིང་གྲོལ་བའི་ས་ལ་བཀོད་པས་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཆུ་བོ་རིའི་འོད་ལུས་གྲུབ་པ་བརྒྱ་དང་བདུན། ཡང་རྫོང་གི་རྟོགས་ལྡན་སུམ་ཅུ། ཤེལ་བྲག་གི་སྔགས་པ་སུམ་ཅུ། འོད་ལུས་སུ་གཤེགས་པའི་མཁའ་འགྲོ་མ་ཉེར་ལྔ། ཡེར་པ་རིའི་འཇའ་ལུས་པ་བརྒྱད་ཅུས་མཚོན་གངས་ཅན་གྱི་ལྗོངས་སུ་མཁས་གྲུབ་བསྟན་འཛིན་གྱི་སྐྱེས་བུའི་ཚང་རྡོལ་བར་བྱས། ཕྱི་རབས་གདུལ་བྱའི་དོན་དུ་དགོངས་ཏེ་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་དང་གཏེར་གནས་སུ་བྱིན་གྱིས་བརླབས། ཆོས་ནོར་གྱི་གཏེར་ཁས་ཡོངས་སུ་གཏམས་ཤིང་མ་འོངས་པར་སྐུ་ཚབ་ལས་ཅན་གྱི་སྐྱེས་བུས་གདོན་པར་ལུང་བསྟན་པ་སོགས་ཕྲིན་ལས་ཀྱི་འོད་སྟོང་ནུབ་པ་མེད་པ་དེང་གི་དུས་བར་ས་ཆེན་པོའི་ཁྱོན་ཡོངས་སུ་ཁྱབ་པར་མཛད་ནས་སྐུ་དངོས་ལྷོ་ནུབ་སྲིན་པོའི་ཡུལ་དུ་རྫུ་འཕྲུལ་གྱིས་གཤེགས་ཀྱང་། སྤྲུལ་པའི་རྣམ་རོལ་ཚད་མེད་པ་གངས་ཅན་འགྲོ་བའི་མགོན་དུ་བརྒྱུད་མར་བྱོན་པའི་ཐུགས་བསྐྱེད་ཞལ་བཞེས་ཀྱི་དམ་བཅའ་ནམ་ཡང་གཡེལ་བ་མི་མངའ་བ་ནི་རྒྱལ་བའི་ཕྲིན་ལས་ཀྱི་རང་བཞིན་ནོ། །དེ་ནས་རིམ་པར་མངའ་བདག་རྒྱལ་པོའི་གདུང་སྲས་མུ་ནེ་བཙད་པོ་དང་མུ་རུབ་བཙན་པོ། མུ་ཏིག་བཙན་པོ་གསུམ་གྱི་དུས་སུ་ཡབ་མེས་ཀྱི་སྲོལ་ལྟར་དམ་པའི་ཆོས་བླ་ནས་བླར་བཀུར་ཞིང་རྟེན་གཞི་གཙུག་ལག་ཁང་བཞེངས་པ་དང་དུས་ཀྱི་མཆོད་པ་བཙུགས་པ། རྒྱ་གར་ནས་པཎྜི་ཏ་ཛྙཱ་ན་ཝརྨ་སོགས་གདན་དྲངས་ནས་སྐུ་གསུང་ཐུགས་ཀྱི་རྒྱུད་སྡེ་མང་དུ་བསྒྱུར་བ་སོགས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། མུ་ཏིག་བཙན་པོའི་སྲས་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་བ་མངའ་བདག་ཁྲི་རལ་པ་ཅན་གྱིས་འུ་ཤང་རྡོའི་ལྷ་ཁང་སོགས་གཙུག་ལག་བརྒྱ་དང་རྩ་བརྒྱད་གསར་དུ་བཞེངས། རྒྱ་གར་གྱི་པཎྜིི་ཏ་མང་པོ་སྤྱན་དྲངས་ཏེ་ཡབ་མེས་ཀྱི་དུས་སུ་བསྒྱུར་པའི་མདོ་རྒྱུད་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་དཀར་ཆག་ཏུ་བཏབ། མཆོད་གནས་ཀྱི་སྡེ་ཆེན་པོ་གཉིས་ལ་དབུའི་ཐོད་བཅིངས་སྙན་དར་གདན་དུ་བཏིང་སྟེ་སྲི་ཞུ་བླ་ན་མེད་པས་བསྙེན་བཀུར་བ་སོགས་ཆོས་སྲིད་ཟུང་འབྲེལ་གྱི་མཛད་པས་སུམ་གཉིས་འཛམ་གླིང་གི་ཁྱོན་ལ་དབང་བསྒྱུར་བར་གྲགས་པ་སྟེ། དེ་ཡན་ལ་བསྟན་པ་སྔ་དར་ཞེས་མདོ་སྔགས་ཟུང་དུ་འབྲེལ་བའི་རྒྱལ་བསྟན་རིན་པོ་ཆེ་གངས་ཅན་འགྲོ་བའི་སྤྱི་དཔལ་དུ་ཤར་བ་ནི། ཆོས་རྒྱལ་མེས་དབོན་རིམ་བྱོན་དང་། མཁན་སློབ་ཆོས་གསུམ། སྐ་ཅོག་ཞང་གསུམ་སོགས་སྔ་འགྱུར་ལོ་པཎ་དམ་པའི་བཀའ་དྲིན་དང་ཐུགས་བསྐྱེད་ཀྱི་མཐུ་ཁོ་ནར་ངེས་པ་གཟུར་གནས་མཁས་པའི་ཚོགས་ལ་རྩོད་མེད་ཡོངས་སུ་གྲགས་པ་ལྟར་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཞལ་ནས། རྒྱལ་བསྟན་ལྗོངས་འདིར་འདྲེན་པ་མེས་དབོན་གསུམ། །བསྟན་པའི་རྒྱལ་མཚན་སྒྲེང་མཛད་མཁན་སློབ་ཆོས། །བསྟན་པ་ཡུན་དུ་སྐྱོང་བ་བསྟན་འཛིན་ཚོགས། །འདི་རྣམས་བོད་ལ་བཀའ་དྲིན་འགྲན་ཟླ་བྲལ། །ཞེས་དང་། གངས་ལྗོངས་སྨྲ་བའི་སྒོ་འབྱེད་སཾ་བྷོ་ཊ། །མདོ་སྔགས་བསྟན་པའི་སྣང་བྱེད་སྐ་ཅོག་ཞང་། །བཅུ་ཕྲག་རིག་ལམ་གསལ་བྱེད་མཁས་དབང་ཚོགས། །འདི་དག་བོད་ཡུལ་ཆོས་ཀྱི་ཉི་མ་ཡིན། །ཞེས་གསུངས་པ་ལྟར་ལགས་ན་རང་ཅག་གངས་རིའི་ལྗོངས་པ་དག་གིས་ཕྱོགས་རིས་དང་གྲུབ་མཐའི་ཁ་འཛིན་ཀྱི་སྡང་ཞུགས་མི་བྱེད་པར་གཟུ་བོར་གནས་པའི་བློས་བཀའ་དྲིན་རྗེས་དྲན་ཞུ་བར་འོས་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས་སོ། །

སྨྲས་པ།

འདྲེན་པ་སྟོང་རྩའི་དབུས་ན་པད་དཀར་ལྟར། །བསྔགས་པ་དོན་ལྡན་མཚན་གྱི་རྔ་སྒྲའི་དབྱངས། །མ་ལུས་རྒྱལ་བའི་ཞིང་ཁམས་ཀུན་འགེངས་པ། །སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་རྒྱལ། །ལེགས་བྱས་བསོད་ནམས་བྱེ་བ་ལས་འཁྲུངས་པའི། །ཀུན་ནས་མཛེས་པ་ཉེར་ཆགས་མཛོད་སྤུའི་འོད། །བྱང་ཕྱོགས་གདོང་དམར་བོད་ཀྱི་ཡུལ་གྲུ་རུ། །སྤྲོ་བའི་ཆོ་འཕྲུལ་སྐུ་ཡིས་བྱིན་གྱིས་བརླབས། །སྒྲིབ་བྲལ་སྟོབས་བཅུའི་གཟིགས་པ་མངའ་བ་ཡི། །མཐའ་དག་ཤེས་བྱ་མཁྱེན་པའི་ཡེ་ཤེས་ཀྱིས། །རྒྱལ་བསྟན་ཉི་མ་བྷོ་ཊའི་ལྗོངས་ཆེན་པོར། །འབྱོན་པར་འགྱུར་ཞེས་གསུང་གིས་རྗེས་སུ་བསྟན། །གྲངས་མེད་བསྐལ་པའི་སྔོན་ནས་སྨོན་པའི་སྟོབས། །བརྩེ་བའི་ཐུགས་བསྐྱེད་མ་ཉམས་མནྡཱ་ར། །ལྔ་བདོའི་འགྲོ་བ་སྤྱི་དང་ཁ་བ་རིར། །རྗེས་ཆགས་ཐུགས་རྗེའི་འདབ་མ་ཕྱོགས་སུ་འཛུམ། །འོད་གསལ་གནམ་གྱི་དམུ་ཐག་ལས་བབ་པའི། །གཙང་མའི་ལྷ་རིགས་གདུང་རབས་ཉེར་བརྒྱད་པ། །སྙན་བཙན་འཕྲུལ་གྱི་རྒྱལ་པོའི་ལས་སྨོན་སྟོབས། །དུས་སུ་སྨིན་པས་བསྟན་པའི་དབུ་ཆེན་བརྙེས། །གྲུ་འཛིན་མགོན་པོའི་ཐུགས་བསྐྱེད་ཟླ་བ་དཀར། །རྨད་བྱུང་ཐབས་མཁས་རི་མོ་མ་ཉམས་བཞིན། །འཇིགས་བྲལ་མི་དབང་སྲོང་བཙན་སྒམ་པོའི་ཚུལ། །ཆས་ཚེ་ལྗོངས་འདིར་དགེ་བཅུའི་ཨུཏྤལ་བཞད། །འཇམ་པའི་རྡོ་རྗེ་མི་རྗེའི་སྐུར་སྣང་བ། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གི །ལེགས་བྱས་དོན་ཡོད་འཕྲུལ་གྱི་ཞགས་པ་ཡིས། །སྡེ་བཞིའི་མངའ་ཐང་གངས་རིའི་རྒྱན་ཆར་དྲངས། །སིནྡྷུའི་དྭངས་མཚོར་འདབ་སྟོང་པདྨའི་རྩེར། །ངོ་མཚར་མཚན་རྫོགས་སྤྲུལ་བའི་སྐུར་སྨིན་པ། །གྲུབ་བརྒྱའི་སྤྱི་མེས་མཚོ་སྐྱེས་རྒྱལ་བ་རྗེ། །རྒྱལ་བསྟན་ལྗོངས་འདིར་སྤེལ་ལ་བཀའ་དྲིན་ལྕི། །ཕུལ་བྱུང་སྔོན་སྨོན་དམ་བཅའི་སྐྱ་རེངས་ཀྱིས། །བསྟན་པའི་སྙིང་པོ་ཆོས་འདུལ་ཉི་མ་གཞོན། །བསིལ་ལྡན་མུན་པའི་གླིང་འདིར་འདྲེན་པ་ལ། །ཐུགས་བསྐྱེད་རྨད་བྱུང་མཁན་ཆེན་ཞི་བ་འཚོ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་ཡེ་ཤེས་གར། །གངས་ཅན་འགྲོ་བ་སྐྱོབས་པའི་སྤྱི་དཔལ་མཆོག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་གྱི། །ཆོས་སྲིད་མཛད་རྗེས་དཔོག་པའི་མཐའ་མ་དམིགས། །ཨེ་མ་ཁོར་ཡུག་རབ་དཀར་གངས་ཀྱི་རི། །མུ་ཁྱུད་ཕྲེང་བས་བསྐོར་བའི་བྷོ་ཊའི་ལྗོངས། །དགེ་བཅུའི་འབྱོར་བ་རྒྱས་པའི་ཆོས་ལྡན་ཞིང་། །སྡེ་བཞིའི་མངའ་ཐང་དར་བས་མངོན་པར་འཕགས། །ཞེས་བྱ་བ་ནི་གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་གསང་ཆེན་སྔ་འགྱུར་པའི་རིང་ལུགས་བོད་ཡུལ་དུ་ཐོག་མར་དབུ་བརྙེས་ནས་དར་ཞིང་རྒྱས་པ་སྟེ་བསྟན་པ་སྔ་དར་གྱི་བྱུང་བ་བརྗོད་པའི་སྐབས་ཀྱི་ཡིད་སྤྲོ་བའི་ཚིགས་སུ་བཅད་པའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། ཡོངས་རྫོགས་བསྟན་པའི་ཕྱི་མོ་གསང་ཆེན་སྔ་འགྱུར་པའི་རིང་ལུགས་བོད་ཡུལ་དུ་ཐོག་མར་བྱོན་ནས་སྔ་དར་བསྟན་པའི་དབུ་བརྙེས་ཚུལ་སྤྱིར་བཤད་པའི་སྐབས་ཏེ་སརྒ་བཞི་པ་རྫོགས་སོ།། །།

གཉིས་པ། ཕྱི་དར་བསྟན་པའི་མེ་རོ་སླར་ཡང་གསོས་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་འཕྲོས་དོན་དུ་བརྗོད་པ།

གཅིག ཕྱི་དར་བསྟན་པའི་མེ་རོ་བསླངས་ཚུལ་བཤད་པ།

གཉིས་པ་ཕྱི་དར་བསྟན་པའི་མེ་རོ་ཇི་ལྟར་བསླང་བའི་ཚུལ་ལ་དངོས་དང་ཞར་བྱུང་གཉིས་ལས། དང་པོ་ནི། དེ་ནས་རིང་པོར་མ་ལོན་པར་ཁྲི་རལ་གྱི་གཅུང་གླང་དར་མ་འུ་དུམ་བཙན་པོས་ལོག་པའི་སྨོན་ལམ་མཐུ་བཙན་པའི་དབང་གིས་ཐུགས་ལ་གདོན་གསོལ་ཏེ་སངས་རྒྱས་ཀྱི་བསྟན་པ་ཉམ་ཉེས་པར་བྱས་མོད། འོན་ཀྱང་བརྒྱུད་པའི་བབས་སོ་བདུན་གྱི་སྒོ་ནས་བྱོན་པའི་གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་ནི། སྔགས་འཆང་རྒྱལ་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་གོས་དཀར་ལྕང་ལོ་འཛིན་པ་རྣམས་ཀྱིས་དབུས་གཙང་གི་གངས་རི་གཡའ་ཁྲོད་རྣམས་སུ་བཤད་སྒྲུབ་འཛིན་སྐྱོང་སྤེལ་བའི་སྒོ་ནས་མ་ཉམས་པར་བཟུང་བས། བསྟན་པའི་བབ་སོ་དང་པོ་གཉགས་ལ་བབ། བར་དུ་གནུབས་ལ་བབ། མཐའ་མ་ཟུར་ལ་བབ་ཞེས་གྲགས་པ་ལྟར་བབ་སོ་གསུམ་ནས་རིམ་པར་བརྒྱུད་དེ་ད་ལྟའི་བར་དུ། ཤར་རྒྱལ་བ་ཀ༔ཐོག་པ་རིམ་བྱོན་དང་། ཆོས་རྗེ་སྨིན་གླིང་ཡབ་སྲས། གྲུབ་དབང་རྫོགས་ཆེན་པ་སློབ་བརྒྱུད་དང་བཅས་པའི་བཀའ་དྲིན་ལས་གདན་ས་ཆེན་པོ་དྲུག་སོགས་སྔ་འགྱུར་ཆོས་སྡེ་ཁག་ཏུ་བཀའ་མས་གཞུང་བསྲངས། གཏེར་མས་ཟུར་བརྒྱན་ཅེས་པ་ལྟར་བཀའ་གཏེར་སྨིན་ཁྲིད་སྒྲུབ་ཕྲིན་དང་བཅས་པའི་ཕྱག་བཞེས་ཟམ་མ་ཆད་པ་དར་ཞིང་རྒྱས་ལ་རྒྱུན་མ་ཆད་པ་བྱུང་། དེ་ལྟ་ནའང་ཀློག་པའི་ཆོས་གྲྭ་རྣམས་ཀྱི་རྒྱུན་བཅད་ཅིང་། རབ་ཏུ་བྱུང་བ་རྣམས་གྲི་རུ་བཀུམ་པ་དང་ཕབས་པ་སོགས་ཀྱིས་འདུལ་བ་འཛིན་པའི་དགེ་འདུན་གྱི་སྡེ་རྩ་མེད་དུ་བསྣུབས་ནས་བར་སྐབས་བོད་ཡུལ་ཆོས་ཀྱིས་ཕོངས་པའི་མུན་བསྐལ་དུ་བསྒྱུར། དུས་དེར་བྱང་ཆུབ་སེམས་དཔའ་སྨོན་ལམ་དང་ཐུགས་བསྐྱེད་དུས་སུ་སྨིན་པ་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་སྡིག་ཅན་ཐབས་ཀྱིས་བསྒྲལ་ཏེ་ཕྱི་དར་བསྟན་པའི་སྒོ་མོ་གསར་དུ་ཕྱེས། དུས་དེར་རྦ་རཏྣའི་མཁན་བུ་དམར་གཡོ་གཙང་གསུམ་གྱིས་དམ་ཆོས་འདུལ་བའི་གླེགས་བམ་དྲེལ་ཁལ་གཅིག་བཀལ་ནས་མདོ་སྨད་དུ་བྲོས་ཏེ་བཞུགས་པ་ལས་བསྟན་པའི་ཉི་མ་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། རིམ་པར་ཀླུ་མེས་སོགས་དབུས་གཙང་གི་མི་བཅུས་བསྟན་པ་སྔ་དར་གྱི་འདུལ་བའི་སྡོམ་རྒྱུན་དང་བཤད་རྒྱུན་མདོ་སྨད་ནས་སྤྱན་དྲངས་ཏེ་ཕྱི་དར་བསྟན་པའི་མེ་རོ་སླར་ཡང་གསོས་པ་ནས་ད་ལྟའི་བར་དུ་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་དང་། རྫོགས་ཆེན་རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་གནས་བརྟན་འདུལ་འཛིན་ཆེན་པོ་ཟམ་མ་ཆད་པར་བྱོན་པ་དག་གི་བཀའ་དྲིན་ལས་སྨད་འདུལ་སྔ་འགྱུར་གྱི་སྡོམ་རྒྱུན་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡེ་ཆེན་པོས་སའི་ཁྱོན་ཀུན་ཁྱབ་བཞིན་པའི་ཚུལ་འོག་ཏུ་སྡོམ་བརྒྱུད་རྣམ་ཐར་བྱེ་བྲག་ཏུ་བཤད་པའི་ཚོམས་སུ་གསལ་བ་ལྟར་ལ། དེ་བཞིན་བཀའ་བར་བ་ཤེར་ཕྱིན་གྱི་མདོ་དང་དགོངས་འགྲེལ་མངོན་རྟོགས་རྒྱན་སོགས་ཀྱི་བཤད་རྒྱུན་སྐ་ཅོག་ཞང་ནས་སྦ་རྒྱལ་བ་ཡེ་ཤེས་དང་། དེས་གྲུམ་གཉིས་དང་སེ་བཙུན་དབང་གཞོན་ལ་བརྒྱུད་དེ་འབྲེ་ཆེན་ཤེས་རབ་ལ་བཀའ་བབས། གཞན་ཡང་མངོན་པ་གོང་འོག་གཉིས་སོགས་རང་འགྲེལ་འགྲེལ་ཊིཀ་དང་བཅས་པ་ལྷ་ལུང་དཔལ་གྱི་རྡོ་རྗེ་ནས་སེ་བཙུན་དབང་གཞོན་སོགས་བརྒྱུད་དེ་བྲང་ཏི་ལ་བབས་པ་སོགས་མདོར་ན་སྡེ་སྣོད་གསུམ་དགོངས་འགྲེལ་རྣམ་བཤད་དང་བཅས་པའི་བཤད་པའི་རྒྱུན་ཆེན་པོ་འཕགས་པའི་ཡུལ་ནས་བར་མ་ཆད་པ་བྱོན་ཏེ་རྒྱལ་བསྟན་ཕྱི་དར་ནས་ཡང་དར་གྱི་དུས་འདིར་ཡང་། སེང་ཕྲུག་པདྨ་བཀྲ་ཤིས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ། མཁས་མཆོག་གཞན་ཕན་སྣང་བ་སོགས་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་དག་གི་ཐུགས་བསྐྱེད་ཕྲིན་ལས་འགྲན་ཟླ་དང་བྲལ་བའི་མཐུ་ལས། རང་ལུགས་དྲི་མ་མེད་པ་འཛིན་པའི་འཕགས་བོད་སྔ་འགྱུར་གྱི་ཆོས་སྡེ་ཆེན་མོ་ཁག་ཙམ་དུ་མ་ཟད་ས་བཀའ་སོགས་གྲུབ་མཐའ་གཞན་པའི་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་འགའ་ལ་བཤད་རྒྱུན་འཕེལ་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་གྲངས་ཀྱིས་མི་ལོངས་པས་འཛམ་གླིང་གོ་ལའི་ཁྱོན་ཀུན་ཁྱབ་དང་ཁྱབ་བཞིན་པའི་ཚུལ་ཡང་འོག་ཏུ་འབྱུང་བ་ལས་མཁྱེན་པར་འཚལ། །

གཉིས། ཞར་བྱུང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི-བཀའ་སྲོལ་བྱུང་ཚུལ་བཤད་པ།

གཉིས་པ་ལྗོངས་འདིར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བཀའ་སྲོལ་ཇི་ལྟར་བྱུང་བའི་ཚུལ་འཕྲོས་དོན་དུ་གླེང་བ་ནི། བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་ནས། རྒྱལ་བས་ལུང་བསྟན་གངས་ཅན་འགྲོ་བའི་མགོན། །གཅིག་ཏུ་བསྟན་པ་འབའ་ཞིག་ཉེར་དགོངས་པའི། །སྔོན་གྱི་ཆོས་རྒྱལ་ལྷ་ཅིག་བཙན་པོ་དེ། །གངས་རིའི་ཁྲོད་ཀྱི་སྟོན་པ་གཉིས་པ་ཡིན། །ཞུ་ཆེན་ལོ་ཙཱ་པ་གོར་བཻ་རོ་དང་། །རྒྱལ་བའི་གདུང་འཚོབ་འབྲོམ་སྟོན་ཨུ་པ་སཱི། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། །སྐད་གཉིས་སྨྲ་བ་བླ་ཆེན་འབྲོག་མི་དང་། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མར་པའི་ཞབས། །གྲུབ་པའི་སར་བཞུགས་དམ་པ་རྒྱ་གར་དང་། །གྱི་གྱོ་ལོ་ཙཱ་མཁས་གྲུབ་ཨོ་རྒྱན་པ། །བྱང་ཕྱོགས་སྒྲུབ་བརྒྱུད་འདེགས་པའི་ཀ་ཆེན་བརྒྱད། །དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། །གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་སྲོལ་ཆེན་བརྒྱད། །དེ་དག་གྲུབ་ཆེན་གོང་མའི་གཤེགས་ཤུལ་ཡིན། །ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། །ཞེས་གསུངས་པ་ལྟར་ལ།

༡ སྔ་འགྱུར་རྙིང་མ་པ།

དེ་ལས་དང་པོ་སྔ་འགྱུར་རྙིང་མ་པ་ནི། ཆོས་ཀྱི་མཚན་གཞི་མཁན་སློབ་ཆོས་གསུམ་གྱི་དུས་ནས་ཕྱི་འགྱུར་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་བར་དུ་བསྒྱུར་བཤད་གཏན་ལ་ཕབས་པའི་མདོ་སྔགས་ཀྱི་ཆོས་ཡོངས་རྫོགས་ལ་བྱ་ཞིང་། རིང་ལུགས་འདིའི་བབ་ཚུལ་གོང་དུ་མདོ་ཙམ་སྨོས་པ་དང་འོག་ཏུ་རྒྱས་པར་འབྱུང་བས་འདིར་ཡང་དུ་མི་སྤྲོ་ལ། འདི་མན་ཆད་ཀྱི་ཤིང་རྟའི་རིང་ལུགས་བདུན་པོ་ཕྱི་འགྱུར་གསར་མའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །

༢ བཀའ་གདམས་པ།

གཉིས་པ་བཀའ་གདམས་པ་ནི། ལྷ་བླ་མ་དགོངས་པ་རྫོགས་ཁར་ཞལ་ཆེམས་བཞིན་ཕྱི་འགྱུར་གྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་སངས་རྒྱས་སྣང་བ་མཐའ་ཡས་དང་པདྨ་འབྱུང་གནས་ཀྱི་རྣམ་འཕྲུལ་པཎྜི་ཏ་དི་པཱཾ་ཀ་རའམ་དཔལ་ལྡན་ཨ་ཏི་ཤ་བོད་དུ་སྤྱན་དྲངས། ཇོ་བོས་གཞུང་ལུགས་གདམས་ངག་དང་འབྲེལ་བ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་ཡོངས་སུ་རྫོགས་པའི་བསྟན་བཅོས་མཛད། དབུ་མའི་ལྟ་བ། འདུལ་བའི་སྤྱོད་པ། བྱང་ཆུབ་སེམས་ཀྱི་གདམས་ངག་ཉམས་ལེན་ལ་གཙོ་བོར་སྟོན། རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཤར་བའི་ཁྲིད་སྲོལ་བཙུགས། བརྒྱུད་འཛིན་རྣམས་ལྷ་བཞིས་ལུས་བརྒྱན་ཞེས། བསྟན་པའི་བདག་པོ་ཤཱཀྱ་ཐུབ་པ། བྱམས་སྙིང་རྗེའི་བདག་པོ་སྤྱན་རས་གཟིགས། ཕྱིའི་བར་ཆད་སེལ་བར་སྒྲོལ་མ། ནང་གི་བར་ཆད་སེལ་བར་མི་གཡོ་བ་རྣམས་དང་། སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་ཡིད་བརྒྱན་ཅེས་དེ་གཉིས་རྗོད་བྱེད་དང་བརྗོད་བྱ་ཕྱོགས་གཅིག་ཏུ་བསྡུས་ནས་གསུམ་དུ་བགྲང་ཞིང་ལྷ་ཆོས་བདུན་ལྡན་གྱི་མངའ་བདག་ཏུ་གྲགས། སློབ་མ་མངའ་རིས་སུ་རིན་ཆེན་བཟང་པོ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རྨ་དགེ་བློ་སོགས་དང་། གཙང་དུ་འབྲོག འགོས། རོང་། སེ་རྣམས་དང་། དབུས་སུ་རིགས་གསུམ་སེམས་དཔའི་རྣམ་འཕྲུལ་ཁུ་རྔོག་འབྲོམ་གསུམ་ལས། ཕྱག་རྡོར་སྤྲུལ་པ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་ཀླུ་མེས་ཀྱི་སློབ་བུ་གྲུ་མར་ཚུལ་ཁྲིམས་འབྱུང་གནས་ཀྱི་གདན་ས་སོལ་ནག་ཐང་པོ་ཆེ་ཉམས་གསོས་མཛད་ནས་བསྟན་པ་བསྐྱངས། འཇམ་དབྱངས་སྤྲུལ་པ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་བཏབ། དེའི་དབོན་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ལོ་བཅུ་བདུན་ཚན་གཉིས་སུ་རིམ་པར་ཁུ་བོ་དང་ཁ་ཆེར་བྱོན་ནས་གསན་སྦྱང་མཛད། སོ་ལྔ་ནས་བཟུང་ལོ་བཅུ་བདུན་རིང་བོད་དུ་ཆོས་འཆད་ཉན་མཛད་པས་མཁས་བཙུན་སློབ་མ་ཉིས་ཁྲི་སུམ་སྟོང་བྱུང་བར་གྲགས། ཐུགས་སྲས་གཙོ་བོ་ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མ། གྲོ་ལུང་བ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་རབ་འབར་ཏེ་ཐུགས་སྲས་ཐུ་བོ་བཞི་སོགས་ལས་བརྒྱུད་པའི་ཡང་སློབ་བསམ་ཡུལ་ལས་འདས་པ་བྱུང་། སྤྱན་རས་གཟིགས་སྤྲུལ་དགེ་བཤེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སུ་གྲགས་པས་བྱང་རྭ་སྒྲེང་གི་ཆོས་གྲྭ་བཏབ། སློབ་མའི་གཙོ་བོ་དགེ་བཤེས་སྐུ་མཆེད་གསུམ་ལས། པོ་ཏོ་བ་རིན་ཆེན་གསལ་གྱིས། སྐྱེས་ཚོམ་དད་པ་སྐྱེད་པའི་གཞུང་། བསླབ་སྤྱོད་སྤྱོད་པ་སྟོན་པའི་གཞུང་། ས་རྒྱན་ཏིང་ངེ་འཛིན་གྱི་གཞུང་སྟེ་གཞུང་དྲུག་ལ་འཆད་ཉན་མཛད། སློབ་མ་ཤར་བ་ཡོན་ཏན་གྲགས་དང་། གླང་རི་ཐང་པ་རྡོ་རྗེ་སེང་གེ་སྟེ་གླང་ཤར་ཉི་ཟླ་ཟུང་འབྲེལ་སོགས་བརྒྱུད་འཛིན་བྱ་བཏང་བ་སྟོང་ཕྲག་དུ་མར་བྱུང་བ་ལ་བཀའ་གདམས་གཞུང་པ་བར་གྲགས། སྤྱན་སྔ་བ་ཚུལ་ཁྲིམས་འབར་ལས། བདེན་བཞི་གདམས་ངག་ཏུ་སྟོན་པ་བྱ་ཡུལ་བ་འཆད་དཀའ་ཡེ་ཤེས་རྡོ་རྗེ་སོགས་ལ་བརྒྱུད་པ་ལ་གདམས་ངག་པ་ཟེར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལས་མན་ངག་ཐིག་ལེ་བཅུ་དྲུག་གི་སྨིན་གྲོལ་རྒྱབ་བརྟེན་གསང་ཆོས་གླེགས་བམ་བཅས་སྟབས་ཀ་བ་དར་མ་གྲགས་སོགས་ལས་བརྒྱུད་པར་མན་ངག་པ་སྟེ་གསུམ་དུ་བྱུང་། གཞན་ཡང་ནག་ཚོའི་སློབ་མ་རོང་པ་ཕྱག་སོར་པ་སོགས་ལས་བརྒྱུད་པར་བཀའ་གདམས་འོག་མར་གྲགས་པའམ་ནག་ཚོའི་བཀའ་བརྒྱུད་ཀྱང་ཟེར། ཕྱིས་སུ་བཀའ་གདམས་རྙིང་མའི་བསྟན་པ་རང་རྐང་འཛིན་པའི་སྡེ་ཅུང་ཟད་འགྲིབ་པའི་ཚེ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་རྒྱལ་བའི་ལུང་གིས་བསྟན་ཅིང་མཁྱེན་རྟོགས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་དེས་གདན་ས་འབྲོག་རི་བོ་དགེ་ལྡན་རྣམ་རྒྱལ་གླིང་བཏབ། རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་ཐུགས་སྲས་གཙོ་བོ་རྣམ་གཉིས་ནས་བཟུང་ཁྲི་རབས་རིམ་པར་བྱོན་པའི་ཆོས་བརྒྱུད་ལ་རི་བོ་དགེ་ལྡན་པ་ཞེས་བཀའ་གདམས་གསར་མའི་བསྟན་པ་འདི་ཉིད་བྱུང་། གཞན་ཡང་རྗེའི་ཐུགས་སྲས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ། འདུལ་འཛིན་གྲགས་པ་རྒྱལ་མཚན། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། ཚ་ཁོ་དབོན་པོ་ངག་དབང་གྲགས་པ། གུང་རུ་རྒྱལ་མཚན་བཟང་པོ་སོགས་ལུང་བསྟན་ཐོབ་པའི་ཐུགས་སྲས་བདུན། འཁོར་དག་པ་རྣམ་བརྒྱད། ཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི། དབུས་གཙང་གི་བསྟན་པའི་སྒྲོན་མེ་བཅུ། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག མི་དབང་གཙུག་ན་བཀུར་བའི་ཏི་ཤྲཱི་གཉིས། ས་སྐྱོང་ཆོས་རྗེ་དྲུག སྐྱེ་དགུའི་གཙུག་རྒྱན་སྤྱན་སྔ་བརྒྱད་སོགས་བྱུང་བ་ལས། གདན་ས་ཆེན་པོ་བཞི་འདེབས་པའི་སྲས་ཆེན་བཞི་ནི། རྗེ་དགེ་འདུན་གྲུབ་པས་གཙང་བཀྲ་ཤིས་ལྷུན་པོའི་ཆོས་སྡེ་བཏབ། འཇམ་དབྱངས་ཆོས་རྗེས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་གྲྭ་བཏབ། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་སེ་ར་ཐེག་ཆེན་གླིང་བཏབ། རྗེ་ཤེས་རབ་སེང་གེས་དཔལ་ལྡན་རྒྱུད་སྨད་བཏབ། དེའི་སློབ་མ་རྒྱུད་ཆེན་དཀོན་མཆོག་དོན་འགྲུབ་ཀྱིས་རྒྱུད་སྟོད་གྲྭ་ཚང་ཟུར་དུ་སྐྱོང་བ་སོགས་ཞྭ་སེར་ཅོད་པཎ་འཆང་བའི་རིང་ལུགས་གཙང་མས་གངས་ཅན་གྱི་ལྗོངས་ཙམ་མ་ཟད་རྒྱ་ཧོར་སོགས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པར་བརྡལ། རིང་ལུགས་འདིས་གཙོ་བོ་བཤད་པ་ལ་བརྟེན་ནས་རྒྱལ་བསྟན་རིན་པོ་ཆེ་གསལ་བར་མཛད་ཕྱིར་ལུང་གི་བསྟན་པ་ལ་བཀའ་དྲིན་དང་ཕྲིན་ལས་ཆེས་ཆེ་བ་ཡིན་ནོ། །

༣ ལམ་འབྲས་པ།

གསུམ་པ་དཔལ་ལྡན་ས་སྐྱ་པ་ལམ་འབྲས་བུ་དང་བཅས་པ་ནི། ལྷ་ཡུལ་དུ་འཇམ་དབྱངས་སྤྲུལ་པ་སྤྱི་རིང་། གཡུ་རིང་། གཡུ་རི་སྟེ་གནམ་ལྷ་མཆེད་གསུམ་ནས། མ་སངས་གཡའ་སྤང་སྐྱེས་ཡན་ལྷ་ཡི་བརྒྱུད་པ་དང་། དེ་ནས་ཁབ་ཀྱི་དོན་དུ་སྲིན་དང་འཁོན་པས་འཁོན་བར་སྐྱེས་ཞེས་འཁོན་གྱི་གདུང་མིང་དུ་ཆགས་པ་རིམ་པར་བྱུང་བ་ལས། ཕྱིས་འཁོན་དཀོན་མཆོག་རྒྱལ་པོས་གདན་ས་ཐོག་མར་བཏབ་པས་དཔལ་ལྡན་ས་སྐྱ་པར་གྲགས། འཕགས་ཡུལ་དུ་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ལ་བདག་མེད་མས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། ས་དྲུག་པའི་རྟོགས་པ་བརྙེས་ནས་གྲུབ་ཆེན་བིར་ཝ་པ་ཞེས་གྲགས་པ་ལས་རིམ་པར་བརྒྱུད་པ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་གྲུབ་ཆེན་ག་ཡ་དྷ་ར་དང་དཔའ་བོ་རྡོ་རྗེ་ལས་ལམ་འབྲས་ཀྱི་གཞུང་གདམས་ངག་ཡོངས་རྫོགས་ཞུས། གྲུབ་ཆེན་མཚོ་སྐྱེས་པའི་གདམས་པ་སོགས་ལམ་སྐོར་ཕྱི་མ་བརྒྱད། སྒོ་དྲུག་ཆོས་འབྲེལ་བཅས་གསན་ནས་བོད་དུ་གནང་བ་འཁོན་དཀོན་མཆོག་རྒྱལ་པོས་གསན། དེའི་སྲས་ས་ཆེན་བླ་མ་ཀུན་དགའ་སྙིང་པོ་སྟེ་དེ་ཉིད་ལ་འཕགས་པ་འཇམ་དཔལ་གྱིས་ཞལ་གཟིགས་ཏེ་ཞེན་པ་བཞི་བྲལ་གྱི་གདམས་པ་གསན། ཡབ་ལས་ལམ་འབྲས་གསན་པ་དང་། གཞན་ཡང་སེ་སྟོན་ཀུན་རིག་དང་། མངའ་རིས་གསལ་བའི་སྙིང་པོ་རྣམ་གཉིས་ཀྱིས་འབྲོག་མི་ལས་ལམ་འབྲས་གསན་པ། སྔ་མས་ཞང་སྟོན་ཆོས་འབར་དང་། ཕྱི་མས་སྤྱི་ཆུ་བ་དགྲ་ལྷ་འབར་ལ་གནང་། དེ་གཉིས་ཀ་ལས་ཀྱང་ས་ཆེན་གྱིས་གསན་ཅིང་། ཕྱིས་བི་རུ་པས་དམ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་དངོས་སུ་བྱོན་པ་ས་སྐྱར་ཟླ་གཅིག་ཏུ་བཞུགས་ནས་ལྕགས་རི་ལས་མི་འདའ་བའི་ཟབ་ཆོས་བཞི། རྒྱུད་སྡེ་དོན་གཉིས་ཀྱི་དབང་མན་ངག ལམ་འབྲས་ཉེ་བརྒྱུད་སྦས་བཤད་བཅས་གནང་བ་གསན། དགུང་ལོ་རེ་བརྒྱད་བཞུགས་ནས་བསྟན་པ་བསྐྱངས། ས་ཆེན་ལ་སྲས་བཞི་བྱུང་བའི་ཆེ་བ་ཀུན་དགའ་འབར་མ་གཱ་དྷར་སློབ་གཉེར་ལ་བྱོན་པ་དགུང་གྲངས་ཉེར་གཉིས་ལོན་སྐབས་སྐུ་གཤེགས། འབྲིང་པོ་བསོད་ནམས་རྩེ་མོ་དང་། གྲགས་པ་རྒྱལ་མཚན་རྣམ་གཉིས་ལ་ལམ་འབྲས་ཀྱི་གདམས་ངག་བསྩལ་ནས། སྔ་མས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ནས་དགུང་ལོ་ཞེ་གཅིག་པར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། ཕྱི་མ་རྟེན་ཚངས་སྤྱོད་དགེ་བསྙེན་དུ་མཛད། ཕྱིས་སུ་ས་ཆེན་གྱི་ཡེ་ཤེས་སྐུས་རྗེས་སུ་བཟུང་ནས་ལམ་འབྲས་ཉེ་བརྒྱུད་ཀྱང་བབས། དགུང་ལོ་བདུན་ཅུ་བར་དུ་བསྟན་པ་རྒྱ་ཆེར་བསྐྱངས་ནས་དག་ཞིང་དུ་གཤེགས་སོ། ས་ཆེན་གྱི་སྲས་ཆུང་ཤོས་འཁོན་དཔལ་ཆེན་འོད་པོ་ཆེ་ནི། ཡབ་དང་གཅེན་རྣམ་གཉིས་བསྟེན་ནས་ལུང་རྟོགས་ཀྱི་ཡོན་ཏན་དཔག་མེད་མངའ་ཞིང་དགུང་ལོ་ང་བཞི་པར་གཤེགས། དེ་ཉིད་ཀྱི་སྐུ་སྲས་འཇམ་དཔལ་དབྱངས་དངོས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་འཁྲུངས། བཅོ་ལྔ་ཡན་རྗེ་བཙུན་གྲགས་རྒྱལ་ལས་གསན་བསམ་མཛད། དེ་ནས་ཡེ་ཤེས་སྐུ་ཅན་དབྱིག་གཉེན་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སོགས་འཕགས་བོད་ཀྱི་མཁས་གྲུབ་དུ་མ་ལས་གསན་བསམ་མཛད་ཅིང་བསྙེན་པར་རྫོགས། རྒྱ་ནག་གོ་དན་རྒྱལ་པོས་བླ་མར་བཀུར་ཞིང་རྒྱ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་རྒྱལ་བསྟན་བཤད་སྒྲུབ་ཀྱི་སྣང་བས་ཁྱབ་པར་སྤེལ་ནས་བདུན་ཅུ་པར་རྒྱ་ནག་ཏུ་གཤེགས། ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་ནི་མཁས་གྲུབ་ཀྱི་ཡོན་ཏན་དཔག་མེད་མངའ་ཞིང་ས་སྐྱའི་ལྕགས་རི་བཞེངས་པ་སོགས་བསྟན་པ་ལ་ཕྱག་རྗེས་ཆེ། དགུང་ལོ་ང་བདུན་དུ་བཞུགས། དེའི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི། རྗེ་ས་པཎ་གྱིས་མཚན་གསོལ་བ་ལྟར་ཐུགས་རབ་ཆེ་བས་འཕགས་པར་གྲགས། དགུང་ལོ་བཅུ་བདུན་པར་ཧོར་ཡུལ་དུ་ཕེབས་ནས་རྗེ་ཁུ་བོས་བསྟན་འཛིན་བདག་པོར་མངའ་གསོལ་ཞིང་། བཅུ་དགུ་པར་ཧོར་སེ་ཆེན་གན་གྱི་རྒྱལ་པོས་དབང་ཞུས། ཏི་ཤྲཱིར་མངའ་གསོལ་ཏེ་བོད་ཁྲི་སྐོར་བཅུ་གསུམ་དབང་ཡོན་དུ་ཕུལ། དགུང་ལོ་སོ་གསུམ་པར་སླར་གོང་མས་གདན་འདྲེན་ཞུས་ནས་བོད་ཆོལ་ཁ་གསུམ་ཕུལ། སངས་རྒྱས་ཀྱི་བསྟན་པས་འཛམ་གླིང་ཁྱབ་པར་སྐྱོང་། དགུང་ལོ་ཞེ་དྲུག་པར་གཤེགས། གཅུང་པོ་འགྲོ་མགོན་ཕྱག་ན་མཐུ་སྟོབས་རྫུ་འཕྲུལ་དཔག་མེད་མངའ་ཞིང་གོང་མས་བོད་སྤྱིའི་དཔོན་དུ་བསྐོས་ནས་ཆོས་སྲིད་སྐྱོང་། རྩ་དགུ་པར་གཤེགས། དེ་དག་ལས་ས་ཆེན་དང་། རྩེ་མོ། གྲགས་རྒྱལ་གསུམ་རྟེན་དཀར་ཆས་སུ་བཞུགས་པས་དཀར་པོ་རྣམ་གསུམ་དང་། ས་པཎ་ཆོས་འཕགས་གཉིས་ངུར་སྨྲིག་འཛིན་པ་དམར་པོ་རྣམ་གཉིས་ཏེ་གོང་མ་རྣམ་ལྔར་གྲགས། འཇམ་དབྱངས་བདུན་བརྒྱུད་དང་རིགས་གསུམ་རྣམ་འཕྲུལ་ནི། ས་ཆེན་སྤྱན་རས་གཟིགས། དེའི་སྲས་བཞི་དང་། ཆོས་རྗེ་སྐུ་མཆེད། དབོན་ཆོས་འཕགས་བཅས་འཇམ་དབྱངས་སྤྲུལ་པ་དང་། འགྲོ་མགྲོན་ཕྱག་ན་ཕྱག་རྡོར་སྤྲུལ་པར་གསུངས་སོ། འཇམ་དབྱངས་བདུན་བརྒྱུད་སློབ་དཔོན་པདྨའི་ལུང་ལྟར་ན། གོང་མ་ལྔ་དང་། ཟངས་ཚ་བ། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་བཅས་ལ་བཞེད་ཅིང་། ས་སྐྱ་དཔལ་ལྡན་བླ་མའི་སློབ་བརྒྱུད་ཐ་དད་གྱེས་པ་ལས་ངོར་རྫོང་ཚར་གསུམ་ལས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནི། བདག་ཆེན་ཀུན་དགའ་རིན་ཆེན་གྱི་སྲས་སུ་སྐུ་འཁྲུངས་ཤིང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཐུགས་སྲས་ཐུ་བོར་གྱུར་ཞིང་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་ས་བཏབ། ཕྱིས་གྲུབ་ཆེན་བུདྡྷ་པ་ལས་ལམ་འབྲས་གསན་ཅིང་དེ་ལས་བརྒྱུད་པར་ངོར་ལུགས་སུ་གྲགས། དེ་དང་དགུང་རྟ་གཅིག་པ་རྫོང་པ་ཀུན་དགའ་རྒྱལ་མཚན་ནི། ཤར་ཆེན་པ་དང་། ཐེག་ཆེན་ཆོས་རྗེའི་ཐུགས་སྲས་སུ་གྱུར། བླ་བྲང་རྫོང་ཆུང་པའི་རྗེས་འབྲང་མཛད་པས་ས་སྐྱའི་བསྟན་འཛིན་ངོར་རྫོང་གཉིས་སམ་སྔགས་ལ་མཁས་པ་ཀུན་དགའ་རྣམ་གཉིས་སུ་གྲགས། འདི་པའི་རྗེས་འབྲང་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་དང་། དབུས་ཀྱི་གོང་དཀར་པ་སོགས་བྱུང་། གོང་དཀར་རྡོ་རྗེ་གདན་གྱི་ཆོས་སྡེ་འདེབས་མཁན་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་ནི། བྲག་ཐོག་པ་བསོད་ནམས་བཟང་པོ་སོགས་བཤེས་གཉེན་མང་དུ་བསྟེན་ཅིང་མཁས་གྲུབ་ཆེན་པོར་གྱུར། སྔགས་འཆང་གཟུངས་ཀྱི་དཔལ་བ་ལ་བརྒྱུད་པའི་ལམ་འབྲས་གསན་པས་རྫོང་དུ་གྲགས། རྡོ་རིང་ཀུན་སྤངས་ཀུན་བཟང་ཆོས་ཀྱི་ཉི་མ་ལས་ལམ་འབྲས་གསན་པའི་ཚར་ཆེན་བློ་གསལ་རྒྱ་མཚོའི་ཐུགས་སྲས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་གཉིས་ནས་བརྒྱུད་པ་ལ་ལམ་འབྲས་ཚར་ལུགས་སུ་གྲགས་པ་བཅས་བྱུང་བའོ། གཞན་ཡང་ངོར་གྱི་བརྒྱུད་འཛིན་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང་། མདོ་ལ་མཁས་པ་གཡག་རོང་རྣམ་གཉིས། མདོ་སྔགས་གཉིས་ཀ་ལ་མཁས་པ་གོ་ཤཱཀ་གཉིས་སོགས་མཁས་པ་གྲངས་ལས་འདས་པ་གདུང་བརྒྱུད་དང་བཅས་པ་བྱོན་པས་ཚོགས་བཤད་སློབ་བཤད་སོགས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ད་ལྟའི་བར་ཕྱོགས་མཐར་རྒྱས་བཞིན་པ་ལགས་སོ། །

༤ བཀའ་བརྒྱུད་པ།

བཞི་པ་མངའ་བདག་མར་པ་བཀའ་བརྒྱུད་པའི་ཟབ་ལམ་ཕྱག་རྒྱ་ཆེན་པོ་དང་བཅས་པ་ནི། དགྱེས་མཛད་རྡོ་རྗེ་དངོས་བྱོན་མར་པ་ཆོས་ཀྱི་བློ་གྲོས་འཕགས་ཡུལ་དུ་ལན་གསུམ་བྱོན། རྡོ་རྗེ་འཆང་ནས་རིམ་པ་བརྒྱུད་པའི་གདམས་ཟབ་ཀྱི་བཀའ་སྲོལ་ཀླུ་སྒྲུབ་དང་། ཊོམྦྷི་པ། ལུ་ཧི་པ། སུ་ཁ་སིདྡྷི་རྣམས་ལས་ཏེ་ལོ་པས་གསན་ནས་བཀའ་བབས་བཞིའི་གདམས་བཅུད་མཐའ་དག་པཎ་ཆེན་ན་རོ་པ་དང་། མཻ་ཏྲི་པ་གཙོས་པའི་མཁས་གྲུབ་དུ་མ་ལས་གསན་ཅིང་བདེ་ཀྱེ་གསང་གསུམ་སོགས་གདམས་ངག་མང་པོའི་མངའ་བདག་ཏུ་གྱུར་ནས་གྲུབ་པའི་གོ་འཕང་བརྙེས། དགུང་ལོ་གྱ་བཞི་བར་བསྟན་པ་བསྐྱངས་ནས་སྐུ་གཤེགས། སློབ་མ་ཀ་ཆེན་བཞིར་གྲགས་པ། དོལ་གྱི་མཚུར་སྟོན་དབང་ངེ་། གཞུང་གི་རྔོག་སྟོན་ཆོས་རྡོར། གཙང་རོང་གི་མེས་སྟོན་ཚོན་པོ་བཅས་ལ་རིམ་བཞིན། འཕོ་བ། རྒྱུད། གཞུང་བཤད། འོད་གསལ་བཅས་ཀྱི་བཀའ་བབས་ནས་བཤད་བརྒྱུད་ཀྱི་བསྟན་པ་བསྐྱངས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེ་ལ་གཏུམ་མོ་བདེ་དྲོད་དང་སྒྲུབ་བརྒྱུད་ཀྱི་བཀའ་བབས། འགྲན་ཟླ་དང་བྲལ་བའི་དཀའ་སྤྱད་དཔག་ཏུ་མེད་པ་མཛད་པས་གྲུབ་པའི་གོ་འཕང་མངོན་དུ་བརྙེས། ཀུན་སྤངས་རས་པའི་བརྟུལ་ཞུགས་ཀྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་བསྐྱངས་ཤིང་མཐར་དགུང་གྲངས་གྱ་བཞི་པར་མངོན་དགའི་ཞིང་ཁམས་སུ་གཤེགས་སོ། སློབ་མ་མཁའ་སྤྱོད་དུ་གཤེགས་པ་བདུན། རས་པ་མཆེད་བརྒྱད་སོགས་མང་དུ་བྱོན་པའི་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་ནི་སྐུ་ལུས་མ་སྤངས་པར་ལྕང་ལོ་ཅན་དུ་གཤེགས་པ་དེའི་སློབ་མ་ཁྱུང་ཚང་རས་པ་དང་། རྒྱལ་བ་ལོ་སོགས་ལས་བརྒྱུད། ཕྱིས་རས་ཆུང་ཉིད་ཀྱི་སྤྲུལ་པར་གྲགས་པ་གཙང་སྨྱོན་ཧེ་རུ་ཀ་སོགས་ཀྱིས་སྲོལ་ཕྱེས་པའི་རས་ཆུང་སྙན་བརྒྱུད་དུ་གྲགས་པ་བྱུང་། རྒྱུ་སྐར་ལྟ་བུ་ངམ་རྫོང་རས་པ་བྷོ་དྷི་རཱ་ཛ་ལས་ངམ་རྫོང་སྙན་བརྒྱུད་བྱུང་། ཉི་མ་ལྟ་བུ་མཉམ་མེད་དྭགས་པོ་ཟླ་འོད་གཞོན་ནུ་ཞེས་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་དེའི་སློབ་མ་སྒོམ་ཆེན་བརྒྱད་བརྒྱར་གྲགས་པའི་གཙོ་བོར་གྱུར་པ་ཁམས་པ་མི་གསུམ་ནས་ཆོས་བརྒྱུད་དར་རྒྱས་བྱུང་ཞིང་། དེ་ལ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ་ནི། དབོན་སྒོམ་ཚུལ་ཁྲིམས་སྙིང་པོ་ནས་བཟུང་དྭགས་པོའི་གདན་རབས་རིམ་བྱོན་དྭགས་པོ་རྩ་བའི་བཀའ་བརྒྱུད་ཡིན་ལ། དབོན་སྒོམ་སློབ་མ་ཞང་གཡུ་བྲག་པ་འགྲོ་མགོན་བསོད་ནམས་གྲགས་པའི་ཆོས་བརྒྱུད་ལ་ཚལ་པ་བཀའ་བརྒྱུད་ཟུར་དུ་བྱུང་། ཁམས་པ་དབུ་སེའམ་དཔལ་དུས་གསུམ་མཁྱེན་པའི་ཆོས་བརྒྱུད་ལ་ཀརྨ་བཀའ་བརྒྱུད་བྱུང་། སངས་རྒྱས་འཁོར་བ་འཇིག་དངོས་ཁམས་པ་རྡོ་རྗེ་རྒྱལ་པོའམ་དཔལ་ལྡན་ཕག་མོ་གྲུབ་པ་ལས་ཕག་གྲུ་བཀའ་བརྒྱུད་བྱུང་། འབའ་རམ་དར་མ་དབང་ཕྱུག་གི་བརྒྱུད་པ་ཏི་ཤི་རས་པ་ནས་བརྒྱུད་ནང་ཚན་སྒོམ་སྡེ་རི་ཁག་བཅོ་བརྒྱད་སོགས་འབའ་རམ་བཀའ་བརྒྱུད་བྱུང་བ་ལ་བཀའ་བརྒྱུད་ཆེ་བཞི་དང་། དྭགས་པོའི་སློབ་མ་ཁམས་པ་གསལ་སྟོང་ཤོ་སྒོམ་པ་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་ཅིང་མི་དང་མི་མིན་འདུལ་བའི་ཕྲིན་ལས་ཅན་དུ་ལུང་བསྟན་པ་ལྟར་འགྲོ་དོན་རྒྱ་ཆེར་བྱུང་ཡང་ཆོས་བརྒྱུད་ཁ་ཡར་ལས་མ་བྱུང་། རྗེ་ཕག་མོ་གྲུབ་པས་དྭགས་པོ་མཇལ་ཙམ་གྱིས་ཆོས་ཉིད་ཀྱི་བདེན་པ་གཟིགས། སློབ་མ་བརྒྱད་བརྒྱ་ལས་གདུགས་ཐོག་ལྔ་བརྒྱ་བྱུང་བའི་གྲལ་ནས་གདན་ས་ཟུར་སྐྱོང་གི་བུ་ཆེན་བརྒྱད་ལས་བཀའ་བརྒྱུད་ཆུང་བརྒྱད་བྱུང་བ་སྟེ། དང་པོ་འབྲི་གུང་བཀའ་བརྒྱུད་ནི། རྟེན་འབྲེལ་མཐར་ཕྱིན་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་འབྲི་གུང་གདན་ས་བཏབ། སློབ་མ་ལྔ་ཁྲི་ལྔ་སྟོང་བརྒྱ་ཉེར་ལྔ་བྱུང་། དེ་ནས་གྲུབ་ཐོབ་གཉོས་འགར་ཆོས་གསུམ་སོགས་བྱུང་། ཐུགས་སྲས་སྤྱན་སྔ་བ་གྲགས་པ་འབྱུང་གནས་ཀྱིས་གདན་ས་མཐིལ་དང་འབྲི་གུང་གཉིས་ཀ་བསྐྱངས། རྗེ་འདིའི་རིང་ལ་འདུས་པ་ཁྲི་བཅོ་བརྒྱད་བྱུང་བར་གྲགས། ཕྱིས་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཡབ་སྲས་སྐུ་རིང་ནས་གཏེར་ཁ་གསར་རྙིང་གི་སྲོལ་ཚུགས་ནས་བཀའ་རྙིང་འདྲེས་མར་གྱུར། གཉིས་པ་སྟག་ལུང་བཀའ་བརྒྱུད་ནི། མོས་གུས་མཐར་ཕྱིན་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་སྟག་ལུང་གི་གདན་ས་བཏབ། སངས་རྒྱས་དབོན་གྱིས་སྟག་ལུང་མར་ཐང་གི་གདན་ས་མཛད་ཅིང་། ཆོས་སྐུ་ཨོ་རྒྱན་མགོན་པོ་སོགས་སྐྱེས་ཆེན་མང་དུ་བྱོན། ཕྱིས་མཁར་དྲུང་མཚོ་སྐྱེས་རྡོ་རྗེའི་སྐུ་རིང་ནས་བཀའ་དགོངས་ཕུར་གསུམ་དང་། རཏ་གླིང་སྐོར་སོགས་རྙིང་མ་བཀའ་གཏེར་གྱི་རྒྱུན་བཙུགས་ནས་འདྲེས་མར་གྱུར། གསུམ་པ་ཁྲོ་ཕུ་བཀའ་བརྒྱུད་ནི། རྒྱལ་ཚབ་ཀུན་ལྡན་རབ་པས་ཁྲོ་ཕུའི་གདན་ས་བཏབ། དེའི་ཚ་བོ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་མིི་ཏྲ་ཛོ་ཀི་དང་། བུདྡྷ་ཤྲཱི། ཁ་ཆེ་པཎ་ཆེན་གསུམ་སྤྱན་དྲངས་ཤིང་བྱམས་ཆེན་མཐོང་གྲོལ་ཆེན་པོ་བཞེངས། དེའི་དབོན་བརྒྱུད་བཞི་ལྔའི་མཚམས་སུ་ཀུན་མཁྱེན་བུ་སྟོན་འཁྲུངས། རྒྱུད་སྡེ་སྤྱི་དང་ཁྱད་པར་ཡོ་གའི་བཤད་སྒྲུབ་རྩལ་བཏོན་མཛད་པས་བུ་ལུགས་ཞེས་པའི་ཆོས་བརྒྱུད་བྱུང་། བཞི་པ་གླིང་རས་བཀའ་བརྒྱུད་ནི། རྒྱ་གར་ཆུ་བོ་གངྒ་ཚུན་ལ་རྟོགས་པ་མཐོ་བར་གྲགས་པའི་གྲུབ་ཐོབ་གླིང་རྗེ་རས་པས་རྣ་ཕུའི་གདན་ས་བཏབ་ཚེ་འབྲུག་མ་བུ་བདུན་ནམ་མཁར་སོང་བས་ཆོས་བརྒྱུད་ལ་འབྲུག་པ་ཞེས་གྲགས། གདན་སའི་མཚན་ལས་རྣ་ཕུ་རས་པ་ཡང་ཟེར། དེའི་སློབ་མ་འགྲོ་མགོན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ལ་བུ་སློབ་བསམ་གྱིས་མི་ཁྱབ་པ་འདུས་ཤིང་འབྲུག་ར་ལུང་གི་གདན་ས་བཏབ། འཁོར་འགྱེད་ལན་གསུམ་མཛད་པས་འབྲུག་བསྟན་གྱིས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཚུན་ཁྱབ་པར་གྲགས། དེའི་སློབ་མའི་གཙོ་བོ། རྒོད་ཚང་པ་མགོན་པོ་རྡོ་རྗེ་ལས་སྟོད་འབྲུག་གནམ་གྱི་སྐར་མ། ལོ་རས་དར་མ་དབང་ཕྱུག་ལས་སྨད་འབྲུག་ས་ཡི་དྲེག་པ། རྒྱ་རས་ཀྱི་དབོན་བརྒྱུད་སེང་གེ་དགུ་ཚར་ལས་འབྲུག་པ་བཅས་བྱུང་། ལྔ་པ་སྨར་ཚང་བཀའ་བརྒྱུད་ནི། མདོ་ཁམས་སྨར་པ་གྲུབ་ཐོབ་ཤེས་རབ་ཡེ་ཤེས་སློབ་བརྒྱུད་ལས། རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན། རིན་ཆེན་གླིང་པ། སྤང་མཁན་ཆེན་འོད་ཟེར་བླ་མ། འགྲོ་མགོན་ཤིང་མགོ་རས་པ་སོགས་སྐྱེས་ཆེན་མང་དུ་བྱོན། ཕྱིས་སྟག་བླ་རྣམས་ཀྱིས་ཆོས་བརྒྱུད་བཟུང་བ་དཔལ་ཡུལ་བ་ལ་བྱིན་བརྒྱུད་འདྲེས་པའོ། དྲུག་པ་ཡེལ་པ་བཀའ་བརྒྱུད་ནི། ཁམས་ཡེལ་པ་གྲུབ་ཐོབ་ཡེ་ཤེས་བརྩེགས་པ་དེས། ལྷོ་ཡེལ་ཕུག་ཏུ་བྱང་རྟ་རྣ་སོགས་ཕྱག་བཏབ། གླིང་རྗེ་རྣམས་ཀྱིས་བླ་མར་བཀུར་ནས་ཕ་ཟོག་མང་པོ་ཕུལ། ཆོས་བརྒྱུད་སྔར་དར་རྒྱས་བྱུང་། དེང་དུས་བྱང་རྟ་རྣ་ཀཾ་ཚང་ལུགས་སུ་གྱུར་ཏོ། བདུན་པ་གཡའ་བཟང་བཀའ་བརྒྱུད་ནི། ཟར་པ་སྐལ་ལྡན་ཡེ་ཤེས་སེང་གེའི་ཆོས་བརྒྱུད་གྲུབ་ཐོབ་དང་། གཡའ་བཟང་སྡེ་སྲིད་དུ་གྲགས་པ་སྟོབས་འབྱོར་ཅན་ཡར་སྟོད་ཕྱོགས་སུ་བརྒྱུད་མར་བྱུང་ཡང་དེང་སང་ཤུལ་ཙམ་དུ་ཟད། བརྒྱད་པ་ཤུག་གསེབ་བཀའ་བརྒྱུད་ནི། མཉམ་མེད་གྱེར་སྒོམ་ཆེན་པོས་སྙེ་ཕུ་ཤུག་གསེབ་བཏབ་པའི་ཆོས་བརྒྱུད་སྔར་མང་དུ་བྱུང་ཡང་དེང་དུས་བཙུན་མ་སྒར་རྙིང་ལུགས་སུ་གྱུར། དེ་ཐམས་ཅད་ལས་ཆོས་བརྒྱུད་དང་སྤྲུལ་བརྒྱུད་ཁྱད་པར་འཕགས་པ་ཀརྨ་ཀཾ་ཚང་ནི། རྗེ་དུས་གསུམ་མཁྱེན་པའི་སྤྲུལ་སྐུ་གཉིས་པ་གྲུབ་ཆེན་ཆོས་ཀྱི་བླ་མ་ཧོར་རྒྱལ་པོས་ཏི་ཤྲཱིར་བཀུར། གནས་ཀྱི་མིང་ལས་མཚན་ཀརྨ་པ་པཀྴིར་གྲགས་པ་ནས་ཞྭ་ནག་པའི་སྤྲུལ་བརྒྱུད། གསུམ་པ་རང་བྱུང་རྡོ་རྗེ། བཞི་པ་རོལ་པའི་རྡོ་རྗེ། ལྔ་པ་དེ་བཞིན་གཤེགས་པ། དྲུག་པ་མཐོང་བ་དོན་ལྡན། བདུན་པ་ཆོས་གྲགས་རྒྱ་མཚོ། བརྒྱད་པ་མི་བསྐྱོད་རྡོ་རྗེ། དགུ་པ་དབང་ཕྱུག་རྡོ་རྗེ། བཅུ་པ་ཆོས་དབྱིངས་རྡོ་རྗེ། བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ། བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། བཅུ་བཞི་པ་ཐེག་མཆོག་རྡོ་རྗེ། བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ། བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་བཅས་བྱོན་པ་དང་། ཀརྨ་པཀྴིའི་སློབ་མ་ཞྭ་སེར་ཅན་དང་། ཞྭ་ཁྲ་ཅན་རྣམས་དང་། ཞྭ་དམར་བ་ཚུལ་ཁྲིམས་དཔལ་ནས་ཞྭ་ནག་སྐུ་ཕྲེང་རྣམས་ཀྱི་སློབ་མའི་ཚུལ་འཛིན་ཞྭ་དམར་སྐུ་ཕྲེང་བཅུ། རྒྱལ་ཚབ་སྐུ་ཕྲེང་ལྔ། གཞན་ཡང་དཔའ་བོ་དང་། ཏྲེའོ་རིམ་བྱོན། ཕྱིས་ཞྭ་དམར་གྱི་གོ་གནས་འཛིན་པ་བྱམས་མགོན་ཏའི་སི་ཏུ་རིམ་བྱོན་སོགས་བྱུང་ངོ་། །རྗེ་ལྔ་པ་དེ་བཞིན་གཤེགས་པས་སྙན་བརྒྱུད་ནོར་བུ་སྐོར་གསུམ་ཀྱི་བདག་པོར་མངའ་གསོལ་བ་དྲུང་རྨ་སེ་བ་བློ་གྲོས་རིན་ཆེན་ལས་ཟུར་མང་བཀའ་བརྒྱུད་དང་། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ་མཁས་གྲུབ་ཀརྨ་ཆགས་མེད་ལས་གནས་མདོ་བཀའ་བརྒྱུད་ཀྱང་བྱུང་ངོ་། །བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས་དེང་སང་ཀར་འབྲུག་འབྲི་སྟག་བཞིའི་ཆོས་བརྒྱུད་རྐང་ཚུགས་པ་བཞུགས་པའི་འཕྲིན་ལས་ཕྱོགས་མཐར་རྒྱས་བཞིན་པའོ། །

༥ ཤངས་པ་བཀའ་བརྒྱུད།

ལྔ་པ་ཤངས་པ་བཀའ་བརྒྱུད་ནི། རྒྱལ་བས་ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཞེས་ལུང་བསྟན་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ། ཐོག་མར་ཡབ་མེས་ཀྱི་ཆོས་བོན་ལ་ཞུགས་ཤིང་ཕྱིས་རྙིང་མ་ལ་ཞུགས་པས་གྲུབ་པ་བརྙེས་ཀྱང་བྱང་ཆུབ་སེམས་དཔའི་སྨོན་ལམ་དུས་སུ་སྨིན་པའི་སྟོབས་ལས་དེ་ཙམ་གྱིས་ཐུགས་མ་ཚིམས་ནས་རྒྱ་གར་དུ་ལན་བདུན་བྱོན། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་སུ་ཁ་སིདྡྷི་གཙོས་མཁས་གྲུབ་བརྒྱ་དང་ལྔ་བཅུ་བསྟེན། སྐུ་ཡི་གནས་ལྔར། དགྱེས་རྡོར། བདེ་མཆོག གསང་འདུས། མ་ཧཱ་མ་ཡ། འཇིགས་བྱེད་དེ་རྒྱུད་སྡེ་ལྔ་དངོས་སུ་གྲུབ་པས་མཚོན་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། ཤངས་ཞོང་ཞོང་རྡོ་རྗེ་གདན་དུ་གདན་ས་མཛད་པས་ཤངས་པ་བཀའ་བརྒྱུད་དུ་གྲགས། དགུང་ལོ་བརྒྱ་དང་ལྔ་བཅུར་བཞུགས་ཤིང་བསྟན་པ་སྐྱོང་བའི་སློབ་བུ་ཁྲི་བཅོ་བརྒྱད་བྱུང་བའི་གཙོ་བོ། རྨེའུ་སྟོན་པ། ཡོལ་པོ་རྒྱ་མོ་ཆེ། དངུལ་སྟོན་རིན་ཆེན་དབང་། ལ་སྟོད་དཀོན་མཆོག་མཁར། ཞང་སྒོམ་ཆོས་སེང་སྟེ་སྔ་བུ་ལྔ། ཕྱི་བུ་རྡོ་རྗེ་འཆང་གི་གསང་ཚིག་ཆིག་བརྒྱུད་ཀྱི་བཀའ་བབས་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དེ་རིམ་པར་རིན་ཆེན་བདུན་བརྒྱུད་དུ་གྲགས། དབོན་སྟོན་སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། འགྲོ་མགོན་སྟོན་པའི་བར་བརྒྱུད། ཆིག་བརྒྱུད་རིན་ཆེན་བདུན་པ་ཆོས་རྗེ་སྟོན་པས་དཀྲོལ་ཏེ་གྲུབ་ཐོབ་ཀྱིས་འཛམ་གླིང་ཁྱབ་པར་མཛད་པ་ལས། བརྒྱུད་འཛིན་གཙོ་བོ་གཙང་མ་ཤངས་སྟོན། བསམ་ལྡིང་པ་གཞོན་ནུ་དོན་གྲུབ། འཇག་ཆེན་རྒྱལ་མཚན་འབུམ་གསུམ་གྱིས་མན་ངག་ཡི་གེར་བཀོད། ཤངས་སྟོན་སློབ་མ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་སོགས་རིན་ཆེན་བདུན་བརྒྱུད་དུ་གྲགས་པའི་སློབ་མཆོག་དག་ལས་བཀའ་སྲོལ་བར་མ་ཆད་པའི་རིང་བརྒྱུད་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་མཁའ་འགྲོ་མ་ནི་གུ་མས་གདམས་ངག་དངོས་སུ་གནང་བ་སོགས་སྔ་ཕྱི་བར་གསུམ་གྱི་བརྒྱུད་པའི་བཀའ་བབ། གཞན་ཡང་ཡེ་ཤེས་ཀྱི་ཌཱཀྐིས་འཇམ་མགོན་ཀུན་དགའ་གྲོལ་མཆོག་རྗེས་སུ་བཟུང་བའི་ངོ་མཚར་ཤིན་ཏུ་ཉེ་བརྒྱུད་ཀྱི་བཀའ་བབ་པ་བཅས། རྩ་བ་ཤངས་པའི་སྙན་བརྒྱུད་ཀྱི་གསེར་ཆོས་གཙང་མ་ལ་ཉེ་བརྒྱུད་མཁའ་འགྲོའི་གདམས་ངག་གིས་ཟུར་བརྒྱན་པ་ཟབ་དོན་ཐང་བརྡལ་སོགས་གསང་བདག་སྒྲོལ་མགོན་ཞབས་ཀྱི་བཀའ་སྲོལ་ཁྱད་པར་ཅན་གྱི་ཕྲིན་ལས་མ་ཉམས་པར་བཞུགས་པ་གྲགས་སོ། །

༦ ཞི་བྱེད་པ།

དྲུག་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡན་ལག་དང་བཅས་པ་བྱུང་ཚུལ་ནི། རྒྱ་གར་བེ་ཏཱའི་ཡུལ་གྱི་ཙ་ཏ་སེང་ངར་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་ཕ་དམ་པ་སངས་རྒྱས་སུ་གྲགས་པ་དེས་འཕགས་ཡུལ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ལས་མན་ངག་གསན་ནས་གྲུབ་པ་མཛད་པས་གྲུབ་པ་བརྒྱད་ཐོབ། དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས་པ་དེ་བོད་དུ་ལན་ལྔ་ཕེབས་པའི་གཉིས་པ་ལ། ཤེར་ཕྱིན་དང་ཨ་ལི་ཀ་ལི་ཆུ་ཀླུངས་རོལ་པའི་རྒྱུད་ཀྱི་གནད་དྲིལ་བ་དམ་ཆོས་སྡུག་བསྔལ་ཞི་བྱེད་གནང་བའི་བརྒྱུད་པ་དང་པོ། ཁ་ཆེ་ཛྙཱ་ན་གུ་ཧྱ་ལ་ཞི་བྱེད་སྒྲོན་མ་སྐོར་གསུམ་གནང་བ་ཨང་པོ་ལོ་ཙཱ་སོགས་ནས་བྱུང་བ་དང་། ལན་བཞི་པའི་དུས་བརྒྱུད་པ་བར་མའི་གཙོ་བོ། རྨ་སོ་ཀམ་གསུམ་ནི། རྨ་ཆོས་ཀྱི་ཤེས་རབ་ལ་ཕྱག་ཆེན་ཚིག་བརྒྱུད་དོན་བརྒྱུད། སོ་ཆུང་དགེ་འདུན་འབར་ལ་རིག་པ་ཅེར་མཐོང་གི་མན་ངག་ཚིག་བརྒྱུད་དང་དོན་བརྒྱུད། ཀམ་ཡེ་ཤེས་རྒྱལ་མཚན་ལ་ཤེར་ཕྱིན་གྱི་གདམས་པ་ཡས་བརྒྱུད་དང་མས་བརྒྱུད་རྣམས་དང་། བརྒྱུད་ཕྲན་ནི། དགེ་བཤེས་གྲ་པ་ལ་ཞི་བྱེད་སྒྲོན་མ་དྲུག་སྐོར། ལྕེ་ཙནྡྲཀཱི་རྟི་ལ་མདོ་རྒྱུད་ཞལ་སྦྱོར་གྱི་གདམས་པ། ལྗང་བཀའ་གདམས་པ་ལ་ཤེར་ཕྱིན་ཡི་གེ་མེད་པའི་གདམས་པ་དང་། བརྒྱུད་པ་ཐོར་བུ་མ་ཅིག་ལབ་སྒྲོན་ལ་གཅོད་ཀྱི་གདམས་པ་སོགས་གནང་། ལན་ལྔ་པ་རྒྱ་ནག་ནས་ཡར་ཕེབས་དུས་གནང་བའི་བརྒྱུད་པ་ཐ་མ་ནི། དིང་རིར་བཞུགས་སྐབས་སློབ་མ་འཁྲུལ་ཞིག་ཉེར་དྲུག ཁྱད་འཕགས་བུ་ཆེན་བརྒྱ་རྩ། མ་ཇོ་ཉེར་བཞི། གདན་ནོན་སློབ་མ་བཅུ་གཉིས་རྣམས་བྱུང་བ་ལས་གཙོ་བོར་སྒོ་བའི་རྣལ་འབྱོར་པ་བཞི་ཡིན་ཏེ། ཤར་ནས་དམ་པ་ཕྱར་ཆེན་གྱིས་བཀའ་མདོ་སྦྱོར་གྱི་སྐོར། ལྷོར་བཛྲ་ཀྲོ་དྷས་རིན་ཆེན་དོན་སྡེབས་ཀྱི་སྐོར། ནུབ་ན་དམ་པ་ཕྱར་ཆུང་གིས་དུམ་དུམ་ཁྲིད་ཀྱི་སྐོར། བྱང་ན་བྱང་ཆུབ་སེམས་དཔའ་ཀུན་དགས་བཀའ་ཆོ་ལུའི་སྐོར་གྱི་བཀའ་བསྡུ་མཛད་ནས་ཡི་གེར་བཀོད། བརྒྱུད་པ་གསུམ་ཀ་ཕྱིས་རོག་བདེ་གཤེགས་ཆེན་པོར་བབས་ཤིང་། དེ་ནས་རིམ་པར་བརྒྱུད་པ་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་གསན་ཅིང་ཡིག་ཆ་བཀླག་ཆོག་ཏུ་མཛད་ཅིང་དབང་ཁྲིད་སྤེལ་བ་མཛད་པ་གྲགས་ཤིང་། ཡན་ལག་གི་གཅོད་ཡུལ་ལ། ཕོ་གཅོད་མོ་གཅོད་གཉིས་ལས། སྔ་མ་ནི། ཕ་དམ་པས་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་དང་། ཡར་ཀླུངས་སྨ་ར་སེ་བོ་ལ་མདོ་ལུགས་རང་རྐང་གི་གཅོད་ཨཱཪྱ་དེ་ཝའི་གཞུང་ཆུང་ལྔ་བཅུ་པའི་དོན་བསྡུས་གདམས་ངག་བྲུལ་ཚོ་དྲུག་པ་གནང་། སྐྱོས་དབོན་བསོད་ནམས་བླ་མ་ལ་གནང་། དེས་ལབ་སྒྲོན་ལ་བྲུལ་ཚོ་བཞི་གནང་བར་གྲགས། སྨ་ར་སེ་བོ་ལས་བརྒྱུད་པའི་སྐོར་རོག་ཤེར་འོད་དང་། མཁས་གྲུབ་གཞོན་ནུ་གྲུབ་རྣམས་ལས་འཕེལ་བ་དང་། མོ་བཅོད་ནི། ཡུམ་ཆེན་མོ་མི་མོར་སྣང་བ་མ་ཅིག་ལབ་སྒྲོན་གྱིས་ཤེར་ཕྱིན་བཀླགས་པས་སྟོང་ཉིད་རྟོགས། དམ་པས་སྙིང་གཏམ་ཚིག་གཅིག་གསུངས་པས་རྒྱུད་གྲོལ་ཏེ་རང་བཞིན་གྱི་རྣལ་འབྱོར་མར་གྱུར། ཤེར་ཕྱིན་གྱི་དགོངས་དོན་རང་གི་དགོངས་ཉམས་ལས་འཁྲུངས་པའི་ཟབ་མོ་གཅོད་ཡུལ་གྱི་ལམ་སྲོལ་ཕྱེས་པ་ལ། ཕ་བརྒྱུད་ཐབས། མ་བརྒྱུད་ཤེས་རབ། གཉིས་མེད་དོན། མཁའ་འགྲོ་ཉམས་ཀྱི་བརྒྱུད་པ་བཞིར་བསྡུས་ཤིང་། ཞལ་སློབ་གྲུབ་ཐོབ་ཕོ་མོ་བརྒྱ་རྩ་བརྒྱད་སོགས་ཀྱི་གཙོ་བོ་དཔོན་སྲས་རྒྱལ་བ་དོན་གྲུབ། སྟོང་སྡེའི་ངག་གི་དབང་ཕྱུག གྲོལ་སྡེ་རྒྱལ་བའི་འབྱུང་གནས། ཁུ་སྒོམ་ཆོས་ཀྱི་སེང་གེ་སྟེ་ཐུགས་སྲས་བཞི། འབྲོག་ཚ་རྒྱན། དཔལ་ལྡན་རྒྱན། བསོད་ནམས་རྒྱན། རིན་ཆེན་རྒྱན་ཏེ་སྲས་མོ་བཞི། སྐྱེ་མེད་དགའ་ཡན། ཕོ་སྨྱོན་སེང་གེ སྨྱོན་པ་རང་སྣང་། དོལ་པ་ཟང་ཐལ། ཞིག་པོ་ཧུར་ཐོན། སྐལ་ལྡན་སེང་གེ། རྒྱ་སྒོམ་ཧར་ཐོན། རྗེ་བཙུན་ཟིལ་གནོན་ཏེ་རང་མཉམ་བརྒྱད་བཅས་བཀའ་བབས་བུ་ཆེན་བཅུ་དྲུག་གིས་ཕྲིན་ལས་སྤེལ། སྐུའི་སྲས་མདོའི་བརྒྱུད་འཛིན་གཙོ་བོ་གླང་ལུང་པ་རྒྱལ་བ་དོན་གྲུབ། སྔགས་ཀྱི་བརྒྱུད་འཛིན་གཙོ་བོ་ཐོད་སྨྱོན་བསམ་འགྲུབ་ལས་གངས་པ་ཞེས་པའི་གཅོད་བརྒྱུད་ཁྱད་པར་ཅན་ཟུར་དུ་བྱུང་། ཟུང་འཇུག་གི་བརྒྱུད་འཛིན་ཁུ་སྒོམ་ཆོས་ཀྱི་སེང་གེའི་བརྒྱུད་པ་བཅས་སོ་སོར་མང་དུ་འཕེལ། རྒྱལ་དབང་རང་བྱུང་རྡོ་རྗེས་གནམ་མཚོ་དོ་པ་མི་བསྐྱོད་རྡོ་རྗེ་ལས་གསན་པ་ལ་རུ་བའི་གཅོད་བརྒྱུད་དུ་གྲགས་པ་ལས། ཕྱིས་ཟུར་མང་དང་། གནས་མདོའི་ལུགས་འཕེལ། གཞན་ཡང་སྐྱ་སེ་རྟོགས་ལྡན་ལས་སྐྱབས་ཆེ་དང་། ཏྲེ་ཧོ་ཆོས་ཀྱི་དབང་པོ་ལས་ཏྲེ་གཅོད་སོགས་ཀྱི་མཚོན་བརྒྱུད་འཛིན་མཐའ་ཡས་པ་འཕེལ། སྲས་མོ་ལྕམ་ལས་རིམ་པར་བརྒྱུད་པའི་རིང་བརྒྱུད་དང་། རྒྱལ་ཐང་པ་བསམ་གཏན་འོད་ཟེར་གྱིས་བརྒྱུད་སྲོལ་ཐ་དད་པ་མང་དུ་གསན་ཅིང་མ་གཅིག་དངོས་དང་མཇལ་ནས་གདམས་པ་བསྩལ་བ་ཉེ་བརྒྱུད་ཐང་རྒྱལ་ལུགས་དང་། ཟབ་ཆོས་མང་པོ་སློབ་མ་རྣམས་ལ་མ་གནང་བར་གཏེར་དུ་སྦས་པ་ཕྱིས་མ་ཅིག་ཉིད་ཀྱི་རྣམ་སྤྲུལ་འདུས་རྡོ་རྗེ་སྒྲོན་མས་གཅོད་དཔེ་རྣམས་གཏེར་ནས་དྲངས་པ་ལ་གཏེར་གཅོད་བཅས་བྱུང་བ་ད་ལྟའི་བར་ཕྲིན་ལས་རྒྱུན་མ་ཆད་པར་གནས་སོ། །

༧ སྦྱོར་དྲུག་པ།

བདུན་པ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ནི། སྟོན་པ་ཐུབ་པའི་དབང་པོས་དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་གྱི་དྲུང་དུ། སྤྲུལ་པའི་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་འཁོར་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལྕགས་འབྲུག་ནག་པ་ཟླ་བའི་ཚེས་༡༥ལ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཉིད་ཤམྦྷ་ལའི་ཡུལ་དུ་ཆོས་རྒྱལ་བདུན་རྫོགས་ཀྱི་བར་དར་རྒྱས་སུ་སྤྱོད། དེ་ནས་རྒྱལ་རབས་བརྒྱད་པ་རིགས་ལྡན་འཇམ་དཔལ་གྲགས་པས་རྩ་རྒྱུད་ལས་བསྡུས་པའི་བསྡུས་རྒྱུད་མཛད། དེ་སྲས་རིགས་ལྡན་རྒྱལ་རབས་གཉིས་པ་པདྨ་དཀར་པོས་འགྲེལ་ཆེན་གྱིས་བཀྲལ། དེ་ནས་སྤྲུལ་པའི་ཆོས་རྒྱལ་རིགས་ལྡན་རིམ་བྱོན་ད་ལྟ་ཉེར་གཅིག་པ་མ་འགག་པ་ཡན་གྱིས་ཤམྦྷ་ལར་ཀ་ལཱ་པའི་གྲོང་བྱེ་བ་དགུ་བཅུ་གོ་དྲུག་ཡོད་པའི་གདུལ་བྱ་རྣམས་ལ་མེ་མཁའ་རྒྱ་མཚོའི་ལོ་ཚོགས་དམིགས་སུ་བཀར་བའི་ལོ་བརྒྱ་བརྒྱར་སེང་ཁྲིར་ཞབས་པད་བཀོད་ཅིང་གསང་ཆེན་རྒྱུད་ཀྱི་རྒྱལ་པོའི་ཆོས་འཁོར་བསྐོར་ནས་བསྟན་པ་སྐྱོང་བའོ། །འཕགས་ཡུལ་དུ་གྲུབ་ཆེན་རྣམས་ལ་སྦྱོར་དྲུག་གི་གདམས་ཕྲན་ཐོར་བུ་སྣང་མོད་ཀྱང་འཕགས་བོད་ཐུན་མོང་གི་སྤྱོད་ཡུལ་དུ་ཐོག་མར་སྣང་བར་མཛད་པ་པོ་ནི་ཙི་ལུ་པཎྜི་ཏ་སྟེ། དེ་ཉིད་ཤམྦྷ་ལར་སེམས་འགྲེལ་ཚོལ་བར་བྱོན་པའི་ལམ་ཁར་རིགས་ལྡན་གྱི་སྤྲུལ་པས་རྗེས་སུ་བཟུང་སྟེ་དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང་བྱིན་གྱིས་བརླབས། དེའི་སློབ་མ་པཎྚོ་ཨཱ་ཙཪྱ་སྟེ་སློབ་དཔོན་བསོད་སྙོམས་པའམ་དུས་ཞབས་པ་ཆེན་པོ་ཙི་ལུ་པ་ཆུང་བར་གྲགས་པ་འཇམ་པའི་རྡོ་རྗེས་གསན། རིགས་ལྡན་སྤྲུལ་པས་བྱིན་གྱིས་བརླབས་ནས་གྲུབ་པ་བརྙེས་ཏེ་ཀ་ལཱ་པར་དངོས་སུ་བྱོན་ནས་དབང་རྒྱུད་མན་ངག་རྫོགས་པར་ནོས། སླར་འཕགས་ཡུལ་དུ་ཕེབས་ནས་འཆད་སྤེལ་མཛད་པས། ནཱ་རོ་པ། རཏྣ་ཀ་ར་གུཔྟ་སོགས་སློབ་མ་མང་དུ་བྱུང་བ་ལས། ཨ་བ་དྷཱུ་ཏི་པ། ཤྲཱི་བྷ་དྲ་བྷོ་དྷི། ནཱ་ལེནྡྲ་པ་གསུམ་ལ་དུས་ཞབས་པ་ཆུང་བ་ཞེས་སོ་སོར་གྲགས། རབ་བྱུང་ཐོག་མའི་མེ་ཡོས་ལོ་དེར་བོད་ཡུལ་དུ་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་ཞབས་པ་ཤྲཱི་བྷ་དྲ་སྤྱན་དྲངས་ནས་རྒྱུད་འགྲེལ་མན་ངག་བཅས་བསྒྱུར། ཁྲོམ་ལོ་ཙཱ་བ་པདྨ་འོད་ཟེར་སོགས་བུ་ཆེན་བཞི་ལ་གནང་། ཁྲོམ་ལོ་ནས་བརྒྱུད་པའི་གྱི་ཇོ་ལུགས་དང་། ནཱ་ལེནྡྲ་པའི་སློབ་མ་མཉྫུ་ཀཱིརྟི། དེའི་སློབ་མ་བལ་པོ་ས་མནྟ་ཤྲཱི། དེ་ལས་རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་གསན་པའི་རྭ་ལུགས། ཡང་ནཱ་ལེནྡྲ་པའི་སློབ་མ་ཁ་ཆེ་ཟླ་བ་མགོན་པོ། དེ་ལས་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་པ་ནས་བརྒྱུད་པ་འབྲོ་ལུགས། ནཱ་ལེནྡྲ་ནས་ཙཱ་མི་སངས་རྒྱས་གྲགས་ནས་བརྒྱུད་པ་ཙཱ་མི་ལུགས། ཡང་ནཱ་ལེནྡྲ་པ། ཨ་བྷ་ཡཱ་ཀ་ར། ནིཥྐ་ལངྐ། བལ་པོ་པཎྜི་ཏ་དེ་ཝནྡྲ་ནས་ཆག་ལོ་ཆོས་རྗེ་དཔལ་ལ་བརྒྱུད་པ་ཆག་ལོ་ལུགས། ཡང་ཨ་བྷ་ཡཱ། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ནས། དཔྱལ་ཆོས་ཀྱི་བཟང་པོ་ནས་བརྒྱུད་པ་དཔྱལ་ལུགས། གཞན་ཡང་ཙཱ་མི་ལུགས་ལས་མཆེད་པ། གཉོས་ལུགས། ཚལ་ལུགས། ས་ལུགས། ཙཱ་ལུགས་དང་ཆག་ལུགས་གཉིས་འདྲེས་ཀར་ལུགས་སོགས་བྱུང་། རྭ་ལུགས་ལས་མཆེད་པ་རོང་པ་རྒ་ལོ་ལུགས། གྲུབ་ཆེན་ཤ་བ་རི་ནས་པཎ་ཆེན་བྷཱུ་ཏི་ཅནྡྲ། དེས་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ལ་གནང་བ་ཀོ་བྲག་ལུགས། མཉྫུ་ཀིརྟི་དང་ཨ་བྷ་ཡས་གཉན་དང་རྒ་ལོ་ལ་གནང་། དེ་གཉིས་ཀ་ལས་འགོས་ཀྱིས་གསན་པས་འགོས་ལུགས། ཤངས་དཔང་ནས་བརྒྱུད་པ་བོ་དོང་ལུགས་དང་། ཕྱིས་མན་ལུང་གུ་རུ། ཐར་ལོ། ཨོ་རྒྱན་པ། པཎ་ཆེན་ནགས་ཀྱི་རིན་ཆེན་སོགས་ལས་བརྒྱུད་པ་བཅས་མང་དུ་བྱུང་བ་ལས། ལྗོངས་འདིར་ཤིན་ཏུ་དར་བར་མཛད་པ་པོ་རྭ་འབྲོ་གཉིས་ཀའི་བརྒྱུད་འཛིན་ཇོ་ཞལ་གཉིས་ཏེ། བུ་ལུགས་ནི་བཤད་རྒྱུན་གཙོ་བོར་གྱུར། ཇོ་ནང་ཀུན་སྤངས་པས་བོད་དུ་འགྱུར་རོ་ཅོག་གི་ལུགས་སྲོལ་ཚང་བར་གསན། སློབ་མ་ཀུན་སྤངས་བུ་བཞིར་གྲགས་པ་བྱུང་། ཀུན་མཁྱེན་དོལ་པོ་པ་ཆེན་པོས་རྣལ་འབྱོར་ཡན་ལག་དྲུག་པའི་ཕྲིན་ལས་ངོ་མཚར་བསམ་གྱི་མི་ཁྱབ་པ་སྤེལ་བ་ལས། གཙོ་བོར་རང་མཉམ་སློབ་མ་བཅུ་བཞི་བྱུང་བ་སོ་སོས་གདམས་སྲོལ་སྤེལ་བའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པས་སྒྲུབ་བརྒྱུད་ཀྱི་བཀའ་བབས། ཀུན་མཁྱེན་སྒྲོལ་མ་མགོན་ཞབས་སོགས་ཉམས་རྟོགས་ཕུལ་དུ་བྱུང་བའི་སྐྱེས་བུ་རྒྱུན་མ་ཆད་པར་བྱོན་པས་ད་ལྟའི་བར་བརྒྱུད་སྲོལ་ཕྱོགས་བརྒྱར་འཕེལ་བཞིན་པ་སྣང་ངོ་། །

༨ རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ།

བརྒྱད་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ནི། མཁས་གྲུབ་ཨོ་རྒྱན་པ་རིན་ཆེན་དཔལ་དེ་ཉིད་མདོ་སྔགས་སྤྱི་དང་དུས་འཁོར་སོགས་ལ་སྦྱངས་པ་མཐར་ཕྱིན། རྒྱལ་བ་རྒོད་ཚང་པ་ལས་རྟོགས་པ་མཐར་ཐུག་སྐྱེས་ནས་བརྟུལ་ཞུགས་ཀྱི་སྤྱོད་པས་འཛམ་གླིང་གི་གནས་ཡུལ་ཀུན་ཉུལ་བའི་ཚེ། དྷཱུ་མ་ཐ་ལར་ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོས་བྱིན་གྱིས་བརླབས་ཤིང་རྡོ་རྗེ་རྣལ་འབྱོར་མ་ཐ་མལ་པའི་གཟུགས་ཀྱིས་རེག་བདེ་སྩལ་ཏེ་རྩ་མདུད་བཀྲོལ། སླར་རྡོ་རྗེ་བཙུན་མོས་ཞལ་དངོས་སུ་བསྟན་ནས་གདམས་པ་གནང་། མཆོག་ཐུན་གྱི་དངོས་གྲུབ་བརྙེས་ནས་བོད་དུ་བྱོན། མཁར་ཆུ་རིན་པོ་ཆེས་གསོལ་བ་བཏབ་པའི་ངོར་རྡོ་རྗེའི་ཚིག་རྐང་ཡི་གེར་བཀོད། ཁྲིད་གཉེར་པ་ཟླ་བ་སེང་གེ་དང་། གོ་ལུང་པ་གཞོན་ནུ་དཔལ། ཟུར་ཕུག་པ་རིན་ཆེན་དཔལ། མཁས་པ་ཤངས་སྟོན། སྙེ་མདོ་ཀུན་དགའ་དོན་གྲུབ་སོགས་ཀྱིས་ཟིན་བྲིས་དང་ཊིཀ་ཆེན་སོགས་བརྩམས་ནས་རིམ་པར་སྤེལ་བ་ལས་བརྒྱུད་པ་དང་། རྒྱལ་དབང་རང་བྱུང་རྡོ་རྗེས་གྲུབ་ཆེན་ཉིད་ལས་གདམས་སྐོར་རྫོགས་པར་གསན་ཏེ་སྤེལ་བ་སོགས་ད་ལྟའི་བར་བྱུང་བའོ། གཞན་ཡང་གདམས་སྐོར་ཕྲན་ཚེགས་སུ་བྱུང་བའི་ཚུལ་ནི། གྲུབ་ཆེན་མི་ཏྲ་ཛོ་ཀི་ཉིད་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་སྤྱན་དྲངས་ནས་ཕྱི་ནང་གསང་གསུམ་གྱི་གདམས་སྐོར་དང་། མི་ཏྲ་ཁྲིད་དྲུག་ཏུ་གྲགས་པ་པཎྜི་ཏ་ཤཱ་རི་པུ་ཏྲ་ནས། མི་ཉག་གྲགས་རིན་ལ་བརྒྱུད་པ་དང་། རྡོ་རྗེ་ཕྲེང་བའི་དབང་བསྐུར་བརྒྱ་རྩ་པཎ་ཆེན་དོན་ཡོད་རྡོ་རྗེ་ནས་བརྒྱུད་པ་སོགས་གདམས་ཕྲན་གྱི་སྐོར་དུ་མ་བྱུང་བ་ལས། སྨིན་གྲོལ་གྱི་རྒྱུན་བཞུགས་པ་ཕལ་ཆེར་རིས་མེད་བསྟན་པའི་མངའ་བདག་འཇམ་མགོན་བློ་གྲོས་མཐའ་ཡས་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྣམ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་གདམས་ངག་མཛོད་དུ་བཞུགས་ཤིང་བརྒྱུད་པའང་མཐའ་རྒྱས་སུ་བྱུང་བའོ། །

སྨྲས་པ།

གཅིག་ཏུ་དཀར་མིན་ལས་ཀྱི་རླུང་ཤུགས་ཀྱིས། །བདས་པའི་སྲེག་ཟ་སྡིག་ཅན་རྒྱལ་པོའི་ཁ། །དགེ་བཅུའི་ནགས་རླུང་དར་བའི་གངས་ཅན་རིར། །མཆེད་ཚེ་ཐུབ་བསྟན་ལྗོན་བཟང་ཐལ་བར་བྱས། །དེ་ཚེ་ལེགས་བྱས་ཤར་རིའི་ཕྲག་པ་ནས། །མ་ཉམས་ཐུགས་བསྐྱེད་དཀྱིལ་འཁོར་ལྷུན་རྫོགས་པ། །དམར་གཡོ་གཙང་ཞེས་ཉི་ཟླ་སྐར་གསུམ་གྱི། །ཕྲིན་ལས་སྣང་བས་དུས་ཀྱི་རྒུད་པ་བསལ། །སྔོན་བྱོན་ལོ་པཎ་ཐུགས་བསྐྱེད་སྐྱ་རེངས་ཀྱིས། །ལྗོངས་འདིར་ཐོག་མར་དྲངས་པའི་མདོ་སྔགས་ཆོས། །ཚང་ལ་མ་ནོར་གསང་ཆེན་རྙིང་མ་པ། །བསྟན་པའི་ཕྱི་མོ་ཆེ་བ་དྲུག་གིས་འཕགས། །དག་གཙང་པདྨའི་སྦུབས་ལ་ཅོ་འདྲི་བའི། །རྣམ་དག་བསླབ་གསུམ་བསྟན་པ་རིན་ཆེན་མཛོད། །ལུང་རིགས་འདོད་དགུར་འཇོ་བའི་ཕྲིན་ལས་ཅན། །གསེར་མདོག་ཅོད་པཎ་འཆང་བ་བཀའ་གདམས་པ། །རྒྱལ་བསྟན་ཆུ་གཏེར་རྒྱས་པའི་ཆོས་ཀྱི་མཚོ། །བཤད་སྒྲུབ་དཔུང་པ་དར་མས་བསྲུབས་པ་ལས། །གསུང་ངག་ལམ་འབྲས་རིན་ཆེན་གཏེར་གྱི་མཛོད། །སྙིང་པོའི་བཅུད་ཐོབ་དཔལ་ལྡན་ས་སྐྱ་པ། །རྡོ་རྗེ་འཆང་དབང་དགོངས་པའི་ཆུ་མཚོ་ལས། །འོངས་པའི་བཀའ་བབ་རྣམ་བཞིའི་གདམས་པའི་རྒྱུན། །འཐུངས་ལྡན་གྲུབ་བརྙེས་བྱེ་བས་ས་འདི་ཁེངས། །སྒྲུབ་བརྒྱུད་རིང་ལུགས་མ་ཉམས་བཀའ་བརྒྱུད་པ། །ཡེ་ཤེས་ཌཱཀྐིའི་ཐུགས་བཅུད་ཆོས་ཀྱི་མཛོད། །སྙན་ནས་སྙན་བརྒྱུད་གསེར་ཆོས་གཙང་མ་སོགས། །འཁྲུལ་མེད་ཟབ་དོན་རིན་ཆེན་ཐང་མར་བརྡལ། །མཁས་གྲུབ་ཁྱུང་པོའི་བཀའ་སྲོལ་ཤངས་པ་བ། །རྒྱལ་གསུང་འཁོར་ལོ་བར་བའི་བསྟན་བྱའི་དོན། །གསང་རྒྱུད་ཕྱག་རྒྱ་ཆེན་པོའི་དགོངས་པའི་བཅུད། །ངེས་དོན་སྟོང་ཉིད་ཕར་ཕྱིན་ཉམས་ལེན་གྱིས། །བདུད་བཞིའི་འཆིང་བ་གཅོད་པ་ཞི་བྱེད་ལམ། །གསང་ཆེན་བླ་མེད་རྒྱུད་སྡེའི་དགོངས་པའི་བཅུད། །སྦྱོར་བ་དྲུག་ལྡན་རྫོགས་རིམ་རྣལ་འབྱོར་གྱིས། །ཟུང་འཇུག་དག་པ་ཡེ་ཤེས་སྒྱུ་མའི་སྐུར། །མངོན་པར་བྱང་ཆུབ་དུས་ཀྱི་འཁོར་ལོའི་གནད། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་མཁའ་འགྲོའི་ལུང་། །བསྙེན་སྒྲུབ་སྒྲུབ་ཆེན་གསང་བའི་མན་ངག་གིས། །ཟུང་འཇུག་སྐུ་གསུམ་འབྲས་བུའི་གོ་འཕང་ལ། །མངོན་པར་སྦྱོར་བ་རྡོ་རྗེའི་བསྙེན་སྒྲུབ་རྨད། །

ཅེས་པ་ནི་རྒྱལ་བསྟན་ཕྱི་དར་གྱི་བསྟན་པའི་མེ་རོ་སླར་ཡང་གསོས་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བཀའ་སྲོལ་བྱུང་ཚུལ་མདོ་ཙམ་བརྗོད་པའི་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། ཕྱི་དར་བསྟན་པའི་མེ་རོ་སླར་ཡང་གསོས་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་འཕྲོས་དོན་དུ་བརྗོད་པ་སྟེ་སརྒ་ལྔ་པ་རྫོགས་སོ།། །།

གསུམ་པ། གསང་ཆེན་སྔ་འགྱུར་རྙིང་མའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེའི་བབ་སོ་བྱེ་བྲག་ཏུ་བཤད་པ།

གཅིག མདོ་ཕར་ཕྱིན་ཐེག་པ་སྡེ་སྣོད་གསུམ་གྱི་བསྟན་པ་དར་ཚུལ་མདོ་ཙམ་བསྟན་པ།

༡ བསྟན་པའི་རྩ་བ་ཐེག་དམན་སོ་ཐར་གྱི་སྡོམ་རྒྱུན་རྣམ་ཐར་བསྙད་པ།

གསུམ་པ་གསང་ཆེན་སྔ་འགྱུར་རྙིང་མའི་མདོ་དང་སྔགས་ཀྱི་བསྟན་པ་རིན་པོ་ཆེའི་བབ་སོ་ཆེན་མོ་བྱེ་བྲག་ཏུ་བཤད་པ་ལ། མདོ་ཕར་ཕྱིན་ཐེག་པ་སྡེ་སྣོད་གསུམ་གྱི་བསྟན་པ་དར་ཚུལ་མདོ་ཙམ་བསྟན་པ་དང་། སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་གཏེར་ཆུ་བོ་ཆེན་པོ་རྣམ་གཉིས་ཀྱི་བརྒྱུད་སྲོལ་རྒྱས་པར་བཤད་པ་སྟེ་གཉིས་ལས། དང་པོ་ལའང་བསྟན་པའི་རྩ་བ་ཐེག་དམན་སོ་ཐར་གྱི་སྡོམ་རྒྱུན་རྣམ་ཐར་བསྙད་པ་དང་། ཐེག་ཆེན་མདོ་ལུགས་དབུ་སེམས་ཀྱི་བྱང་སྡོམ་དང་གཞུང་བཤད་ཀྱི་བརྒྱུད་སྲོལ་སྨོས་པ་སྟེ་གཉིས་ལས།

དང་པོ་ནི། དེ་ཡང་ཇི་སྐད་དུ་སློབ་དཔོན་ངག་གི་དབང་ཕྱུག་ཆོས་ཀྱི་ཚོང་དཔོན་གྱི་ཞལ་ནས། རྒྱལ་བ་སྟོན་པ་དེ་ཡི་དམ་ཆོས་དག །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་བཅོས་གཉིས་ཡིན་དེ་ཡི་ཕྱིར། །ཉིས་འགྱུར་ཕྱག་བྱས་སངས་རྒྱས་ཁྱོད་གཅིག་ཡིན། །ཞེས་དང་། སོ་སོར་ཐར་པའི་མདོ་ལས། སངས་རྒྱས་འདུལ་བ་གངས་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡིན། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །ཅེས་དང་། འདུལ་བ་སུམ་བརྒྱ་པ་ལས། ཐུབ་བསྟན་རིན་ཆེན་སྒྲོན་མེ་མཆོག །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་དང་། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། མགོན་པོ་སྐྱོབ་པ་དེ་ཡིས་ཡང་དང་ཡང་། །འདི་ནི་སྟོན་དང་བསྟན་པ་གཉིས་ཡིན་ཞེས། །བསྔགས་པའི་གནས་དེ་ཆོས་འདུལ་རིན་པོ་ཆེ། །མི་ཟད་བདུད་རྩིའི་མཛོད་ལ་སླར་ཡང་འདུད། །གང་ལ་སློབ་རྣམས་རྣམ་གྲོལ་སར་འགྲོ་ཞིང་། །ཡོན་ཏན་ཀུན་གྱི་གཞིར་གྱུར་རིན་པོ་ཆེ། །མི་ཟད་འཕགས་པའི་མཛོད་ཁང་དམ་པའི་ཆོས། །བསྟན་པའི་རྩ་བ་སོ་སོར་ཐར་པ་ཡིན། །གཞི་གསུམ་ཚུལ་འདི་གང་དུ་གནས་པ་དེར། །རྒྱལ་བསྟན་རིན་ཆེན་གནས་ཞེས་གདགས་འོས་ལ། །ཡུལ་དབུས་ཆོས་ཀྱི་སྙིང་པོ་དམ་པ་ཞེས། །བསྔགས་པའི་མེ་ཏོག་འདི་མིན་གང་ལ་འཐོར། །ཞེས་གསུངས་པ་ལྟར་ཐུབ་ཚུལ་དྲི་མ་མེད་པའི་རིང་ལུགས་དམ་ཆོས་འདུལ་བའི་བསྟན་པའི་ཉི་མ་གངས་ཅན་བོད་ཀྱི་ཡུལ་དུ་ཐོག་མར་དར་བ་ནི་ལྷ་གཅིག་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ཏེ། མངའ་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོས་འཕགས་པའི་ཡུལ་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཤིང་། སྤྱི་ལོ་༨༢༧པ་མེ་མོ་ལུག་གི་ལོར་དཔལ་བསམ་ཡས་རབ་བྱུང་གྲྭ་ཚང་དུ་མཁན་ཆེན་བྷོ་དྷི་སཏྭའམ་ཤཱནྟ་རཀྵི་ཏས་མཁན་པོ་དང་། དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜི་ཏ་གཞན་རྣམས་ཀྱིས་ཁ་སྐོང་མཛད་ནས། བོད་ཀྱིས་རབ་ཏུ་བྱུང་བ་བཏུབ་བམ་མི་བཏུབ་ཉམས་སད་པའི་ཕྱིར་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་མཚན་ལ་དཔལ་དབྱངས་གསོལ། བཙན་པོས་བསྔགས་པས་རྦ་རཏྣར་གསོལ། དེ་བཞིན་རྦ་གསལ་སྣང་དང་། བ་གོར་བཻ་རོ། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན། འཁོན་ཀླུ་དབང་། ལ་གསུམ་རྒྱལ་བ་བྱང་ཆུབ་སོགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས་རིམ་པར་དབུ་ཟླུམ་མདོ་ཡི་སྡེ་དང་། ལྕང་ལོ་སྔགས་ཀྱི་སྡེ་ཞེས་མདོ་སྔགས་ཀྱི་བསྟན་པ་འཛིན་པའི་སྡེ་ཆེན་པོ་དབུའི་མཆོད་གནས་སུ་བཀུར་ནས་བསྟན་གཉིས་ཟུང་འཇུག་ཏུ་བསྐྱངས། དེའི་རྗེས་སུ་ཡང་སྲས་དང་དབོན་སྲས་རྣམས་ཀྱིས་ཀྱང་སྔོན་གྱི་ལུགས་སྲོལ་བཟང་པོ་མ་ཉམས་པར་བསྐྱངས་ཤིང་། ཁྱད་པར་དུ་གསང་བདག་སྤྲུལ་པ་ཆོས་རྒྱལ་ཁྲི་རལ་པ་ཅན་གྱིས་སྔར་མ་འགྱུར་པའི་གསུང་རབ་རྣམས་གསར་དུ་བསྒྱུར། འགྱུར་ཟིན་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་སོགས་མཛད་ཅིང་། དགེ་འདུན་བཙུན་པ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ་བ་དང་། བླ་སྒོ་དང་པོ་དགེ་འདུན་མཆོད་གནས་རྣམས་ལ་ཕུལ་ཞིང་། དབུ་རལ་ཐེམ་པ་ལ་བཀྲམ་པའི་ཁར་དགེ་འདུན་བཙུན་པ་རྣམས་བཞུགས་སུ་གསོལ་བ་སོགས་སྲི་ཞུ་དང་བསྟི་སྟངས་བླ་ལྷག་ཏུ་མཛད། དུས་དེར་ཁྲི་དར་མ་འུ་དུམ་བཙན་གྱི་ཐུགས་ལ་གདོན་གྱིས་ཟིན་པས་ཆོས་རྒྱལ་བཀྲོངས་ནས་སངས་རྒྱས་ཀྱི་བསྟན་པ་རྨང་མེད་དུ་བཅོམ། རབ་ཏུ་བྱུང་བ་རྣམས་ཁྱིམ་སར་ཕབས་པས་དགེ་འདུན་བཙུན་པའི་མིང་ཡང་མི་གྲགས་པའི་ལོ་ངོ་བདུན་ཅུ་ལྷག་ཙམ་བྱུང་། དེ་ནས་ཇི་སྐད་དུ་ཐང་ཡིག་ཆེན་མོ་ལས། རེ་ཞིག་དམ་ཆོས་འདུལ་བའི་བསྟན་པ་ནི། །མེ་རོ་ཙམ་ཞིག་མདོ་ཁམས་སྨད་ནས་འབྱུང་། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི། །གཞུ་རྒྱུད་ཙམ་ཡང་སྟོད་ཀྱི་ཕྱོགས་ནས་འབྱུང། །དེ་ནས་མདོ་སྔགས་གཉིས་ཀྱི་བསྟན་པ་ནི། །མ་ནུབ་ཙམ་ཞིག་མཐའ་ནས་དབུས་སུ་འབྱུང་། །ཞེས་པ་ལྟར་སྨར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང་། གཙང་རབ་གསལ་གསུམ་གྱིས་འདུལ་བ་དྲེལ་རྒྱབ་གསུམ་བཀལ་ནས་མདོ་སྨད་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྲོས་ཏེ་བཞུགས་སྐབས། གཙང་གིས་མཁན་པོ་དང་གཡོས་སློབ་དཔོན། སྨར་གྱིས་གསང་སྟོན། རྒྱ་ནག་གི་དགེ་སློང་ཀེ་ཝང་དང་གྱི་ཕན་གཉིས་ཀྱིས་ཁ་སྐོང་བྱས་ཏེ་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་པས་ཕྱི་དར་བསྟན་པའི་མེ་རོ་གསར་དུ་གསོས། དེ་ལས་དབུས་གཙང་གི་མི་བཅུས་སྡོམ་པ་ནོད་ནས་དབུས་སུ་བྱོན་པ་ལས་འདུལ་འཛིན་གྲངས་མེད་པ་བྱོན་པ་དང་། ཕྱི་མའི་དུས་འདིར་སྔ་འགྱུར་བསྟན་པའི་ཤིང་རྟ་ལོ་ཆེན་དྷརྨ་ཤྲཱི་དང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་སོགས་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རབས་དུ་མ་ལས་དབུས་གཙང་གི་ཕྱོགས་དང་། རིམ་པར་མདོ་ཁམས་རྫོགས་ཆེན་པ་སེང་ཕྲུག་པདྨ་བཀྲ་ཤིས་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་བཀའ་དྲིན་ཁོ་ན་ལས་ད་ལྟའི་བར་རྩ་བའི་གདན་ས་རུ་དམ་རྫོགས་ཆེན་དང་། རྡོར་སྨིན་གཉིས། ཀཿདཔལ་སོགས་གསང་ཆེན་རྙིང་མའི་ཆོས་སྡེ་ཆེ་ཕྲ་ཡོངས་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡེ་ཆེན་པོས་ཁྱབ་ཅིང་། ལུགས་འདིར་སྔ་འགྱུར་རྙིང་མའི་ཐུན་མོང་མ་ཡིན་པའི་སྡོམ་རྒྱུན་སྨད་འདུལ་ཞེས་གྲགས་ལ། དེ་ལས་གཞན་བསྟན་པ་ཕྱི་དར་ཀྱི་སྐབས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་པཎ་ཆེན་དྷརྨ་པཱ་ལ་སྤྱན་དྲངས་ནས་སྡོམ་རྒྱུན་སྤེལ་བ་ལ་སྟོད་འདུལ་ཞེས་གྲགས་ཤིང་ཡུན་རིང་མ་དར་བས་དེང་སང་རྒྱུན་འདི་མི་བཞུགས་པར་གྲགས། དེ་ལས་གཞན་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ནས་བྱང་རྡོར་ས་གསུམ་ལ་བརྒྱུད་པས་ད་ལྟའི་བར་རིང་ལུགས་དེ་ལས་རབ་ཏུ་བྱུང་བའི་སྡེ་གྲངས་ཀྱིས་མི་ལངས་པ་བྱུང་བ་ལ་ཁ་ཆེའི་སྡོམ་རྒྱུན་དུ་གྲགས་ཤིང་གསུམ་ཀའང་གཞི་ཐམས་ཅད་ཡོད་སྨྲའི་ལུགས་གཅིག་པུ་ལས་བྱུང་བ་ཡིན་ནོ། །

དེ་ལས་འདིར་རང་ལུགས་སྨད་འདུལ་གྱིི་འདུལ་འཛིན་ཆེན་མོ་གསེར་རིའི་ཕྲེང་བ་ལྟ་བུ་བར་མ་ཆད་པ་བྱུང་བ་དག་གི་བརྒྱུད་པའི་རྣམ་ཐར་མདོར་བསྡུས་སུ་འགོད་པ་ལ།

[༡] སྟོན་པ་མཉམ་མེད་ཤཱཀྱ་སེང་གེ

བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་ནི། དེ་ཡང་སྟོན་པ་འཇིག་རྟེན་དུ་བྱོན་ཚུལ་ལ་དྲང་དོན་དང་ངེས་དོན་ཐུན་མོང་དང་ཐུན་མིན་གྱི་རྣམ་བཞག་སྣ་ཚོགས་པ་ཡོད་པ་ལས། འདིར་ལུང་སྔོོན་འབྱུང་སོགས་འཁོར་ལོ་དང་པོ་བཀའ་དགོངས་འགྲེལ་དང་བཅས་པ་ལས་བྱུང་བ་ཐུན་མོང་པའི་འདོད་པ་དང་བསྟུན་ན། སྔོན་རྒྱལ་པོ་འོད་ལྡན་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་སེམས་བསྐྱེད། དེ་ནས་བཟུང་ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་བསགས་ཤིང་། དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ནས་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་འཁྲུངས། དེ་ནས་ཡུལ་དང་དུས་དང་རིགས་དང་རྒྱུད་དང་ཡུམ་སྟེ་གཟིགས་པ་ལྔ་ལ་གཟིགས་ནས་ཆུ་སྟོད་ཟླ་བའི་ཉ་ལ་གླང་པོ་ཆེ་ཐལ་དཀར་གྱི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས། ཟླ་བ་བཅུ་ཕལ་ཆེར་རྫོགས་པའི་དཔྱིད་ཟླ་ཐ་ཆུང་གི་ཚེས་བདུན་སྐར་མ་རྒྱལ་ལ་བབ་པ་ན་ལུམྦཱིའི་ནགས་ཚལ་དུ་སྐུ་བལྟམས། སྒྱུ་རྩལ་གྱི་དྲེགས་པ་ཅན་རྣམས་ཚར་བཅད་ནས་བཙུན་མོའི་འཁོར་དང་བཅས་ཏེ་དགུང་ལོ་ཉི་ཤུ་རྩ་དགུའི་བར་ཁབ་ཏུ་བཞུགས། དེ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ལོ་དྲུག་ཏུ་དཀའ་བ་སྤྱད། མཐར་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་བཞུགས་ནས་དགུང་ལོ་སོ་ལྔ་པ་ས་ག་ཟླ་བའི་ཉའི་སྲོད་ལ་བདུད་བཏུལ་ཞིང་། སྐྱ་རེངས་འཆར་བར་ཕྱོགས་པ་ན་མངོན་པར་རྫོགས་པར་སངས་རྒྱས་ཏེ་རང་བྱུང་གི་བསྙེན་པར་རྫོགས་པར་གྱུར་ཏོ། །དེ་ནས་ཞག་ཞེ་དགུ་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝཱ་རཱ་ཎ་སིར་འཁོར་ལྔ་སྡེ་སོགས་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བས་ལྔ་སྡེས་དགྲ་བཅོམ་པ་ཐོབ། །ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དེ་ནས་ཉེ་བའི་ལྔ་སྡེ་ལ་སོགས་པ་ནས་རབ་བཟང་གི་བར་བཏུལ་ཏེ་དགུང་ལོ་བརྒྱད་ཅུ་པ་ས་གའི་ཉ་ལ་གྱད་ཡུལ་རྩ་ཅན་དུ་ཤིང་སཱ་ལ་ཟུང་གི་ཚལ་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་བསྟན་ཏོ། །དེ་ལྟར་སྟོན་པ་སངས་རྒྱས་ལས་སྡོམ་རྒྱུན་ཇི་ལྟར་བརྒྱུད་ཚུལ་ནི། ས་གའི་ལྷས། གང་ཕྱིར་བསྙེན་པར་རྫོགས་པ་ནི། །གཞན་ཡང་བྱེ་བྲག་སྨྲ་བ་བརྗོད། །ཇི་ལྟར་གནས་པ་མཁྱེན་པས་ན། །འདྲེན་པ་རང་རྒྱལ་རང་བྱུང་གིས། །འཕགས་པ་ཀཽཌཱི་ནྱ་སོགས། །ལྔ་སྡེ་རྣམས་ལ་ངེས་པ་ལས། །གང་ཞིག་སློབ་མ་བཟང་སྡེ་རྣམས། །ཐམས་ཅད་སྐྱབས་སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་མཆོད་སྦྱིན་མ། །ཚུར་ཤོག་དགེ་སློང་ཞེས་ཀྱང་བྱ། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་འོད་སྲུང་བདག་ཉིད་ཆེ། །དྲི་བས་མཉེས་པ་ཉིད་ཀྱིས་ནི། །སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་འཁོབ་ས་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། །བཅུ་དང་ལྔ་ཡིས་ཚོགས་ཀྱིས་སམ། །དེ་ལས་ལྷག་པས་ཀྱང་ནི་རུང་། །དེ་བཞིན་འཁོར་ཚོགས་བཅས་པ་ཡི། །གཽའུ་ཏ་མ་ལྕི་ཆོས་ཀྱི། །ཞེས་བསྙེན་པར་རྫོགས་ཚུལ་བཅུ་གསུངས་པ་ལས། རང་བྱུང་གི་བསྙེན་རྫོགས་ནི། ཡུལ་གཞན་ལ་མ་བརྟེན་པར་སྲིད་པ་ཐ་མའི་གང་ཟག་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་བརྙེས་པའི་ཚེ་རང་གི་ངང་གིས་རྫོགས་པ་ཡིན་ལ། འཕྲིན་དང་བཅུའམ་ལྔའི་ཚོགས་ཀྱིས་རྫོགས་པ་གཉིས་ནི་ཆོ་གའི་རིག་བྱེད་ལ་བརྟེན་པ་ཡིན་ཞིང་། དེ་ལྷག་བདུན་པོ་སྟོན་པའི་ཐུགས་རྗེ་ལ་བརྟེན་ནས་རང་གི་ངང་གིས་བསྙེན་པར་རྫོགས་པ་ཡིན་པས་ཡུལ་སྟོན་པ་སངས་རྒྱས་ལ་བརྟེན་པའི་བསྙེན་རྫོགས་སོ། །དེ་ལས་འདིར་ནི་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ་ཤཱ་རིའི་བུ་ལས་བརྒྱུད་པ་སྟེ།

[༢] འཕགས་པ་ཤཱ་རིའི་བུ།

དེ་ལ་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་ནི། ཡབ་བྲམ་ཟེ་སྐར་རྒྱལ་དང་། ཡུམ་བྲམ་ཟེ་མོ་ཤཱ་རི་ཀའི་སྲས་སུ་འཁྲུངས། མཚན་ཀུན་ཏུ་རྒྱུ་ཉེ་དགའ་གསོལ། ཆུང་ངུ་ནས་རིག་བྱེད་ཐམས་ཅད་ལ་མཁས། མཁན་པོ་ཡང་དག་རྒྱལ་བའི་ཐད་དུ་ཚངས་པར་སྤྱོད་ཅིང་སློབ་མ་བསྐྱངས་བའི་ཚེ་མཁན་པོ་འདའ་ཁར་སངས་རྒྱས་ལས་རབ་ཏུ་བྱུང་ཤིག་ཅེས་ཁ་ཆེམས་བཞག་པ་དང་། རྒྱལ་པོའི་ཁབ་ཏུ་སོང་བ་ན་འཕགས་པ་རྟ་ཐུལ་མཐོང་བས་དད་དེ། ཁྱོད་ཀྱི་སྟོན་པ་ནི་གང་། ཅིའི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དགའ། ཞེས་དྲིས་པ་ལ། རྟ་ཐུལ་གྱིས། ཆོས་རྣམས་མ་ལུས་རྒྱུ་ལས་བྱུང་། ཞེས་སོགས་གསུངས་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སྟེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་མཐོང་ནའང། གཟུགས་ཀྱི་སྐུ་བལྟ་བའི་ཕྱིར་འགྲོའ་ོཞེས་མོའོ་གལ་གྱི་བུ་དང་འགྲོགས་ནས་སོང་བ་ལས། བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་མཐོང་བས་ལྷག་པར་དད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དགེ་སློང་ཚུར་ཤོག་ལ་ཚངས་པ་མཚུངས་པར་སྤྱོད་ཅིག་ཅེས་གསུངས་པ་ཙམ་གྱིས། སྐྲ་དང་ཁ་སྤུ་རང་བྱི་ཆོས་གོས་གསུམ་གྱོན་ཞིང་ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་ཤིན་ཏུ་དུལ་བར་གྱུར་ཏེ་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་སོ། །དེའི་ཚེ་བར་སྣང་གི་ལྷས། བཅོམ་ལྡན་འདས་ཀྱིས་ཚུར་ཤོག་བཀའ་བསྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་གྱུར། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་ཟླ་བ་ཕྱེད་འདས་པ་ན་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་སེན་རིང་ལ་ཆོས་བསྟན་པས་ཆོས་མིག་ཐོབ་ཅིང་ཚུར་ཤོག་གི་དགེ་སློང་དུ་གྱུར་པའི་ཚེ་ཆོས་དེ་ཐོས་པས་ཤཱ་རིའི་བུས་ཀྱང་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བརྙེས་པར་གྱུར་ཏོ། །

[༣] འཕགས་པ་དགྲ་གཅན་འཛིན།

དེའི་མཁན་བུ་སྲས་འཕགས་པ་དགྲ་གཅན་འཛིན་ནི། ཡབ་རྒྱལ་བུ་དོན་གྲུབ་སྟེ་རབ་ཏུ་བྱུང་ཁར་གྲགས་འཛིན་མའི་མངལ་དུ་བཞག་ནས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་བལྟམས་ཤིང་། དེའི་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པས་ཁྱེའུའི་མིང་ལ་སྒྲ་གཅན་འཛིན་དུ་བཏགས། ལོ་དྲུག་ལ་བཅོམ་ལྡན་འདས་བཙུན་མོའི་ཁྱིམ་དུ་གདུགས་ཚོད་ལ་བྱོན་པའི་ཞབས་ཕྱིར་འབྲངས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ནས་འཕགས་པ་ཤཱ་རིའི་བུ་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད། སྟོན་པ་ལས་ཆོས་མང་དུ་བླངས་ཤིང་བསྒྲུབས་པས་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པའི་འབྲས་བུ་ཐོབ། ཐུབ་པ་ཆེན་པོས་བཀའ་བསྒོས་པ་བཞིན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱ་དང་བཅས་ཏེ་པྲི་ཡངྐིའི་གླིང་ན་བསྟན་པ་སྐྱོང་བཞིན་དུ་བཞུགས་སོ། །

[༤] བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ།

དེའི་མཁན་བུ་བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡུལ་ཨོ་ཊི་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་དང་རིག་པའི་གནས་བཅོ་བརྒྱད་སོགས་ལ་མཁས་པས་བྲམ་ཟེའི་ཁྱེའུ་རྣམས་ལ་གསང་ཚིག་ཀློག་ཅིང་གནས་པ་ལས་ནམ་ཞིག་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པས་ནང་གི་ནུས་པ་རྙེད། དེའི་ཚེ་བྲམ་ཟེ་རྣམས་ཀྱིས་མྱོས་བྱེད་གསོལ་བ་ལ་བརྟེན་ནས་དམའ་དབབ་པར་འདོད་པ་ཐམས་ཅད་ཚར་བཅད། དེ་ནས་ཡུལ་དབུས་སུ་བྱོན་ཏེ་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རིང་པོར་མ་ཐོགས་པར་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ནས་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་སར་གཙུག་ལག་ཁང་བརྩིགས་པ་ནཱ་ལེནྜར་གྲགས་པའི་ཆོས་སྡེ་ཆེན་པོའི་མཁན་པོ་མཛད་ནས་བསྟན་པ་ཆེས་ཆེར་རྒྱས་པར་མཛད། ཕྱིས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཡུལ་ཀུན་ཏུ་རྒྱུ་བ་ན། མ་ར་ཧ་ཊ་ར་ཞིང་གི་རྣལ་འབྱོར་མ་མདའ་མཁན་གྱི་བུ་མོའི་ཚུལ་དུ་ཡོད་པ་ཕྱག་རྒྱར་བསྟེན་པས་མདའ་བསྲང་བའི་བརྡ་ཐབས་ཀྱིས་ཀྱང་ངོ་སྤྲད་པས་མཆོག་གི་དངོས་གྲུབ་བརྙེས། གྲུབ་ཆེན་ས་ར་ཧ་ཞེས་མཚན་དུ་གྲགས། དོ་ཧ་རྡོ་རྗེའི་གླུ་མང་དུ་མཛད་ཅིང་དཔལ་གྱི་རིར་གཤེགས་ནས་ད་ལྟའང་བཞུགས་ཞེས་ཟེར་ལ། ཡང་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དུ་བཞུད་པ་ཡིན་ཡང་ཟེར། སློབ་དཔོན་འདིའི་སྐུ་ཚེའི་རིང་ལ་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་ཆེན་གྱི་མདོ་སྡེ་ཕལ་ཆེ་བ་བྱུང་ཞེས་གྲགས་སོ། །

[༥] འཕགས་པ་ཀླུ་སྒྲུབ།

དེའི་མཁན་བུ་འཕགས་པ་ཀླུ་སྒྲུབ་ནི། ལང་ཀར་གཤེགས་པའི་མདོ་ལས། ང་ནི་མྱ་ངན་འདས་ལོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་འབྱུང་། །ཡོད་དང་མེད་པའི་ཕྱོགས་འཇིག་པའི། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བགྲོད་དེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་ལུང་གིས་བསྟན་པ་ལྟར། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བཻ་དརྔྷར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ལྟས་མཁན་གྱིས་མཚན་བརྟགས་པས། སྐྱེ་བོ་བརྒྱ། བྲམ་ཟེ་བརྒྱ། དགེ་སློང་བརྒྱ་རྣམས་ལ་སྟོན་མོ་དྲངས་ན་ཞག་བདུན། ཟླ་བ་བདུན། ལོ་བདུན་དུ་འཚོ། དེ་ལས་ལྷག་པའི་ཐབས་མེད་ཟེར་བ་ལྟར་ཕ་མས་ཀྱང་ཚུལ་བཞིན་བསྒྲུབས་ནས། དེ་སྲིད་དུ་རིག་བྱེད་ཀྱང་མཁས་པར་བསླབ། བུའི་ཚེ་ཚད་རྫོགས་སུ་ཉེ་བ་ན་མཐོང་བ་མ་བཟོད་པས་གཡོག་དང་བཅས་འཁྱམས་སུ་བཏང་བས་ནཱ་ལེནྜར་སླེབས། མཁན་པོ་སྒྲ་གཅན་འཛིན་གྱིས་ཚེ་དཔག་མེད་ཀྱི་རིགས་སྔགས་བཟླར་བཅུག་པས་འཆི་བའི་འཇིགས་པ་ལས་གྲོལ། དེར་རབ་ཏུ་བྱུང་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང་རིག་པའི་གནས་ཐམས་ཅད་ལ་མཁས་པར་སྦྱང་། ཉི་ཤུ་ལོན་ནས་སྔར་གྱི་མཁན་པོ་ལས་བསྙེན་པར་རྫོགས་ཏེ་བསྟན་པ་བསྐྱངས་ཤིང་དབུ་མའི་ཚུལ་ལུགས་དར་བར་མཛད། ཉན་ཐོས་རྣམས་ལའང་ཕན་ཆེར་བཏགས། ཁྱད་པར་དགེ་ཚུལ་སློང་བསླབ་འཆལ་མང་པོ་དགེ་འདུན་གྱི་ནང་ན་དབང་ཆེན་གྱིས་གནས་པ་སྟོང་ཕྲག་བརྒྱད་ཙམ་གནས་ལས་དབྱུང་བར་གྲགས། སྡེ་བ་ཀུན་གྱི་བདག་པོ་མཛད། བཅུད་ལེན་སོགས་ཐུན་མོང་གི་དངོས་གྲུབ་མང་པོ་དང་། བསད་གསོ་སོགས་ཀྱི་ནུས་པ་ཐམས་ཅད་ཀྱང་གྲུབ། ནཱ་ལེནྡྲ་ཐེག་ཆེན་གྱི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོར་གསེར་འགྱུར་གྱི་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། རྨ་བྱ་ཆེན་པོའི་རིག་སྔགས་གྲུབ་པས་ཀླུ་ཡུལ་དུ་བྱོན་ནས་ཡུན་རིང་པོར་བཞུགས་ཤིང་ཆོས་གསུངས། ཤེར་ཕྱིན་རྒྱས་པ་སོགས་སྤྱན་དྲངས་ཏེ་མི་ཡུལ་དུ་བྱོན། སྔར་གྱི་མཚན་དགེ་སློང་དཔལ་ལྡན་ཞེས་ཞུ་བ་ལ་དེ་ཕྱིན་ཀླུ་སྒྲུབ་ཅེས་གྲགས། རིགས་ཚོགས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། མུ་སྟེགས་པའི་རྒོལ་བ་དང་ཐེག་ཆེན་ལ་སྡང་བའི་དགེ་སློང་བདེ་བྱེད་སོགས་རྩོད་པས་ཚར་བཅད། རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་སོགས་ལྷ་ཁང་དང་མཆོད་རྟེན་གྱིས་ས་ཕྱོགས་ཐམས་ཅད་ཁྱབ་པར་མཛད། ཕྱིས་དཔལ་གྱི་རི་ལ་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་ཏེ་སྔགས་སྤྱོད་ཀྱིས་བཞུགས་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་མཚན་བཟང་པོ་སོ་གཉིས་ཀྱིས་བརྒྱན་པར་གྱུར། རྒྱལ་པོ་བདེ་བྱེད་ཀྱི་བུ་ཆུང་ངུ་སུ་ཤཀྟིའི་དོན་དུ་མགུལ་ཀུ་ཤས་གཅད་དེ་དབུ་སྦྱིན་པ་བཏོང་ནས་བདེ་བ་ཅན་དུ་གཤེགས་སོ། །

[༦] སློབ་དཔོན་ལེགས་ལྡན་འབྱེད།

དེའི་མཁན་བུ་སློབ་དཔོན་ལེགས་ལྡན་འབྱེད་ནི། ཡུལ་ལྷོ་ཕྱོགས་མ་ལ་ཡར་རྒྱལ་རིགས་སུ་འཁྲུངས། ཀླུ་སྒྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་མཁས་པར་གྱུར། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་བཅུའི་བདག་པོ་མཛད་དེ་བསྟན་པ་བསྐྱངས། དབུ་མ་རྩ་བ་ཤེས་རབ་ལ་འགྲེལ་པ་ཤེས་རབ་སྒྲོན་མེ་མཛད་དེ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས། དགེ་སློང་སྟོང་ཕྲག་མང་པོ་རྗེས་སུ་འབྲངས་པས་ལུགས་དེ་ཤིན་ཏུ་དར་བར་གྱུར། རིལ་བུའི་དངོས་གྲུབ་བསྒྲུབས་པས་གྲུབ་ཅིང་མཐར་རྣམ་སྨིན་གྱི་སྐུ་ལུས་བོར་ནས་རིག་སྔགས་འཆང་གི་གནས་སུ་གཤེགས་སོ། །

[༧] སློབ་དཔོན་དཔལ་སྦས།

དེའི་མཁན་བུ་སློབ་དཔོན་དཔལ་སྦས་ནི། ཡུལ་ཤར་ཕྱོགས་སུ་སྐུ་འཁྲུངས། སློབ་དཔོན་ལེགས་ལྡན་འབྱེད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གསུང་རབ་མཐའ་དག་ལ་སྦྱངས་པས་ཤིན་ཏུ་མཁས། རང་རྒྱུད་གོང་མའི་གྲུབ་མཐའ་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། ཉན་ཐོས་དང་ཕྱི་རོལ་པའི་རྒོལ་བ་ཐམས་ཅད་སྨྲ་བས་ཟིལ་གྱིས་མནན། ཐེག་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་རྒྱས་པར་མཛད་དོ། །

[༨] སློབ་དཔོན་ཡེ་ཤེས་སྙིང་པོ།

དེའི་མཁན་བུ་སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཨོ་ཊི་བི་ཤའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཆུང་ངུ་ནས་རིག་པའི་གནས་མཐའ་དག་ལ་སྦྱངས་པས་མཁས་པར་གྱུར། བྷཾ་ག་ལར་དཔལ་སྦས་ཀྱི་དྲུང་དུ་བྱོན་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཆོས་གསན། ལེགས་ལྡན་འབྱེད་ཀྱི་སྲོལ་འཛིན་དབུ་མ་པ་ཆེན་པོར་གྱུར། དབུ་མ་བདེན་གཉིས་སོགས་བསྟན་བཅོས་ཀྱང་མང་པོ་མཛད། འཕགས་པ་སྤྱན་རས་གཟིགས་ཡུན་རིང་པོར་བསྒྲུབས་པས་མཐར་ཡིད་བཞིན་ནོར་བུ་འཁོར་ལོར་བསྒྱུར་བས་ཞལ་གཟིགས་ཏེ་མངོན་ཤེས་ཀྱང་གྲུབ། མདོ་སྡེ་དུ་མ་ཐུགས་ནས་འདོན་ཞིང་མུ་སྟེགས་ཀྱི་རྒོལ་བ་རྣམས་ཀྱང་རྩོད་པས་ཕམ་པར་མཛད་པ་ཡིན་ནོ། །

[༩] མཁན་ཆེན་ཞི་བ་འཚོ།

དེའི་མཁན་བུ་གངས་ཅན་བསྟན་པའི་ཉི་མ་ཨཱ་ཙཪྱ་བོ་དྷི་སཏྭ་ནི། ཤར་ལྷོ་བྷཾ་ག་ལའི་ཡུལ་དུ་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས། སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཡོངས་གྲགས་སུ་ཤཱནྟ་རཀྵི་ཏ་སྟེ་ཞི་བ་འཚོའམ་དྷརྨ་ཤནྟི་གྷོ་ཥ་སྟེ་ཆོས་ཀྱི་ཞི་བའི་དབྱངས་ཞེས་ཀྱང་བྱ། ཐུན་མོང་གི་སྡེ་སྣོད་གསུམ་དང་ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཐུགས་སུ་ཆུད། རིག་པའི་གནས་སུ་གྱུར་པ་མཐའ་དག་ཀྱང་མཁྱེན་པར་མཛད་དེ་རང་རྒྱུད་གོང་མའི་རིང་ལུགས་འཛིན་པའི་དབུ་མ་པ་ཆེན་པོ་གྱུར། དབུ་རྒྱན་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་དེ་འཕགས་ཡུལ་དུ་བསྟན་པ་ཡུན་རིང་དུ་བསྐྱངས། དེ་ནས་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་བཞེད་པ་ན། སྦ་གསལ་སྣང་མང་ཡུལ་གྱི་ཁང་དཔོན་ལ་བསྐོས་པས་དེར་གཙུག་ལག་ཁང་གཉིས་བརྩིགས། བལ་པོར་མཁན་པོ་ཞི་བ་འཚོ་བཞུགས་པ་མཇལ་དུ་ཕྱིན་ནས་སེམས་བསྐྱེད་ཞུས། བོད་ཡུལ་དུ་བྱོན་པར་གསོལ་བས། བོད་ངའི་གདུལ་ཞིང་ཡིན་ཡང་ཁྲི་སྲོང་ལྡེའུ་བཙན་དང་ཁྱོད་མ་སྐྱེས་པས་ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་སྒུག་གིན་བསྡད་པ་ཡིན། ད་ཁྱེད་གཉིས་ཀྱང་ནར་སོན་པས་འོ་སྐོལ་རྣམས་ཀྱིས་བོད་དུ་བསྟན་པ་འཛུགས་པའི་དུས་ལ་བབ་ཅེས་གསུངས། དེ་ནས་རྡོ་རྗེ་གདན་དུ་མ་ཧཱ་བོ་དྷི་ལ་མཆོད་པ་ཆེན་པོ་བྱེད་དུ་ཕྱིན། སླར་ལོག་སྟེ་དབུས་སུ་འོངས་ནས་བཙན་པོ་ལ་མཁན་པོའི་གསུང་རྣམས་གསོལ་བས། བཙན་པོའི་ཞལ་ནས། མ་ཞང་གིས་ཆད་པ་བཅད་དོགས་ཡོད་པས་ཁྱོད་རང་མྱུར་དུ་སོང་། ངས་ལྐོག་ཏུ་འགོས་རྒན་དང་གྲོས་བྱས་ནས་ཐབས་ཀྱིས་སྤྱན་འདྲེན་དུ་བཏང་གིས་གསུངས། དེ་ནས་འགོས་རྒན་གྱིས་གཡོ་ཆེན་པོས་མ་ཞང་གསོན་དུར་དུ་བཅུག་སྟེ། ཕོ་ཉ་མངགས་པས་གསལ་སྣང་གིས་མཁན་པོ་སྤྱན་དྲངས་ནས་ལྷ་སར་ཕྱག་ཕེབས་པ་དང་། བཙན་པོས་བློན་པོ་རྣམས་ལ་ཨཱ་ཙཪྱ་དེ་ཇི་ལྟར་འདུག་ལྟོས་ལ་ཤོག བཟང་པོར་འདུག་ན་འདིར་སྤྱན་འདྲེན་ནོ་གསུངས། བློན་པོ་རྣམས་ཀྱིས་ཕྱིན་ཏེ་དྲིས་པས། མཁན་པོའི་ཞལ་ནས། ཁོ་བོའི་ཆོས་ལུགས་ནི་རིགས་པས་བརྟགས་ནས་གང་འཐད་པ་དེ་བྱེད། མི་འཐད་པ་དེ་མི་བྱེད་པ་ཡིན་གསུངས། དེར་རྒྱལ་བློན་མཐུན་པས་སྤྱན་དྲངས་ཏེ་འོམ་བུའི་ཚལ་དུ་མཇལ། བཙན་པོས་ཕྱག་མཛད་པའི་ཚེ། མཁན་པོའི་ཞལ་ནས། འོ་སྐོལ་འོད་སྲུང་གི་བསྟན་པ་ལ་བལ་པོའི་མཆོད་རྟེན་གྱི་དྲུང་ནས་བོད་དུ་དམ་ཆོས་སྤེལ་བར་སྨོན་ལམ་བཏབ་པ་དེ་རྒྱལ་པོས་བསྙེལ་ལམ་གསུངས་པའི་ལན་དུ་མ་འཚལ་ཞུས། མཁན་པོས་བྱིན་གྱིས་བརླབས་པས་བཙན་པོས་སྔོན་གྱི་སྐྱེ་བ་ཡང་དག་པར་རྗེས་སུ་དྲན། དེ་ནས་ཕོ་བྲང་ཀླུང་ཚུགས་ཀྱི་ཡང་ཐོག་ཏུ་དར་གྱི་གུར་ཕུབ་པར་བཞུགས་སུ་བཅུག་སྟེ། ཟླ་བ་བཞིར་ཁ་ཆེ་ཨ་ནནྟས་ལོ་ཙཱ་བྱས་ནས་བཙན་པོ་ལ་དགེ་བ་བཅུ་དང་རྟེན་འབྲེལ་བཅུ་གཉིས་ཁམས་བཅོ་བརྒྱད་རྣམས་ལས་བརྩམས་ཏེ་ཆོས་བཤད་པས། བོད་ཀྱི་ལྷ་འདྲེ་རྣམས་ཁྲོས་ཏེ་ཕོ་བྲང་ཕང་ཐང་ཆུས་ཁྱེར། དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ། ཡུལ་ཁམས་རྣམས་སུ་ལོ་ཉེས་དང་མི་བདེ་བ་ཆེན་པོ་བྱུང་བས། བོད་འབངས་ཐམས་ཅད་ཀྱིས་ཆོས་བྱས་པས་ལན་ཟེར་ཏེ་ཆོས་བྱར་མ་བཏུབ་པས་བཙན་པོས་མཁན་པོ་ལ་གསེར་ཕྱེ་བྲེ་གང་གི་ཡོན་ཕུལ་ནས། ཁྱེད་ཉིད་རེ་ཞིག་བལ་ཡུལ་ཕེབས། དེ་བར་བོད་མི་རྣམས་ལ་ལྷ་ཆོས་མི་བྱེད་མི་རུང་བ་གླེང་ཞིང་བརྔན་པ་བྱིན། ཞང་བློན་རྣམས་ཐབས་ཀྱིས་བྲིད་ནས་ཆོས་བྱར་བཏུབ་པའི་ཚེ་སླར་གདན་འདྲེན་ནོ་ཞུས་པས། མཁན་པོའི་ཞལ་ནས། བོད་ཀྱི་འདྲེ་སྲིན་འདུལ་བ་ལ་སློབ་དཔོན་པདྨ་སམྦྷ་ཝ་བྱ་བ་ད་ལྟ་ས་སྟེང་ན་མཐུ་ཆེ་བ་སྤྱན་དྲངས་ན་བཙན་པོའི་བསམ་པ་འགྲུབ་གསུངས། གསེར་ཁྱོར་བ་གང་བལ་པོའི་རྒྱལ་པོ་ལ་གནང་དགོས་གསུངས་ནས་བསྣམས། རེ་ཞིག་ན་བལ་ཡུལ་དུ་སྤྱན་འདྲེན་གྱི་ཕོ་ཉ་བཏང་བས་སློབ་དཔོན་རྣམ་གཉིས་བྱོན། སློབ་དཔོན་ཆེན་པོ་པདྨས་བོད་ཀྱི་འདྲེ་སྲིན་རྣམས་བཏུལ། ད་ཕྱིན་ཆད་ལྷ་ཆོས་ཅི་དར་མཛོད། གཙུག་ལག་ཁང་དགོངས་པ་བཞིན་རྩིགས་ཤིག་གསུངས་པ་ལྟར། བསམ་ཡས་ཀྱི་གཙུག་ལག་ཁང་བརྩིགས་པས་ལོ་ལྔ་ལ་ལེགས་པར་གྲུབ། དེ་རྗེས་ཤྲཱི་ཀ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ་ཞི་བ་འཚོས་མཁན་པོ་མཛད་དེ་སད་མི་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་རྗེས་དད་པ་ཅན་དང་ཤེས་རབ་ཅན་མང་པོ་རབ་ཏུ་བྱུང་ནས་ཁྲི་སྲོང་གི་རིང་ལ་བོད་ཀྱི་ཡུལ་འདིར་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་། ཡེར་པ་དང་། ཆུ་བོ་རི། མཆིམས་ཕུ་རྣམས་སུ་སྒོམ་གྲྭ་བཙུགས་ཏེ་རབ་བྱུང་ཐམས་ཅད་ལ་འཚོ་བ་བླ་ནས་བླར་སྦྱར། མདོ་སྔགས་ཀྱི་ཆོས་ཕལ་མོ་ཆེ་བསྒྱུར་ཅིང་ཉན་བཤད་ཀྱིས་གཏན་ལ་ཕབས། མཁས་དང་གྲུབ་པ་བརྙེས་པའི་སྐྱེས་བུས་གངས་ཅན་གྱི་ཡུལ་ཐམས་ཅད་མཛེས་པར་བྱས་སོ། །དེ་ལྟར་མཁན་པོས་བོད་དུ་བསྟན་པ་ཡུན་རིང་བསྐྱངས་ནས་མཐར་བྲག་དམར་ཕོ་བྲང་དུ་རྟས་བརྡབས་པའི་རྐྱེན་བྱས་ཏེ་སྐུ་གཤེགས་པའི་ཚུལ་བསྟན། ཞལ་ཆེམས་ལྟར་ཧས་པོ་རིའི་རྒྱབ་ཏུ་སྐུ་གདུང་མཆོད་རྟེན་བཞེངས་པའི་ཞལ་བོད་ཡུལ་དུ་ཕྱོགས་ནས་བཞུགས་སུ་གསོལ། །

[༡༠] སྦ་རཏྣ།

དེའི་མཁན་བུ་སྦ་རཏྣ་ནི། བོད་ཡུལ་ཡར་ལུང་དུ་སྦ་རིགས་སུ་སྐུ་འཁྲུངས། དད་པ་དང་ཤེས་རབ་ཕུན་སུམ་ཚོགས་པ་ཐུགས་རྒྱུད་ལ་མངའ། མཁན་ཆེན་ཞི་བ་འཚོ་དང་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་དུ་ཞུས། ནམ་ཞིག་གི་ཚེ་བཙན་པོའི་ཞལ་ནས། ངེད་བོད་ལ་དགེ་སློང་མེད་པས་ངའི་ཞང་བློན་དག་དགེ་སློང་བཏུབ་བམ་ཞུས་པས། མཁན་པོས་བཏུབ་བམ་སད་པར་བྱ་གསུངས་ནས། ལུག་གི་ལོའི་དཔྱིད་ཟླ་ར་བའི་ཚེས་བརྒྱད་ཀྱི་ཉིན་ཞི་བ་འཚོས་མཁན་པོ་དང་། དཱ་ན་ཤི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པནྜི་ཏ་གཞན་བཅུ་པོས་ཁ་སྐོང་བྱས་ཏེ་སྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས། བཙན་པོ་ཤིན་ཏུ་དགྱེས་ཏེ་ཞབས་སྤྱི་བོར་བླངས་ནས་ཁྱོད་ནི་བོད་ཀྱི་རཏྣ་ཡིན་ནོ་ཞེས་བསྔགས་པས་རྦ་རཏྣ་ཞེས་མཚན་དུ་གྲགས། དེ་ནས་རིམ་པར་རྦ་གསལ་སྣང་དང་པ་གོར་ཧེ་འདོད་ཀྱི་བུ་སོགས་རབ་ཏུ་བྱུང་བས། མཚན་ལ་ཡེ་ཤེས་དབང་པོ་དང་བཻ་རོ་ཙ་ན་རཀྵི་ཏ་སོགས་བཏགས། དེ་ནས་སྦ་རཏྣ་གནས་བརྟན་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ནས་བསམ་ཡས་པྲ་ཏི་ཧ་རིའི་མཆོད་པ་ཆེན་པོའི་དུས་སུ་དད་པ་ཅན་སུམ་བརྒྱ་ཙམ་རབ་ཏུ་བྱུང་བའི་མཁན་པོ་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཡུན་དུ་བསྐྱངས་པའི་མཐར་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་གཤེགས་སོ། །

[༡༡] གཙང་རབ་གསལ།

དེའི་མཁན་བུ་བསྟན་པ་ཕྱི་དར་གྱི་རྩ་བ་དམར་གཡོ་གཙང་གསུམ་ཞེས་གྲགས་པ་སྟེ། འཇད་ཀྱི་གྱེལ་མི་གཙང་པ་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནེ་གསུམ་རྦ་རཏྣ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཅོག་རོ་ཀླུ་དང་། རྦ་རཏྣ་སོགས་ལས་གསུང་རབ་ལ་མཁས་པར་སྦྱངས་པས་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར། དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ན་བསམ་གཏན་སྒོམ་ཞིང་བཞུགས་པ་ལས། ལྕགས་བྱ་ལ་ཁྲི་འུ་དུམ་བཙན་དར་མས་བསྟན་པ་བསྣུབས་པའི་ཚེ་ཀརྨ་ཤ་ཏཾ་སོགས་འདུལ་མངོན་གྱི་དཔེ་ཆ་དགོས་པ་རྣམས་ཁྱེར་ནས། དང་པོ་སྟོད་ཕྱོགས་ལ་བྲོས། ཡང་རྒྱལ་པོས་ཁྲིམས་ཀྱི་ཆད་པར་འཇིགས་ཏེ་ཉིན་པར་ཡིབ་ཅིང་མཚན་མོ་སོང་བས་མངའ་རིས་ལ་སླེབས། དེར་ཡང་བཞུགས་མ་ནུས་པས་མདོ་སྨད་ལྷོ་ངོས་ཀྱི་བེ་རི་ཚྭ་མཚོ་ནས་ཚུར་ཐོན་ཏེ་རྨ་ཆུའི་རྒྱུད་མདོ་སྨད་དན་ཏིག་ཤེལ་གྱི་ཡང་དགོན་དུ་སྒོམ་ཞིང་བཞུགས་སོ། །

[༡༢] བླ་ཆེན་དགོངས་པ་རབ་གསལ།

དེ་ལས་གཙང་རབ་གསལ་གྱི་མཁན་བུ་བླ་ཆེན་པོ་ནི། སྐྱེ་བ་སྔ་མ་རྒྱལ་པོའི་ཆོས་བློན་འབྲོ་སྟག་སྣང་ཁྲི་གསུམ་རྗེ་ཞེས་པ་ལོ་སོ་ལྔ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཟེར། དོན་ལ་བྱང་ཆུབ་སེམས་དཔའ་ཞིག་སྨོན་ལམ་གྱི་མཐུས་ཆུ་ཕོ་བྱ་ཡི་ལོ་ལ་ཡུལ་ཙོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟུ་གསལ་འབར་བཏགས། ཆུང་ངུ་ནས་རིགས་སད་དེ་ནོན་འཇམ་དཔལ་ལས་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ལས་བྱང་ཆུབ་ཏུ་སེམས་བསྐྱེད། སྐྱི་ལས་དབུ་ཚད་དང་། ནམ་དགའ་ལྡན་ལས་ཡོ་ག་གསན་ནས་མཁྱེན་པར་མཛད། ནམ་ཞིག་རྨ་ཆུ་ཁའི་ཕྱུགས་རྫིས་དམར་གཡོ་གཙང་གསུམ་དན་ཏིག་ན་བཞུགས་པ་མཐོང་ཏེ་མི་རྣམས་ལ་སྨྲས་པ་ཐོས་པ་མུ་ཟུ་རབ་གསལ་བལྟར་ཕྱིན་པས་མཐོང་བ་ཙམ་གྱིས་དད་ནས། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་པ་ཡི། །བདུད་རྩི་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །དང་པོ་བདག་གིས་རབ་ཏུ་བྱུང་བར་བྱ། །སྙམ་དུ་དགོངས་ཏེ་རབ་ཏུ་བྱུང་བར་གསོལ་བས། འདུལ་བ་པུསྟི་ཞིག་གཏད་ནས། འདི་ལྟོས་ལ་དད་ན་རབ་ཏུ་འབྱུང་བར་བྱའོ་གསུངས། བལྟས་པས་ཆེས་དད་དེ་མཆི་མ་ཕྱུང་ནས་ཞུས་པས། དེར་གཙང་གིས་མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་ཤིང་། མཁན་སློབ་ཀྱི་མཚན་ལས་གྲས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། དེ་ནས་བསྙེན་རྫོགས་ཞུས་པས། དགེ་སློང་ལྔ་མ་ཚང་ན་མི་འོང་གསུངས་པ་ལ་སྔར་ལྷ་ལུང་དཔལ་རྡོར་ཀློང་ཐང་ན་འདུག་པ་ཐོས་པས་འཚོལ་དུ་ཕྱིན་པས་རྙེད། འབྱོན་པར་ཞུ་ཞུས་པས། དཔལ་གྱི་རྡོ་རྗེའི་ཞལ་ནས། ངས་རྒྱལ་པོ་སྡིག་ཅན་དངོས་སུ་བསད་པས་ཁ་སྐོང་མི་འོང་གི ངས་བཙལ་བཏང་གིས་གསུངས་ཏེ། རྒྱ་ནག་གི་དགེ་སློང་ཀེ་ཝང་དང་ཇི་ཕན་བྱ་བ་གཉིས་འབད་པས་བཙལ་བས་རྙེད་དེ་བཏང་ངོ་། །དེ་ནས་སྔར་གྱི་སློབ་དཔོན་གཉིས་ཀྱིས་མཁན་པོ་དང་ལས་སློབ། དམར་གྱིས་གསང་སྟོན། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བ་མཛད་ནས་བསྙེན་པར་རྫོགས་ཏེ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ཆེན་པོར་གྱུར། འདུལ་བའི་བཤད་པ་དང་ལག་ལེན་ལ་མཁས་པར་སྦྱངས། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པའི་ཚེ་དབུས་གཙང་གི་མི་བཅུ་མདོ་ཁམས་སུ་ཕྱིན་ནས་གཙང་ལ་ཞུས་པས། ང་རྒན་པས་མཁན་བུ་མི་འཁྱོངས་བས་བླ་ཆེན་པོ་ལ་ཞུས་ཤིག་གསུངས་པ་ལྟར་ཞུས་པས། ངས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་བཏུབ་བམ་གསུངས། གཙང་གི་ཞལ་ནས། དམིགས་བསལ་ལ་གང་ཟག་ཁྱད་པར་ཅན་གྱིས་བཏུབ་པས་གྱིས་ཤིག་གསུངས་ཏེ་བླ་ཆེན་པོས་མཁན་པོ་མཛད་ནས་ཆིག་རྫོགས་མཛད། དེ་ལ་ནུས་པ་ཅན་གྱི་མི་བཅུ་ནི། དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཉལ་བ་འབྲིང་ཡེ་ཤེས་ཡོན་ཏན། གཡོ་རུ་བ་རྦ་ཚུལ་ཁྲིམས་བློ་གྲོས། རཀྵི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་དང་ལྔའོ། །གཙང་ནས་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག ཤབ་སྒོ་ལྔ་པ་ཚོང་བཙུན་ཤེས་རབ་སེང་གེ མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་ཀར་དང་ལྔའོ། །དེ་ནས་ལོ་བཅུ་ཙམ་ན་མི་ཉག་སྒའི་ཡུལ་དུ་བྱོན་ཏེ། གོ་རོང་སེང་གེ་གྲགས་པ་ལས་འདུལ་བ་གསན་པས་འདུལ་ལུང་སྡེ་བཞི་བསྟན་བཅོས་དང་བཅས་པའི་གླེགས་བམ་བླ་ཆེན་པོར་བྱིན་ནས་བསྟན་པ་གསལ་བར་གྱིས་ཤིག་ཅེས་གདམས། དེ་ནས་དབུས་སུ་བྱོན་པར་བཞེད་པ་ལ་ཀྭ་འོད་མཆོག་གྲགས་པ་བྱ་བ་ཁམས་སུ་བྱོན་ཟེར་བ་ཐོས་པས་སླར་བཟློག་སྟེ། ཕར་ཕྱིན་དང་བྱང་ས་སོགས་ཐེག་པ་ཆེན་པོའི་ཆོས་མང་པོ་ལ་སྦྱངས། བཻ་རོའི་སློབ་མ་གཡུ་སྒྲ་སྙིང་པོ་ལས་རྫོགས་ཆེན་སེམས་ཕྱོགས་གསན་ཏེ་དེ་ལས་བརྒྱུད་པ་རོང་ཟོམ་ལ་མངའ་བར་གྲགས། ཀུན་བྱེད་རྒྱལ་པོ་བཤད་རྒྱུད་བཞི་དང་ཨ་རོའི་ལུགས་ཀྱང་བླ་ཆེན་པོ་ནས་གྲུམ་ཤིང་གླག་ཅན་ལ་བརྒྱུད་པ་རིམ་གྱིས་དར། ནམ་ཞིག་གི་ཚེ་མནལ་ལམ་དུ་གླང་ཆེན་ལ་ཆིབས་ཤིང་ནོར་བུ་བཟུང་སྟེ། ཚོང་འདུས་སུ་ཕྱིན་པ་ན་རེ་ཞིག་ཉོ་བའང་མེད། རིན་ཡང་མི་ཐེག་ཟེར། མནལ་སད་ནས་རེ་ཞིག་སྒྲུབ་པ་མཛད་དགོངས་པ་ན། གཞི་བདག་མི་མ་ཡིན་རྣམས་ཀྱིས་དད་པ་ཆེན་པོས་འབྱོན་པར་ཞུས་པ་ལྟར་དན་ཏིག་ཏུ་བྱོན་ནས་སྒོམ་ལ་བཞུགས། ས་ཕྱོགས་དེ་དག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་ཡང་མང་པོ་བཞེངས། དད་པ་ཅན་མང་པོ་རབ་ཏུ་བྱུང་བའི་མཁན་པོའང་མཛད། བརྒྱ་བྱིན་སོགས་ལྷ་རྣམས་ཆོས་ཉན་དུ་འོང་བར་གྲགས། འཁོར་རྣམས་ཀྱིས་ཀྱང་མདང་ངོ་མཚར་བའི་སྣང་བ་མི་འདྲ་བ་སྣང་བས་བླ་ཆེན་ཉིད་ངེས་པར་སྤྲུལ་པའི་སྐུ་ལགས་སམ་ཞུས་པས། ལན་དུ་སྤྲུལ་པ་མ་ཡིན། བདག་ནི་ཐེག་པ་ཆེན་པོའི་སྦྱོར་ལམ་པ་སྣང་བ་ཐོབ་པ་ལ་ཞུགས་པའི་བནྡེ་དགེ་བ་རབ་གསལ་ཡིན། ཞེས་གསུངས། དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ཤིང་ཕག་ལོར་སྐུ་གཤེགས་ཁར་བཀའ་ལས། འཕགས་པ་ཐོགས་མེད་དང་ཁ་ཆེ་མཆེ་བའི་སྡེ་གཉིས་ཀྱིས་ཡུམ་གྱི་དགོངས་པ་མི་འདྲ་བར་བཀྲལ་བ། དེ་ཁོ་བོས་བྱམས་པ་མགོན་པོར་འདྲི་དགོས་ཏེ། སློབ་མ་དེ་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་འདུག་གསུངས། ཡང་ཁོ་བོ་བྱམས་པ་མགོན་པོ་འཛམ་བུ་གླིང་འདིར་མ་བྱོན་གྱི་བར་དུ་འདི་དག་ཏུ་སྐྱེ་བ་བརྒྱད་ཙམ་ལེན་དགོས་གསུངས་ནས་དགའ་ལྡན་དུ་གཤེགས་སོ། །

[༡༣] ཀླུ་མེས་ཚུལ་ཁྲིམས་ཤེས་རབ།

དེའི་མཁན་བུ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སྟེ། བླ་ཆེན་པོའི་ཞལ་ནས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་གསང་སྟོན་པ་གྱིས། འབྲིང་བསྐོས་མཁས་པས་གནས་གཞི་ཟུང་། ལོ་སྟོན་མཐུ་ཆེ་བས་བསྟན་སྲུང་གྱིས། ཞེས་གསུངས་ནས་དབུས་གཙང་གི་མི་བཅུ་ལས་མཁན་པོར་མངའ་གསོལ། མདོ་སྨད་ཕྱོགས་ན་མཁན་སློབ་ཀྱི་བཀའ་བརྒྱུད་མ་ཆད་པ་འདུག་ཅེས་ཐོས་པས་དད་ནས་མི་དགུ་དང་འགྲོགས་ཏེ་མདོ་སྨད་དུ་སྡོམ་པ་ལེན་དུ་ཕེབས་ཀྱང་གྲགས། བསམ་ཡས་ཀྱི་མངའ་བདག་ཚན་ཡེ་ཤེས་རྒྱལ་མཚན་གྱིས་མི་བཅུ་ཁམས་སུ་བརྫངས་ཀྱང་ཟེར། གང་ལྟར་ཡང་མདོ་སྨད་དུ་ཕེབས་ནས་བླ་ཆེན་པོས་མཁན་པོ་དང་། གཙང་རབ་གསལ་གྱིས་ལས་སློབ། གཡོ་དགེ་འབྱུང་གིས་གསང་སྟོན། དམར་ཤཱཀྱ་མུ་ནེ་དང་རྒྱའི་དགེ་སློང་གཉིས་ཀྱིས་ཁ་བསྐངས་ཏེ་ཚིགས་གསུམ་དུས་གཅིག་ལ་བར་མ་ཆད་པས་བསྙེན་པར་རྫོགས། སྡེ་སྣོད་གཞུང་ལུགས་དང་འདུལ་བའི་ལག་ལེན་ལ་མཁས་པར་སྦྱངས་ཤིང་གདམས་ངག་མང་པོ་ནོས། མཐར་དབུས་སུ་བྱོན་པར་དགོངས་ཚེ་མཁན་པོ་ལ་མཆོད་པའི་རྟེན་ཞིག་གནང་བར་ཞུས་པས། དབུ་ཞྭ་བཞེས་འཕྲོ་དེ་ཕུད་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་ཤིག་གསུངས་ཏེ་དབུ་ལ་བསྐོན། དེ་བསམ་ཡས་དབུ་རྩེ་དང་། དབུ་རུ། ལ་མོ་ཆག་དེའུ། ར་སྒྱེལ་སོགས་སུ་རྟེན་གནས་ཁྱད་པར་ཅན་བཞེངས་པས་ས་སྟེང་ཐམས་ཅད་དུ་ཀླུ་མེས་དཔོན་སློབ་ཀྱི་གནས་གཞིས་ཁྱབ་པ་ལྟར་གྱུར། སྔོན་བསྒྱུར་པའི་བཀའ་བསྟན་གྱི་གླེགས་བམ་ཆུད་སྦས་པ་མ་ཟོས་པ་རྣམས་དེ་དག་ཏུ་སྤྱན་དྲངས། དད་པ་ཅན་མང་པོ་མཚོ་ལ་ངང་པ་འདུ་བ་ལྟར་འདུས་ནས་ཉིན་རེ་བཞིན་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་མང་པོ་འཕེལ། དེ་ཡང་གཙོ་བོར་གྲུ་མེར་དང་། སྣ་ནམ་སོགས་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་སོ་གཉིས། དྲ་མ་གྲངས་ལས་བརྒལ་བ་བྱུང་བར་གྲགས། དེ་ལྟར་བསྟན་པ་ཡུན་རིང་དུ་བསྐྱངས་མཐར་ཚེ་སྤོང་གི་སེ་ར་ཕུག་པར་བཞུགས་ནས་ཐང་དུ་བྱོན་པའི་ལམ་དུ་སྐུ་གཤེགས་སོ། །

[༡༤] ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན།

དེའི་མཁན་བུ་ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན་ནི། གཞོན་ནུ་ནས་གཞི་དད་པ་རྐྱེན་གྱིས་སད་དེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀླུ་མེས་ཀྱིས་མཁན་པོ་དང་། གྲུ་མེར་གྱིས་ལས་སློབ་བྱས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོའི་དྲུང་དུ་རྒྱ་ཆེར་འགྲེལ་དང་བམ་པོ་ལྔ་བཅུ་པ་ལ་སོགས་འགྲེལ་ཆེན་རྣམས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། དུས་ཕྱིས་རང་གི་མཆེད་གྲོགས་རླུང་སྐྱོག་རྣམ་གཉིས་ལའང་འཆད་ཉན་མཛད། རོང་སྐོམ་དང་པོའི་གནས་གཞི་གསོས་ཏེ་གཙུག་ལག་ཁང་བཞེངས་ཤིང་འདུལ་བའི་བཤད་གྲྭ་བཙུགས་པ་སོགས་བཤད་སྒྲུབ་ཀྱི་བྱ་བས་བསྟན་པ་རྒྱ་ཆེར་བསྐྱངས། སློབ་མའང་འཛིན་པ་ཤེར་འོད། སྣེ་བོ། གླེན་ཚུལ་བྱང་། སྤོ་ཆུང་ཚུལ་ཁྲིམས་འབྱུང་གནས་བཅས་ཐུགས་ཟིན་གྱི་བུ་ཆེན་བཞི་སོགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །

[༡༥] སྣེ་བོ་གྲགས་པ་རྒྱལ་མཚན།

དེའི་མཁན་བུ་སྣེ་བོ་གྲགས་པ་རྒྱལ་མཚན་ནི། ཡུལ་ལྷོ་རོང་ཚ་བར་སྐུ་འཁྲུངས། རུས་ཞང་། གཟུས་ལས་རབ་ཏུ་བྱུང་ཤིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་ཏེ་མཁས་པར་བྱས། མཁར་ཕུག་དང་། དམུ་རུལ་དུ་འདུལ་བའི་བཤད་གྲྭ་བཙུགས་པས་སློབ་མ་ཚུལ་ཁྲིམས་བླ་མ་སོགས་མཁས་པ་མང་པོ་ཐོན། །

[༡༦] འབྲེ་ཆེན་ཤེས་རབ་འབར།

དེའི་མཁན་བུ་འབྲེ་ཤེས་རབ་འབར་ནི། སྣེ་བོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་མཁས་པར་སྦྱངས། རྔོག་ལེགས་ཤེས་དང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་རྣམ་གཉིས་དང་བསྡེབས་ནས་ཁམས་སུ་བྱོན་ཞིང་ཇོ་བོ་སེ་བཙུན་ལས་ཆོས་མང་དུ་གསན། ཁྱད་པར་དུ་བསྟན་པ་སྔ་དར་གྱི་ཕ་རོལ་ཏུ་ཕྱིན་པའི་བཤད་རྒྱུན་ལ་མཆོག་ཏུ་མཁས། ཕྱིས་རྔོག་ལོ་ཆེན་པོ་ལ་ཡང་ཤེར་ཕྱིན་གྱི་འཆད་ཉན་མཛད་པས་རྔོག་ལོའི་ཐུགས་སྲས་དམ་པར་གྱུར། སྐྱོག་གནས་རྙིང་སོགས་སུ་ཆོས་འཁོར་བསྐོར་ཞིང་ཤེར་ཕྱིན་མདོ་བསྟན་གཉིས་ཀ་ལ་བཤད་པ་རྒྱ་ཆེར་མཛད། ཆོས་འཆད་པའི་ཚེ་ལྷ་རྣམས་ཆོས་ཉན་དུ་འོང་བར་གྲགས་ཤིང་། ཨར་བྱང་ཆུབ་ཡེ་ཤེས་སོགས་སློབ་མ་བསྟན་པའི་བདག་པོ་མཐའ་ཡས་པ་ཐོན་ནོ། །

[༡༧] བྱ་འདུལ་བ་བརྩོན་འགྲུས་འབར།

དེའི་མཁན་བུ་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ནི། གཙང་རོང་ཡུལ་དུ་ལྕགས་ལུག་ལ་འཁྲུངས། འབྲེ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལས་འདུལ་བ་གསན་པས་མཁས་པར་གྱུར་ཏེ་འདུལ་བ་བྱ་ལ་ཐུག་ཅེས་གྲགས་པ་བྱུང་། གཞན་ཞང་གཡེ་པ་ལས་དབུ་ཚད་དང་། ཟངས་མཁར་ལོ་ཙྭ་བ་ལས་ཡོ་ག །སྟོད་ལུང་པ་ཆེན་པོ་ལས་བཀའ་གདམས་རྣམས་གསན། དེ་རྗེས་ཟུར་ཕུར་བཤད་གྲྭ་བཙུགས། བེ་ཧར་གྱིས་བཙུན་ཆུང་ཞིག་ཏུ་སྤྲུལ་ནས་ཞབས་ཏོག་བྱས་ཤིང་འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་པ་གཅིག་པུ་ལས་མ་མཐོང་བས་དད་དེ་བྱ་ཊིཀ་ལ་སློབ་གཉེར་བྱེད་པ་རྣམས་ཀྱི་གྲོགས་བྱེད་པར་ཁས་བླངས་ཤིང་ལོ་དགུར་ཚོགས་པ་བསྐྱངས་རྗེས་སྒྲུབ་པ་ལ་བཞུགས་སོ། །སློབ་མ་འགྲོ་དོན་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱུང་། དགུང་ལོ་དོན་དྲུག་པ་ལ་ཟུལ་ཕུའི་གཟིམས་ཆུང་དུ་སྐུ་གཤེགས། །

[༡༨] རྩིས་འདུལ་བ་གཞོན་ནུ་སེང་གེ

དེའི་མཁན་བུ་རྩིས་འདུལ་བ་གཞོན་ནུ་སེང་གེ་ནི། བྱ་འདུལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་པས་ཤིན་ཏུ་མཁས་པར་གྱུར་ཏེ། བྱ་འདུལ་གྱི་སློབ་མའི་གཙོ་བོ་ཡིན། ཉང་སྟོད་མཁར་ལུང་དུ་འདུལ་གྲྭ་བསྐྱངས་པས་བྱའི་སྣག་དཔོན་ཟིལ་ཕུའི་གདན་ས་པ་རོག་བན་ཆོས་དབང་སོགས་སློབ་མ་བཤེས་གཉེན་མང་པོ་བྱོན་ཏོོ། །

[༡༩] གྲོ་སྟོན་བདུད་རྩི་གྲགས།

དེའི་མཁན་བུ་དཔལ་ལྡན་གྲོ་མོ་ཆེ་བ་ནི། བྱའི་ལོ་ལ་ཆུ་སྒོར་དུ་འཁྲུངས། རྩིས་འདུལ་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་འདུལ་བ་ལ་སྦྱངས། མཚན་བདུད་རྩི་གྲགས། ཇོ་སྟོན་དང། ཞང་བཙུན་ལས་ཤར་བའི་གདམས་པ་རྣམས་ནོས་ཤིང་། ཆུ་མིག་པ་ཤར་གྲགས། མུས་སྨན་པ། སངས་རྒྱས་དབོན་སྟོན། ལྷ་སྤྱིལ་བུ་བ། རས་པ་དར་རྒྱས། གྲང་ཕུ་ལུང་པ་འཇམ་དཔལ་རྒྱལ་མཚན། དྲེའུ་ལྷས་པ། འགོས་རིང་ཆུ་ནག་པ། རྨར་ཤཱཀ་སེང་། གཙང་ནག་པ་སོགས་ལས་གསན་པ་རྒྱ་ཆེར་མཛད། སངས་རྒྱས་སོ་ལྔ་དང་རྗེ་བཙུན་སྒྲོལ་མ་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས། སྣར་ཐང་གི་གདན་སར་ཕེབས་ནས་ལོ་སུམ་ཅུ་རྩ་དགུའི་བར་གདན་ས་བསྐྱངས་ནས་དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་སོ། །

[༢༠] མཆིམས་ཆེན་ནམ་མཁའ་གྲགས།

དེའི་མཁན་བུ་མཆིམས་ཆེན་ནམ་མཁའ་གྲགས་ནི། ཉང་སྟོད་སྟག་ཚལ་དུ་རྟའི་ལོ་ལ་སྐུ་འཁྲུངས། གཞོན་ནུ་དཔལ་ལྡན་བྲོ་ལས་རབ་ཏུ་བྱུང་ཞིང་རིམ་པར་བསྙེན་པར་རྫོགས། ལྷག་པའི་ལྷ་དུ་མས་ཞལ་གཟིགས། དཔལ་ལྡན་གྲོ། ཞང་སྟོན། མཆིམས་བློ་བརྟན། སངས་རྒྱས་སྒོམ་པ་བཞི་ལས་བཀའ་གདམས་ཀྱི་སྐོར་དང་། བཀྲ་ཤིས་སྒང་པ་ལས་བྱང་སེམས་ཟླ་རྒྱལ་པའི་དབུ་མའི་གདམས་པ་སོགས་གསན་པས་སྡེ་སྣོད་ཀྱི་གཞུང་རྣམས་ལ་མཁས་པར་སྦྱངས། མཛོད་ཀྱི་ཊིཀ་ཆེན་སོགས་བསྟན་བཅོས་མང་དུ་མཛད། ཆུ་མིག་ཆོས་འཁོར་འདུས་སྡེར་འཆད་ཁྲིད་ཡུན་རིང་བསྐྱངས། འགྲོ་མགོན་འཕགས་པ་སོགས་ཆེ་དགུ་དུ་མས་གཙུག་ཏུ་བཀུར། སྣར་ཐང་གི་གདན་སར་གདན་རབས་བདུན་པའི་ཁྲི་ལ་ལོ་སུམ་ཅུ་རྩ་དྲུག་གི་བར་དུ་བཞུགས་ཤིང་ཚོགས་པ་བསྐྱངས་ནས་བྱི་བའི་ལོ་ལ་སྐུ་གཤེགས་སོ། །

[༢༡] ཟེའུ་གྲགས་པ་ཤེས་རབ།

དེའི་མཁན་བུ་གྲགས་པ་ཤེས་རབ་ནི། ཉང་སྟོད་དུ་ལུག་གི་ལོ་ལ་འཁྲུངས། མཁན་ཆེན་འདུལ་བ་འཛིན་པ་གྲགས་པ་བརྩོན་འགྲུས་ཀྱི་གཅུང་པོ་ཡིན། མཆིམས་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོ་དང་གཅེན་ལས་གཞུང་བཤད་དང་གདམས་པ་མཐའ་ཆོད་པ་གསན། གཅེན་འདུལ་འཛིན་གྱི་རྗེས་སུ་མཁན་པོར་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་གདན་ས་བསྐྱངས་སོ། །

[༢༢] མཆིམས་ཆེན་བློ་བཟང་གྲགས་པ།

དེའི་མཁན་བུ་མཆིམས་ཆེན་བློ་བཟང་གྲགས་པ་ནི། ཉང་སྟོད་སྨིན་གྲོའི་ཕུ་ཁའུར་སྐུ་འཁྲུངས། གདུང་རུས་མཆིམས། ཟེའུ་པ་གྲགས་པ་ཤེས་རབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟེའུ་པ་སྐུ་མཆེད་དང་། རྒྱ་རོ་བྱང་ཆུབ་འབུམ་སོགས་བླ་མ་བསྟེན་ཅིང་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་ལ་མཁྱེན་རྟོགས་རྒྱས། གྲགས་པ་ཤེས་རབ་པས་གདན་ས་གཏད་ནས་དགུང་ལོ་སོ་དགུའི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་ནས་ཡོས་ལོ་ལ་སྐུ་གཤེགས་སོ། །

[༢༣] ཀུན་དགའ་རྒྱལ་མཚན།

དེའི་མཁན་བུ་ཀུན་དགའ་རྒྱལ་མཚན་ནི། ཆུ་སྒོའི་ལུང་བྱ་བར་སྟག་གི་ལོ་ལ་འཁྲུངས། གདུང་རུས་གྲོ། མཆིམས་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བཀའ་བཅུ་པ་གཞོན་ནུ་སེང་གེ་ལས་ཆོས་མང་དུ་གསན། གཞུང་གདམས་ངག་ཐམས་ཅད་ལ་མཁས་ཤིང་བསླབ་བཏུས་ཀྱི་འགྲེལ་བ་སོགས་རྩོམ་པ་མང་དུ་མཛད། མཁན་པོ་སྐུ་གཤེགས་པའི་ལོ་དེ་ལ་གདན་སར་ཕེབས་ནས་ལོ་ཉི་ཤུ་རྩ་བདུན་བར་དུ་བསྐྱངས་ཤིང་སྦྲུལ་ལོ་ལ་སྐུ་གཤེགས་སོ། །

[༢༤] གྲུབ་པ་ཤེས་རབ།

དེའི་མཁན་བུ་གྲུབ་པ་ཤེས་རབ་ནི། སྣར་ཐང་གི་ཉེ་འཁོར་རོང་གུ་ཞེས་པར་མེ་བྱ་ལ་འཁྲུངས། གདུང་རུས་དཔང་ཡིན། དགུང་ལོ་བཅུའི་དུས་ཀུན་རྒྱལ་པ་ལས་རབ་ཏུ་བྱུང་ཞིང་མཚན་གྲུབ་པ་ཤེས་རབ་ཏུ་བཏགས། ཉི་ཤུ་པ་ལ་མཁན་པོ་དེ་ཉིད་དང་། སློབ་དཔོན་གྲགས་པ་རྒྱ་མཚོ་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་གཉིས་དང་ཡོན་ཏན་འོད། སློབ་དཔོན་སྐལ་བཟང་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་གདམས་ངག་དང་བཅས་པ་ཐུགས་སུ་ཆུད་པར་མཛད། དགུང་ལོ་སོ་གཉིས་པ་ལ་མཁན་སར་ཕེབས་ནས་ལོ་སུམ་ཅུ་བསྐྱངས། དེ་རྗེས་ཉིད་ཀྱི་དབོན་པོ་བསོད་ནམས་མཆོག་གྲུབ་ལ་གདན་ས་གཏད་ནས་ལོ་ལྔ་ཟུར་བཞུགས་མཛད་ནས་རེ་བདུན་ལ་སྐུ་གཤེགས་སོ། །

[༢༥] པཎ་ཆེན་དགེ་འདུན་གྲུབ།

དེའི་མཁན་བུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་པཎ་ཆེན་དགེ་འདུན་གྲུབ་ནི། རུ་ལག་གི་ས་ཆ་གུར་མའི་རུ་བར་ལྕགས་ལུག་ལ་འཁྲུངས། གདུང་རུས་ངར་ཚོ། མཚན་པདྨ་རྡོ་རྗེ། དགུང་ལོ་བཅོ་ལྔ་པ་ལ་སྣར་ཐང་དུ་མཁན་པོ་གྲུབ་པ་ཤེས་རབ་དང་སློབ་དཔོན་བློ་ལྡན་པས་མཛད་དེ་དགེ་ཚུལ་དུ་བསྒྲུབས། མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་བཏགས། དགུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་གཉིས་སྟེང་། གསང་སྟོན་པ་གྲགས་པ་ཤེས་རབ་དང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས། ཡོངས་འཛིན་གྱི་གཙོ་བོ་མཁན་ཆེན་གྲུབ་པ་ཤེས་རབ་དང་། སྣར་ཐང་པ་ཤེས་རབ་སེང་གེ ལས་སྨོན་གྱིས་འབྲེལ་བ་རྗེ་རིན་པོ་ཆེ་ཡབ་སྲས། གཞན་ཡང་ཀུན་མཁྱེན་རོང་སྟོན། བོ་དོང་པཎ་ཆེན། སེམས་དཔའ་ཐུགས་རྗེ་དཔལ་བ། སཾ་གྷ་ཤྲཱི། གྲོ་པའི་དམར་སྟོན་ཁུ་དབོན། ཐང་ཆེན་ཉི་མ་རྒྱལ་མཚན། ཨ་བྷ་ཡ། འཆད་ཀའི་ལྷ་རིན་པོ་ཆེ། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་སོགས་བཤེས་གཉེན་ལྔ་བཅུ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིགས་པའི་དབང་ཕྱུག་ཆེན་པོར་གྱུར། བོ་དོང་པཎ་ཆེན་གྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ། སྣར་ཐང་བྱང་ཆེན་དུ་སྒྲུབ་པ་མཛད་པས་ཉམས་རྟོགས་ཀྱང་མཐར་ཕྱིན་པ་བརྙེས། འཇིགས་བྱེད་དང་སྒྲོལ་མས་ཞལ་གཟིགས། འདོད་ཁམས་མ་བྲན་དུ་ཁོལ། རྩ་བ་སྣར་ཐང་གི་དགེ་བཤེས་ལ་ཕྱིས་རྗེ་བདག་ཉིད་ཆེན་པོའི་གྲུབ་མཐའ་འཛིན་པ་ཆེན་པོར་གྱུར། སྡེ་རིས་དང་ཕྱོགས་ཀྱི་གྲུབ་མཐའི་ཁ་འཛིན་མི་མཛད་པར་ཀུན་ལ་དག་སྣང་སྦྱང་། མཁས་པའི་བྱ་བ་དབུ་ཚད་འདུལ་བ་སོགས་ལ་དགོངས་འགྲེལ་གྱི་གཞུང་མང་པོ་བརྩམས། བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་བཞེངས་ནས་དགེ་འདུན་མང་པོ་བསྡུས། སྐུ་ཚེ་ཧྲིལ་པོར་འཆད་ཉན་གྱིས་བསྟན་པ་བསྐྱངས་ནས་དགུང་ལོ་གྱ་ལྔ་པ་ཤིང་རྟ་ལ་དགའ་ལྡན་དུ་སྐུ་གཤེགས་སོ། །

[༢༦] གནས་རྙིང་པ་ཀུན་དགའ་བདེ་ལེགས།

དེའི་མཁན་བུ་གནས་རྙིང་པ་ཀུན་དགའ་བདེ་ལེགས་ནི། སྔོན་སློབ་དཔོན་ཆེན་པོ་པདྨ་སམྦྷ་བའི་དངོས་སློབ་རྒྱ་འཇམ་དཔལ་གསང་བའི་གདུང་རབས་བརྒྱད་ཅུ་རྩ་བརྒྱད་ཀྱི་བར་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གདུང་རིམ་པར་བྱོན་པ་ལས་ཡབ་རིན་ཆེན་གྱི་སྲས་སུ་ཉང་སྟོད་དུ་འཁྲུངས། པཎ་ཆེན་དགེ་འདུན་གྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཤིང་མཚན་ཀུན་དགའ་བདེ་ལེགས་རིན་ཆེན་དཔལ་བཟང་པོ་བསྩལ། མཁན་པོའི་དྲུང་ལས་གཞུང་ལུགས་གདམས་པ་དང་བཅས་པ་ལ་མཁས་པར་སྦྱངས། འབྲས་སྤུངས་དང་འོལ་དགའ་སོགས་སུ་ཕེབས། ཉང་སྟོད་ཕྱོགས་སུ་བསྟན་འགྲོའི་དོན་མཛད་ནས་སྐུ་གཤེགས་སོ། །

[༢༧] རྒྱལ་བ་དགེ་འདུན་རྒྱ་མཚོ།

དེའི་མཁན་བུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནི། རྟ་ནག་རྡོ་རྗེ་གདན་དུ་ཀུན་དགའ་རྒྱལ་མཚན་པའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་པ་ལ་པཎ་ཆེན་ལུང་རིགས་རྒྱ་མཚོ་ལ་གཙུག་ཕུད་ཕུལ་བའི་མཚན་དགེ་འདུན་རྒྱ་མཚོ་ཞེས་བསྩལ། ལོ་དེ་ཉིད་ཀྱི་ནང་དུ་ཀུན་དགའ་བདེ་ལེགས་པས་མཁན་པོ། པཎ་ཆེན་ལུང་རིགས་རྒྱ་མཚོས་སློབ་དཔོན། དབུ་མཛད་སངས་ཚུལ་པས་དུས་གོ་བ་མཛད་དེ་དགེ་ཚུལ་བཞེས། དགུང་ལོ་ཉི་ཤུ་པ་དབོ་ཟླའི་ཚེས་བརྒྱད་ལ་མཁན་པོ་སྔ་མ་ཉིད་དང་། ལས་སློབ་འཇམ་དབྱངས་ལེགས་པ་ཆོས་འབྱོར། གསང་སྟོན་པ་སངས་རྒྱས་དཔལ་བཟང་། དུས་གོ་བ་འོལ་དགའ་སངས་བཟང་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། ཚིགས་སྔ་ཕྱིའི་མཁན་སློབ་རྣམས་དང་། པཎ་ཆེན་ནོར་བཟང་རྒྱ་མཚོ། ཡབ་ཀུན་རྒྱལ་བ། པཎ་ཆེན་ཡེ་ཤེས་རྩེ་མོ། ཐོན་ཡོན་ཏན་རྒྱ་མཚོ་སོགས་བཤེས་གཉེན་མང་པོ་བསྟེན་ཏེ། མདོ་སྔགས་རིགས་གནས་དང་བཅས་པའི་གཞུང་ལུགས་རབ་འབྱམས་ལ་སྦྱངས་པས་ཚིག་དོན་མཐའ་དག་ཐུགས་སུ་ཆུད། རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། སེ་འབྲས་བཀྲ་ཤིས་ལྷུན་པོ་སོགས་ཀྱི་ཁྲིར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་གདུལ་བྱ་བསྐྱངས། དགུང་ལོ་རེ་བརྒྱད་པ་ཆུ་སྟག་ནག་ཟླའི་ཚེས་བརྒྱད་ལ་དག་པའི་ཞིང་དུ་སྐུ་གཤེགས། །

[༢༨] བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་།

དེའི་མཁན་བུ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ནི། ཡུལ་འོ་དགའ་གྱང་གསར་དུ་ཤིང་གླང་ལོར་འཁྲུངས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བསམ་གཏན་གླིང་། སེ་ར་སྨད། རྒྱུད་སྟོད་རྣམས་སུ་མདོ་སྔགས་ཀྱི་གཞུང་ལ་སྦྱངས། རྒྱུད་སྟོད་དང་ཤར་རྩེའི་གདན་ས་ནས་དགུང་ལོ་ང་བཞི་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས་ཤིང་གསུང་འབུམ་པོ་ཏི་དུ་མ་མཛད། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་བསྙེན་པར་རྫོགས་པའི་མཁན་པོའང་མཛད། དྲུག་ཅུ་པ་ལ་བདེ་བ་ཅན་དུ་ཟུར་བཞུགས་མཛད་ནས་རེ་གསུམ་པ་ལ་སྐུ་གཤེགས་སོ། །

[༢༩] རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ།

དེའི་མཁན་བུ་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ་ནི། མེ་ཁྱི་ལ་སྟོད་ལུང་དུ་སྐུ་འཁྲུངས། བདེ་བ་ཅན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐྱོར་མོ་ལུང་། རབ་སྟོད། རྒྱུད་སྟོད་རྣམས་ཀྱི་གྲྭ་སར་གཞུང་ལུགས་ལ་སྦྱངས་པས་འཇིགས་པ་མེད་པའི་སྤོབས་པ་ཐོབ། རབ་སྟོད་དང་། རྒྱུད་སྟོད། ཤར་རྩེའི་བླ་མ་ཡང་མཛད། ང་བདུན་པར་དགའ་ལྡན་གྱི་ཁྲིར་ཕེབས། རེ་བཞི་པ་ལ་རྒྱལ་ཁང་རྩེར་ཟུར་བཞུགས་མཛད་དེ་རྣམ་དཀར་གྱི་ཕྲིན་ལས་བསྐྱངས་ཤིང་དོན་བཞི་པ་ལ་གཤེགས་སོ། །

[༣༠] འཇམ་དབྱངས་དཀོན་མཆོག་ཆོས་འཕེལ།

དེའི་མཁན་བུ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ནི། གྲྭ་བྱམས་པ་གླིང་གི་དགོན་ཞོལ་དུ་ཆུ་བྱ་ལ་འཁྲུངས་ཤིང་ཆུང་ངུ་ནས་དྭགས་པོ་གྲྭ་ཚང་དུ་གསན་སྦྱངས་ལ་ཕེབས། དེར་སློབ་དཔོན་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་ཆོས་འཕེལ་དུ་བཏགས། དེ་རྗེས་རབ་སྟོད་དང་། རྒྱུད་སོགས་ཀློག་པའི་གྲྭ་མང་པོར་བྱོན་ཏེ་འཆད་ཉན་མཛད་པས་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དགུང་ལོ་ཉི་ཤུ་རྩ་བཞི་པ་ལ་རྒྱལ་ཁང་རྩེ་པ་ལས་བསྙེན་པར་རྫོགས། རབ་སྟོད་དང་། རྒྱུད་སྟོད། འབྲས་བློ་གསལ་གླིང་རྣམས་སུ་འཆད་ཁྲིད་མཛད་པ་དང་དགའ་ལྡན་གྱི་ཁྲིར་ཕེབས། ཐམས་ཅད་མཁྱེན་མཆོག་རྒྱལ་དབང་ལྔ་པ་ཆེན་པོས་མཚན་ཉིད་ཀྱི་གཞུང་རྣམས་གསན་པའི་བླ་མར་བཀུར། འཆད་མཁས་ཤིང་ཐུགས་དགོངས་བཟང་བས་ཚུལ་གནས་ལུང་རིགས་སྨྲ་བའི་ཞལ་སློབ་དགེ་བའི་བཤེས་གཉེན་མང་དུ་ཐོན། སྡེ་རིས་ཀྱི་ཆགས་སྡང་མི་མངའ་ཞིང་གཞན་དག་ཀྱང་སྲུང་བར་མཛད་པས་རང་ཕྱོགས་པ་རྣམས་ཀྱིས་གཙང་ཞེན་པ་ཞེས་ཕྱོགས་འབུལ་ཞུ་བ་བྱུང་ཞེས་ཐམས་ཅད་མཁྱེན་པས་བསྔགས་པ་མཛད། དགུང་ལོ་དོན་བཞི་པ་མེ་ཁྱི་ལ་དབུ་རུ་སྟོད་གསང་སྔགས་མཁར་དུ་སྐུ་གཤེགས། །

[༣༡] མཁན་ཆེན་དཀོན་མཆོག་བསྟན་འཛིན།

དེའི་མཁན་བུ་དཀོན་མཆོག་བསྟན་འཛིན་ནི། ཆུ་མོ་ཕག་གི་ལོར་དབུ་རུ་ཁ་རབ་ཏུ་སྐུ་འཁྲུངས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐུ་ན་ཕྲ་མོ་གྲྭ་སར་གསར་བཞུགས་དུས་ནས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་འབྱུང་བར་ཉེ་བ་རྣམས་ཀྱིས་ཀྱང་མ་གོས་པར་ཤིན་ཏུ་བཙུན་པར་གྲགས། རབ་སྟོད་དང་། བློ་གསལ་གླིང་སོགས་སུ་མཚན་ཉིད་ཀྱི་གཞུང་ལུགས་རྣམས་ལ་མཁས་པར་སྦྱངས། རྗེ་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོ་དང་། རིག་འཛིན་འགྱུར་མེད་རྡོ་རྗེ་སོགས་བཤེས་གཉེན་དུ་མ་ལས་གཞུང་གདམས་ངག་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད། གཉལ་སྡེ་དྲུག་གི་མཁན་པོ་ལོ་བཅོ་ལྔ་སྐོར་དང་། དེ་རྗེས་ཉང་སྟོད་དཔལ་བདེ་ཆེན་གྱི་མཁན་པོ་མཛད་ཅིང་གྲུབ་མཐའི་ཆགས་སྡང་དང་བྲལ་བར་ཡུན་རིང་བསྐྱངས་པས། དགེ་ཞལ་ས་གསུམ་གྱི་བཙུན་པ་མང་དུ་འདུས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར། དེ་ནས་གདན་ས་ཡར་སྟོད་ངག་དབང་ཕྲིན་ལས་ལ་གཏད་ནས་དབུ་རུ་གསང་སྔགས་མཁར་དུ་ལོ་ཤས་ཐུགས་དམ་ལ་བཞུགས་ཤིང་དགུང་གྲངས་རེ་གཉིས་པ་ཤིང་བྱི་ལ་སྐུ་གཤེགས་སོ། །

[༣༢] ལོ་ཆེན་དྷརྨ་ཤྲཱི།

དེའི་མཁན་བུ་ལོ་ཆེན་དྷརྨ་ཤྲཱི་ནི། ཇི་སྐད་དུ་གཏེར་ལུང་ལས། གཡུ་སྒྲའི་སྤྲུལ་པ་བློ་ལྡན་དྷརྨའི་མིང༔ བྱང་སེམས་དད་བརྩོན་སྙིང་སྟོབས་ལྡན་པ་འབྱུང༔ ཞེས་གསུངས་པ་ལྟར། རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ་༡༦༥༤ལོར་མྱོས་སྟོན་ཕྲིན་ལས་ལྷུན་གྲུབ་ཀྱི་སྲས་སུ་དར་རྒྱས་ཆོས་སྡིངས་སུ་སྐུ་འཁྲུངས། གཅེན་རིག་འཛིན་འགྱུར་མེད་རྡོ་རྗེ་ལས་སྐྱབས་གསུམ་འཛིན་པ་དགེ་བསྙེན་གྱི་སྡོམ་པ་ནོས་པས་བསྟན་འཛིན་འཇམ་དབྱངས་དབང་པོ་ཞེས་མཚན་གསོལ། དགུང་གྲངས་བཅོ་ལྔ་པ་ལ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་བས་མཚན་ངག་དབང་ཆོས་དཔལ་དུ་བསྩལ། དགུང་གྲངས་ཉི་ཤུ་པར་སླར་ཡང་མཁན་པོ་དེ་ཉིད་ལས་བསྙེན་པར་རྫོགས། ཕྱིས་སུ་ཀུན་མཁྱེན་ལྔ་པ་ཆེན་པོ་དང་གཏེར་ཆེན་རྣམ་གཉིས་ཀྱི་ཐུགས་དགོངས་ལྟར། རང་ལུགས་སྔ་འགྱུར་གྱི་སྡོམ་རྒྱུན་སྨད་འདུལ་དུ་གྲགས་པ་རྒྱ་ཆེར་སྤེལ་ཕྱིར་དགུང་ལོ་ཉི་ཤུ་རྩ་བདུན་པ། ལྕགས་ཕོ་སྤྲེའུའི་ལོའི་དུས་ཚིགས་ལྔ་ལས་དཔྱིད་ཟླ་དང་པོ། དཔྱིད་འབྲིང་ནག་ཟླའི་ཡར་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོའི་ཉི་མ་བརྒྱད་ཆ་ལུས་པ་གྲིབ་ཚོད་སྐྱེས་བུ་གཅིག་དང་རྐང་པ་གཉིས་ཀྱི་དུས་སུ། མཁན་སློབ་སྦྲག་མ་མཁན་དཀོན་མཆོག་ཆོས་འཕེལ་བསྟན་འཛིན་དང་། གསང་སྟོན་པ་རབ་འབྱམས་པ་བློ་བཟང་སྐྱེས་མཆོག དུས་གོ་པ་རབ་འབྱམས་པ་ཕུན་ཚོགས་ལེགས་འབྱོར། གྲགས་པ་བློ་བཟང་ཀུན་དགའ། ཁ་སྐོང་བ་དགེ་སློང་ངག་དབང་ཆོས་འཛིན་ཏེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། རང་བྱུང་འཕགས་པའི་གཙུག་ལག་ཁང་པོ་ཏ་ལ་ནས་རྗེ་ཉིད་ཀྱི་གཅུང་དང་། དགེ་སློང་བཟོད་པ་བཅས་ཚིགས་དུས་གཅིག་ལ་བར་མ་ཆད་པའི་ཆོ་གས་བསྙེན་པར་རྫོགས། གཞན་ཡང་རྗེ་གཏེར་ཆེན་བླ་མ་ལས་བཀའ་སྲོལ་གསུམ་གྱི་བྱང་སྡོམ་བཞེས། སྔར་དགུང་གྲངས་བཅུ་གཉིས་པར་རྡུལ་ཚོན་དཀྱིལ་འཁོར་དུ་རིག་འཛིན་ཐུགས་ཐིག་གི་དབང་གསན་པས་ཐུགས་རྒྱུད་སྨིན་པར་མཛད་ཅིང་། རྗེས་སུ་ཐོབ་པའིི་སོ་བྱང་གི་སྡོམ་པ་གཉིས་པོ་སྔགས་ཀྱི་ཚུལ་ཁྲིམས་ལས་ཕྱེ་བའི་དེ་དང་དེའི་ངོ་བོར་སྐྱེས་པས་ཐུགས་རྒྱུད་ལེགས་པར་བསྡམས། དགུང་གྲངས་བཅུ་དྲུག་པར་གུང་ཐང་པཎ་ཆེན་བཤེས་གཉེན་རྣམ་རྒྱལ་ལས་སྒྲ་ཀཱ་ལ་པ་དང་སྡེབ་སྦྱོར་ཡོངས་རྫོགས་ཀྱི་བཤད་པ། ལཉྪ་དང་ཝརྟུ་ལ་སོགས་ཡིག་རིགས་རྣམས་དང་སུམ་རྟགས་ཀྱི་བཤད་པ་སོགས་བརྡ་སྤྲོད་ཡན་ལག་དང་བཅས་པ། ལྡུམ་པ་དོན་གྲུབ་དབང་རྒྱལ་གྱི་དྲུང་ནས་རྩིས་དཀར་ནག་དབྱངས་འཆར་སོགས། སྟག་ལུང་སྒྲ་པ་ལས་སྭ་ར་སྭསྟིའི་རི་མོ་དང་། ཙན་དྲ་པའི་ཡི་གེའི་བསྡུ་བ་དང་ཏིང་མཐའ་སོགས་ཀྱི་བཤད་པ། སྔ་འགྱུར་རང་ལུགས་ཀྱི་གར་ཐིག་དབྱངས་གསུམ་རྣམས་ཀྱང་དཔྱིས་ཕྱིན་པ་གསན། གཅེན་རྒྱལ་སྲས་བསྟན་པའི་ཉི་མ་ལས་འདུལ་བའི་ལག་ལེན་དང་བརྡ་ཆད་ལ་མཁས་པར་མཛད། སེམས་ཉིད་ངལ་གསོ་དང་འདུལ་བ་ལུང་རིགས་གཏེར་མཛོད་ལ་སོགས་གཞུང་ཕལ་ཆེར་བཟུང་བ་ཙམ་གྱིས་གོ་དོན་ཐོགས་མེད་དུ་ཤར། དགེ་བའི་བཤེས་གཉེན་སངས་རྒྱས་ཆོས་དར་ལས་འདུལ་མངོན་ཕར་ཕྱིན་རྣམས་ཀྱི་བཤད་པ། གུང་ཐང་པཎ་ཆེན་ལས་དབུ་མའི་སྟོང་ཐུན་དང་འདུལ་བ་སུམ་བརྒྱ་པའི་བཤད་པ། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་ལས་ཟབ་མོ་ནང་དོན་གྱི་བཤད་པ་རྣམས་དང་། རྗེ་བླ་མའི་དྲུང་ནས་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་། ཟུར་བ་ཡབ་སྲས། རོང་ཟོམ་ཆེན་པོ་རྣམས་ཀྱི་གསུང་རབ་རྣམས་མང་དུ་ཐོས་པས་རྒྱུད་གྲོལ་ཏེ་ཐོས་བསམ་གང་བྱས་ཁ་ཕྱིར་བལྟས་སུ་མ་སོང་བར་རྒྱུད་ཐོག་ཏུ་དྲིལ་ཐུབ་པའི་བཀའ་དྲིན་ཐོབ་པ་ཡིན་གསུངས། ཁྱད་པར་གཏེར་ཆེན་བླ་མ་ལས་གསང་བ་སྙིང་པོའི་འགྲེལ་པ་སྤར་ཁབ་དང་གཡུང་ཊིཀ་སྦྱར་བའི་གསུང་བཤད་གསན་པས་རྒྱུད་དངོས་སྦས་ཀྱི་དོན་ཐམས་ཅད་གཏིང་ཕྱིན་ཞིང་། སྔ་འགྱུར་མདོ་སྒྱུ་སེམས་གསུམ་སོགས་རྒྱུད་སྡེ་དང་སྒྲུབ་སྡེའི་བཀའ་དབང་བཤད་ལུང་མན་ངག་གི་རྒྱུན་བཞུགས་སོ་ཅོག་དང་། གཏེར་མའི་སྐོར་ལ་གཏེར་ཁ་གོང་འོག་གི་གཙོས་གཏེར་སྟོན་གྲགས་ཆེ་བ་ཕལ་མོ་ཆེའི་གཏེར་ཆོས་ཀྱི་དབང་ལུང་མན་ངག་ཇི་སྙེད་པ་དང་། དེ་དག་གི་རྩ་བ་རྙིང་མ་རྒྱུད་འབུམ་གྱི་ལུང་ཡོངས་རྫོགས་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན། གཞན་ཡང་རིག་འཛིན་པདྨ་ཕྲིན་ལས་ལས་དུས་འཁོར་ཡོངས་རྫོགས་ཀྱི་དབང་དང་སྒྱུ་འཕྲུལ་ཞི་ཁྲོའི་དབང་གིས་མཚོན། གསར་རྙིང་རིས་བྲལ་གྱི་ཡོངས་འཛིན་བཅུ་ཕྲག་གཉིས་ལས་སོ་སོའི་བཀའ་སྲོལ་ཐ་དད་པའི་ཆོས་ཚུལ་རྒྱ་མཚོ་ལ་གསན་བསམ་སྒོམ་པ་མཛད་པའི་ཚུལ་སྨོས་ཀྱིས་མི་ལང་ཞིང་། བསྟན་པའི་རྩ་བ་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་དགེ་སློང་བཞི་བརྒྱ་དང་ཞེ་བདུན། དགེ་ཚུལ་ཆིག་སྟོང་ཉིས་བརྒྱ་གོ་བརྒྱད། དགུང་གྲངས་ཞེ་བརྒྱད་ནས་བཟུང་དྲུག་ཅུ་རེ་བཞིའི་བར་དབྱར་དགུན་གཉིས་སུ་བློ་གསལ་རིག་པ་འཛིན་པའི་དགེ་འདུན་དྲུག་ཅུ་སྐོར་རེ་ལ་གསང་བ་སྙིང་པོའི་རྒྱུད་ཀྱི་ཆོས་འཁོར་ཆག་མེད་དུ་བསྐོར། སྡོམ་གསུམ་རྣམ་ངེས། ཕར་ཕྱིན། འདུལ་བ་སོགས་གཞུང་ཆེན་མང་པོའི་བཤད་པ་མཛད། སྒྱུ་འཕྲུལ་ཞི་ཁྲོའི་དབང་ཁོ་ན་ཚར་བརྒྱད། མདོ་དབང་ཚར་གསུམ། དོང་སྤྲུག་ཚར་ལྔ་ལ་སོགས་པས་མཚོན་བཀའ་གཏེར་གསར་རྙིང་གི་དབང་ལུང་སྨིན་ཁྲིད་གང་གསན་ཐམས་ཅད་ལན་གྲངས་གསུམ་བཞི་རེ་མ་འཆད་པ་མེད་པ་ལྟ་བུ་དང་། ཁྱད་པར་དཔལ་ལྡན་ས་སྐྱ་པ་བདག་ཆེན་ཀུན་དགའ་བཀྲ་ཤིས་ལ་གཏེར་གསར་གྱི་དབང་ལུང་ཡོངས་རྫོགས་དང་། ཐུགས་རྗེ་ཆེན་པོའི་སྨིན་ཁྲིད། ཕུར་པ་སྤུ་གྲིའི་དབང་སོགས་ཆོས་བཀའ་ཤིན་ཏུ་མང་བ་གནང་། དགུང་གྲངས་ང་དགུ་ཆུ་འབྲུག་ལོར་མདོ་ཁམས་ཆབ་མདོར་སྤྱན་དྲངས་པ་བཞིན་ཕེབས་ཏེ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ། ཞི་བ་བཟང་པོ། ངག་དབང་སྤྲུལ་སྐུ་བཅས་ལ་གཏེར་གསར་སྐོར་ཡོངས་རྫོགས། བླ་མ་གསང་འདུས། ཉང་གཏེར་དྲག་དམར། ཕུར་པ་སྤུ་གྲི། ན་རག་དོང་སྤྲུགས། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་སོགས་གསར་རྙིང་རིས་མེད་ཀྱི་དབང་ལུང་མན་ངག་གི་བདུད་རྩི་མང་པོས་ཐུགས་རྒྱུད་སྨིན་ཅིང་གྲོལ་བར་མཛད། སྒྲ་སྡེབ་རྩིས་སོགས་ཐ་སྙད་རིག་པ་རྣམས་ཀྱང་དོན་གཉེར་ཅན་སོ་སོའི་བློ་དང་འཚམས་པར་ཚར་ལྔ་དྲུག་རེ་མ་འཆད་པ་མེད། གཞན་ཡང་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་རྗེས་སུ་གནང་བའི་བསྟན་བཅོས་སྐོར་ལ། ཐུན་མོང་རིག་གནས་སྣ་ཚོགས་སྐོར་གྱི་བསྟན་བཅོས་དུ་མ་དང་། སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་དཔག་བསམ་སྙེ་མ་དང་། འདུས་མདོའི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བར་བྱེད་པའི་སྒྲོན་མེ། དཀྱིལ་ཆོག་དྲི་མེད་ཕྲེང་བ། ཟུར་འདེབས་དཔག་བསམ་སྙེ་མ། གསང་བ་སྙིང་པོའི་འགྲེལ་ཆེན་གསང་བདག་དགོངས་རྒྱན། སྤྱི་དོན་གསང་བདག་ཞལ་ལུང་སོགས་སྔ་ན་མེད་པའི་ཡིག་ཆ་བཀའ་འབུམ་པུསྟི་ཀ་བཅོ་བརྒྱད་དུ་ལོངས་པ་མཛད། མདོར་ན་དམ་པ་འདི་ཉིད་ཀྱི་མཁས་ཚུལ་གསུམ་གྱི་མཛད་པས་གསང་ཆེན་སྔ་འགྱུར་པའི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ། གསུང་ལས་བྱོན་པའི་སློབ་ཚོགས་ཀྱང་སྐབས་དེའི་སྔ་འགྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་ཕལ་མོ་ཆེ་དང་། གདན་ས་རང་དུ་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་དང་། རབ་འབྱམས་པ་བསྟན་འཛིན་གར་དབང་། རབ་འབྱམས་པ་ཨོ་རྒྱན་དཔལ་མགོན་སོགས་བརྒྱུད་པ་ཟིན་ངེས་དུ་མ་བྱུང་། མཐར་དགུང་གྲངས་རེ་ལྔ་པ་ས་ཁྱི་ཧོར་ཟླ་བཞི་པའི་ཚེས་ཉེར་བཞི་ལ། ལོག་སྨོན་སྟོབས་སུ་གྱུར་བའི་ཇུན་གར་བའི་དམག་དཔུང་གིས་སྐྱེས་བུ་དམ་པ་རྣམས་བཀྲོང་བའི་དུས་དེར། ལྷ་ལྡན་ཕོ་བྲང་ཆེན་མོའི་མདུན་ཐང་པདྨ་རཱ་་གས་གསར་ཟེར་བའི་གནས་སུ་སྤྱན་དྲངས་པ་ན་སྐད་ཅིག་དེ་ཉིད་ལ་ཟབ་ལམ་འཕོ་བའི་མཚམས་སྦྱོར་གྱིས་དག་པའི་ཞིང་དུ་གཤེགས་པས་གཤེད་མ་རྣམས་ཀྱང་ཡུལ་ཡུལ་པོར་གྱུར་ཏེ་ཁ་སྐྱེངས་སོ། །

[༣༣] རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།

དེའི་མཁན་བུ་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ནི། དེ་ཡང་ཡུལ་གྲྭ་ནང་དུ་ཁྱིམ་ཚང་ཕྱུག་པོ་ཞིག་གི་བུ་རུ་འཁྲུངས། གཏེར་ཆེན་རིན་པོ་ཆེས་སྨིན་གླིང་དགོན་ཐོག་མར་ཕྱག་འདེབས་གནང་སྐབས། རྒྱལ་མཆོག་ལྔ་པའི་བཀའ་དགོངས་བཞིན་གྲྭ་ཁྲལ་བསྡུས་པའི་ནང་ཆོས་སྒོ་ལ་ཞུགས། སྤྱི་སྒྲིག་ལྟར་འབྲི་ཀློག་སྦྱངས་པ་ནས་ཆོ་ག་བློ་འཛིན་དང་དབྱངས་རོལ་ཕྱག་ལེན་སོགས་ཀྱི་རྒྱུགས་སྤྲད་པས་གྲྭ་གཞོན་མང་པོའི་གྲལ་ནས་ཡོན་ཏན་གྱི་རྩེ་མོར་སོན། དགུང་གྲངས་བཅུ་པ་ཙམ་ནས་གྲྭ་གཞོན་མཆེད་གྲོགས་དག་དང་མཉམ་དུ་ལོ་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། གཏེར་ཆེན་རིན་པོ་ཆེས་གཅུང་རྒྱལ་སྲས་བསྟན་ཉི་དང་ལོ་ཆེན་གཉིས་ལ་ཕྱི་མཐའ་གཟིགས་པའི་མ་འོངས་ལུང་བསྟན་དུ་ཆོས་གྲགས་འདི་རང་རེའི་བསྟན་པ་ལ་ཕན་མཁན་ཞིག་འོང་བར་འདུག་པས། ཁྱེད་གཉིས་ནས་འདི་ལ་ཐུན་མོང་ཐུན་མིན་གྱི་གཞུང་རིག་སྐོར་སློབ་སྟོན་གང་ཐུབ་གྱིས་ཞེས་བཀའ་ཕེབས་པ་ལྟར། གཙོ་བོ་གཏེར་ཆེན་ཉིད་དང་། ལོ་ཆེན་དྷརྨ་ཤྲཱི། སྲས་མོ་མི་འགྱུར་དཔལ་སྒྲོལ། རྡོ་བྲག་རིག་འཛིན་ཆེན་མོ་སོགས་མཁས་གྲུབ་དུ་མ་ལས་གསན་བསམ་ནན་ཏན་མཛད། དགུང་གྲངས་ཉེར་གཅིག་པར་ལོ་ཆེན་རིན་པོ་ཆེས་མཁན་པོ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས། འདུལ་བ་དང་ཕར་ཕྱིན་ལ་གཏིང་ཕྱིན་པའི་གསན་སྦྱངས་མཛད་ནས་དགོངས་འགྲེལ་བསྟན་བཅོས་ཀྱང་མཛད། གཏེར་ཆེན་ལས་བཀའ་མའི་ཆོས་སྡེ་སྤྱི་དང་། སྒྱུ་འཕྲུལ་ཞི་ཁྲོ་བཅས་ཀྱི་སྨིན་དབང་བཞེས། ལོ་ཆེན་ལས་མདོ་སྔགས་ཀྱི་ཆོས་ཚན་སྤྱི་དང་། ཁྱད་པར་གསང་བ་སྙིང་པོའི་རྒྱུད་བཤད་སློབ་དཔོན་ཆེན་པོའི་ལྟ་ཕྲེང་། སངས་རྒྱས་གསང་བའི་ལམ་རིམ་སོགས་རྒྱ་འགྲེལ་དང་། སྒྲོལ་གཡུང་རྣམ་གཉིས་དང་། རོང་ཀློང་རྣམ་གཉིས་ཀྱི་འགྲེལ་པ། ཉིད་མཛད་ཞལ་དགོངས་སོགས་བོད་འགྲེལ་དུ་མ་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་ཅིང་ཕྱིས་སུ་གསང་སྙིང་སྐོར་ལ་སྤྱི་དོན་ཟིན་བྲིས་ཀྱང་མཛད། སྨིན་གྲོལ་གླིང་གི་ཚོགས་ཆེན་དུ་གསང་སྙིང་བཤད་རྒྱུགས་ཕུལ་བས་དམ་པ་རྣམས་ཀྱིས་བསྟོད་བསྔགས་ཐོབ། གཏེར་ཆེན་སྐུ་མཆེད་དགྱེས་པའི་རྩེར་སོན་ནས་རྡོ་རྗེ་ཐེག་པའི་སྔགས་རབ་འབྱམས་པ་ཞེས་མཚན་གསོལ། རྡོར་འཛིན་མཁན་པོ་གཉིས་ཀྱི་གོ་སར་དབུགས་དབྱུང་ནས་བརྒྱུད་འཛིན་གྱི་སྐྱེས་མཆོག་ཏུ་གྱུར། སླར་ཡང་བི་མའི་རྣམ་རོལ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་གཙོ་བོར་གྱུར་པས་མཚོན་དབང་ཁྲིད་ཡོངས་སུ་རྫོགས་པ་གནང་ནས་བརྒྱུད་འཛིན་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། དུས་སྐབས་ཀུན་ཏུ་བསྙེན་སྒྲུབ་སོགས་ཐུགས་དམ་ཉམས་བཞེས་ཁོ་ན་ལ་བརྩོན་པ་མཛད་པས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། སོག་དམག་གིས་ཉེར་འཚེའི་སྐབས་སྨིན་གླིང་ཉམས་རྒུད་མ་ཤོར་པར་སྐྱོང་གནང་མཛད་པའི་གཙོ་བོ་ཡིན་པས་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ། ཐུགས་སྲས་ཞལ་སློབ་ཀྱི་གཙོ་བོ་རབ་འབྱམས་པ་འགྱུར་མེད་ཆོས་ལྡན། གྲུབ་དབང་ཤྲཱི་ན་ཐ་སོགས་ཁམས་དབུས་ཀུན་ཏུ་བསྟན་པ་སྤེལ་བའི་སྐྱེས་བུ་དུ་མ་བྱོན། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མཐར་འཕེལ་བཞིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །

[༣༤] སྨིན་གླིང་རྡོར་འཛིན་འགྱུར་མེད་ཆོས་ལྡན།

དེའི་མཁན་བུ་སྨིན་གླིང་རྡོར་འཛིན་འགྱུར་མེད་ཆོས་ལྡན་ནི། གཡོ་རུ་གྲྭ་ཕྱི་རུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་སྨིན་གླིང་གི་གྲྭ་སར་ཞུགས་ཏེ་དཔེ་ཆ་འབྲི་ཀློག་དང་ཚོགས་འདོན་བློ་འཛིན་སོགས་ཀྱིས་མཚོན་སློབ་སྦྱོང་མཛད་པས་ཤེས་རབ་ཀྱི་སྒོ་བྱེ། སྐུ་ནར་སོན་ནས་ཐུན་མོང་རིག་གནས་དང་ཐུན་མིན་གཞུང་ལུགས་མང་པོར་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་པར་མཁན་པོ་རབ་འབྱམས་པ་ཆོས་གྲགས་ལས་རང་ལུགས་འདུལ་བའི་སྡོམ་རྒྱུན་གྱིས་བསྙེན་པར་རྫོགས་པ་གསན་ཞིང་། གཞི་གསུམ་གྱི་ཆོ་ག་སོགས་མདོ་ཕྱོགས་ཀྱི་བཤད་ཁྲིད་ལག་ལེན་དང་། ཁྱད་པར་སྒྱུ་འཕྲུལ་གསང་སྙིང་སོགས་སྔགས་རྒྱུད་ཀྱི་བཤད་པ་ལ་རྩལ་དུ་བཏོན་པས་སྔགས་རམས་པའི་མཚན་ཐོགས་ཤིང་བསྟན་པ་ལ་མཛད་རྗེས་ཆེ། ལྷག་པར་ཆོས་སྡེ་ཆེན་པོར་བསྟན་དགྲ་ཇུན་གར་བའི་རྒོལ་ངན་སླེབས་ཏེ་རང་བསྟན་ལ་ཡོ་འཁྱོམ་བྱུང་སྐབས་གོང་གི་སྔགས་རམ་པ་ཨོ་རྒྱན་ཆོས་གྲགས་དང་འདི་གཉིས་ཀྱིས་སྨིན་གླིང་གི་བསྟན་པའི་སྲོག་རྩ་གསོས་པས་བཀའ་དྲིན་ཤིན་ཏུ་ཆེའོ། །

[༣༥] ཨོ་རྒྱན་བསྟན་འཛིན་རྡོ་རྗེ།

དེའི་མཁན་བུ་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ནི། ཡབ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང་ཡུམ་ཚེ་དབང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རྔ་ཆེན་ཞེས་པ་ཆུ་ཁྱི་ལོར་སྐུ་བལྟམས། སྐུ་ཆུང་ངུ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ་ཆོས་སྤྱོད་ཆོ་གའི་ཕྱག་ལེན་སོགས་ལ་བསླབ་སྦྱང་མཛད་པ་དང་། ཁྱད་པར་ཡབ་རྗེ་དམ་པའི་དྲུང་ནས་མདོ་སྔགས་བཀའ་གཏེར་དང་བཅས་པའི་དབང་ཁྲིད་མན་ངག་ཕྱག་བཞེས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། གཞན་ཡང་རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་དང་། གསུང་སྤྲུལ་ལྔ་པ་གྲུབ་མཆོག་རྡོ་རྗེ་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞལ་སྔ་ནས་ཐུན་མོང་ཐུན་མིན་གྱི་གཞུང་ལུགས་མཐའ་དག་ལ་སྦྱང་བརྩོན་ཕུལ་དུ་བྱུང་བས་མཁས་པའི་རྩེ་མོར་སོན། དགུང་ལོ་བཅོ་ལྔ་པར་མདོ་སྔགས་གཞུང་བརྒྱ་སྨྲ་བ་རབ་འབྱམས་པ་འགྱུར་མེད་འཕེལ་རྒྱས་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། གཏེར་གསར་སོགས་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མཐར་ཕྱིན་པ་མཛད། ཁྱད་པར་དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་སྦྲུལ་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་བཅོ་ལྔའི་ཉིན་ཆོས་སྡིངས་སྔགས་རམས་པ་དྷརྨ་ཝ་ཏོར་གྱིས་མཁན་པོ་དང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས་པར་མཛད། འདུལ་བའི་བརྡ་ཆད་དང་ལག་ལེན་ཀྱང་མཁས་པར་སྦྱངས། ཆོས་སྡེ་ཆེན་མོ་སྨིན་གྲོལ་གླིང་གི་མཁན་ཁྲི་ལ་ཞབས་པད་བཀོད་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སྤེལ། རང་དོན་ཉམས་བཞེས་དང་གཞན་དོན་འཆད་སྤེལ་གྱི་ཕྲིན་ལས་ཤིན་ཏུ་རྒྱ་ཆེ་ཞིང་། ལྷག་པར་གཅེན་འགྱུར་མེད་པདྨ་བསྟན་འཛིན་སྐུ་གཤེགས་ནས་ཕྱི་ནང་གི་རྟེན་བཞེངས་བཀའ་ཆོས་འཆད་སྤེལ་སོགས་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟན་པའི་འགན་ཆ་ཚང་བཞེས་གནང་བ་དང་། རིགས་ཀྱི་དབོན་ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ཁྲི་འདོན་དང་དབང་ལུང་གི་རྒྱུན་བསྩལ་བ་སོགས་མཛད་པ་མཐའ་རྒྱས་སུ་གནང་ནས་ཞི་བ་ཆེན་པོར་གཤེགས་སོ། །

[༣༦] རྒྱལ་སྲས་རིག་འཛིན་བཟང་པོ།

དེའི་མཁན་བུ་རྒྱལ་སྲས་རིག་འཛིན་བཟང་པོ་ནི། དཔལ་ལྡན་སྨྱོས་རིགས་ཀྱི་གདུང་རྒྱུད་དུ་སྐུ་འཁྲུངས། སྐུ་གཞོན་ནུ་ནས་དགེ་བའི་བཤེས་གཉེན་དུ་མ་ལས་གསན་བསམ་རྒྱ་ཆེན་པོ་མཛད། དགུང་ལོ་ཉེར་གཅིག་པར་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ཤིང་གཞི་གསུམ་གྱི་ཕྱག་ལེན་སོགས་མདོ་ཕྱོགས་ལ་གསན་སྦྱོང་ཞིབ། ཁྱད་པར་རང་ལུགས་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོས་སུ་མནོས། ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཁྲི་ལ་བཞུགས་ནས་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་ཡུན་རིང་བསྐྱངས་སོ། །

དེའི་མཁན་བུ་གྲུབ་དབང་རྫོགས་ཆེན་པ་མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས་སམ་ཤེས་རབ་བཟང་པོ་དང་། དེའི་མཁན་བུ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དམ་རྒྱལ་སྲས་གཞན་ཕན་མཐའ་ཡས། དེའི་མཁན་བུ་རྫོགས་ཆེན་གླིང་སྤྲུལ་གཉིས་པ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་དཔལ་བཟང་པོ། དེའི་མཁན་བུ་མཁན་ཆེན་པདྨ་བཛྲ་རམ་པདྨ་དམ་ཆོས་འོད་ཟེར། དེའི་མཁན་བུ་རྒྱལ་སྲས་གཞན་ཕན་ཆོས་ཀྱི་སྣང་བ་སྟེ་སྐུ་ཞབས་དགེ་མང་གཉིས་པ། དེའི་མཁན་བུ་མྱ་ངན་མེད་སྤྲུལ་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་རྒྱལ་མཚན། དེའི་མཁན་བུ་མགོ་ཚ་མཁན་པོ་ཤེས་རབ་ཕུན་ཚོགས། དེའི་མཁན་བུ་དགེ་མང་མཁན་པོ་ཡོན་ཏན་རྒྱ་མཚོ། དེའི་མཁན་བུ་ལྕང་མའི་མཁན་ཆེན་ཐུབ་བསྟན་ཆོས་འཕེལ། དེའི་མཁན་བུ་དགེ་མང་མཁན་ཆེན་རིག་འཛིན་དབང་རྒྱལ། དེའི་མཁན་བུ་བདག་ཅག་གི་འདྲེན་མཆོག་དམ་པ་སྐྱབས་རྗེ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་བཅས་གདན་ས་འདི་ཉིད་ཀྱི་རྩ་བའི་སྡོམ་རྒྱུན་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བར་མ་ཆད་པར་བྱོན་ཞིང་། དེ་དག་གི་རྣམ་ཐར་རྒྱས་པ་འོག་ཏུ་སྐབས་ཅི་རིགས་པ་ལས་འབྱུང་བས་འདིར་མི་སྤྲོའོ། །

ཡང་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཆེན་ཁྲི་བ་ཚུལ་ཁྲིམས་རྡོ་རྗེ་ཁམས་ཕྱོགས་སུ་ཕེབས་ནས་གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། དེ་ལས་རྡོར་འཛིན་མཁན་པོ་འགྱུར་མེད་ངག་དབང་ནོར་བུ། དེའི་མཁན་བུ་གཅུང་འགྱུར་མེད་ཆོས་གྲགས། དེའི་མཁན་བུ་དེང་དུས་འཕགས་ཡུལ་དུ་ཞལ་བཞུགས་པ་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ་ངག་དབང་ཆོས་ཀྱི་བཟང་པོའི་བར་བཅས་ཨོ་རྒྱན་སྨིན་གྲོལ་གླིང་སོགས་དབུས་གཙང་དུ་ཡར་མཆེད་པའི་སྡོམ་བརྒྱུད་དང་། གཞན་ཡང་གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་ལས་ཀཿཐོག་མཁན་ཆེན་རྡོ་རྗེ་དཔལ་བཟང་། དེའི་མཁན་བུ་ཉག་རོང་མཁན་པོ་སྐལ་བཟང་དབང་ཕྱུག དེའི་མཁན་བུ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། དེའི་མཁན་བུ་དར་ཐང་མཆོག་སྤྲུལ་ཐུབ་བསྟན་འཇིགས་མེད་ཆོས་ཀྱི་ཟླ་བ། དེའི་མཁན་བུ་དེང་དུས་འཚོ་ཞིང་བཞེས་པ་གྲུབ་དབང་པདྨ་ནོར་བུ་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་བཅས་ཀཿདཔལ་ལ་བརྒྱུད་པའི་སྡོམ་རྒྱུན་དང་། དེ་མཚུངས་ལྕང་མའི་མཁན་ཆེན་ཐུབ་དགའ་ནས་སྙིགས་དུས་བསྟན་པའི་གསལ་བྱེད་མཁན་ཆེན་འཇིགས་མེད་ཕུན་ཚོགས་ནས་རྒྱ་ཆེར་སྤེལ་ཤིང་བསྟན་པ་དག་ཐེར་མཛད་པ་སོགས་མདོར་ན་དེང་གི་དུས་སུ་སྔ་འགྱུར་རྙིང་མའི་རབ་ཏུ་བྱུང་བའི་སྡེ་ཆེན་པོས་ཤར་ནུབ་འཛམ་གླིང་གི་སའི་ཁྱོན་ཀུན་ཁྱབ་དང་ཁྱབ་བཞིན་པ་བདག་ཉིད་ཆེན་པོ་དེ་དག་གི་བཀའ་དྲིན་དང་ཕྲིན་ལས་ལས་བྱུང་བ་མཁྱེན་པར་འཚལ་ལོ། །

དེ་དང་འབྲེལ་བ་ལུང་ཆོས་འདུལ་བའི་བཤད་རྒྱུན་ཇི་ལྟར་བྱུང་བའི་ཚུལ་ནི། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ལས། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གསན་ཏེ་སྒྱུར་བཤད་ཀྱིས་གཏན་ལ་ཕབས། དེ་ལས་དམར་གཡོ་གཙང་གསུམ་གྱིས་ཞུས། དེས་བླ་ཆེན་པོ་ལ། དེ་བཞི་ཀས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ལ། དེས་གཟུས་རྡོ་རྗེ་རྒྱལ་མཚན་ལ་བཤད། ཡང་ཛི་དཱན་གཉིས་ལས་ཤཱཀྱ་སེ་ན། དྷརྨ་པཱ་ལ། ཀླུས་ལོ་ཙཱ་དང་སྐྱོགས་འདུལ་འཛིན་གཉིས། དེ་གཉིས་ལ་གཟུས་ཀྱིས་ཐུག་སྟེ། དེ་ནས་སྟོད་སྨད་ཀྱི་བཤད་རྒྱུན་གཉིས་གཅིག་ཏུ་འདྲེས་པ་དེ་ཉིད་གཟུས་ཀྱི་བུ་བཞིར་གྲགས་པ། འཛིམ་པ་ཤེས་རབ་འོད་དང་སྣེ་པོ་གྲགས་པ་རྒྱལ་མཚན་ཏེ་གཙང་གི་བུ་གཉིས། སྤོ་ཆུང་ཚུལ་ཁྲིམས་བླ་མ་དང་གླན་ཚུལ་བྱང་སྟེ་དབུས་ཀྱི་བུ་གཉིས་ལས་རྒྱ་ཆེར་འཕེལ་བའི་རྒྱུན་ལས་ཕྱིས་མཚོ་སྣ་བ་ཆེན་པོས་མནལ་ལམ་དུ་ཡོན་ཏན་འོད་ལས་མདོ་རྩ་གསན། འདུལ་བའི་རྣམ་བཤད་ཆེན་མོ་ཉི་མའི་འོད་ཟེར་སོགས་བརྩམས་ཏེ་འདུལ་བསྟན་གཞིར་བཞེངས་སུ་བསླངས། གཞན་ཡང་རྒྱ་འདུལ་དབང་ཕྱུག་ཚུལ་ཁྲིམས། བྱ་འདུལ་དབང་ཕྱུག་འབར། རྩིས་འདུལ་འཛིན་པ་སོགས་ཁྱད་དུ་འཕགས་པ་མང་དུ་བྱོན་པའི་བཤད་རྒྱུན་བསོད་ནམས་གྲགས་པ་ལས་བུ་སྟོན་གྱིས་གསན། འདི་ནས་ཁ་ཆེ་པཎ་ཆེན་གྱིས་ས་པཎ་ལ་བསྩལ་བའི་བཤད་རྒྱུན་ཆུ་བོ་གཅིག་འདྲེས་སུ་གྱུར་པ་རིམ་པར་སྨིན་གླིང་ལོ་ཆེན་ཆོས་དཔལ་བཟང་པོ་དང་། དེས་སྡོམ་ཊིཀ་དཔག་བསམ་སྙེ་མ་སོགས་འདུལ་གཞུང་བསྟན་བཅོས་ཀྱང་བརྩམས་ནས་རྒྱ་ཆེར་སྤེལ། དེ་ནས་རིམ་པར་སེང་ཕྲུག་པདྨ་བཀྲ་ཤིས་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་གསེར་རིའི་ཕྲེང་བ་འདུལ་འཛིན་མཁས་བཙུན་གཉིས་ལྡན་བར་མ་ཆད་པ་བྱོན་པས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ད་ལྟའི་བར་རྒྱ་ཆེར་སྤེལ་བར་མཛད་དོ། །

དེ་བཞིན་མངོན་པ་གོང་འོག་གི་བཤད་རྒྱུན་ཡང་། པཎྜི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་གདགས་པའི་བསྟན་བཅོས་ལས། འཇིག་རྟེན་གདགས་པ་དང་། རྒྱུ་གདགས་པ། ལས་གདགས་པ་གསུམ་དང་། མངོན་པ་གོང་འོག་རང་འགྲེལ་དང་། འགྲེལ་བ་རྒྱལ་སྲས་མ་སོགས་བསྒྱུར་ནས་བཤད། དེ་དག་གི་སློབ་མ་སྣ་ནམ་ཟླ་བའི་རྡོ་རྗེ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། དབས་ཡེ་ཤེས་རྒྱལ་བ་གསུམ་ལས། ཕྱི་མ་ཁམས་སུ་བྱོན་ནས་གྲུམ་རྒྱལ་བའི་ཡེ་ཤེས་ལ་བཤད་ཅིང་དེ་ལས་དབུས་གཙང་གི་ལྗོངས་སུ་ཡར་དར་བ་འགོས་ལོ་སོགས་བརྒྱུད་དེ་བྲང་ཏི་དར་མ་སྙིང་པོ་ལ་བཀའ་བབ་པ་ཞིག་དང་། ཡང་པཎ་ཆེན་སྨྲི་ཏི་ཛྙ་ན་བོད་དུ་བྱོན་ནས་ཁམས་ཕྱོགས་སུ་མངོན་པ་མཛོད་ཀྱི་བཤད་ཁྲིད་མཛད་པའི་རྒྱུན་བཅས། བཤད་རྒྱུན་སྔ་ཕྱི་གཅིག་འདྲེས་སུ་གྱུར་པ་ཐམས་ཅད་དགེ་བའི་བཤེས་གཉེན་མཆིམས་སྟོན་རིམ་བྱོན་ནས་རིམ་པར་བརྒྱུད་པའི་མཐར། དུས་ཕྱིས་གྲུབ་དབང་རྫོགས་ཆེན་པའི་གདན་ས་འདི་ནས་མཁས་མཆོག་གཞན་ཕན་སྣང་བ་དང་། འཇམ་མགོན་མི་ཕམ་ཆོས་རྗེ་རྣམ་གཉིས་ཀྱིས་མངོན་པ་གོང་འོག་ལ་འགྲེལ་ཊིཀ་བསྟན་བཅོས་བརྩམས་ཏེ་སྤེལ་བར་མཛད་པས་རང་ཕྱོགས་ཙམ་དུ་མ་ཟད་ས་བཀའ་གཉིས་ཀྱི་ཆོས་སྡེ་ཆེན་མོ་ཁག་ལའང་བཤད་རྒྱུན་འཕེལ་བ་བྱུང་ངོ་། །

སྨྲས་པ།

སྲིད་པའི་ཕུན་ཚོགས་ལྷ་བརྒྱའི་བདེ་དགའ་ལ། །མངོན་པར་ཅོ་འདྲི་ཟས་གཙང་རྒྱལ་པོའི་ཁབ། །དོར་ནས་ཞི་བ་མྱང་འདས་ཆོས་ཀྱི་སྐུ། །འགོག་པ་མངོན་བྱས་ཤཱཀྱ་སེང་གེར་འདུད། །བདེ་གཤེགས་སྟོན་པ་ཆོས་ཀྱི་ཉི་མ་དེའི། །མཐོང་གྲོལ་སྐུ་ཡི་འོད་སྣང་ཡལ་གྱུར་ཚེ། །འདི་ནི་སྟོན་དང་བསྟན་པའི་བདག་ཉིད་ཅེས། །བསྔགས་པའི་འདུལ་བསྟན་ཡུན་དུ་རྒྱལ་གྱུར་ཅིག །ཤུགས་དྲག་སྡུག་བསྔལ་ཚོར་བ་དབལ་ཚ་བས། །ཀུན་ནས་གཙེས་པའི་ཉམས་ཐག་འགྲོ་བ་ལ། །ཆོས་འདུལ་བསྟན་པ་རིན་ཆེན་གདུགས་དཀར་ཏེ། །ཞི་བསིལ་ཐར་བའི་དགའ་སྟོན་སྙོམ་པར་སྦྱིན། །ཉེས་སྤྱོད་འདམ་གྱིས་ནམ་ཡང་མ་གོས་པའི། །དག་གཙང་ཁྲིམས་ཀྱི་འདབ་མ་གསར་པ་ཅན། །ཆོས་འདུལ་བསྟན་པ་པད་དཀར་ཆུན་པོ་སྟེ། །སྐྱེ་དགུའི་མིག་ལ་ཡིད་འོང་མཛེས་པ་སྟེར། །བླང་དོར་རྨོངས་པའི་གཉིད་དུ་ཡུར་བ་ལ། །ཚུལ་དང་ཚུལ་མིན་འདོམས་པའི་ལེགས་བཤད་དབྱངས། །ཆོས་འདུལ་བསྟན་པ་གཡས་འཁྱིལ་དུང་སྒྲ་སྟེ། །གང་གིས་ཐོས་དེ་ཐར་བའི་གྲོང་སྒོར་འཇུག །ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་པད་མའི་མཚོར། །བག་ཡངས་ཚངས་སྤྱོད་རྐྱལ་གྱིས་འཁྱུག་པ་ཡི། །ཆོས་འདུལ་བསྟན་པ་གསེར་གྱི་ཉ་མོ་སྟེ། །སྲིད་པའི་འཆིང་རྒྱ་འཁོར་བའི་སྐྱོན་ལས་གྲོལ། །ཚངས་སྤྱོད་བླ་གོས་དར་གྱི་ཤམ་བུ་ལ། །བསླབ་གསུམ་ནོར་བུའི་ཏོག་གིས་མངོན་མཛེས་པ། །ཆོས་འདུལ་བསྟན་པ་མི་ནུབ་རྒྱལ་མཚན་ཏེ། །མ་ལུས་སྐྱེ་དགུའི་གཙུག་ན་མངོན་པར་མཐོ། །ཉེས་ཚོགས་དྲི་མ་དྲུང་ནས་འཁྲུད་པའི་ཆབ། །དག་བྱེད་བདུད་རྩིའི་བཅུད་ཀྱིས་ཡོངས་གཏམས་པ། །ཆོས་འདུལ་བསྟན་པ་རིན་ཆེན་བུམ་བཟང་སྟེ། །ལེགས་ཚོགས་ཡོན་ཏན་འཛད་མེད་གཏེར་དུ་འཇོ། །བསླབ་གསུམ་གསེར་གྱི་མུ་ཁྱུད་རྣམ་མཛེས་པར། །རྨད་བྱུང་གཟུངས་སྤོབས་ཏིང་འཛིན་རྩིབས་སྟོང་བཀྲ །ཆོས་འདུལ་བསྟན་པ་འཁོར་ལོ་རིན་ཆེན་ཏེ། །རྣམ་དཀར་ཡོན་ཏན་ངང་གིས་སྡུད་ཅིང་འཕེལ། །བསླབ་པའི་སྡོམ་ཁྲིམས་མདུད་པ་དམ་པོའི་གཟུགས། །ནམ་ཡང་མི་ལྷོད་བཀའ་རྟགས་རི་མོའི་རྒྱ། །ཆོས་འདུལ་བསྟན་པ་དཔལ་གྱི་བེའུ་སྟེ། །ས་གསུམ་བཀྲ་ཤིས་བྱེད་པའི་ངོ་མཚར་ལྡན། །ཀྱེ་མ་ཐུབ་པའི་འདུལ་བསྟན་པདྨོའི་ཚལ། །ཕན་བདེའི་རྩ་ལག་མིང་གི་ལྷག་མ་ཙམ། །མཆིས་པ་འདི་ཡང་སྙིགས་སྤྱོད་བ་མོ་ཡིས། །ཉིན་བཞིན་འཇིག་པའི་ངང་ཚུལ་སྙིང་ལ་གདུང་། །ཀྱི་ཧུད་ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་དང་། །རྒྱལ་སྲས་སེམས་དཔའ་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་གཟིགས་པ་དབྱིངས་ནས་མི་གཡེལ་བར། །ཐུགས་རྗེའི་བདེན་སྟོབས་དུས་སུ་སྨིན་གྱུར་ཅིག །ཆོས་ཀྱི་རྒྱལ་པོ་དྲང་སྲོང་ཆེན་པོའི་སྲོལ། །ཆོས་མཆོག་ཞི་བ་མྱ་ངན་འདས་པའི་ལམ། །ཆོས་ཀྱི་རྒྱལ་སྲིད་ཐར་བ་ཆེན་པོའི་གྲོང་། །ཆོས་འདུལ་བསྟན་པ་མི་ཉམས་མཐར་རྒྱས་སྨོན། །ཞེས་བྱ་བ་ནི་བསྟན་པའི་རྩ་བ་སོ་སོར་ཐར་བ་འདུལ་བའི་སྡོམ་རྒྱུན་གྱི་བླ་མ་བརྒྱུད་པའི་རྣམ་ཐར་རྒྱས་པར་བཀོད་པའི་སྐབས་ཀྱི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། བསྟན་པའི་རྩ་བ་ཐེག་དམན་སོ་ཐར་གྱི་སྡོམ་རྒྱུན་རྣམ་ཐར་བསྙད་པའི་སྐབས་ཏེ་སརྒ་དྲུག་པ་རྫོགས་སོ།། །།

༢ ཐེག་ཆེན་མདོ་ལུགས་དབུ་སེམས་ཀྱི་བྱང་སྡོམ་དང་གཞུང་བཤད་ཀྱི་བརྒྱུད་པ།

ཀ རྒྱ་ཆེན་སྤྱོད་སྲོལ་གྱི་བརྒྱུད་པ།

གཉིས་པ་ཐེག་ཆེན་མདོ་ལུགས་དབུ་སེམས་ཀྱི་བྱང་ཆུབ་སེམས་སྡོམ་དང་གཞུང་བཤད་ཀྱི་བརྒྱུད་པ་བཤད་པ་ནི། ཀུན་མཁྱེན་ཆེན་པོའི་སེམས་ཉིད་ངལ་གསོའི་དོན་ཁྲིད་ལས་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་དང་། ཟབ་ཅིང་རྒྱ་ཆེ་བའི་བརྒྱུད་པ། ཟབ་མོ་ལྟ་བའི་བརྒྱུད་པ་སྟེ་གསུམ་དུ་འདྲེན་པ་མཛད་པ་སྟེ།

དང་པོ་རྒྱ་ཆེན་སྤྱོད་སྲོལ་གྱི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། འཇམ་དཔལ་དབྱངས། ཞི་བ་ལྷ། ཨེ་ལ་དྷ་རི། མ་ཧཱ་ཤྲཱི། རཏྣ། བྷ་ཝ་བཛྲ། དྷརྨ་ཀཱིརྟི། དཱི་པཾ་ཀ་ར། སུ་མ་ཏི། ལོ་ཙཱ་བ་བློ་ལྡན་ཤེས་རབ། ཚེ་སྤོང་པ་ཆོས་ཀྱི་བླ་མ། ཕྱྭ་བ་ཆོས་ཀྱི་སེང་གེ དན་འཕགས་པ་དར་མ་བཀྲ་ཤིས། ཤེས་རབ་བློ་གྲོས། ཤེས་རབ་དབང་ཕྱུག སངས་རྒྱས་བརྩོན་འགྲུས། དབེན་དགེ་བ་ཤཱཀྱ་སེང་གེ བླ་བྲང་ཆོས་དཔལ་རྒྱལ་མཚན། ཀུན་མཁྱེན་ཆེན་པོ་ཉིད་བཅས་སོ། །

ཁ ཟབ་ཅིང་རྒྱ་ཆེ་བའི་བརྒྱུད་པ།

གཉིས་པ་ཟབ་ཅིང་རྒྱ་ཆེ་བའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། གྲོལ་བའི་སྡེ། སློབ་དཔོན་རྣམ་སྣང་མཛད། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། བཱི་མ་མི་ཏྲ། རཏྣ་པརྠ། འབུམ་ཕྲག་གསུམ་པ། བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་ཤེས་རབ་བརྩོན་འགྲུས། དཀར་ཆུང་རིང་མོ་པ། ཞང་གཡེ་པ། གཉལ་ཞིག རྒྱ་ཕྱིང་རུ་པ། ཆུ་མིག་སེང་གེ་དཔལ། བློ་གྲགས་པ། དེ་ལས་བཙན་དགོན་པ་དང་དབེན་དགེ་བ་གཉིས། དེ་གཉིས་ལས་བླ་བྲང་པ་དང་ཆོས་གྲགས་གཉིས་པོས། དེ་གཉིས་ལས་ཀུན་མཁྱེན་ཀློང་ཆེན་པ་བཅས་སོ། །

ག ཟབ་མོ་ལྟ་ལུགས་ཀྱི་བརྒྱུད་སྲོལ།

གསུམ་པ་ཟབ་མོ་ལྟ་བའི་བརྒྱུད་སྲོལ་ནི། ཐུབ་པ་ཆེན་པོ། འཇམ་དཔལ་དབྱངས། འཕགས་པ་ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག ཀུ་སཱ་ལི་པ་ཆེ་བ། ཆུང་བ། ཇོ་བོ་རྗེ། བལ་པོ་ཐང་པ་ཛ། ཨ་བྷྱ་ཀ་ར། བྱང་སེམས་ཟླ་བ་རྒྱལ་མཚན། གྲོ་ལུང་པ་ཆེན་པོ། སྤྱི་བོ་ལྷས་པ་བྱང་ཆུབ་འོད། སྨར་ཤཱཀྱ་སེང་གེ། མཆིམས་ནམ་མཁའ་གྲགས། མཁན་པོ་སྨོན་ཚུལ། སློབ་དཔོན་བྱང་ཆུབ་གྲུབ། སློབ་དཔོན་གཞོན་ནུ་རྡོ་རྗེ། དེས་ཀུན་མཁྱེན་ཆོས་རྗེ་ལ་གནང་ཞིང་། རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ནས་བླ་བརྒྱུད་བར་མ་ཆད་པའི་རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་བཀའ་སྲོལ་ཐམས་ཅད་རིག་འཛིན་འཇིགས་མེད་གླིང་པ་ལ་གཅིག་འདྲེས་སུ་བབ་ཅིང་། དེ་ལས་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ། དགེ་རྩེ་འཇིགས་མེད་ངོ་མཚར་རྒྱ་མཚོ་གསུམ་ལ། དེ་རྣམས་ལས་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་སེམས་དཔའ་ཆེན་པོ་སོགས་ལ། དེ་དག་ལས་མཁན་ཆེན་པདྨ་བཛྲ་དང་། འཇམ་མགོན་མི་ཕམ། རྗེ་དབོན་བསྟན་འཛིན་ནོར་བུ་སོགས་ལ། དེ་རྣམས་ལས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཁས་མཆོག་གཞན་ཕན་སྣང་བ་དང་། མཁན་ཆེན་ཡོན་ཏན་རྒྱ་མཚོ་བཅས་ལ། དེ་དག་ལས་འཇིགས་མེད་ཡོན་ཏན་མགོན་པོ་དང་། ལྕང་མའི་མཁན་ཆེན་ཐུབ་དགའ་སོགས་དང་། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལས་བདག་ཅག་གི་རིགས་བདག་བླ་མ་དམ་པ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་དང་ཆོས་རྗེ་པདྨ་སྐལ་བཟང་རྣམ་གཉིས་བཅས་སར་གནས་སེམས་དཔའ་མིའི་ཟོལ་ལ་ཕེབས་པ་བྱང་ཆུབ་སེམས་ཀྱི་མངའ་བདག་ཤ་སྟག་བྱོན་པ་བཅས་བརྒྱུད་པ་གཅིག་དང་། གཞན་ཡང་རང་ལུགས་ཐུན་མིན་གྱི་བཀའ་སྲོལ་གྲུབ་དབང་པདྨ་རིག་འཛིན་ནས་བརྒྱུད་པ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་སྤྱོད་འཇུག་བརྒྱུད་པའི་གསོལ་འདེབས་ལས་གསལ་བ་ནི། སྟོན་མཆོག་ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། ཞི་བ་ལྷ། ཛེ་ཏཱ་རི། ཟླ་གྲགས་ཆུང་བ། ཇོ་བོ་གུ་ཎ་ཤྲཱི། ཀཱ་ན་ཀ་ཤྲཱི། སུ་མ་ཏི་ཀིརྟི། བློ་ལྡན་ཤེས་རབ། སློབ་དཔོན་རྗེ་བཙུན་པ། མཁས་པ་བུ་སྟོན། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། གཡག་ཕྲུག་སངས་རྒྱས་དཔལ། སངས་རྒྱས་འཕེལ། ཕྲིན་ལས་མི་བསྐྱོད། དཀོན་མཆོག་འབྱུང་གནས། མཁས་གྲུབ་ཀརྨ་ཆགས་མེད། གྲུབ་ཐོབ་པདྨ་རིག་འཛིན། དཔོན་སློབ་ནམ་མཁའ་འོད་གསལ། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། འབར་བླ་བཀྲ་ཤིས་རྒྱ་མཚོ། ཉི་གྲགས་རིག་འཛིན་བཟང་པོ། སེང་ཕྲུག་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇིགས་མེད་ངོ་མཚར་རྒྱ་མཚོ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་བཅས་རིམ་པར་འདྲེན་པར་མཛད་པ་སྟེ། འདིར་ཟབ་མོ་ལྟ་སྲོལ་ལུགས་ཀྱི་ཡོངས་སུ་གྲགས་ཆེ་བའི་བླ་བརྒྱུད་རྣམ་ཐར་མདོར་བསྡུས་སུ་བཀོད་པ་ནི། བསྐལ་བ་བཟང་པོའི་རྣམ་འདྲེན་སྟོང་དང་རྩ་གཉིས་ཀྱི་དབུས་སུ་རྩོད་ལྡན་གྱི་འགྲོ་བ་ལ་རྗེས་སུ་བརྩེ་བའི་སྨོན་ལམ་ལྔ་བརྒྱའི་མཐུ་ཡོངས་སུ་གྲུབ་པ་མཉམ་མེད་ཤཱཀྱ་སེང་གེ་ཞིང་འདིར་མཆོག་གི་སྤྲུལ་སྐུའི་ཚུལ་དུ་ཇི་ལྟར་བྱོན་པའི་ཚུལ་གོང་དུ་རྒྱས་པ་བསྟན་ཟིན་པ་ལྟར་རོ། །

[༡] རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་དཔལ་དབྱངས་ནི།

ཇི་སྐད་དུ། འཇམ་དཔལ་གསང་བའི་རྒྱུད་ལས། ང་ནི་དུས་གསུམ་སྔོན་དུ་བྱུང་། །སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་། །ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་། །ང་ནི་དུས་གསུམ་ད་ལྟར་འབྱུང་། །ཞེས་དང་། ང་ནི་དུས་གསུམ་འབྱུང་བའི་སྐུ། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ཇི་ལྟ་བུར་ནི་ཞིར་གྱུར་ཀྱང་། །ང་ནི་ཐམས་ཅད་ཞི་བའི་སྐུ། །ཇི་ལྟ་བུར་ནི་ཁྲོས་གྱུར་ཀྱང་། །ཐམས་ཅད་ཁྲོས་པ་ང་ཡི་སྐུ། །ཞེས་གསུངས་པ་བཞིན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་གཅིག་པུར་གྱུར་པ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་ནམ་མཁའ་ཇི་སྲིད་དུ་བཞུགས་ནས། ལ་ལར་ཡོན་ཏན་མ་ལུས་པ་རྫོགས་པའི་སངས་རྒྱས་དང་། ལ་ལར་རྒྱལ་བའི་སྲས་ཀྱི་ཐུ་བོ་དང་། ལ་ལར་ཡོན་ཏན་ཡོངས་སུ་མ་རྫོགས་པ་ལམ་ལ་སློབ་པ་དང་། ལ་ལར་ཕལ་བའི་གཟུགས་ཀྱིས་མཛད་པ་ཇི་སྙེད་པ་སེམས་ཅན་གྱི་ཁམས་ལྟར་སྟོན་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་སྟེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་སྔར་སངས་རྒྱས་པར་གསུངས་པ་དང་། སོར་མོའི་ཕྲེང་བར་ཕན་པའི་མདོ་ལས་ད་ལྟར་སངས་རྒྱས་ཏེ་འཚོ་ཞིང་གཞེས་པ་དང་། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས་མ་འོངས་པའི་བསྐལ་པ་གྲངས་མེད་པ་ན་མགོན་པོ་ཀུན་ཏུ་གཟིགས་ཞེས་པར་འཚང་རྒྱ་བར་སྟོན་པར་གསུངས་པ་སྟེ་རྒྱས་པ་འཇམ་མགོན་མི་ཕམ་ཆོས་རྗེའི་ཞལ་སྔ་ནས་མཛད་པའི་ཉེ་སྲས་བརྒྱད་ཀྱི་རྟོགས་བརྗོད་སོགས་སུ་གསལ་བ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་གོང་དུ་སོ་ཐར་སྡོམ་རྒྱུན་གྱི་སྐབས་སུ་རྒྱས་པར་སོང་བས་དེ་དག་ཏུ་གཟིགས་པར་འཚལ། །

[༢] ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་དཔལ་ལྡན་ཟླ་བ་གྲགས་པ་ནི།

དེ་ཡང་སྔོན་འཕགས་ཡུལ་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་འདས་པའི་ཚེ་གྲོང་ཁྱེར་ཀྱི་སྐྱེ་བོ་རྣམས་ཀྱིས་ད་ནི་འཇིག་རྟེན་ན་ཉི་མ་ནུབ་བོ་ཞེས་ཆོ་ངེ་ཆེན་པོ་བཏབ་པ་ན་ནམ་མཁའི་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ། ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །སོ་ན་ཞེས་བྱའི་གྲོང་ཁྱེར་ཆེན་པོ་རུ། །ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ། །ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང་། །ཞེས་ཀུན་ཀྱིས་གོ་བར་ནུས་པའི་ལུང་གིས་བསྟན་པ་ལྟར་ཟླ་གྲགས་སྔ་ཕྱི་གཉིས་ལས་ཕྱི་མ་གྲུབ་ཆེན་བརྒྱད་བཅུའི་ནང་ཚན་ངོ་མཚར་བའི་རྣམ་ཐར་བཅོ་ལྔས་ཁྱད་པར་དུ་འཕགས་ཤིང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཡོངས་སུ་གྲགས་པ་དེ་ཉིད་ལྷོ་ཕྱོགས་ས་མནྟ་ཞེས་བྱ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། སྤྲུལ་བའི་མཚན་རྟགས་དང་ལྡན་པ་ཞིག་བྱུང་ནས་མཚན་མཁན་རྣམས་ལ་བསྟན་པས་འདི་ནི་མཚན་ཤིན་ཏུ་བཟང་སྟེ་འདིི་རྒྱལ་བའི་བསྟན་པར་ཞུགས་ནས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་རོ་ཞེས་ལུང་བསྟན། ཇི་ལྟར་ལུང་གིས་བསྟན་པ་ལྟར་ཕ་མ་གཉིས་ཀྱིས་ཀྱང་གནང་སྟེ་རབ་ཏུ་བྱུང་། དཔལ་ན་ལེནྡྲའི་མཁན་པོ་ཟླ་བ་མགོན་པོ་ཞེས་བྱ་བ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཁན་པོ་ཉིད་ཀྱི་མཚན་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་བཏགས། དེ་ནས་རིམ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་གསན་པ་མཐར་སོན། ཇི་ལྟར་གསན་པ་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་རྟོགས་པ་མཆོག་ཏུ་ཐོབ། ཕྱི་ནང་གི་སྤྲོས་པ་ཐམས་ཅད་དོར་ནས་ཉིན་མཚན་ཁོར་ཡུག་ཏུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒོོམ་བཞིན་བཞུགས་པས་མ་དག་པའི་སྐྱེ་བོ་འགའ་ཞིག་ཡི་མ་རང་ནས་གནས་ལས་དབྱུང་བར་རིགས་བྱས་པའི་ཚེ། མཁན་པོས་ཟླ་བ་གྲགས་པ་རང་ཉིད་ཐུགས་དམ་ལས་གཡོ་བ་མེད་ཀྱང་དགེ་འདུན་གྱི་ཁྲོད་ན་ཐ་མལ་པ་མང་པོ་ཞིག་ཉིད་ཀྱི་ངང་ཚུལ་ལ་མ་བཟོད་ནས་སྡིག་གསོག་པར་འདུག་པས། ཁྱོད་ཀྱིས་སྤྱི་གཉེར་ཅིག་གྱིས། ཉི་མ་གྲགས་པ་རོགས་ལ་བཏང་གི་གསུངས་པས་གཉེར་མཛད་ནས་མ་ཧེ་དང་བ་ལང་ཐམས་ཅད་རི་ལ་ཡན་དུ་བཅུག་སྟེ་རི་མོའི་བ་ལས་འོ་མ་བཞོས་ཏེ་དགེ་འདུན་ལ་ཕུལ་བས། ཉི་མ་གྲགས་པས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །རི་མོའི་བ་ལས་ཞོ་བཞོས་ནས། །དགེ་འདུན་འཚོ་བ་ལེགས་པར་བསྒྲུབས། །བྱས་པས་མཁན་པོས་སེམས་ལ་དབང་ཐོབ་པས་དེ་ལྟར་མཛད་པ་ངོ་མཚར་ཆེ་གསུངས་པ་དང་། ཡང་ལན་ཅིག་ཏུ་རུཥྐའི་དམག་བྱུང་བ་ན་ལེནྡྲར་ཟླ་བ་ཕྱེད་ན་སླེབས་ཟེར་བ་ལ་ན་ལེནྡྲའི་ཆོས་སྐྱོང་གི་ཐུགས་ཀ་ནས་བྱ་རོག་གཅིག་བྱུང་ནས་ཟླ་བ་གྲགས་པ་ལ་ཟློག་ཐབས་ཞུས་ཟེར་བ་ལྟར་ཞུས་པས། ཐབས་ཡོད་གསུངས་ནས་རྡོ་ཡི་སེངྒེ་བསྐུལ་ཏེ་དམག་ཐམས་ཅད་བསྐྲད་པས། རྒྱལ་པོ་སྟོབས་ལྡན་གཞོན་ནུས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་ཡི་སེངྒེ་བསྐུལ། །ཏུ་རུཥྐའི་ཡི་དམག་ཟློག་ཀྱང་། །ཤི་རྨས་མེད་པ་ངོ་མཚར་ཆེ། །ཞེས་ཟེར་རོ། ཡང་སློབ་དཔོན་ནགས་ན་སྒོམ་གྱིན་བཞུགས་སྐབས་ཤིག་ནགས་ལ་མེ་ཤོར་བས་ཡུལ་མི་རྣམས་བལྟ་རུ་ཕྱིན་པ་ན། ཤིང་གི་ལྷ་མོ་ཞིག་གིས་རོ་སྟོད་བཏོན་ནས། བྱམས་མགོན་སྙིང་རྗེའི་བདག་ཉིད་ཅན། །མེ་ཡིས་མི་ཚིག་ཆུས་མི་འཁྱེར། །རླུང་གིས་འཐོར་བར་ག་ལ་ནུས། །ཞེས་གསུང་སློབ་དཔོན་གྱི་རྩྭའི་སྤྱིལ་བུའི་འདོམ་གང་ཚུན་ཆད་མེས་མ་ཚིག་པར་འདུག་ཅིང་། ཉིད་ཀྱི་ཞལ་ནས། ང་ཡི་བླ་མ་ཀླུ་སྒྲུབ་ཀྱིས། །སྐྱེ་བ་མེད་པའི་མེ་ཆེན་གྱིས། །དངོས་པོའི་བུད་ཤིང་བསྲེགས་པ་ཡིན། །མཁན་པོ་ཡིས་ཀྱང་བསྲེགས་པ་ཡིན། །ངས་ཀྱང་སྐྱེ་བ་མེད་པའི་མེས། དངོས་པོའི་བུད་ཤིང་བསྲེགས་པ་ཡིན། །དངོས་པོའི་མེ་ཡིས་ག་ལ་ཚུག །ཞེས་གསུངས་སོ། །མངོན་ཤེས་ཀྱང་ཐོགས་པ་མེད་པ་སྟེ་མུ་སྟེགས་ཀུ་མ་རི་ཀ་བྱ་བས། བརྒྱ་བྱིན་ད་ལྟ་ཅི་བྱེད་དྲིས་པས། དངོས་ནི་སུམ་ཅུ་རྩ་གསུམ་ན་ཡོད་ལ། སྤྲུལ་བ་གཅིག་དགའ་ལྡན་ན་བྱམས་པ་ལས་ཆོས་ཉན་གྱིན་ཡོད་གསུངས་པས། ཀུ་མ་རི་ཡིད་མ་ཆེས་པ་ལ། སློབ་དཔོན་གྱིས་ཕྱག་གཡབ་མཛད་པས་བརྒྱ་བྱིན་དངོས་འོངས་པ་ཁོས་མ་མཐོང་། ཡང་ཕྱག་གཡབ་མཛད་པས། སྤྲུལ་པ་འོངས་པ་ཁོས་མཐོང་ནས། ཁྱོད་བརྒྱ་བྱིན་ཡིན་ནམ་བྱས་པས་དངོས་མིན། དངོས་ཡིན་ན་མིག་སྟོང་ཡོད་པ་ལས་ང་ལ་རྗེས་ལས་མེད་ཟེར་བ་བལྟས་པས་རྗེས་ལས་མི་འདུག་པས་ཁོ་ཡིད་ཆེས་སོ། །དེས་ན་སློབ་དཔོན་འདི་ཉིད་པཎྜི་ཏ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། མཁས་པ་ཙནྡྲ་གོ་མི་དང་ལོ་བདུན་བར་ལ་ཕན་ཚུན་ཆོས་ཀྱི་བརྒལ་བརྟག་འགྲན་ཞིང་འཇིགས་བྲལ་སྨྲ་བའི་སེང་གེའི་གནས་སུ་དམ་བཅའ་བ་མཛད་པ་དང་། སློབ་དཔོན་འདིས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཟབ་པ་དང་རྒྱ་ཆེ་བའི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་གཞུང་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་མཛད་ཅིང་། གནས་ལུགས་སྟོང་པ་ཉིད་རིགས་པ་བརྒྱ་ཕྲག་གི་སྒོ་ནས་གཏན་ལ་འབེབས་པ་དབུ་མ་རྩ་བའི་འགྲེལ་བ་ཚིག་གསལ་དང་། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་རྩ་རྒྱུད་ཀྱི་འགྲེལ་བ་སྒྲོན་མ་གསལ་བ་མཛད་པས་སྔོན་གྱི་མཁས་པ་རྣམས་ཀྱིས་མཁའ་ལ་ཉི་ཟླ་གཉིས་ས་ལ་གསལ་བ་གཉིས་ཞེས་བསྔགས་པར་གྲགས། གཞན་ཡང་བཞི་བརྒྱ་པའི་འགྲེལ་བ་དང་། རིག་པ་དྲུག་ཅུའི་འགྲེལ་བ་དང་། དབུ་མ་ཕུང་པོ་ལྔ་པ། སྟོང་ཉིད་བདུན་ཅུ་པའི་འགྲེལ་བ། སྐྱབས་འགྲོ་བདུན་ཅུ་པ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་སུ་གསོལ་བ། གསང་བ་འདུས་པའི་སྦྱོར་པ་ཡན་ལག་དྲུག་པའི་འགྲེལ་བ། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ཁྲོ་བོ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས། སྒྲོལ་མའི་བསྟོད་པ་རྣམས་མཛད་དོ། །སྤྱིར་ཡང་སློབ་དཔོན་འདི་ནི་རྡོ་རྗེའི་སྐུ་བརྙེས་ནས་ད་ལྟ་འཛམ་བུའི་གླིང་ན་གདུལ་བྱའི་དོན་མཛད་བཞིན་བཞུགས་པ་སྟེ། སྔོན་པཱ་ཚབ་ལོ་ཙཱ་བས་སློབ་དཔོན་འདི་ལ་དད་ཅིང་གུས་པས་ཡུན་དུ་གསོལ་བ་བཏབ་ཏེ་ཁ་བ་ཅན་གྱི་ལྗོངས་འདིར་དབུ་མའི་ལམ་སྲོལ་བཟང་པོ་རྒྱ་ཆེར་འཕེལ་ན་ཅི་མ་རུང་སྙམ་སྟེ་རྒྱ་གར་དུ་ཕེབས་པས། སློབ་དཔོན་ཟླ་བ་གྲགས་པས་དངོས་སུ་ཞལ་བསྟན་ཏེ་གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་བསྩལ་ཅིང་བོད་དུ་དབུ་མའི་ལམ་སྲོལ་རྒྱ་ཆེར་སྤེལ་ནུས་པར་བྱིན་གྱིས་བརླབས་པ་ལྟར་རོ། །

[༣] རིག་པའི་ཁུ་བྱུག་ནི།

སྐུ་གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ནར་སོན་པ་ན་བསྙེན་པར་རྫོགས། བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་སྡེ་སྣོད་གསུམ་ལ་སྦྱངས་སྟེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། སློབ་དཔོན་ཟླ་བ་གྲགས་པ་ལས་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མདོ་སྔགས་ཀྱི་མན་ངག་རྣམས་རྫོགས་པར་གསན། ནང་དུ་ཡང་དག་པར་འཇོག་ལ་རྩེ་གཅིག་ཏུ་བཞུགས་ཏེ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ཉམས་རྟོགས་ཕུལ་དུ་ཕྱིན་པ་ཐོབ། ལྟ་བའི་དཀའ་གནད་ཕྲ་མོ་ལ་ངེས་པ་དྲངས་པའི་ཕྱིར་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་གསོལ་བ་ཤུགས་དྲག་རྒྱུན་རིང་བ་བཏབ། བསག་སྦྱང་རྒྱ་ཆེན་པོ་ལ་འབད་པས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དངོས་སུ་ཞལ་བསྟན་ནས་ལྟ་བའི་དཀའ་གནས་ཕྲ་མོ་རྣམས་ཞིབ་ཏུ་བསྟན་པས་མཚན་འཛིན་གྱི་འཆིང་བ་མ་ལུས་པ་དྲུང་ནས་ཕྱུང་། མངའ་རིས་ཆོས་རྒྱལ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཇོ་བོ་རྗེ་སྤྱན་འདྲེན་དུ་བཏང་བའི་ཚེ་ནག་ཚོ་ལོ་ཙཱ་བས་བི་ཀྲ་མ་ལ་ཤི་ལའི་ཚོགས་སུ་པཎྜི་ཏ་ཀུན་ཀྱི་གྲལ་དབུ་ལ་བཞུགས་པ་སྐུ་བགྲེས་ཤིང་བརྗིད་ཆགས་པ་འདི་མགོན་པོ་ཨ་ཏི་ཤ་ཨེ་ཡིན་ཞེས་དྲིས་པས། ཅི་ཟེར་འདི་དཔལ་ལྡན་ཟླ་བ་གྲགས་པ་ལས་ཆོས་དངོས་སུ་ཉན་པ་རིགས་པའི་ཁུ་བྱུག་བྱ་བ་ཨ་ཏི་ཤའི་ཡང་བླ་མ་ཡིན་ཟེར། ཀླུ་སྒྲུབ་ཀྱི་ཡང་དངོས་སློབ་ཡིན་ཚུལ། ཀླུ་སྒྲུབ་བྱོན་ནས་ལྟ་བའི་གནད་ཤིན་ཏུ་ཕྲ་བ་བསྟན་ནས་དངོས་འཛིན་གྱི་འཁྲུལ་བ་རྩ་བ་དྲུང་ནས་ཕྱུང་བར་མཛད་ཅིང་། ཀླུ་སྒྲུབ་ཀྱི་ཞལ་ནས། ངེད་རྒྱ་གར་གྱི་མཁས་གྲུབ་རྣམས་འཇམ་དབྱངས་ལ་བསྟེན་ནས་བྱིན་རླབས་ཐོབ་པ་ཤ་སྟག་ཡིན། དེའི་རྒྱུ་མཚན་ཡང་གསུངས་རབ་ཀྱི་དཀའ་བའི་གནད་ཤིན་ཏུ་ཕྲ་བ་བྱུང་ན་རྗེ་བཙུན་འཇམ་དབྱངས་ལ་གསོལ་བ་བཏབ་ནས་ཟབ་མོའི་དོན་ལ་དཔྱོད་པ་ཡིན། ཁྱོད་ཀྱང་རྗེ་བཙུན་འཇམ་དབྱངས་བསྟེན་པར་གྱིས་ཤིག་གསུངས། ཡང་ཀླུ་སྒྲུབ་ཀྱི་ཞལ་ནས་བདག་ཀྱང་མ་འོངས་པའི་དུས་སུ་མཐའ་འཁོབ་ཏུ་འགྲོ་བའི་དོན་བྱེད་པར་སྨོན་པ་ཡིན། ཁྱོད་ཀྱང་དེའི་དུས་སུ་འཁོར་ཀྱི་ཐོག་མར་གདུལ་བྱ་རྣམས་ཀྱི་མཆོག་ཏུ་འགྱུར་རོ་ཞེས་དང་། ཟླ་བ་གྲགས་པས་ཀྱང་རིག་པའི་ཁུ་བྱུག་ལ། མ་འོངས་པའི་དུས་སུ་རྗེ་བཙུན་འཇམ་དཔལ་དབྱངས་དགེ་སློང་གི་ཚུལ་དུ་བསམ་བཞིན་དུ་མཐའ་འཁོབ་ཏུ་སྐྱེ་བ་བཞེས་པར་འདུག་པས་ཁྱོད་ཀྱང་དེར་སྐྱེ་བ་ལོངས་ལ་བསྟན་པ་རྒྱས་པར་གྱིས་ཞེས་གསུངས་སོ། །

[༤] ཀུ་སཱ་ལུ་ཆེ་བ་ནི།

ཀུ་སཱ་ལ་ཆེ་བའམ་མཚན་དངོས་རིན་ཆེན་བཟང་པོ་ཞེས་བརྗོད་པའི་བདག་ཉིད་ཆེན་པོ་འདི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། རིག་པའི་ཁུ་བྱུག་ལ་བརྟེན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མའི་མན་ངག་རྣམས་དང་ཁྱད་པར་ཕ་རྒྱུད་གསང་བ་འདུས་པའི་མན་ངག་རྣམས་ཡོངས་སུ་རྫོགས་པར་གསན། སློབ་དཔོན་སེང་གེ་བཟང་པོ་ལས་བྱམས་མགོན་ནས་བརྒྱུད་པའི་ཤེར་ཕྱིན་གྱི་མན་ངག་རྣམས་ཀྱང་ཡོངས་སུ་རྫོགས་པ་དང་། སློབ་དཔོན་སངས་རྒྱས་ཞི་བ་ལས་ཡེ་ཤེས་ཞབས་ལུགས་ཀྱི་མན་ངག་མཐའ་དག་དང་། སངས་རྒྱས་ཞི་བའམ་སངས་རྒྱས་གསང་བ་ལས་རྣལ་འབྱོར་རྒྱུད་ཀྱི་མན་ངག་རྣམས་དང་། མཁས་གྲུབ་ཆེན་པོ་སངས་རྒྱས་བསྐྱང་ནས་བརྒྱུད་པའི་མན་ངག་རྣམས་ཀྱང་ཡོངས་སུ་རྫོགས་པར་གསན། སློབ་དཔོན་བློ་གྲོས་བརྟན་པ་ལས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་མན་ངག་རྣམས་གསན་པ་བཅས་མདོར་ན་དུས་དེའི་མཁས་ཤིང་གྲུབ་པའི་སྐྱེས་བུ་གང་དང་གང་བཞུགས་པ་ཕལ་མོ་ཆེའི་ཞབས་ལ་བཏུགས་ནས་མདོ་སྔགས་ཡོངས་རྫོགས་ལ་གསན་པ་རྒྱ་ཆེར་མཛད། ཐོས་བསམ་གྱི་མཐའ་བཅད་ནས་ཐུགས་ཉམས་སུ་བཞེས་ཏེ་མཁས་གྲུབ་གཉིས་ལྡན་དུ་གྱུར་པ་ཞིག་གོ། །

[༥] ཀུ་སཱ་ལུ་པ་ཆུང་བ་ནི།

དགེ་བ་ཅན་ནམ་ཀུ་སཱ་ལ་ཆུང་བ་མཚན་དངོས་རིན་ཆེན་སྡེའམ་རྗེས་སུ་ཐུགས་དམ་ཉམས་རྟོགས་ལས་དཔག་སྟེ་མཚན་དུ་གསོལ་བ་བླ་མ་བྱམས་པའི་རྣལ་འབྱོར་པ་ཞེས་གྲགས་པ་འདི་ནི། ལུང་དང་རྟོགས་པའི་ཡོན་ཏན་གྱིས་མངོན་པར་མཐོ་བ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོར་བཞུགས་པ་ཞིག་སྟེ། སྐུ་གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་ནས་སྡེ་སྣོད་གསུམ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། ཀུ་སཱ་ལུ་ཆེ་བ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མན་ངག་མཐའ་དག་གསན་ནས་ཡོངས་སུ་རྫོགས་པ་ཐུགས་ལ་ཆུད་པར་མཛད། གདམས་ངག་དེ་དག་ཐམས་ཅད་ཀྱང་ཐོས་པ་ཙམ་ཞིག་ཏུ་མ་ལུས་པར་མན་ངག་སོ་སོ་ལ་སྦྱངས་ཏེ་ཉམས་ལེན་སྙིང་པོར་མཛད་ནས་གྲུབ་པའི་འབྲས་བུ་ཐོན་པར་མཛད་ཅིང་། རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་། ལྷག་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོའི་ལམ་གྱི་རིམ་པ་གཉིས་གཅིག་ཏུ་དྲིལ་བ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ལ་ཆུ་བོའི་རྒྱུན་བཞིན་དུ་ཡུན་རིང་ཉམས་ལེན་མཛད་པས་རྟོགས་པ་ཡོངས་སུ་རྫོགས་པ་ཐུགས་ལ་འཁྲུངས། དེའི་ནང་ནས་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པས་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མིན་པ་ཐུགས་ལ་འཁྲུངས། སྐབས་ཤིག་བླ་མ་འདིས་ཆོས་གསུངས་པའི་རྩ་རུ་མི་གཅིག་གིས་ཁྱི་ལ་དབྱུག་པ་བརྒྱབ་པས་བླ་མས་ཨ་ར་གསུངས་ནས་འགྱེལ་བ་ལ་གཞན་རྣམས་ཀྱིས་ཚུལ་འཆོས་རེད་སྙམ་པ་བྱུང་བས། བླ་མས་དེ་མཁྱེན་ནས་སྐུ་རྒྱབ་བསྟན་པས་ཁྱི་ལ་བརྒྱབ་པའི་ཐད་ན་སྐྲང་འདུག་པས་ཐམས་ཅད་ཡིད་ཆེས་སོ། །ཡང་དབེན་པའི་གནས་སུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གཙོ་བོར་མཛད་ནས། ཀྭ་ཡེ་ཕ་མར་གྱུར་པའི་འགྲོ་བ་མ་ལུས་དྲངས་པའི་ཕྱིར། །བདག་ལ་ཡོད་པའི་ཉོན་མོངས་དུག་ལྔ་གང་དག་གིས། །སེམས་ཅན་རྣམས་ཀྱི་དུག་ལྔ་མ་ལུས་འབྱིན་པར་བྱ། །འདོད་ཆགས་ལ་སོགས་མེད་པའི་དགེ་བ་གང་ཡོད་རྣམས། །འགྲོ་དྲུག་སེམས་ཅན་རྣམས་ལ་སྙོམས་པར་བྲིམ་པར་བྱ། །ན་ཚ་ལ་སོགས་འབྲས་བུར་གྱུར་པའི་སྡུག་བསྔལ་གྱིས། །དེ་དང་རིགས་མཐུན་སྡུག་བསྔལ་མ་ལུས་འབྱིན་པར་བྱ། །ན་ཚ་ལ་སོགས་མེད་པའི་ཕན་བདེ་གང་ཡིན་དེ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྙོམས་པར་བྲིམ་པར་བྱ། །དེ་ལྟར་བྱས་ན་རང་ཉིད་འཁོར་བའི་རྒྱ་མཚོ་འདིར། །སྐད་ཅིག་ཙམ་ཡང་འཁྱམ་པའི་གོ་སྐབས་ག་ལ་སྲིད། །འོན་ཀྱང་ཇི་སྲིད་བྱང་ཆུབ་མ་ཐོབ་བར། །མྱོང་འགྱུར་ཉོན་མོངས་རྒྱུ་འབྲས་ཇི་སྙེད་པ། །ཐམས་ཅད་སྐྱེ་བ་འདི་ལ་ཡོངས་སུ་རྫོགས་པར་བྱ། །དེ་ཡང་ད་ལོ་ཟླ་བ་འདི་ལ་འབྱིན་པར་བྱ། །དེ་ཡང་དེ་རིང་ད་ལྟ་ཉིད་དུ་རྫོགས་པར་བྱ། །བློ་འདི་འབྱོང་བར་གྱུར་ཅིག་བྱམས་པའི་རྣལ་འབྱོར་པ། །ཞེས་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཉམས་མགུར་མཛད་ཅིང་ཆུ་བོ་གངྒའི་འགྲམ་དུ་སྒོམ་ཞིང་བཞུགས་པ་ན་རྗེ་བཙུན་བྱམས་པ་མགོན་པོ་མདུན་དུ་བྱོན་ནས་ཞལ་བསྟན་ཏེ། ཐོས་པ་ཙམ་གྱིས་ངན་འགྲོའི་སྡུག་བསྔལ་སེལ་བའི་གླུ། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གླུ་འདི་མཚར། །ཉོན་མོངས་དུག་ལྔ་དགྲ་བཞིན་འཇོམ་པར་རིགས་ན་ཡང་། །ཁྱོད་ཀྱི་འདི་ལྟར་ན་ནི་རྒྱུད་ལ་བསྟེན་པར་འཚལ། །ན་ཚ་སྡུག་བསྔལ་ཀུན་ནས་བཟོད་པར་དཀའ་ན་ཡང་། །ཁྱོད་ཀྱི་འདི་ལྟར་ན་ནི་ངོ་མཚར་རྨད་དུ་བྱུང་། །རང་དོན་ཡལ་བར་དོར་ནས་གཞན་དོན་ལྷུར་མཛད་ཚེ། །རང་དབང་མེད་པར་འཁོར་བར་འཁྱམས་པ་སུ་ཡི་བཀའ། །དེས་ན་རང་དོན་བསམ་པ་སྐད་ཅིག་མ་འཁྲིས་པར། །གཞན་གྱི་མི་འདོད་བདག་གིས་ལེན་པ་དམ་པ་ཡིན། །ཐེག་པ་ཆེན་པོའི་གསུང་རབ་མཐའ་ཡས་མུ་མེད་ཀྱང་། །འདི་རུ་མ་འདུས་རྡུལ་ཙམ་གང་ཡང་ཡོད་མ་ཡིན། །དེ་ཕྱིར་རྣལ་འབྱོར་ཁྱོད་ཀྱི་རྡོ་རྗེའི་གླུ་དབྱངས་འདི། །ཐོས་སམ་བསམ་མམ་བསྒོམ་མམ་བཤད་ཀྱང་རུང་། །འཇིག་རྟེན་ལྷ་དང་བཅས་པའི་སྐྱབས་གནས་དམ་པ་སྟེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུ་དེ། །ཁྱོད་ཀྱི་བློ་ལ་ཤར་བ་ངོ་མཚར་ཤིན་ཏུ་ཆེ། །ཞེས་ཐུགས་ཤིན་ཏུ་མཉེས་པའི་སྒོ་ནས་དབུགས་དབྱུང་བར་མཛད་པས་བྱམས་སྙིང་རྗེའི་རྟོགས་པ་རྒྱ་ཆེར་འཕེལ་ཞིང་ཐེ་ཚོམ་གྱི་མདུད་པ་གྲོལ་ནས་མཐོང་ཐོས་དྲན་རེག་ཐམས་ཅད་ལ་ཕན་པའི་ནུས་པ་ཐོབ་སྟེ། འདི་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་དུས་དང་གནས་སྐབས་ཐམས་ཅད་དུ་དྲན་པ་བརྗེད་པ་མ་མཆིས་པར་ཆོས་འདི་བློ་ལ་སྦྱངས་ཤིང་ཁམས་བསོའི་རྡོ་རྗེའི་གླུ་དབྱངས་བླངས་པས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེའི་ཚོགས་དང་། ཤ་ཟ་དང་། སྲིན་པོ་ལ་སོགས་པ་བུ་གཅིག་གི་མ་ལྟར་བྱམས་བཞིན་དུ་གུས་པས་དབང་དུ་འདུས་པར་གྱུར་ཏོ། །གཞན་ཡང་ཡུལ་གྱི་རྒྱལ་པོ་དང་། བློན་པོ་དང་། བཙུན་མོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ཁྱེའུ་བུ་མོ་དམངས་རིགས་ལ་སོགས་པ་ཐམས་ཅད་དབང་དུ་འདུས་ཏེ་དགའ་བས་རྗེས་སུ་འབྲང་ཞིང་མཐོང་ཐོས་ཐམས་ཅད་བྱམས་པའི་རང་བཞིན་ཅན་དུ་གྱུར་ཏོ། གཞན་ཡང་རྟ་གླང་མ་ཧེ་སྤྲེའུ་འདབ་ཆགས་རྣམས་དང་། གཅན་གཟན་གྱི་ཚོགས་རྣམས་དང་། ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་མི་འཇིགས་ཤིང་བག་ཕེབས་པར་རྣལ་འབྱོར་པའི་དྲུང་དུ་འཁོད་པར་གྱུར་ཏོ། དེ་ལྟར་རྣལ་འབྱོར་པའི་ཐུགས་ཀྱིས་དགོངས་ནས་སླར་ཡང་། ཐོག་མེད་དུས་ནས་ཉེ་བར་འབྲེལ་བ་ཡི། །ཕ་མར་གྱུར་པའི་སེམས་ཅན་མ་ལུས་པ། །བྱང་ཆུབ་མཆོག་ལ་འགོད་པའི་ཡི་དམ་བསམ། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། །དེ་ཚེ་རང་དོན་སྐད་ཅིག་མ་འཁྲིས་པར་། །གཞན་དོན་འབའ་ཞིག་སྙིང་ལ་གོམ་པར་བྱ། །འདི་ནི་བྱང་ཆུབ་བསྒྲུབ་པའི་གཙོ་བོ་ཡིན། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། །བདེ་སྡུག་བཏང་སྙོམས་ཚོར་བ་ཅི་བྱུང་ཡང་། །བྱང་ཆུབ་འབྱིན་པའི་གྲོགས་སུ་དང་དུ་བླངས། །བསྐལ་པ་དུ་མར་བསོད་ནམས་ཅི་གསོག་ཀྱང་། །ཉན་ཐོས་སྡར་མའི་ཕྱོགས་སུ་ཤོར་མ་གྱུར། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། །དེ་ཙམ་ཞིག་ཏུ་མི་འདོད་ཅི་བྱུང་ཡང་། །བཟོད་པའི་གོ་ཆ་ཅུང་ཟད་ཤོར་མ་གྱུར། །ལྷག་པར་དྲིན་གྱིས་བསྐྱང་བའི་སྐྱེ་བོ་ཡིས། །ལོག་སྒྲུབ་བྱས་ཀྱང་འཛུམ་པའི་བཞིན་གྱིས་བསྐྱངས། །ཆོས་འདི་བྱམས་པ་མགོན་ལ་མཆོད་པར་བགྱི། །སྡང་བའི་སྐྱེ་བོས་ཕྱོགས་ནས་སྡིག་བསགས་ཀྱང་། །ངན་པའི་བསམ་པ་སྐད་ཅིག་ཤོར་མ་གྱུར། །སྣང་སྲིད་བདུད་དང་ལྷ་འདྲེ་དགྲར་ལངས་ཀྱང་། །རང་འདོད་འཁྲིས་པའི་སྲུང་སྐྱོབས་བྱེད་མ་མྱོང་། ཆོས་འདི་བྱམས་པ་མགོན་ལ་མཆོད་པར་བགྱི། །ངེས་པར་འཆི་བའི་ནད་ཀྱིས་བཏབ་གྱུར་ཀྱང་། །ཆོས་མིན་དག་ལ་ཡིད་བརྟན་འཆའ་མ་མྱོང་། །སེར་སྣ་གོམས་པས་འབྱོར་བ་ཆུང་ན་ཡང་། །ལོག་པའི་འཚོ་བས་ལྟོ་གོས་བྱེད་མ་མྱོང་། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། །ངན་པའི་གྲོགས་ཀྱིས་ཀུན་ནས་བསྐོར་ན་ཡང་། །གཉེན་པོའི་རང་ཚུགས་གང་ལའང་བསྐྱུད་མ་མྱོང་། །མདོར་ན་འགྲོའམ་འདུག་གམ་ཅི་བྱེད་ཀྱང་། །མ་བརྟགས་བྱ་བ་ཅི་ཡང་བྱེད་མ་མྱོང་། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱིས། །དེ་ལྟར་ཡིན་མོད་འོན་ཀྱང་ཆོས་རྣམས་ལ། །བདེན་པར་རྟོག་པ་རྡུལ་ཙམ་ཡོད་མ་མྱོང་། །འདི་ནི་བྱང་ཆུབ་སྒྲུབ་པའི་གཙོ་བོ་ཡིན། །ཆོས་འདི་བྱམས་པ་མགོན་ལ་མཆོད་པར་བགྱིས། །དེ་ལྟར་བསྒྲུབས་པའི་མཆོད་པ་དམ་པ་འདི། །རྣལ་འབྱོར་བདག་གི་བསམ་པ་སྦྱང་བའི་ཕྱིར། །བྱམས་པའི་དཔུང་གིས་ཡོན་འདི་བཞེས་སུ་གསོལ། །བཞེས་ལ་བློ་འདི་འབྱོང་བར་མཛད་དུ་གསོལ། །ཞེས་རྗེ་བཙུན་བྱམས་པ་མགོན་པོ་ལ་སྒྲུབ་པའི་མཆོད་པ་རྒྱ་ཆེར་ཕུལ། དེའི་ཚེ་བར་སྣང་ལ་མཆོད་པའི་ལྷ་མོ་ལྔ་དང་། སྒྲ་དང་འོད་ལ་སོགས་པ་ཡིད་དུ་འོང་བའི་མཆོད་པ་གཞན་ཡང་དཔག་ཏུ་མེད་པའི་རྣམ་པ་བྱུང་བར་གྱུར་ཏོ། །དེའི་ཚེ་བྱམས་པའི་རྣལ་འབྱོར་པ་ལ་བློ་སྦྱོང་འདི་ཞུ་བ་ཆེས་མང་དུ་བྱུང་བ་ཡིན་ནོ། །

[༦] ཇོ་བོ་ཐང་པ་ཛ་ནི།

དེ་ཡང་ཇོ་བོ་ཐང་པ་ཛའམ་ཛྙཱ་ན་ཨཱ་ཀཱ་ར་ནི་འཕགས་ཡུལ་གྱི་རྒྱལ་པོ་ར་ཐཱི་ཀ་སེ་ནའི་དུས་སུ་བྱོན། སྐུ་ན་ཆུང་ངུའི་དུས་ནས་ངེས་འབྱུང་དང་བྱང་སེམས་ཀྱིས་རྒྱུད་ཕྱུག་ཅིང་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སློབ་དཔོན་རིན་ཆེན་སྡེ་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་གཞུང་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པ་གསན། གཞན་ཡང་དེ་དུས་གྱི་མཁས་གྲུབ་མང་པོ་ལས་མདོ་སྔགས་རིག་གནས་དང་བཅས་པ་གསན་ནས་མཁས་པ་ཆེན་པོ་ཛྙཱ་ན་ཨཱ་ཀ་ར་ཞེས་ཡོངས་སུ་གྲགས། ཐོས་བསམ་མཐར་ཕྱིན་རྗེས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་རྗེ་བཙུན་བྱམས་པ་མགོན་པོས་ཞལ་དངོས་སུ་བསྟན་ནས་གྲུབ་པའི་ས་མཐོར་གཤེགས། ཇོ་བོ་རྗེ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་ཚོགས་གྲངས་ལས་འདས་པ་བསྐྱངས་ཤིང་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང་བཞུགས་པ་ན། སེམས་ཅན་སྤྱི་མཐུན་ཀྱི་ལས་ལ་ལྡོག་ཐབས་མ་བྱུང་བས་ཏུ་རུཥྐའི་རྒྱལ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་མ་ག་དྷའི་ཡུལ་ཐམས་ཅད་འཇོམས་པར་བྱུང་སྟེ་བསྟན་པ་ལ་གནོད་ཆེན་པོ་བྱུང་སྐབས་མཁས་པ་ཆེན་པོ་ཛྙཱ་ན་ཨཱ་ཀ་ར་ལ་སོགས་པཎྜི་ཏ་མང་པོ་དང་། མཁས་ཆུང་བརྒྱ་ཙམ་རྒྱ་གར་ལྷོ་ནུབ་ཀྱི་ཕྱོགས་སུ་བྱོན་ནས་རྒྱལ་བསྟན་དར་བར་བྱས་པའོ། །

[༧] སློབ་དཔོན་འཇིགས་མེད་འབྱུང་གནས་ནི།

སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རའམ་འཇིགས་མེད་འབྱུང་གནས་ནི་སྐུ་གཞོན་ནུ་ཉིད་ནས་ངེས་འབྱུང་གིས་ཀུན་ནས་སློང་བའི་སྒོ་ནས་བསྟན་པ་ལ་རབ་ཏུ་བྱུང་། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀུན་ལ་མཁས་པར་སྦྱངས་ཤིང་སྐུ་ནར་སོན་ནས་བསྙེན་པར་རྫོགས། པཎྜི་ཏ་ཆེན་པོ་ཛྙཱ་ན་ཨཱ་ཀ་ར་ལས་ཟབ་མོ་ལྟ་བའི་སྲོལ་གྱི་གཞུང་མན་ངག་དང་བཅས་པ་གསན་ནས་བསག་སྦྱང་ལ་འབད་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། དེ་ཡང་ཧསྟི་སཱ་ལའི་བུ་རྒྱལ་པོ་ར་མ་སཱ་ལ་ཞེས་བྱ་བ་ཆུང་ངུ་ནས་རྒྱལ་སྲིད་དུ་བསྐོས་པས་བློ་གྲོས་ཤིན་ཏུ་ཆེ་ཞིང་མངའ་ཐང་ལྷག་པར་རྒྱས་པ་བྱུང་། དེ་རྒྱལ་སྲིད་དུ་འཁོད་ནས་མི་རིང་བ་ན་སློབ་དཔོན་ཆེན་པོ་ཨ་ཧཾ་ཨཱ་ཀ་ར་རྡོ་རྗེ་གདན་གྱི་མཁན་པོར་སྤྱན་དྲངས། དེ་ནས་ལོ་མང་ཞིག་སོང་བ་ན་བི་ཀྲ་མ་ཤཱི་ལ་དང་དཔལ་ནཱ་ལེནྡྲའི་མཁན་པོར་སྤྱན་དྲངས། དེ་སྐབས་སྔར་དང་མི་འདྲ་བར་བི་ཀྲ་མ་ཤི་ལར་པཎྜི་ཏ་བརྒྱ་དྲུག་ཅུ་ཙམ་རེ་དང་གཏན་དུ་བཞུགས་པའི་དགེ་སློང་སྟོང་རེ་ཡོད་ཅིང་། མཆོད་པ་ལ་སོགས་པ་འདུས་པ་ཆེན་པོའི་དུས་སུ་རབ་བྱུང་ལྔ་སྟོང་རེ་བྱུང་། རྡོ་རྗེ་གདན་དུ་རྒྱལ་པོས་འཚོ་བ་སྦྱར་བའི་ཐེག་ཆེན་པ་བཞི་བཅུ་རེ་དང་ཉན་ཐོས་ཀྱི་དགེ་སློང་ཉིས་བརྒྱ་རེ་རྟག་ཏུ་བཞུགས་ཤིང་དུས་དུས་སུ་ཉན་ཐོས་ཀྱི་དགེ་སློང་ཁྲི་ཕྲག་རེ་འཚོགས་པ་བྱུང་། ཨོ་ཏནྟ་པུ་རིར་ཡང་རྟག་ཏུ་དགེ་སློང་སྟོང་ཕྲག་རེ་བཞུགས། ཐེག་པ་ཆེ་ཆུང་གི་སྡེ་གཉིས་ཆར་ཡོད་ཅིང་དུས་དུས་སུ་རབ་ཏུ་བྱུང་བའི་འདུས་པ་སྟོང་ཕྲག་བཅུ་གཉིས་རེ་བྱུང་བར་གྲགས། ཐེག་ཆེན་པ་མཐའ་དག་གི་གཙུག་གི་ནོར་བུ་སློབ་དཔོན་ཨ་བྷ་ཡ་ཀ་ར་འདི་ཡིན་ལ་ཉན་ཐོས་རྣམས་ཀྱིས་ཀྱང་འདུལ་བ་འཛིན་པ་ཆེན་པོ་ཞེས་པས་རབ་ཏུ་བཏུད་དོ། །ཁྱད་པར་བསྟན་པ་ལ་དག་ཐེར་ཆེར་མཛད་ཅིང་ཉིད་ཀྱིས་མཛད་པའི་གསུང་རབ་རྣམས་རྒྱ་གར་གྱི་ཐེག་ཆེན་པ་རྣམས་ལ་ལྷག་པར་དར་བས། ཕྱིས་སུ་བྱོན་པའི་སློབ་དཔོན་རཏྣཱ་ཀ་ར་ཤཱནྟི་པ་དང་སློབ་དཔོན་འདི་གཉིས་དུས་ཀྱི་དབང་གིས་བསྟན་འགྲོ་ལ་ཕན་ཐོགས་ཆེ་ཆུང་མ་གཏོགས་སྔོན་གྱི་སློབ་དཔོན་ཆེན་པོ་བ་སུ་བནྡྷུ་སོགས་དང་ཡོན་ཏན་མཉམ་པ་ཡིན་པར་གྲགས། དེས་ན་སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་འདི་ནི་མཁྱེན་བརྩེ་ནུས་མཐུ་དང་དབང་ཕྱུག་སོགས་ཕུན་སུམ་ཚོགས་པས་བསྟན་པ་ཡོངས་སུ་རྫོགས་པར་འཛིན་པའི་སློབ་དཔོན་ཆེན་པོར་གྲགས་སོ། །

[༨] བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ནི།

འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པར་ཡོངས་སུ་གྲགས་ཤིང་། སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་སོགས་མཚན་ལྡན་གྱི་བཤེས་གཉེན་དུ་མར་མཉེས་པ་གསུམ་ཀྱིས་བསྟེན་ནས་མཁས་དང་གྲུབ་པའི་དབང་པོར་གྱུར། སྐབས་ཤིག་སྐྱིད་གྲོང་དུ་ལོ་ཀེ་ཤྭ་རའི་དྲུང་དུ་ཞག་བདུན་ལ་གསོལ་བ་དྲག་པོ་བཏབ་པས། ལོང་བ་བརྒྱ་ལ་མིག་བྱིན། གཙུག་ལག་ཁང་བརྒྱ་རྩ་བརྩིག ལམ་འཕྲང་བརྒྱ་སོལ། དགེ་སློང་བརྒྱའི་འཚོ་བ་དྲོངས། དེ་རྣམས་གྲུབ་ནས་མྱུར་དུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཐོབ། དེར་དགེ་སློང་བཞི་སྡེ་རེ་ཁྲིད་ནས་བསོད་སྙོམས་མཛད་པས་སྐུ་བསོད་རྒྱས་ཏེ་ཟང་ཟིང་གི་འདུ་བ་རྒྱ་ཆེར་བྱུང་སྟེ། ལྷ་ཁང་བརྒྱ་བཞེངས། སྲོག་བསླུ་དང་མིག་བསླུ་སུམ་བརྒྱ་ལྷག་མཛད། ལམ་འཕྲང་དུ་མ་གསོས། དགེ་སློང་སྟོང་ཉིས་བརྒྱ་ཙམ་གྱི་འཚོ་བ་སྦྱར་བ་སོགས་བསྟན་འགྲོར་སྨན་པའི་མཛད་བཟང་རྒྱ་ཆེར་གནང་། ཡང་ལྷོ་རྒྱུད་ཀྱི་གྲོང་ཞིག་ཏུ་ཕེབས་པ་ན་བུད་མེད་ནད་པ་ཞིག་གིས་བྱིན་རླབས་ཞུས་པར་གཏོར་མ་དང་བསྔོ་བ་ཡང་མཛད་ནས། ན་ཚ་སྔོན་གྱི་མི་དགེ་བ་ལས་བྱུང་བ་ཡིན་པས་བཟོད་པ་དང་བྱང་ཆུབ་ཀྱི་སེམས་གྱིས་ཤིག་གསུངས་པས་མོ་དད་པ་སྐྱེས་ཏེ་མིག་ནས་མཆི་མ་བླགས་བཞིན་དུ། ཚེ་སྔོན་མ་ལྟ་ཞོག་ཚེ་འདིར་ཡང་སྡིག་པ་མང་དུ་བསགས་ནས་ཡོད་ན་ཟེར་བས། འོ་ན་སྡིག་པ་དྲན་ཚད་མཐོལ་བཤགས་གྱིས་དང་དག་པ་ཡིན་ནོ་གསུངས། དེར་མོ་ན་རེ། བདག་སྐྱིད་གྲོང་དུ་ཚོང་དཔོན་ཕྱུག་པོ་ཞིག་གི་ཆུང་མ་ལ་ཕྱིན་ནས་བུ་ཞིག་ཡོད་པ་ལོ་བདུན་ལོན་པའི་ཚེ། ཚོང་དཔོན་བལ་ཡུལ་དུ་ཚོང་ལ་ཕྱིན་པ་ལོ་གསུམ་དུ་མ་འཁོར་ཤུལ་དུ་བདག་སྐྱེ་མཆེད་ལེགས་པ་དང་། ཉོན་མོངས་དྲག་པོའི་དབང་གིས་སྐྱེས་པ་གཞན་དང་འགྲོགས་པའི་བུ་ཞིག་སྐྱེས་པ་དེ་བསད་ནས་ལོངས་སྤྱོད་རྣམས་ཀྱང་ཕྱེད་མེད་དུ་སོང་བས། བུས་ངའི་ཕ་དེ་བྱུང་དུས་ཁྱོད་ལ་ཅི་འདྲ་ཞིག་བྱེད་འོང་ངམ་ཟེར་བར། ངས་ཅི་བྱས་སྨྲས་ཏེ་རྡོག་ཐོ་ཞིག་བརྒྱབ་པས་མཆིན་ཁར་ཕོག་པས་ཁ་ནས་ཁྲག་བསྐྱུགས་ཏེ་ཤི། དེར་ངའི་བུ་གཟའ་གདོང་ཐུག་གིས་ཤི་བ་ལབ་ནས་གཡོ་ཁྲམ་མང་པོ་བྱས། བླ་མཆོད་ཞིག་ལ་དེའི་རྒྱུས་ཡོད་པས་དེའང་དུག་བླུད་ནས་བཀྲོངས་བ་དང་། ནམ་ཞིག་ན་ཚོང་དཔོན་ནོར་དཔག་མེད་བཅས་སླེབས་པ་ན་གཡོག་མོ་ཞིག་གིས་ལོ་རྒྱུས་རྣམས་ལྐོག་ཏུ་བཤད་པས། ཁོ་ན་རེ། དོ་ནུབ་མི་ཤེས་པ་ལྟར་གྱིས། ནངས་པར་མིག་འདོན་ནོ་ཟེར་བ་མོས་ཉན་རྣ་བྱས་པས་ཐོས་ཏེ་འཇིགས་དྲགས་ནས་དུག་མང་པོ་ཆང་ལ་སྦྱར་ཏེ་ཚོང་དཔོན་དཔོན་གཡོག་བརྒྱད། ཁྱིམ་མཚེས་སྐྱེས་པ་གཉིས། ཁོལ་མོ་གཉིས་བཅས་ལ་བླུད་པས་ཐོ་རངས་ནས་སྨྲ་མི་ཤེས་པར་གྱུར་ཏེ་ཞག་གཉིས་ཀྱི་ཁོངས་སུ་ཐམས་ཅད་ཤི། བདག་ལྷོ་བལ་དུ་བྲོས། དེའི་ལེ་ལན་བདས་པས་ཕ་མེས་རྣམས་ཀྱང་ཕུད་དུ་བཅུག གཞན་ཡང་གཡོ་ཟོལ་གྱིས་སྡིག་པ་སྣ་ཚོགས་བྱས་པས་ཐུགས་རྗེས་བཟུང་འཚལ་ཟེར། བུད་མེད་གཅིག་ལ་དེ་འདྲའི་སྡིག་ཆེ་བ་ལ་དགོངས་ཏེ་སྤྱན་ཆབ་མང་པོ་ཤོར། དེར་བརྩེ་བས་རྗེས་སུ་བཟུང་སྟེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་བཅུག་ནས་གཉེན་པོ་སྟོབས་བཞིས་བཤགས་པས་ནད་ལས་གྲོལ། སྨྱུང་གནས་ཚར་བརྒྱད་བགྱིད་པར་བསྒོས་པས་ས་ག་ཟླ་བ་ལ་སྨྱུང་གནས་བྱས་པའི་ལན་གཅིག་གི་དགོངས་མོར་ཁ་སྐོམ་ནས་ཆང་འཐུང་། ཡང་ལན་གཅིག་ལ་ལྟོག་དྲགས་ནས་ཞལ་ཟས་བཞི་ཕུལ་ཡོད་པ་ལས་གཉིས་ཟོས། དེ་ལྟར་སྙུང་གནས་ཧྲལ་པོ་ལན་གཉིས་དང་གདན་གཅིག་ལ་བརྟེན་པའི་བསྙེན་གནས་དྲུག་སྟེ་བརྒྱད་ནས་རིང་པོར་མ་ཐོགས་པར་ཤིའོ། དེར་དགེ་སློང་ཞིག་གིས་རྒན་མོ་མི་བཅོ་ལྔ་བསད་པ་དེ་ཤི་བར་ཐོས་པས་གར་སྐྱེ་ཞུས་པར་བུད་མེད་དེ་རྒྱ་གར་ཤར་ཕྱོགས་ན་བྲམ་ཟེ་འབྱོར་ལྡན་ཞིག་གི་བུར་སྐྱེས་ནས་རིན་པོ་ཆེའི་རྒྱན་མང་པོ་ཅན་དུ་གདའ། སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྨྱུང་གནས་བྱེད་པ་དེས་མི་ལུས་ཐོབ་ཀྱང་ཁ་སྐོམ་ནས་ཆང་འཐུང་བས་ཤེས་པ་མཐོ་དམན་ཅན། ཞལ་ཟས་ཟོས་པས་གཟུགས་ངན་པ་ཞིག་ཏུ་སྣང་། སྐྱེ་བ་དེར་སྤྱན་རས་གཟིགས་ལ་ཡི་དམ་བྱེད་ཅིང་ཚེ་འཕོས་མ་ཐག་ཏུ་བདེ་བ་ཅན་དུ་སྐྱེ་བར་འདུག་གསུངས་སོ། །ཡང་ལན་གཅིག་བྱང་ཆུབ་སེམས་དཔས་གཙང་སྟོད་དུ་སེམས་བསྐྱེད་ཅིག་གསུངས་པའི་ཚེ་མི་ཐམས་ཅད་ཀྱིས་མཐོང་བར་ཙིའུ་དམར་དངོས་སུ་བྱུང་ནས་གྲུབ་རྟགས་ཞིག་སྟོན་པར་ཞུས་པས་ཕྱག་མཐིལ་དུ་སྤྱན་ཁྲ་ཧྲིག་ཧྲིག་པ་ཀུན་ཀྱིས་མཐོང་། ཁ་ཅིག་གིས་བཅུ་གཅིག་ཞལ་འགྲོ་འདུལ་ཕྱག་བཞི་པ་ཁ་སར་པ་ཎི་སོགས་དངོས་སུ་མཐོང་། ཁོ་ཡང་དད་དེ་ཆོས་འདིའི་སྲུང་མར་ཁས་བླངས་སོ། །དེའི་ཚེ་མི་རྣམས་ཤིན་ཏུ་དད་ནས་སྡིག་བཤགས་ཕུལ་བ་མང་པོ་བྱུང་ཞིང་བསྟན་འགྲོར་སྨན་པའི་མཛད་བཟང་རྒྱ་ཆེན་པོར་སྤེལ་བ་གྲགས་སོ། །

གྲོ་ལུང་པའམ་གྲོ་སྟོན་བདུད་རྩི་གྲགས་ནི།

སྣར་ཐང་པའི་གདན་ས་ལོ་ངོ་དགུའི་བར་དུ་བསྐྱངས་པ་སོགས་མཛད་རྣམ་རྒྱས་པ་སོ་ཐར་སྡོམ་རྒྱུན་སྐབས་སུ་གསལ་བ་ལྟར་རོ། །

[༩] བྱང་ཆུབ་འོད་དམ་སྤྱི་བོ་ལྷས་པ་ནི།

བོད་ཆེན་པོའི་ལྗོངས་ཀྱི་ཆར་གཏོགས་གཙང་གི་ས་ཆར་རིགས་རུས་དང་ཆོ་འབྲང་ཕུན་སུམ་ཚོགས་པའི་ཁྱིམ་རྒྱུད་ཅིག་ཏུ་མཚན་དཔེའི་པདྨོ་བཞད། སྐུ་ཆུང་ངུའི་དུས་ནས་སྙིང་རྗེས་རྒྱུད་བརླན་ཞིང་ཤེས་རབ་ཀྱི་རྩལ་རྫོགས་པ་ལྷན་སྐྱེས་སུ་མངའ། བཀའ་གདམས་བརྒྱུད་པའི་བླ་མ་ཚེ་ཀོང་སྣེ་གྱུར་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མར་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཐར་ཕྱིན། སྒྲུབ་པ་ཉམས་སུ་བཞེས་ནས་གྲུབ་པའི་ས་མཐོར་གཤེགས། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་འགྲོར་སྨན་པའི་མཛད་བཟང་རྒྱ་ཆེར་བསྐྱངས་ནས་རེ་ཞིག་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་དོ། །

རྨ་བྱ་བ་ཤཱཀྱ་སེང་གེའི་རྣམ་ཐར་ཆ་ཚང་བ་སྔར་གྱི་ཆོས་འབྱུང་རྣམས་སུ་མི་བཞུགས་པས་འདིར་འགོད་ཐབས་བྲལ་ལོ། །

མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་གོང་དུ་སོ་ཐར་སྡོམ་རྒྱུན་གྱི་སྐབས་སུ་གསལ་བ་ལྟར་རོ། །

[༡༠] མཁན་པོ་སྨོན་ལམ་ཚུལ་ཁྲིམས་ནི།

བསིལ་ལྡན་ཆོས་ཀྱི་ཞིང་ཁམས་སུ་སྐྱེ་བའི་མྱུ་གུ་བཟུང་། སྐུ་ཆུང་ངུ་ཉིད་ནས་ལས་འབྲས་ཡིད་ཆེས་ཀྱི་ལྟ་བས་རྒྱུད་ཕྱུག་ཅིང་བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་མཛད། བསླབ་པ་གསུམ་གྱིས་རྒྱུད་ལེགས་པར་བསྡམས་ཤིང་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་ཐུན་མོང་རིག་པའི་གནས་སྤྱི་དང་ཁྱད་པར་མདོ་སྔགས་གཉིས་ལ་སྦྱངས་པ་མཐར་ཕྱིན། མཁས་པའི་དབང་པོ་མཆིམས་ཆེན་ནམ་མཁའ་གྲགས་ལས་ཟབ་མོ་ལྟ་བའི་བརྒྱུད་སྲོལ་གྱི་སྒོ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་སྨོན་འཇུག་གི་བསླབ་པ་ལ་འཇུག་པ་དྲག་པོས་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད། ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཉིས་ཀྱི་ཤིང་ལྟར་དབང་བསྒྱུར་ཏེ་མཁྱེན་བརྩེ་ནུས་གསུམ་གྱི་རྟོགས་པ་མཐར་ཕྱིན། གྲགས་པ་དཀར་པོའི་བ་དན་སྲིད་པ་གསུམ་ན་གཡོ་བས་འཁོར་སློབ་འདུས་པ་རྒྱ་མཚོར་བསྡུ་བའི་དངོས་པོ་བཞིས་ལེགས་པར་བསྐྱངས། ཁྱད་པར་སྣར་ཐང་གི་གཙུག་ལག་ཁང་ཆེན་མོ་དང་ལྕགས་རི་བཅས་གསར་བཞེངས་མཛད་ནས་ལོ་ངོ་བཅོ་ལྔའི་བར་དུ་གདན་ས་བསྐྱངས། བསྟན་པ་ལ་བྱ་བ་ཆེན་པོ་མཛད་པས་སྐྱོ་སྟོན་པ་སྨོན་ལམ་ཚུལ་ཁྲིམས་ཞེས་ཡོངས་སུ་གྲགས་པ་བྱུང་ནས་མཐར་ངོ་མཚར་བའི་ཆོ་འཕྲུལ་དུ་མ་དང་བཅས་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་དོ། །

སློབ་དཔོན་བྱང་ཆུབ་གྲུབ་པ་དང་གཞོན་ནུ་རྡོ་རྗེ་གཉིས་ཀྱི་རྣམ་ཐར་ཡང་ཐེངས་འདིར་ལག་སོན་མ་བྱུང་ཞིང་ཕྱི་མ་ལས་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ལ་བརྒྱུད་པ་སྟེ། བདག་ཉིད་ཆེན་པོ་འདི་ཉིད་དང་རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱི་རྣམ་ཐར་རྒྱས་པ་འོག་ཏུ་གསང་བ་སྙིང་ཐིག་གི་བརྒྱུད་རྣམ་སོགས་སུ་གསལ་བས་དེར་གཟིགས་ཆུབ་ཞུ་བ་དང་། དེ་འབྲེལ་ཐེག་ཆེན་དབུ་ཕར་གྱི་གཞུང་བཤད་བརྒྱུད་པ་ནི། བསྟན་པ་སྔ་དར་གྱི་དུས་སུ་པཎྜི་ཏ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་སྔ་འགྱུར་པའི་ལོ་པཎ་རྣམས་ཀྱིས་དབུ་མ་རྩ་བ་ཤེས་རབ་སོགས་རིགས་ཚོགས་དང་། འགྲེལ་བ་ཤེས་རབ་སྒྲོན་མེ་དང་བུདྡྷ་པ་ལི་ཏ། བཞི་བརྒྱ་པ་དང་། འཇུག་པ་རང་འགྲེལ་དང་བཅས་པ་སོགས་དབུ་མའི་བསྟན་བཅོས་ཕལ་ཆེར་སྒྱུར་བཤད་ཀྱིས་གཏན་ལ་ཕབ་པ་དང་། མཁན་ཆེན་ཞི་བ་འཚོ་དང་ཀཱ་མ་ལ་ཤི་ལ་ཡབ་སྲས་ཀྱིས་བསམ་ཡས་སུ་དབུ་མ་རང་རྒྱུད་ལུགས་ཀྱི་བཤད་ཁྲིད་མཛད་ཅིང་བསྟན་བཅོས་བརྩམས་པ་སོགས་ཀྱིས་འཆད་ཉན་གྱི་རྒྱུན་རིམ་པར་འཕེལ་བ་དང་། དེ་བཞིན་ཕར་ཕྱིན་གྱི་སྐོར་འཕགས་ཡུལ་དུ་བཞུགས་སོ་ཅོག་ཀུན་སྔ་འགྱུར་གྱི་དུས་སུ་མ་འགྱུར་བ་མེད་པ་སྟེ། རླུང་ཁམས་པ་གོ་ཆ་འཕགས་ཡུལ་དུ་བྱོན་ཏེ་ཤེར་ཕྱིན་འབུམ་པ་ཐུགས་སུ་བཟུང་ནས་བོད་དུ་བསྒྱུར་བ་ཆོས་རྒྱལ་ཉིད་ཀྱི་མཚལ་ཁྲག་དང་ར་དཀར་པོའི་འོ་མས་བྲིས་པ་རེག་ཟིག་དམར་པོར་གྲགས་པའི་བླ་འགྱུར་ཆུང་བ་དང་། ཡང་དབས་མཉྫུ་ཤྲཱི་དང་ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་རྒྱ་གར་ནས་དཔེ་བླངས་ཏེ་བསྒྱུར་བ། བཙན་པོའི་དབུ་སྐྲའི་གཞོབ་རོམ་དང་ར་དཀར་པོའི་འོ་མས་བྲིས་པ་རེག་ཟིག་སྔོན་མོར་གྲགས་པ། དེ་ལྟར་སྔོ་དམར་གཉིས་ལ་ལོ་ཆེན་བཻ་རོ་ཙཱ་ནས་སླར་ཡང་ཞུས་ཆེན་མཛད་དེ་ཉིད་ཀྱིས་ཕྱག་བྲིས་མཛད་པ་དཔེ་སྒྲོམ་ལས་འབུམ་ཤ་སྒྲོ་ཅན་དུ་གྲགས་པ་སྟེ་བླ་འགྱུར་འབྲིང་པོ། ཡང་ཁྲི་རལ་བའི་དུས་སུ་པཎྜི་ཏ་སུ་རེནྡྲ་བོ་དྷི་སོགས་དང་ལོ་ཙཱ་བ་སྐ་ཅོག་གཉིས་ཀྱིས་ཞུས་ཆེན་མཛད་པའི་དུམ་བུ་བཅུ་དྲུག་པ་བླ་འགྱུར་ཆེན་མོ་སོགས་འགྱུར་མི་འདྲ་བ་འགའ་ཞིག་བྱུང་། གཞན་ཡང་ལི་ཡུལ་དང་རྒྱ་ནག་སོགས་ནས་དཀོན་བརྩེགས་དང་ཕལ་ཆེན་སོགས་དུ་མ་ཞིག་བསྒྱུར་བར་གྲགས་ཤིང་། དམ་ཥྚི་སེ་ནའི་འབུམ་ཊིཀ་སོགས་འགྲེལ་བའི་སྐོར་ཐམས་ཅད་ཀྱང་བསྒྱུར། ཁྱད་པར་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པའི་གཞུང་མངོན་རྟོགས་རྒྱན་རྩ་འགྲེལ་དང་བཅས་པ་པཎྜི་ཏ་བིར་ཡ་ཀཱ་ར་སོགས་ཀྱིས་པྲ་བྷ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏ་སོགས་ཀྱིས་བསྒྱུར་བཤད་ཀྱིས་གཏན་ལ་ཕབས་ནས་བཤད་པ་དང་ཉམས་ལེན་གྱི་རྒྱུན་རྒྱ་ཆེར་ཁམས་སུ་འཕོས་པའི་རྒྱུན་ཕྱིས་སུ་སེ་བཙུན་དབང་གཞོན་དང་རྔོག་ལོའི་སློབ་མ་ཤེར་ཕྱིན་བཀའ་བབ་འབྲེ་ཤེས་རབ་འབར་གྱིས་གསན་པ་དང་།

དེས་ཇོ་བོ་རྗེ་དང་རིན་བཟང་རྔོག་ལོ་ཆེན་པོ་བཅས་ཕྱི་འགྱུར་གྱི་བཤད་རྒྱུན་ཐམས་ཅད་ཀྱང་གསན་པས་སྔ་འགྱུར་དང་ཕྱི་འགྱུར་གྱི་བཤད་རྒྱུན་ཐམས་ཅད་གཅིག་དྲིལ་གྱི་སྲོལ་ཆེན་པོ་བཏོད་པ་ཨར་བྱང་ཆུབ་སེང་གེས་བཟུང་། རིམ་བཞིན་བརྒྱུད་དེ་མཁས་མཆོག་བུ་སྟོན་པའི་སློབ་མ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་དང་། དེ་ལས་གཡག་མི་ཕམ་ཆོས་ཀྱི་བླ་མས་གསན་ཏེ་འགྲེལ་བ་ཆེ་འབྲིང་ཆུང་གསུམ་མཛད་ཅིང་འཆད་ཉན་རྩལ་དུ་བཏོན་པས་ཕར་ཕྱིན་གཡག་ལ་ཐུག་ཟེར་བ་བྱུང་། དེའི་སློབ་མ་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་གཟིགས་ཀྱིས་ཤེར་ཕྱིན་གཙོས་མདོ་ཕྱོགས་ལ་རྣམ་བཤད་གཞུང་འགྲེལ་བཞི་བཅུ་ཞེ་གསུམ་ཙམ་མཛད་ནས་བརྒྱུད་པའི་ཆུ་རྒྱུན་ད་ལྟའི་བར་ཉམས་མེད་དུ་བཞུགས་པ་དང་། ཁྱད་པར་ཕྱི་མའི་དུས་འདིར་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་རོལ་མཁས་མཆོག་གཞན་ཕན་སྣང་བས་རྒྱ་གཞུང་ཆེན་མོ་བཅུ་གསུམ་ལ་འཕགས་ཡུལ་མཁས་པའི་ལེགས་བཤད་རང་གིས་མཆན་འགྲེལ་དང་འགྲེལ་མཆན་གྱི་ཚུལ་དུ་བཀྲལ་བའི་བསྟན་བཅོས་ཆ་ལག་དང་བཅས་པ་མཛད་དེ། གྲུབ་དབང་རྫོགས་ཆེན་པའི་གཞུང་ཁྲིད་ཀྱི་བཀའ་སྲོལ་བཟང་པོ་སྔར་ཡོད་ལ་རང་རྐང་ཐུབ་པའི་འཆད་རྒྱུན་གསར་དུ་སྤེལ་བས་རང་ཕྱོགས་ཙམ་དུ་མ་ཟད་གྲུབ་མཐའ་གཞན་པའི་ཆོས་སྡེ་ལའང་རྒྱ་ཆེར་འཕེལ། དེ་མཚུངས་གདན་ས་ཆེན་མོ་འདི་ནས་བྱོན་པའི་མཁས་པའི་ཁྱུ་མཆོག་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། འཇམ་མགོན་བླ་མ་མི་ཕམ་ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་པདྨ་བཛྲ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་ཀྱིས་སྔ་འགྱུར་རང་ལུགས་ཀྱི་གྲུབ་མཐའ་རྩལ་དུ་བཏོན་པའི་གཞུང་འགྲེལ་ཆེན་མོ་ཁག་དང་། སྤྱི་དོན་སྟོང་ཐུན་བརྒལ་ལན་དང་བཅས་པའི་བསྟན་བཅོས་ས་གསུམ་ན་འགྲན་ཟླ་དང་བྲལ་བ་བརྩམས་ཤིང་འཆད་ཁྲིད་མཛད་པའི་བཀའ་སྲོལ་དེང་གི་དུས་སུའང་ཕྱོགས་བརྒྱར་འཕེལ་བཞིན་པ་ལགས་སོ། །

སྨྲས་པ།

བགྲང་བ་ལས་འདས་བསྐལ་བའི་ཡང་སྔོན་ནས། །མ་ལུས་འགྲོ་བའི་སྡུག་བསྔལ་ཁུར་ཁྱེར་བའི། །ལྷག་པའི་སྙིང་རྗེ་མི་མཉམ་དཔའ་བའི་སེམས། །ཐུགས་བསྐྱེད་ཕུལ་བྱུང་ཤཱཀྱ་སེང་གེ་རྒྱལ། །རྒྱལ་བ་སྐྱོབ་པའི་རིང་ལུགས་རྨད་བྱུང་བ། །རྒྱལ་གསུང་མདོ་སྔགས་བསྟན་པའི་སྙིང་པོའི་བཅུད། །རྒྱལ་བསྟན་སྙིང་པོ་རིན་ཆེན་བྱང་ཆུབ་སེམས། །རྒྱལ་སྲས་སེམས་དཔའི་ལམ་བཟང་གང་དེར་འདུད། །ཚད་མེད་བརྩེ་བ་ཆེན་པོའི་ཐུགས་རྗེའི་རྒྱུན། །ལུས་ཅན་གདུང་བ་སེལ་བའི་དགའ་སྟོན་དུ། །འཛད་མེད་འཇོ་བ་བྱང་ཆུབ་སེམས་མཆོག་སྟེ། །སྲིད་པ་མེ་ཡི་འོབས་འདིར་བདུད་རྩི་བཞིན། །སྙིང་རྗེས་དྲངས་པའི་བློ་སྟོབས་རྒྱ་ཆེ་བ། །གཞན་ཕྱིར་སངས་རྒྱས་ཐོབ་འདོད་དམ་བཅའི་སེམས། །ནམ་ཡང་མི་དོར་ཀུན་རྫོབ་སེམས་བསྐྱེད་དེ། །སྐྱེས་བུ་ཆེན་པོའི་འཇུག་ངོགས་བླ་ན་མེད། །ཤེས་རབ་ཟབ་མོས་དྲངས་པའི་སྟོང་ཉིད་བློ། །ཆོས་ཀུན་གནས་ལུགས་མཐོང་བའི་དེ་བཞིན་ཉིད། །འཕགས་པའི་མཉམ་བཞག་དོན་དམ་སེམས་བསྐྱེད་དེ། །མཐའ་བྲལ་སྟོང་ཉིད་ལྟ་བའི་རྒྱལ་པོར་བསྔགས། །ལེགས་ཚོགས་ཡོན་ཏན་རྒྱ་མཚོའི་གཞི་དང་རྟེན། །མཆོག་ཐུན་དངོས་གྲུབ་དཔལ་ཀུན་འབྱུང་བའི་མཛོད། །བྱང་ཆུབ་སེམས་མཆོག་ཡིད་བཞིན་དབང་རྒྱལ་ཏེ། །དོན་གཉིས་འབྲས་བུ་ངང་གིས་སྡུད་ཅིང་འཕེལ། །སྲིད་པར་མི་འཆིང་ཞི་བར་མི་ཞེན་བློ། །སྲིད་པའི་འགྲོ་བ་ཞི་བའི་མྱང་འདས་སར། །བགྲོད་པའི་ལམ་བཟང་ཐེག་ཆེན་ཆོས་ཀྱི་སྲོག །བསྟན་པའི་སྙིང་པོ་རིན་ཆེན་བྱང་ཆུབ་སེམས། །མར་གྱུར་འགྲོ་ཀུན་འཁོར་བའི་གཅོང་རོང་ལས། །སྒྲོལ་བ་སྨོན་པའི་དམ་བཅའ་རྒྱ་ཆེ་ཞིང་། །བྱ་དཀའི་སྤྱོད་པ་ཕ་རོལ་ཕྱིན་དྲུག་ལ། །འཇུག་པ་ཟླ་མེད་རིན་ཆེན་བྱང་ཆུབ་སེམས། །གང་ལ་ཞུགས་ན་རྣམ་གྲོལ་ཞི་བའི་སར། །སྐྱོད་པའི་རླབས་ཆེན་ཚོགས་གཉིས་གོམ་པའི་སྟབས། །ཉི་ཟླའི་འགྲོས་ལས་མྱུར་བའི་ཐབས་མཁས་ལམ། །བགྲོད་ཅིག་རྒྱལ་བའི་གཤེགས་ཤུལ་བྱང་ཆུབ་སེམས། །སེམས་མཆོག་རྒྱལ་ཀུན་དགྱེས་པའི་ལམ་བཟང་འདི། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་མོ་ཡི། །སྙིང་པོའི་ཡང་བཅུད་གདམས་པའི་ཉིང་ཁུ་སྟེ། །གང་གིས་འཐུང་གང་རྣམ་གྲོལ་དབུགས་ཆེན་འབྱིན། །དམིགས་མེད་བརྩེ་བའི་དཀྱིལ་འཁོར་ལྷུན་རྫོགས་པའི། །ཐུགས་རྗེའི་ཟླ་བ་བདུད་རྩིའི་འཛུམ་དཀར་ཅན། །མ་ལུས་འགྲོ་བའི་སྙིང་ལ་མངོན་འཆར་ཏེ། །བྱམས་པ་ཆེན་པོའི་གོ་འཕང་ཐོབ་གྱུར་ཅིག ། བདག་ཀྱང་དེང་ནས་བྱང་ཆུབ་སྙིང་པོའི་བར། །ཡང་དག་རྒྱལ་བ་དགྱེས་པའི་ལམ་མཆོག་ལས། །ནམ་ཡང་མི་འདའ་ཚུལ་གཉིས་བྱང་ཆུབ་སེམས། །སྨོན་འཇུག་བསླབ་པས་འགྲོ་ཀུན་སྨན་བྱེད་ཤོག །

ཅེས་པ་ནི་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་སེམས་སྡོམ་གྱི་བླ་མ་བརྒྱུད་པའི་རྣམ་ཐར་བཤད་པའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། ཐེག་ཆེན་མདོ་ལུགས་དབུ་སེམས་ཀྱི་བྱང་སྡོམ་དང་གཞུང་བཤད་ཀྱི་བརྒྱུད་སྲོལ་སྨོས་པའི་སྐབས་ཏེ་སརྒ་བདུན་པ་རྫོགས་སོ།། །།

གཉིས། སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་གཏེར་ཆུ་བོ་ཆེན་པོ་རྣམ་གཉིས་ཀྱི་བརྒྱུད་སྲོལ་རྒྱས་པར་བཤད་པ།

༡ བཀའ་བབ་བརྒྱུད་པའི་རྣམ་གཞག་སྤྱིར་བསྟན་པ།

གཉིས་པ་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་རིན་པོ་ཆེ་ལྗོངས་འདིར་ཇི་ལྟར་དར་ཚུལ་བརྗོད་པ་ལ་གསུམ་སྟེ། བཀའ་བབ་བརྒྱུད་པའི་རྣམ་བཞག་སྤྱིར་བསྟན་པ་དང་། རིང་བརྒྱུད་བཀའ་མའི་ཆུ་བོ་ནང་རྒྱུད་སྡེ་གསུམ་གྱི་བབ་སོ་རྒྱས་པར་བཤད་པ། ཉེ་བརྒྱུད་གཏེར་མའི་བྱུང་ཚུལ་འཕྲོས་དོན་དུ་གླེང་བ་བཅས་གསུམ་ལས།

དང་པོ་ནི། དེ་ཡང་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་དུས་སུ་ལོ་ཙཱ་བ་ཐུ་མི་སཾ་བྷོ་ཊས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་གཤེད་སྐོར་སོགས་ཟབ་ཆོས་ཅི་རིགས་པ་བསྒྱུར་ནས་རྒྱལ་པོ་ཉིད་ཀྱིས་ལྐོག་ཆོས་སུ་ཉམས་བཞེས་མཛད་དེ་སྤེལ། དེ་ནས་རྒྱལ་རབས་ལྔ་ནས་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་གར་གྱི་པཎ་གྲུབ་ཆེན་མོ་སློབ་དཔོན་པདྨ་འབྱུང་གནས་དང་། བཱི་མ་ལ་མི་ཏྲ། ཛི་ན་མི་ཏྲ། ཤཱནྟིཾ་གརྦྷ། དྷརྨ་ཀིརྟི། སརྦ་ཛྙཱ་ན་དེ་བ་སོགས་པཎྜི་ཏ་བརྒྱ་རྩ་བརྒྱད། སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན། རྨ་རིན་ཆེན་མཆོག གཉགས་ཛྙཱ་ན་ཀུ་མཱ་ར། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་སོགས་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཞལ་འཛོམས་ནས་ཐུན་མོང་གི་རྒྱུད་སྡེ་བཞི་དང་། ཁྱད་པར་སྔགས་ནང་པ་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་རྒྱུད་སྒྲུབ་ཐབས་མན་ངག་དགོངས་འགྲེལ་དང་བཅས་པ་ཚང་ལ་མ་ནོར་བ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབས་པ་སྟེ། སྐབས་དེ་དུས་ཨོ་རྒྱན་ཆེན་པོ་སོགས་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་ལྷ་ཀླུ་གནོད་སྦྱིན་གྱི་གནས་དང་། ཨོ་རྒྱན་གྱི་ཡུལ་དང་སྲིན་པོའི་གླིང་སོགས་ནས་སྔར་མི་ཡུལ་དུ་མ་གྲགས་པའི་རྒྱུད་སྡེ་མཐའ་ཡས་པ་རྫུ་འཕྲུལ་གྱི་བཀོད་པས་སྤྱན་དྲངས་ནས་གཏན་ལ་དབབ་པར་མཛད་པས། ཕྱིས་པཎ་ཆེན་ཇོ་བོ་རྗེ་བོད་དུ་ཕེབས་སྐབས་བསམ་ཡས་སུ་དེ་དག་གི་རྒྱ་དཔེ་བཞུགས་པ་གཟིགས་པས་སྔགས་ལ་མཁས་པའི་ཐུགས་རྒྱལ་ཆག དེ་དུས་བོད་ན་གསང་སྔགས་ཀྱི་བསྟན་པ་དར་བ་འདྲ་བ་རྒྱ་གར་དུའང་མ་བྱུང་བར་མངོན་གསུངས་ནས་སྔོན་གྱི་ཆོས་རྒྱལ་ལོ་པཎ་རྣམས་ལ་ཕྱག་ཐལ་མོ་སྦྱར་ཏེ་བསྔགས་བརྗོད་མཛད་པས་མཚོན་ནུས་སོ། །

དེ་ལ་ཀུན་གཟིགས་རོང་ཟོམ་མ་ཧཱ་པཎྜི་ཏས་གསང་སྔགས་ཀྱི་བབ་བདུན་དུ་བཞེད་དེ། བབ་དང་པོ་ཨོ་རྒྱན་སངས་རྒྱས་གཉིས་པས་ལས་ཅན་སྙིང་གི་བུ་དགུ་སོགས་ལ་བསྩལ་བའི་བཀའ་སྲོལ་དང་། བབ་གཉིས་པ་གྲུབ་ཆེན་ནམ་མཁའི་སྙིང་པོ་རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུྃ་ཀ་ར་སོགས་ལས་གསན་པ་དང་། བབ་གསུམ་པ་སློབ་དཔོན་ཤཱནྟིཾ་གརྦྷ་བསམ་ཡས་རབ་གནས་སུ་ཕེབས་སྐབས་གསུངས་པ། བབ་བཞི་པ་སློབ་དཔོན་སངས་རྒྱས་གསང་བས་གངས་ཏི་སེ་ནས་དབས་མཉྫུ་ཤྲཱི་སོགས་ལ་བསྟན་ནས་རྒྱལ་པོ་ལ་སྐྱེས་སུ་བསྐུར་བ། བབ་ལྔ་པ་ལོ་ཆེན་བཻ་རོ་ཙ་ན་འཕགས་ཡུལ་དུ་དཀའ་སྤྱད་ཆེན་པོས་ཕེབས་ཏེ་ཤྲཱི་སེང་ཧ་སོགས་མཁས་པ་ཉེར་ལྔ་ལས་གསན་པའི་རྫོགས་ཆེན་གཙོར་གྱུར། བབ་དྲུག་པ་པཎ་ཆེན་བཱི་མ་ལས་སྐ་ཅོག་རྨ་གསུམ་སོགས་ལ་སྔར་གསུངས་པ་དང་། བབ་བདུན་པ་པཎ་ཆེན་བཱི་མ་ལ་ལྷ་སྲས་མུ་ནེ་བཙན་པོའི་དབུ་བླར་སླར་རྒྱ་ནག་ནས་གཤེགས་པའི་སྐབས་སུ་གཉགས་ཆེན་ཛྙཱ་ན་ཀུ་མ་ར་སོགས་ལ་གསུངས་པ་བཅས་སོ། །

གཞན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་བབ་དྲུག་ཏུ་བཞེད་དེ། ཨོ་རྒྱན་ཆེན་པོས་གདུལ་བྱ་ཐུན་མོང་གི་ངོར་མན་ངག་ལྟ་བའི་ཕྲེང་བ་ཙམ་ཞིག་གསུངས། ཐུན་མིན་ལས་ཅན་གྱི་སྐལ་ལྡན་རྣམས་ལ་ཡོ་ག་རྣམ་གསུམ་གྱི་སྨིན་གྲོལ་ཟབ་ཅིང་རྒྱ་ཆེ་བ་བསྩལ་བ་ཉང་སྤང་འཁོན་གནུབས་རྨ་རོང་ཟོམ་སོགས་བརྒྱུད་དེ་གྲུབ་ཐོབ་བར་མ་ཆད་པ་བྱོན་པ་དང་། གདམས་སྐོར་ཕལ་མོ་ཆེ་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་རྒྱས་བཏབ་པར་མཛད། གཉིས་པ་ལོ་ཆེན་བཻ་རོ་ཙ་ནས་མཁས་པ་ཉེར་ལྔ་སོགས་བསྟེན་ཅིང་ཁྱད་པར་རིག་འཛིན་ཤྲཱི་སེང་ཧ་ལས་རྫོགས་ཆེན་གསན་ནས་བོད་དུ་སྤེལ་བ་ལས་སེམས་སྡེ་རིམ་ལྔ་དང་། ཀློང་སྡེ་རྣ་བརྒྱུད་པ་ཟམ་མ་ཆད་པ་བྱུང་བ་དང་། གསུམ་པ་པཎ་ཆེན་བཱི་མ་ལ་བོད་དུ་བྱོན་ནས་ཉང་བན་ཆེན་པོ་སོགས་ལ་རྫོགས་ཆེན་མན་ངག་སྡེའི་ཆོས་སྐོར་གནང་བ་རྣམས་བཀའ་བརྒྱུད་དང་གཏེར་བརྒྱུད་གཉིས་སུ་བྱོན། བཞི་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་གར་བལ་པོ་བྲུ་ཤའི་སློབ་དཔོན་རྣམ་པ་བཞི་ལས་ལུང་ཆེན་འདུས་པ་མདོ་དང་གཤེད་སྐོར་སོགས་གདམས་པ་མཐའ་ཡས་པ་གསན་ཞིང་འདུས་མདོའི་བཀའ་བརྒྱུད་ཀྱང་ད་ལྟའི་བར་བཞུགས། ལྔ་པ་གནུབས་ནམ་མཁའི་སྙིང་པོས་སློབ་དཔོན་ཧཱུྃ་ཀ་ར་ལས་ཡང་དག་གི་ཆོས་སྐོར་གསན་ཅིང་སྤེལ་བ་དང་། དྲུག་པ་ཕྱི་རབས་ཀྱི་དུས་སུ་རྗེ་འབངས་རྣམས་ཀྱི་རྣམ་པར་འཕྲུལ་པ་ཚད་མའི་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་ཟབ་ཆོས་རྣམས་དུས་དང་འཚམས་པར་སྤྱན་དྲངས་པ་སྟེ་སྤྱིར་བབ་ལུགས་དྲུག་གི་རྣམ་བཞག་དང་། གཞན་ཡང་། རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབ། བར་དུ་གནུབས་ལ་བབ། ཐ་མ་ཟུར་ལ་བབ་ཅེས་གྲགས་པ་ལྟར་བབ་ལུགས་ཆེན་མོ་གསུམ་གྱི་སྒོ་ནས་བཀའ་གཏེར་མན་ངག་གི་བརྒྱུད་སྲོལ་ཐམས་ཅད་གངས་རིའི་ལྗོངས་འདིར་ད་ལྟའི་བར་དར་བར་གྲགས་སོ། །

༢ རིང་བརྒྱུད་བཀའ་མའི་ཆུ་བོ་ནང་རྒྱུད་སྡེ་གསུམ་གྱི་བབ་སོ་རྒྱས་པར་བཤད་པ།

ཀ བསྐྱེད་པ་མ་ཧཱ་ཡོ་ག་དར་ཚུལ།

(༡) རྩ་བར་གྱུར་པ་རྒྱུད་སྡེའི་བརྒྱུད་ཚུལ,

གཉིས་པ་རིང་བརྒྱུད་བཀའ་མའི་ཆུ་བོ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་དར་ཚུལ་ལ། བསྐྱེད་པ་མ་ཧཱ་ཡོ་ག་དར་ཚུལ། ལུང་ཨ་ནུ་ཡོ་ག་དར་ཚུལ། རྫོགས་ཆེན་ཨ་ཏི་ཡོ་ག་དར་ཚུལ་དང་གསུམ་ལས།

དང་པོ་ནི། དེ་ཡང་བསྟན་པ་སྔ་དར་གྱི་དུས་སུ་ཕྱི་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྡེ་ཅི་རིགས་པ་སློབ་དཔོན་སངས་རྒྱས་གསང་བའི་ལུགས་སུ་གྲགས་པའི་ཉན་བཤད་ཀྱི་རྒྱུན་བྱུང་ཡང་། མཆོག་ཏུ་སྤེལ་བ་ནི་ཟབ་པ་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་བཤད་སྒྲུབ་ཀྱི་རྒྱུན་ཡིན་ལ་དེ་ཉིད་ད་ལྟའི་བར་དུ་ཅུང་ཟད་ཀྱང་ཉམས་པ་མེད་པར་བཞུགས་པ་སྟེ། བསྐྱེད་པ་མ་ཧཱ་ཡོ་ག་ལ་རྩ་བར་གྱུར་པ་རྒྱུད་སྡེ་དང་ཟབ་པ་སྒྲུབ་སྡེ་གཉིས་སུ་བཞུགས་པ་ལས། དང་པོ་ནི། དེ་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་རྩ་བ་ལྟ་བུར་གྱུར་པ་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོའི་སྐོར་རྣམས་ལོ་ཙཱ་བ་རྨ་གཉགས་གཉིས་ཀྱིས་པཎ་ཆེན་བཱི་མ་མི་ཏྲ་ལས་གསན་ཏེ་བསྒྱུར། རྨ་རིན་ཆེན་ལས་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས་ཀྱིས་ཞུས། དེ་གཉིས་ཀས་ཞང་རྒྱལ་བའི་ཡོན་ཏན་དང་། དར་རྗེ་དཔལ་གྱི་གྲགས་པ་ལ་བཤད། དར་རྗེས་དབུས་དང་གཙང་དུ་ལན་དུ་མར་གསུངས་ཤིང་ཁམས་ཕྱོགས་སུའང་བཤད་པ་སྤེལ། ཞང་ནས་བརྒྱུད་པ་ལ་མན་ངག་གི་བརྒྱུད་པར་གྲགས་ཤིང་འདིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བཤད། ཡང་སློབ་དཔོན་པདྨས་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གསུངས་ཤིང་མན་ངག་ལྟ་ཕྲེང་མཛད། དེ་བཞིན་བཻ་རོ་དང་ནམ་མཁའི་སྙིང་པོས་ཤྲཱི་སེང་ཧ་དང་ཧཱུྃ་ཀ་ར་སོ་སོ་ལས་གསན་ཏེ་གཉགས་ལ་གནང་ཞིང་། གཉགས་ཀྱིས་བཀའ་སྲོལ་གཅིག་འདྲེས་ཀྱི་བརྒྱུད་པ་སོག་པོ་དཔལ་གྱི་ཡེ་ཤེས་ལ་བཤད། དེ་ལས་ཀྱང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གསན་པར་མཛད་དོ། །གཞན་ཡང་སློབ་དཔོན་སངས་རྒྱས་གསང་བ་གངས་རི་ཏི་སེར་ཕེབས་པར་ཁྲི་སྲོང་གིས་བོད་ལ་སྤྱན་འདྲེན་དུ་དབས་མཉྫུ་ཤྲཱི་དང་བྲན་ཀ་མུཀྟི་བཏང་ཡང་། རྗེ་བཙུན་འཇམ་དཔལ་གྱིས་མ་གནང་བས་དངོས་སུ་མ་བྱོན་ཀྱང་བྱ་སྤྱོད་ཀྱི་རྒྱུད་འགའ་དང་། སྒྱུ་འཕྲུལ་ལམ་རྣམ་བཀོད། ལམ་རིམ་ཆེ་ཆུང་། ཞི་བ་དྲྭ་ཆེན་དྲྭ་ཆུང་། ཁྲོ་བོ་དམ་པའི་རྒྱན་སོགས་གསང་བ་སྙིང་པོའི་ཆོས་སྐོར་ཅི་རིགས་པ་བཤད་དེ་བཙན་པོ་ལ་ཆོས་སྐྱེས་སུ་བསྐུར་བའི་བརྒྱུད་པའི་བཀའ་སྲོལ་ཡང་གནུབས་ལ་བབ། གནུབས་ཆེན་ནས་རིམ་པར་ཟུར་མེས་དབོན་རྣམ་གསུམ་སོགས་ལ་བརྒྱུད་པ་ཟུར་ལུགས་སུ་གྲགས་ཤིང་། རིམ་བཞིན་སྒྲོ་ཕུག་པའི་སློབ་མ་འཛོམ་སྟོན་འགྲོ་བའི་མགོན་པོ་ལས་ཀཿདམ་པ་བདེ་གཤེགས་སོགས་ཀྱིས་གསན་པའི་རྒྱུན་ཕྱིས་སུ་ཁམས་ནས་དབུས་སུ་ཡར་འཕེལ་བ་ལ་སྒྱུ་འཕྲུལ་ཁམས་ལུགས་སུ་གྲགས་ལ། ཕྱི་མའི་དུས་སུ་དགེ་རྩེ་མཱ་ཧ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་སྒྱུ་འཕྲུལ་སྤྱི་དོན་ལེགས་བཤད་རོལ་མཚོ་མཛད་པ་དང་། སི་ཏུ་ཆོས་ཀྱི་རྒྱ་མཚོ་སོགས་མཁས་ཚུལ་གསུམ་ལ་རང་དབང་འབྱོར་བའི་དམ་པའི་སྐྱེས་ཆེན་བརྒྱུད་མར་བྱོན་པ་བཅས་ཤར་རྒྱལ་བ་ཀཿཐོག་པ་སློབ་བརྒྱུད་དང་བཅས་པ་མ་ཧཱ་ཡོ་གའི་བསྟན་པ་ལ་མཛད་རྗེས་གཞན་མཚུངས་དང་བྲལ། གཞན་ཡང་ཀུན་མཁྱེན་རོང་ཟོམ་ཆོས་བཟང་ལ་པདྨ་དང་བཻ་རོ་སོགས་ཀྱི་བརྒྱུད་པའི་བཀའ་བབ་ཅིང་སྙིང་འགྲེལ་དཀོན་མཆོག་འགྲེལ་དུ་གྲགས་པ་མཛད་པ་རོང་ལུགས་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་སྙིང་འགྲེལ་མུན་སེལ་སྐོར་གསུམ་མཛད་ནས་མ་ཧཱའི་ཨ་ཏི་ལྟར་བཀྲལ། རོག་བན་ཤེས་རབ་འོད་ལ་སོ་ཟུར་སྐྱོར་ལུགས་སོགས་བཀའ་སྲོལ་མང་དུ་འདུས་པ་ལ་རོག་ལུགས་སུ་གྲགས་པ་སོགས་བྱུང་། ཕྱིས་སུ་དཔལ་ལྡན་ཟུར་བའི་བཀའ་སྲོལ་ཉག་ཕྲ་བར་གྱུར་པ་ན། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་གསང་བ་སྙིང་པོས་མཚོན་བཀའ་མའི་ཆོས་སྐོར་ཐམས་ཅད་ཐུགས་བརྩོན་ཆེན་པོས་གསན་ཅིང་སོ་སོའི་སྒྲུབ་ཐབས་དཀྱིལ་ཆོག་གི་ཡིག་ཆ་ཁྱད་པར་ཅན་དུ་མ་མཛད་པ་དང་། སྒྱུ་འཕྲུལ་ཞི་ཁྲོ་ལའང་སྒྲུབ་དཀྱིལ་ཉུང་ངུ་མཛད་ནས་དེ་དག་གི་ལག་ལེན་དང་སྒྲུབ་མཆོད་ཀྱི་རྒྱུན་བཙུགས། རིགས་སྲས་རྒན་པ་པདྨ་འགྱུར་མེད་རྒྱ་མཚོས་གསང་བ་སྙིང་པོའི་སྤྱི་དོན་མཐོང་བས་དོན་རྟོགས་མཛད་པ་སོགས་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེ། ལོ་ཆེན་དྷརྨ་ཤྲཱིས་རྒྱུད་རྒྱལ་གསང་བ་སྙིང་པོ་ལ་སྤྱི་དོན་གསང་བདག་ཞལ་ལུང་དང་། འབྲུ་འགྲེལ་གསང་བདག་དགོངས་རྒྱན་གཉིས་མཛད། དེ་དག་གི་ཞལ་སློབ་རབ་འབྱམས་པ་ཉེར་གཅིག་བྱུང་བའི་ནང་ཚན་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱིས་ཟིན་བྲིས་རིན་ཆེན་ཕྲེང་བ་མཛད་པ་བཅས་ཆོས་རྗེ་སྨིན་གླིང་ཡབ་སྲས་ཀྱིས་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས། དེ་བཞིན་མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་ས་ཆེན་མོ་འདིར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རྒྱུད་བཤད་ཀྱི་སྲོལ་ཐོག་མར་ཕྱེས་ཤིང་གསང་བ་སྙིང་པོའི་སྤྱི་དོན་བསྟན་བཅོས་ཀྱང་བརྩམས། དེའི་ཐུགས་སྲས་གསང་ཆེན་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲས་སྒྱུ་འཕྲུལ་སྐོར་ཀྱི་ཟིན་བྲིས་སྟོང་ཐུན་སྣ་ཚོགས་པ་མཛད་པ་དང་། འཇམ་མགོན་བླ་མ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་དང་། རྡོ་གྲུབ་བསྟན་པའི་ཉི་མ། ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་ཞལ་སློབ་མཁས་པའི་དབང་པོ་དུ་མ་ལ་རྒྱ་བོད་འགྲེལ་ཆེན་ཁག་གི་བཤད་བཀའ་ཉམས་མེད་བསྩལ་བས། འཇམ་མགོན་བླ་མས་གསང་བ་སྙིང་པོའི་སྤྱི་དོན་འོད་གསལ་སྙིང་པོ་དང་། རྡོ་གྲུབ་བསྟན་པའི་ཉི་མས་སྤྱི་དོན་མཛོད་ཀྱི་ལྡེ་མིག་དང་དཀའ་འགྲེལ་བཅས་ཁྱད་དུ་འཕགས་པའི་བསྟན་བཅོས་བརྩམས་ཏེ་ཟབ་མོའི་དགོངས་དོན་གསལ་བར་མཛད། ཨོ་རྒྱན་བསྟན་འཛིན་ནོར་བུས་ཀྱང་བཤད་པའི་བཀའ་སྲོལ་ཕྱོགས་བརྒྱར་སྤེལ་ཞིང་། དེ་ཉིད་ཀྱི་ཐུགས་སྲས་ཐུ་བོ་གཞན་ཕན་ཆོས་ཀྱི་སྣང་བས་གསང་སྙིང་མཆན་འགྲེལ་ཟླ་བའི་འོད་ཟེར་མཛད་ཅིང་འཆད་རྩོམ་གྱི་ཕྲིན་ལས་རྒྱ་ཆེ་བ་བཅས། མདོར་ན་གྲུབ་དབང་རྫོགས་ཆེན་པ་སློབ་བརྒྱུད་དང་བཅས་པའི་ཐུགས་བསྐྱེད་ཕྲིན་ལས་ཀྱི་མཐུ་ལ་བརྟེན་ནས་དེང་གི་དུས་སུ་སྙིང་པོའི་བསྟན་པའི་ཉི་འོད་ཕྱོགས་ཀྱི་ཐ་གྲུ་ཁྱབ་པར་གསལ་བཞིན་པ་འདི་བྱུང་ལ། རང་ལུགས་སྒྱུ་འཕྲུལ་བླ་མ་བརྒྱུད་པའི་མཚན་ཐོ་འཇམ་མགོན་མི་ཕམ་པས་མཛད་པའི་སྒྱུ་འཕྲུལ་དྲྭ་བའི་བཤད་བརྒྱུད་གསོལ་འདེབས་ལྟར་སྟར་ཆགས་སུ་འགོད་པ་ལ། ཆོས་སྐུའི་སྟོན་པ་ཁྱབ་བདག་རིགས་དྲུག་པ་ཀུན་ཏུ་བཟང་པོ། གསང་བའི་བདག་པོ་ལག་ན་རྡོ་རྗེ། མིའི་རིག་འཛིན་ལི་ཙ་བཱི་དྲི་མེད་གྲགས་པ། སྐལ་ལྡན་རྒྱལ་པོ་ཛཿ། སློབ་དཔོན་ཀུ་ཀུ་རཱ་ཛ། ཤ་ཀྲ་པུ་ཏྲིའམ་ཨིནྡྲ་བི་ཏི་ཆུང་བ། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་བཱི། རྒྱལ་པོ་ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ་རྩལ། སློབ་དཔོན་པྲ་བྷ་ཧསྟི། གུ་རུ་པདྨ་སཾ་བྷ་ཝ། སྒེག་པ་རྡོ་རྗེ། སངས་རྒྱས་གསང་བ། བཱི་མ་མི་ཏྲ། ལོ་ཙཱ་བ་རྨ་ཐོག་རིན་ཆེན། གཙུག་རུ་རིན་ཆེན་གཞོན་ནུ། གྱེ་རེ་མཆོག་སྐྱོང་། ཞང་རྒྱལ་བའི་ཡོན་ཏན། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། ཉང་ཆེན་ཤེས་རབ་མཆོག ཉང་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གླན་ཤཱཀྱ་བཟང་པོ། གསང་བདག་སྒྲོ་ཕུག་པ། སྙེ་སྟོན་ཆོས་ཀྱི་སེང་གེ གཙང་ནག་འོད་འབར། མེས་སྟོན་མགོན་པོ། ཤེས་རབ་ཚུལ་ཁྲིམས། རྟ་ནག་བདུད་འདུལ། ཤཱཀྱ་འཕེལ། ཟུར་བྱམས་པ་སེང་གེ སྒྲོལ་སྟོན་བསམ་འགྲུབ། སྒྲོལ་ཆེན་སངས་རྒྱས། འགོས་ལོ་གཞོན་ནུ་དཔལ། ཞྭ་དམར་པ་ཡེ་ཤེས་དཔལ་བཟང་། འབྲི་གུང་རིན་ཆེན་ཕུན་ཚོགས། རང་གྲོལ་ཉི་ཟླ་སངས་རྒྱས། འཁོན་རིགས་ཚེ་དབང་ནོར་རྒྱས། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། བཀྲ་ཤིས་ཀུན་དགའ། གསང་བདག་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་ཆོས་དཔལ་བཟང་པོ། པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་པདྨ་བསྟན་འཛིན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རབ་འབྱམས་པ་ཆོས་ཀྱི་གྲགས་པ། དགེ་རྩེ་འཇིགས་མེད་ངོ་མཚར། སེང་ཕྲུག་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་རྣམ་རྒྱལ་བཅས་སོ། །དེ་ནས་དེང་སང་གི་བར་བརྒྱུད་སྲོལ་གྱི་ཆུ་བོ་འདྲ་མིན་ཅི་རིགས་སུ་གྱེས་པར་སྣང་སྟེ། མཁན་ཆེན་པདྨ་བཛྲ་ལས་རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་དང་། དེ་ལས་མཁས་མཆོག་གཞན་ཕན་སྣང་བ། དེ་ཉིད་ལས་མཁན་ཆེན་པདྨ་ཚེ་དབང་རྒྱ་མཚོ་དང་། མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁས་གྲུབ་ངག་དབང་ནོར་བུ་སོགས་གདན་ས་འདིའི་ཕྱི་རབས་ཀྱི་མཁས་པ་རྣམས་ཀྱིས་གསན་ཞིང་། དེ་དག་རྣམས་ཀྱིས་གསང་བ་སྙིང་པོའི་སྤྱི་དོན་འགྲེལ་ཆེན་བཞུགས་སོ་ཅོག་ཀུན་ཕྱི་མའི་མཐར་བཤད་རྒྱུན་མི་ནུབ་པའི་ཆེད་དུ་དགོངས་ཏེ། དུས་འགྱུར་ཆེན་མོའི་ཡར་སྔོན་དུ་ལོ་ངོ་གཅིག་ལྷག་ལ་རུ་དམ་གདན་ས་རང་ནས་དམིགས་གཏད་ཀྱིས་བཤད་ཁྲིད་སྤེལ་སྐབས་རིགས་བདག་མཚུངས་མེད་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་གིས་ཐམས་ཅད་མ་ཚང་པ་མེད་པར་གསན་ཞིང་། རྗེ་དེ་ཉིད་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་བཀས་བསྐུལ་བ་བཞིན་ཉེ་བའི་ཆར་དཔལ་གྱི་སེང་གེ་རིའི་ཆོས་སྡེར་ཞབས་སོར་བཀོད་ནས་རྒྱ་བོད་ཀྱི་སྤྱི་དོན་འགྲེལ་ཆེན་ཕལ་མོའི་ཆེའི་བཀའ་ཁྲིད་བསྩལ་པས་བདག་ཅག་གི་ཆོས་སྐལ་དུ་ཐོབ་པའི་བསྐལ་བ་བཟང་པོ་མངོན་དུ་གྱུར། གཞན་ཡང་མཁན་ཆེན་པདྨ་བཛྲ་ལས་རྡོ་གྲུབ་བསྟན་པའི་ཉི་མ་དང་། གཏེར་ཆེན་ལས་རབ་གླིང་པ་སོགས་ཀྱིས་གསན་ཞིང་སྤེལ་བའི་རྒྱུན་དང་། གཞན་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། དེ་ལས་མཁན་ཆེན་ཡོན་ཏན་རྒྱ་མཚོ། དེ་ལས་ལྕང་མའི་མཁན་ཆེན་ཐུབ་བསྟན་ཆོས་འཕེལ། དེ་ཉིད་ལས་དགེ་མང་མཁན་རིན་པོ་ཆེ་ཕྲིན་ལས་དབང་རྒྱལ་ལམ་དབང་ལོ། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ། མཁན་ཆེན་འཇིགས་མེད་ཕུན་ཚོགས་རྣམས་ཀྱིས་གསན་ནས་རྒྱ་ཆེར་སྤེལ། ཡང་འཇམ་མགོན་བླ་མ་ལས་ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ་གྱིས་གསན་ཞིང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གསུངས་པའི་བརྒྱུད་པ་ཕྱོགས་བརྒྱར་འཕེལ་བ་བཅས་སྙིང་པོའི་བསྟན་པ་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་དཔལ་ལ་བཀོད་པར་མཛད་དོ། །འདིར་སྐབས་སུ་བབས་པ་གོང་བཞུགས་བླ་མ་བརྒྱུད་པའི་རྣམ་ཐར་ཅི་རིགས་ལག་སོན་བྱུང་བ་དག་དཀྱུས་གཅིག་ཏུ་དགོད་པར་འདོད་དེ། དེ་ལ་ཆོས་སྐུའི་སྟོན་པ་ཁྱབ་བདག་རིགས་དྲུག་པ་ཀུན་ཏུ་བཟང་པོ་ནས་པཎ་ཆེན་བཱི་མའི་བར་གོང་མའི་ཚོམས་སུ་རྒྱས་པར་སོང་བས་བསྐྱར་དུ་མ་བཟློས་ལ། གངས་ཅན་བོད་ཀྱི་ཡུལ་དུ་སྒྱུ་འཕྲུལ་གསང་བ་སྙིང་པོ་སྒྱུར་བཤད་ཀྱི་བསྟན་པའི་ཆུ་འགོ་ལོ་ཙཱ་བ་ཆེན་པོ་རྨ་གཉགས་གཉིས་སུ་གྲགས་པ་ལས།

[༡] རྨ་ཐོག་རིན་ཆེན་ནི།

བོད་ཡུལ་དབུས་ཕྱོགས་འཕན་ཡུལ་རྨ་གཅོ་ཞེས་པའི་གནས་སུ་སྐུ་འཁྲུངས། སྐྱེ་བས་ཐོབ་པའི་བློ་གྲོས་ཁྱད་དུ་འཕགས་པས་བོད་ཡུལ་རབས་ཀྱི་མི་དགུའི་ཡ་གྱལ་དང་། བསྟན་པ་སྔ་དར་གྱི་དུས་སུ་རྒྱ་ཆོས་བོད་དུ་སྒྱུར་བར་ལོ་ཙཱ་བའི་མཆོག་རབ་ཏུ་བསྔགས། མཁན་ཆེན་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་སད་མི་བདུན་དུ་གྲགས་པའི་ནང་ཚན་ཏེ། ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་རྩལ་དུ་བཏོན་ཞིང་ཡང་དག་པའི་རིགས་པས་ཧ་ཤང་སོགས་ལོག་པར་སྨྲ་བའི་སྡེ་ཚོགས་སུན་ཕྱུང་། པཎ་ཆེན་བཱི་མ་མི་ཏྲ་ལས་ནང་རྒྱུད་སྡེ་གསུམ་གྱི་ཆོས་སྐོར་རྒྱ་ཆེར་གསན། སློབ་དཔོན་ཆེན་པོའི་དྲུང་ནས་གསང་བ་སྔགས་ཀྱི་དབང་དང་གདམས་ཁྲིད་གསན་ཞིང་གྲུབ་པའི་རྟགས་མཚན་སྲ་མཁྲེགས་ཀྱི་རྡོ་ཡང་ཟན་ལྟར་བཅད་ནས་གསོལ་བ་སོགས་རིག་པ་འཛིན་པའི་ས་ལ་བཞུགས་པས་ཐུགས་སྲས་རྗེ་འབངས་ཉེར་ལྔའི་གྲངས་སུ་འདྲེན། རྒྱལ་པོ་གླང་དར་གྱིས་བསྟན་པ་བསྣུབས་སྐབས་ཁམས་སུ་ཕེབས་ཏེ་གཙུག་རུ་རིན་ཆེན་གཞོན་ནུ་སོགས་རྗེས་སུ་བཟུང་ཞིང་སྒྱུ་འཕྲུལ་གྱིས་མཚོན་རྒྱུད་སྡེའི་བཤད་ཁྲིད་རྒྱ་ཆེར་སྤེལ་བ་བཅས་འགྲོ་དོན་མཐར་ཕྱིན་ངང་སྐུ་གཤེགས་སོ། །

[༢] གཉགས་ལོ་ཙཱ་བ་ཆེན་པོ་ཛྙཱ་ན་ཀུ་མཱ་ར་ནི།

དཔལ་མ་ཧཱ་ཡོ་གས་མཚོན་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབ་སོ་དང་པོ་སྟེ། ཡུལ་ཡར་ཀླུང་ཤེལ་པའམ་འཕྱོས་སུ་གྲགས་པའི་ས་ཆ་རུ། ཡབ་གཉགས་སྟག་སྒྲ་ལྷ་སྣང་དང་ཡུམ་སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མགྲིན་པ་ན་སྨེ་བ་རྡོ་རྗེ་རྒྱ་གྲམ་ལྟ་བུ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སློབ་དཔོན་ཆེན་པོ་པདྨ་དང་། བཱི་མ་ལ། བཻ་རོ་དང་། གཡུ་སྒྲ་སྙིང་པོ་རྣམས་བསྟེན་ཏེ་དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ་བཀའ་བབ་ཆུ་བོ་བཞིའི་དབང་བཤད་སྒྲུབ་འཕྲིན་དང་བཅས་པ་གསན་པས་སྔ་འགྱུར་བསྟན་པའི་བཀའ་བབ་ཆེན་པོར་གྱུར། སློབ་དཔོན་ཆེན་པོས་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དུ་སྨིན་པར་མཛད་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་རྡོ་བ་སྐམ་པོའི་ཁོང་ནས་གྲུབ་ཆུ་བཏོན། སློབ་དཔོན་ཆེན་པོ་ལས་བརྒྱུད་པའི་སྒྱུ་འཕྲུལ་གྱི་བཀའ་སྲོལ་ཡང་བཞུགས། བདག་ཉིད་ཆེན་པོ་འདི་གཙོ་བོ་ཕུར་པ་ལས་མངོན་རྟགས་བརྙེས་པ་སྟེ། བཙད་པོ་ཁྲི་སྲོང་སྐུ་གཤེགས་རྗེས་བཙུན་མོ་ཚེ་སྤོང་བཟས་ལོ་པཎ་ཕལ་ཆེར་དབུ་འཕང་སྨད་པས་གཉགས་ཛྙཱ་ན་ཀུ་མཱ་ར་ཡར་འབྲོག་ཏུ་བཞུགས་པ་ལ། རང་གི་ཕ་སྤུན་གཉགས་དགེ་སྟོན་དགྲར་ལངས་ཏེ་འདི་མུ་སྟེགས་ཀྱི་སྔགས་མཁན་ཡིན་ནོ་ཞེས་གཡོ་ཅན་གྱི་ཁ་སྨྲས་བསྒྲགས་ཤིང་། བསེ་ཞོས་བྱུགས་པའི་བྷན་དྷ་ནང་དམར་པོ་ཡོད་པ་བརྐུས་ནས་མི་རྣམས་ལ་བསྟན་ཅིང་བྷན་དྷའི་ནང་གྲི་རྩེས་དྲུད་ནས་འདི་ནི་ཟག་ཟོག་གི་ལས་སོ་ཞེས་དབྱེན་བཅོས་པས། སྐྱེ་བོ་རྣམས་ཐེ་ཚོམ་སེལ་བའི་ཆེད་དུ་གང་དུ་བཞུགས་སར་རིན་པོ་ཆེ་རྙེད་པ་སྤྲུལ་པས་མི་རྣམས་ཀྱིས་རྫུ་འཕྲུལ་དུ་ཤེས་ནས་ཁོའི་ངག་ལ་ཡིད་མི་གཏོད་པར་གྱུར། ད་དུང་སྐུ་ལ་བདོ་བའི་ཐབས་སྣ་ཚོགས་བྱེད་པ་མཁྱེན་ནས་ཀོང་པོ་མཆིམས་ཡུལ་གྱི་ཕུར་གཤེགས། དེར་ལུང་སྟོང་གཅིག་ན་ར་མ་བདུན་འགྲོ་ཞིང་འདུག་པས་ཉེ་གནས་གླལ་མིག་འོག་བཙན་ལ་འདི་དག་དེད་ཅིག་གསུངས། ཁོ་ན་རེ། ར་ལ་བདག་པོ་ཡོད་ཅིང་འདིས་ཅི་འཚལ་ཞུས་པས། ལུང་སྟོང་གི་ར་ལ་བདག་པོ་ག་ན་འོང་དེད་ཅིག་གསུངས། དེར་བདག་པོ་མཆིམས་བྱ་རོག་གིས་ཤེས་ཏེ་རྐུན་ཁག་ཕབ། ར་ལ་བདུན་འཇལ་སྤྲད་ཙ་ན། ད་དུང་མ་ཚིམས་པར་སྒྲུབ་ཁང་བཤིགས་ཏེ་ལྕགས་ཀྱི་ཐོ་བ་བཟུང་ནས་དེད་དུ་བྱུང་། གཉགས་གཙུག་ལག་ཁང་གི་ནང་དུ་བྲོས་ནས་སྒོ་བཅད་པས་ཐེམ་པ་ལ་ཐོ་བས་བརྡེག་ཅིང་བཙུན་ཆུང་གི་མགོ་ལ་དེའུ་ཐེབས། དེར་ཡང་བཞུགས་སུ་མ་སྟེར་བས་དབུས་སུ་གཏད་དེ་བྱོན་ཙ་ན། འགྲོ་སྲས་ཆུང་བྱ་བས་ཤྭ་བ་གཅིག་དེད་ནས་བྱུང་བ་དང་འཕྲད། ཁོའི་རྟ་འདྲོགས། ཤྭ་བ་ཤོར་བས། ཁོ་ཡང་ཁྲོས་ཏེ་གསོད་དུ་བྱུང་བ་ལ་བྲོས་པའི་འདུན་པ་གཅིག་གཏད་པས་ཁོས་མ་མཐོང་བར་ཐར། དུས་དེ་ཙམ་ན་ལྷ་སྲས་བཙན་པོ་ཡུམ་དམར་རྒྱན་གྱིས་དུག་གིས་བཀྲོངས་པའི་དགོངས་རྫོགས་ཀྱི་ཚོགས་དབུར་སློབ་དཔོན་བཱི་མ་ལ་རྒྱ་ནག་ནས་རྫུ་འཕྲུལ་གྱིས་གཤེགས་པ་དང་མཇལ། གསེར་བྲེ་གང་ཕུལ་བས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་གསུངས་པར། ཡར་འབྲོག་སྒང་དུ་སྐྱིད་བགྱི་རུ། །དགྱེ་ལ་སྟོན་གྱིས་མ་སྟེར་རོ། །མཆིམས་ཡུལ་གཏིང་དུ་སྐྱིད་བགྱི་རུ། །བྱ་རོག་དམྱལ་བས་མ་སྟེར་རོ། །བོད་ཡུལ་དབུས་སུ་སྐྱིད་བགྱི་རུ། །འགྲོ་སྲས་ཆུང་གིས་མ་སྟེར་རོ། །ཞེས་ཞུས་པས། ལོ་ཙཱ་བར་བརྙས་ན་བསྟན་པ་ལ་ཤིན་ཏུ་གནོད་པར་དགོངས་ཏེ་ཕུར་པ་ཕུན་སུམ་ཚོགས་པ་དང་གཤམ་སྔོན་གཉིས་ཐུགས་ནས་ཕྱུང་སྟེ་བཤད། ལྷོ་བྲག་མཁར་ཆུ་སྣའི་བྲག་ཕུག་ཏུ་ལོ་པཎ་ལྷན་ཅིག་པས་སེང་ཕུར་ཉི་ཤུ་རྩ་གཅིག་ལ་བརྟེན་ནས་བསྒྲུབས་པས་ཕུར་བུ་ཕན་ཚུན་འཁྲོལ་བ་ཙམ་དུ་གྲུབ། དེར་གཉགས་ཀྱིས་ཏིང་ངེ་འཛིན་གྱི་ངང་ནས་ཕུར་བུ་གདེངས་ཏེ་བྱ་རོག་ལའོ་བྱས་པས། སྟོང་ཁམས་ཀྱི་བྱ་རོག་ཐམས་ཅད་འདུས། སླར་མཆིམས་བྱ་རོག་ལའོ་ཞེས་བསྒྲིལ་བས། མཆིམས་ནས་བྱ་རོག་ཟུང་ཞིག་བྱུང་། གཉགས་ཁྲོས་ནས་བྱ་རོག་གཅིག་ལ་གདེངས་པས་དེ་ཉིད་དུ་ཤིའོ། །དེར་བཱི་མ་ལས་མངོན་སྤྱོད་ཀྱི་མཐུས་གསད་པ་གྲུབ་ཀྱི་ད་ཆོས་ཉིད་ཀྱི་མཐུས་གསོ་བ་ཨེ་འགྲུབ། གསོས་ཤིག་གསུངས་པས། སློབ་དཔོན་ཛ་ལན་དྷ་རི་པ་དང་། སློབ་མ་ནག་པོ་སྤྱོད་པ་བཞིན་གཉགས་ཀྱིས་གསོ་མ་ནུས། བཱི་མ་ལས་བྱེ་མ་གཅིག་བཏབ་པའི་མོད་ལ་བྱ་རོག་སོས་ཏེ་འཕུར་བར་གྱུར་ཏོ། །རྟོགས་པས་བདག་མ་བསྒྲལ་བར་དྲག་ཤུལ་གྱི་ལས་བརྩམས་པ་གྲུབ་ཀྱང་ཉེས་པ་ཆེའོ་གསུངས་ནས་གནས་ལུང་གི་ཆོ་ག་མཛད། འདི་སྐབས་སློབ་དཔོན་བཱི་མ་ལ་ལས་ནང་རྒྱུད་སྡེ་གསུམ་གྱི་ཟབ་ཆོས་ཅི་རིགས་པ་གསན་པས་རོང་ཟོམ་ཆེན་པོས་གསང་སྔགས་ཀྱི་བབ་བདུན་པར་བཞེད། དེར་མཆིམས་ལྷ་གཡག་དཀར་དུ་བརྫུས་ནས་བྱུང་བ་བསྒྲལ། དེ་ནས་མཆིམས་བྱ་རོག བླ་སྤྱང་རབ་འབྲིང་ཐ་གསུམ། བྲན་དང་ཁོལ་པོ། འོག་རྟ་སྒོ་ཁྱི། སྣག་གི་གཉེན་མཚམས་དང་བཅས་པ་ཕུར་པ་གདེངས་ཆོག་གི་མཐུས་བསྒྲལ་ནས་རབས་བཅད། དེ་ནས་ཕ་སྤུན་གཉགས་དགེ་སྟོན་ལ་བཏབ་པས་དྲག་པོ་མཐུའི་ལས་ནི་རྣམ་པ་ཞེ་སྡང་རྡོ་རྗེའི་རྟེན་འབྲེལ་ལ་ལྟོས་པས། གཉགས་ལ་སློབ་དཔོན་བཱི་མ་ལའི་ཐུགས་རྗེས་སྙིང་རྗེ་ཆེན་པོ་སྐྱེས་ནས་དགོངས་པ་ཆོས་ཉིད་དུ་གྱུར་པས་ཡེ་མ་ཐེབས། སློབ་དཔོན་བཱི་མ་ལས་གྲོགས་མངོན་སྤྱོད་ཀྱི་མཚན་དང་ལྡན་པ་ཞིག་རྙེད་ན་ཐེབས་གསུངས་པས་འཚོལ་དུ་བྱོན། སོག་པོ་བེག་ཙེ་ཞེས་བྱ་བ་མི་ཁྲོ་བོའི་དབྱིབས་སུ་ཡོད་པ་གཅིག་རྙེད་ཅིང་ཐབས་ཀྱིས་སློབ་མར་བཀུག་ཅིང་རྗེས་སུ་བཟུང་ནས་ལྷ་དཔལ་གྱི་ཡེ་ཤེས་སུ་མཚན་སྤོས། དེ་བཞིན་དུ་འོ་བྲན་དཔལ་གྱི་གཞོན་ནུ་ཡང་ཕུར་པ་སྒྲུབ་པའི་མཚན་ལྡན་དུ་ཤེས་ནས་དཔོན་སློབ་གསུམ་ཀས་བསྒྲུབས་པས་གྲུབ། དགེ་སྟོན་གྱིས་ཚུལ་དེ་ཐོས་ཏེ་གསོད་དུ་འགྲོ་བའི་སྟ་གོན་བརྩམས་པ་ན། གཞན་དག་གིས་བནྡྷེར་བརྙས་མི་རུང་ཟེར་ནས་བཤོལ་བཏབ་ཀྱང་མ་ཉན། ནངས་པར་འགྲོ་རྒྱུའི་ནུབ་མོ་བུད་མེད་མང་པོས་མཐའ་བསྐོར་ནས་མགོ་བཅད་པ་རྨིས། དེ་ཆུང་མ་ལ་བཤད་པས་ནན་གྱིས་བཤོལ་བཏབ་ཀྱང་མ་ཉན་པར་རྟ་ལ་ཞོན་ནས་སོང་བ་ན། བྱ་ཆེན་པོ་ཞིག་འཕུར་བྱུང་ནས་རྟ་འདྲོགས། ཤ་ཁམ་ཁྲག་ཐིག་ཏུ་གྱུར་ཏེ་སྲུང་མས་དངོས་སུ་བསྒྲལ་བར་གྲགས། དེར་སོག་པོ་དཔལ་གྱི་ཡེ་ཤེས་ཀྱིས་སྙིང་བཏོན་ནས་སློབ་དཔོན་ལ་ཕུལ་བས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་གསུངས། དེ་བཞིན་དུ་འགྲོ་སྲས་ཆུང་སྣེའུ་ཐང་ལ་རྟ་ཁྱུ་འཚོ་བའི་རྣམ་པར་ཤེས་པའང་བཀུག་སྟེ་ཕུར་པ་གདབ་ལས་ཀྱིས་ཚར་བཅད། འགྲོ་ལྷ་སྤྱང་ཀི་སྔོན་པོར་བྱས་པ་དང་། བླ་སྤྱང་བྲན་ཁོལ་ཐམས་ཅད་སྔར་བཞིན་ཁ་དག་པར་བྱས། གཞན་གཉགས་ལོ་ཙཱ་བ་ཆེན་པོ་འདིས་སངས་རྒྱས་དངོས་དང་མཚུངས་པའི་པཎ་གྲུབ་རྣམས་ལས་སྒྲ་ཚད་མཚན་ཉིད། སྔགས་ཕྱི་ནང་ཐམས་ཅད་གསན་པས་མཁྱེན་པ་ཤིན་ཏུ་ཆེ། ལོ་ཙཱ་བ་ཆེན་པོར་གྱུར་ནས་དམ་པའི་ཆོས་མང་པོ་བསྒྱུར། མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་མངའ་བདག་ཏུ་གྱུར་ཅིང་ཉན་བཤད་ཀྱི་སྒོ་ནས་སློབ་མ་ཁྱད་དུ་འཕགས་པ་མང་དུ་བསྐྲུན་པ་སྟེ། སོག་པོ་དཔལ་གྱི་ཡེ་ཤེས། འོ་བྲན་དཔལ་གྱི་གཞོན་ནུ། གཉན་ཆེན་དཔལ་དབྱངས། ཐག་བཟང་དཔལ་གྱི་རྡོ་རྗེ་སྟེ་དཔལ་སྔ་མ་བཞི་དང་། ལམ་མཆོག་དཔལ་གྱི་རྡོ་རྗེ། དར་རྗེ་དཔལ་གྱི་གྲགས་པ། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ་སྟེ་དཔལ་ཕྱི་མ་བཞི་བཅས་དཔལ་གྱི་བུ་བརྒྱད་དང་། ཨུ་པ་དོ་གསལ། དགྱེ་འཕགས་པ་ཤེས་རབ། བྷུ་སུ་ཀུ་མཆོག་སོགས་མང་དུ་བྱུང་བ་བཅས་བསྟན་པ་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་རྫོགས་པ་ཆེན་པོ་སྙན་བརྒྱུད་རྡོ་རྗེ་ཟམ་པ་དང་མན་ངག་སྡེ་ལས་དངོས་གྲུབ་ཆེན་པོ་བརྙེས་ཏེ་སྟོང་གསལ་འོད་ཀྱི་ཕུང་པོར་གཤེགས་སོ། །

དེ་ལྟར་བརྒྱུད་པའི་ཆུ་འགོ་རྨ་གཉགས་གཉིས་ལས་བཀའ་སྲོལ་གསུམ་དུ་གྱེས་ཤིང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་ཆུ་བོ་གསུམ་གཅིག་ཏུ་འདྲེས་པའི་བཀའ་བབ་པ་སྟེ། བཀའ་སྲོལ་དང་པོ། རྨ་རིན་ཆེན་པས་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས་ལ་བསྩལ། དེ་གཉིས་ལས་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས་ཀྱིས་གསན། ཞང་གིས་གནུབས་ཆེན་ལ་བརྒྱུད་པར་གྲགས་ཤིང་གཙུག་གྱེར་ཞང་གསུམ་གྱི་རྣམ་ཐར་སྔར་གྱི་ཆོས་འབྱུང་ཆེན་མོ་རྣམས་སུའང་མི་བཞུགས་པས་སྐབས་འདིར་འགོད་པ་རྔོ་མ་ཐོགས། བཀའ་སྲོལ་བར་པ། རྨ་གཉགས་གཉིས་ལས་ཁུ་བྱང་ཆུབ་འོད་དང་། ཁུས་ཞང་རྒྱལ་བའི་ཡོན་ཏན་ལ། ཞང་གིས་གནུབས་ཆེན་ལ་བསྩལ། བཀའ་སྲོལ་ཐ་མ། གཉགས་ལོ་ཆེན་པོས་སོག་པོ་དཔལ་གྱི་ཡེ་ཤེས་ལ་བརྒྱུད་ཅིང་། དེ་ཉིད་ཀྱིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བསྩལ།

[༣] སོག་པོ་དཔལ་གྱི་ཡེ་ཤེས་ནི།

ཡུལ་ཡར་འབྲོག་ཏུ་སྐུ་འཁྲུངས་ཤིང་། སློབ་དཔོན་ཆེན་པོའི་དུས་ནས་དངོས་གྲུབ་བརྙེས་ཚར་བ་གཅིག་ཐུན་མོང་གི་སྣང་ངོར་མགར་བའི་ཚུལ་དུ་བཞུགས་ཀྱང་ཟེར། དེ་ལ་གཉགས་ལོ་ཆེན་པོ་མཁྱེན་པ་ཤིན་ཏུ་རྒྱ་ཆེ་བས་སློབ་དཔོན་རྣམས་ལས་རང་ཉིད་མཁས་སྙམ་པའི་ང་རྒྱལ་གྱི་རྟོག་པ་ལན་གསུམ་སྐྱེས་པའི་ཉེས་པས་སྲོག་ལ་བབ་པའི་སྐུ་དགྲ་ལན་གསུམ་བྱུང་། དེ་དག་བཟློག་པའི་གྲོགས་སུ་སློབ་དཔོན་བཱི་མ་ལས་མངོན་སྤྱོད་ཀྱི་མཚན་དང་ལྡན་པའི་གྲོགས་ཤིག་རྙེད་དགོས་པ་ལུང་དུ་བསྟན་པ་ལྟར་འཚོལ་དུ་བྱོན་པ་ན། སོག་པོ་བེག་ཙེ་བྱ་བ་མི་ཁྲོ་བོའི་དབྱིབས་སུ་ཡོད་པ་གཅིག་རྙེད། དེའི་མགོ་བོ་རྒྱ་མདུད་དུ་འདྲིལ་ཞིང་། རོ་སྨད་ཟུར་གསུམ་པའི་རྣམ་པར་ཤར་བ་ལ་སོགས་པའི་མཚན་རྟགས་ཐམས་ཅད་ཚང་བར་གཟིགས། གཉགས་ཀྱིས་ཁོས་མགར་བྱེད་པའི་སྦུད་པ་འབུད་གྲོགས་མཛད་ཀྱིན་མཚན་ཉིད་ཐེག་པའི་ཆོས་བཤད་པས་ཁོའི་རྣ་ལམ་དུ་མ་སོང་། ཕྱི་རྒྱུད་སྡེ་གསུམ་བཤད་པས་རེས་འགའ་ཉན་ཞིང་གཞན་ཐོ་བ་ཆེམས་ཆེམས་བརྡུང་། ནང་རྒྱུད་སྡེ་གསུམ་བཤད་ཀྱིན་ལྕགས་ཀྱི་ལྕུག་མ་སྟོར་པ་རྣམས་ཁྱུར་མིད་བྱས་པས་ཁོ་ཡ་མཚན་སྐྱེས་ཏེ་འདི་ལྟ་བུའི་རྫུ་འཕྲུལ་ཅི་ལས་བྱུང་ཟེར། ད་ལྟ་བཤད་པའི་ཆོས་དེ་ཉམས་སུ་བླངས་པ་ལས་བྱུང་སྨྲས་པས། ཁོ་ཤིན་ཏུ་དད་དེ་ལག་ཆ་ཐམས་ཅད་ཕུལ་ནས་སློབ་མར་བྱས། རྗེས་སུ་བཟུང་ནས་ལྷ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས། ཕྱིས་ཤིག་གཉགས་དམར་གྱིས་ཕ་སྤུན་གྱི་མི་ཤ་འཁོན་དུ་བྱས་ནས་སློབ་དཔོན་བཙོན་དུ་བཟུང་། སོག་པོ་དཔལ་ཡེ་པས་བླ་མའི་ཆེད་དུ་ལུས་སྲོག་འདོར་ཕོད་པའི་རྡོ་རྗེའི་དམ་ཚིག་གཉན་པོ་ལ་དགོངས་ཏེ་བཙོན་སྲུང་གཉིས་བཀུམས་ནས་སློབ་དཔོན་བཙོན་དོང་ལས་སྤྱན་དྲངས་པ་སོགས་སྐུ་དགྲ་ལན་གསུམ་བཏུལ། སློབ་དཔོན་ཐུགས་ཤིན་ཏུ་དགྱེས་པས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དངོས་སུ་སྤྲུལ་ནས་རྗེས་སུ་བཟུང་ཞིང་སྨིན་གྲོལ་རྒྱུད་བཤད་ཀྱི་གདམས་པ་མཐའ་དག་བསྩལ། ཕྱིས་སུ་གཉགས་ལས་གསན་པའི་ཆོས་བཀའ་མཐའ་དག་གནུབས་ཆེན་ལ་གནང་བ་བཅས་ཕྲིན་ལས་མཐར་རྒྱས་ངང་སྐུ་གཤེགས་སོ། །

[༤] སྔ་འགྱུར་བསྟན་པའི་བབ་སོ་གཉིས་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི།

ཡབ་གནུབས་རིགས་གསལ་བའི་དབང་ཕྱུག་དང་། ཡུམ་མཆིམས་མོ་བཀྲ་ཤིས་མཚོའི་སྲས་སུ་དབུས་རི་སྒྲགས་ཀྱི་ཕུར་སྐུ་འཁྲུངས། གནུབས་ཆེན་འདི་འཁྲུངས་པའི་དུས་ཚིག་ལ་འགའ་ཞིག་རལ་བ་ཅན་གྱི་དུས་སུ་བྱུང་ནས་ཁྲི་བརྩེགས་ཀྱི་བར་དུ་བཞུགས་པར་འདོད་པ་དང་། ཁ་གཅིག་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས་ཁྲི་བརྩེགས་ཀྱི་བར་བཞུགས་པར་འདོད་པ་སོགས་ཅི་རིགས་བྱུང་ཡང་། ལོ་ཆེན་དྷརྨ་ཤྲཱིས་སྤྱི་ལོ་༨༨༤པ་རབ་བྱུང་སྔོན་གྱི་ལོ་བརྒྱ་དང་གྱ་ལྔ་པ་ཤིང་ཕོ་བྱི་བའི་ལོ་དཔྱིད་ཟླ་ར་བར་འཁྲུངས་པར་བཞེད། སྐུ་མ་བལྟམས་པའི་གོང་ཕ་མེས་ཀྱི་དུར་ས་སྒྲགས་རི་བོ་ཆེར་ཙན་དན་གྱི་སྡོང་པོ་སྐྱེས་པ་ལ་རྒྱ་ནག་ཧྭ་ཤང་ཞིག་གིས་བརྟགས་ཏེ་སྤྲུལ་པའི་སྐུ་འཁྲུངས་པའི་ལྟས་ཡིན་པས་གསོ་བའི་ཆོ་ག་འདི་ལྟར་གྱིས་ཞེས་སྔོན་ནས་ལུང་བསྟན་པ་བཞིན་བསྒྲུབས། སྐྱ་མིང་རྡོ་རྗེ་ཁྲི་གཙུག་དང་། ཕྱིས་བསྟན་སྒོར་ཞུགས་པའི་ཆོས་མིང་སངས་རྒྱས་ཡེ་ཤེས་སུ་བཏགས། གསང་མཚན་རྡོ་རྗེ་ཡང་དབང་གཏེར་ཞེས་གྲགས། དགུང་ལོ་བདུན་ནས་འོ་བྲན་དཔལ་གྱི་གཞོན་ནུའི་ཕྱག་ཕྱིར་འབྲངས་ཏེ་རིག་པའི་གནས་ཐམས་ཅད་ལ་བྱང་བར་མཛད། མཁན་པོ་བྷོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། རིག་འཛིན་འདུས་པ་རྩ་བའི་རྒྱུད་དུ། རཏྣ་བྷུདྡྷ་ཛྙཱ་ན་ཡིས། །ཁྱད་པར་སྐུ་ཡི་གསང་བ་སྟོན། །ཞེས་ལུང་བསྟན་པ་ལྟར་གཞོན་ནུའི་དུས་སློབ་དཔོན་ཆེན་པོ་པདྨ་ལས་བཀའ་བརྒྱད་ཀྱི་དབང་གསན་པའི་ཚེ་མེ་ཏོག་འཇམ་དཔལ་སྐུའི་དཀྱིལ་འཁོར་ལ་ཕོག་ཅིང་བསྒྲུབས་པས་གྲུབ་རྟགས་མངོན་དུ་གྱུར། ཕྱིས་རྒྱ་བལ་གྱི་རུ་མཚམས་རྡོ་རྗེ་རྩེ་ལྔའི་ཕུག་ཏུའང་རྒྱུད་དང་མན་ངག་དུ་མ་གསན། གཞན་ཡང་ཤྲཱི་སེདྷ། བཱི་མ་ལ། ཀ་མ་ལ་ཤི་ལ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། ཤཱནྟིཾ་གརྦྷ། དྷ་ན་སཾ་སྐྲི་ཏ། སོ་ཀྱ་དེ་བ། དྷ་ན་རཀྵི་ཏ། བྲམ་ཟེ་གསལ་བའི་རྒྱན། དྷརྨ་བོ་དྷི། དྷརྨ་རཱ་ཛ། གཙུག་ལག་དཔལ་དགེ། བ་སུ་དྷ་ར། ཆེ་བཙན་སྐྱེས་སོགས་རྒྱ་བལ་བྲུ་ཤའི་ལོ་པཎ་རྣམས་དང་། བོད་ཀྱི་མཁས་པ་གཉགས་ལོ་ཡེ་ཤེས་གཞོན་ནུ། དེའི་སློབ་མ་དཔལ་གྱི་བུ་བརྒྱད་ཐམས་ཅད་དང་། དེའི་ནང་ནས་ཀྱང་སོག་པོ་དཔལ་ཡེ་དང་། རྨ་གཉགས་ཐུན་མོང་གི་ཡང་སློབ་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་གཙོ་བོར་བསྟེན་ནས་མདོ་སྔགས་ཕྱི་ནང་གི་རྒྱུད་སྡེ་མན་ངག་དང་བཅས་པ་མཐའ་དག་ལ་སྦྱངས་ཏེ་མཁས་པར་མཛད། རྒྱ་བལ་གྱི་ཡུལ་དུ་ལན་བདུན་བྱོན་ནས་རྒྱུད་དང་མན་ངག་ཆོག་ཡིག་བསྟན་སྲུང་དང་བཅས་པ་མང་པོ་བསྒྱུར། ཁྱད་པར་དགུང་ལོ་ལྔ་བཅུ་རྩ་བཞི་པ་ཤིང་སྦྲུལ་གྱི་ལོར་བལ་ཡུལ་དུ་བྱོན་ནས་བ་སུ་དྷ་ར་ལས་དབང་དང་གདམས་པ་དཔག་མེད་ཞུས་ཤིང་ཆོས་ཕྱིར་གཏོང་བ་དང་དད་གུས་ཀྱིས་མཉེས་པར་མཛད་པས། སློབ་དཔོན་གྱི་ཞལ་ནས། རྒྱ་གར་ན་ངའི་སློབ་དཔོན་གསལ་བའི་རྒྱན་ཞེས་བྱ་བ་ལོ་སྟོང་དང་དྲུག་བརྒྱ་ལོན་པ་ཞིག་བཞུགས་པས་དེའི་དྲུང་དུ་སོང་ལ་ཆོས་ཞུས་ཤིག་གསུངས་པ་ལྟར་བྱོན་པས། ཝཱ་ར་ཎ་སིར་ཨ་ཙཪྱ་གསལ་བའི་རྒྱན་ཞལ་མཐོང་། ཆོས་མང་དུ་ཞུས་ཤིང་ཁྱད་པར་དུ་མདོ་ཡོངས་སུ་རྫོགས་པའི་དབང་དང་དགོངས་འདུས་ཀྱི་གདམས་ངག་ཀྱང་གསན། སློབ་དཔོན་འདི་ནི་བདེ་བ་གསལ་མཛད་དང་གཅིག་པར་རོག་བརྩོན་འགྲུས་སེང་གེ་བཞེད། དེ་ནས་དགོངས་འདུས་ཀྱི་གཞུང་བཤད་གསུང་བར་ཞུས་པས། བ་སུ་དྷ་རའི་ཞལ་ནས། དྷ་ན་རཀྵི་ཏ་དང་། དྷརྨ་བོ་དྷི་དང་། དྷརྨ་རཱ་ཛ་རྣམས་ཆེ་བཙན་སྐྱེས་ཀྱིས་སྤྱན་དྲངས་ནས་བྲུ་ཤའི་ཡུལ་དུ་བཞུགས་པས་དེར་ཞུས་ཤིག་གསུངས་པ་ལྟར། བྲུ་ཤའི་ཡུལ་དུ་བྱོན་ཏེ་ལོ་པཎ་བཞི་ལས་གཙོ་བོ་གཞུང་བཤད་དང་། གཞན་ཡང་དབང་བཀའ་ཕྱག་བཞེས་སོགས་གདམས་ངག་གི་གནད་ལ་ཞུན་ཐར་བཅད་དེ་ཐུགས་བཅུད་ལོངས་པར་མཛད་དོ། །དེ་ནས་གྲུབ་པ་ཇི་ལྟར་བརྙེས་པའི་ཚུལ་ནི། ཞུག་གི་རྡོ་རྗེ་སྒོམ་བུར་ཟླ་བ་དགུ་ལ་ཐུགས་དམ་ཉམས་བཞེས་མཛད་པས་གནས་ལུགས་གཏན་ལ་ཕབས། རྡོ་རྗེ་གདན་དང་གཡུང་དྲུང་རིན་ཆེན་གཏེར་གནས་སུ་གསང་བདག་གིས་ཞལ་དངོས་སུ་བསྟན་ཏེ་ཕྱག་མཚན་གྱི་རྡོ་རྗེ་ཕྱག་ཏུ་བབ་ཅིང་མིང་གི་དབང་བསྐུར། འོལ་མོ་ཚལ་དུ་དྲི་ཟའི་ཕྲུ་གུས་སངས་རྒྱས་ཀྱི་མཚན་གསོལ། གང་བཟང་དང་གླིང་དགུའི་མཚོ་འགྲམ་དུ་གནོད་སྦྱིན་དང་ཀླུ་ཕྲུག་སྤུན་གསུམ་གྱིས་མཆོད། དུར་ཁྲོད་ལྷས་སུ་ཡི་དྭགས་ཕྲུ་གུས་ཞབས་ལ་གཏུགས། འོད་མའི་ཚལ་དུ་ཡ་མཱནྟ་ཀས་ཞལ་བསྟན་ནས་དབང་དང་དངོས་གྲུབ་བསྩལ་ཅིང་གསང་སྔགས་ཀྱི་བདག་པོར་དབང་བསྐུར། མ་གཤིན་མཁའ་འགྲོའི་དབང་ཕྱུག་རྣམས་སྲུང་མར་གཏད། འཇམ་དཔལ་གྱིས་ལུང་བསྟན་པ་བཞིན་རྒྱ་གར་དུར་ཁྲོད་གསང་ལུང་ནག་པོར་ཨེ་ཀ་ཛཱ་ཊིས་དངོས་གྲུབ་ཀྱི་རྫས་བྱིན་པས་དབྱིངས་ལ་ཡེ་ཤེས་ཤར་ཏེ་ས་ཆེན་པོའི་རྟོགས་པ་མངོན་དུ་གྱུར། པདྨ་གར་དབང་དང་། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པས་ཞལ་གཟིགས་ཤིང་དབང་དང་དངོས་གྲུབ་ཐོབ། གཞན་ཡང་ཐོགས་པ་མེད་པའི་མངོན་ཤེས་དང་ལྷའི་སྤྱན་སོགས་མངའ། ཆུ་ལ་མི་བྱིང་ཞིང་རི་བྲག་ལ་ཐ་ལེར་གཤེགས་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ། བོད་ཡུལ་དབུས་ཀྱི་གནས་སྒྲགས་ཀྱི་ཡང་རྫོང་དུ་སྒྲུབ་གནས་ཀྱི་མཐིལ་མཛད་ཅིང་དབེན་པ་འབའ་ཞིག་བརྟེན་དགོངས་པ་ལ། སྤྱིར་དུས་འདི་ཙམ་ན་རྒྱལ་ཁྲིམས་ཞིག་ཅིང་ཕྱོགས་རིས་ཀྱི་འཁྲུགས་པ་དར་བའི་སྐབས་སུ་གྱུར་པས་གནུབས་ཆེན་ཡབ་སྲས་ལ་འོ་བརྒྱལ་ཆེན་པོ་བྱུང་། ཁྱད་པར་སྐུ་ཚེ་སྔ་མ་རྒྱ་གར་དུ་ཤན་པ་མ་རུ་ཙེ་བྱ་བར་འཁྲུངས་ནས་སེམས་ཅན་གྱི་དོན་མཛད་པའི་གདུལ་ཞིང་གི་ལྷག་མ་ལུས་པ་རྣམས་རྫོགས་པར་མཛད་པ་དང་། བོད་འདིར་དབོན་སྲས་ཀྱིས་བསྟན་པ་ཉམས་པར་བྱེད་པས་མཚོན་སྔ་ཕྱིར་བསྟན་པ་ལ་གནོད་བྱེད་མང་དུ་བྱུང་བ་དེ་དག་དྲག་སྔགས་ཀྱིས་ཚར་བཅད་ནས་བསྟན་པ་སྲུང་བའི་ཕྱིར་རྒྱལ་བའི་ཕྲིན་ལས་ཀྱིས་བསྐུལ་བ་ལས། རྣམ་པའི་རྐྱེན་ཡུལ་པའི་ཁེངས་ལོག་སྔ་ཕྱི་བར་གསུམ་དུ་བྱུང་ནས་རིགས་ཀྱི་སྲས་གཉིས་ཀྱང་བཀྲོངས་པས། ཇི་སྐད་དུ། ཉོན་མོངས་བོད་ཡུལ་དབུས་སུ་ལངས། །འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ། །ཞེས་དང་། བདག་འདྲ་གནུབས་ཀྱི་བན་ཆུང་ཡང་། །སྙིང་ནས་ཆོས་བཞིན་བྱ་སེམས་སྐྱེས། །ཞེ་སྡང་དགྲ་བོས་བྱེད་མ་སྟེར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཞེ་སྡང་དེ་མ་ཐག་ཏུ་བསྐྱེད། །དཀར་པོའི་ཆེ་བ་འདོན་བསམས་ནས། །ངན་སྔགས་ཡིག་སྣ་སྣ་ཚོགས་བསླབས། །ཞེས་པ་ལྟར་རྒྱ་བལ་གྱི་ཡུལ་ནས་གཤེད་སྐོར་རྒྱ་མཚོའི་དྲག་སྔགས་རྣམས་སྤྱན་དྲངས་པ་སྟེ། ཞལ་ནས། བླ་མ་བཅུ་གཅིག་ཞབས་ནས་བཏེགས། །འོན་ཀྱང་མཁས་པ་བཞི་ལ་གཏུགས། །སློབ་དཔོན་དཔལ་གྱི་སེང་གེ་དང་། །རྒྱ་གར་ཁྲག་འཐུང་ནག་པོ་དང་། །ཕུང་བྱེད་ཤནྟིཾ་གརྦྷ་དང་། །བལ་པོ་བ་སུ་དྷ་ར་བཞི། །མཁས་པ་བཞི་ཡི་ཐུགས་བརྟོལ་ནས། །ཟབ་པའི་མན་ངག་ཐུགས་ལ་བཏགས། །ཞེས་དང་། དེ་དག་ཀྱང་གནད་དུ་བསྡུས་པ་བལ་པོའི་སློབ་དཔོན་ཉིད་ལས་བྱུང་བ་སྟེ། འདི་སྐད་དུ། སློབ་དཔོན་བལ་པོའི་རྒྱལ་པོ་ཡིས། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །གནུབས་ཀྱི་བན་ཆུང་འདིར་ཤོག་གསུངས། །བམ་ཆེན་རོ་ཡི་དབང་བསྐུར་ནས། །ལྷ་རུ་འཇམ་དཔལ་ཚེ་བདག་གཏད། །ཅེས་དང་། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །སྒྲུབ་ཁང་ཡ་མའི་མཁར་ལ་བྱས། །སྒྲགས་ལ་ནག་པོའི་རྩེ་མོ་རུ། །ཉེ་འབྱེད་རླུང་གི་འཁོར་ལོ་བསྐོར། །གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླགས། །ཞེས་འབྱུང་བ་ལྟར། དྲུག་ཅུ་རེ་གཅིག་པར་སྒྲགས་སུ་ཁེངས་ལོག་བྱུང་བས་གཤིན་རྗེ་གཤེད་ཀྱི་དྲག་སྔགས་རྣོན་པོས་གྲོང་ཁྱེར་མང་པོ་བརླག་པར་མཛད་དེ་གནུབས་ཡུལ་རོང་དུ་བྲོས། དེར་ཡང་བཞུགས་སུ་མ་སྟེར་བས་སྙེ་མོ་བྱེ་མཁར་དུ་བྱོན། གནས་དེར་ཡང་དམག་གི་ཆོམ་པོས་བསྐོར་ཞིང་སྐུ་སྲོག་ལ་བསྡོ་བར་ཉེ་བ་ན། མཁར་གྱི་རྩེ་ནས་ལྷ་འདྲེ་གཉན་པོ་དཔང་དུ་གསོལ་ཏེ་ཚིགས་སུ་བཅད་པའི་བདེན་པ་བདར་ནས་ཆོས་གོས་བརྡབས་པས་དམ་ཅན་ཆོས་སྐྱོང་རྣམས་མངོན་སུམ་པར་བྱུང་སྟེ། བདག་ཅག་གི་མཐུ་རྩལ་གྱིས་རི་རབ་ཐལ་བར་བརླག ཉི་ཟླ་ཆ་ལང་རྡེབ། གནམ་ས་བླ་འོག་བསྒྱུར་ནུས་ཀྱང་། ཚེ་རབས་སྔ་མའི་ལན་ཆགས་བརྡོལ་བས་སྔོན་ཆད་གྲོགས་བྱེད་དུ་མ་སྟེར། ད་ནི་བཀའ་བཞིན་འཚལ་ལོ་ཟེར་བས། ཆོས་གོས་ཀྱི་ཆ་ག་ནས་སེང་ལྡེང་གི་ཕུར་བུ་བཏོན། དམ་ཅན་རྣམས་ཀྱི་སྲོག་སྙིང་དྲངས། དམག་མི་ཡོད་པའི་རི་ལོགས་ལ་ཕུར་བུ་དྲིལ་ཞིང་བསྡིགས་པས། རི་ལ་མེ་དཔུང་ཆེན་པོ་བྱུང་སྟེ་དམག་རྣམས་ཐམས་ཅད་བསྲེགས་ཤིང་བརླག་པར་བྱས། སྐུ་དགྲ་ཐུལ་རྗེས་ལོ་གསུམ་གྱི་བར་ལ་དབུལ་ཞིང་ཕོངས། མངའ་བདག་རལ་བ་ཅན་གྱི་བར་ཡན་ཆད་དུ་རྒྱ་གར་དང་བོད་ཀྱི་བར་དུ་འབྱོན་བཞུད་ཀྱི་ངང་དུ་ཡོད་པ་ལས། རྒྱལ་པོ་གླང་དར་མས་བསྟན་པ་བཤིགས་པའི་དུས་རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས། ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་གསུངས་ནས་སྡིགས་མཛུབ་གནམ་དུ་ཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བདོའོ་ཆོས་མཛོད་ཅིག་ཟེར། ད་རུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་བར་སོང་། དེར་རྒྱལ་པོ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་དང་བཅས་པ་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་། དུས་དེར་སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་སློབ་དཔོན་འདིའི་བཀའ་དྲིན་ཡིན་པར་གྲགས། དར་མས་བསྟན་པ་བསྣུབས་པ་ཐུགས་ཀྱིས་མ་བཟོད་དེ་སླར་ཡང་དྲག་སྔགས་སྤུ་གྲི་རེག་ཆོད་མང་པོ་ཚགས་སུ་བཙུད་ནས་མངོན་སྤྱོད་ཀྱི་ཐུགས་རྗེས་མཚམས་སྦྱར་བར་དགོངས་པ་ན། སྡིག་སྤྱོད་རྒྱལ་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས་བསྒྲལ་ཟིན་པས་དྲག་སྔགས་འཆོལ་གྱིས་དོགས་ནས་གཏེར་དུ་སྦས། མདོའི་འགྲེལ་ཆེན་མུན་པའི་གོ་ཆ་དང་། དཀའ་གཅོད་སྨྲ་བའི་མཚོན་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པའི་མངོན་རྟོགས་འགྲེལ། རྫོགས་ཆེན་གྱི་མན་ངག་བསམ་གཏན་མིག་སྒྲོན་སོགས་བསྟན་བཅོས་མང་པོ་བརྩམས་པ་དང་། བཤད་སྒྲུབ་ཀྱི་ཕྲིན་ལས་ཀྱིས་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་བསྟན་པས་ས་སྟེང་ཁྱབ་པར་མཛད། འདི་ལ་སློབ་མ་མང་ཡང་ཁྱད་པར་དུ་འཕགས་པའི་སློབ་མ་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་གཅིག་དང་ལྔ་བྱུང་སྟེ། སློབ་དཔོན་ཉིད་ཀྱི་མགུར་ལས། གནུབས་བན་ཡང་དབང་གཏེར། །ཤེས་རབ་ནགས་ཚལ་ལ། །ཡོན་ཏན་ལྗོན་ཤིང་འཁྲུངས། །སྣོད་ཀྱི་མཆོག་ལྔར་བླུག །གཅིག་གིས་རྩ་བ་ཁྱེར། །བློན་ཆེན་འཕགས་པ་ཡིན། །གཅིག་གིས་ལོ་མ་ཁྱེར། །ལེགས་པའི་སྒྲོན་མེ་ཡིན། །གཅིག་གིས་མེ་ཏོག་ཁྱེར། །དན་གྱི་ཡོན་ཏན་མཆོག །གཅིག་གིས་འབྲས་བུ་ཁྱེར། །ཡེ་ཤེས་དབང་ཕྱུག་ཡིན། །གཅིག་གིས་ཐམས་ཅད་ཁྱེར། །ཡོན་ཏན་རྒྱ་མཚོ་ཡིན། །ཞེས་གསུངས་པའི་སྲས་བཞི་ནི། རྩ་བ་རྒྱུད་ལ་མཁས་པ་སྤ་གོར་བློ་ཆེན་འཕགས་པ། ལོ་མ་བདུད་རྩི་ལ་མཁས་པ་སྲུའི་སྟོན་པ་ལེགས་པའི་སྒྲོན་མེ། མེ་ཏོག་བརྒལ་ལན་ལ་མཁས་པ་དན་ཡོན་ཏན་མཆོག འབྲས་བུ་ལྟ་དགོངས་ཀྱི་གནད་ལ་མཁས་པ་སོ་ཡེ་ཤེས་དབང་ཕྱུག་གོ །སྲས་ཀྱི་དམ་པ་གཅིག་ནི་དེ་བཞི་ཀ་ལ་མཁས་པ་ཁུ་ལུང་བ་ཡོན་ཏན་རྒྱ་མཚོའོ། །ཡང་མདོ་དབང་རང་གི་ལོ་རྒྱུས་རྣམས་སུ། ཁུ་ལུང་པ་ལ་དབང་རྒྱུད་གདམས་ངག་གི་བཀའ་བབ། སྲུ་ལ་དབང་བཞི་ཆུ་བོའི་བཀའ་བབ་ཞེས་ཀྱང་འབྱུང་ངོ་། །སློབ་དཔོན་འདི་ཆོས་རྒྱལ་ཁྲི་སྲོང་གི་དུས་ནས་བྱུང་ཞིང་ཚེའི་རིག་འཛིན་བརྙེས་པས་བསྟན་པ་ཕྱི་དར་བར་བཞུགས་པར་གྲགས། དེ་ལྟར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་མི་ནུབ་པར་སྤེལ་ནས་མཐར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལས་ལྷུན་གྲུབ་འོད་ཀྱི་ཕུང་པོར་མྱ་ངན་ལས་འདས་སོ། །

[༥] ཐུགས་སྲས་དམ་པ་གནུབས་ཡོན་ཏན་རྒྱ་མཚོ་ནི།

ཡབ་གནུབས་རྗེ་ཁྲི་རྨུ་ཐོན་བཙན་དང་ཡུམ་ཁྲོམ་བཟའ་འོད་ལྡན་གྱི་སྲས་སུ་གནུབས་ཡུལ་རོང་དུ་སྐུ་འཁྲུངས། སྐུའི་སྐྱེ་བ་སྔ་མ་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་ཡབ་སྲས་སུ་འབྲེལ། སྐྱེ་བ་སྔ་མའི་ཕུ་བོ་རྒྱ་གར་པ་དྷ་ན་དྷ་ལ་ཞེས་སྐད་རིགས་ཉི་ཤུ་རྩ་གཅིག་ལ་མཁས་ཤིང་འཆི་མེད་ཀྱི་རིག་འཛིན་གྲུབ་པ་དེས་རང་གི་ནུ་བོ་ཆུང་རོང་དུ་གྲོང་བན་ཞིག་ཏུ་སྐྱེས་པ་མངོན་ཤེས་ཀྱིས་མཁྱེན་ཏེ་འཕྲད་དུ་འདོད་པས་གནོད་སྦྱིན་མོའི་རྐང་མགྱོགས་བསྒྲུབས་ནས་གྲུབ་ཀྱང་གཤོག་པ་བཅག་པས་འགྲོ་མ་ནུས། སླར་རྐང་མགྱོགས་ཅིག་ཤོས་བསྒྲུབས་པས་ཁོས་ཐུ་བའི་ནང་དུ་དྷ་ན་དྷ་ལ་ཁུར་ནས་མཚན་གང་གཅིག་ལ་ཁུ་ལུང་དུ་ཡོན་ཏན་རྒྱ་མཚོའི་རྩར་བསྐྱལ། དེར་ཡོན་ཏན་རྒྱ་མཚོ་སྐྱེ་བ་སྔ་མ་རང་གི་གཅུང་པོར་གྱུར་པ་ལ་རྗེས་སུ་བརྩེ་བས་དབང་བསྐུར། ཡོན་ཏན་རྒྱ་མཚོ་ལ་སྒྲུབ་གནས་གྲོང་དུ་མི་རུང་གསུངས་ནས་མཁར་གདོང་ཡོན་མོའི་གཙུག་རུམ་ལྟ་བུའི་ས་གནད་བསྟན་ཅིང་བསྟན་སྲུང་གཤིན་རྗེ་དམར་ནག་དང་། མ་གཤིན་གྱི་སྐོར་སོགས་ཟབ་ཆོས་བྱིན་ནས་སླར་རྒྱ་གར་དུ་གཤེགས། ཕྱིས་སུ་ཡོན་ཏན་རྒྱ་མཚོ་དགུང་གྲངས་སུམ་ཅུ་ལོན་སྐབས་རི་དྭགས་གཤོར་དུ་ཕེབས་ཚེ་སློབ་དཔོན་སངས་རྒྱས་ཡེ་ཤེས་སྣར་གྱི་ཤུག་ལ་ནག་པོར་སྒྲུབ་པར་བཞུགས་པ་དང་མཇལ། སློབ་དཔོན་གྱིས་སྐྱེ་བ་སྔ་མ་ཕ་བུར་འབྲེལ་ཞིང་གདུང་རུས་གཅིག་པ་དང་སྐལ་བ་ཅན་དུ་དགོངས་ནས་ཆོས་སྒོར་བཅུག་སྟེ་རྗེས་སུ་བཟུང་། དབང་རྒྱུད་མན་ངག་བསྟན་སྲུང་ཁ་ཚར་དང་བཅས་པ་ཐམས་ཅད་ཚང་སྤྲུགས་སུ་གནང་བས་བཀའི་བཅུད་དང་ཐུགས་ཀྱི་ཉིང་ཁུ་ཐམས་ཅད་བབ་པས་གདམས་ངག་ཐམས་ཅད་རྫོགས་པར་གྲགས། འདི་ལའང་ཁེངས་ལོག་བྱུང་སྟེ་གཤེད་མ་བརྒྱས་བསྐོར་བའི་ཚེ་འབར་བ་ལྟ་སྟངས་ཀྱི་རྫུ་འཕྲུལ་མངོན་སུམ་དུ་གྲུབ་པས་སྤྱན་གཡས་པ་ནས་མེ་འབར། གཡོན་པ་ནས་ཆུ་འབྲུལ་པར་སྤྲུལ་པས་གླགས་བལྟ་བའི་སྐབས་མ་རྙེད་པར་རང་རང་གི་ལག་ཆ་འཆོར་བའི་ངང་དུ་འབྲོས་དགོས་པ་བྱུང་། སྤྱིར་ཡི་དམ་མང་པོའི་ཞལ་གཟིགས་ཤིང་ཟག་མེད་ཀྱི་མངོན་ཤེས་ཤར། འབྱུང་བ་ལ་རང་དབང་བསྒྱུར་ཅིང་དམ་ཅན་བྲན་དུ་ཁོལ། འོད་བྱེད་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རུ་གྲགས་ཤིང་དངོས་གྲུབ་ཆེན་པོ་གཉིས་ཀ་ལ་མངའ་བརྙེས་པ་སོགས་རྣམ་ཐར་རྒྱས་པ་སོ་ལུགས་ཀྱི་ཡིག་ཆ་སོགས་སུ་གསལ་བར་གྲགས། །

[༦] སྐུ་སྲས་དམ་པ་གནུབས་ཡེ་ཤེས་རྒྱ་མཚོ་ནི།

ཡབ་གནུབས་ཡོན་ཏན་རྒྱ་མཚོ་དང་། ཡུམ་གླན་རྡོ་རྗེ་འབར་གྱི་སྲིང་མོ་སོ་མ་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ཚེ་སྔ་མ་ལ་ཚོགས་བསགས་ཤིང་བཟོད་པ་གོམས་པས་སྐུ་བྱད་མཛེས་ཤིང་ཐུགས་ཀྱང་དུལ་བས་ཀུན་ཀྱི་ཡིད་དུ་འོང་། ཤེས་རབ་དང་དད་བརྩོན་གྱི་སྤྱོད་པ་ཕུལ་དུ་གྱུར་པས་བླ་མ་ལ་མཆོག་ཏུ་གུས་ཤིང་སྒོ་གསུམ་ཞབས་ཏོག་གིས་ཅི་མཉེས་མཛད། ཐུགས་ཀྱི་དགོངས་པ་ལོན་ཏེ་རྒྱུད་ལུང་མན་ངག་ཐམས་ཅད་བསྩལ་ནས་བསྟན་པའི་བདག་པོར་མངའ་དབང་བསྐུར། ཡབ་ལ་མངའ་བའི་དབང་ཆོས་ཀྱི་མཛོད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་། ཁྱད་པར་ཁུ་ལུང་མཁར་ལུང་དུ་ཆུ་བོ་བཞིའི་དབང་བསྐུར་ནས་གསང་མཚན་རྡོ་རྗེ་དབང་གྲུབ་རྩལ་དུ་བཏགས། བསྙེན་སྒྲུབ་མཐར་ཕྱིན་པས་མཆོག་གི་དངོས་གྲུབ་བརྙེས་ཤིང་གནས་ལུགས་ཀྱི་དོན་རྟོགས། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་པ་དང་། སྐུ་ལུས་ལྷའི་དཀྱིལ་འཁོར་དུ་གཞན་ལ་ཡང་སྟོན་པར་ནུས། དམ་ཅན་རྣམས་བྲན་དུ་འཁོལ་ཞིང་མི་མ་ཡིན་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ། མངོན་སྤྱོད་ཀྱི་ལས་གང་ལའང་འཕྲལ་དུ་རྟགས་འབྱིན་པ་སོགས་གྲུབ་པའི་རིག་འཛིན་ཆེན་པོའི་སར་བཞུགས་པའོ། །

[༧] ཉང་ཆེན་ཤེས་རབ་མཆོག་ནི།

གནུབས་ཡོན་ཏན་རྒྱ་མཚོ་ཡབ་སྲས་དང་སོ་ཡེ་ཤེས་དབང་ཕྱུག་གཉིས་ཀའི་སློབ་མ་ཡིན་ཞིང་། ཁྱད་པར་ཡོན་ཏན་རྒྱ་མཚོ་ལ་བཀའ་བབ་ཀྱི་སློབ་མ་བཞི་ཡོད་པའི་ཡ་གྱལ་སྒྱུ་འཕྲུལ་དང་སེམས་ཕྱོགས་ཀྱི་བཀའ་བབ་ཏུ་གྲགས་ཤིང་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཀ་ལ་ཤིན་ཏུ་མཁས། རིམ་གཉིས་ཀྱི་ཏིང་འཛིན་ལ་གནད་དུ་བསྣུན་པས་ཕུར་པ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་མཐོང་ཞིང་ཡི་དམ་ལྷས་ཞལ་གཟིགས། རྡོ་རྗེ་བྲག་ལ་བརྒྱབ་པས་འཇིམ་པ་ལྟར་སོང་བ་སོགས་གྲུབ་པ་བརྙེས་པའི་ལོ་རྒྱུས་ཤིན་ཏུ་མང་། དོགས་ལ་གཤོང་གི་གཙུག་ལག་ཁང་བཞེངས་པ་སོགས་འགྲོ་དོན་མཐའ་རྒྱས་ངང་སྐུ་གཤེགས་སོ། །

[༨] ཉང་ཡེ་ཤེས་འབྱུང་གནས་ནི།

ཆོས་ལུང་དུ་ཉང་གི་རིགས་སུ་སྐུ་འཁྲུངས། ཉང་ཆེན་ཤེས་རབ་མཆོག་གི་ཞབས་ལ་བཏུད་པས་མདོ་སྔགས་ཀྱི་ཆོས་སྤྱི་དང་ཁྱད་པར་བསྐྱེད་རྫོགས་ལ་ཤིན་ཏུ་མཁས་པའི་ཐུགས་ཟིན་སློབ་མའི་ཐུ་བོར་གྱུར། འདི་ཉིད་ལས་བརྒྱུད་པ་ཕྱོགས་སུ་འཕེལ་བས་རོང་ལུགས་སམ་རུས་ལས་བཏགས་ཏེ་ཉང་ལུགས་སུ་གྲགས་པའི་བཀའ་སྲོལ་བྱུང་བ་བཅས་ཕྲིན་ལས་མཐའ་རྒྱས་ངང་སྐུ་གཤེགས་སོ། །

[༩] སྔ་འགྱུར་བསྟན་པའི་བབ་སོ་ཐ་མ་ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ནི།

དཔལ་ཆེན་པོ་འཇིག་རྟེན་ན་མངོན་སུམ་དུ་བྱོན་པ་སྟེ་ཡབ་འོད་གསལ་ལྷའི་གདུང་ལས་ཆད་པའི་ཟུར་བཟང་ཤེས་རབ་འབྱུང་གནས་དང་ཡུམ་ཡོན་བདག་མོ་བདེ་བ་ལྕམ་རྩལ་གྱི་སྲས་སུ། ཡུལ་མདོ་ཁམས་ཀྱི་སའི་ཆ་ཡར་རྫོང་ངམ་གསར་མོ་ཞེས་པ་རུ་སྐུ་འཁྲུངས། ལྷུམས་སུ་ཞུགས་པའི་ཚེ་ཡབ་ཀྱི་མནལ་ལམ་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་ཞིག་ཕྱག་ཏུ་བྱུང་བ་དང་། འཕགས་པ་སྤྱན་རས་གཟིགས་ཡུམ་ལ་ཐིམ་པ་སོགས་ངོ་མཚར་བ་དུ་མ་བྱུང་བས་སྤྲུལ་པའི་སྐུར་ཤེས་ནས་མཚན་ཤཱཀྱ་འབྱུང་གནས་སུ་གསོལ། ཡབ་ལས་འབྲི་ཀློག་མཁྱེན་པར་མཛད་ཅིང་སྒྱུ་འཕྲུལ་སྐོར་ཀྱང་གསན། བླ་ཆེན་དགོངས་པ་རབ་གསལ་ལས་ཚིགས་གསུམ་རིམ་ནོད་ཀྱིས་ལོ་དུས་ལ་བསྙེན་པར་རྫོགས། འདི་སྤྲུལ་པའི་སྐུར་འདུག་པས་མཚན་སྤོ་མི་དགོས་གསུངས། མེས་པོ་ཟུར་རིན་ཆེན་རྒྱ་མཚོ་ལས་སྡེ་སྣོད་གསུམ་སྔགས་ཕྱི་ནང་དང་བཅས་པ་མཁྱེན་པར་མཛད། དེ་ཡང་གསུངས་ལས། རྩ་རླུང་རྟ་རུ་ཞོན། གཏུམ་མོ་གོས་སུ་གྱོན། གདམས་ངག་སྐྱོ་གྲོགས་སུ་ཁྲིད། དད་པས་སྣ་དྲངས་ཏེ་མདོ་ཁམས་ཀྱི་ས་ཆ་བརྒལ་ནས་འདམ་དུ་སླེབས་ཅེས་པ་ལྟར། ཁམས་ནས་འདམ་དུ་སླེབས་ཚེ་ལམ་ཆ་མ་འཚལ་བའི་སྐབས་སྤྲིན་གསེབ་ནས་ལྷ་ཕྲུག་གཉིས་ཀྱིས་ལམ་བསྟན་པ་ལྟར་དབུས་སུ་བྱོན། ཡར་ཀླུང་ན་མོ་ལུང་དུ་ཀྲྀ་ཡའི་སྒྲུབ་པ་མཛད་ཚེ་ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་རིགས་སད་དེ་སྤོང་ལེན་རྩོལ་བཅས་ཀྱི་ལམ་འདི་ནི་འཆིང་བའི་རྒྱུར་འདུག །ཚེགས་ཆུང་ལ་བྱ་སླ་བ་གསང་སྔགས་བླ་ན་མེད་པའི་ལམ་ཞིག་དང་མཇལ་བར་ཤོག་དགོངས་པའི་ནུབ་མོ་རྨི་ལམ་དུ་རི་བོ་ནགས་ཚལ་ཅན་དུ་བྱོན་ལ་སྒོམ་ཟེར་བ་ཞིག་བྱུང་། ལུང་བསྟན་བཞིན་གཙང་པོ་ལ་ལམ་རྒྱུས་བཅོལ་ནས་ཞལ་གཙང་ཕྱོགས་སུ་གཏད་དེ་བྱོན། གསང་སྔགས་ཀྱི་ཆོས་ལ་མཁས་གྲུབ་བརྙེས་པ་སུ་ཡོད་དྲིས་པས་ནགས་ཚལ་གསུམ་སྒྲིལ་བྱ་བ་ན་ཡོད་ཟེར་བས་དེར་བྱོན། དགེ་གོང་ལྕེ་ཤག་ལས་བདུད་རྩི་སྨན་སྒྲུབ་ལ་སོགས་པ་ཞུས། ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལས་ཟུར་པའི་ཕ་ཆོས་སྒྱུ་འཕྲུལ་དང་སེམས་ཕྱོགས་ཞུས། གཞན་ཡང་ཐོ་གར་ནམ་མཁའ་སྡེ་ལས་མདོ་སྤར་ཁབ་དང་རྫོགས་ཆེན་གྱི་མན་ངག་གསན། གཉན་ནག་དབང་དྲག་དང་། ལྕེ་ཤཱཀྱ་རྒྱལ་མཚན་ལས་གསང་དབང་དང་ཐབས་ལམ། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལས་ཀ་དག་དང་ལྷུན་གྲུབ། སྒྱུ་འཕྲུལ་ལམ་རིམ། མཆིམས་ཕུའི་རོག་ཤཱཀྱ་འབྱུང་གནས་དང་ལྡན་མ་ཤེས་རབ་ཚུལ་ཁྲིམས་ལས་ཡང་དག །ཞུ་སྟོན་བསོད་ནམས་ཤཱཀྱ་ལས་མདོ་ཡོངས་རྫོགས། སྟོང་ཚབ་འཕགས་པ་བྱང་ཆུབ། རྒྱ་སྟོན་བློ་གྲོས། བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལས་མདོ་ལུང་། དབང་སྒྲུབ། རྒྱུད་འགྲེལ་ཕྲིན་ལས་དང་བཅས་པ་གསན་ཞིང་། མཁས་གྲུབ་ཀྱི་བླ་མ་དེ་དག་ལ་འཁོར་གསུམ་ཡང་དག་གིས་མཆོད་པས་མཉེས་པར་བྱས་ནས་རྒྱུད་ལུང་མན་ངག་མཐའ་དག་གསན་པས་དགོངས་པ་ཉམས་འོག་ཏུ་ཆུད། སྡེ་སྣོད་དང་རྒྱུད་སྡེའི་གྲུབ་མཐའ་ཀུན་ལ་མཁས་ཤིང་བྱང་ཆུབ་པར་བྱས་ནས་རྩ་རྒྱུད་དང་བཤད་རྒྱུད་སྡེབས། རྩ་བ་དང་འགྲེལ་པ་སྡེབས། རྒྱུད་དང་སྒྲུབ་ཐབས་སུ་སྡེབས། སྒྲུབ་ཐབས་ཆོག་ཡིག་ལ་སོགས་པར་སྡེབས་ནས་ལག་ལེན་དུ་ཐེབས་པར་བྱས། རི་བོ་ནགས་ཚལ་ཅན་དུ་ཡང་དག་གི་སྒྲུབ་པ་མཛད་པས་བསྐྱེད་བཟླས་རྫོགས་གསུམ་གྱི་གདེང་ཐོབ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། སློབ་མ་མང་དུ་འདུས་པ་ལ་མདོ་དང་སྒྱུ་འཕྲུལ་གྱི་འཆད་ཁྲིད་ཀྱང་མཛད། དེ་ནས་རེ་ཞིག་ན་ཌཱ་ཀིའི་ལུང་གིས་བསྐུལ་ཏེ་རྟ་ནག་ལུང་གི་བྲག་ཕུག་ཁ་ཤར་བསྟན་འུག་ཚང་ཡོད་པ་ཞིག་ལ་ཕེབས་ནས་སྒྲུབ་པར་བཞུགས། དེར་ཡང་དག་ལྷ་དགུའི་སྒྲུབ་པ་མཛད་པས་དཔལ་ཆེན་པོ་ཡང་དག་ལྷ་དགུའི་ཞལ་མཐོང་། གནས་ཀྱི་མིང་ལས་བླ་མ་འུག་པ་ལུང་པར་གྲགས། དེ་ནས་ཌཱཀྐི་གསུམ་གྱིས་ལུང་བསྟན་པ་ལྟར་ཤངས་མདར་བྱོན། ཞང་མོ་ཡོན་ཏན་རྒྱན་གྱིས་ཕུལ་བའི་ཕུག་པར་རྗེ་ཉིད་བཞུགས་ཤིང་འཁོར་རྣམས་ལྷག་སྐྱོབ་ཙམ་ལ་བསྟེན་ནས་སྒྲུབ་པ་མཛད། དེར་སྒྲུབ་པ་ལོ་མང་མཛད་པས་ཞི་ཁྲོའི་ལྷ་ཚོགས་ཀྱིས་ཞལ་གཟིགས། ཁྱད་པར་ཡང་དག་གི་ལྷ་ཚོགས་མི་དང་མི་ཕྲད་པ་བཞིན་གཟིགས་ནས་གསུང་གླེང་མཛད། ཀཽ་རི་བརྒྱད་སོགས་བྲན་དུ་ཁོལ། མི་མ་ཡིན་རྣམས་ཀྱིས་ཕྲིན་ལས་གང་བཅོལ་ཉན་པ་བྱུང་། དེར་ཀླུ་དུང་སྐྱོང་གནས་པའི་ཆུ་མིག་ཟངས་ཀྱིས་ཁ་བཅད་པའི་སྟེང་ཞི་བའི་ལྷ་ཁང་ཞིག་བཞེངས་པར་མཛད། དེ་སྐབས་བཟོ་བོ་རྣམས་ཀྱིས་ཀ་བ་རྣམས་རིང་ཐུང་དང་ཀྱོགས་པོར་བྱས་པ་རྫུ་འཕྲུལ་གྱིས་སོར་ཆུད་པར་མཛད། བླ་མའི་མཚན་ལས་གདན་ས་དེའི་མཚན་ལ་དཔལ་འུག་བྱ་ལུང་དུ་གྲགས། དེར་དཔོན་སློབ་བརྒྱ་ཕྲག་ཙམ་ཡང་དག་གི་ལོ་སྒྲུབ་མཛད་ཅིང་སྒྲུབ་ལས་ཐོན་ནས་གྲོགས་པོའི་སུམ་མདོར་བྱོན། བླ་མ་ཐུགས་ཉམས་འུར་ཏེ་བྲག་རྡོ་རྗེའི་གཏན་པར་རུ་ལུའི་བྲོ་བརྡུངས་པས་ཞབས་ཀྱི་ལོང་བུ་མན་འདམ་ལ་བརྒྱབ་པ་བཞིན་སོང་། ཟུར་ཆུང་པས་ངའི་བླ་མ་སངས་རྒྱས་དངོས་སུ་འདུག་པས་ཞབས་སྤྱི་བོར་ལེན་པ་ཡིན་ཟེར་ནས་ཞབས་རྗེས་ལ་དབུ་གཏུགས་པས་ཐོར་ཚུགས་སྙན་ཆ་དང་བཅས་པའི་རྗེས་ལྷམ་མེར་བྱུང་། བཟང་སྒོམ་ཤེས་རབ་རྒྱལ་མཚན་གྱིས་བླ་མ་ཁུ་དབོན་གྱི་གྲུབ་རྟགས་ཁྱད་འཕགས་འདི་མི་ཕྱུགས་ཀྱིས་འགོམ་ན་མི་རུང་ཟེར་ནས། སོར་མོ་རྣམས་གྱད་སྟོབས་ཆེན་རེར་སྤྲུལ་ནས་བྲག་རྡོ་རྗེ་འདྲ་བ་གྱེན་དུ་བསླངས། ཞང་འགོས་ཆུང་དང་མེ་ཉག་ཁྱུང་གྲགས་གཉིས་ཀྱིས་འདི་བརྟེན་པ་ངེད་ལ་བབས་ཟེར་ནས་གྱད་སྟོབས་ཆེན་མང་པོས་བསྒུལ་བར་མི་ནུས་པའི་ཕ་བང་རེ་བླངས་ནས་གཡས་གཡོན་ན་བརྟེན་ཏོ། །དེ་སོགས་དཔོན་སློབ་རྣམས་ཀྱིས་རྫུ་འཕྲུལ་གྲུབ་རྟགས་བསྟན་པའི་ལོ་རྒྱུས་ཤིན་ཏུ་མང་། དེ་ནས་སྒྲོ་ཕུག་གི་གཙུག་ལག་ཁང་བཞེངས་ཏེ་དགུང་གྲངས་དྲུག་ཅུ་རེ་གཅིག་པའི་ཚེ་རེ་ཞིག་སྤྲུལ་པའི་དཀྱིལ་འཁོར་བསྡུ་བར་བཞེད་ནས། བྲག་རྒྱ་བོ་ནས་ཟུར་ཆུང་པ་བོས་ཏེ་བསྟན་པ་གཏད། སློབ་མ་གཞན་རྣམས་ལའང་། ཟུར་ཆུང་པ་འདི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་པས་ང་ལས་འདི་ལྷག ཅི་མཛད་ལེགས་པར་ལྟོས་ལ་གསུང་མ་གཅོག སྐུའི་གྲིབ་མ་དང་ཞབས་རྗེས་ན་བཟའ་ཙམ་ཡང་མ་འགོང་། གདན་ས་ངས་བསྐྱངས་བ་བཞིན་སྐྱོང་བར་ཡོང་པས་མོས་གུས་ཕུན་སུམ་ཚོགས་པ་གྱིས་གསུངས་ནས་སྲམ་པ་སྒྲུབ་ཁང་དུ་ཕེབས། ལན་གཅིག་ཉེ་གནས་ལ་ད་ནང་ཚ་བ་སྔ་ཙམ་གྱིས་གསུངས། དེར་ཉི་མ་ཤར་བ་དང་སྐུ་མདུན་དུ་ཕྱིན་པས་གཟིམས་མལ་ན་སྐུ་ཚགས་མཛད་ཅིང་འདུག གང་དུ་གཤེགས་ཞུས་པས། ང་ནི་བདེ་ཆེན་ཞིང་དུ་འགྲོ། །དཔལ་ཆེན་ང་དང་གཉིས་སུ་མེད། །ཡི་དམ་ལྷ་ལ་གསོལ་བ་ཐོབ། །ཅེས་གསུངས་ནས་ཕྱག་རྡོར་དྲིལ་འཁྲོལ་བའི་ངང་སྐུ་འོད་ཕུང་དུ་གྱུར་ཏེ་དཔལ་ཆེན་པོའི་སྐུའི་ཐུགས་ཀར་ཐིམ་པར་གྱུར་ཏོ། །དེ་དུས་ཁམས་པའི་འབུལ་སྐྱེལ་སླེབས་པས་ལམ་དུ་སྤྲུལ་པའི་གཞལ་ཡས་ཁང་དུ་མཇལ། འབུལ་བ་རྣམས་བཞེས་ཏེ་བསྔོ་བ་དང་བྱིན་རླབས་ཀྱང་མཛད་ནས་མི་སྣང་བར་གྱུར། ལྷ་རྗེ་ཟུར་པོ་ཆེ་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ཡོད་པའི་རྩེ་མོ་བཞི་ནི། ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས་པ། སྒྱུ་འཕྲུལ་གྱི་བཤད་པའི་རྩེ་མོར་གྱུར་པ་མི་ཉག་ཁྱུང་གྲགས། མཁྱེན་རྒྱའི་རྩེ་མོར་གྱུར་པ་ཞང་འགོས་ཆུང་། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་བཟང་སྒོམ་ཤེས་རབ་རྒྱལ་པོ། རྩེ་ལྐོག་ལྔ་ནི་ཆོས་ཀྱི་སྟེང་དུ་ཕོ་བཟོའི་རྩེ་མོར་གྱུར་པ་རྩགས་བླ་མ་སོགས་དང་། དེ་བཞིན་དུ་གྲུ་སྒོམ་སྤ་འགྱིང་། ཡུལ་སྒོམ་ནག་མོ། ལྕེ་སྒོམ་ཤཱཀྱ་རྒྱལ། ཟུར་སྒོམ་རྡོར་འབྱུང་སོགས་སྒོམ་ཆེན་བརྒྱ་རྩ་བརྒྱད་བྱོན་ཞིང་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ཐོབ་པ་འབའ་ཞིག་ཏུ་གྲགས་སོ། །

[༡༠] ལྷ་རྗེ་ཟུར་ཆུང་པ་ཤེས་རབ་གྲགས་པ་ནི།

ཟུར་ཤཱཀྱ་འབྱུང་གནས་ཀྱི་སློབ་མ་རྩེ་མོ་བཞིའི་ནང་ནས་ཀྱང་གླང་པོའི་ནང་ན་ཁྱུ་མཆོག་ལྟ་བུ་ནི་ཟུར་ཆུང་པ་ཤེས་རབ་གྲགས་པ་སྟེ། ཡབ་ཟུར་བཟང་ཤེར་འབྱུང་གི་གཅེན་ཨ་ཙ་རའི་སྲས་ཟུར་ཐག་པ་སྒོམ་ཆེན་དང་། ཡུམ་ཤེས་རབ་སྐྱིད་ཀྱི་སྲས་སུ་གཡས་རུ་གཙང་གི་ས་ཆར་ངོ་མཚར་བའི་ལྟས་དང་བཅས་འཁྲུངས། དགུང་ལོ་བདུན་པར་འབྲི་ཀློག་སྦྱངས་པས་དགུ་ལ་ཞི་ཁྲོའི་ཕྲིན་ལས་གྱེར་ཤེས་པ་བྱུང་། བཅུ་གསུམ་ལོན་སྐབས་ཇོ་མོ་ཞིག་ཡོད་པ་དེས་འཐབ་པའི་རྐྱེན་ལས་འཁོར་བ་ལ་སྐྱོ་བ་དྲག་ཏུ་སྐྱེས་ནས། ཕ་ལ་གྲོས་མ་དྲིས། མ་ལ་རྒྱགས་མ་བསླངས། གྲོགས་ཀྱི་ངོ་མ་བལྟས་པར་སྤྱང་ལྷོག་ཞིག་ཡོད་པ་དེ་ཁྱེར་ནས་ལྷ་རྗེ་ཟུར་པོ་ཆེའི་དྲུང་དུ་བྱོན། བླ་མས་ཁྱོད་ཀྱི་རུས་ཅི་ཡིན་མིང་ལ་ཅི་ཟེར་གསུངས་པས། བླ་མ་དང་རུས་གཅིག་པར་བརྗོད་ན་འགྲན་གྱིས་དོགས་ནས་རུས་ཟུར་ཆུང་ཆུང་ཞིག་ལགས། མིང་ཤེས་རབ་གྲགས་པ་བྱ་བ་ལགས་ཞུས་པས་ཕྱིས་སུ་ཟུར་ཆུང་ཤེས་རབ་གྲགས་ཞེས་མཚན་ཐོགས། ལས་ཅན་དུ་མཁྱེན་ནས་སློབ་གཉེར་བྱེད་དུ་བཅུག་པས་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་རྒྱས། འཚོ་ཆས་ཤིན་ཏུ་དབུལ་བས་བླ་མས་གཏོར་མ་བཏང་བ་དག་བླངས་ནས་ཟན་ཆང་བྱ་བཞིན་གསོལ་བ་བླ་མས་གཟིགས་པས་རང་རེའི་ཐབ་ལ་ཤོག་གསུངས་ཀྱང་། ང་བླ་མའི་དཀོར་ལ་མི་འབག་ཟེར་ནས་དཀའ་སྤྱད་འབའ་ཞིག་ཁུར་བཟོད་པར་མཛད། ཉིན་གཅིག་བླ་མ་ལ་ཟན་ཆང་གི་བསྙེན་བཀུར་ཕུལ་བའི་རྟེན་འབྲེལ་ལས་བསོད་ནམས་ཆེན་པོ་ཡོང་བར་ལུང་བསྟན། ཐོས་བསམ་སྒོམ་གསུམ་ལ་བརྩོན་པས་མཁྱེན་རབ་ཀློང་རྡོལ་ཞིང་ཉམས་རྟོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས། བླ་མའི་བཀའ་བཞིན་ཇོ་མོ་གཡུ་མོ་བྱ་བའི་རྣལ་འབྱོར་མ་མ་སྨད་ཕྱུག་པོ་གཉིས་ཡོད་པའི་སྟེང་དུ་བཞུགས། དེའི་ཡོ་བྱད་ལ་བརྟེན་ནས་དབང་དང་གདམས་ངག་མཐའ་དག་ཞུས་ཤིང་དཔེ་རྣམས་རྫོགས་པར་བྲིས། ཡང་བླ་མའི་བཀའ་ལྟར་དཔེ་རྣམས་ཁྱེར་ཏེ་བླ་མའི་དྲུང་དུ་ཕྱིན་པས་དགོངས་པ་ཇི་བཞིན་དུ་ལོངས་པ་བྱུང་། སྐབས་ཤིག་ཞབས་ས་ལ་མ་རེག་པར་ཁྲུ་གང་འཕགས་ནས་མཆོད་རྟེན་ལ་སྐོར་བ་བྱེད་པ་བླ་མས་གཟིགས་པས་སྤྲུལ་པའི་སྐུ་ཞིག་ཡིན་པར་འདུག་ངོ་མཚར་ཆེ་དགོངས་ནས་ཐུགས་མཉེས། དུས་དེར་ལུང་སྟོང་གི་ཕུ། རི་བོའི་རྩེ་སོགས་གར་བཞུགས་ཀྱང་མི་མ་ཡིན་གྱི་གསོལ་བ་འདྲེན་པ་སོགས་ཐུགས་དགོངས་མཐའ་དག་འབད་མེད་དུ་གྲུབ་པ་བྱུང་བས་ད་ནི་འགྲོ་དོན་བྱས་ཀྱང་འགྲུབ་པར་འདུག་དགོངས་པའི་ཚེ། བླ་མས། ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས། དེར་མདོ་དགོངས་འདུས་གསུངས་པས་དུས་གཅིག་ལ་དཔེ་འགྲེམས་སུམ་བརྒྱ་བྱུང་། དེའི་ཚེ་བླ་མས་ཀྱང་བསྔགས་བརྗོད་ཆེར་མཛད་པས་མི་རྣམས་ཀྱིས་བླ་མས་དབོན་པོའི་དབུ་འཕང་བསྟོད་ཟེར་ནས་ཅུང་ཟད་མི་གུས་པའི་རྣམ་པའང་བྱུང་། ནམ་ཞིག་ཨེ་དམར་རྡོ་རྗེ་སྤོ་རུ་དཔོན་སློབ་རྣམས་ཆོས་འཁོར་ལ་བྱོན་པའི་ལམ་དུ་ཁྱི་མོ་མ་སྨད་རོ་སྨད་འབུས་གཡེངས་པ་ཞིག་འདུག་པར་ཟུར་ཆེན་གྱིས་རེག་ཙམ་མཛད། ཟུར་ཆུང་པས་ཁྱི་མོ་མ་སྨད་བསད། འབུ་རྣམས་ཞལ་དུ་གསོལ་བས། གཞན་རྣམས་ན་རེ། ཟུར་ཆུང་ཟེར་བའི་སྨྱོ་སྤྱོད་མཁན་འདི་འདྲ་འཆད་ཉན་དུ་བསྐོས་པས་སྦྱིན་བདག་རྣམས་ཀྱང་མོས་པ་བཟློག་པར་ངེས་ཟེར། བླ་མའི་ཞལ་ནས་ཁྱི་རྣམས་ངན་སོང་དུ་འགྲོ་བ་ངས་ཀྱང་ཤེས་ཏེ་སྒྲོལ་མ་ནུས་པ་ཡིན། ཁོང་གིས་བསྒྲལ་བ་ངོ་མཚར་ཆེ་གསུངས། དེར་ཟུར་ཆུང་པས་ལྟ་ལྟངས་གཅིག་མཛད་པས་ཁྱི་རོ་རྣམས་མཆོད་པའི་ལྷ་མོར་གྱུར། འབུ་རྣམས་སྐྱུག་པས་ནམ་མཁའ་ལ་ཅོ་དིར་གྱིས་འཕུར་སོང་བས་མི་རྣམས་ཀྱིས་མིག་འཕྲུལ་དུ་འདུག་ཟེར། དེར་ཟུར་ཆེན་གྱིས་ཀ་པཱ་ལ་ཤངས་ཆུ་ཕ་རིར་བསྐྱུར་ནས་འདི་སུས་ལོན་ལ་བཤད་གྲྭ་གཏད་པ་ཡིན་གསུངས་པས། རྩེ་མོ་གཞན་གསུམ་པོས་ལེན་མ་ནུས་ཚེ་ཟུར་ཆུང་པས་ཞབས་ཆུ་ལ་མ་རེག་པར་བླངས་སོ། །ཡང་རླུང་གི་ནུས་པ་འགྲན་པར་བསྐུལ་ནས། སྟོན་སྒོམ་གཞན་རྣམས་ཞབས་ས་ལ་མི་རེག་པར་འགྲོ་དུས། ཟུར་ཆུང་བ་ཏ་ལ་གང་ཙམ་གྱི་ནམ་མཁར་འཕགས་ནས་སྔོན་ལ་སྲམ་པ་སྒྲུབ་ཁང་དུ་བྱོན་པས་རྩེ་མོ་གཞན་གསུམ་ཡང་ངེས་ཤེས་རྙེད། བླ་མས་ཅི་གསུང་གི་བཀའ་བསྒྲུབས་པས་ཞབས་ཏོག་ཀྱང་མཐར་ཕྱིན་ཏོ། །དེར་ལུང་བསྟན་རིམ་པ་གསུམ་བྱུང་བར་བརྟེན་བཤད་གྲྭ་རྣམས་གོ་མ་ཆོད་པའི་མི་གསུམ་ལ་གཏད་ནས་བྲག་རྒྱ་བོ་དགུ་འདུས་སུ་ཕེབས་ནས་སྒྲུབ་པ་སྙིང་པོར་མཛད་པས་མཚན་བདེ་གཤེགས་རྒྱ་བོ་པར་གྲགས། ཐོག་མར་གཞི་བདག་གི་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་བ་སྟེ། ལན་གཅིག་མི་ནག་པོ་གཅིག་གིས་ཞབས་གཉིས་ནས་བཟུང་སྟེ་ཀླད་ལ་བསྐོར་ནས་བྲག་གི་མདོའི་ཐང་ཆེན་པོ་གཅིག་ཏུ་བརྡབས་པ་རྨིས་པས་སད་ཙ་ན་དངོས་སུ་སྣང་། ཡང་སྡིག་པ་རྩིད་བུ་ཙམ་གྱིས་སྒྲུབ་ཁང་ཁེངས་པས་སྡིག་པའི་རྭ་ཅོ་ནས་བཟུང་སྟེ་ཕྱེད་མར་གཤགས་པ་དང་ཆབས་ཅིག སྡིག་པ་མི་དགེ་སོ་སོར་བཤགས། །ཞེས་དོན་ལ་མི་རྟོན་ཚིག་ལ་རྟོན་པའི་ཀུ་རེ་མཛད་དེ་བསྒྱུར་བས་ཐམས་ཅད་རྣམ་པར་སྣང་མཛད་དུ་གྱུར་ནས་ནམ་མཁར་འཕུར། ཡང་གྲོག་མའི་དམག་བྱུང་བར་ཙོང་གིས་བརྡུངས་པ་ན། ཉེ་གནས་ཀྱིས་སྡིག་པ་ལ་དགོངས་མཛོད་ཅེས་ཞེ་ཁྲེལ་བདས་པས་གྲོག་མ་རྣམས་ཞལ་དུ་བཏབ་ནས་ཕུ་མཛད་པས་ཐམས་ཅད་རྡོ་རྗེ་སེམས་དཔའ་རུ་གྱུར་པས་ཉེ་གནས་ཀྱང་ཤིན་ཏུ་དད། གསང་བ་སྒྱུ་འཕྲུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་མཛད་སྐབས་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཏེ་ཐག་གི་ལུང་པ་རྡོ་རྗེ་སེམས་དཔས་ཁེངས་པ་བྱུང་། སྣང་བ་ཟད་པའི་སྐྱེ་མཆེད་བརྙེས་པས་སྐུ་ལུས་མེ་དང་ཆུ་དང་རླུང་དང་ས་འོག་ཏུ་འགྲོ་ནུས་པ་དང་། ཅིར་སྣང་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་ལམ་གསལ་བ་བྱུང་སྟེ་བཟང་རྟོག་གི་མཐུ་བརྟས་པ་ཡིན་པས་ཡང་དག་པར་གཏད་པ་མེད་དགོངས། སྣང་སེམས་ཆོས་ཉིད་གསུམ་རོ་གཅིག་ཏུ་འདྲེས་པས་དགོངས་པ་ཟད་སར་འཁྱོལ་ཏེ་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་དང་ནམ་མཁའ་ལ་བྱ་ལྟར་འགྲོ་བ་སོགས་འབྱུང་ལྔ་ལ་རང་དབང་ཐོབ་པ་བྱུང་། རྦ་དགེ་མཐོང་གིས་སློབ་མ་བློ་རྣོ་བ་ཞིག་རྩོད་དུ་བཏང་བ་དེས། ཀ་བ་ཆོས་ཅན་ཟེར་བ་ན། ཁྱོད་འཇིག་རྟེན་རང་རྒྱུད་པའི་འཁྲུལ་ངོར་ཀ་བ་རང་རྒྱུད་དུ་སྣང་ཡང་། ང་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དོན་ལ་ཀ་བ་གྲུབ་པ་མི་གདའ་གསུངས་ནས་ཕྱག་ཡུག་ཡུག་མཛད་ཚེ་ཀ་བ་ལ་ཆགས་ཐོགས་མེད་པར་སོང་བས་ཁོ་དད་ནས་སློབ་མར་བྱས་པ་མ་ཐོག་བྱང་འབར་རོ། །ཡང་དགེ་བཤེས་ཁྱུང་པོ་གྲགས་སེའི་གྲྭ་པ་མཚན་ཉིད་ལ་བློ་རྣོ་བ་བཞི་རྩོད་དུ་བཏང་བར། ཁོང་བཞིའི་བརྒལ་བརྟག་གི་རིག་པ་རྣོན་པོའི་ཚིག་ཚོགས་དོན་གྱི་ལན་མཐུ་ཆེ་བས་བཅོམ་པས་དེ་དག་གི་ཡིད་དབང་མེད་དུ་འཕྲོག་ནས་སློབ་མའི་གཙོ་བོར་གྱུར་པ་ཀ་བ་བཞི་ཞེས་གྲགས། ཡང་བྲག་རྒྱ་བོ་རུ་ལོ་ཉེར་བཞིར་སྒྲུབ་པ་ཐུན་གཅིག་ལ་བཞུགས་ནས་འཇའ་ལུས་སུ་གཤེགས་པའི་དགོངས་པ་གཏད་ཡོད་པ་ལ་རྐྱེན་གཉིས་ཀྱིས་སྐུ་མཚམས་ལས་ཐོན་དགོས་པ་བྱུང་བ་སྟེ། དང་པོ་ལོ་རིལ་པོ་བཅུ་གསུམ་དང་ངོ་གཅིག་སྟེ་བཅུ་བཞི་ཟིན་པ་ན་འགོ་བྱ་ཚ་བྱ་བས་ཐབས་ལམ་གྱི་རྒྱབ་ཏུ་མ་རྒྱུད་དགོས་ཟེར་ནས་འགོས་ཁུག་པའི་རྩར་སོང་། མིག་ཆུང་དབང་སེང་བྱ་བས་དཀྱིལ་འཁོར་ཕྱིར་འདོན་པ་ལ་རྒྱབ་ཏུ་ཡོ་ག་དགོས་ཟེར་ནས་སུམ་པ་ཡེ་འབར་གྱི་རྩར་སོང་། འགོས་ཆུང་དབང་ངེ་བྱ་བས་གཞི་ལམ་གྱི་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་ཟེར་ཏེ་སྤངས་ཀ་དར་ཆུང་བའི་རྩར་སོང་ནས་སྙིང་པོའི་བསྟན་པ་མ་འཁྱོངས་པ་དང་། གཉིས་པ་ལྷ་རྗེ་འུག་བྱ་ལུང་པ་སྐྱེ་བ་མ་སྤངས་བར་ཟུང་འཇུག་གི་གྲུབ་མཐའ་སྙོགས་པར་བཞེད་ནས་ངའི་ལག་རྗེས་ཁྱོད་ཀྱིས་སྐྱོངས་ཤིག་ཅེས་བླ་མའི་བཀའ་བྱུང་ནས་བྱོན་དགོས་བྱུང་བར་གྲགས་སོ། །ཟུར་ཆུང་བ་ཕྱིས་སུ་སྐུ་བསོད་རྒྱས་སྐབས་བོད་སྔགས་ཚོགས་ཚད་ཀྱིས་ཕྱག་བྱེད་པ་དང་གྲལ་གོང་དུ་འགྲོ་བ་མེད་པས། འགོས་ཁུག་པ་ལྷས་བཙས་ཀྱིས་སྔར་རང་ཉིད་ཟུར་པའི་ཆོས་གྲལ་ནས་ཕུད་པ་འཁོན་དུ་བཟུང་ནས། གསར་མ་པ་རྣམས་ལ་ཟུར་བརྒྱུད་ལ་ཕྱག་མི་འཚལ་བ་དང་གྲལ་ཞབས་སུ་མི་སྒྲིག་པའི་ཁྲིམས་བཅས། ལན་གཅིག་ཤངས་སུ་སྟོན་མོ་གཅིག་ལ་ཐམས་ཅད་འཚོགས་པ་ན། །ཟུར་ཆུང་བ་གྲལ་འགོར་བཞུགས་པའི་གཤམ་དུ་འགོས་སླེབས་པས་ལྟ་དགོངས་ཀྱི་ཟིལ་མ་བཟོད་ནས་ལྔ་སྡེའི་ནང་ཁྲིམས་བཞིན་དམ་བཅའི་རི་མོ་རྗེས་མེད་དུ་ཡལ་ནས་ཐོག་མར་འགོས་རང་ཉིད་ཀྱིས་ཕྱག་འཚལ་བར་བྱས། དེར་སྟོན་མོ་ཟིན་པ་ན་གཞན་དག་གིས་རྒྱུ་མཚན་དྲིས་པས། ཁོའི་དྲུང་དུ་ཕྱིན་ཙ་ན་བཅོམ་ལྡན་འདས་དཔལ་ཆེན་པོ་ཨམ་དེ་འདི་ཀ་ཡིན་པར་འདུག་སྙམ་པ་ལས་མི་ཡིན་པའི་འདུ་ཤེས་མ་སྐྱེས་གསུངས་སྐད། ལྷ་ཟེར་མོ་རུ་མཁའ་འགྲོ་མ་རྣམས་བྲོ་བརྡུང་མཛད་པ་གཟིགས་པས་དེ་རྣམས་ལས་ལ་བསྐོལ་ནས་ཞི་བའི་ལྷ་ཁང་བཞེངས། རབ་གནས་ཀྱི་ཚེ་ལེགས་ལྡན་གྱི་སྐུ་ལ་ཕུ་དུང་གིས་བྲབ་ནས་སངས་རྒྱས་ཀྱི་བསྟན་པ་ཨེ་སྲུང་གསུངས་པས་དབུ་གུག་གུག་དང་། དཀོན་མཆོག་གི་དབུ་འཕང་ཨེ་བསྟོད་གསུངས་པས་མཆུ་ལྷེབ་པ་བྱུང་། དེ་བཞིན་རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཉི་ཟེར་ལ་གཤེགས་བཞུད་མཛད་ནས་འུག་པ་ལུང་དུ་སྔ་ཆོས། སྒྲོ་ཕུག་ཏུ་གུང་ཆོས། བྲག་རྒྱ་བོར་དགུང་ཆོས་ཏེ་ཉིན་རེར་གདན་ས་གསུམ་ཀར་ཆོས་ཐུན་ཆག་མེད་གསུངས་པ་སོགས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པ་བྱུང་། སློབ་མའི་ཚོགས་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་གཉིས། སྟ་གུར་གཉིས། གོ་མ་ཆོད་པ་གསུམ་སོགས་མང་དུ་བྱོན་ཏེ། ཀ་བ་བཞི་ནི། སེམས་ཕྱོགས་ཀྱི་ཀ་བ་གུང་བུའི་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་སྐྱོང་ལུང་གི་ཡང་ཁྱེད་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ཆུ་བར་གྱི་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་མདའ་ཏིག་ཇོ་ཤཱཀ་གོ། ཡང་མ་ཐོག་བྱུང་འབར་དང་ཀ་བ་ལྔ་ཞེས་ཀྱང་གྲགས། གདུང་མ་བརྒྱད་ནི། མ་ཐོག་པ། སྐྱོ་སྟོན་ཆོས་སེང་། གླན་ཤཱཀྱ་བྱང་ཆུབ། རྩག་ཤཱཀ་རིངས། གནུབས་སྟོན་བག་མ། དབུས་པ་ས་འཐོར། ཤུ་སྟོན་ཟླ་གྲགས། རྩེ་སྟོན་བྱང་དཔལ་དང་བརྒྱད་དོ། །དེ་ལྟར་ཕྲིན་ལས་མཐའ་རུ་རྒྱས་པའི་ངང་ཐ་མའི་མཛད་པ་སྟོན་པར་ཉེ་བ་ན་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་གསང་བདག་མགོན་པོ་ཡུམ་གྱི་ལྷུམས་སུ་མངོན་བྱང་ལྔའི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་པ་སྒྲོ་ཕུག་པའི་མཚན་དཔེའི་མེ་ཏོག་གསལ་བར་བྱས་ཤིང་། ཇོ་མོ་སྔ་མ་ཁབ་ཏུ་བཞེས་པའི་སྲས་བཙད་ཚ་ལྕམ་སྲིང་གཉིས་སུ་གྲགས་པ་ཇོ་བཙུན་རྡོ་རྗེ་འབར་དང་ཇོ་སྲས་མ་ཤཱཀྱ་ལྕམ་གཉིས་འཁྲུངས་ཤིང་སྲས་བརྒྱུད་ཀྱང་འཕེལ་བ་བྱུང་། མཐར་དྲུག་ཅུ་རྩ་གཅིག་བཞེས་པ་ཤིང་ཕོ་སྟག་ལ་བྲག་རྒྱ་བོ་རུ་འོད་དང་སྒྲ་དང་ས་གཡོ་བཅས་འོག་མིན་རྡོ་རྗེ་བཀོད་པའི་གྲོང་ཁྱེར་དུ་གཤེགས་སོ། །

[༡༡] གླན་ཤཱཀྱ་བཟང་པོ་ནི།

ལྷ་རྗེ་ཟུར་ཆུང་པ་ཤེས་རབ་གྲགས་པའི་ཐུགས་སྲས་ཀ་ཆེན་བཞིར་གྲགས་པའི་ཡ་གྱལ་ཏེ། ཆུ་བར་དུ་སྐུ་འཁྲུངས་ཤིང་སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་པ་ལ་མཁས་པའི་ཚད་དུ་འཛིན་ཏེ། ཐོག་མར་དགེ་བཤེས་ཁྱུང་པོ་གྲགས་པ་བྱ་བའི་སློབ་མར་གྱུར་ཅིང་མཚན་ཉིད་ལ་ཤིན་ཏུ་མཁས། སྐབས་ཤིག་དགེ་བཤེས་སྟོན་འཁོར་རྣམས་ཡོན་བདག་ཅིག་གིས་ཉང་རོང་དུ་སྤྱན་དྲངས་པས་དེར་ཟུར་ཆུང་པའང་བྱོན་པ་དང་འཕྲད། དགེ་བཤེས་ཀྱིས་ཁོང་བཞི་ལ་ཟུར་ཆུང་བར་གྲགས་པའི་ཆོས་ལོག་མཁན་འདི་སུན་ཕྱུང་ལ་ཤོག་གསུངས་ནས་བཏང་། དེར་ཁོང་བཞི་པོ་ལྷ་རྗེའི་དྲུང་དུ་ཕྱིན་ཏེ། ཐོག་མར་སྐྱོ་སྟོན་ཤཱཀ་ཡེ་པས་དྲིས་པ། ལྷ་རྗེ་ཆེན་པོ་ལགས། ཁྱེད་རྫོགས་པ་ཆེན་པོའི་ལུགས་ཀྱི་སྒོམ་ཁོ་ན་གཙོ་བོར་བྱེད་པ་ལགས་སམ་ཞུས་པས། ང་དམིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་སྒོམ་པ་ལགས་སམ་ཞུས་པས། ང་གང་ལ་ཡེངས་འདུག་གསུངས་པས་སྤོབས་པ་བཅོམ། དེའི་རྗེས་སུ་གླན་ཤཱཀྱ་བཟང་པོས་དྲིས་པ། ཁྱེད་གསང་བ་སྒྱུ་འཕྲུལ་པའི་ལུགས་ཀྱིས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་འདོད་པ་ལགས་སམ་ཞུས་པས། ཡུལ་བེམ་པོ་རང་རྒྱུད་དུ་སྣང་བ་མངོན་སུམ་གྱི་ཚད་མ་སུས་ཁེགས་གསུངས། འོ་ན་མི་འདོད་དམ་བྱས་པས། སེམས་ཅན་རྣམས་ཀྱི་མ་དག་པའི་འཁྲུལ་སྣང་རང་རྒྱུད་པ་སྦྱོང་བར་བྱ་བའི་ཆེད་དུ་བཀའ་མདོ་རྒྱུད་དུ་མ་ལས་བྱུང་བ་སུས་འགལ་བར་ནུས་གསུངས་པས། ལན་མེད་པར་གྱུར་ཏོ། །དེ་ལྟར་ཁོང་བཞིས་རིམ་པར་དྲིས་པས་ཐམས་ཅད་ལན་མེད་དུ་གྱུར་ཏེ། དེ་དག་ན་རེ། ཐེག་པ་ཆེན་པོའི་ཆོས་ཕྱིན་ཅི་མ་ལོག་པར་རྟོགས་པ་རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་འདི་འདྲ་བའི་བཤེས་གཉེན་གང་ནས་ཀྱང་མི་རྙེད་པས། ཐབས་ཀྱིས་སྔ་མའི་སློབ་དཔོན་དང་བྲལ་ཏེ་ཟུར་ཆུང་པ་བླ་མར་བཏུད་པར་བྱའོ་ཞེས་དམ་བཅས་ནས་རྗེས་སུ་འཛིན་པར་ཞུས་པས་ཕྱིས་སུ་ཐུགས་སྲས་ཀ་ཆེན་བཞིར་གྲགས་པར་གྱུར། གླན་ཤཱཀྱ་བཟང་པོས་ཟུར་ཆུང་པ་ལས་བསྐྱེད་རྫོགས་རྫོགས་ཆེན་སྒྲུབ་སྡེ་དང་བཅས་པའི་དབང་རྒྱུད་མན་ངག་དང་བཅས་པ་གསན་ཞིང་། ཁྱད་པར་གཡས་རུ་མཁའ་འགྲོའི་ལྷ་ཁང་དུ་འདུས་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གསན་སྐབས་རྡོ་རྗེ་མྱུ་གུ་རྩལ་ཞེས་གསང་མཚན་བསྩལ། བསྐྱེད་རིམ་གྱིས་ཐ་མལ་གྱི་སྣང་བ་འགོག་ནུས་པ་དང་རྫོགས་རིམ་གྱིས་ཡེ་ཤེས་ལ་དབང་འབྱོར་བ་སོགས་གྲུབ་བརྙེས་ཀྱི་གོ་འཕང་མཐོན་པོར་གཤེགས། ཟུར་ཤཱཀྱ་སེང་གེའམ་གསང་བདག་སྒྲོ་ཕུག་པ་ལ་ཡབ་ཆོས་ཀྱི་རྒྱུན་མཐའ་དག་སྤེལ་བ་སོགས་འགྲོ་དོན་མཐའ་རྒྱས་བྱུང་བའི་ངང་སྐུ་གཤེགས་སོ། །

[༡༢] གསང་བདག་སྒྲོ་ཕུག་པ་ཆེན་པོ་ནི།

ཡབ་ཟུར་ཆུང་ཤེས་རབ་གྲགས་པ་དང་། ཡུམ་ཐུགས་སྲས་ཀ་ཆེན་བཞི་ལས་མདའ་ཏིག་ཇོ་ཤཱཀ་གི་སྲིང་མོ་མདའ་མོ་གཙུག་ཏོར་ལྕམ་གྱི་མངལ་དུ་སྤྲུལ་པའི་སྐུའི་སྲིད་པ་བཟུང་། ཤིང་ཕོ་སྟག་ལ་སྒྲོ་ཕུག་ཏུ་སྐུ་འཁྲུངས་ཚེ་ཀ་ཆེན་བཞིར་རྨིས་ལྟས་ངོ་མཚར་བ་རེ་ཡང་བྱུང་། དེར་ཡབ་ཀྱི་ཞལ་ནས། ངའི་བུ་འདི་ལྷུམས་སུ་ཞུགས་པའི་ཚེ་ཕྱག་ན་རྡོ་རྗེ་ཐིམ་པའི་མཚན་མ་ཡོད་པས་འགྲོ་བ་ལ་ཕན་པ་ཞིག་ཡོང་གསུངས་ནས་མཚན་ཤཱཀྱ་སེདྒེར་བཏགས། མདོ་ཁམས་པའི་འབུལ་སྐྱེལ་ཡོང་བ་སོགས་དང་འགྲིགས་པས་སྐུ་བསོད་དང་འགྲོ་ཕན་འབྱུང་བར་ལུང་བསྟན། ཟླ་བ་བརྒྱད་ན་ཡབ་གཤེགས་པས་ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུ་རུ་ལོ་བཅོ་ལྔ་བཞུགས། རིམ་པར་ཡབ་ཀྱི་ཞལ་སློབ་ཀ་ཆེན་བཞི་ལས་མདོ་སྒྱུ་སེམས་གསུམ་གྱི་དབང་དང་རྒྱུད་བཤད་མན་ངག་ཕྲིན་སྒྲུབ་ཀྱི་ཕྱག་བཞེས་བཅས་ཡབ་ཆོས་མཐའ་དག་རྫོགས་པར་གསན་པ་སྟེ། གླན་ཤཱཀྱ་བྱང་ཆུབ་ལས་སྒྱུ་འཕྲུལ་དང་རྫོགས་ཆེན་སྐོར། ལྷ་རྗེ་ཤངས་པ་ནག་པོ་ལས་རྫོགས་ཆེན་བརྒྱུད་པ་ཐ་མའི་སྐོར་རྒྱུད་གདམས་ངག་དང་བཅས་པ། མདའ་ཏིག་ཆོས་ཤཱཀ་དང་གླན་ལས་འདུས་མདོའི་ཆོས་སྐོར་སྤྱི་དང་། མདོའི་ཀ་བ་ཡང་ཁྱེད་བླ་མ་ལས་འདུས་མདོའི་དབང་གི་ཆུ་བོ་བཞི་རྒྱུད་དང་མན་ངག་གི་ལུགས་ཡོངས་སུ་རྫོགས་པ་གསན་ནས་ཞུན་ཐར་བཅད་པས་གསང་མཚན་དབང་ཕྱུག་རྩལ་དུ་བཏགས། བླ་མ་སོ་སོ་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་སྣ་དྲངས་པའི་ཡོན་གྱི་འབུལ་བ་དཔག་ཏུ་མེད་པས་ཐུགས་མཉེས་པར་མཛད། མདོ་འགྲེལ་ལུང་བསྟན་མའི་བརྒྱུད་པ་སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ནས་མར་ཆུང་ལྷོ་བྲག་པ་ལ་བརྒྱུད་དེ་ལྷ་རྗེ་ཤངས་ཆུང་པ་དར་མ་བསོད་ནམས་ལ་རྒྱུན་ཡོད་པ་མཁྱེན་ཏེ་ཚུར་སྤྱན་དྲངས་ནས་གསན། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ཆོད་རྗེས་སྒྲུབ་པ་ཡུན་རིང་དུ་མཛད་པས་བསྐྱེད་རྫོགས་ཀྱི་གནས་ལ་རྒྱུད་ནས་གསུངས་པའི་གཟེར་བཞི་ཐེབས་ཅིང་དཔལ་ཆེན་པོའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར། དིང་རིར་དམ་པ་བ་བཞུགས་པའི་དྲུང་དུ་མཇལ་བར་ཕེབས་པས། དམ་པས་དེ་རིང་གསང་བདག་གི་སྤྲུལ་པ་འབྱོན་པ་ཡིན་གསུངས་ནས་བསུ་བ་སོགས་བཀུར་སྟི་རྒྱ་ཆེན་པོ་མཛད། སྒྲོ་ཕུག་པས་དམ་པར་མངོན་ཤེས་ཨེ་འདུག་ཉམས་སད་ཕྱིར་སློབ་མ་ཞིག་ཉིད་དུ་བརྫུར་བཅུག་ནས་སྔོན་ལ་བཏང་ནས་ཁོང་ཕྱི་ན་ཞབས་འབྲིང་ལྟར་བྱས་པས། དམ་པས་སྒྲོ་ཕུག་པའི་མགུལ་ན་ལྦ་བ་ཡོད་པ་གཟིགས་ནས། ཕྱག་སྣ་ལྦ་བ་ཅན་གྱིས་དྲོངས། དཔོན་སློབ་གོ་མ་ལོག་པ་བཟང་། གསུངས་པས་མོས་གུས་ཆེར་ཐོབ། ཆོས་ཀྱི་བདུད་རྩི་གསན། བསྟན་པའི་སྤྱི་དཔལ་ཆེན་པོར་འགྱུར་བར་ལུང་བསྟན། ཡང་སྐབས་ཤིག་ན་ཕྱག་རྡོར་གྱི་ཐང་སྐུ་འབྲི་བཀོད་མཛད་ཚེ་ལྷ་བཟོ་པར་འདི་འདྲ་ཞིག་བྲིས་གསུངས་ནས་ཕྱག་རྡོར་གྱི་སྐུར་དངོས་སུ་བསྟན་པ་སོགས་རྒྱུ་མཚན་དུ་མས་དཔལ་གསང་བའི་བདག་པོ་དངོས་སུ་བྱོན་པ་ཡིན་ཞེས་ཕྱོགས་ཐམས་ཅད་དུ་གྲགས། སྒྲོ་ཕུག་ཏུ་ཆོས་གསུངས་པའི་དུས་གཅིག་ན་ཆོས་ཁྲི་རྒྱབ་ཡོལ་མེད་པ་ཞིག་ལ་བཞུགས་ཏེ་མཐའ་སྐོར་ཐམས་ཅད་སློབ་མས་བསྐོར་ཡོད་པར་ཕྱོགས་ཐམས་ཅད་དུ་ཟང་ཐལ་ལེ་བར་བྱུང་བས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་བདག་པོའི་ཞལ་སྐྱིན་མངོན་སུམ་པར་ཡིད་ཆེས་ཤིང་སྤྲུལ་པའི་སྐུར་རྩོད་མེད་དུ་གྲགས། སློབ་ཚོགས་དགེ་བའི་བཤེས་གཉེན་ཆེན་པོ་གྲྭ་ས་འཛིན་ཅིང་བསྟན་པ་སྐྱོང་ནུས་པའི་གདུགས་ཐོགས་པ་སྟོང་ཕྲག་བརྒལ་བས་མཚོན་འདུས་པ་ཁྲི་ཕྲག་ཐལ་བ་བྱུང་། དེ་ལས་ཐུགས་ཟིན་གྱི་སློབ་མཆོག་བཅུ་གཉིས་བྱུང་བ་ནི། ལྕེ་སྟོན་རྒྱ་ནག ཟུང་ནག་འཁོར་ལོ། ཉང་ནག་མདོ་བོ། མདའ་ནག་གཙུག་ཏོར་སྟེ་ནག་པོ་བཞི། སྙེ་སྟོན་ཆོས་ཀྱི་སེང་གེ། གྱབས་སྟོན་རྡོར་མགོན། ཞང་སྟོན། རྒྱ་སྟོན་སྟེ་སྟོན་པ་བཞི། རྩང་པ་བྱི་སྟོན། གཡུ་སྟོན་ཧོར་པོ། སྤངས་སྟོན་ལྕགས་ཀྱུ། དབུས་པ་ཆོས་སེང་སྟེ་མེས་བཞིའོ། །དེ་དག་བརྒྱུད་པ་དང་བཅས་པས་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་རྩལ་དུ་བཏོན་ནས་གསུངས་པ་སོགས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་ཀུན་ཏུ་ཉི་མ་ཤར་བ་ལྟར་མཛད། མཐར་ཐ་མའི་མཛད་པ་སྟོན་པར་ཉེ་བའི་ཚེ་ཐུགས་སྲས་སྟོན་པ་བཞི་དང་ལྷན་དུ་སྒྲོ་ཕུག་གི་ལྟག་ལྷ་རི་གདོང་གི་རྩེར་ཕེབས་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་མཛད། གསུང་གི་གསང་བ་མང་པོ་རྗེས་སུ་བསྟན་ནས། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད། ང་ད་རེས་ལུས་མ་སྤངས་པར་རིག་འཛིན་གྱི་ས་ལ་འགྲོ་བ་ཡིན། དེས་ཤུལ་དུའང་བཀྲ་ཤིས་ཤིང་མི་རྒྱུད་དང་བསྟན་པ་ལ་ཕན་པ་འོང་གསུངས་ཏེ་རྡོ་རྗེའི་མགུར་བཞེངས་བཞིན་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་འཕགས་ཏེ་མཐར་མི་མངོན་པའི་སར་གཤེགས་པ་ན། སྟོན་པ་བཞི་སྙིང་ཕྱུང་བ་ལྟར་གྱུར་ནས་ཆོ་ངེ་བཏབ་ཅིང་འགྲེ་ལྡོག་བྱས་ཤིང་མཚན་ནས་བོས་པས་བྱ་བབ་པ་བཞིན་ཕྱིར་བྱོན། ཁྱེད་རྣམས་དེ་ལྟར་མི་བྱེད་པ་ཡིན་ཏེ་ད་ངའི་མི་རྒྱུད་ལའང་བཀྲ་ཤིས་པ་མི་འོང་གསུངས། དེའི་ཕྱི་ལོ་དྲུག་ཅུ་རྩ་གཅིག་པ་ཤིང་སྟག་ལ་འོག་མིན་ཚོགས་ཆེན་འདུས་པའི་གྲོང་ཁྱེར་དུ་གཤེགས་སོ། །

འདི་ནས་རང་ལུགས་ཀྱི་བརྒྱུད་པ་འཇམ་མགོན་མི་ཕམ་པའི་བརྒྱུད་འདེབས་ལྟར་ན་སྙེ་སྟོན་ཆོས་ཀྱི་སེང་གེ་དང་། གཙང་ནག་འོད་འབར། མེས་སྟོན་མགོན་པོ། ཤེས་རབ་ཚུལ་ཁྲིམས། རྟ་ནག་བདུད་འདུལ། མདའ་ཤཱཀྱ་འཕེལ་ནས་ཟུར་བྱམས་པ་སེང་གེ་བཅས་སུ་འདྲེན་པར་མཛད་ཅིང་འདི་དག་གི་རྣམ་ཐར་ལག་སོན་མ་བྱུང་བས་ཐེངས་འདིར་དགོད་ཐབས་བྲལ་ལ། གསང་འགྲེལ་སྤར་ཁབ་ཀྱི་བཤད་བརྒྱུད་གཡུང་ཊིཀ་ལས་བྱུང་བ་འགོས་ལོའི་དེབ་སྔོན་ལྟར་ན། སྒྲོ་ཕུག་པའི་སློབ་མ་གཙང་པ་བྱི་སྟོན་དང་སྙེ་སྟོན་ཆོས་སེང་གཉིས་ཀྱིས་གཙང་ནག་འོད་འབར་དང་། དེ་ལས་མེས་སྟོན་མགོན་པོ། དེ་ལས་བླ་མ་སྲོང་ཤེས་རབ་ཚུལ་ཁྲིམས་ཀྱིས་གསན། དེ་ལས་པཀྵི་ཤཱཀ་འོད་ནས་རྟ་ནག་བདུད་འདུལ་བར་འདྲེན་པར་མཛད། གུ་བཀྲའི་ཆོས་འབྱུང་སོགས་འགའ་ཞིག་ཏུ་སྒྲོ་ཕུག་པ་ནས་ལྕེ་སྟོན་རྒྱ་ནག་དང་། དབུས་པ་སྟོན་ཤཱཀ་གམ་དམ་པ་སེ་སྦྲག་པ། དབུས་པ་ཞིག་པོ། བླ་མ་ཡོན་ཏན་གཟུངས། ཞིག་པོ་བདུད་རྩི། རྟ་སྟོན་ཇོ་ཡེས། གཅོང་པོ་ཇོ་བསོད། རྟ་སྟོན་གཟི་བརྗིད་ནས་རྟ་ནག་བདུད་འདུལ་བར་འདྲེན་པ་དང་། འོག་ཏུའང་རྒྱལ་བ་གཡུང་སྟོན་པ་ནས་རྟ་ནག་སྒྲོལ་མ་དང་། རྟ་ནག་པ་ནས་ཟུར་བཟང་པོ་དང་ཟུར་ཧམ་ཤཱཀྱ་འབྱུང་གནས་བཀོད་པ་སོགས་ཅུང་ཟད་མི་འདྲ་ཞིང་རྣམ་ཐར་ཡང་རྒྱས་བསྡུས་ཅི་རིགས་བཀོད་འདུག་པ་དེ་དག་ཏུ་གཟིགས་པས་མཐུས་ཕྱིར་འདིར་མ་བཀོད་དོ། །

[༡༣] ཟུར་བྱམས་པ་སེང་གེ་ནི།

ཡབ་ཟུར་ཉི་མ་སེང་གེ་བྱ་བ་དྲག་པོ་མངོན་སྤྱོད་ཀྱི་ནུས་པར་མངའ་བརྙེས་པ་དེའི་སྲས་སུ་སྐུ་འཁྲུངས། བྱིས་པའི་དུས་ནས་ཐེག་པ་ཆེན་པོའི་རིགས་སད་པས་གཞན་གྱིས་སེམས་ཅན་ལ་འཚེ་བ་བྱེད་པར་གཟིགས་པས་ཐུགས་ཁུར་ཆེན་པོས་སྲོག་སྐྱབས་མཛད། ཁྲོ་ཕུར་རབ་ཏུ་བྱུང་བའི་མཚན་ལ་བྱམས་པ་སེང་གེར་བཏགས། མཚན་ཉིད་ཀྱི་རིག་པ་དང་ཁྲོ་ཕུའི་ཆོས་སྐོར་ཤིན་ཏུ་མཁས་པར་མཁྱེན་ནས་དགུང་ལོ་བཅུ་བཞི་པ་ལ་བཤད་པ་མཛད་པས་མཁས་པའི་གྲགས་པ་རྒྱས། གཡུང་སྟོན་རྡོ་རྗེ་དཔལ་བས་ཀྱང་ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ཞེས་བསྔགས་པ་རྒྱ་ཆེར་མཛད། ཁྲོ་ཕུའི་ཆོས་ཁྲི་ལ་བཞུགས་ནས་འདུས་གྲྭ་རྣམས་ལ་ཆོས་མངོན་པ་མཛོད་ཀྱི་བཤད་ཁྲིད་མཛད་པས་བཤེས་གཉེན་ཆེན་པོ་རྣམས་ཀྱི་བློ་གྲོས་ཀྱི་མཐུ་བཅོམ། དགུང་ལོ་བཅོ་ལྔ་པ་ལ་འུག་བྱ་ལུང་དུ་མདའ་ཤཱཀྱ་འཕེལ་ལས་གསང་སྙིང་གསན་བཞེས་མཛད་པས་མཁས་པའི་དབང་པོར་གྱུར། བཅུ་བདུན་པ་ལ་རྒྱུད་ཀྱི་བཤད་པ་སྤེལ་ནས་ཆོས་གཞི་བཟུང་། བཅུ་དགུ་པ་ལ་ལྕེ་སྟོན་སྒྲུབ་པ་འབུམ་ལས་སྒྱུ་འཕྲུལ་ལམ་རིམ་དང་། གསང་བ་རྫོགས་ཆེན་གྱི་ཆོས་སྐོར་གསན་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། ཉི་ཤུ་པར་ལ་སྟོད་ནས་རྟ་སྟོན་གཟི་བརྗིད་སྤྱན་དྲངས་ཏེ་སྒྱུ་འཕྲུལ་ཟུར་ལུགས་ཀྱི་ཕན་ནུས་ཟབ་གསུམ་གྱི་དབང་དང་དགོངས་འདུས་རྩ་ལུང་སྐོར་ཞུས། ཟུར་ལུང་པ་གྲུབ་ཐོབ་བཤེས་གཉེན་ལས་མདོ་དབང་དང་སེ་ལུགས་ཀྱི་ཞི་ཁྲོ་རྒྱས་འབྲིང་བསྡུས་གསུམ་གསན། ཐར་ལོ་ཉི་མ་རྒྱལ་མཚན་ལས་སྒྲ་ཚད་དང་། ཁྲོ་ཕུའི་སློབ་དཔོན་དཔལ་མཆོག་ལས་རྡོ་རྗེ་ཕྲེང་བས་མཚོན་པའི་གསར་རྒྱུད་མང་པོ་གསན། བསམ་སྡིངས་གྲུབ་པ་དཔལ་ལས་ལམ་འབྲས་དང་། བླ་མ་ཡོན་ཏན་མགོན་ལས་ཕྱག་རྡོར་དང་རྣམ་འཇོམས། དཔོན་དཔལ་ཆེན་མགོན་ལས་བསྟན་སྲུང་དང་སྨན་རྩིས་གཡུལ་རྒྱལ། གངས་པ་ཤཱཀ་འབུམ་ལས་གཤིན་རྗེ་དམར་ནག་དང་ཀློང་སྡེའི་སྐོར་བཅས་གསན་པ་སྟེ། མདོར་ན་བླ་མ་མང་པོ་ལས་རིག་གནས་ཕྱི་ནང་དང་། སྡེ་སྣོད། རྒྱུད་སྡེ་མཐའ་ཡས་པ་གསན་ཞིང་རྩ་བ་ཆོད་པར་སྦྱངས་ནས་གཙོ་བོ་ཐུགས་དམ་འབའ་ཞིག་ལ་བཞུགས། ཡི་དམ་མང་པོས་ཞལ་གཟིགས། སྐུ་མདུན་ལ་སུ་སླེབས་སྣང་བ་རང་སར་འགྱུར་ནས་ངེས་འབྱུང་དང་དད་པ་སྙིང་རྗེ་རང་དབང་མེད་པར་སྐྱེ་བ་ཞིག་ཡོད་པར་གྲགས། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བས་ཐམས་ཅད་ཀྱིས་སྤྲུལ་བའི་སྐུར་ཡིད་ཆེས། སློབ་མའི་ཚོགས་ཀྱང་མང་དུ་བྱོན་ཞིང་ཁྱད་པར་དུ་སྒྱུ་འཕྲུལ་ལམ་རིམ། གསང་བ་སྙིང་པོ། འགྲེལ་པ་སྤར་ཁབ་མདོ་དང་བཅས་པ་ལ་མཁས་པའི་ཚད་རྫོགས་པའི་བཤེས་གཉེན་གཞན་ཕན་སྤྱོད་པ་བཅུ་དྲུག་ཙམ་ཡོད་པ་ལས། གཙོ་བོར་གྱུར་པ་སྔ་ཚར་གྱི་ཐུ་བོ་གཡུང་སྟོན་རྡོ་རྗེ་དཔལ། ཕྱི་ཚར་གྱི་ཐུ་བོ་རྟ་ནག་སྒྲོལ་མ་བསམ་འགྲུབ་རྡོ་རྗེ་གཉིས་སུ་གྲགས། དགུང་གྲངས་ཉི་ཤུ་རྩ་བདུན་པར་བོན་པོ་ལྷ་ཁུད་བྱ་བས་ཟས་ངན་སྦྱར་བའི་རྐྱེན་ལས་སྐུ་ཚེ་དང་ཕྲིན་ལས་མཐར་མ་ཕྱིན་པར་གཤེགས། །

[༡༤] རྟ་ནག་སྒྲོལ་མ་པ་བསམ་འགྲུབ་རྡོ་རྗེ་ནི།

ཤིང་ཕོ་རྟ་ཡི་ལོ་ལ་རྟ་ནག་གནས་གསར་དུ་ཡབ་འབུམ་འཕེལ་གྱི་སྲས་སུ་སྐུ་འཁྲུངས། ཟུར་བྱམས་པ་སེང་གེ་ལས་གསན་པ་རྒྱ་ཆེན་པོ་མཛད་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཆོག་ཏུ་མཁས། གླན་སྟོན་བསོད་ནམས་མགོན་པོ་ལས་སྒྱུ་འཕྲུལ་གྱི་དབང་རྒྱུན་བཞེས། མཁྱེན་པ་དང་ཕྲིན་ལས་དཔག་པར་དཀའ་བས་བཤད་སྒྲུབ་ཀྱི་བསྟན་པ་མཐར་རྒྱས་སུ་སྤེལ། དབེན་པ་འབའ་ཞིག་ལ་ཐུགས་གཏོད་ཅིང་བྱེ་མ་སེང་གེར་རྫོགས་པ་ཆེན་པོ་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད། རིག་པ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་དང་མཉམ་པ་ཉིད་དུ་སྤྱོད། ཟུར་ཤཱཀྱ་འབྱུང་གནས་དང་། འུག་པ་ལུང་པའི་བླ་མ་སེང་གེ་པ་གཉིས་ཆུང་ངུའི་དུས་ནས་སྐུ་དྲུང་དུ་བཞག་ནས་ལེགས་པར་བསྐྱངས་པས་བླ་མའི་དམ་ཚིག་ལ་གཅིག་དུ་གུས་ཤིང་ཟུར་བརྒྱུད་ལ་བཀའ་དྲིན་ཆེ་བ་བྱུང་། ཤངས་པ་ཀུན་མཁྱེན་ཞེས་གྲགས་པའི་གླན་གསལ་བ་དེའང་བྱིས་པའི་དུས་ན་བླ་མ་འདིས་དབང་མང་པོ་བསྐུར་ཞིང་བྱིན་གྱིས་བརླབས་པས་མཁས་པ་ཆེན་པོར་གྱུར་པ་སོགས་བྱིན་རླབས་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་མེ་ཕོ་འབྲུག་གི་ལོར་གཤེགས་ཁར་སྲས་ལ། ང་ཉིད་བདེ་བ་ཅན་དུ་འགྲོ། ཁྱོད་ཀྱིས་ཀྱང་ངའི་ལོ་དང་མཉམ་པ་ཐུབ། དེ་ནས་བདེ་བ་ཅན་དུ་ཤོག་གསུངས་ནས་གཤེགས་སོ། །

[༡༥] སྒྲོལ་ཆེན་སངས་རྒྱས་རིན་ཆེན་རྒྱལ་མཚན་ནི།

ཡབ་རྟ་ནག་སྒྲོལ་མ་པའི་སྲས་སུ་ལྕགས་ཕོ་སྟག་ལ་གནས་གསར་དུ་སྐུ་འཁྲུངས། དགུང་ལོ་དྲུག་པ་ལ་གསང་བ་སྙིང་པོའི་རྒྱུད་ཐུགས་སུ་ཆུད། ཟུར་ཤཱཀྱ་འབྱུང་བའི་སྤྱན་སྔར་བྱོན་པས་ངའི་བླ་མའི་སྲས་ཞེས་གཅེས་པར་བསྐྱངས། དགུང་ལོ་བརྒྱད་པ་ན་ཡབ་ཀྱིས་བསྐྱར་ཏེ་གསུང་ཆོག་སྒྲུབ་ཕྲིན་རྣམས་བསླབས་པས་བཅུ་བཞི་པར་གཞན་ལ་དབང་བསྐུར་བའི་སློབ་དཔོན་མཛད་པ་བྱུང་། ཡབ་ལས་སྒྱུ་འཕྲུལ་གྱི་ཆོས་སྐོར་རྣམས་ཐུགས་སུ་ཆུད་པར་མཛད། རབ་ཏུ་བྱུང་བར་ཞུས་ཀྱང་རེ་ཞིག་མི་རུང་གསུངས་ནས་མ་གནང་ཞིང་དགེ་བསྙེན་གྱི་རྟེན་ལ་སླབ་སྦྱང་རྫོགས་པར་མཛད། སྐུ་གཞོན་སྐབས་ཕྱག་རྒྱ་མ་ཞིག་བདག་གིར་བཟུང་བས་སྲས་ཁ་ཤས་འཁྲུངས། ཕྱིས་སུ་ཆོས་འཁོར་སྒང་དུ་ཆིག་རྫོགས་མཛད་ཅིང་སྐུ་ཤིན་ཏུ་བཙུན་པར་བཞུགས། སྒྱུ་འཕྲུལ་ལ་མཁས་པར་གྱུར་པས་ལོ་བཞི་བཅུ་སྐོར་ལ་གསང་བ་སྙིང་པོ་ལ་འགྲེལ་བ་ཆེ་བ་གཅིག་དང་། ལམ་རྣམ་བཀོད་ལའང་རྣམ་བཤད་ཆེན་པོ་ཞིག་མཛད། དེ་བཞིན་དུ་ཁྲོ་བོ་ལ་མངོན་པར་རྟོགས་པ་རྒྱས་པ་ཞིག་མཛད་པ་དང་། གནས་ལུང་ལའང་ཆོ་ག་རྒྱས་པ་ཞིག་མཛད། ཡབ་དང་ཐུགས་སྲས་ཐུབ་པ་རྡོ་རྗེ་སོགས་ལས་མན་ངག་མང་དུ་མཉན་ཅིང་ཉམས་སུ་བསྟར། དགུང་ལོ་བཅུ་བདུན་པ་ལ་འགོས་ལོ་ཡེ་བཟང་རྩེ་པ་རྗེས་སུ་བཟུང་སྟེ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། སྒྱུ་འཕྲུལ་གྱི་ཚེ་དབང་། དོང་སྤྲུགས་ཀྱི་དབང་། ཚེ་བདག་དང་། ཡང་དག་མེ་གཅིག་གི་དབང་། སྣ་བོ་པའི་ལུགས་ཀྱི་རྟ་མགྲིན་དང་། ཟླ་རྒྱལ་མའི་ལུགས་ཀྱི་རྗེས་གནང་། ཕུར་པ་ལུགས་ཀྱི་དབང་དྲུག་པོའི་རྗེས་གནང་དང་བཅས་པ། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་། གསང་སྙིང་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ། ལམ་རྣམ་པར་བཀོད་པའི་ཊི་ཀ་ཉིད་ཀྱིས་མཛད་པའི་ཐོག་ནས་བཤད་པ་རྒྱས་པ། གཞན་སྒྱུ་འཕྲུལ་གྱི་ཁོག་གཞུང་བཞི་བཅུ་ལ་སོགས་པའི་གཞུང་ཆུང་བཞི་བཅུ་ཙམ། མདོ་དགོངས་པ་འདུས་པ་དང་། དེའི་རྩ་བའི་རྒྱུད་ཀུན་འདུས་དང་། གནུབས་ཆེན་གྱི་མདོ་འགྲེལ་མུན་པའི་གོ་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པ་དང་། བླ་མ་གཉིས། ཡང་དག་རྩ་བའི་ལུང་རྣམས་ཀྱང་གནང་། སྙིང་ཐིག་སྤྲོས་བཅས་ལ་སོགས་པའི་དབང་བཞི་དང་། མེ་ལོང་བས་མཛད་པའི་ཡི་གེའི་སྟེང་ནས་ཁྲིད་ཡིག རྫོགས་ཆེན་ཨ་རོའི་མན་ངག་ཀྱང་ཁྲིད་དུ་མཛད། དེ་བཞིན་དུ་བྱང་སེམས་ཡེ་རྒྱལ་བ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་སྨིན་ཁྲིད་ཀྱང་གནང་སྟེ། བདུན་ཅུ་རྩ་གཉིས་པ་ལྕགས་མོ་གླང་གི་ལོ་ལ་དབུས་སུ་ཕེབས། གངས་པོ་རིའི་བསམ་གཏན་གླིང་དུ་དབང་གྲགས་པ་རྒྱལ་མཚན་གྱིས་ཞབས་ནས་བཏེགས། འདུས་པ་མདོ་ལ་སོགས་པའི་དབང་མང་པོ་དང་། གསང་སྙིང་ལ་སོགས་པའི་བཤད་པ་དང་ལུང་མང་པོ་བྱིན། བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ཕག་གི་ལོ་ལ་གཙང་དུ་སྐུ་གཤེགས་སོ། །

[༡༦] འགོས་ལོ་གཞོན་ནུ་དཔལ་ནི།

ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་ཡུམ་སྲི་ཐར་སྐྱིད་གཉིས་ཀྱི་སྲས་སུ་ཆུ་སྤྲེལ་ལ་འཁྲུངས། སྤྱན་གཡས་མཁན་ཆེན་ལས་རབ་ཏུ་བྱུང་། ཀརྨ་པ་དེ་བཞིན་གཤེགས་པ་ལས་བྱང་སྡོམ་དང་ཆོས་དྲུག་གསན། རྔོག་བྱང་ཆུབ་དཔལ་ལས་རྔོག་ཆོས་རྣམས་གསན། ཁྱད་པར་པཎ་ཆེན་བ་ན་རཏྣ་ལས་བླ་མེད་ཀྱི་རྒྱུད་སྡེ་ཕལ་མོ་ཆེའི་དབང་བསྐུར་བ་རྣམས་ཞུས། མཚན་བརྗོད་དང་དཔྱིད་ཐིག དབང་མདོར་བསྟན། དཔེ་མེད་འཚོའི་སྦྱོར་དྲུག་རྩ་འགྲེལ་རྣམས་ཞུས་ཤིང་བསྒྱུར། རྗེ་འདི་ཉིད་ཀྱིས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་དགུང་ལོ་བདུན་ཅུ་པ་ས་མོ་ཕག་གི་ལོར་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་ཚེ་དབང་། ན་རག་དོང་སྤྲུགས། ཚེ་བདག ཡང་དག་མེ་གཅིག རྟ་མགྲིན་སྣ་བོ་པའི་ལུགས་དང་ཟླ་རྒྱལ་ལུགས། ཕུར་པ་འཁོན་ལུགས། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་སོགས་སྔ་འགྱུར་རྒྱུད་སྡེའི་དབང་བཀའ་ཐམས་ཅད་མ་ཚང་བ་མེད་པ་གསན། བཤད་པའི་བཀའ་གསང་བ་སྙིང་པོ་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་དང་། ལམ་རྣམ་བཀོད་ཀྱི་ཊི་ཀ་ཁོང་ཉིད་ཀྱིས་མཛད་པ། གཞན་ཡང་ཁོག་གཞུང་གསལ་སྒྲོན་སོགས་རྒྱ་བོད་ཀྱི་གཞུང་ཆུང་བཞི་བཅུ་སྐོར་གྱི་བཤད་ལུང་རྣམས་དང་། མདོ་དགོངས་འདུས། དེའི་རྩ་བའི་རྒྱུད་ཀུན་འདུས་རིག་པ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་མདོ་འགྲེལ་མུན་པའི་གོ་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པ་དང་བཞི་བཅུ་པ། བླ་མ་གཉིས། ཡང་དག་རྩ་བའི་ལུང་རྣམས་གསན། སྙིང་ཐིག་ལ་རྩ་བའི་དབང་སྤྲོས་བཅས་སྤྲོས་མེད་བཞིའི་དབང་བསྐུར་བ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་ཁྲིད་དང་། ཨ་རོའི་ལུགས་ཀྱི་རྫོགས་ཆེན་མན་ངག་གི་ཁྲིད་ཀྱང་གསན། མདོར་ན་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་ལྟ་བུར་གྱུར་ཅིང་། རྗེ་ཉིད་ཀྱིས་ཀྱང་གསང་སྔགས་རྙིང་མ་ཞེས་གྲགས་པའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ་ཅིང་ཆོས་སྤངས་པའི་སྒྲིབ་པས་མ་སྦགས་ཙམ་མོ་ཞེས་པའི་གསུང་བྱོན། རྗེ་འདིས་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལ་སེམས་འགྲེལ་སྐོར་གསུམ་སོགས་ཆོས་བཀའ་དབང་ཁྲིད་མང་པོ་ཕུལ། ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པ་བསྙེན་པར་རྫོགས་པའི་མཁན་པོ་དང་། སྒྱུ་འཕྲུལ་གཙོ་བོར་གྱུར་པའི་གསར་རྙིང་གི་རྒྱུད་སྡེ་རྒྱ་མཚོའི་དབང་བཀའ་བཤད་བཀའ་མན་ངག་གི་ཁྲིད་སོགས་བསམ་གྱིས་མི་ཁྱབ་པ་གནང་། རྗེ་ཞྭ་དམར་པས་ཀྱང་བཀའ་དྲིན་ཆེ་བའི་བླ་མ་གཅིག་པུར་འཛིན་ཞིང་རྣམ་ཐར་ཡང་མཛད། མདོར་ན་བཀའ་གཏེར་གྱི་བསྟན་པ་སྒོ་དུ་མ་ནས་སྤེལ་བར་མཛད་དེ་དགུང་ལོ་དགུ་བཅུ་ཐམ་པ་ལྕགས་གླང་ལོར་སྐུ་གཤེགས་སོ། །

[༡༧] ཞྭ་དམར་བཞི་པ་སྤྱན་སྔ་རིན་པོ་ཆེ་ཡེ་ཤེས་དཔལ་བཟང་ནི།

ཡབ་བ་ལྡོང་དགོན་པ་སྐྱབས་དང་ཡུམ་བསོད་ནམས་སྒྲོལ་མའི་སྲས་སུ་ཏྲེ་ཤོད་ཁང་དམར་དུ་ཆུ་མོ་བྱ་ལ་འཁྲུངས། ཟུར་མང་དགོན་དུ་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་དང་མཇལ་ཏེ་རབ་ཏུ་བྱུང་། མཚན་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོར་གསོལ། མཁན་པོ་གོ་ཤྲཱི་གྲགས་དཔལ་པ་དང་། བན་སྒར་པ་ལས་ཀྱང་ཆོས་གསན། དགུང་ལོ་ཉེར་བཞི་པ་ལ་འགོས་ལོ་ཆེན་པོ་ཡེ་ཤེས་བཟང་རྩེ་པས་མཁན་པོ་མཛད་དེ་བསྙེན་པར་རྫོགས། དུས་ཀྱི་འཁོར་ལོ། བདེ་དགྱེས། གསང་འཇིགས་སོགས་གསར་མའི་རྒྱུད་སྡེ་རྣམས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་བཀའ་དང་བཤད་པའི་བཀའ་སོགས་སྔ་ཕྱིར་གསན་པ་མཐའ་ཡས་པ་མཛད། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་གདུང་རིགས་ལོ་ཆེན་བསོད་ནམས་རྒྱ་མཚོ་ལས་ཀྱང་གསར་རྙིང་གི་ཆོས་མང་དུ་གསན། འགོས་ལོ་ཙཱ་བ་ལས་ཕུར་པའི་དབང་གསན་ཚེ་མནལ་ལམ་དུ་སློབ་དཔོན་པདྨའི་ཞལ་གཟིགས་ཤིང་གདམས་པའང་བསྩལ། གསར་རྙིང་གི་ཆོས་ཚུལ་མཐའ་དག་ཐུགས་སུ་ཆུད་པའི་མཁྱེན་པ་རྒྱ་ཆེ་བས་རྣམ་བཤད་དང་། སྒྲུབ་ཐབས། དཀྱིལ་ཆོག དྲིས་ལན་ལ་སོགས་པའི་བསྟན་བཅོས་ཆེས་མང་བར་མཛད་པ་ཐམས་ཅད་ཚིག་དོན་བཟང་ཞིང་། རྒྱས་བསྡུས་འཚམ་པ། དཔྱིས་ཕྱིན་པ་སོགས་ཕུལ་དུ་བྱུང་བ་ཤ་སྟག་བྱུང་བ་དང་། ཐེག་མཆོག་དབུ་མ་ཆེན་པོའི་ལྟ་ཁྲིད་བྱམས་ཆོས་སྡེ་ལྔ་ལ་བརྟེན་ཅིང་ཀརྨ་པ་བདུན་པ་དང་ཀུན་མཁྱེན་དོལ་བོ་པ་ཆེན་པོའི་རྗེས་སུ་འབྲང་སྟེ་ངེས་དོན་ཕྱིར་མི་ལྡོག་པའི་ལྟ་བ་རྩལ་འདོན་མཛད་པར་གྲགས། མདོར་ན་མཁས་ཚུལ་གསུམ་གྱི་འཕྲིན་ལས་ཀྱིས་རྒྱལ་བསྟན་བཤད་དང་སྒྲུབ་པའི་རིང་ལུགས་ཕྱོགས་བརྒྱར་སྤེལ་པའི་ངང་དགུང་ལོ་དོན་གསུམ་པ་ཤིང་བྱ་ལ་སྐུ་གཤེགས་སོ། །

[༡༨] འབྲི་གུང་ཟུར་པ་རིན་ཆེན་ཕུན་ཚོགས་ནི།

ཡུལ་དབུ་རུ་སྟོད་དུ་འབྲི་གུང་སྐུ་གཉེར་སྒང་ཞེས་བྱ་བར་སྐྱུ་རའི་རིགས་སུ་སྐུ་བལྟམས། དགུང་ལོ་བརྒྱད་ཀྱི་སྟེང་དུ་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་གྲགས་པ་ལས་རབ་ཏུ་བྱུང་། བཅུ་གསུམ་པར་རྩེད་ཐང་བསམ་གཏན་གླིང་དུ་དཀར་པོ་པས་ཁྲ་འབྲུག་ཞིག་གསོས་མཛད་པའི་རབ་གནས་ལ་སྤྱན་དྲངས་པའི་ཚེ་ངོ་མཚར་བའི་ཆོ་འཕྲུལ་ཅི་ཡང་བྱུང་། ཡངས་པ་ཅན་དང་། ཀླུང་ཤོད། གཞོ་སྟོད་ཏི་སྒྲོ་སོགས་གནས་ཆེན་རྣམས་སུ་སྒྲུབ་པ་ལ་སྙིང་པོར་མཛད། ཏི་སྒྲོོ་ལ་བཞུགས་པའི་སྐབས་ཤིག་འཕགས་ཡུལ་གྱི་གྲུབ་ཐོབ་རྡོ་རྗེ་མགོན་པོ་བྱོན་ནས་ཛ་བ་རའི་བྷུ་རླུང་གི་མན་ངག་སོགས་རྗེས་སུ་གདམས་པ་བསྩལ། མཁའ་འགྲོའི་ལུང་བསྟན་བཞིན་རྟེན་དཀར་ཆས་སུ་བསྒྱུར་ཅིང་། ཡངས་པ་ཅན་དུ་གཏེར་གྱི་ཁ་བྱང་བབ་པ་བཞིན་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་བཅུད་དམ་ཆོས་དགོངས་པ་ཡང་ཟབ་ཤོག་སེར་རིགས་ལྔ་ཏི་སྒྲོའི་ཌཱ་ཀིའི་ཚོགས་ཁང་ཆེན་མོ་ནས་སྤྱན་དྲངས། དུས་གཞན་ཞིག་ཏུ་ཟངས་མདོག་དཔལ་རིར་བྱོན་ནས་གུ་རུ་རིན་པོ་ཆེ་ཧེ་རུ་ཀའི་རྣམ་པར་མཇལ་ཏེ་ག་ཎ་ཙཀྲའི་འདུ་བར་ལོངས་སྤྱོད་ཅིང་རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར། གདམས་པ་དང་རྗེས་སུ་གདམས་པ་ཐམས་ཅད་བསྩལ་ཏེ་ཧེ་རུ་ཀའི་སྐུ་སློབ་དཔོན་པདྨར་གནས་གྱུར་པས་ཞལ་གྱི་མན་ངག་ཀྱང་མང་དུ་གནང་ནས་སླར་རང་གནས་སུ་ཕེབས། བཀའ་གཏེར་གཉིས་ཀྱི་བདག་པོར་གྱུར་ཏེ་མདོ་སྒྱུ་སེམས་གསུམ་ལ་བཤད་སྲོལ་ཐུན་མོང་མ་ཡིན་པ་དང་། བཀའ་བརྒྱད་ལུགས་དགུ། སྙིང་ཐིག་ཡ་བཞི། གཏེར་ཁ་གོང་འོག་སོགས་ལ་རྩལ་དུ་བཏོན་ཅིང་འཆད་ཉན་གྱི་ཕྲིན་ལས་ཤིན་ཏུ་རྒྱ་ཆེ། མངའ་རིས་པཎ་ཆེན་རིན་པོ་ཆེའི་ཕྱག་སྲོལ་བཀའ་མས་ཁོག་དབུབ། གཏེར་མའི་མན་ངག་གིས་ཟུར་བརྒྱན་པའི་ཕྱག་ལེན་ཕྱོགས་མཐར་སྤེལ་བའི་ཕྲིན་ལས་ཟླ་དང་བྲལ་བའི་ངང་སྐུ་གཤེགས་སོ། །

འདི་ནས་རང་གྲོལ་ཉི་ཟླ་སངས་རྒྱས་དང་འཁོན་རིགས་ཚེ་དབང་ནོར་རྒྱས་གཉིས་ཀྱི་རྣམ་ཐར་ཆོས་འབྱུང་རྙིང་པ་རྣམས་སུའང་མི་བཞུགས་པས་དགོད་ཐབས་བྲལ།

[༡༩] འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ནི།

ཡབ་འཁོན་རིགས་ཚེ་དབང་ནོར་རྒྱས་དང་ཡུམ་རྒྱལ་མོ་འཛོམ་གྱི་སྲས་སུ་ལྕགས་བྱ་ལོར་འཁྲུངས། ཆུང་ངུ་ནས་དམ་པའི་བག་ཆགས་སད་ཅིང་ངེས་འབྱུང་གི་ཐུགས་ཡང་དག་པ་སྐྱེས། དགུང་ལོ་བཅུ་ལོན་པའི་ཚེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལས་རབ་ཏུ་བྱུང་། སྐྱབས་འགྲོ་སེམས་བསྐྱེད་ཐུགས་རྗེ་ཆེན་པོའི་སྒོམ་ལུང་སོགས་གསན། གཞན་ཡང་གསར་རྙིང་གི་བླ་མ་འགའ་ལས་ཅི་རིགས་པའི་ཆོས་ཚུལ་ཐམས་ཅད་གསན། སྒྲའི་རི་མོ་དང་། སྙན་ངག སུམ་རྟགས། གསོ་རིག་སོགས་ལའང་སླབ་སྦྱངས་དཔྱིས་ཕྱིན་པར་མཛད། ཁྱད་པར་ཡབ་རྡོ་རྗེ་འཛིན་པ་ཚེ་དབང་ནོར་རྒྱས་ལས་སྒྱུ་འཕྲུལ་གསང་བ་སྙིང་པོ་དང་། འགྲེལ་པ་གཡུང་སྟོན་གྱིས་མཛད་པ་དང་། ཀུན་མཁྱེན་ཀློང་ཆེན་པའི་ཕྱོགས་བཅུ་མུན་སེལ་སོགས་སྒྱུ་འཕྲུལ་སྐོར་གྱི་འགྲེལ་ཊིཀ་རྣམས་སྦྱངས་པར་མཛད་པ་ན་སྒྲོ་ཕུག་པ་ཆེན་པོའི་བག་ཆགས་སད་པས་ལམ་འདི་ཉིད་ལ་བརྟེན་པའི་མཁས་གྲུབ་འགྲན་ཟླ་མེད་པར་གྱུར། དགུང་ལོ་བཅོ་བརྒྱད་པར་གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་རིག་འཛིན་ཆེན་པོ་ཉི་ཟླ་སངས་རྒྱས་ཀྱི་དྲུང་དུ་རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་དབང་ཁྲིད་མན་ངག་དང་བཅས་པ་གསན་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་རྫོགས་པ་ཆེན་པོ་རང་རིག་ཆོས་ཀྱི་སྐུར་ངོ་འཕྲོད་ཅིང་གཏིང་སླེབས། གཞན་ཡང་བཀའ་གཏེར་གྱི་ཆོས་ཤིན་ཏུ་མང་བ་དང་། ཁྱད་པར་གྲོལ་ཏིག་འགྲོ་བ་ཀུན་གྲོལ། ཐེག་མཆོག་རིན་པོ་ཆེའི་མཛོད་ཀྱི་བཤད་ལུང་བཅས་གསན། མདོ་ཕྱོགས་ཀྱི་གཞུང་ལུགས་ཆེན་པོ་ཀུན་ལའང་གསན་བསམ་མཐར་ཕྱིན་པར་མཛད་ཅིང་། ཆོས་གྲྭ་ཆེན་པོ་རྩེད་ཐང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་ལས་རྡོ་རྗེ་ཕྲེང་བ་སོགས་གསར་རྙིང་གི་ཆོས་རྒྱ་ཆེ་བ་གསན། དགུང་ལོ་སོ་བཞི་པར་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ་དང་། ཆོས་ཀྱི་རྗེ་དགེ་འདུན་རྒྱལ་མཚན་པ་མཁན་སློབ་ལས་བསྙེན་པར་རྫོགས་པ་མཛད་ནས་མཚན་དཔལ་འབྱོར་ལྷུན་གྲུབ་ཏུ་གསོལ། དགེ་ལུགས་ཕྱོགས་ཀྱི་སྔགས་སྐོར་རྣམས་ཀྱང་གསན། གསང་ཕུ་དང་སེར་བྱེས་ཀྱི་འཆད་ཉན་སློབ་དཔོན་པའང་མཛད། རྒྱུད་གསང་བ་སྙིང་པོ་ལ་སྔར་བཤད་སྲོལ་ཆེས་དར་ཡང་ཕྱིས་ཉག་ཕྲ་བར་གྱུར་པས་རྗེ་འདི་ཉིད་མཁྱེན་པ་ཆེ་བའི་གྲགས་པས་བྲག་སྣ་ཆོས་རྗེ་ཨོ་རྒྱན་བསྟན་འཛིན་ཆེད་གཉེར་གྱིས་བྱོན་ཏེ་གཡུང་འགྲེལ་གྱི་སྟེང་ནས་ཞིབ་པར་གསན་ཅིང་ལེའུ་ལྔ་པ་ཡན་གྱི་ཟིན་བྲིས་ཀྱང་མཛད། ཁྱད་པར་ཟུར་ཆོས་དབྱིངས་རང་གྲོལ་རྗེས་སུ་བཟུང་ནས་གསང་བ་སྙིང་པོ་གཡུང་འགྲེལ་ལས་ཉིན་རེ་ཆོས་ཐུན་གཉིས་རེ་དང་། གཞན་ཡང་སྙིང་ཐིག་གི་སྐོར་སོགས་མཐའ་ཡས་པ་གནང་། རྗེའི་བསླབ་སྟོན་ལྟར་ཟུར་ཆེན་གྱིས་ཆོས་གྲྭ་ཆེན་པོ་རྩེད་ཐང་དུ་གྲྭ་སྐོར་གྱི་བསྟན་པའི་རྣམ་གཞག་མཛད་པས་སྔ་འགྱུར་ལ་རྒྱུད་བཤད་མེད་པར་སྙམ་པའི་ཕྲག་དོག་ཅན་རྣམས་ཡིད་ཞུམ་པར་གྱུར། འདི་ཙམ་ནས་འདུ་འཛིའི་གཡེང་བ་སྤངས་ཏེ་ཡུལ་དེ་ཝི་ཀོ་ཊིའམ་ཕ་ཝང་ཁའི་ནགས་ཁྲོད་དུ་དབེན་པ་བསྟེན་ཅིང་བཞུགས། ཕྱག་ན་པདྨ་ལྔ་པ་ཆེན་པོས་ཀྱང་ཞབས་ལ་གཏུགས་ཏེ་གསར་རྙིང་གི་དབང་ལུང་ཁྲིད་མན་ངག་གི་སྐོར་མཐའ་ཡས་པ་གསན། རྗེ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཀྱང་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་སྤྱི་ཁྱབ་ཏུ་ངོ་སྤྲོད་པའི་ཁྲིད་ཡིག་དང་། དབུ་མའི་ལྟ་ཁྲིད་དང་། ཐ་སྙད་རིག་པའི་སྐོར་ཡང་མང་པོ་བཞུགས། དེ་ནས་དགུང་གྲངས་དོན་དྲུག་ལ་རྗེ་ལྔ་པ་ཆེན་པོས་ཞབས་བརྟན་གྱི་གསོལ་འདེབས་མཛད་ཀྱང་ད་སྟེ་ཡུན་རིང་ཨེ་སྡོད་མི་ཤེས་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ་འགྲོ་དགོས་པ་འདྲ་ཞེས་ཞལ་གྱིས་མ་བཞེས། མེ་གླང་ཟླ་བ་བརྒྱད་པའི་ཚེས་བཅུ་གཅིག་ལ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར་ཏོ། །

[༢༠] ཟུར་ཆེན་ཆོས་དབྱིངས་རང་གྲོལ་ནི།

ཡབ་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛའི་རྣམ་འཕྲུལ་ཟུར་ཆེན་གཞོན་ནུ་དོན་གྲུབ་དང་། ཡུམ་མཁའ་འགྲོའི་རིགས་ལས་མཚན་ལྡན་ཡིད་འཛིན་གཉིས་ཀྱི་སྲས་སུ་ཤིང་འབྲུག་ལོར་སྐུ་བལྟམས། དྲུང་པ་དཀོན་མཆོག་རིན་ཆེན་པའི་སྐུ་སྐྱེར་ངོས་འཛིན་མཛད། རིམ་གྱིས་ཡི་གེ་འབྲི་ཀློག་དང་འཕགས་ཡུལ་གྱི་ཡིག་རིགས་རྣམས་ཀྱང་དཀའ་ཚེགས་ལ་མ་ལྟོས་པར་ཐུགས་སུ་ཆུད། ཡབ་ལས་ཉེར་མཁོའི་སྒྲུབ་སྐོར་རྣམས་ཀྱང་བསླབ། དགུང་ལོ་དགུ་པར་བྱང་བ་རིག་འཛིན་ངག་གི་དབང་པོ་མཇལ་ཞིང་། ཞལ་ནས་སྐུ་སྐྱེ་པས་སྔ་འགྱུར་གྱི་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་ཞེས་ལུང་བསྟན། ལྷ་རིག་དང་རྩིས་སྐོར་རྣམས་དང་དྲག་སྔགས་ཀྱི་སྐོར་འགའ་ཞིག་ཀྱང་མཁྱེན་པར་མཛད་ཅིང་། དགུང་ལོ་བཅུ་གཉིས་ཙམ་ནས་སྣང་གསལ་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པའི་ཞབས་སུ་བཅར་ཏེ་བཀའ་བརྒྱད་བདེ་འདུས་སྐོར་དང་། མཁའ་འགྲོ་སྙིང་ཐིག་བཀའ་གཏེར་གཉིས། བླ་མ་ནོར་བུ་རྒྱ་མཚོ། ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་སོགས་ཀྱི་དབང་ལུང་དང་ཉམས་ཁྲིད་མཐར་ཕྱིན་པ་གསན། ཞི་ཁྲོའི་དབང་བསྐུར་བའི་གསང་མཚན་ཆོས་དབྱིངས་རང་གྲོལ་དུ་བཏགས། གཞན་ཡང་ཅི་རིགས་པའི་གཏེར་ཆོས་ཕྲན་ཚེགས་རྣམས་ཀྱང་གསན། ཕྱག་ཆེན་ལྔ་ལྡན་དང་གཅོད་ཁྲིད་སོགས་སྐུ་ཉམས་སུ་བསྟར། ཟིང་པ་སྟག་མགོར་ལོ་གསུམ་ཕྱོགས་གསུམ་མཛད་ཅིང་གཙོ་བོར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཀ་དག་དང་ལྷུན་གྲུབ་གནད་དུ་བསྣུན་པས་ཆོས་ཐམས་ཅད་ཀྱི་རྫུན་ཕུགས་རྡིབ། རང་རིག་གདོད་མའི་མགོན་པོའི་རང་ཞལ་མངོན་དུ་གྱུར་པའི་རྟོགས་པ་བརྙེས་ཤིང་འོད་གསལ་དུ་ལོངས་སྐུའི་ཞིང་ཁམས་ཉུལ་བའི་རྩལ་འབྱོངས་པར་གྱུར། དགུང་ལོ་བཅུ་བདུན་པ་ལ་རྡོ་རྗེ་འཆང་ཕ་ཝང་ཁ་པ་དཔལ་འབྱོར་མཚན་ཅན་གྱི་དྲུང་དུ་བྱོན་ཏེ་བླ་མ་སྐུ་འདས་ཀྱི་བར་ལ་རིམ་གྲོ་བ་མཛད་ཅིང་མཉེས་པ་གསུམ་གྱིས་བསྟེན། བླ་མས་ཀྱང་ཐུགས་དགྱེས་པས་རྗེས་སུ་བསྐྱངས་ནས་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བུམ་པ་གང་བྱོའི་ཚུལ་གྱིས་གནང་། གཙོ་བོར་དཔལ་གསང་བ་སྙིང་པོའི་རྒྱུད་རྩ་བ་དང་། འགྲེལ་པ་སྤར་ཁབ། བོད་འགྲེལ་གཡུང་ཊིཀ་རྣམས་སྦྱར་བའི་གསུང་བཤད་ཉིན་རེ་ཐེངས་གཉིས་རེ་བསྩལ། ཐུགས་ལ་ཟིན་དཀའ་བ་རྣམས་ཟིན་བྲིས་རྒྱག་ཨེ་ཆོག་ཞུས་པས། ཐོག་མ་ནས་ཟིན་བྲིས་བྱས་ན་བློ་ལ་འཇག་པ་མི་ཡོང་བས་རེ་ཞིག་ན་ངེད་ཀྱིས་ཚོད་བྱེད་གསུངས། གཟིམ་ཆུང་ཐོག་ཁར་སྐྱོར་སྦྱང་གནང་ནས་ཤོག་བུ་སུམ་ཅུ་ཙམ་སོང་ནས་རྗེའི་བཀའ་བཞིན་ཟིན་བྲིས་ཀྱང་མཛད་པས་ལེའུ་ལྔ་པ་ཡན་ཆད་སོང་། དེ་མན་ཆད་ཀྱི་ཟིན་བྲིས་འཕྲོ་ཅན་དུ་ལུས། ཆུ་ཁྱི་དགུང་ལོ་ཉི་ཤུ་བཞེས་པར་སླར་ཡང་དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་བར་དུ་སྒྲུབ་པར་མཛད། སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་སོགས་ལ་གཟིགས་རྟོག་དང་། འདུས་པའི་འགྲེལ་པ་སྒྲོན་གསལ་ལ་བཞི་སྦྲགས་ཀྱི་བཤད་པ། རིམ་ལྔ་གསལ་སྒྲོན། བདེ་མཆོག་སྦས་དོན་ཀུན་གསལ། ནོར་བཟང་གི་དུས་འཁོར་སྤྱི་དོན་སོགས་དང་། གསང་འདུས་བསྐྱེད་རྫོགས་སོགས་ཀྱི་བཤད་པ་ཞུས་ཤིང་ཐུགས་ལ་ངེས་པར་མཛད། ཤིང་བྱི་ལོར་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེད་ཐང་དུ་དགུན་ཆོས་ཆེན་པོའི་ཐོག་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་པ་མཛད་པས་སྟོན་ཆེན་ཚིག་ལ་རྟོན་པ་རྣམས་ཀྱི་སྤོབས་པ་བཅོམ་ཞིང་སྙིང་པོའི་བསྟན་པ་ལ་བྱ་བ་ཆེར་མཛད་པས་གཟུ་བོར་གནས་པ་རྣམས་ཀྱིས་བསྔགས་པ་བརྗོད་ཅིང་བྱང་པ་རིག་འཛིན་ཆེན་པོས་ཀྱང་ལེགས་དར་དཔྱངས། རྗེ་ཕ་ཝང་ཁ་པ་ལས་ཀྱང་ཀློང་གསལ་སྙིང་ཐིག་གི་དབང་ལུང་མན་ངག་རྣམས་ཞིབ་པར་གསན་ཞིང་བསྒོམས་པས་ཉམས་རྟོགས་ཀྱི་བོགས་སྔར་ལས་ཀྱང་ཆེར་འཁྲུངས་གསུངས། བྷཻ་ར་པའི་འཁྲུལ་འཁོར་སོགས་གསར་མ་ཕྱོགས་ཀྱི་དྲག་སྔགས་ཀྱང་མང་དུ་གསན། དགེ་འབྲི་གཉིས་འགྲས་ཆེ་ཞིང་འབྲི་གུང་ཟུར་པ་རཏྣའི་ཞབས་སོགས་ཀྱིས་རཱ་ཧུ་ལའི་ལས་སྦྱོར་མཛད་པས་དགའ་ལྡན་ཁྲི་པ་མང་པོ་སྟེང་གྲིབ་ཀྱིས་གཤེགས། རྗེ་འདིས་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་ཁྱབ་འཇུག་གི་འཇིགས་པ་ལས་གྲོལ་བའི་སྲུང་འཁོར་ཀྱང་མཛད། ཀཿཐོག་པ་སྟག་བླ་པདྨ་མ་ཏི་ལྷ་སར་བྱོན་ནས་གསང་བ་སྙིང་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་སོགས་གསན་ཅིང་ཁོང་གིས་ལྷོ་བྲག་གསུང་སྤྲུལ་ལའང་དེའི་བཤད་ལུང་ཕུལ་བ་སོགས་ཆོས་རྒྱུན་མ་ཆད་པར་བྱུང་། ཚུར་ཀཿཐོག་པ་ལས་དགོངས་འདུས་པོ་ཏིའི་ལུང་དབང་རྒྱུད་དགུ་བཅང་ཐབས་བཅས་པ་དང་། ལས་བྱང་མེ་ཏོག་ཕྲེང་མཛེས་སོགས་ཀྱང་གསན། ལྷག་པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་པའི་ར་ས་ཡ་ནའི་སྒྲུབ་པ་མཛད། འདི་སྐབས་ཙམ་ནས་རྒྱལ་མཆོག་ལྔ་པ་ཆེན་པོས་བླ་མར་བཀུར་ཏེ་ཟིལ་གནོན་སོགས་ཆོས་བཀའ་རྣམས་གསན་ཞིང་དྲག་སྔགས་ཀྱི་སྐོར་སོགས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ཀྱི་ལུང་ཕྱག་ཁྲིད་ཐམས་ཅད་ཕུལ་བ་ཐུགས་ཉམས་སུ་བསྟར། ཀར་གཙང་མཆོད་ཡོན་གྱིས་དགེ་ལུགས་སྤྱི་དང་བྱེ་བྲག་དགའ་ལྡན་ཕོ་བྲང་པ་ལ་སྡང་ཟུག་ཆེ་བས་སྡེ་གཟར་གྱི་སྐབས་སུ་ལས་སྦྱོར་མཐའ་ཡས་པ་མཛད་པས། རྒྱལ་དབང་ལྔ་པའི་ཕྲིན་ལས་དུས་བབ་དང་རྗེ་འདི་ཉིད་ཀྱི་བྱིན་རླབས་ལྷག་པར་མྱུར་བས་དགའ་ལྡན་ཕོ་བྲང་གི་ལུང་ལས་བོད་ཁམས་ཡོངས་ལ་ཁྱབ་པ་བྱུང་བས། ཇི་སྐད་དུ། སྣུམ་ཟད་གྲོང་པའི་རྐང་འཐུང་འཁྲིགས་པའི་ཀློང་། །ཁེ་ཉེན་གཤེར་གྱིས་དོན་ཆེན་འགྲུབ་པའི་ཞུགས། །འབར་མིན་མ་བབ་ལས་ཀྱི་རྟ་གདོང་མེས། །ཀར་གཙང་སྲིད་སྡེའི་ཆུ་བོ་སྐེམ་དེ་མཚར། །ཞེས་ལྔ་པ་ཆེན་པོས་དགེ་ཕྱོགས་རྣམས་ཀྱིས་མངོན་སྤྱོད་ཀྱི་ནུས་པ་མངོན་དུ་མ་གྱུར་པར་འོས་མེད་ཀྱི་རྗེ་འདི་བས་བསྟན་པ་སྤྱི་ལ་སྨན་ཡོན་ཆེན་པོར་གྱུར་པའི་ཆེད་དུ་བརྗོད་པར་མཛད། གཞན་ཡང་ཕུར་པ་ལུགས་གསུམ་དང་། བཀའ་བརྒྱད་ལུགས་གསུམ། རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་སོགས་ཀྱི་ཉམས་ཁྲིད་རྣམས་གསན་པ་ཐུགས་སུ་བསྟར་བས་རྫོགས་པ་ཆེན་པོའི་ཉམས་མྱོང་མ་འཁྲུལ་པ་ཐུགས་རྒྱུད་ལ་འཁྲུངས་ཤིང་འཁོར་འདས་རེ་དོགས་དང་བྲལ་པའི་གདེང་འཁྲུངས་སོ་ཞེས་ཞལ་གྱིས་བཞེས། ཞིང་ཁམས་གཞན་དུ་གཤེགས་རྗེས་ཀྱང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་གསུངས་པ་སྟེ། རྣམ་ཐར་རྒྱལ་བ་མཆོག་གི་ཞལ་གསུང་མར། །ལེགས་བྱས་འདིའི་མཐུས་རིག་རྩལ་ཀུན་ཏུ་བཟང་། །མངོན་སུམ་རང་ངོ་འཕྲོད་མིན་དེ་སྲིད་དུ། །སྐྱེ་བར་མགོན་པོ་ཁྱོད་ཀྱིས་དགེ་བའི་བཤེས། །མཛད་ནས་འབྲལ་བ་མེད་པར་རྗེས་འཛིན་ཤོག ། ཅེས་གསུངས། གཞན་ཡང་གནས་གསར་པ་མགོན་པོ་བསོད་ནམས་མཆོག་ལྡན་དང་ཆོས་ཀྱི་དགའ་སྟོན་སྟོབ་རེས་མཛད། བྱང་པ་རིག་འཛིན་ངག་གི་དབང་པོའི་སྤྲུལ་པའི་སྐུ་སྔ་འགྱུར་བསྟན་པའི་ཉི་མ་རིག་འཛིན་པདྨ་ཕྲིན་ལས་ངོས་འཛིན་པར་མཛད་ཅིང་། ཐུབ་བསྟན་རྡོ་རྗེ་བྲག་གི་གདན་སར་བཀོད་ནས་བཀའ་གཏེར་གྱི་ཆོས་མཐའ་དག་བསྩལ་ཅིང་བསྟན་པའི་བདག་པོར་མངའ་གསོལ། སྐུ་ཚེའི་མཐར་འགྲོ་མགོན་སྐྱེ་མེད་ཞང་གི་གདན་ས་གུང་ཐང་དུ་བཞུགས། དར་ལྡིང་རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ་སྙིང་པོའི་རྒྱུད་ཀྱི་བཤད་པ་གནང་། ཚུར་ཡང་བཀའ་བརྒྱད་སོགས་དབང་ལུང་མང་དུ་གསན་པ་དང་། རྒྱ་བོད་ཧོར་གསུམ་གྱི་བླ་མ་སྐྱེ་སྤྲུལ་སོགས་ཆོས་དོན་གཉེར་པ་རྣམས་ལ་བཀའ་གཏེར་གསར་རྙིང་གི་རྣམ་པར་གྲོལ་བའི་ལམ་གྱི་དངོས་པོ་ཅི་རིགས་པས་སྐྱོང་བར་མཛད་ནས། དགུང་གྲངས་རེ་དྲུག་ལོན་པ་ས་བྱ་ལོར་ངོ་མཚར་བའི་ལྟས་དང་བཅས་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་སོ། །འཇམ་མགོན་བླ་མའི་བརྒྱུད་འདེབས་སུ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ནས་བཀྲ་ཤིས་ཀུན་དགའ་དང་། དེ་ལས་གསང་བདག་ཆེན་པོས་གསན་པ་ལྟར་མཛད་པའི་བཀྲ་ཤིས་ཀུན་དགའ་ཞེས་པའི་མཚན་གོང་འོག་བླ་སློབ་གཉིས་ཀའི་རྣམ་ཐར་དུ་མི་བཞུགས་ཤིང་ཆོས་འབྱུང་རྣམས་སུ་འདིའི་རྣམ་ཐར་མི་གསལ་བས་ཟུར་ཆོས་དབྱིངས་རང་གྲོལ་གྱི་མཚན་གྱི་རྣམ་གྲངས་ཡིན་ནམ་སྙམ་ཡང་དཔྱད་པར་ཞུ། །

བདག་ཉིད་ཆེན་པོ་དེ་ཉིད་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་གཉོས་སྟོན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ཀྱིས་གསང་བ་སྙིང་པོའི་བཤད་རྒྱུན་སྤར་ཁབ་དང་གཡུང་ཊིཀ་གཉིས་ཀའི་སྟེང་ནས་གསན་ཞིང་། དེ་ལས་གཏེར་ཆེན་འགྱུར་མེད་རྡོ་རྗེ་དང་། ལོ་ཆེན་ཆོས་དཔལ་བཟང་པོ། ཁྲི་ཆེན་པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་པདྨ་བསྟན་འཛིན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རབ་འབྱམས་པ་ཆོས་ཀྱི་གྲགས་པ་བཅས་ཆོས་རྗེ་སྨིན་གླིང་པ་ཡབ་སྲས་མཁན་རབས་རྣམས་ཏེ་རྣམ་ཐར་རྒྱས་པ་སོ་ཐར་སྡོམ་བརྒྱུད་དང་། ལུང་ཨ་ནུ་ཡོ་གའི་བརྒྱུད་སྲོལ། སྔ་འགྱུར་གདན་ས་ཆེན་མོ་དྲུག་གི་གཏམ་སོགས་གོང་འོག་གི་ཚོམས་རྣམས་སུ་གསལ་བས་འདིར་མ་བཟློས། དེ་འཕྲོར་དགེ་རྩེ་འཇིགས་མེད་ངོ་མཚར། སེང་ཕྲུག་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁས་མཆོག་གཞན་ཕན་སྣང་བ། མཁན་ཆེན་པདྨ་ཚེ་དབང་། བདག་ཅག་གི་རིགས་བདག་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་བར་ཏེ་དེ་དག་གི་རྣམ་ཐར་རྒྱས་པ་གྲུབ་དབང་རྫོགས་ཆེན་པ་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་ཚོམས་སུ་འབྱུང་བས་འདིར་མ་སྤྲོས་སོ། །

(༢) ཟབ་པ་སྒྲུབ་སྡེའི་བརྒྱུད་ཚུལ,

༡༽ སྒྲུབ་སྡེ་བཀའ་མའི་བརྒྱུད་པ།

གཉིས་པ་མ་ཧཱ་ཡོ་ག་ཟབ་པ་སྒྲུབ་སྡེའི་ཕྱོགས་ལ་བཀའ་གཏེར་གྱི་བརྒྱུད་ཚུལ་གཉིས་སུ་བཞུགས་པ་ལས། དང་པོ་སྒྲུབ་སྡེ་བཀའ་མའི་བརྒྱུད་པ་ནི། དེ་ལ་སློབ་དཔོན་ཤཱནྟིཾ་གརྦྷས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བརྒྱུད་པའི་གཤེད་སྐོར། སློབ་དཔོན་ཧཱུྃ་ཀ་རས་དགེ་སློང་ནམ་མཁའི་སྙིང་པོ་ལ་བསྩལ་བའི་ཡང་དག སློབ་དཔོན་བཱི་མ་ལས་གཉགས་ཛྙཱ་ན་ཀུ་མ་ར་ལ་བསྟན་པའི་བདུད་རྩི། ཨོ་རྒྱན་ཆེན་པོས་ལས་ཅན་སོ་སོ་ལ་བསྩལ་བའི་རྟ་མགྲིན་དང་ཕུར་པ་སོགས་རྒྱུད་དང་མན་ངག་གི་བཀའ་སྲོལ་མཐའ་ཡས་པ་བཞུགས་ཀྱང་། བརྒྱུད་པ་ཀུན་ལས་ཁྱད་དུ་འཕགས་པ་རྒྱ་བོད་པཎ་གྲུབ་བརྒྱད་ཀྱི་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདུས་པ་གཉགས་ཛྙཱ་ན་ཀུ་མ་ར་ལ་བཀའ་བབ་པ་སྟེ། དེ་ཡང་ཡི་དམ་ལྷས་དབང་བསྐུར་ཐོབ་པ་སློབ་དཔོན་དགའ་རབ་རྡོ་རྗེ། བཀའ་བརྒྱུད་རྟགས་ཀྱི་གླེགས་བམ་གྱི་དབང་བསྐུར་ཐོབ་པ་སྐལ་ལྡན་རྒྱལ་པོ་ཛཿ། རིག་པ་རྩལ་གྱི་དབང་བསྐུར་ཐོབ་པ་གུ་རུ་པདྨ་སཾ་བྷ་ཝ། དགེ་བའི་བཤེས་གཉེན་གྱི་དབང་བསྐུར་ཐོབ་པ་པཎ་ཆེན་བཱི་མ་མི་ཏྲ་བཅས་རྒྱ་གར་ཡུལ་གྱི་བཀའ་བབ་རིག་འཛིན་ཆེན་མོ་བཞི་དང་། བོད་དུ་བརྒྱུད་པའི་ཆུ་འགོ་བཞི་ཞེས་སློབ་དཔོན་པདྨ་འབྱུང་གནས། པཎ་ཆེན་བཱི་མ་མི་ཏྲ། དགེ་སློང་ནམ་མཁའི་སྙིང་པོ། ལོ་ཆེན་བཻ་རོ་ཙ་ན་བཅས་བཞི་བྱོན་པ་དེ་དག་གི་བཀའ་སྲོལ་ཐམས་ཅད་གཅིག་འདྲེས་སུ་བྱུང་ཚུལ་ནི། བཀའ་སྲོལ་དང་པོ་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པ་གུ་རུ་པདྨ་འབྱུང་གནས་ལ་རྒྱ་གར་གྱི་བཀའ་བབ་གཞན་གསུམ་པོའི་དབང་གི་ཆུ་བོ་མ་ལུས་པ་འདུས་ཤིང་། བོད་དུ་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་རྗེ་འབངས་ཐུགས་སྲས་བུ་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་སོ་སོའི་རིགས་ཀྱི་མེ་ཏོག་ཡི་དམ་ལ་ཕོག་ཅིང་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་ཅིང་དེ་དག་གི་བཀའ་སྲོལ་ཐམས་ཅད་ཀྱང་གཉགས་ཛྙཱ་ན་ཀུ་མ་ར་ལ་བབ། །བཀའ་སྲོལ་གཉིས་པ་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་སློབ་དཔོན་བཱི་མ་ལ་མི་ཏྲས་ཡར་ལུང་མཆོང་གི་ཡང་རྫོང་དུ་གསང་བ་མཆོག་གི་དཀྱིལ་འཁོར་བཞེངས་ནས་གཉགས་ལོ་ཆེན་པོ་ལ་དབང་བསྐུར་ནས་མཚན་དྲི་མེད་ཟླ་ཤར་དུ་བཏགས། བཀའ་སྲོལ་གསུམ་པ་ལོ་ཆེན་བཻ་རོ་ཙ་ནས་རྒྱ་གར་དུ་སློབ་དཔོན་དགའ་རབ་རྡོ་རྗེ་དངོས་དང་། དེའི་སློབ་མ་འཇམ་དཔལ་བཤེས་གཉེན་གཉིས་ལས་དབང་ཐོབ་ཅིང་བཻ་རོས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་བསྐུར། དེས་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་གཉགས་ཛྙཱ་ན་ཀུ་མ་ར་ལ་དབང་བསྐུར་བའོ། བཀའ་སྲོལ་བཞི་པ་གནུབས་སྟོན་ནམ་མཁའི་སྙིང་པོས་རྒྱ་གར་གྱི་སློབ་དཔོན་བཛྲ་ཧཱུྃ་ཀ་ར་ལས་དབང་མནོས་ཏེ་གཉགས་ལ་གནང་བ་བཅས་ཆུ་བོ་བཞི་འདུས་སུ་བྱུང་། གཉགས་ཀྱིས་སོག་པོ་ལྷ་དཔལ་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་ལ་སྨིན་ཁྲིད་ཀྱི་རྒྱུན་བསྩལ། སངས་རྒྱས་ཡེ་ཤེས་ཀྱིས་གནུབས་ཡོན་ཏན་རྒྱ་མཚོ་སོགས་གཙང་གི་མི་བཞི་ལ་བསྐུར་བ་ལས། ཐུགས་སྲས་ཐུ་བོ་ཡོན་ཏན་རྒྱ་མཚོ་ལ་བཀའ་སྲོལ་སྔ་མ་བཞིའི་སྟེང་དུ་ཕྱིས་དྷ་ན་དྷ་ལའི་དབང་བཀའ་དང་ལྔ་འདུས་ཤིང་། དེ་ལས་རིམ་པར་སྲས་ཡེ་ཤེས་རྒྱ་མཚོ་སོགས་དཔལ་ལྡན་ཟུར་པའི་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་འཛིན་པ་ཟམ་མ་ཆད་པར་བརྒྱུད་པའི་མཐར་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་ལ་སྨིན་གྲོལ་རྒྱུད་བཤད་ཀྱི་དབང་ལུང་ཡོངས་སུ་རྫོགས་པའི་བཀའ་བབ། དེ་ལས་གཏེར་ཆེན་བླ་མའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཨོ་རྒྱན་སྨིན་གྲོལ་གླིང་གི་ཁྲི་རབས་གཉིས་པ་རྒྱལ་སྲས་འགྱུར་མེད་རྒྱ་མཚོ་དང་། ཁྲི་རབས་གསུམ་པ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། དེ་ཉིད་ཀྱི་རིགས་སྲས་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རབས་བཞི་པ་གཅུང་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་རབས་ལྔ་པ་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ལམ་ཕན་བདེའི་རྒྱ་མཚོ། མཁན་རབས་བདུན་པ་རིག་འཛིན་བཟང་པོ་བཅས་ཨོ་རྒྱན་སྨིན་གླིང་གི་ཁྲི་འཛིན་མཁན་རབས་རྣམས་དང་། དེ་ལས་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་དང་པོ་སེང་ཕྲུག་པདྨ་བཀྲ་ཤིས་སམ་རྡོ་རྗེ་མྱུ་གུ་རྩལ། མཁན་རབས་གཉིས་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སམ་རང་བྱུང་རིག་པའི་རྡོ་རྗེ། དེ་ཉིད་ལས་མཁན་ཆེན་པདྨ་བཛྲ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྣམ་གཉིས་ལ། རྗེ་འདི་གཉིས་ཀྱི་ཞལ་སྔ་ནས་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྨིན་གྲོལ་དབང་གི་ཆུ་བོ་མཐའ་དག་ཐུགས་རྒྱུད་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་རྫོགས་ཆེན་གླིང་སྤྲུལ་བཞི་པ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་དང་རྫོང་སར་མཁྱེན་བརྩེ་གཉིས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རྣམ་གཉིས་ལ་གནང་ཞིང་། སྔ་མ་ལས་སྨིན་གྲོལ་འཁོར་ལོའི་མགོན་པོ་འབྲུག་སྤྲུལ་བཞི་པ་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉི་མས་དང་། ཕྱི་མ་ལས་སྐྱབས་རྗེ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་ལྷན་ཅིག་ཏུ་གསན་ཞིང་། རིགས་བདག་བླ་མ་དེ་རྣམ་གཉིས་ཀྱིས་ཐུགས་བརྩེ་བ་ཆེན་པོས་སྔ་འགྱུར་བཀའ་མའི་ཆོས་ཚན་གྱི་དབང་ལུང་ཆ་ཚང་བ་བསྟན་པ་ཡང་དར་གྱི་སྐབས་འདིར་གདན་ས་འདི་ནས་ལན་གྲངས་དུ་མའི་བར་བསྩལ་བ་བདག་ཅག་གི་ཆོས་སྐལ་དུ་ཐོབ་པའི་རྟེན་འབྲེལ་ལེགས་ཚོགས་དུས་ལས་མ་ཡོལ་བ་བྱུང་ཞིང་། དེ་མཚུངས་གཏེར་ཆེན་འགྱུར་མེད་རྡོ་རྗེ་ལས་རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་སྔ་འགྱུར་བཀའ་མའི་ཆོས་ཚུལ་གྱི་སྨིན་ཁྲིད་མ་ལུས་པ་གསན་ཞིང་འཆད་སྤེལ་མཛད་པའི་བརྒྱུད་པའང་གྲུབ་དབང་ལྔ་པ་ནས་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་རིང་ལུགས་འཛིན་པ་ཀུན་ཀྱིས་མཁྱེན་པར་འཚལ་ཞིང་། དེ་ལས་ཞིབ་པར་བཀའ་མ་རྩ་བའི་མཆོད་ཁག་སོ་སོའི་སྨིན་བྱེད་དབང་གི་བརྒྱུད་པ་ཅུང་ཟད་མི་འདྲ་བའི་ཁྱད་པར་དང་བཅས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་མཛད་པའི་བརྒྱུད་འདེབས་རྣམས་སུ་གསལ་བས་འདིར་ཡི་གེ་མང་དུ་དོགས་ཏེ་མ་བྲིས། གཞན་ཡང་རྒྱལ་སྲས་གཞན་ཕན་མཐའ་ཡས་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། བདག་ཉིད་ཆེན་པོ་དེ་ལས་འཇམ་མགོན་བློ་གྲོས་མཐའ་ཡས་དང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་བཅས་དང་། དེ་རྣམས་ལས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ། རྗེ་དེ་ཉིད་ལས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བས་གསན་ཏེ་འཆད་སྤེལ་གྱི་ཕྲིན་ལས་ཕྱོགས་བརྒྱར་འཕེལ་ཚུལ་སོ་སོའི་བརྒྱུད་འདེབས་ཀྱི་ཡིག་ཆ་དག་ཏུ་གསལ་བ་ལྟར་ལ། གདན་ས་ཆེན་མོ་འདི་ཉིད་དུ་གྲུབ་དབང་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་མཆོག་གིས་སྔ་འགྱུར་བཀའ་མའི་མཆོད་ཁག་བཅུ་གསུམ་གྱི་སྒྲུབ་འཕྲིན་དབྱངས་རོལ་གར་འཆམ་དང་བཅས་པའི་ཕྱག་བཞེས་རང་རྐང་ཐུབ་པ་གསར་དུ་བཙུགས་པ་དང་། དེ་རྗེས་ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་ནས་སྔ་འགྱུར་བཀའ་མའི་ཆོག་ཕྲིན་གླེགས་བམ་དགུ་བཀའ་བསྡུ་མཛད་ཅིང་འཆད་སྤེལ་མཛད་པའི་ཕྲིན་ལས་མཐའ་ཡས་པ་དང་། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྔ་འགྱུར་བཀའ་གཏེར་གྱི་མཆོད་ཁག་བརྒྱད་ཅུ་ལྷག་ཏུ་ཁ་སྣོན་མཛད་པ་བཅས་སྔ་འགྱུར་བསྟན་པའི་ཆུ་འགོ་གྲུབ་དབང་རྫོགས་ཆེན་པ་ཞེས་མཚན་སྙན་དོན་ལ་གནས་པའི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པ་བྱུང་ངོ་། །

༢༽ སྒྲུབ་སྡེ་གཏེར་མའི་བརྒྱུད་པ།

གཉིས་པ་སྒྲུབ་སྡེ་གཏེར་མའི་བརྒྱུད་པ་ནི། དེ་ཡང་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བཀའ་བབ་རིག་འཛིན་ཆེན་པོ་བརྒྱད་ཀྱི་ནང་ནས་ཁྱད་པར་དུ་འཕགས་པའི་སྒྲུབ་ཆེན་བརྒྱད་ཀྱི་བཀའ་ཡོངས་སུ་རྫོགས་པ་བབ་ཚུལ་གོང་དུ་རྒྱས་པར་སོང་བ་ལྟར་ལ། སློབ་དཔོན་ཆེན་པོ་ཉིད་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀས་བོད་ཡུལ་དུ་སྤྱན་དྲངས་པའི་ཚེ། བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་རྗེ་འབངས་ཐུགས་ཀྱི་སྲས་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ན་སོ་སོའི་རིགས་ཀྱི་མེ་ཏོག་ཡི་དམ་ལ་ཕོག་ཅིང་གྲུབ་པ་ཐོབ་པ་སྟེ། མངའ་བདག་བཙད་པོས་ཆེ་མཆོག་སྒྲུབ་པས་ཏིང་འཛིན་ཁྱད་པར་ཅན་སྐྱེས་ཤིང་སྒོམ་བྱུང་གི་ཤེས་རབ་ཀློང་དུ་བརྡོལ་བས་བཀའ་ཡང་དག་པའི་ཚད་མའི་བསྟན་བཅོས་མཛད། ནམ་མཁའི་སྙིང་པོས་ཡང་དག་གྲུབ་པས་ཉི་མའི་ཟེར་ལ་བཅིབས། སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་གྲུབ་པས་བྲག་ལ་ཕུར་པ་ཐེབས། རྒྱལ་བ་མཆོག་དབྱངས་ཀྱིས་དབང་ཆེན་གྲུབ་པས་དབུ་གཙུག་ནས་རྟ་མགོ་འབྱིན་ཅིང་རྟ་སྐད་སྒྲོགས། མཁར་ཆེན་བཟས་ཕུར་པ་གྲུབ་པས་བསད་པ་གསོས། དཔལ་གྱི་སེང་གེས་མཆོད་བསྟོད་གྲུབ་པས་སྡེ་བརྒྱད་མངག་གཞུག་ཏུ་ཁོལ། བཻ་རོ་ཙཱ་ནས་དྲག་སྔགས་གྲུབ་པས་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཞིང་རྫུ་འཕྲུལ་ལ་མངའ་བརྙེས་པ་བྱུང་བ་དང་། སླར་ཡང་ཕྱི་རབས་གདུལ་བྱའི་དོན་དུ་དགོངས་ཏེ་བཀའ་རྟགས་ཕྱག་རྒྱའི་རྒྱ་ཡིས་ཡོངས་སུ་བཏབ་ནས་ཟབ་གཏེར་དུ་སྦས་པར་མཛད་ཅིང་། ཕྱིས་སུ་མངའ་བདག་ཆོས་ཀྱི་རྒྱལ་པོའི་སྐྱེ་ཕྲེང་བཅུ་དྲུག་པ་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་གྲགས་པའི་དང་པོ་ཉང་ཉི་མ་འོད་ཟེར་གྱིས་མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ནས་གཏེར་སྒྲོམ་སྨུག་པོ་དང་སྐྱ་བོ་གཉིས་སྤྱན་དྲངས་པའི་སྨུག་པོའི་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལུང་མན་ངག་དང་བཅས་པའི་ཆོས་ཚན་བརྒྱ་དང་སུམ་ཅུ་བཀོད་པ་ལོ་ཆེན་བཻ་རོ་ཙ་ན་དང་། ཡིག་མཁན་ལྡན་མ་རྩེ་མང་གི་ཕྱག་བྲིས་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་ཕྱག་དཔེ་འཁྲུལ་མེད་བྱུང་ཞིང་། རྗེ་འདི་ཉིད་ལ་བདེ་གཤེགས་འདུས་པ་བཀའ་གཏེར་ཉེ་རིང་གི་ཆོས་ཚུལ་ཐམས་ཅད་ཀྱི་བཀའ་བབ་པས་དེ་ནས་བཟུང་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་པ་བྱུང་། དེ་ལས་སྲས་འགྲོ་མགོན་ནམ་མཁའ་ནས་གུ་རུ་ཆོས་ཀྱི་དབང་ཕྱུག་ལ་བཀའ་ལུང་གཏད་རྒྱ་དང་བཅས་པའི་ཚུལ་གྱིས་བསྩལ་ཅིང་། གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པའི་གཉིས་པ་གུ་རུ་ཆོས་དབང་འདི་ནི་མངའ་བདག་ཉང་གི་སྐུ་སྐྱེ་དེ་མ་ཐག་པར་གྲགས་ཤིང་། ལྷོ་གཏེར་སྨིན་པ་འབྲས་བུ་ལྟ་བུའི་ཆོས་སྐོར་དུ་མ་གཏེར་གནས་ལས་སྤྱན་དྲངས་པ་དང་། ཁྱད་པར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣལ་རོལ་སྤྲུལ་པའི་གཏེར་སྟོན་ཇོ་མོ་སྨན་མོ་གསང་བའི་ལས་རྒྱར་བཞེས་པའི་རྟེན་འབྲེལ་ལས་སྔར་མ་བྱུང་བའི་ཟབ་ཆོས་བཀའ་བརྒྱད་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆོས་སྐོར་གཏན་ལ་ཕབ་ཅིང་ཐུགས་སྲས་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་སོགས་ལ་གཏེར་ཁ་གོང་འོག་གི་ཆོས་བཀའ་བསྩལ། དེ་ནས་རིམ་པར་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་འཛིན་པ་ཟམ་མ་ཆད་པ་ལ་བརྒྱུད་དེ་མཐར་ཆོས་རྗེ་སྨིན་གླིང་ཡབ་སྲས་ལ་བཀའ་བབ་ཅིང་། བདག་ཉིད་ཆེན་པོ་མེས་དབོན་དེ་རྣམས་ཀྱིས་ལས་བྱང་བསྙེན་ཡིག་དབང་ཆོག་སོགས་ཆོས་སྐོར་འདིའི་ཡིག་ཆ་དུ་མ་མཛད་ཅིང་དབང་ཁྲིད་སྒྲུབ་འཕྲིན་གྱི་སྒོ་ནས་ཕྱོགས་བརྒྱར་སྤེལ་བའི་མཛད་པ་ཤིན་ཏུ་རྒྱ་ཆེ། དེ་བཞིན་ངོ་མཚར་བཀའ་བབ་བདུན་ལྡན་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རིང་བརྒྱུད་དང་ཉེ་བརྒྱུད་ཡང་གཏེར་རྗེས་དྲན་སོགས་ཀྱི་སྒོ་ནས་བཀའ་བབ་ཅིང་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལ་གནང་། བདག་ཉིད་ཆེན་པོ་དེས་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་དབང་ལུང་ཆིག་རྫོགས་སུ་བསྩལ་ཏེ་དོན་བརྒྱུད་གྱི་བསྟན་པ་གཏད། གྲུབ་དབང་རིན་པོ་ཆེ་ལས་རྫོགས་ཆེན་གླིང་སྤྲུལ་བཞི་པ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོས་གསན་པ་དང་། དམ་པ་དེ་ལས་འབྲུག་སྤྲུལ་བཞི་པ་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉི་མས་དབང་ལུང་གྲོལ་ཁྲིད་དང་བཅས་པ་ཡོངས་སུ་ཚང་བ་གསན་ཞིང་། སྨིན་གྲོལ་འཁོར་ལོའི་མགོན་པོ་དེ་ཉིད་ཀྱི་ཞལ་སྔ་ནས་ལེགས་སྦྱར་གྱི་སྐད་དུ་ཙི་ཏྲ་ཞེས་པ་སྟོད་འགྲེལ་ལྟར་ན་སྣ་ཚོགས། འབྱུང་རྩིས་པའི་དབང་ཐང་དང་བསྟུན་ན་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་རྟ་ཡི་ལོའི་དབྱར་འབྲིང་པོའི་ཚེས་བཅོ་ལྔ་ནས་སྟོན་ར་བའི་བཅོ་ལྔའི་བར་དུ། མཁས་དང་གྲུབ་པའི་འབྱུང་གནས་དཔལ་སེང་གེ་རིའི་ཆོས་སྡེ་ཆེན་མོར་བདག་ཅག་འདུས་པ་ཆིག་སྟོང་ལྷག་ལ་རིན་ཆེན་གཏེར་གྱི་མཛོད་ཆེན་མོའི་སྨིན་དབང་མ་ལུས་པ་བསྩལ་ཞིང་། ལོ་དེའི་ཕྱི་ལོར་རྒྱབ་རྟེན་ལུང་གི་རྒྱུན་ཡོངས་སུ་སྤེལ་བའི་བཀའ་དྲིན་བསྐྱངས་པ་ཡང་སྐལ་བ་བཟང་པོའི་བགོ་སྐལ་དུ་ཐོབ་པ་བྱུང་ངོ་། །

ཁ ལུང་ཨ་ནུ་ཡོ་ག་དར་ཚུལ་བཤད་པ།

གཉིས་པ་ལུང་ཨ་ནུ་ཡོ་ག་དར་ཚུལ་བཤད་པ་ནི། དེ་ལ་རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དང་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་ཨ་ནུ་ཡོ་ག་རྩ་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་ཀྱི་མདོ་བསྒྱུར་བས་མཚོན་འདུས་པ་མདོའི་རྒྱུད་མང་ཞིག་བསྒྱུར་ཅིང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་མདོའི་དཀའ་འགྲེལ་མི་ཤེས་མདུད་འགྲོལ་ཞེས་པའང་མཛད་འདུག་པ་སོགས་ཀྱི་བཤད་སྒྲུབ་ཀྱི་རྒྱུན་དང་དབང་བཀའ་ཡང་ཡོད་པར་སྣང་ཡང་། ཕྱིས་དུས་གྲགས་ཆེ་བའི་བརྒྱུད་པ་གཙོ་བོ་ནི་མདོ་ལུང་མཁན་པོ་ཆོས་རྒྱལ་སྐྱོང་དང་། མདོ་མཁན་དྷརྨ་བོ་དྷི། བལ་པོ་བ་སུ་དྷ་ར། བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ཏེ་རྒྱ་བལ་བྲུ་ཤའི་མཁས་པ་ཆེ་བཞི་ལས་སྔ་འགྱུར་བསྟན་པའི་བཀའ་བབ་བར་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གསན་ཞིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་གོང་དུ་མ་ཧཱ་ཡོ་ག་རྒྱུད་སྡེའི་བཤད་བརྒྱུད་སྐབས་རྒྱས་པར་སོང་ཡང་འདིར་མདོར་བསྡུས་ཙམ་བཀོད་པར་འདོད་དེ།

[༡] གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི།

ཡབ་གནུབས་རིགས་གསལ་བ་དབང་ཕྱུག་དང་། ཡུམ་མཆིམས་མོ་བཀྲ་ཤིས་མཚོའི་སྲས་སུ་ཤིང་ཕོ་བྱི་བའི་ལོའི་དཔྱིད་ཟླ་ར་བར་སྒྲགས་ཀྱི་ཕུར་སྐུ་འཁྲུངས། སྐྱ་མིང་རྡོ་རྗེ་ཁྲི་གཙུག་དང་ཆོས་མིང་སངས་རྒྱས་ཡེ་ཤེས་སུ་གྲགས། དགུང་ལོ་བདུན་པར་འོ་བྲན་དཔལ་གྱི་གཞོན་ནུའི་ཕྱག་ཕྱིར་འབྲངས་ཏེ་རིག་པའི་གནས་ཐམས་ཅད་ལ་བྱང་བར་མཛད། མཁན་ཆེན་བྷོ་དྷི་སཏྭ་ལས་རབ་ཏུ་བྱུང་། གཞོན་ནུའི་དུས་ནས་སློབ་དཔོན་ཆེན་པོ་ལས་བཀའ་བརྒྱད་ཀྱི་དབང་གསན་པའི་ཚེ་མེ་ཏོག་འཇམ་དཔལ་སྐུའི་དཀྱིལ་འཁོར་ལ་ཕོག་ཅིང་བསྒྲུབས་པས་མངོན་རྟགས་མང་པོ་མཐུན་སྣང་དུ་བྱུང་། གཞན་ཡང་སློབ་དཔོན་ཤྲཱི་སེང་ཧ་དང་། བཱི་མ་ལ། ཀ་མ་ལ་ཤཱི་ལ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། ཤཱནྟིཾ་གརྦྷ། དྷ་ན་སཾ་སྐྲྀ་ཏ། གཙུག་ལག་དཔལ་དགེ། བྲམ་ཟེ་གསལ་བའི་རྒྱན། དྷ་ན་རཀྵི་ཏ། དྷརྨ་བྷོ་དྷི། དྷརྨ་རཱ་ཛ། བ་སུ་དྷ་ར། ཆེ་བཙན་སྐྱེས་སོགས་རྒྱ་བལ་བྲུ་ཤའི་ལོ་པཎ་རྣམས་དང་། བོད་ཀྱི་མཁས་པ་ཆེན་པོ་གཉགས་ལོ་ཡེ་ཤེས་གཞོན་ནུ། དེའི་སློབ་མ་དཔལ་གྱི་བུ་བརྒྱད་ཐམས་ཅད་དང་། ཁྱད་པར་དུ་སོག་པོ་དཔལ་གྱི་ཡེ་ཤེས་དང་། རྨ་གཉགས་ཐུན་མོང་གི་ཡང་སློབ་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་གཙོ་བོར་བསྟེན་ནས་མདོ་སྔགས་ཕྱི་ནང་གི་རྒྱུད་སྡེ་མན་ངག་དང་བཅས་པ་མཐའ་དག་ལ་སྦྱངས་ཏེ་མཁས་པར་མཛད། རྒྱ་བལ་གྱི་ཡུལ་དུ་ལན་བདུན་བྱོན་ནས་རྒྱུད་དང་མན་ངག་ཆོག་ཡིག་བསྟན་སྲུང་དང་བཅས་པ་མང་པོ་བསྒྱུར། ཁྱད་པར་དགུང་ལོ་ལྔ་བཅུ་རྩ་བཞི་པ་མེ་སྦྲུལ་ལོར་བལ་ཡུལ་དུ་བྱོན་ནས་བ་སུ་དྷ་ར་ལས་དབང་དང་གདམས་པ་དཔག་མེད་ཞུས་ཤིང་། སློབ་དཔོན་དེ་ཉིད་ཀྱིས་རྒྱ་གར་ན་ངའི་སློབ་དཔོན་གསལ་བའི་རྒྱན་ཞེས་བྱ་བ་ལོ་སྟོང་དང་དྲུག་བརྒྱ་ལོན་པ་ཞིག་བཞུགས་པ་དེར་སོང་ལ་ཆོས་ཞུས་ཤིག་གསུངས་པ་ལྟར་བྱོན་པས། ཝཱ་རཱ་ན་སཱིར་ཨཱ་ཙཱཪྱ་གསལ་བའི་རྒྱན་གྱི་ཞལ་མཇལ་ནས་མདོ་ཡོངས་སུ་རྫོགས་པའི་དབང་དང་དགོངས་འདུས་ཀྱི་གདམས་ངག་ཀྱང་གསན། དེ་ནས་དགོངས་འདུས་ཀྱི་གཞུང་བཤད་ཞུས་པས། དྷ་ན་རཀྵི་ཏ་དང་། དྷརྨ་བོ་དྷི་དང་། དྷརྨ་རཱ་ཛ་རྣམས་ཆེ་བཙན་སྐྱེས་ཀྱིས་གདན་དྲངས་ནས་བྲུ་ཤའི་ཡུལ་དུ་བཞུགས་པས་དེར་ཞུས་ཤིག་གསུངས་པ་ལྟར་བྱོན་ཏེ་ལོ་པཎ་བཞི་ལས་གཙོ་བོ་གཞུང་བཤད་དང་། དབང་བཀའ་དང་ཕྱག་བཞེས་ཕྲ་གཅོད་སོགས་གདམས་ངག་གི་གནད་ལ་ཞུན་ཐར་བཅད་དེ་ཐུགས་བཅུད་ལོངས་པར་མཛད། སྐུ་ཚེའི་སྨད་དུ་གནས་ལུགས་ཀྱི་དོན་གཏན་ལ་འབེབ་པའི་སྒྲུབ་པ་ཁོ་ན་མཛད་པས་ས་ཆེན་པོའི་རྟོགས་པ་མངོན་དུ་ཤར། ཆུ་ལ་མི་བྱིང་ཞིང་བྲག་ལ་ཟང་ཐལ་དུ་གཤེགས་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ། མདོ་སྡེ་དུ་མ་ལས་ས་བཞི་པའི་བྱང་ཆུབ་སེམས་དཔའ་ཡིན་པ་དང་སྟོན་པ་འདས་ནས་ལོ་ཉིས་སྟོང་ན་འབྱོན་པ་འགྱུར་པ་སོགས་ལུང་གིས་ཟིན། མདོའི་འགྲེལ་ཆེན་མུན་པའི་གོ་ཆ་དང་། དཀའ་གཅོད་སྨྲ་བའི་མཚོན་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པའི་མངོན་རྟོགས་འགྲེལ། རྫོགས་ཆེན་གྱི་མན་ངག་བསམ་གཏན་མིག་སྒྲོན་སོགས་བསྟན་བཅོས་མཛད་པ་དང་། མ་འོངས་པའི་དོན་དུ་དགོངས་ཏེ་ཆོས་དང་དྲག་སྔགས་མང་པོ་གཏེར་དུ་སྦས་པར་མཛད། མདོར་ན་བསྐྱེད་རྫོགས་རྫོགས་ཆེན་གྱི་བསྟན་པས་ས་སྟེང་ཁྱབ་པར་སྤེལ་བ་བཅས་མི་ཡུལ་དུ་འགྲོ་དོན་ལ་དགུང་ལོ་བརྒྱ་དང་བཅུ་གསུམ་བར་བཞུགས་ནས་ཞི་བར་གཤེགས་སོ། །

[༢] ཐུགས་སྲས་མཆོག་གྱུར་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ནི།

ཡབ་གནུབས་ཁྲི་རྗེ་རྨུ་ཐོན་བཙན་དང་ཡུམ་ཁྲོམ་བཟའ་འོད་ལྡན་གྱི་སྲས་སུ་གནུབས་ཡུལ་རོང་དུ་སྐུ་འཁྲུངས། དགུང་ལོ་སུམ་ཅུ་པ་ལ་རི་དྭགས་གཤོར་དུ་ཕྱིན་པས་རྗེ་སངས་རྒྱས་ཡེ་ཤེས་སྣར་གྱི་ཤུག་ལ་ནག་པོར་བཞུགས་པ་དང་མཇལ་ཏེ། རུས་གང་ཡིན་གསུངས་པ་ལ། གནུབས་ཡིན་ཞུས་པས། འོ་སྐོལ་གཉིས་ཚེ་སྔ་མ་ཕ་བུར་འབྲེལ་ཞིང་རུས་ཀྱང་གཅིག ཆོས་ཀྱི་ལས་འཕྲོའང་འདུག་གསུངས་ནས་ཆོས་སྒོར་བཅུག་སྟེ་དབང་རྒྱུད་མན་ངག་བསྟན་པ་སྲུང་བའི་ལས་ཁ་དང་བཅས་པ་ཐམས་ཅད་ཚང་སྤྲུགས་སུ་གནང་བས་བཀའི་བཅུད་དང་ཐུགས་ཀྱི་ཉིང་ཁུ་ཐམས་ཅད་ཀྱི་བཀའ་བབ། ཁྱད་པར་གྱི་ཆོས་སྡེ་སུམ་ཅུ་རྩ་ལྔ་ལ་མཁས་པར་གྱུར། སྣར་གྱི་ཡང་གསང་བྲག་ཕུག་ཏུ་དབང་གི་ཆུ་བོ་བཞི་རྫོགས་པར་བསྐུར་ནས་དབང་གི་ཡིག་མདོ་བཅོ་བརྒྱད་གཏད། དབང་རྟགས་སུ་དབང་བསྐུར་རྒྱལ་པོའི་རྒྱུད་བྱིན། ཡོན་དུ་སྟོད་ཀྱི་ལས་སྒོ་ལན་གསུམ་བླངས་ཏེ། གཡུ་དཀར་པོ་འོད་འཛག བེར་ཤ་བ་ཅན། རྟ་མཚལ་ནག་སེང་གེ། དར་མེན་གྱི་ན་བཟའ། ལ་རྫས་ཀྱི་དཀོར་ཆ་དང་རྩི་སྨན་དཔག་ཏུ་མེད་པ་ཕུལ། གསང་མཚན་རྡོ་རྗེ་གཏེར་བཞད་རྩལ་ལམ་རྡོ་རྗེ་རིག་འཛིན་གཏེར་དུ་གྲགས། ཁུ་ལུང་མཁར་གདོང་ལ་སོགས་པར་སྒྲུབ་པ་མཛད་པས་མཆོག་གི་དངོས་གྲུབ་ཆོས་ཉིད་ཀྱི་དོན་རྟོགས། ཟག་མེད་ཀྱི་མངོན་ཤེས་ཤར་བ་དང་འབྱུང་བ་ལ་རང་དབང་བསྒྱུར། ཐུགས་དམ་གྱི་ལྷ་དུ་མས་ཞལ་གཟིགས་ཤིང་དམ་ཅན་རྣམས་བྲན་དུ་ཁོལ། རང་འདྲ་བ་བརྒྱར་སྤྲུལ་ནས་སྐུ་དགྲ་བཏུལ་བ་སོགས་རྫུ་འཕྲུལ་དང་དྲག་སྔགས་ལ་རྟགས་ཐོན་པས་ནུས་པ་ལ་མངའ་བརྙེས་སོ། །

[༣] གཅེན་ཡེ་ཤེས་རྒྱ་མཚོ་ནི།

ཡབ་ཡེ་ཤེས་རྒྱ་མཚོ་དང་ཡུམ་སོ་མ་ལེགས་ཀྱི་སྲས་སུ་སྐུ་འཁྲུངས། མདོའི་ལུང་བསྟན་ལས། དེས་ས་གཉིས་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་གཏོད་པར་འགྱུར། ཞེས་རྗེ་ཡོན་ཏན་རྒྱ་མཚོས་ས་གཉིས་པར་ལུང་གིས་ཟིན་པའི་སྲས་ཡེ་ཤེས་རྒྱ་མཚོ་ལ་བརྒྱུད་པ་སྟེ། སྤྱིར་ཡོན་ཏན་རྒྱ་མཚོ་ལ་རིགས་ཀྱི་སྲས་སྔ་ཚར། བར་ཚར། ཕྱི་ཚར་གསུམ་ལས། སྔ་ཚར་གྱི་སྲས་གསུམ་བླ་མ་ལ་དམ་ཚིག་ཉམས་པས་ར་བ་གསུམ་དུ་སྤྱུགས། དེ་རྗེས་གླན་རྡོ་རྗེ་འབར་གྱི་སྲིང་མོ་སོ་མ་ལེགས་ཁབ་ཏུ་བཞེས་པ་ལ། གཅེན་ཡེ་ཤེས་རྒྱ་མཚོ། གཅུང་པདྨ་དབང་རྒྱལ། ལྕམ་ཨུཏྤལ་སྒྲོན་རྣམས་བྱུང་སྟེ་བར་ཚར་ཡིན། ཕྱིས་སྟག་རམ་དཔལ་གྱི་ལྕམ་ལ་ཕྱི་ཚར་གྱི་སྲས་གཉིས་བྱུང་བའི་གཅུང་རོ་ཟན་ནག་པོས་རྒྱུད་ཀྱི་རོ་ལངས་གྲུབ་ཅིང་འདིའི་སྲས་རྒྱུད་ལ་ཁྲོ་ཕུ་ལོ་ཙཱ་བ་སོགས་བྱུང་། དེ་ལྟར་སྲས་དྲུག་ལས་ཁྱད་པར་དུ་གྱུར་པ་ནི། བར་ཚར་གྱི་སྲས་གཉིས་ཀྱི་ཡ་གྱལ་གཅེན་ཡེ་ཤེས་རྒྱ་མཚོ་འདི་ཉིད་ཡིན་ལ། བླ་མ་ལ་མཆོག་ཏུ་གུས་པས་སྒོ་གསུམ་གྱི་ཞབས་ཏོག་ཅི་མཉེས་སུ་བསྒྲུབས་ཤིང་། ཤེས་རབ་དང་དད་བརྩོན་གྱི་སྤྱོད་པ་ཕུལ་དུ་གྱུར་པས་ཐུགས་ཀྱི་དགོངས་པ་ལོན་ཏེ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བདག་པོར་མངའ་གསོལ་ཞིང་དབང་བསྐུར། དབང་གི་མཛོད་ཐམས་ཅད་ཀྱི་བཅུད་བཏིགས་པས་ཡབ་ལ་མངའ་བའི་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་། ཁྱད་པར་ཁུ་ལུང་མཁར་ལུང་དུ་ཆུ་བོ་བཞིའི་དབང་བསྐུར། གསང་མཚན་རྡོ་རྗེ་དབང་གྲུབ་རྩལ་དུ་བཏགས། བསྙེན་སྒྲུབ་མཐར་ཕྱིན་པས་མཆོག་གི་དངོས་གྲུབ་གནས་ལུགས་ཀྱི་དོན་རྟོགས་ཏེ་ཡི་དམ་གྱི་ལྷ་དུ་མས་ཞལ་གཟིགས། སྐུ་ལུས་ལྷའི་དཀྱིལ་འཁོར་དུ་གཞན་ལ་སྟོན་པར་ནུས་ཤིང་དམ་ཅན་རྣམས་བྲན་དུ་འཁོལ། མི་མ་ཡིན་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་བ་སོགས་མངོན་སྤྱོད་ཀྱི་ལས་ལ་འཕྲལ་དུ་རྟགས་འབྱིན་པའི་ནུས་རྩལ་ཐོབ་པར་གྲགས་སོ། །

[༤] རྒྱ་སྟོན་བློ་གྲོས་བྱང་ཆུབ་ནི།

གཅེན་ཡེ་ཤེས་རྒྱ་མཚོ་ལ་སྒྱུ་འཕྲུལ་དང་སེམས་ཕྱོགས་ཀྱི་བཀའ་བབ་པ་ཉང་ཤེས་རབ་མཆོག་དང་། མདོའི་བཀའ་བབ་པ་བྱང་ཆུབ་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་སྟེ། ཁུ་ལུང་མཁར་གདོང་དུ་ཆུ་བོ་བཞི་རྫོགས་ཀྱི་དབང་བསྐུར་བས་ཡོན་དུ་གཡུ་དམར་གྱིས་སྣ་དྲངས་པའི་ནོར་མང་པོ་ཕུལ། གསང་མཚན་རྡོ་རྗེ་ལས་གྲུབ་རྩལ་དུ་བཏགས། བསྐྱེད་རྫོགས་ལ་བརྟན་པ་ཐོབ་ཅིང་གཞན་དོན་ཕྲིན་ལས་ཀྱི་སྒོ་ནས་གདུལ་བྱ་དཔག་མེད་སྨིན་གྲོལ་ལ་བཀོད། བསྟན་པ་མཐར་རྒྱས་སུ་བསྐྱངས་པའི་བཤད་སྒྲུབ་ཀྱི་འཕྲིན་ལས་འགྲན་ཟླ་བྲལ་པའི་ངང་སྐུ་གཤེགས་སོ། །

[༥] ཐོད་གར་ནམ་མཁའ་ལྡེ་ནི།

རྒྱ་སྟོན་བློ་གྲོས་བྱང་ཆུབ་ཀྱི་ཐུགས་སྲས་བརྒྱུད་འཛིན་པ་སྟེ། ཕུང་པོ་རི་བོ་ཆེ་ཞེས་པའི་གནས་སུ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་བསྐུར་ཅིང་རྒྱུད་མན་ངག་དང་བཅས་པ་རྫོགས་པར་བཤད། ཡོན་དུ་ནས་ཁལ་བརྒྱ་དང་གླང་བཟང་པོ་ཞིག་ཕུལ། གསང་མཚན་རྡོ་རྗེ་དངོས་གྲུབ་གཏེར་དུ་གྲགས། སྤྱིར་བསྐྱེད་རྫོགས་རྫོགས་ཆེན་གསུམ་དང་སྒོས་ལུང་ཨ་ནུ་ཡོ་ག་ལ་མཁས་ཤིང་གྲུབ་པའི་རྩེ་མོར་སོན། སྐུ་ཚེའི་སྟོད་ལ་ལྷོ་བྲག་གི་སྣ་ནམ་ཞང་མིག་ཡོན་པོ། ཤངས་ཀྱི་སྟོང་ཚབ་འཕགས་པ་རྒྱ་མཚོ། སྣ་ནམ་གྱི་འགར་སྟོན་ཚུལ་ཁྲིམས་བཟང་པོ། འུ་ཡུག་གི་དབྱར་གསལ་བའི་བྱང་ཆུབ་བཞི་ལ་ལུང་ཆེན་ཨ་ནུ་ཡོ་གའི་ཆོས་སྐོར་བསྩལ་བ་དང་། བར་དུ་ཞུ་སྟོན་བསོད་ནམས་ཤཱཀྱ་ལ་བཤད། ཐ་མར་ལྷ་རྗེ་ཟུར་པོ་ཆེ་ལ་བཤད་ཅེས་འབྱུང་། ཡང་གནུབས་ཆེན་གྱི་ཐུགས་ཟིན་གྱི་སྲས་དབང་བཞིའི་ཆུ་བོའི་བཀའ་བབ་སྲུ་སྟོན་ལེགས་པའི་སྒྲོན་མེས། ཉང་སྨད་རྒྱལ་ཆེན་གྱི་ཞུ་སྟོན་བསོད་ནམས་ཤཱཀྱ་ལ་དབང་བསྐུར་ཏེ་གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ་དུ་བཏགས། དེས་ཀྱང་ལྷ་རྗེ་ཟུར་པོ་ཆེ་ལ་བཤད་དོ། །

[༦] ལྷ་རྗེ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ནི།

མེས་ཟུར་ཨ་ཙ་རའི་སྲས་ཟུར་བཟང་ཤེས་རབ་འབྱུང་གནས་ལ་སྲས་བཞི་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་སྟེ། རྒྱལ་པོའི་བཀའ་ཆེམས་ཆུང་བ་ཞིག་ནས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ཟུར་ཚོ་བརྒྱུད་དུ་འབྱོན་པར་གསུངས་པ་དེ་ཡིན་ཞེས་གོང་མ་རྣམས་གསུངས་ཤིང་། དེ་དང་མཐུན་པར་རྡོ་རྗེ་གླིང་པའི་གཏེར་ལུང་ལས་ཀྱང་གསལ་བར་བསྟན། རྟེན་ཚངས་པར་སྤྱོད་པ་ཡིན། ཆུང་ངུ་ནས་མཚན་ཉིད་དང་སྔགས་ཀྲི་ཡོག་ལ་སྦྱངས་ཤིང་། གླེའུ་ཀླུ་མོ་དང་མེས་པོ་ལས་སྒྱུ་འཕྲུལ་གྱི་བཤད་པའང་གསན། དེས་ཀྱང་ཐུགས་ཐག་མ་ཆོད་པར་ནགས་ཚལ་སྒྲིལ་གསུམ་གྱི་སློབ་དཔོན་རྣམས་ལ་གཏུགས་པ་སྟེ། ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལས་སྒྱུ་འཕྲུལ་དང་སེམས་ཕྱོགས། ལྕེ་ལས་བདུད་རྩི། གཉན་ལས་ཐབས་ལམ། འདྲེ་ལས་ཀ་དག་ལྷུན་གྲུབ་ཀྱི་བཤད་ཐབས་ལམ་རིམ་ཆེན་མོ། རོག་ལས་ཡང་དག གཞན་ཡང་སྟོན་ཚབ་འཕགས་བྱང་སོགས་བླ་མ་བརྒྱད་ཅུ་ཙམ་བསྟེན་ནས་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད་ནས། རྩ་རྒྱུད་དང་བཤད་རྒྱུད་དུ་ཕྱེ། རྩ་བ་དང་འགྲེལ་པར་བསྡེབས། རྒྱུད་དང་སྒྲུབ་ཐབས་སུ་སྦྲེལ། སྒྲུབ་ཐབས་དང་ཆོག་ཡིག་ཏུ་བསྡེབས་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པར་སྤེལ། ཁྱད་པར་སྐུ་ཚེའི་སྟོད་ལ་བཀའ་སྟོད་ཡེ་ཤེས་སྙིང་པོ་ལས་མདོ་དགོངས་འདུས་སོགས་གསན་པས་དེ་ཕྱིན་བཀའ་སྡེ་ཟུར་པར་གྲགས། བར་དུ་སྒྲོལ་གྱི་སེ་ཐོག་གི་ཕུར་ཐོ་གར་ནམ་མཁའ་ལྡེ་ལས་འདུས་པ་མདོའི་དབང་བཀའ། བཤད་བཀའ། མན་ངག་གི་བཀའ་ཐམས་ཅད་རྫོགས་པར་གསན་པའི་ཡོན་དུ་རྟ་བཟང་པོས་སྣ་དྲངས་པའི་ནོར་སྣ་མང་པོ་ཕུལ། གསང་མཚན་རྡོ་རྗེ་བདུད་འདུལ་རྩལ་དུ་གྲགས། སྐུ་ཚེའི་སྨད་ལ་ཞུ་སྟོན་བསོད་ནམས་ཤཱཀྱ་ལས་ཀྱང་མདོའི་དབང་དང་གདམས་པ་གསན་ནས་འཁོར་གསུམ་ཡོངས་དག་གི་དངོས་པོས་མཆོད། གསང་མཚན་རྡོ་རྗེ་ཞི་བ་རྩལ་དུ་བཏགས། སྒྲུབ་པ་མཛད་པའི་ཐོག་མར་རྟ་ནག་གི་འུག་ཚང་ཡོད་པའི་བྲག་ཕུག་ཁ་ཤར་བལྟ་ཞིག་ཏུ་ཡང་དག་བསྒྲུབས་པས་ལྷ་དགུའི་ཞལ་གཟིགས་ཤིང་མ་དག་པའི་སྣང་བ་འགོག་ནུས་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ། སྟོང་ཉིད་ཀྱི་ལྟ་བ་དང་རྫོགས་རིམ་གྱི་ཡེ་ཤེས་ལ་དབང་འབྱོར་བ་དང་ལྷའི་མིག་དང་རྫུ་འཕྲུལ་ཐོགས་མེད་གྲུབ་པས་འུག་པ་ལུང་པ་ཞེས་གནས་ལས་མཚན་དུ་གྲགས། ཤངས་མདའ་སྲམ་པར་བཞུགས་ཚེ་ལྷོ་ཁའི་རི་ནས་ཤར་ན་རྡོ་རྗེ་སེམས་དཔའ་གཙོ་འཁོར་ལྔའི་ཞལ་གཟིགས། ཕྱིས་དེར་ལྷ་ཁང་བཞེངས་པ་ལ་འུག་པ་ལུང་དུ་གྲགས། དེ་ཉིད་དུ་ཐུགས་དམ་གྱི་ལྷ་མང་པོས་ཞལ་གཟིགས། དཔལ་ཆེན་པོ་དང་རྟག་ཏུ་མི་དང་མིི་ལབ་པ་བཞིན་བྱུང་། བྱང་དུ་གཟིགས་པས་རྒྱ་བོའི་རི་ཐམས་ཅད་ཁྲག་འཐུང་ང་བརྒྱད་ཀྱི་དཀྱིལ་འཁོར་དུ་གཟིགས། སྲམ་པར་རྟེན་བཞེངས་སྐབས་སྐུ་ལུས་དཔལ་ཆེན་པོའི་སྐུར་བཞེངས་ནས་འཁོར་རྣམས་ལ་དངོས་སུ་བསྟན། བསད་གསོ་གྲུབ་པས་རབ་གནས་ཀྱི་ཉིན་གྲོང་པའི་ཕྱུགས་རྣམས་གཡར་ནས་ཤ་སྟོན་བྱས་རྗེས་སླར་གསོས་ཏེ་སོ་སོར་གཏད། སྲམ་མདའི་ཕ་བོང་ཁར་བྲོ་འཁྲབས་པས་ཞབས་རྗེས་བཞག་པ་ལ་ཟུར་ཆུང་པས་བྱིན་རླབས་ཞུས་པའི་དབུའི་རྗེས་ཀྱང་ད་ལྟ་ཡོད་པར་གྲགས། དེ་ལྟར་བཤད་སྒྲུབ་ཀྱི་འགྲོ་དོན་མཐའ་རུ་ཕྱིན་པའི་མཐར་གདན་ས་ཟུར་ཆུང་པ་ལ་གཏད་དེ་དགུང་ལོ་རེ་གཅིག་པའི་ཐོག་འུག་པ་ལུང་དུ་སྐུ་གཤེགས་སོ། །

[༧] ཟུར་ཆུང་ཤེས་རབ་གྲགས་པ་ནི།

ཡབ་ཟུར་ཨ་ཙ་རའི་སྲས་ཟུར་སྒོམ་བྱ་བ་དང་། ཡུམ་ཤེས་རབ་སྐྱིད་ཀྱི་སྲས་སུ་ཤིང་ཕོ་སྟག་གི་ལོ་ལ་རྒྱ་འབར་གདོང་བྱ་བར་སྐུ་འཁྲུངས། དགུང་ལོ་བདུན་ནས་འབྲི་ཀློག་དང་ཞི་ཁྲོའི་ཆོག་ཕྲིན་སོགས་རྩོལ་མེད་དུ་མཁྱེན། ཡབ་ཀྱི་རྗེས་སུ་འབྲངས་ནས་འུག་པ་ལུང་དུ་ཐེགས་པས། ལྷ་རྗེ་ཟུར་པོ་ཆེས། ཁྱོད་ཀྱི་རུས་གང་ཡིན། མིང་ལ་ཅི་ཟེར་གསུངས་པ་ལ། རུས་ཟུར་ཆུང་ཆུང་ཞིག་ལགས། མིང་ཤེས་རབ་གྲགས་པ་བྱ་བ་ལགས་ཞུས་པས། འོ་ན་ཟུར་ཆུང་ཤེས་རབ་གྲགས་པ་ཟེར་བར་གྱིས་གསུང་། དེར་ཡབ་ལ་བཙུན་ཆུང་འདི་ངའི་རྩར་ཞོག་གསུངས་པ་ལྟར་ལྷ་རྗེའི་དྲུང་དུ་བཞག་སྟེ་སློབ་གཉེར་བྱེད་དུ་བཅུག་པས། ཤེས་རབ་ཀྱི་རྩལ་ཆེ་ཞིང་སྒོ་གསུམ་གྱི་སྤྱོད་ལམ་བཟང་བས་བླ་མའི་ཐུགས་ཟིན་ཏེ། དབང་བཀའ། བཤད་བཀའ། གདམས་ངག་གི་བཀའ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་བསྩལ། ཁྱད་པར་འུག་པ་ལུང་གི་གཙུག་ལག་ཁང་དུ་མདོའི་དབང་ཆུ་བོ་བཞི་རྫོགས་སུ་བསྐུར་ཅིང་། གསང་མཚན་རྡོ་རྗེ་ལྷུན་གྲུབ་རྩལ་དུ་བཏགས། དེ་དུས་ཡུལ་སྣང་ཐམས་ཅད་འདུས་པ་ཆེན་པོའི་དཀྱིལ་འཁོར་དུ་གསལ་བ་ལས་བླ་མ་ཉིད་གཙོ་བོ་དང་དབྱེར་མེད་དུ་གཟིགས། གཞུང་ལུགས་ཐམས་ཅད་ཐུགས་སུ་ཆུད་དེ་མཁྱེན་པ་རྒྱས་ཤིང་ཉམས་རྟོགས་ཀྱི་ཀློང་བརྡོལ། མི་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་ཞབས་ལ་བཏུད་དེ་ལུང་སྟོངས་ཀྱི་བྱེ་མའི་གསེབ་ཏུ་ཞལ་སྐྱེམས་དང་རི་རྩེར་ཞལ་ཟས་འདྲེན་པ་སོགས་ཐུགས་བཞེད་འབད་མེད་དུ་གྲུབ་པ་བྱུང་བས། ད་ནི་ངས་འགྲོ་དོན་བྱས་ཀྱང་འགྲུབ་པར་འདུག་སྙམ་ཙ་ན། བླ་མའི་ཞལ་ནས། ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས་པ་ལྟར་ཟུར་ཆོས་བསྐྱངས་ཏེ་མདོ་དགོངས་འདུས་བཤད་པས་དུས་གཅིག་ལ་དཔེ་འགྲེམས་སུམ་བརྒྱ་བྱུང་། གྲུབ་པའི་མངོན་རྟགས་བསམ་གྱིས་མི་ཁྱབ་པས་ཟུར་པོ་ཆེའི་ཞལ་ནས། རྩེ་མོ་གཞན་གསུམ་ལ་ཁྱེད་རྣམས་མཆེད་གྲོགས་མཉམ་པ་ཡིན་ཡང་། ཟུར་ཆུང་པའི་གྲིབ་མ་ལ་མ་འགོང་ཞེས་བསྔགས་པར་མཛད་པ་དང་། ལན་གཅིག་ཟུར་ཆུང་པ་འུག་པ་ལུང་གི་རྟེན་གཙོའི་ཐུགས་ཀར་ཐིམ་སོང་བའི་མོད་ལ་རྒྱ་ཕུབས་ཀྱི་སྟེང་ན་ལིང་ངེ་གཤེགས་པ་དང་། སྲམ་པའི་རབ་གནས་ཀྱི་ཚེ་གྲོང་པའི་ཕྱུགས་གཡར་ནས། ཟུར་པོ་ཆེས་ཟུར་ཆུང་ལ་ཁྱོད་ཀྱིས་སྒྲོལ་ལམ་གསོ་གསུངས་པ་ལ། ཟུར་ཆུང་བས་གསོ་བར་ཞུས་པས། ཟུར་ཆེན་དགོངས་པ་ལ་བཞུགས་ཏེ་ཡུངས་ཀར་རེ་གཏོར་བས་ཕྱུགས་ཐམས་ཅད་སྤུངས་ཀྱིས་འགྱེལ། ཤ་སྟོན་བྱས་ཟིན་རྗེས་ད་གསོས་ཤིག་གསུངས་པ་ལ། ཀོ་བའི་སྟེང་དུ་རུས་པ་རྣམས་སྤུངས་ཏེ་སེ་གོལ་ལན་གསུམ་གཏོགས་པར་མཛད་པས་ཐམས་ཅད་ལངས་ཏེ་སྔར་ལས་ཉམས་བཟང་བར་གྱུར། དེ་ནས་གཡས་རུ་ཁང་ཁྲིའི་ལྷ་ཁང་དུ་འཆད་ཉན་སྐྱོང་བའི་དུས་སུ་གྲྭ་པ་རྣམས་གོ་མ་ཆོད་གསུམ་ལ་གཏད་ནས་སྐྱོང་དུ་བཅུག་སྟེ་བྲག་རྒྱ་བོར་སྒྲུབ་པ་ལ་གཤེགས། ཅིར་སྣང་ཐམས་ཅད་ལྷའི་རང་བཞིན་དུ་བཀྲ་ལམ་མེར་ཤར་བ་ལ། དེ་དག་ཀྱང་བཟང་རྟོག་གི་མཐུ་བརྟས་པ་ཡིན། ཡང་དག་པར་གཏད་སོ་མེད་སྙམ་དུ་དགོངས་ནས་རྩོལ་བྲལ་གྱི་ངང་ལ་བཞུགས་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་རྡུགས་མེད་པའི་རྫུ་འཕྲུལ་གྲུབ། ཡོངས་སུ་གྲགས་པའི་སློབ་མ་ནི། ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་མ་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་པ་མང་དུ་བྱུང་བ་ལས། ཀ་བ་བཞི་ནི། སེམས་ཕྱོགས་ཀྱི་ཀ་བ་གོང་བུའི་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་བསྐྱེད་ལུང་གི་ཡང་ཁྱེད་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ཆུ་བར་གྱི་གླན་ཤཱཀ་བཟང་། ཕྲིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་མདའ་ཏིག་ཆོས་ཤག་གོ། ཡང་མ་ཐོག་བྱང་འབར་དང་བརྒྱུད་པ་ལྔ་ཞེས་ཀྱང་གྲགས་སོ། གདུང་མ་བརྒྱད་ནི། མ་ཐོག་པ་དང་། སྐྱོ་སྟོན་ཆོས་སེང་། གླན་ཤཱཀ་བྱང་། རྩགས་ཤཱཀ་རིངས། གནུབས་སྟོན་བག་མ། དབུས་པ་ས་འཐོར། ཤུ་སྟོན་ཟླ་གྲགས། རྩེ་ཁྲོམ་བྱང་དཔལ་དང་བརྒྱད་དོ། །ཡང་ལང་གཟི་ཆེན། ནལ་རྦ་སྙིང་པོ། རམ་སྟོན་རྒྱལ་མཚན་དང་གསུམ་བཅུག་པའང་སྣང་ངོ་། །སྒོམ་ཆེན་མི་གཉིས་ནི། རྦ་སྒོམ་དིག་མ་དང་། བོན་སྒོམ་ངོ་པའོ། །ཡུས་པོ་ཆེ་ནི་ལ་སྟོད་ཀྱི་ཟི་སྟོན་བསོད་རྒྱལ་ལོ། །སྟ་གུར་ནི་ཞང་སྟོན་སྔགས་སེ་དང་། ཁྱུང་པོ་རྟ་ཆུང་གྲགས་སེའོ། །གོ་མ་ཆོད་པ་གསུམ་ནི། མགོ་བྱ་ཚ། མིག་ཆུང་དབང་སེང་། འགོས་ཆུང་དབང་སོགས་སོ། །དེ་ལྟར་བཤད་སྒྲུབ་ཀྱི་མཛད་པ་རྒྱས་ནས་དྲུག་ཅུ་རེ་གཅིག་པ་ཤིང་སྟག་གི་ལོར་སྐུ་གཤེགས་སོ། །

[༨] མདོའི་ཀ་བ་བསྐྱེད་ལུང་གི་ཡང་ཁྱེད་བླ་མ་ནི།

ཐོག་མར་དགེ་བཤེས་ཁྱུང་པོ་གྲགས་སེའི་གྲྭ་པ་མཚན་ཉིད་ལ་ཤིན་ཏུ་མཁས་པ་ཡིན་པ་ལ། ནམ་ཞིག་ལྷ་རྗེ་ཟུར་ཆུང་པ་དང་ཁྱུང་པོ་གྲགས་སེ་གཉིས་ཡོན་བདག་ཞིག་གིས་ཉང་རོར་སྤྱན་དྲངས་ཏེ་ཆོས་འཁོར་སྟབས་གཅིག་ཏུ་བཙུགས་པའི་དུས་སུ། ཁྱུང་པོས་རང་གི་སློབ་མ་མཆོག་གྱུར་བཞི་ལ། ཟུར་ཆུང་ཤེས་རབ་གྲགས་པ་བྱ་བ་ཆོས་ལོག་མཁན་འདི་སུན་ཕྱུང་ལ་ཤོག་གསུངས་ནས་བཏང་། དེར་ཁོང་བཞི་པོ་ལྷ་རྗེའི་དྲུང་དུ་ཕྱིན་ནས་མདོ་སྔགས་ཀྱི་དཀའ་བའི་གནད་ལ་འདྲི་བ་མཛད་པས་ཐམས་ཅད་ལན་མེད་དུ་གྱུར་ཏེ། ཁོང་རྣམས་ན་རེ། ཐེག་པ་ཆེན་པོའི་ཆོས་ཕྱིན་ཅི་མ་ལོག་པར་རྟོགས་པ་རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་འདི་འདྲ་བའི་བཤེས་གཉེན་གང་ནས་ཀྱང་མི་རྙེད་པས། ཐབས་ཀྱིས་རང་གི་སློབ་དཔོན་དང་བྲལ་ནས་ཟུར་ཆུང་པའི་དྲུང་དུ་འདུད་པར་དམ་བཅས། ཕྱིར་ལོ་ལྷ་རྗེའི་ཞབས་དྲུང་དུ་ཐམས་ཅད་འདུས་ནས་སློབ་མར་གྱུར་པས་ཐུགས་སྲས་ཀ་བ་བཞིར་གྲགས། རྗེ་རྒྱ་བོ་པས་ཁོང་བཞི་སྐལ་ལྡན་དུ་གཟིགས་ནས་བསྐྱེད་རྫོགས་གསུམ་སྒྲུབ་སྡེ་དང་བཅས་པའི་དབང་རྒྱུད་མན་ངག་ཡོངས་སུ་ཚང་བ་བསྩལ་ཅིང་། ཁྱད་པར་གཡས་རུའི་མཁའ་འགྲོ་ལྷ་ཁང་དུ་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་བསྐུར་ནས། ཡང་ཁྱེད་ལ་ཐིག་ལེ་འགྱུར་མེད་རྩལ་ཞེས་གསང་མཚན་བཏགས། ཕྱིས་སུ་འདུས་པ་མདོ་ལ་ལྷག་པར་མཁས་པས་མདོའི་ཀ་ཆེན་དུ་གྲགས་པའི་སྙན་པ་རྒྱས། ཐུགས་དམ་ཚད་དུ་འཁྱོལ་བས་དཀྱིལ་འཁོར་གསུམ་དབྱེར་མེད་དུ་རྟོགས་པའི་དགོངས་པ་ཤར། རྡོ་རྗེ་མི་བསྐྱོད་པས་ཞལ་གཟིགས། འདི་ཉིད་སྔར་གྲྭ་པའི་དུས་ཤིན་ཏུ་བཀྲེན་པ་ཞིག་ཡིན་པ་ལ། ལན་གཅིག་ཟུར་ཆུང་པས་ཁོང་གི་བྲང་ཁང་དུ་བསེའི་གའུ་ཕུལ་དགུ་ཙམ་ཤོང་པ་ཞིག་བསྣམས་ནས་བྱོན་ཏེ། ང་ཁ་སྐོམས་པས་ཁྱོད་ལ་སྐོམ་མེད་དམ་གསུངས། ཟན་ཆང་ཞིག་བདོག་ཞུས་པས། འོ་ན་ཁྱེར་ཤོག་གསུང་། བོན་པོའི་ཡས་སྟགས་བརྔོས་པའི་ཟན་ཆང་ཡོད་པ་དྲངས་པས་གའུ་དོ་གསོལ་ནས། ད་མེད་དམ་གསུངས། ཡང་དྲངས་པས་གང་གསོལ་ནས། ཡོད་ན་ད་དུང་ཁྱོག་གསུངས། ཡང་གང་དྲངས་པ་ན་ད་མེད་དམ་གསུངས། ད་དུང་བྲེ་གང་ཙམ་བདོག་ཞུས་པས། འོ་ན་མི་ཡོད་པར་འདུག་ཡོད་ན་ཁྱོད་ལ་བསོད་ནམས་བོད་འདིར་མི་ཤོང་བ་ཞིག་འོང་བ་ཡིན་ཏེ། འོན་ཀྱང་བསོད་ནམས་ཆེ་བ་ཞིག་འོང་གི་གསུངས་ནས། ནས་ཁལ་གསུམ་གནང་ནས་དེ་བར་འདི་ཟོ། དེ་ནས་ཁྱེད་ལ་རང་སྟེར་འོང་གི་གསུངས། ཕྱིས་སུ་ནས་དེ་ཟད་པ་དང་སྐུ་བསོད་རྒྱས་པར་གྲགས་སོ། །

[༩] གསང་བདག་སྒྲོ་ཕུག་པ་ཆེན་པོ་ནི།

ལྷ་རྗེ་ཟུར་ཆུང་པའི་ཕྱི་ཚར་གྱི་སྐུའི་སྲས་ཏེ། ཡུམ་མདའ་མོ་གཙུག་ཏོར་དབང་ཕྱུག་བྱ་བ་ཇོ་མོར་བསུས་པ་ཞིག་མིན་ཡང་། རིགས་སྲས་གསང་བདག་ཉིད་སྐྱེད་པར་ནུས་པའི་བུད་མེད་མཚན་ལྡན་དུ་དགོངས་ཏེ། རྟེན་འབྲེལ་བསྒྲིགས་ནས་སྲས་བསྐྱེད་པའི་ཆོ་གས་ཚོགས་འཁོར་མཛད་པས་ལྷུམས་སུ་ཞུགས་ཏེ་ཤིང་ཕོ་སྟག་གི་ལོ་ལ་འཁྲུངས། ཡབ་ཀྱི་ཞལ་ནས། སྐྱོ་སྟོན་གྱི་རྨི་ལམ་ཡང་བཟང་། ངའི་བུ་འདི་བསྟན་པའི་གཙོ་བོ་དང་ཚུལ་མཐུན་པ་འགྲོ་བ་ལ་ཕན་ཐོགས་པ་ཞིག་འོང་བར་འདུག་པས་མིང་ཡང་ཤཱཀྱ་སེང་གེར་ཐོགས་གསུངས། ཡུམ་གྱི་ཞལ་ནས། ངའི་བུ་འདི་ཞང་པོ་མདའ་ཏིག་གི་ཚ་བརྒྱུད་ཡིན། མིག་རྩ་དྲུང་ཧོར་པའི་མིག་འདྲ་བས་མིང་མདའ་ཚ་ཧོར་པོར་ཐོགས་གསུངས། སྒྲོ་ཕུག་པ་འཁྲུངས་ནས་ཟླ་བ་བརྒྱད་སོང་བ་ན་ཡབ་སྐུ་གཤེགས་པས་ཡུམ་དང་ཞང་པོ་མདའ་ཏིག་གིས་བསྐྱངས་ཏེ་མདའ་ཕུར་ལོ་བཅོ་ལྔ་བཞུགས་ནས་སློབ་གཉེར་ལ་ནན་ཆགས་མཛད། དེ་ནས་ཆུ་བར་དུ་གླན་དང་བསྐྱེད་ལུང་དུ་ཡང་ཁྱེད་ཀྱི་སར་བྱོན་ནས་ལོ་གསུམ་གྱི་བར་དུ་ཆོས་གསན། དགུང་ལོ་བཅུ་དགུ་ལ་ཆེ་འདོན་མཛད་དེ་མདོ་སྒྱུ་གཉིས་བཤད་པས་སྐུ་བསོད་རྒྱས་པས་གཞན་དུ་འབྱོན་པའི་སྐབས་མ་བྱུང་ཡང་ཀ་བ་བཞི་སོགས་བླ་མ་རྣམས་ཚུར་གདན་དྲངས་ཏེ་གསན་པ་རྫོགས་པར་མཛད། ཁྱད་པར་འདུས་པ་མདོའི་དབང་མདའ་ཕུར་མདའ་ཏིག་ཆོས་ཤཱཀ་དང་། ཆུ་བར་ལི་ཐུང་དུ་གླན་ལས་ཀྱང་གསན་མོད། གཙོ་བོར་མདོའི་ཀ་བ་ཡང་ཁྱེད་བླ་མ་ལ་གཏུགས་ཏེ་འདུས་པ་མདོའི་དབང་གི་ཆུ་བོ་བཞི་རྒྱུད་དང་མན་ངག་གི་ལུགས་ཡོངས་སུ་རྫོགས་པ་དང་། མདོའི་བཤད་པ་འགྲེལ་ཆེན་ལུགས། གཞན་ཡང་མདོའི་རྒྱུད་སྐོར་གདམས་ངག་དང་བཅས་པ་གསན་ནས་ཞུན་ཐར་བཅད་པས་གསང་མཚན་དབང་ཕྱུག་རྫོགས་པ་རྩལ་དུ་བསྩལ། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ཆོད་རྗེས་ཉ་རི་སྒྲོ་ཕུག་ཏུ་ཕེབས་ནས་སྒྲུབ་པ་མཛད་པས་ཉམས་རྟོགས་མཐར་ཕྱིན། སངས་རྒྱས་ཀྱི་ཞིང་དང་ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། སྣང་བ་དབང་དུ་འདུས་པས་ཐམས་ཅད་ཟིལ་གྱིས་ནོན། གཞན་དོན་དུ་དབྱར་ཆོས་དགུན་ཆོས་སོགས་ཀྱི་དབྱེ་བ་མེད་པར་དུས་རྟག་ཏུ་ཆོས་འཁོར་བསྐོར་བས་ཕྱོགས་མེད་ཀྱི་སྐལ་ལྡན་ཁྲི་ཕྲག་འདུས་པ་བྱུང་། མདོར་ན་ལྷ་རྗེ་འདི་ལ་སློབ་མ་དགེ་བའི་བཤེས་གཉེན་གྲྭ་ས་འཛིན་ཞིང་བསྟན་པ་སྐྱོང་བའི་གདུགས་ཐོགས་སྟོང་ཐོན་ནས་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་རྣམས་ཀྱི་ནང་ནས་ཀྱང་གཅེན་རྩགས་ཚ་རྡོ་རྗེ་འབར་གྱི་སྲས་རྩགས་ཚ་ཤཱཀ་རྡོ་རྗེས་ཁུ་བོ་སྒྲོ་ཕུག་པ་ལ་མངའ་བའི་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་ཞིང་གདན་ས་བསྐྱངས་ནས་བཤད་སྒྲུབ་ཀྱི་སྲོལ་མི་ཉམས་པར་མཛད། གཞན་ཡང་ཐུགས་ཟིན་གྱི་སློབ་མ་བཞི་གསུམ་བཅུ་གཉིས་ལས། སྟོན་པ་བཞི་ནི། ཉེ་སྟོན་ཆོས་སེང་། གྱབས་སྟོན་རྡོ་རྗེ་མགོན། རྒྱ་སྟོན་འབྱུང་གནས། ཞང་སྟོན་རིན་ནེའམ། ཕྱི་མ་གཉིས་ཕྲིས་ནས་ཁ་རག་སྟོན་སྙིང་དང་། གཉན་སྟོན་བཅུག་པའང་སྣང་ལ། ཡང་གཞན་སྔ་མ་དང་འདྲ་བ་ལས་ཞང་སྟོན་གྱི་ཚབ་ཏུ་འཁོན་སྟོན་གྲགས་པ་བགྲངས་པའང་ཡོད་དོ། །མེ་བཞི་ནི། གཡུ་སྟོན་ཧོར་པོ། སྤོང་སྟོན་ལྕགས་ཀྱུ། གཙང་པ་བྱིས་སྟོན། དབུས་པ་ཆོས་སེང་ངམ། ཕྱི་མ་གཉིས་ཕྲིས་ནས་བྱ་སྟོན་རྡོ་རྗེ་གྲགས་དང་། ཤངས་པ་རྩེ་སེར་བ་བསྣན་པའང་ཡོད་དོ། །ནག་པོ་བཞི་ནི། ལྕེ་སྟོན་རྒྱ་ནག་པ་སྟེ་མཚན་དངོས་དམ་པ་ཤཱཀ་རྒྱལ། ཟུར་ནག་འཁོར་ལོ། ཉང་ནག་ཇོ་མདོ། འདར་ནག་གཙུག་ཏོར་དབང་ཕྱུག་གམ། ཁ་ཅིག་ལྕེ་དཔལ་སེང་ཞེས་ཟེར་རོ། །ཡང་ཟུར་ཚོ་སྟོད་ལུགས་པ་རྣམས་ནི། བཅུ་གཉིས་པོའི་སྟེང་དུ་བླ་མ་བཞི་བསྣན་ནས་བཅུ་དྲུག་ཏུ་འདོད་དེ། ཤངས་ཀྱི་གླན་བླ་མ། རྟ་ནག་གི་སྒེར་བླ་མ། བྲམ་གྱི་རྩགས་བླ་མ། འོམ་ཁའི་དཔང་བླ་མ་རྣམས་བྱོན་ནས་བརྒྱུད་པ་ཕྱོགས་བརྒྱར་འཕེལ། དགུང་ལོ་རེ་གཅིག་པ་ཤིང་སྟག་ལ་གཙང་པོའི་ཕ་རོལ་གཡང་ཆོས་དགོན་པར་བྱོན་མ་ཐག་གཟིམས་ཁང་དུ་ཞབས་ལྷྭམ་ཡ་གཅིག་ཕུད་པའི་བརྡ་མཛད་དེ་བསྙུང་བ་མེད་པར་སྐུ་འདའ་ཚུལ་བསྟན་ཏོ། །

[༡༠] ལྷ་རྗེ་འགར་སྟོན་པ་ནི།

འདི་ནི་མདོ་སྒྱུ་སེམས་གསུམ་སྤྱི་དང་ཡང་ཕུར་མ་མོ་རྣམས་ལ་ཁྱད་པར་དུ་མཁས། འདུས་པ་མདོའི་དབང་ཆོས་ཐོག་མར་ཆུ་བར་གྱི་གླན་ཤཱཀ་བཟང་དང་། ཉ་ཚལ་བ་གླན་ཤཱཀ་བྱང་ལས་ཀྱང་གསན་མོད། ཕྱིས་རྗེ་སྒྲོ་ཕུག་པ་ཆེན་པོའི་ཞབས་ལ་གཏུགས་ཏེ་ཆུ་བོ་བཞི་རྫོགས་ཀྱི་དབང་དང་། འདུས་པ་མདོའི་བཤད་པ་གདམས་ངག་དང་བཅས་པ་ཡོངས་སུ་ཚང་བ་གསན། གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས། ཤངས་མདའ་འོག་གདོང་གི་དབེན་གནས་སུ་སྒྲུབ་པ་ལ་བཞུགས་པས་ཞུ་བདེའི་ཡེ་ཤེས་འབར་ནས་རྟག་ཏུ་ཟག་མེད་ཀྱི་བདེ་བའི་ཉམས་དང་མི་འབྲལ། ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་དབང་བསྐུར་ཅིང་བྱིན་གྱིས་བརླབས། སྐབས་ཤིག་ང་འུག་པ་ལུང་དུ་བླ་མ་ཟུར་པའི་སྤྱན་སྔར་འགྲོ་དགོས་གསུངས་ནས་ཕེབས་ཙ་ན། ས་གཡོས་ཤིང་སྒྲ་ཆེན་པོ་གྲགས། བལྟས་པས་ལྷ་རྗེ་འགར་རྩད་པོ་སྤུར་ཁའི་རིའི་ནམ་མཁའ་ལ་སྐོར་བ་མཛད་ཀྱིན་འདུག་པ་ཀུན་གྱིས་མཐོང་། གཞན་ཡང་བྲག་ལ་ཕུར་བུ་བཏབ་པ་སོགས་རྫུ་འཕྲུལ་ལ་མངའ་བརྙེས་ཤིང་ཟུར་པའི་ཕྲིན་ལས་ཀྱི་རྒྱུན་བསྐྱངས་པས་སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་དོ། །

[༡༡] སྲེགས་སྟོན་རྡོ་རྗེ་རྒྱལ་མཚན་ནི།

འོག་གདོང་དུ་ལྷ་རྗེ་འགར་སྟོན་པ་ལས་འདུས་པ་མདོའི་དབང་བསྐུར་གསན་ཞིང་གསང་མཚན་རྡོ་རྗེ་འཇིགས་མེད་རྩལ་དུ་བཏགས། རྒྱུད་གདམས་ངག་དང་བཅས་པར་བྱང་ཆུབ་པར་མཛད་ཅིང་མཁྱེན་རྟོགས་གཉིས་ཀའི་ཕྱོགས་ནས་བླ་མའི་ཐུགས་ཟིན་པས་དབང་གི་ཆུ་བོ་བཞི་ཆར་གྱི་བཀའ་བབ། རྒྱུད་ལུང་མན་ངག་གསུམ་ལ་ཐུགས་སྦྱངས་པས་ཡོན་ཏན་ཆེན་པོ་དུ་མ་མངའ། ཁྱད་པར་དཀྱིལ་འཁོར་གྱི་བདག་པོ་མཛད་ནས་ཕྱག་བཞེས་ཐམས་ཅད་ཕུལ་དུ་གྱུར་པར་མཁྱེན། ཐོགས་པ་མེད་པའི་སྤྱན་དང་མངོན་ཤེས་མངའ་བ་སོགས་གྲུབ་པའི་མངོན་རྟགས་མཐའ་ཡས་པར་དབང་བསྒྱུར། མཆིམས་ཀྱི་འཆད་འགོ་དགོན་པར་བཞུགས་ནས་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་སོ། །

[༡༢] གླན་སྟོན་ཆེན་པོ་རྡོ་རྗེ་འོད་ནི།

དམ་པ་འདི་ནི་ཤངས་ཉ་ཚལ་དུ་གླན་གྱི་རིགས་སུ་སྐུ་འཁྲུངས། གཙང་ནག་པ་སོགས་མཁས་པ་མང་པོའི་དྲུང་དུ་མཚན་ཉིད་ཀྱི་གཞུང་ལུགས་རྣམས་དང་ཐུན་མོང་གི་རིག་གནས་ལ་མཁས་པར་སྦྱངས། རྩགས་ཚ་ཤཱཀ་འབྱུང་། ཁ་རག་སྟོན་སྙིང་། གཉོས་ཆུ་བོ་རི་པ་དར་མ་རྡོ་རྗེ། ཤངས་པ་ནག་པོ་སོགས་བླ་མ་མང་པོ་བསྟེན་ནས་གསང་སྔགས་ཕྱི་ནང་གི་དབང་གདམས་ངག་བཤད་བཀའ་མཐའ་ཡས་པ་གསན་པས་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བདག་པོར་གྱུར། ཁྱད་པར་འཆུམས་ཀྱི་འཆད་འགོ་དགོན་པར་སྲེགས་སྟོན་རྡོ་རྗེ་རྒྱལ་མཚན་ལས་འདུས་པ་མདོའི་དབང་ཡོངས་སུ་རྫོགས་པ་གསན་ཞིང་། ཡོན་དུ་གཡུ་མོ་ཆེས་སྣ་དྲངས་པའི་ཟང་ཟིང་གི་དངོས་པོས་མཆོད་པས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས། བླ་མ་དེ་ཉིད་དང་། གཞན་ཡང་སྟོན་སྙིང་། ལྡན་མ། རྩགས་ཚ། སུམ་པ། སྐྱ་རྣམས་ལས་མདོའི་བཤད་པ་མན་ངག་དང་བཅས་པ་གསན། ཤར་རི་རྒྱ་གར་གླིང་ཆུང་དུ་སྒྲུབ་པ་མཛད་པས་གནས་ལུགས་ཀྱི་ལྟ་བ་རྟོགས། ཞུ་བདེའི་ཡེ་ཤེས་འབར། སྣང་འབྱེད་ཀྱི་ཏིང་འཛིན་ཐོབ། ཕྱག་ན་རྡོ་རྗེས་ཞལ་མངོན་དུ་བསྟན་ནས་དབང་བསྐུར་ཅིང་ལུང་བསྟན། ཆོས་ཀྱི་མིག་རྡུལ་བྲལ་བརྙེས་པས་གཞན་གྱི་རྒྱུད་ཚོད་མཁྱེན། ལུང་རིགས་སྨྲ་བ་ལ་འགྲན་གྱི་དོ་མེད་དུ་གྱུར་པས་དཔལ་གསང་ཕུ་ནེའུ་ཐོག་གི་གདན་སར་སྤྱན་དྲངས་ཀྱང་སྔགས་ཀྱི་བཤད་སྒྲུབ་དོན་ཆེ་བར་གཟིགས་ནས་མ་བྱོན། རང་གི་སྐུའི་སྲས་སྤྲུལ་སྐུ་བརྩོན་འགྲུས་སེང་གེ་དང་། གླན་སྟོན་བསོད་ནམས་རྒྱལ་པོ་གཉིས་ལ་ཉ་ཚལ་དུ་ཆུ་བོ་བཞིའི་དབང་བསྐུར་རྒྱུད་བཤད་གདམས་ངག་དང་བཅས་པ་གནང་བ་སོགས་ཆོས་གྲྭ་ཁོར་མོར་བསྐྱངས་ཏེ་བསྟན་པ་རྒྱས་པར་མཛད། ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ནས་ཤམྦྷ་ལར་གཤེགས་སོ། །

[༡༣] གླན་བརྩོན་འགྲུས་སེང་གེ་ནི།

གླན་སྟོན་རྡོ་རྗེ་འོད་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་རྟེན་རབ་ཏུ་བྱུང་བ་ཡིན། གཟང་ཐང་སྐྱར་ཞིག་པོ་བདུད་རྩིར་གདན་ས་མཛད་ཅིང་ཞིག་པོའི་ཕྱི་རྟེན་དུ་ཐང་སྐྱ་འབུམ་མོ་ཆེ་བཞེངས་པ་སོགས་ཕྲིན་ལས་རྒྱ་ཆེ། གླན་བསོད་རྒྱལ་གྱི་གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ་ཞེས་གསོལ། རང་གི་ཡབ་གླན་སྟོན་རྡོ་རྗེ་འོད་འབར་ལས་ཉ་ཚལ་དུ་འདུས་མདོ་ཆུ་བོ་བཞིའི་དབང་བསྐུར་རྒྱུད་བཤད་གདམས་ངག་དང་བཅས་གསན་སྐབས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས། མདོ་སྔགས་ཀྱི་ཆོས་ཐམས་ཅད་ལ་གསན་སྦྱངས་མཐར་ཕྱིན་མཛད་པས་མཁས་པའི་གནས་ཐོབ། སྐུ་ཚེ་སྔ་མར་ཤེས་རྒྱུད་འབྱོངས་པ་ཉིད་འདིར་ཡང་སྒྲུབ་པ་ལ་བརྩོན་པས་རིགས་སད་དེ་ཡི་དམ་གྱི་ལྷས་དངོས་སུ་དབང་བསྐུར། དབང་གི་ཆུ་བོ་རྫོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་བསྟན་ཅིང་གནས་ལུགས་ཇི་བཞིན་པ་ཐུགས་སུ་ཆུད། བཤད་སྒྲུབ་གང་ལའང་བར་ཆད་ཀྱིས་མི་ཚུགས་ཤིང་གདུལ་བྱ་ཐམས་ཅད་སྨིན་གྲོལ་ལ་བཀོད། སྔར་ཡབ་ལས་གཏད་རྒྱ་གསན་མ་ཐུབ་པས་ཕྱིས་ཡབ་ཀྱི་སློབ་མ་རིག་འཛིན་ཆོས་ཀྱི་སྡོང་པོ་དཀོན་མཆོག་རིན་ཆེན་ལས་གསན་ཞིང་དད་གུས་ཆེན་པོས་བཀུར་བར་མཛད་དོ། །

[༡༤] ལྷ་རྗེ་ལྷ་འབུམ་པ་ནི།

གཙོ་བོ་གླན་སྟོན་ཆེན་པོ་རྡོ་རྗེ་འོད་ཀྱི་ཐུགས་སྲས་མཆོག་གཉིས་ཀྱི་ཡ་གྱལ་བསོད་ནམས་རྒྱལ་པོ་ལས་ཆུ་བོ་བཞིའི་སྨིན་དབང་དང་། རྒྱུད་གདམས་ངག་དང་བཅས་པ་མ་ཚང་མེད་པ་གསན་པས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གནང་། གླན་སྟོན་ཆེན་པོའི་སྐུ་སྲས་བརྩོན་འགྲུས་སེང་གེ་ལས་ཀྱང་ཟབ་ཆོས་མཐའ་ཡས་པའི་རྒྱུན་བཞེས། མདོ་སྔགས་སྤྱི་དང་ཁྱད་པར་རྒྱུད་ལུང་མན་ངག་ཐམས་ཅད་ལ་མཁས་པས་འཆད་པའི་ཕྲིན་ལས་ཀྱིས་བློ་གསལ་མང་པོའི་མིག་ཕྱེས། ཉིན་གཅིག་ལའང་སྐུའི་བཀོད་པ་དུ་མ་བསྟན་ཏེ་ཤངས་གྱང་ཁང་དང་། ཉང་སྟོད་ལྕོག་སྤེ་ལ་སོགས་པའི་ལྷ་ཁང་བཅུ་གསུམ་གྱི་རབ་གནས་དུས་གཅིག་ལ་མཛད་པར་གྲགས། སྐུ་གཤེགས་པའི་དུས་སུ་ཡང་ཉ་ཚལ་དུ་ཆོས་འཆད་པ་དང་། གཙང་པོའི་ཆབ་ཁར་ཆུ་སྒྲོལ་བ། ཚོང་འདུས་སུ་ཉོ་ཚོང་མཛད་པ་གསུམ་དུས་གཅིག་ལ་བསྟན་པར་མཛད། མངོན་སྤྱོད་ལ་དུས་བཏབ་ཆོག་པས་དྲག་པོའི་ཕྲིན་ལས་ལ་མངའ་བརྙེས་སོ། །

[༡༥] གླན་ཆོས་ཀྱི་སེང་གེ་ནི།

མདོ་སྔགས་ཀྱི་ཟབ་ཆོས་སྤྱི་དང་ཁྱད་པར་ནང་རྒྱུད་སྡེ་གསུམ་ལ་མཁས་པར་སྦྱངས། བསྐྱེད་རྫོགས་ཀྱི་དོན་བསྒོམས་པས་རྟོགས་པ་གདེང་ཏུ་གྱུར་ཅིང་ཏིང་ངེ་འཛིན་ལ་དྲོད་ཐོབ། དུས་དེའི་དགེ་བཤེས་སུ་གྲགས་པ་ཀུན་ཀྱིས་བཏུད་ཅིང་བཀུར་བ་སོགས་ཕྲིན་ལས་མཐར་རྒྱས་བྱུང་། ལྷ་རྗེ་ལྷ་འབུམ་པ་ལས་འདུས་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་བསྐུར་གདམས་ངག་དང་བཅས་པ་གསན། ཉེ་བརྒྱུད་ལ་གླན་བསོད་རྒྱལ་ལས་ཀྱང་སྨིན་ཁྲིད་མཐའ་ཡས་པ་གསན་པར་གྲགས་སོ། །

[༡༦] གླན་སྟོན་སངས་རྒྱས་དཔལ་ནི།

ཤར་རི་རྒྱ་གར་གླིང་དུ་གླན་ཆོས་ཀྱི་སེང་གེས་དབང་བསྐུར་ཅིང་རྒྱུད་བཤད་མན་ངག་དང་བཅས་པ་བསྩལ། རབ་བཤད་སྒྲུབ། འབྲིང་ལུས་ངག་གི་སྤྱོད་ལམ། ཐ་མ་ཟང་ཟིང་གསུམ་ཀའི་སྒོ་ནས་ཐུགས་ཟིན། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་བཏགས། སྤྱིར་མདོ་སྔགས་ཐམས་ཅད་ལ་མཁྱེན་རབ་ཀྱི་རྩལ་ཐོན། དམ་པའི་མཛོད་གསུམ་འཛིན་ཞིང་དབང་གི་ཆུ་བོ་རྫོགས། བླ་མ་དམ་པའི་ཕྱག་བཞེས་ལ་རང་བྱན་ཆུད། ཁྱད་པར་མདོ་དབང་ཟུར་ལུགས་དང་། གླན་ལུགས། སེ་ལུགས། ཞང་ལུགས་ཐམས་ཅད་གསན་ཞིང་མཁྱེན། རྫ་ལུང་དཔལ་གྱི་དགོན་པ་ལ་སོགས་པར་བཤད་སྒྲུབ་ཀྱི་ཕྲིན་ལས་རླབས་པོ་ཆེས་བསྟན་པ་གསལ་བར་མཛད་དོ། །

[༡༧] གླན་སྟོན་བསོད་ནམས་མགོན་པོ་ནི།

དཔལ་ལྡན་ཆོས་སེང་དང་སངས་རྒྱས་དཔལ་གཉིས་ཀྱིས་ཆུ་བོ་བཞི་རྫོགས་ཀྱི་དབང་བསྐུར་ཅིང་བཤད་སྒྲུབ་ཕྱག་བཞེས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། གསང་མཚན་རྡོ་རྗེ་དྲག་པོ་རྩལ་ལམ་ཐིག་ལེ་དྲག་པོ་རྩལ་དུ་གྲགས། འདིའི་ཡབ་ལྷ་རྗེ་ལྷ་འབུམ་ཡིན་ཡང་མདོ་དབང་ཁུ་བོ་གཉིས་ལས་གསན་དགོས་པ་བྱུང་། ཡང་གླན་རྡོ་རྗེ་འོད་ནས་ཉེ་སྟོན་ལ་བརྒྱུད་དེ་ཞང་སྟོན་ཀུན་དགའ་འབུམ་ལས་ཀྱང་གསན་ཞེས་འབྱུང་ཞིང་། ཁ་ཅིག་འདི་གཏད་རྒྱའི་བརྒྱུད་པ་ཡིན་ཞེས་ཀྱང་གསུངས། དེ་ཡང་དང་པོར་བླ་མ་འཕགས་པའི་དྲུང་དུ་གཙུག་ཕུད་ཕུལ་ཞིང་དགེ་བསྙེན་གྱི་སྡོམ་པ་གསན། གྲུ་རྡོ་རྗེ་སེང་གེ་ལ་བརྟེན་ནས་ཀླུ་གདོན་གྱི་བར་ཆད་ལས་གྲོལ། ཤེས་བྱ་ཐམས་ཅད་ལ་སྦྱངས་པས་ཕྱོགས་མེད་དུ་མཁྱེན། ཁྱད་པར་བསྐྱེད་རྫོགས་རྫོགས་གསུམ་ལ་མཁས་པའི་གྲགས་པ་ཐོན། བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པས་རྟག་ཏུ་ཏིང་ངེ་འཛིན་གྱི་དགོངས་པ་ལས་གཞན་དུ་མི་གཡོ་ཞིང་། མཚན་མོའི་དུས་སུའང་སྐུ་བསྲངས་ཏེ་བསམ་གཏན་གྱི་འདུག་སྟངས་ཁོ་ནར་བཞུགས། རྨི་ལམ་འབྱོངས་པས་སྤྲུལ་སྒྱུར་ནུས། མདོ་མགོན་ལེགས་ལྡན་ཆེད་དུ་མ་བསྒྲུབས་ཀྱང་ཤིན་ཏུ་འགོ་བས་འགལ་བྱེད་རྣམས་ཚར་གཅོད་པའི་རྟགས་འཕྲལ་དུ་སྟོན། སློབ་དཔོན་ཆེན་པོ་པདྨའི་ལུང་བསྟན་བཞིན་བསམ་ཡས་པེ་ཧར་གླིང་ནས་ཟབ་ཆོས་ཤོག་དྲིལ་བཅོ་ལྔ་གཏེར་ནས་བཏོན་ཏེ་བླ་མ་སྨན་ལུང་དབུས་པ་ལ་གནང་། འདུས་པ་མདོའི་དབང་ལན་བཅུ་གཅིག་དང་། དགོངས་འདུས་ཀྱི་བཤད་པའང་མང་དུ་མཛད། གཞན་ཡང་སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུག ཡང་དག་སོགས་ཀྱི་དབང་དང་གདམས་ངག་བཤད་པ་ཕྱག་བཞེས་དང་བཅས་པས་གདུལ་བྱ་མཐའ་ཡས་པའི་དོན་མཛད་དོ། །

[༡༨] སྒྲོལ་ཆེན་འཇམ་དབྱངས་བསམ་འགྲུབ་རྡོ་རྗེ་ནི།

ཡབ་འབྲོ་བ་འབུམ་འཕེལ་གྱི་སྲས་སུ་ཤིང་ཕོ་རྟའི་ལོ་ལ་རྟ་ནག་གནས་གསར་དུ་སྐུ་འཁྲུངས། ཟུར་བྱམས་པ་སེང་གེ་ལ་གཙོ་བོར་བརྟེན་ཅིང་། ཟུར་བདེ་བྱེད་མགོན་པོ་དང་མདའ་ཤཱཀྱ་འཕེལ་ལས་ཀྱང་ཞར་ཆོས་དུ་མ་གསན། གསང་སྙིང་གི་རྒྱུད་དང་ལམ་རིམ་ཆེན་མོའི་བཤད་པ་གདམས་ངག་དང་བཅས་པ་ལ་མཁས་པའི་མཆོག་ཏུ་གྱུར། གཞན་ཡང་སེམས་སྡེ་སོགས་ཆོས་མཐའ་ཡས་པ་གསན་ཞིང་བྱང་ཆུབ་པར་མཛད། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་ལས་ཡོངས་རྫོགས་དགེ་བསྙེན། སློབ་དཔོན་ཀུན་དགའ་བཟང་པོ་ལས་ཕར་ཚད་སོགས་མཚན་ཉིད་ཀྱི་གཞུང་ལུགས་དང་། བདེ་དགྱེས་ཀྱི་སྐོར། བྱང་སེམས་རྒྱལ་ཡེ་ལས་སྦྱོར་དྲུག མཁས་བཙུན་བསོད་ནམས་བློ་གྲོས་ལས་སྙིང་ཐིག་རྣམ་གཉིས་དང་རྒྱུད་འབུམ་ལ་སོགས་པ། གཞན་ཡང་ཉང་སྟོན་རྡོ་རྗེ་སེང་གེ མཁས་བཙུན་དཀོན་མཆོག་དབང་པོ། སྐྱི་མཁར་ཀུན་གསལ་བ། བླ་མ་ཀུན་རྡོར་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་གསར་རྙིང་གི་ཆོས་དཔག་ཏུ་མེད་པ་གསན། ཁྱད་པར་ཤངས་ཉ་ཚལ་ལྷུན་གྲུབ་སྡིངས་སུ་གླན་སྟོན་བསོད་ནམས་མགོན་པོ་ལས་འདུས་པ་མདོའི་དབང་གསན། དབང་གོས་སྔོན་པོ་དང་གན་གོས་ཀྱི་བེར་སོགས་ཀྱི་དབང་ཡོན་རྒྱས་པར་བསྟབས། གསང་མཚན་རྡོ་རྗེ་བདེ་ཆེན་རྩལ་ཞེས་བཏགས། བླ་མ་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གཟིགས་ཤིང་ལྷ་ཚོགས་རྣམས་རང་གི་ཐུགས་ཀར་ཐིམས་པའི་གསལ་སྣང་དང་། བྱིན་ཕེབས་པས་བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་འཁྲུངས། བླ་མ་འདི་ལས་སྒྱུ་འཕྲུལ་ཞི་ཁྲོ་དང་དོང་སྤྲུག་ཡང་དག་ལ་སོགས་པའི་དབང་དང་། མདོ་དགོངས་འདུས་ཀྱི་བཤད་པ་རྒྱས་པ་སོགས་རྒྱུད་ལུང་མན་ངག་གི་སྐོར་མང་དུ་གསན། གཏད་རྒྱ་གསན་པ་མ་གྲུབ་པས་ཕྱིས་གླན་གྱི་ཕྱི་ཚར་གྱི་སློབ་མ་ཤངས་གྱང་ཁང་པ་གཟི་སྟོན་ཤཱཀྱ་བཟང་པོ་ལས་གཏད་རྒྱ་དང་མདོ་ཡོངས་རྫོགས་ཀྱི་ཕྱག་བཞེས་གསན། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས་བྱེ་མ་སེང་གེར་སྙིང་ཐིག་ལ་ཐུགས་དམ་མཛད་པས་ཐིག་ལེ་ཆེན་པོའི་སྐུར་གྱུར་ནས་བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་མང་པོར་བྱོན་པ་དང་། ཡིག་བརྒྱའི་སྒྲུབ་པ་ལ་བཞུགས་པའི་ཐོ་རེངས་ཀྱི་དུས་ཤིག་སྒྲུབ་ཁང་འོད་ཀྱི་དྲྭ་བས་ཁྱབ་པའི་དབུས་སུ་དམ་པ་རིགས་བརྒྱ་པདྨ་བརྒྱ་ལྡན་གྱི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཞལ་གཟིགས་པ་དང་། གཙུག་ཏོར་འཁོར་ལོ་སྒྱུར་བ་ལ་ཐུགས་དམ་མཛད་དུས་སྣང་སྲིད་འཁོར་ལོ་རྩིབས་བཅུར་གྱུར་པའི་ལྟེ་བར་རང་ཉིད་གཙུག་ཏོར་འཁོར་ལོ་སྒྱུར་བར་དངོས་སུ་སྣང་ཞིང་རྩིབས་ཀྱི་ཁྲོ་བོ་རྣམས་ཀྱང་ཤིན་ཏུ་གསལ་བ་དང་། གཞན་ཡང་འཇམ་དབྱངས་སྨྲ་སེང་། ཚེ་དཔག་མེད་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས། དགུང་ལོ་ཉི་ཤུ་རྩ་བཞི་ནས་བཟུང་རྒྱུད་ཀྱི་བཤད་པ་མ་ཆག་པ་མཛད་པ་སོགས་བཤད་སྒྲུབ་ཀྱིས་བསྟན་པ་རྒྱས་པར་མཛད་དེ་བརྒྱད་ཅུ་གྱ་གཉིས་བཞེས་པ་ཤིང་ཡོས་དབོ་ཟླའི་ཉེར་བདུན་གྱི་ཉིན་རང་གི་སྲས་ལ། ང་བདེ་བ་ཅན་དུ་འགྲོ། ཉིད་ཀྱང་བརྒྱད་ཅུ་རྩ་གཉིས་ལ་ཐུག་བར་འདུག་སྟེ་དེ་ནས་བདེ་བ་ཅན་དུ་ཤོག་གསུངས་ནས་སྐུ་གཤེགས། དེ་ལ་སློབ་མ་ཟུར་སེང་གེ་དཔལ་དང་། ཟུར་ཤཱཀ་འབྱུང་ཁུ་དབོན། ཐག་པ་ཤཱཀྱ་རྒྱལ་མཚན་དང་ཤཱཀྱ་རྡོ་རྗེ་སོགས་བསླབ་རྫོགས་ཀྱི་སློབ་མ་ཤིན་ཏུ་མང་ཡང་། མདོ་དབང་ནི་རང་གི་སྲས་སངས་རྒྱས་རིན་ཆེན་དང་། ཟུར་ཧམ་ལྕམ་སྲིང་གཉིས་ནས་གྱེས་པའི་རྒྱུད་ལུགས་གསུམ་བྱུང་བ་ལས་གཙོ་བོ་གྲགས་ཆེ་བ་རང་གི་སྲས་ལས་བརྒྱུད་དེ་ཕྱོགས་བརྒྱར་འཕེལ་ལོ། །

[༡༩] སྲས་སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ནི།

འཇམ་དབྱངས་བསམ་གྲུབ་རྡོ་རྗེའི་སྲས་སུ་ལྕགས་སྟག་གི་ལོ་ལ་རྟ་ནག་གནས་གསར་དུ་སྐུ་འཁྲུངས། དགུང་ལོ་དྲུག་པ་ལ་གསང་སྙིང་གི་རྒྱུད་ཐུགས་སུ་ཆུད། བརྒྱད་པ་ལ་གསང་སྙིང་རྒྱ་འགྲེལ་སྤར་ཁབ་དང་བཅས་པ་མཁས་པར་མཁྱེན། མདོར་ན་མདོ་སྒྱུ་སེམས་གསུམ་ཡང་ཕུར་མ་གཤིན་བདུད་རྩི་སོགས་ཡབ་ལ་བཞུགས་པའི་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་ཞིང་། ཁྱད་པར་མདོའི་ཆུ་བོ་བཞིའི་དབང་གཏད་རྒྱུད་བཤད་གདམས་ངག་ཕྱག་བཞེས་དང་བཅས་པ་རྫོགས་པར་གསན། གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ་དུ་བཏགས། བཅོ་བརྒྱད་པ་ལ་རྒྱལ་སྲས་ཐོགས་མེད་པ་ལས་ཡོངས་རྫོགས་དགེ་བསྙེན་དང་བློ་སྦྱོང་། གཞན་ཡང་ཟུར་ཧམ་ལྕམ་སྲིང་། ཀུན་དགའ་ལེགས་པ། གྲུབ་ཆེན་མགོན་པོ་དཔལ། བདག་ཆེན་ཀུན་དགའ་བཀྲ་ཤིས། རྗེ་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་ལས་གསར་རྙིང་གི་དབང་ལུང་བཤད་པ་གདམས་ཁྲིད་སོགས་གསན་ནས་ཐུགས་སུ་ཆུད་པར་མཛད། གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ་མཚན་ཉིད་ཀྱི་གྲྭར་གཤེགས་པར་བཞེད་པ་ལ། སྲས་གཞན་མེད་པས་ཡབ་ཀྱི་བཀའ་མ་ཁྲོལ་ཏེ། ཉི་ཤུ་རྩ་དྲུག་པ་ལ་མ་གཅིག་འཇམ་དཔལ་འབུམ་ཁབ་ཏུ་བསུས་པར་སྲས་ལྕམ་སྲིང་རྣམས་འཁྲུངས། ང་བདུན་པ་ལ་ཁྱིམ་སྤངས་ཏེ་ཆོས་འཁོར་སྒང་དུ་ལོ་ཆེན་སྐྱབས་མཆོག་པའི་དྲུང་དུ་ཆིག་རྫོགས་མཛད་ཅིང་། ལུང་དང་མདོ་རྩ་སོགས་ཞིབ་ཏུ་གསན་ནས་གནང་བཀག་གི་བསླབ་བྱ་ལ་མཁས་པར་གྱུར། སྒྲུབ་པ་མཛད་པའི་ཚུལ་ཀྱང་དགུང་ལོ་སོ་ལྔ་པའི་དུས་བདེ་ཆེན་སྒྲོལ་མར་སྐུ་མཚམས་ལ་བཞུགས་ནས་ལོ་གཅིག་སོང་བ་དང་ནམ་ལངས་ཀར་གཟིམས་ཁང་འོད་ཀྱི་དྲྭ་བས་ཁེངས་པའི་དབུས་སུ་ཚེ་དཔག་མེད་ཀྱི་ཞལ་མངོན་དུ་བསྟན་ནས་ཕྱི་མ་བདེ་བ་ཅན་དུ་འཁྲུངས་པར་ལུང་བསྟན། གཞན་ཡང་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་པ་དང་། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྲུབ་སྟེ་མཐུ་སྟོབས་ལ་ཐོགས་པ་མེད། མགོན་པོ་ལེགས་ལྡན་གྱིས་ལས་སྒྲུབ་པ་སོགས་ཡོན་ཏན་མཐའ་ཡས། གསང་སྙིང་དང་ལམ་རིམ་འགྲེལ་ཆེན་སོགས་བསྟན་བཅོས་རྩོམ་པ་དང་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱུན་མི་འཆད་པར་བསྐྱངས། མཁས་བཙུན་ཆོས་གྲགས་དཔལ་བཟང་། དགེ་བསྙེན་རྡོ་རྗེ་འཛིན་པ་ནམ་མཁའ་རྒྱལ་མཚན་སོགས་སྐུའི་སྲས་མཆེད་ལྔ་དང་། འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུ་དཔལ། ཐག་པ་ནམ་མཁའ་སངས་རྒྱས། སོ་སྟོན་ཧཱུྃ་ཀཱ་ར་སོགས་བསླབ་རྫོགས་ཀྱི་སློབ་མ་མཐའ་ཡས་པ་དང་། གཞན་ཡང་རྫོང་པ་ཀུན་དགའ་རྒྱལ་མཚན། སྣར་ཐང་པ་ཤེས་རབ་སེང་གེ པཎ་ཆེན་དགེ་འདུན་གྲུབ་སོགས་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་མང་པོ་ལས་ཕུར་པ་ཚེ་བདག་རྟ་མགྲིན་ལ་སོགས་པའི་དབང་ལུང་གི་རྒྱུན་བཞེས། གོང་མ་དབང་གྲགས་རྒྱལ་དང་། ཆུ་མིག་བདག་ཆེན། རིན་སྤུངས་པ། ཡར་རྒྱབ་པ། སྣེལ་པ། ཆུ་ཤུལ་སྟོང་དཔོན་སོགས་དབུས་གཙང་གི་སྡེ་དཔོན་ཐམས་ཅད་ཀྱིས་ཀྱང་ཞབས་ལ་བཏུད་དེ་དབང་དང་གདམས་ངག་མང་དུ་ཞུས། ལྕགས་ཕག་བརྒྱད་ཅུ་གྱ་གཉིས་བཞེས་པ་ན་བཀའ་ལས། ཕ་རྒོད་འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ཕེབས་བྱུང་། བུ་ང་ནི་བདེ་བ་ཅན་གྱི་ཞིང་དུ་འགྲོ་བའི་དུས་ལ་བབ་གསུངས་པས། ང་མི་རྒན་ཡང་བདེ་བ་ཅན་དུ་འགྲོ་བར་འདུག་གསུངས་ནས་སྐུ་གཤེགས་ཤིང་། དབུ་ཐོད་རིལ་པོ་ཧོར་དཀོན་མཆོག་རིན་ཆེན་གྱིས་འཕྱོང་རྒྱས་སྟག་རྩེར་སྤྱན་དྲངས་ཏེ་དངུལ་གྱི་མཆོད་རྟེན་བཞེངས་པར་བཞུགས་སུ་གསོལ་ལོ། །

[༢༠] ཞང་སྟོན་ནམ་མཁའ་རྡོ་རྗེ་ནི།

འདི་ནི་རྟ་ནག་སྒྲོལ་མ་པ་ཡབ་སྲས་གཉིས་ཀའི་བསླབ་རྫོགས་ཀྱི་སློབ་མ་མཁས་པ་ཞིག་སྟེ། འཇམ་དབྱངས་བསམ་གྲུབ་རྡོ་རྗེ་གཤེགས་པའི་མཆོད་འབུལ་ལ། བུ་ཆེན་གྱི་མཆོག་ཏུ་གྱུར་པའི་བླ་མ་རྣམས་ཀྱིས་དབུ་མཛད་པའི་ཆོག་གྲྭ་བཅུ་བཞི་ཙམ་བསྒྲུབས་པའི་བུ་ཆེན་འདྲེན་སྐབས་བླ་མ་ཟུར་ཆེན་པ་དང་། བླ་མ་གནམ་སྡིངས་པ་དང་ཞེས་རྣམ་ཐར་དུ་བགྲངས་པ་དེ་ཡིན། ཁྱད་པར་མདོ་དབང་གཏད་རྒྱ་བཤད་པ་གདམས་ངག་དང་བཅས་པ་སྲས་སངས་རྒྱས་རིན་ཆེན་ལས་གསན་པས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས། རྒྱུད་ལུང་མན་ངག་སྒྲུབ་སྡེ་དང་བཅས་པ་ཐམས་ཅད་ལ་མཁས། རྟ་ནག་གནམ་སྡིངས་ཀྱི་སྒྲུབ་ཁང་དུ་ཉམས་ལེན་ལ་གཙོ་བོར་བསྒྲིལ་བས་རླུང་སེམས་ལ་བརྟན་པ་ཐོབ། བསྐྱེད་རྫོགས་ཀྱི་དགོངས་པ་མངོན་དུ་གྱུར་ཅིང་ཕྲིན་ལས་བཞི་ལ་དབང་འབྱོར་བས་གདུལ་བྱའི་དོན་རྒྱ་ཆེན་མཛད་དོ། །

[༢༡] མཁས་གྲུབ་ཤ་མི་རྡོ་རྗེ་རྒྱལ་མཚན་ནི།

གནམ་སྡིངས་དཔལ་གྱི་སྒྲུབ་ཁང་དུ་ཞང་སྟོན་ནམ་མཁའ་རྡོ་རྗེས་དབང་བསྐུར་ཅིང་རྗེས་སུ་བཟུང་། མདོའི་རྒྱུད་ཀྱི་བཤད་པ་གདམས་ངག་དང་བཅས་པ་གནང་སྟེ་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས། དབེན་གནས་བདེ་ཆེན་དུ་སྒྲུབ་པ་ལ་བཞུགས་པས་བསྐྱེད་རིམ་ལ་བརྟན་པ་ཐོབ་སྟེ་ལས་བཞི་ཐོགས་མེད་དུ་འགྲུབ། རྫོགས་རིམ་གྱི་ཉམས་རྟོགས་མཐར་ཕྱིན་ཅིང་བཤད་སྒྲུབ་གཉིས་ཀའི་ཕྱོགས་ནས་བསྟན་པའི་དོན་མཐའ་ཡས་པ་མཛད་དོ། །

[༢༢] རིག་འཛིན་གཡུ་འབྲུག་རྡོ་རྗེ་ནི།

མཁས་གྲུབ་ཤ་མི་རྡོ་རྗེ་རྒྱལ་མཚན་གྱི་ཐུགས་སྲས་ཏེ་བདེ་ཆེན་གྱི་སྒྲུབ་གནས་སུ་འདུས་པ་མདོའི་དབང་གཏད་རྒྱ་དང་བཅས་པ་རྫོགས་པར་བསྐུར་ཅིང་། བཤད་པ་དང་གདམས་ངག་ཀྱང་བསྩལ་ནས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གནང་། འོན་དང་རྡོ་སོགས་དབུས་རིའི་དབེན་གནས་རྣམས་དང་གཙོ་བོ་གཡས་རུ་རྟ་ནག་གི་ལ་རྒུ་རྡོས་དགོན་དུ་ཉམས་ལེན་ལ་ཆིག་སྒྲིལ་གྱིས་བཞུགས་པས་སྒྲུབ་ཆེན་ལ་རྒུ་པ་ཞེས་ཀྱང་མཚན་དུ་གྲགས། ཉམས་རྟོགས་ཡོན་ཏན་མཐར་ཕྱིན་པ་བརྙེས། བྱིན་བརླབས་མཛད་པ་ཙམ་གྱིས་ནད་གདོན་ལས་གྲོལ་བ་སོགས་མཐུ་སྟོབས་ནུས་པའི་རྩལ་ཐོན། དགུང་ལོ་ཡང་ཤིན་ཏུ་སྨིན་པར་བཞུགས་ཏེ་དབེན་པར་ཉམས་ལེན་དང་སྦྲགས་ནས་ཐར་འདོད་ཀྱི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པར་མཛད་དོ། །

[༢༣] མཁས་གྲུབ་སོག་བཟློག་པ་བློ་གྲོས་རྒྱལ་མཚན་ནི།

གཉགས་ཆེན་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པར་གྲགས་ཤིང་གཙང་གཡས་རུའི་ཐག་གདོང་ཁར་དུ་ལྡོངས་ཀྱི་རིགས་སུ་སྐུ་འཁྲུངས། ཆུང་ངུ་ནས་ཐ་སྙད་ཀྱི་རིག་པ་རྣམས་ཚེགས་མེད་པར་མཁྱེན་ཅིང་གསོ་བ་རིག་པ་ལ་ཁྱད་པར་དུ་མཁས། གཞོན་ནུའི་དུས་སྡེ་པ་གདོང་ཁར་བའི་ཞབས་ཕྱིར་བཞུགས་པས་མཚན་གདོང་ཁར་འཚོ་བྱེད་དུ་གྲགས། དར་ལ་བབ་པ་ན་རིགས་སད་དེར་རབ་ཏུ་བྱུང་ནས་བླ་ཆེན་རྡོ་རྗེ་འཆང་གྲགས་པ་རིན་ཆེན། ཡོངས་འཛིན་ངག་དབང་གྲགས་པ། པད་གླིང་ཐུགས་སྲས་ཟླ་བ་རྒྱལ་མཚན། གཏེར་སྟོན་ཞིག་པོ་གླིང་པ། སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པ་རྡོ་རྗེ་སེང་གེ་སོགས་མཁས་གྲུབ་ཀྱི་བླ་མ་དུ་མའི་ཞབས་ལ་གཏུགས་ཏེ་ཆོས་ཀྱི་སྒོ་མཐའ་ཡས་པ་གསན་ཞིང་། ཁྱད་པར་ཤ་མི་རྡོ་རྗེ་རྒྱལ་མཚན་ལས་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གཏད་རྒྱ་བཤད་པ་གདམས་ངག་ཕྱག་བཞེས་དང་བཅས་པ་གསན། གསང་མཚན་དྲི་མེད་ཟླ་ཤར་རྩལ་དུ་བཏགས། ཐོས་པའི་ཆོས་ཐམས་ཅད་གསན་ལོ་ཙམ་དུ་མ་བཞག་པར་སྒྲོ་འདོགས་ཆོད་པར་མཛད་ནས་འདུ་འཛི་དང་གཡེང་བས་མི་འཕྲོག་པར་ཉམས་བཞེས་ལ་འབད་པས་ཐོས་བསམ་སྒོམ་གསུམ་ཅིག་ཅར་དུ་གྲུབ། དེའི་མཐུས་ཉམས་རྟོགས་དང་མཁྱེན་རབ་ཀློང་ནང་ནས་བརྡོལ་ཏེ་མཁས་དང་གྲུབ་པའི་རྩེ་མོར་ཕྱིན་པ་སྟེ། མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་ཆོས་གང་ལའང་ཐོགས་པ་མེད་པའི་མཁྱེན་རབ་རྒྱས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། རྩ་རླུང་ཐིག་ལེའི་འགྲོས་དབུ་མར་ཐིམ། རྨི་ལམ་སྦྱོང་སྤེལ་སྤྲུལ་སྒྱུར་ལ་དབང་འབྱོར་བས་དག་པའི་ཞིང་བགྲོད་ནས་སངས་རྒྱས་བྱང་སེམས་མང་པོའི་ཞལ་མཇལ་ཞིང་ལུང་བསྟན་ཐོབ། ནུས་པས་བོད་འཕུང་བྱེད་ཁམས་ཀྱི་འབྱུང་པོ་དང་མཐའ་དམག་གདུག་པ་ཅན་རྣམས་ཚར་གཅོད་པ་དང་བསྲུང་ཞིང་བཟློག་པའི་རྟགས་འཕྲལ་དུ་ཐོན་པས་སྙན་གྲགས་ཀྱིས་ཕྱོགས་ཀུན་ཁྱབ། སྐུ་ཚེའི་སྨད་ལ་ཉང་སྨད་སྐྱིད་སྦུག་ཏུ་བཞུགས་ནས་འོད་གསལ་རྡོ་རྗེ་སྙིང་པོའི་དགོངས་པ་ལས་མ་གཡོས་བཞིན་དུ་དབང་བསྐུར་བཤད་ལུང་ཟབ་ཁྲིད་སོགས་གདུལ་བྱའི་དབང་པོ་དང་འཚམས་པའི་ཆོས་འཆད་སྤེལ་རྒྱུན་ཆགས་སུ་མཛད་པས་སོ་སོའི་རེ་བ་སྐོང་ཞིང་། རྣམ་བཤད་སྒྲུབ་ཡིག་ཆོག་ཕྲིན་ཕྱག་བཞེས་ཆོས་འབྱུང་རྩོད་ལན་སོགས་ཀྱི་རྩོམ་པ་དང་། གསེར་པོད་ཀྱི་རྒྱུད་བཅུ་བདུན་དང་། བཱི་མ་སྙིང་ཐིག །བདེ་འདུས་སོགས་ཀྱིས་མཚོན་བཀའ་གཏེར་གྱི་གླེགས་བམ་དུ་མ་བཞེངས་པ་ལ་སོགས་ཏེ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་སྔ་འགྱུར་གྱི་བསྟན་པ་གསལ་ཞིང་རྒྱས་པར་མཛད། འདིའི་འཆི་བ་བརྟག་བསླུའི་ཡི་གེ་དེ་དགུང་ལོ་བདུན་ཅུ་དོན་གསུམ་པ་ལ་མཛད་པར་གསལ་བས་སྐུ་ཚེ་ཡང་རིང་པོར་བཞུགས་པར་མངོན་ནོ། །

[༢༤] ལོ་ཆེན་གཞན་ཕན་རྡོ་རྗེ་ནི།

གནུབས་ཁྲོ་ཕུ་པའི་གདུང་རིགས་རྟོགས་ལྡན་ཆོས་ཉིད་རང་གྲོལ་གྱི་ཡང་ཚ་ལོ་ཆེན་ངག་གི་དབང་པོའི་གཅུང་དཔོན་ཆེན་ཞེས་པའི་སྲས་སུ་ཤིང་ཕོ་རྟའི་ལོ་ལ་འབྲས་ཡུལ་བཀྲ་ཤིས་གླིང་དུ་འཁྲུངས། བྱིས་པའི་དུས་ཐུགས་རྒོད་ཅིང་བརྟུལ་ཞུགས་ཆེ་བས་སུ་ལའང་མི་འཇིགས་པའི་སྤོབས་པ་མཐོ། ཆུང་ངུ་ནས་ཆགས་བྲལ་གྱི་རྟེན་ལ་འདུན་པ་ལྟར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་དྲུང་དུ་དགུང་ལོ་བཅུ་གཉིས་པ་ལ་དགེ་ཚུལ་དང་། ཉེར་གཅིག་པ་ལ་བསྙེན་རྫོགས་བཞེས་ནས་སྐུ་བཙུན་པའི་མཆོག་ཏུ་གྱུར། རང་གི་ཁུ་བོ་ཞྭ་དམར་པའི་རིག་གནས་ཀྱི་སློབ་དཔོན་དུ་སྤྱན་དྲངས་པའི་ཕྱག་ཕྱིར་འབྲངས་ཏེ། སྒྲ་ཀ་ལཱ་པ། སྙན་ངག་མེ་ལོང་། སྡེབ་སྦྱོར། སྐར་རྩིས། རྒྱ་བོད་ཀྱི་ཡིག་སྣ་སོགས་བརྡ་སྤྲོད་ཡན་ལག་དང་བཅས་པ་ལ་མཁས་པར་སྦྱངས། ཆོས་རྗེ་ཉིད་དང་རིན་པོ་ཆེ་སྨྲ་སེང་སོགས་ལས་མཚན་ཉིད་ཀྱི་གཞུང་ཅི་རིགས་པའང་སློབ་པར་མཛད་ཅིང་ཆོས་གསུངས་པ་རྣམས་ཀྱང་ཞར་ཆོས་སུ་གསན། གཞན་ཡང་རང་གི་ཁུ་བོ་ལོ་ཆེན་ངག་གི་དབང་པོ། མཁས་གྲུབ་བློ་གྲོས་རྒྱལ་མཚན། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། སྙིང་ཕུ་པ་རིག་འཛིན་སྙིང་པོ། རྩེ་ལེ་པདྨ་ལེགས་གྲུབ། ཀཿཐོག་པ་པདྨ་བློ་གྲོས། ཡོན་ངོ་པ་བཀྲ་ཤིས་ལྷུན་གྲུབ་སོགས་སྐྱེས་ཆེན་མང་པོ་བསྟེན་ནས་སྔ་འགྱུར་བཀའ་གཏེར་གྱི་ཆོས་དཔག་ཏུ་མེད་པ་གསན་ཅིང་སྒྲོ་འདོགས་ཆོད་པར་སྦྱངས། ཁྱད་པར་མཁས་གྲུབ་སོག་བཟློག་པ་ལས་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གཏད་རྒྱ་བཤད་པ་གདམས་ངག་ཕྱག་བཞེས་དང་བཅས་པ་གསན་པས་གསང་མཚན་རྡོ་རྗེ་ཡེ་ཤེས་རྩལ་དུ་བཏགས། བསྐྱེད་རྫོགས་ཀྱི་སྒོམ་སྒྲུབ་ལ་བརྩོན་པར་མཛད་པས་ཉམས་རྟོགས་མཐར་ཕྱིན། འཇིག་རྟེན་ཆོས་བརྒྱད་ཀྱི་འདུ་འཛིས་མ་གོས་པས་རྗེས་སུ་འབྲང་བ་ཐམས་ཅད་ཀྱང་དམ་པའི་ཆོས་ལ་ངང་གིས་སྦྱོར། རྙིང་མ་རྒྱུད་འབུམ་ཚར་གསུམ་བཞེངས་པའི་དང་པོ་གཉིས་བསྟན་རྒྱུན་ལ་དགོངས་ནས་ཁམས་དང་ཀོང་ཡུལ་དུ་སྐྱེལ་བར་མཛད། འགྲོ་དོན་ནུས་པ་ལ་ཕྱག་དཔེ་སོགས་ཕྱག་ན་གང་ཡོད་སྩོལ་ཞིང་མེད་ནའང་སྒྲུབ་པའི་དངོས་པོ་ལྷུག་པར་གཏོང་། མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་རྒྱུན་མི་ཆད་པས་གདུལ་བྱའི་རེ་བ་རྫོགས་པར་མཛད་ཅིང་ཆོས་ཉན་པ་རྣམས་ལ་འཚོ་བས་ཀྱང་རྟག་ཏུ་སྐྱོང་། མདོར་ན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་མཐོ་ཞིང་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་ངང་ནས། དགུང་ལོ་རེ་གཅིག་བཞེས་པ་དགུང་ཀེག་གི་ཐོག་ཏུ་ཞི་བའི་དབྱིངས་སུ་གཤེགས་སོ། །

[༢༥] གསང་བདག་ཕྲིན་ལས་ལྷུན་གྲུབ་ནི།

ཡབ་གཉོས་སྟོན་མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན་གྱི་སྲས་སུ་ལྕགས་མོ་ཕག་གི་ལོ་ལ་ཆག་བྱང་ཆུབ་གླིང་དུ་འཁྲུངས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཡང་སྲིད་དུ་དམ་པ་མང་པོའི་ལུང་གིས་བསྔགས། དགུང་ལོ་ལྔ་ནས་འབྲི་ཀློག་གཉིས་ཀ་བྱང་བར་མཁྱེན། བརྒྱད་ལ་ཡབ་རྗེའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པས་མཚན་ཨོ་རྒྱན་ཚེ་འཕེལ་དུ་གསོལ། དེ་ནས་བརྩམས་ཏེ་ཕྲིན་སྒྲུབ་ཕྱག་ལེན་གྱི་སྐོར་ནས་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་དང་། སྒྲ་རྩིས་སོགས་ཐ་སྙད་ལའང་སྦྱངས་པས་བློ་གྲོས་ཀྱི་མཐུ་ཐོབ། ཁྱད་པར་ཡབ་རྗེ་ལས་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་སོགས་བཀའ་གཏེར་གྱི་དབང་ཁྲིད་བཤད་ལུང་དུ་མ་གསན་ཅིང་བསམ་སྒོམ་གྱིས་གཏན་ལ་ཕབ། སྐྱེས་ཆེན་གཙུག་ལག་རྒྱ་མཚོ་ལས་རབ་ཏུ་བྱུང་བས་མཚན་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོར་བསྩལ། གསུང་ཆོས་ཀྱང་ཅི་རིགས་པ་གསན། གཞན་ཡང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ལོ་ཆེན་གཞན་ཕན་རྡོ་རྗེ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། རྫོགས་ཆེན་པ་འབྲུག་སྒྲ་བཟང་པོ། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཟུར་ཆོས་དབྱིངས་རང་གྲོལ། འཁྲུལ་ཞིག་ནོར་བུ་ཆོས་བརྟན་སོགས་རྙིང་ལུགས་དང་། རྒྱལ་ཚབ་གྲགས་པ་མཆོག་དབྱངས། མགོན་པོ་བསོད་ནམས་མཆོག་ལྡན་སོགས་གསར་མ་སྟེ། གསར་རྙིང་གི་བླ་མ་དམ་པ་སུམ་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་ངོམས་པ་མེད་པར་གསན་ཅིང་། བྱེ་བྲག་འདུས་པ་མདོའི་དབང་ནི། དགུང་ལོ་བརྒྱད་པ་ལ་སྔགས་འཆང་ཀུན་བཟང་དཔལ་འབྱོར་བྱང་ཆུབ་གླིང་དུ་སྤྱན་དྲངས་ཏེ་ཡབ་རྗེ་དང་ལྷན་དུ་ཁམས་ལུགས་གསན། ཉེར་གཅིག་པ་ལ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་ལས་ཁམས་ལུགས་ཀྱི་ཡི་གེའི་སྟེང་ནས་མང་དུ་གསན། ཉི་ཤུ་རྩ་དགུ་པ་ས་ཡོས་ཧོར་ཟླ་བཞི་པ་ལ་གོང་ར་ལྷུན་གྲུབ་སྡིངས་སུ་མ་ཧཱ་ལོ་ཙཱ་བ་གཞན་ཕན་རྡོ་རྗེའི་དྲུང་དུ་འདུས་པ་མདོའི་རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་ཐམས་ཅད་རྡུལ་ཚོན་གྱིས་བཞེངས་པར། གཉལ་པ་བདེ་ལེགས་པའི་ཡི་གེའི་སྟེང་ནས་ཆུ་བོ་བཞིའི་དབང་གཏད་རྒྱ་སྒོམ་རིམ་མན་ངག་དང་བཅས་པ་སྒྲུབ་ཆེན་གྱི་ལས་རིམ་དང་འབྲེལ་པར་ཞག་བཅུ་བདུན་གྱི་ཁོངས་སུ་རྫོགས་པར་གསན། གསང་མཚན་རྡོ་རྗེ་བདུད་འདུལ་རྩལ་དུ་བཏགས། ལོ་ཆེན་གཞན་ཕན་རྡོ་རྗེས་སྐལ་ལྡན་ལ་ཆོས་སྦྱིན་ལྷུག་པར་སྩོལ་བ་ལས་ཆོས་མི་འཚོང་གསུངས་ནས་ཡོན་མི་བཞེས་པར་ཕྱིར་སློག་པར་མཛད་ནའང་། རྗེ་འདིས་དབང་བུམ་གྲྭ་ཚར་དགུ་ཕུལ་བ་མཉེས་མཉེས་ཀྱིས་བདག་གིར་མཛད་ནས་དབང་གི་ཆུ་བོའི་སྣོད་དུ་གཟིགས་ཤིང་བསྟན་པ་སྤེལ་བའི་རྟེན་འབྲེལ་སྒྲིག་པའི་བརྡའ་ཐབས་བསྟན། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ཡིན་ལུགས་སུ་བཅད་རྗེས་དབེན་པའི་གནས་དུ་མར་སྙིང་པོའི་ལམ་སྲོལ་ཇི་བཞིན་པ་ཐུགས་ཉམས་སུ་བཞེས། མ་དག་པའི་སྣང་བ་འགོག་ནུས་པའི་བསྐྱེད་རིམ་གྱི་གསལ་སྣང་ལ་རེག་མཐོང་གི་མཚན་མ་ཐོབ་སྟེ་དམ་ཅན་ཆོས་སྐྱོང་ལ་ཕྲིན་ལས་གང་བརྩམས་ཐོགས་མེད་དུ་འགྲུབ། རྫོགས་རིམ་ཀ་དག་གཞི་རྫོགས་འཕོ་འགྱུར་མེད་པའི་གནས་ལུགས་ཇི་ལྟ་བ་ཉིད་རྟོགས་པས་འཁོར་འདས་བདེན་འཛིན་གྱི་འཁྲི་བ་ཆོད། སྣང་སྲིད་ལྷུན་གྲུབ་འོད་གསལ་གྱི་ཀློང་དུ་དྭངས་པས་ཡི་དམ་གྱི་ལྷ་དུ་མའི་གཟིགས་སྣང་ཤར་ཞིང་ལུང་བསྟན་ཐོབ། རང་དོན་ཡིད་བྱེད་ཀྱི་འཛིན་པ་ཞིག་པས་གཞན་ཕན་མཁའ་ཁྱབ་ཀྱི་ཐུགས་རྗེ་རྩོལ་མེད་དུ་བྱུང་བས་སྐལ་ལྡན་མཆོག་དམན་མང་པོར་བཤད་སྒྲུབ་ཀྱི་ཆོས་འཁོར་རྒྱུན་ཆགས་སུ་བསྐོར་བས་བསྟན་འགྲོའི་ཕན་བདེ་རྒྱས་པར་མཛད། ཁྱད་པར་སྐུ་གསུང་ཐུགས་ཀྱི་སྲས་མཆོག་གཏེར་ཆེན་འགྱུར་མེད་རྡོ་རྗེ་ལ་ཟབ་རྒྱས་ཀྱི་ཆོས་ཐམས་ཅད་ཚང་སྤྲུགས་སུ་བསྩལ་ཏེ་རྒྱལ་ཚབ་ཏུ་མངའ་གསོལ་ནས། དགུང་ལོ་ང་གཉིས་པ་ཆུ་སྟག་དབོ་ཟླའི་ཚེས་ཉེར་གཉིས་ལ་དབུ་གཙུག་ཕྱུར་བུར་འཕར་བ་ལས་ཟླ་བའི་ཟིལ་པ་སྐྱ་ཆིལ་ལེ་བ་དང་སྤོས་དུད་ལྟ་བུའི་རླངས་པ་འཕྲོ་བཞིན་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ། །

[༢༦] ལོ་ཆེན་ཆོས་རྒྱལ་བསྟན་འཛིན་ནི།

ཨེ་འདམ་སྔོན་པོ་གྲོང་སྨད་དུ་ལྕགས་ལུག་ལ་སྐུ་འཁྲུངས། སྐུ་ཚེ་སྔ་མའི་བག་ཆགས་གསལ་བས་གྲྭ་རིགས་རྣམས་ཀྱིས་བདག་སྤྲད་དེ་དྭགས་སྟོད་གླིང་སོགས་གོང་མའི་དགོན་པ་རྣམས་སུ་སྤྱན་དྲངས། འབྲི་ཀློག་དང་ཆོག་ཕྲིན་རྣམས་ཚེགས་མེད་པར་ཐུགས་སུ་ཆུད་ནས་འཕྱོང་རྒྱས་དཔལ་རི་གྲྭ་ཚང་དུ་ཐུགས་གཉེར་ལ་བྱོན། གདན་ས་བ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་ཞིང་མཚན་ཆོས་རྒྱལ་བསྟན་འཛིན་དུ་གསོལ། དབང་ལུང་ཡང་ཅི་རིགས་པ་གསན། དགོངས་འདུས་ལ་སོགས་པའི་ཆོ་གའི་ཚིག་འཛིན་དང་། དེ་དག་གི་བྲི་ཐིག་འཆམས་དབྱངས་སོགས་ནས་བརྩམས་ཏེ་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་སེམས་ཉིད་ངལ་གསོ་རྩ་འགྲེལ་རྣམས་ལ་སྦྱངས། དེར་གནུབས་སྟོན་གྲགས་པ་དབང་པོ་ལས་ཡང་བཟློག་དང་ལོཀྟྲི་སོགས་དྲག་སྔགས་ཀྱི་ལག་ལེན་དང་རྩིས་དཀར་ནག་ཀྱང་བསླབས། དགུང་ལོ་བཅོ་བརྒྱད་པ་ས་ཕོ་བྱི་བའི་ལོར་གྲྭ་སའི་དགེ་བསྐོས་མཛད་པས་ནོན་ཆེ་བའི་དཔེར་འཇོག་པ་བྱུང་ཞིང་། ལོ་དེའི་ནང་དུ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་འཕྱོང་རྒྱས་དཔལ་རིར་སྤྱན་དྲངས་ཏེ་སྤྲུལ་པའི་སྐུ་མཆོག་ཕྲིན་ལས་རྣམ་རྒྱལ་གྱིས་དབུས་གྲྭ་གཙང་ཡོངས་རྫོགས་ལ་འདུས་པ་མདོའི་དབང་བསྐུར་གདམས་ངག་གཏད་རྒྱ་དང་བཅས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྒྲུབ་ཆེན་དང་འབྲེལ་བའི་ཟུར་ལུགས་དང་། ཞར་བྱུང་དཔོན་སློབ་ཉུང་འདུས་ལ་རས་བྲིས་ཀྱི་སྟེང་ནས་ཁམས་ལུགས་གཉིས་སྩལ་བའི་ཚེ་ལྷན་ཅིག་ཏུ་གསན་ཅིང་། གསང་མཚན་རྡོ་རྗེ་ཡོངས་གྲོལ་རྩལ་དུ་གྲགས། ཕྱིས་སུའང་གནས་དུས་ཅི་རིགས་པར་བཀའ་བརྒྱད་བདེ་འདུས། དགོངས་འདུས། བཱི་མ་སྙིང་ཐིག ཞིག་གླིང་གི་གཏེར་ཆོས་སོགས་མང་དུ་གསན། གཞན་ཡང་ལྷ་བཙུན་ནམ་མཁའ་འཇིགས་མེད། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་སོགས་མཁས་གྲུབ་ཀྱི་བླ་མ་དམ་པ་མང་པོ་བསྟེན་ནས་བཀའ་གཏེར་གྱི་དབང་ལུང་ཁྲིད་བཀའ་དུ་མ་དང་། རྒྱ་རི་དབོན་སའི་ལུང་གིས་བསྐུལ་བས་གོང་རར་ཕེབས་ཏེ་ཉང་སྟོན་བློ་མཆོག་རྡོ་རྗེ་ལས་སྒྲ་ཀ་ལཱ་པ་དང་། སྙན་ངག སྡེབ་སྦྱོར་སོགས་བརྡ་སྤྲོད་ཡན་ལག་དང་བཅས་པ་གསན་ཏེ་མཁྱེན་པར་མཛད། དེ་ལྟར་གསན་པ་རྫོགས་རྗེས་ཨེ་མཐོང་སྨོན་དང་མཚོ་མེར་སྟེང་དུའང་དུས་སྐབས་ཅི་རིགས་པར་བཞུགས་ཤིང་། གཙོ་བོར་དྭགས་སྟོད་གླིང་གི་དགོན་པར་སྟན་འཇགས་ཏེ་སྦས་ཚུལ་གྱིས་བསྙེན་སྒྲུབ་ལ་བརྩོན་པར་མཛད་པས་ཉམས་རྟོགས་བཟང་པོ་འཁྲུངས། སྲུང་མ་ལས་ལ་ཁོལ་བའི་མཐུ་རྟགས་ནར་མར་འོང་བས་ཡུལ་དེ་དག་གི་གྲོང་པ་རྣམས་ཀྱང་བླ་མ་གླིང་པའི་བཀའ་དང་འགལ་ན་ཆོས་སྐྱོང་གི་བཀའ་ཆད་འོང་ཞེས་འཇིགས་པར་བྱེད། ཁྱད་པར་དགུང་ལོ་སོ་གཉིས་པ་ཆུ་སྟག་ལོར་དར་གླིང་དུ་ཕེབས་ཏེ་རིག་འཛིན་གཏེར་བདག་གླིང་པ་ལས་པད་གླིང་གི་ཆོས་བཀའ་འགའ་ཞིག་གསན། དེ་སྐབས་གཏེར་ཆེན་བླ་མས་ཡབ་རྗེ་ལས་གསན་པའི་མདོའི་དབང་རྒྱུན་ཕྱག་བཞེས་དང་བཅས་པ་རྣམ་པར་དག་པ་འདུག་པར་མཁྱེན་ཏེ། ཕྱིས་གདན་སར་སྤྱན་དྲངས་པ་ལྟར་བྱོན་ནས་རྗེ་གཏེར་ཆེན་བླ་མ་ལ་མདོ་དབང་འབུལ་བར་མཛད་པས་སྔ་འགྱུར་གྱི་བསྟན་པ་ལ་ཕན་པ་བླ་ན་མེད་པར་གྱུར། དགུང་ལོ་དོན་བརྒྱད་པ་ས་བྱི་ཧོར་ཟླ་བཞི་པ་ལ་དྭགས་སྟོད་གླིང་གི་དགོན་པར་སྐུ་གཤེགས་སོ། །

དེ་ལས་སྔ་འགྱུར་བཀའ་གཏེར་བསྟན་པའི་མངའ་བདག་གཏེར་ཆེན་འགྱུར་མེད་རྡོ་རྗེའམ་རིག་འཛིན་གཏེར་བདག་གླིང་པས་གསན་ནས་གཅུང་ལོ་ཆེན་ངག་དབང་ཆོས་དཔལ་རྒྱ་མཚོ་ལ་བཀའ་ལུང་ཆིག་རྫོགས་སུ་བསྩལ་བ་སྟེ་བདག་ཉིད་ཆེན་པོ་རྣམ་གཉིས་ཀྱི་རྣམ་ཐར་གོང་འོག་གི་ཚོམས་སུ་རྒྱས་པ་འཁོད་པས་འདིར་མ་སྤྲོས།

[༢༧] རིགས་སྲས་པདྨ་འགྱུར་མེད་རྒྱ་མཚོ་ནི།

གཏེར་ལུང་ལས། རིགས་སྲས་རྟ་མགྲིན་སྤྲུལ་པ་ནི༔ རྡོ་རྗེའི་མིང་གིས་འགྲོ་དོན་སྤྱོད༔ ཅེས་ལུང་གིས་ཟིན་པ་འདི་ཉིད་ཡབ་གཏེར་ཆེན་ཉིད་དང་ཡུམ་རྗེ་རིགས་མཁའ་འགྲོའི་རྟགས་ཀྱིས་སྤྲས་པའི་ཡོན་ཏན་སྒྲོལ་མ་ཞེས་པའི་སྲས་སུ་མེ་སྟག་ལ་འཁྲུངས། བཙས་པའི་མཚན་ལ་ཤེས་རབ་རྣམ་རྒྱལ་རྡོ་རྗེ་འབུམ་ཞེས་གསོལ། ཆུང་ངུ་ནས་དམ་པ་རྣམ་གཉིས་ཀྱི་ཆོས་ཀྱི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་ཉི་ཤུ་པ་ལ་མཁན་པོ་ལོ་ཙཱ་བ་ངག་དབང་ཆོས་དཔལ་རྒྱ་མཚོ་ལས་ཆིག་རྫོགས་ཀྱི་བསྙེན་པར་རྫོགས་ནས། ཆོས་རྗེ་གཞན་ཕན་དབང་པོའི་དྲུང་དུ་འདུལ་མཛོད་ཕར་ཕྱིན་ལ་སོགས་པ་རིགས་ལམ་ནས་ལུང་རིགས་ཀྱི་བཤད་པ་མཐའ་ཆོད་པ་གསན། བླ་མ་དམ་པ་གཉིས་ཀྱི་གསན་པ་གང་ཡོད་སྟེང་དུ་གོང་དཀར་ཆོས་སྡེ་ནས་སློབ་དཔོན་དབང་ཕྱུག་པ་སྤྱན་དྲངས་ནས་རྡོ་རྗེ་ཕྲེང་བ་ལ་སོགས་པའི་གསར་མའི་ཆོས་ཀྱི་རྒྱུན་ཡོད་དོ་ཅོག་ཀྱང་གསན། སྒྲ་ཚད་སྙན་ངག་སོགས་ཕྱི་ནང་གི་རིག་པ་མཐའ་དག་ལ་མངའ་དབང་འབྱོར་ཞིང་དགུང་ལོ་སུམ་ཅུའི་ཐོག་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་ཁྲི་ལ་ཞབས་སོར་བཀོད། བསྟན་བཅོས་ཀྱང་སྙན་ངག་གི་ཊཱིཀ ཕར་ཕྱིན་གྱི་སྤྱི་དོན། གསང་སྙིང་གི་སྤྱི་དོན། སྡོམ་གསུམ་གྱི་ཟུར་འདེབས། ཚེ་བདག་གི་ལས་སྦྱོར་ལ་གཅེས་པའི་མན་ངག་སྒྲོལ་མ་བདུན་པ། གཞན་ཡང་དབང་དང་སྒྲུབ་འཕྲིན་ལས་ཁ་ཚར་དང་བཅས་པའི་བསྟན་བཅོས་མཐའ་ཡས། ཡབ་གྱི་ཞལ་ཆེམས་སུ་ཆོས་ཆར་ཕ་ལས་བུ་ལྷག་ཅེས་དབུགས་དབྱུང་། དེ་ལྟར་ཆོས་ཀྱི་ཕྲིན་ལས་བསྐྱངས་པའི་མཐར་དགུང་ལོ་སོ་གསུམ་པ་ས་ཁྱི་ཧོར་ཟླ་དང་པོའི་ཉེར་དྲུག་ལ་ལོག་སྨོན་ཅན་དེ་རྣམས་ལ་ལུས་སྲོག་ལྟོས་མེད་དུ་བཏང་སྟེ་ཡ་ང་དང་བག་ཚ་མེད་པའི་ལྟ་གདེངས་ཀྱིས་གཤེགས་སོ། །

[༢༨] མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ནི།

ཡབ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང་ཡུམ་ཚེ་དབང་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ཆུང་ངུ་ནས་བསྟན་སྒོར་ཞུགས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་ནས་བསླབ་སྦྱང་མཛད། དགུང་གྲངས་བཅོ་ལྔ་པར་རབ་འབྱམས་པ་འགྱུར་མེད་འཕེལ་རྒྱས་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། ཡབ་རྗེ་རིག་འཛིན་ཆེན་པོ་ལས་མདོ་སྔགས་བཀའ་གཏེར་དང་བཅས་པའི་དབང་ཁྲིད་ཕྱག་བཞེས་སྤྱི་དང་། འདུས་མདོའི་སྨིན་དབང་རྒྱུད་ལུང་བཤད་ཁྲིད་དང་བཅས་པའི་ཆོས་སྐོར་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་སྦྲུལ་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་བཅོ་ལྔའི་ཉིན་སྔགས་རམས་པ་འགྱུར་མེད་ཆོས་ལྡན་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བཞེས་ནས་མཁས་བཙུན་བཟང་པོའི་མངའ་བདག་ཏུ་བཞུགས། ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཁྲིར་ཕེབས་ཏེ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སྤེལ་བ་སོགས་འཕྲིན་ལས་འཕེལ་བས་སྔ་འགྱུར་སོ་ཐར་སྡོམ་རྒྱུད་དུ་ཡང་བཞུགས། གཅེན་འགྱུར་མེད་པདྨ་བསྟན་འཛིན་སྐུ་གཤེགས་ནས་ཕྱི་ནང་གི་རྟེན་བཞེངས་འཆད་སྤེལ་གནང་བ་སོགས་བསྟན་པའི་འགན་ཆ་ཚང་བཞེས་པའི་མཛད་པ་མཐར་ཕྱིན་ཏེ་སྐུ་གཤེགས་སོ། །

[༢༩] རྒྱལ་སྲས་རིག་འཛིན་བཟང་པོ་ནི།

དཔལ་ལྡན་གཉོས་རིགས་ཀྱི་གདུང་རྒྱུད་དུ་སྐུ་འཁྲུངས། སྐུ་ན་གཞོན་ནུ་ནས་དགེ་བའི་བཤེས་གཉེན་དུ་མ་ལས་གསན་བསམ་རྒྱ་ཆེན་པོ་མཛད། དགུང་ལོ་ཉེར་གཅིག་པར་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས། གཞི་གསུམ་གྱི་ཕྱག་ལེན་སོགས་མདོ་ཕྱོགས་ལ་གསན་སྦྱང་ཞིབ་ཅིང་སྨིན་གྲོལ་གླིང་གི་མཁན་ཁྲིར་བཞུགས་ནས་སྡོམ་རྒྱུན་སྤེལ་བས་སྔ་འགྱུར་སྨད་འདུལ་སྡོམ་བརྒྱུད་དུ་བཞུགས། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་སྤྱི་དང་འདུས་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་ཁྲིད་རྒྱུད་བཤད་དང་བཅས་པ་མ་ཚང་བ་མེད་པར་གསན། མདོར་ན་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་འཁོར་ལོ་གསུམ་གྱི་མཛད་པས་ཡུན་རིང་དུ་བསྐྱངས་ཏེ་ཞི་བར་གཤེགས་སོ། །རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་དང་པོ་གསང་མཚན་རྡོ་རྗེ་མྱུ་གུ་རྩལ་ལམ་སེང་ཕྲུག་པདྨ་བཀྲ་ཤིས་དང་། རིག་པའི་རྡོ་རྗེའམ་རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ། འབྲུག་སྤྲུལ་བཤད་སྒྲུབ་ཆོས་ཀྱི་ཉི་མའི་བར་བརྒྱུད་པ་དང་། དམ་པ་འདི་ཉིད་ཀྱིས་རྒྱལ་བསྟན་ཡང་དར་གྱི་སྐབས་འདིར་གདན་ས་རང་ནས་སྨིན་ལུང་ཚར་གཉིས་བདག་ཅག་ལ་བསྩལ་ཞིང་། གཞན་ཡང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་བདག་ཅག་གི་འཁོར་ལོའི་མགོན་པོ་སྐྱབས་རྗེ་པདྨ་སྐལ་བཟང་མཆོག་གིས་གསན་ཞིང་ཉེ་བའི་ཆར་ཤྲཱི་སེང་ཆོས་གྲྭ་ཆེན་མོ་རུ་འདུས་མདོ་གཙོ་བོར་གྱུར་པའི་སྨིན་དབང་སྔ་ཕྱི་ལན་གྲངས་འགའ་བསྩལ་བ་ཁོ་བོ་ཅག་གི་བགོ་སྐལ་དུ་ཐོབ་པ་ཡིན་ཞིང་དེ་དག་གི་རྣམ་ཐར་རྒྱས་པ་འོག་ཏུ་འབྱུང་བ་ལས་མཁྱེན་པར་འཚལ་ལོ། །

ག ཐེག་པའི་རྩེ་རྒྱལ་འོད་གསལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དར་ཚུལ།

(༡) སེམས་ཀློང་གཉིས་ཀྱི་བསྟན་པའི་ཆུ་འགོ་སྤྱིར་བསྟན་པ།

གསུམ་པ་ཐེག་པའི་རྩེ་རྒྱལ་འོད་གསལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དར་ཚུལ་ལ། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་དང་གསུམ་དུ་བཞུགས་པ་ལས། འདིར་སེམས་ཀློང་གཉིས་ཀྱི་བསྟན་པའི་ཆུ་འགོ་སྤྱིར་བསྟན་ཏེ་ཐུན་མོང་གཅིག་འདྲེས་ཀྱི་བརྒྱུད་སྲོལ་བཤད་པ་དང་། བྱེ་བྲག་སེམས་ཀློང་སོ་སོའི་བརྒྱུད་སྲོལ་རྒྱས་པར་བཤད་པ། མཆོག་ཏུ་ཟབ་པ་མན་ངག་སྡེ་འོད་གསལ་གསང་བ་སྙིང་ཐིག་གི་བརྒྱུད་སྲོལ་བཤད་པ་དང་གསུམ་ལས། དང་པོ་ནི། དེ་ལ་སྤྱིར་སྔོན་གྱི་དུས་སུ་སེམས་ཀློང་གི་ཡིག་ཆའི་སྐོར་ལ། སེམས་སྡེ་སྔ་འགྱུར་ལྔ་དང་། ཕྱི་འགྱུར་བཅུ་གསུམ། སེམས་སྡེ་ཉེར་གཅིག བྱང་སེམས་རྡོ་ལ་གསེར་ཞུན། བཻ་རོའི་སེམས་ལུང་ཆེན་མོ། མན་ངག་གཡུ་ཐང་། ཨ་རོའི་ཁྲིད་མོ་ཆེ། སེམས་སྡེ་པྲ་ཁྲིད། ཀློང་སྡེ་རྡོ་རྗེ་ཟམ་པ་སོགས་རྒྱུད་དང་རྒྱ་གཞུང་མཐའ་ཡས་པ་བཞུགས། ཕྱིས་སུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས། ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། སེམས་འགྲེལ་ཉི་མའི་འོད་ཟེར། དེའི་བསྡུས་དོན་ཉི་ཟླའི་དྲྭ་བ། ཁྲིད་ཡིག་ནམ་མཁའ་ཀློང་གསལ་དང་། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་རྩ་བ། དེའི་ལམ་རིམ་སྙིང་པོའི་དོན་ཁྲིད། སེམས་ཉིད་རང་གྲོལ་གསོལ་འདེབས། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ། དེའི་དོན་ཁྲིད་ཡིད་བཞིན་སྙིང་པོ། རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ། དེའི་དོན་ཁྲིད་རིན་ཆེན་སྙིང་པོ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ། འགྲེལ་པ་འོད་ཀྱི་འཁོར་ལོ། ཁྲིད་ཡིག་ཆོས་སྐུ་རང་ཤར། འགྲེལ་པ་འོད་ཀྱི་སྙེ་མ། ཁྲིད་ཡིག་ཆོས་སྐུ་རང་བབ། འགྲེལ་པ་འོད་ཀྱི་དྲྭ་བ། ཁྲིད་ཡིག་ཆོས་སྐུ་ལྷུན་གྲུབ་སྟེ་སེམས་སྡེའི་སྐོར་དང་། ཀློང་སྡེ་ལ། ཀློང་ནམ་མཁའ་རབ་འབྱམས་ལ་འགྲེལ་པ་ནམ་མཁའ་ཡངས་དོག་མེད་པའི་རྒྱ་གྲོལ། ཀློང་དགུའི་མན་ངག་གི་དོན་འགྲེལ་ཆོས་དབྱིངས་རིན་པོ་ཆེའི་མཛོད། དེའི་འགྲེལ་ཆེན་ཆོས་དབྱིངས་གསལ་བ། ཁྲིད་ཡིག་ཁྱབ་བརྡལ་ཀློང་ཡངས། སྡེ་གསུམ་སྙིང་པོའི་དོན་འགྲེལ་གནས་ལུགས་རིན་པོ་ཆེའི་མཛོད་རྩ་བ་དང་དེའི་འགྲེལ་པ། སྐུ་དང་ཡེ་ཤེས་རྒྱས་པ་ལྷུན་གྲུབ་སྙིང་པོ། འགྲེལ་བ་མི་ནུབ་པའི་རྒྱལ་མཚན། མཚན་དཔེ་སྐུ་གསུམ་ལག་ཁྲིད། མན་ངག་གི་དོན་འགྲེལ། ཀུན་འདུས་རིག་པའི་གལ་མདོ། ཀུན་གསལ་སྙིང་གི་དོན་འགྲེལ། བར་དོ་འོད་ཀྱི་སྙེ་མ་སོགས་མཛད་དེ་རྫོགས་ཆེན་སེམས་ཀློང་གི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ལ། ད་དུང་ཕྱི་མའི་དུས་སུ་མཁས་ཚུལ་གསུམ་ལ་རང་དབང་འབྱོར་བའི་དོན་གྱི་བསྟན་འཛིན་ཆེན་པོ་དག་གིས་བརྒྱུད་པའི་བཀའ་སྲོལ་བཟང་པོ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བའི་ཐུགས་སྟོབས་ཟབ་མོ་དུས་ལས་མི་ཡོལ་བ་བསྐྱེད་པར་འཚལ་ཞེས་གསོལ་བ་འདེབས་པ་ལགས་སོ། །

དེ་ལ་ཐོག་མར་རྫོགས་ཆེན་སེམས་ཀློང་གཉིས་ཀྱི་བསྟན་པའི་བཀའ་བབ་ལོ་ཆེན་བཻ་རོ་ཙ་ནའི་གཏམ་བརྗོད་པ་ནི། བདག་ཉིད་ཆེན་པོ་འདི་ནི་ཡུལ་སྙེ་མོ་བྱེ་མཁར་དུ་ཡབ་བ་གོར་ཧེ་འདོད་དང་། ཡུམ་བྲན་བཟའ་ཀ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུ་ནས་རྣམ་དཔྱོད་ཤིན་ཏུ་ཆེ་བས་ཨོ་རྒྱན་ཆེན་པོ་དང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྐུ་བདག་མཛད་དེ་ལོ་ཙཱ་བསླབས་པས་རྒྱ་ཆོས་མང་པོ་བོད་སྐད་དུ་བསྒྱུར། མཁན་ཆེན་བོ་དྷི་སཏྭ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས་བཻ་རོ་ཙ་ན་རཀྵི་ཏ་ཞེས་མཚན་གསོལ། རེ་ཞིག་ན་བཙད་པོའི་བཀའ་བཞིན་འཇིགས་པ་ཆེན་པོ་བརྒྱད་དང་དཀའ་བ་ཆེན་པོ་བཅུ་དྲུག་ཁྱད་དུ་བསད་ནས་རྒྱ་གར་གྱི་ཡུལ་དུ་བརྟོལ། དྷ་ན་ཀོ་ཤའི་ཙནྡན་བསིལ་བྱེད་ཀྱི་ནགས་སུ་སློབ་དཔོན་ཤྲཱི་སེདྷས་རྫུ་འཕྲུལ་གྱིས་བཀོད་པའི་ཀེའུ་ཚང་ཆེན་པོ་དགུ་བརྩེགས་དང་ཉེ་བར་སླེབས། དེར་ཆུ་ལེན་གྱི་རྣལ་འབྱོར་མ་ལ་ཕྲིན་བརྫངས་ཀྱང་ལན་མ་བྱུང་ཚེ་བཻ་རོས་ལྟ་སྟངས་མཛད་པས་ཆུ་སྣོད་ས་ལ་འབྱར། རྣལ་འབྱོར་མས་རང་གི་བྲང་ཕྱེས་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ཅིང་དེས་གྲོགས་བྱས་ཏེ་སློབ་དཔོན་ཤྲཱི་སེང་ཧ་དང་མཇལ། གསེར་གྱི་མཎྜལ་ཕུལ་ཏེ་རྩོལ་མེད་ཀྱི་ཐེག་པ་གསུང་བར་ཞུས་པས་བརྟག་པར་བྱ་གསུངས། ནངས་པར་གསང་བའི་རྩིས་རྒྱ་བཏབ་ནས་ཟབ་མོའི་གནད་རྣམས་བསྟན་པར་བྱ་མོད་ཀྱི། འོན་ཀྱང་ཤིན་ཏུ་མ་གསང་ན་རྒྱལ་པོའི་ཆད་པས་སྲོག་གི་ཉེན་དུ་འགྱུར་བས་ཉིན་པར་པཎྜི་ཏ་གཞན་རྣམས་ལས་རྒྱུ་འབྲས་ཀྱི་ཆོས་ཉོན། མཚན་མོ་མན་ངག་གི་ཆོས་བསྟན་པར་བྱའོ་གསུངས་ཏེ་གཞན་གྱིས་མི་ཤེས་པའི་ཐབས་དང་རྟེན་འབྲེལ་མཛད། སློབ་དཔོན་གྱིས་མཚན་མོ་མན་ངག་སེམས་སྡེ་བཅོ་བརྒྱད་རྣམས་དར་དཀར་པོ་ལ་ར་དཀར་མོའི་འོ་མས་བྲིས་ཏེ་དུད་པས་བདུག་ན་ཡི་གེ་གསལ་བའི་ཐབས་བྱས་ཤིང་། མན་ངག་གི་དཔེ་བམ་པོ་བརྒྱ་དང་ལྔ་བཅུ་རྩ་བཞི་བྱུང་བའི་ཚེ་གཙང་རིས་ཀྱི་མགོན་པོ་སུམ་བརྒྱ་དྲུག་ཅུ་སོགས་བསྟན་སྲུང་རྣམས་ལ་ཆད་ཐོ་མཛད་དེེ་ཤིན་ཏུ་གསང་བའི་རྒྱས་བཏབ་བོ། །ད་དུང་ཡང་བཻ་རོ་ཐུགས་མ་ཚིམ་སྟེ་ཡིད་མི་བདེ་བཞིན་བཞུགས་པས། སློབ་དཔོན་གྱིས་ངས་མན་ངག་ཐམས་ཅད་བསྟན་ཟིན་ན་ཁྱོད་ཅི་ལ་རྡུགས་གསུངས་པར། ཆ་ལ་སེམས་སྡེ་བཅོ་བརྒྱད་པོས། །ཕྲེང་བརྒྱད་སྐྱེལ་མ་མ་ཤོགས་པས། །བདག་རང་བཻ་རོ་ཙཱ་ན་ཡང་། །ཡུལ་དུ་འགྲོ་བ་ཕྲེང་ལ་རྡུགས་སོགས་ཀྱི་མགུར་ཞུས་པས། སླར་ཡང་སློབ་དཔོན་གྱིས། རྒྱུད་སྡེ་དྲུག་ཅུའི་དབང་དང་མན་ངག་ཐམས་ཅད་དང་། འབྲས་བུ་རང་ཆས་སུ་སྟོན་པ་ཀློང་གི་སྡེ་དཀར་ནག་ཁྲ་གསུམ་རྣམས་བསྟན་པས་ཆོས་ཐམས་ཅད་ཀྱི་གཏིང་མཐར་ཕྱིན། ད་དུང་མ་ཚིམ་པ་ལྟར་མཛད་པས། སློབ་དཔོན་གྱི་ཞལ་ནས། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང་། །དེ་བཞིན་ཉིད་ནི་གཅིག་ཤེས་ན། །མ་ལུས་དེ་ལ་ཡོངས་སུ་རྫོགས། །དེ་ལས་ཡོད་ན་ན་ར་ཀན། །ཞེས་གསུངས་ནས། གདམས་པ་བཙའ་ལུགས་གསུམ། སྦྱིན་པའི་གནས་བཞི། མི་སྦྱིན་པའི་གནས་བཞི་རྣམས་གསུངས་ཤིང་རྒྱས་བཏབ་སྟེ་དགའ་རབ་རྡོ་རྗེ་དང་མཇལ་བར་ལུང་བསྟན། འདུ་བའི་གནས་ཀྱི་དུར་ཁྲོད་ཆེན་པོར་གཤེགས་པས་སློབ་དཔོན་དགའ་རབ་རྡོ་རྗེ་དང་མཇལ་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དོན་བརྒྱུད་ཐོབ་ཅིང་དེ་ཉིད་དུ་རྟོགས་གྲོལ་དུས་མཉམ་གྱི་དངོས་གྲུབ་ཆེན་པོ་མངོན་དུ་བརྙེས་སོ། །གཏེར་མའི་ཕྱོགས་འགའ་ནས་བཻ་རོ་སྙིང་ཐིག་ཅེས་བྱུང་བའང་བརྒྱུད་པའི་ཆུ་འགོ་འདི་ཉིད་ཡིན་པ་མཁྱེན་པར་འཚལ་ལོ། །དེ་ནས་བཻ་རོས་རྐང་མགྱོགས་གྲུབ་པ་ལ་བརྟེན་ནས་བོད་དུ་བྱོན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཉིན་མོ་རྒྱུ་འབྲས་ཐུན་མོང་བ་དང་། མཚན་མོ་རྫོགས་པ་ཆེན་པོའི་སྐོར་ལྐོག་ཆོས་ཁོ་ནར་གསུངས། སེམས་སྡེ་སྔ་འགྱུར་ལྔ་བསྒྱུར། དེའི་ཚེ་རྒྱ་གར་པས་གདམས་ངག་བོད་དུ་ཁྱེར་བ་ལ་ཕྲག་དོག་གིས་བོད་རྣམས་ཐེ་ཚོམ་བསྐྱེད་པའི་ཕྲ་མ་དང་། ཆོས་ལ་གནག་པའི་བཙུན་མོ་དང་བློན་པོ་རྣམས་ཀྱི་དབང་ལས་སློབ་དཔོན་བཻ་རོ་རེ་ཞིག་ཚ་བ་རོང་དུ་བྱོན་དགོས་པ་བྱུང་། རྒྱལ་རོང་བྲག་ལྷ་མགོན་པོའི་དགོན་པར་ཐུགས་སྲས་ཐུ་བོ་གཡུ་སྒྲ་སྙིང་པོ་རྗེས་སུ་བཟུང་བ་སོགས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད། ཚ་རོང་རྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ་ལ་རྫོགས་པ་ཆེན་པོའི་སྐོར་རྣམས་གསུངས། དབུས་སུ་གཉགས་ཛྙཱ་ན་ཀུ་མཱ་ར་དང་། ལི་བཟའ་ཤེས་རབ་སྒྲོན་མ་ལ་གསུངས་པ་སྟེ་བརྒྱུད་སྲོལ་རིམ་པ་ལྔར་གྲགས་ཤིང་། ཕྱི་མ་འདིས་བཻ་རོ་ལི་ཡུལ་དུའང་སྤྱན་དྲངས། གཞན་ཡང་རྒྱ་ནག་སོགས་སུ་ཕེབས་ནས་ཆོས་ཀྱི་འགྲོ་དོན་རྒྱ་ཆེན་བསྐྱངས་པའི་རྣམ་ཐར་མང་། དེ་ནས་རེ་ཞིག་གི་ཚེ་ལྷ་སྲས་མུ་ནེ་བཙན་པོ་སོགས་བོད་ཀྱི་རྗེ་བློན་ཐམས་ཅད་བཻ་རོ་ཚ་བ་རོང་ནས་སྤྱན་འདྲེན་པར་གྲོས་འཆམས་ནས་བང་མི་གསུམ་བཏང་བས་ཐུགས་དགྱེས་པ་ཆེན་པོས་ཞལ་བཞེས་མཛད་ཅིང་གཡུ་སྒྲ་སྙིང་པོ་དང་བཅས་བོད་དུ་ཕེབས། ལམ་བར་གྱི་སྟོང་ཁུང་རོང་གི་བྲག་དཀར་རྫོང་དུ་སྤང་རྒན་མི་ཕན་མགོན་པོ་དང་འཕྲད་ནས་དེ་ཉིད་དུ་གྲོལ་བའི་གདམས་པ་ཟབ་མོ་གནང་། དཔལ་གྱི་བསམ་ཡས་སུ་པཎ་ཆེན་བཱི་མ་དང་མཇལ་ཞིང་གཉགས་ལོ་སོགས་འཁོར་ཚོགས་འདུས་པ་ལ་ནང་རྒྱུད་སྡེ་གསུམ་གྱི་ཆོས་འཁོར་བསྐོར། སླར་རྒྱལ་མོ་རོང་དུ་ཕྱིར་ཕེབས་ཏེ་ཐ་མའི་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པ་སོགས་འགྲོ་དོན་གྱི་མཇུག་བསྐྱངས་ནས་བོད་དུ་ཕེབས། སྐུ་ཚེའི་མཐར་ཧས་པོ་རིར་ཟུང་འཇུག་གི་སྐུར་གྱུར་ཏེ་འཇའ་ལུས་སུ་གཤེགས་སོ། །

དེ་ལྟར་ལོ་ཆེན་བཻ་རོ་ཙ་ན་ནས་གོང་དུ་གསལ་བ་ལྟར་སེམས་ཀློང་གི་ཆོས་སྐོར་ལ་བརྒྱུད་པའི་སྲོལ་ལྔ་བྱུང་བ་དང་། གཞན་ཡང་སེམས་ཀློང་གཉིས་གཅིག་འདྲེས་ཀྱི་བརྒྱུད་པ་དང་སོ་སོའི་བརྒྱུད་པ་སོགས་བཀའ་སྲོལ་དུ་མ་བྱུང་བ་ལས་འདིར་གྲགས་ཆེ་བའི་བརྒྱུད་པ་དེང་སང་གི་བར་ཆོས་རྒྱུན་མ་ཆད་པ་འགའ་འདྲེན་པར་འདོད་དེ། ཐོག་མར་སེམས་ཀློང་གཉིས་པོ་ཐུན་མོང་གཅིག་འདྲེས་ཀྱི་བརྒྱུད་སྲོལ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ལ་བཀའ་བབ་པའི་བརྒྱུད་ཡིག་ལྟར་ན། ཐོག་མར་བྱང་ཆུབ་སེམས་ཀྱི་སྟོན་པ་ཀུན་བྱེད་རྒྱལ་པོ། རིགས་ལྔ། གསང་བདག དགའ་རབ། འཇམ་དཔལ་བཤེས་གཉེན། དྷ་ཧེ་ན་ཏེ་ལོ། སྲས་ར་ཛ་ཧསྟི། སྲས་མོ་ཝ་ར་ཧི། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་མ་བྱང་ཆུབ། གཟུངས་མ་ཨ་ར་ལི། སློབ་དཔོན་ཨཀྵོ་བྷྱ། ཀུ་ཀུ་རཱ་ཛ། ས་ར་ནི། བུདྡྷ་ས་མནྟ། མ་ཧཱ་རཱ་ཛ། གོ་མ་དེ་ཝི། སློབ་དཔོན་ཨ་ལོ་ཀེ ཀུ་ཀུ་རཱ་ཛ་ཕྱི་མ། ཁ་ཆེ་མ་ཧཱ་རཱ་ཛ། དྲང་སྲོང་བྷ་ཥི་ཏ། གཟུངས་མ་བདག་ཉིད་མ། སློབ་དཔོན་ཀླུ་སྒྲུབ། དཱེ་ཝ་རཱ་ཛ། འཇམ་དཔལ་བཤེས་གཉེན་ཕྱི་མ། སངས་རྒྱས་གསང་བ། ལོ་ཆེན་བཻ་རོ། གཡུ་སྒྲ། དྲི་མེད་ཟླ་ཤར་རམ་གཉགས་ཛྙཱ་ན་ཀུ་མ་ར། སོག་པོ་ཛྙཱ་ན་ཤྲཱི། གནུབས་ཆེན་སངས་རྒྱས་ཡེ་ཤེས། པ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག འབྲི་གསལ་བའི་མཆོག རྒྱ་བློ་གྲོས་གཞོན་ནུ། མགར་ཚུལ་ཁྲིམས་བཟང་པོ། རོང་ཟོམ་པཎ་ཆེན། མཚུར་ཡེ་དབང་། དན་ཆོས་ཀྱི་དབང་ཕྱུག ཞང་མཆོག་བླ། སྐྱེ་ཡོན་འབྱུང་། དན་འཕགས་པ་གཞོན་ནུ་དོན་གྲུབ་ནས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལའོ། །དེ་ནས་མན་ངག་སྡེ་གསང་བ་སྙིང་ཐིག་གི་བརྒྱུད་པ་དང་ཐུན་མོང་དུ་ཀུན་མཁྱེན་འཇིགས་མེད་གླིང་པ་ནས་ད་ལྟའི་བར་རྒྱུན་མ་ཆད་པ་བྱུང་ཚུལ་འོག་ཏུ་འབྱུང་བ་ལྟར་རོ། །

(༢) སེམས་ཀློང་སོ་སོའི་བརྒྱུད་སྲོལ་བྱེ་བྲག་ཏུ་བཤད་པ།

༡༽ ཕྱི་སེམས་སྡེའི་བརྒྱུད་པ།

གཉིས་པ་སེམས་ཀློང་སོ་སོའི་བརྒྱུད་སྲོལ་བྱེ་བྲག་ཏུ་རྒྱས་པར་བཤད་པ་ལས། དང་པོ་སེམས་སྡེའི་བརྒྱུད་པ་ནི།

རྒྱལ་མོ་གཡུ་སྒྲ་སྙིང་པོ།

དེ་ལ་ལོ་ཆེན་བཻ་རོའི་ཐུགས་སྲས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ནི་སེམས་སྡེའི་བཀའ་བབ་ཆེན་མོ་སྟེ། མདོ་གཞོར་རྒྱལ་ཁབ་རྒྱལ་མོ་ཚ་བའི་རོང་དུ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ལོ་ཆེན་བཻ་རོས་རྗེས་སུ་བཟུང་ཞིང་མཁས་དང་གྲུབ་པའི་ཕུལ་དུ་ཕྱིན། ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་ཀྱི་གྲངས་སུ་འདྲེན་ཞིང་སློབ་དཔོན་པདྨ་དང་བཱི་མ་ལ་ལས་ཀྱང་མན་ངག་ལྟ་ཕྲེང་སོགས་ཟབ་ཆོས་དུ་མ་གསན། སྐུ་གསེར་གྱི་རྡོ་རྗེར་སྤྲུལ་ནུས་པ་སོགས་གྲུབ་པའི་རྣམ་ཐར་མཐའ་ཡས་པ་མངའ་བ་ཞིག་སྟེ། དེ་ཡང་ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་སྐབས་ཡུལ་དེའི་མི་རྣམས་ཀྱིས་བོད་ཀྱི་རྟོག་ཆེན་པར་དོགས་ནས་སྦལ་དོང་དུ་ཞག་བདུན་དང་ཤིག་སྣ་ཚོགས་པའི་དོང་དུ་ཞག་བདུན་བསྐྱུར། ལོ་ཙཱ་བས་སྐྱེ་བ་མང་པོའི་གོང་དུ་ཡུལ་དེའི་ནེ་ལེར་གྱུར་ཚེ་སྦལ་པ་ཟོས་པ་དང་། ཡུལ་དེར་དགེ་སློང་ཞིག་ཏུ་གྱུར་ཚེ་ཤིག་དོར་བ་བྱ་ཡིས་ཟོས་པའི་རྣམ་སྨིན་གྱི་ཐ་མ་ཡིན་པ་ཞལ་གྱིས་བཞེས་ཏེ་དགེ་སློང་པུརྞའི་སྔོན་གནས་དྲན་པ་ཇི་བཞིན་གསུངས་པས་རྒྱལ་བློན་རྣམས་ཀྱིས་རྒྱལ་པོའི་མེས་སུ་གཏོགས་པའི་དགེ་སློང་པུརྞ་ཡིན་པར་ཤེས་ནས་བཤགས་པ་དང་བཀུར་བསྟི་བྱས། འོན་ཀྱང་རྒྱལ་པོའི་སྲས་གཡུ་སྒྲ་སྙིང་པོ་མ་དད་ཅིང་ཉམས་སད་པའི་ཕྱིར་བུ་ཤི་བའི་ཕ་མ་དང་། རྒན་རྒོན་འཆི་ལ་ཉེ་བ་དང་། སྐྱེས་པ་དང་བུད་མེད་ལང་ཚོ་ཅན་བརྩེ་བ་རྣམས་རིམ་པར་བཏང་སྟེ་ཆོས་བྱས་ན་བུ་དང་ཕྲད་དམ། རྒས་པ་གཞོན་ནུར་ལྡོག་གམ། བརྩེ་དགའ་འདི་ལས་ལྷག་པའི་བདེ་སྐྱིད་ཆོས་ལ་ཡོད་དམ་བྱ་བ་རིམ་པས་འདྲིར་བཅུག་པས། སློབ་དཔོན་གྱིས་བུས་མ་ཚད་རང་ཉིད་ཀྱང་འཆི་བ་དང་། རྒས་དུས་ཆོས་དྲན་ཀྱང་འཕྱིས་པ་དང་། ཐམས་ཅད་མི་རྟག་པ་རྣམས་རིམ་པར་གསུངས་པས་དེ་དག་ཀྱང་དད་པས་གཡུ་སྒྲ་ཡང་ཅུང་ཟད་དད་ནས་འོག་རྟ་ཕུལ་ཏེ་ཆོས་ཞུས་པས་མ་གནང་བ་ན། ཐབས་ཀྱིས་ཁྲུས་ལ་གདན་དྲངས་ནས་ཆུའི་ནང་དུ་གདམས་པ་མི་གནང་ན་ཆུ་ལ་བཀྲོང་ངོ་ཞེས་བསྡིགས་པས། ཡོན་དང་དད་པ་གཉིས་མེད་པར། །ནན་ཚིར་བྱས་པས་ཆོས་ཁུགས་སམ། །འཆི་ན་གཉིས་ཀ་འཆི་མོད་དེ། །ང་ཤི་འོག་མིན་གནས་སུ་འགྲོ། །ཁྱོད་ཤི་ངན་སོང་གསུམ་དུ་འགྲོ། །ཁྱོད་ཀྱིས་ཕོད་ན་ང་ཡིས་ཕོད། །གསུངས་པས་སྐྲག་སྟེ་བཟོད་གསོལ་བྱས། ཡང་སློབ་དཔོན་གྱི་དཔེ་ཆ་བརྐུས་ནས་ཀུན་བྱེད་ཀྱི་རྒྱུད་བྲིས་ཏེ་ང་ལ་ཡང་ཆོས་ཡོད་ཟེར་བས། རྡོ་རྗེ་སེམས་དཔའ་དགའ་རབ་འཇམ་དཔལ་གྱི། །ཞལ་ནས་གསུངས་པའི་མན་ངག་ངེས་པའི་དོན། །རྒྱལ་བའི་དགོངས་པ་ཤིན་ཏུ་གཏིང་ཟབ་ལ། །ཡིག་ནག་ཚིག་གིས་བྱང་ཆུབ་རྙེད་པ་མིན། །ཞེས་གསུངས་པས་དད་པ་དྲག་ཏུ་སྐྱེས་ནས་རྗེས་སུ་བཟུང་བར་ཞུས་པས་གཟོད་ཞལ་གྱིས་བཞེས། རྒྱུ་འབྲས་ཀྱི་ཆོས་གསུངས་པས་མ་ཚིམ་སྟེ་ཚེ་འདིར་འཚང་རྒྱ་བའི་གདམས་པ་ཞུས་པས། ལུས་ཀྱི་སྒོ་ནས་བྲན་གཡོག་ཅི་དགོས་བྱེད་པ། བླ་མའི་སྐུ་དགྲ་འདུལ་བ། ཕྱག་སྐོར་གྱིས་སྒྲིབ་པ་སྦྱང་བ་སྟེ་ལུས་ཀྱི་སྦྱང་བ་གསུམ། ངག་གིས་ཞེ་ས་དང་གསོང་པོར་སྨྲ་བ། སྐུ་དགྲ་ལ་དྲག་སྔགས་ཀྱི་དམོད་པ་འབེབས་པ། རྟག་ཏུ་གསོལ་བ་འདེབས་པ་སྟེ་ངག་གི་སྦྱང་བ་གསུམ། ཡིད་ཀྱིས་རྟག་ཏུ་བླ་མའི་རྣལ་འབྱོར་སྒོམ་པ། ཅི་གསུང་མོས་པས་སྒྲུབ་པ། ལུས་ལོངས་སྤྱོད་ཐམས་ཅད་འབུལ་བ་སྟེ་ཡིད་ཀྱི་སྦྱང་བ་གསུམ་དང་དེ་ལྟར་སྦྱང་བ་དགུ། ཁྱིམ་དང་ཉེ་འབྲེལ་སྤོང་བར་ཕོད་པ་སོགས་ཕོད་པ་བཅུ་གསུམ་བྱེད་ནུས་ན་བསྟན་ནོ་ཞེས་གསུངས་པས་ཅི་གསུང་སྒྲུབ་པར་དམ་བཅས་པ་ན། འོ་ན་ཨོ་རྒྱན་གྱི་ཡུལ་དང་རྡོ་རྗེ་གདན་རྣམས་སུ་སོང་ལ་དགའ་རབ་རྡོ་རྗེ་དང་མཁས་པ་ཉེར་ལྔ་རྣམས་ལ་གསེར་འདི་འབུལ་བ་ཕུལ་ནས་ཤོག་དང་དེ་རྣམས་ཀྱི་གདམས་པ་ངས་གདབ་བོ་ཞེས་གསེར་མང་པོ་བསྐུར། བཀའ་ལྟར་ཨོ་རྒྱན་ཏུ་འགྲོ་བར་ཆས་པ་ན་རང་གི་ཡབ་ཡུམ་བློན་འབངས་དང་བཅས་པས་ཨོ་རྒྱན་དུ་ཕྱིན་རུང་དགའ་རབ་རྡོ་རྗེ་མི་རྙེད་དེ་བས་སློབ་དཔོན་བཻ་རོ་ཉིད་ལ་གཏུག་པ་འཐད་ཟེར་ནས་བཤོལ་བཏབ་ཀྱང་མ་ཉན་ཏེ་སྲོག་ལ་བབ་ཀྱང་བླ་མའི་བཀའ་སྒྲུབ་བོ་གསུངས་པ་ན། སློབ་དཔོན་གྱི་ཞལ་ནས་ཁྱོད་དེ་ཙམ་དུ་བླ་མའི་བཀའ་བསྒྲུབས་ན་ཨོ་རྒྱན་དུ་འགྲོ་མི་དགོས་འདི་ཉིད་དུ་རྗེས་སུ་བཟུང་གིས་སྔོན་བླ་མ་ལ་ཉམས་སད་བྱས་པ་རྣམས་བཤགས་པ་གྱིས་ཤིག་ཅེས་གསུངས་པར་གཡུ་སྒྲས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་བས་བྲག་ལྷ་མགོན་པོའི་དགོན་པར་སེམས་སྡེ་གཙོ་བོར་གྱུར་པའི་གདམས་ངག་ཐམས་ཅད་གནང་། ལྷའི་སྤྱན་ཐོབ་ཅིང་རྐང་མགྱོགས་ཀྱང་གྲུབ། བཻ་རོའི་སྔོན་དུ་བོད་ལ་ཐེངས་གཅིག་ཕེབས་ཏེ་བོད་ཀྱི་རྒྱལ་བློན་རྣམས་ལ་ཉམས་སད་ཅིང་སླར་དཔོན་སློབ་གཉིས་བོད་དུ་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་བསྒྱུར་བཤད་མཛད་པ་སོགས་ཕྲིན་ལས་རྒྱ་ཆེ་བའི་ངང་སྐུ་གཤེགས་སོ། །

སྤྱིར་རྫོགས་ཆེན་སེམས་སྡེའི་བརྒྱུད་སྲོལ་ལ་སེམས་སྡེ་ཉང་ལུགས་སུ་གྲགས་པ་གཉགས་ལོ་ཆེན་པོ་ནས་སོག་པོ་དཔལ་གྱི་ཡེ་ཤེས། དེས་གནུབས་ཆེན་ཡབ་སྲས་ནས་རིམ་པར་ཟུར་མེས་དབོན་རྣམས་ལ་བརྒྱུད་པ་དང་། ཡང་ཁམས་ལུགས་སུ་གྲགས་པ་ཁམས་ཀྱི་གླང་ཐང་སྒྲོལ་མར་བྱོན་པའི་མཁས་པ་ཆེན་པོ་ཨ་རོ་ཡེ་ཤེས་འབྱུང་གནས་ལ་བཻ་རོ་གཉགས་ལོ་གཉིས་ཀས་གདམས་པ་བསྟན་ཞིང་། འདི་ཉིད་ཀྱིས་རྫོགས་ཆེན་སེམས་སྡེའི་བསྟན་བཅོས་ཆེན་པོ་ཐེག་ཆེན་རྣལ་འབྱོར་བྱ་བ་མཛད་པ་ཕྱིས་པཎ་ཆེན་ཇོ་བོ་རྗེས་གཟིགས་ཚེ་ཚིག་དོན་གྱི་ཆ་ཕུན་སུམ་ཚོགས་པ་གངས་རིའི་ཁྲོད་ན་འགྲན་ཟླ་དང་བྲལ་བར་བསྔགས་པར་མཛད། དེས་ཡ་ཟི་བོན་སྟོན་གྲུ་གུ་ཀློག་འབྱུང་སོགས་ལ་བརྒྱུད་པ་དང་། ཡང་རོང་ལུགས་སུ་གྲགས་པ། ཨ་རོ་ནས་བོན་ཅོག་གཉིས་ལ་གནང་། དེ་གཉིས་ཀས་ཀུན་མཁྱེན་རོང་ཟོམ་པཎ་ཆེན་ལ་བརྒྱུད་པ་སོགས་མངའ་རིས་ནས་མདོ་ཁམས་ཡན་ཆོད་དུ་བཀའ་སྲོལ་མཐའ་ཡས་པ་བཞུགས་ཀྱང་ཡོངས་གྲགས་ལ་གཙང་བརྒྱུད་དང་། དབུས་བརྒྱུད། དབུས་གཙང་འདྲེས་མ་དང་གསུམ་དུ་བཞུགས་པ་ལས། ཕྱི་མའི་ཁོངས་སུ་བརྒྱུད་སྲོལ་ཐམས་ཅད་གཅིག་འདྲེས་སུ་བྱུང་བ་ལྟར་སྣང་ཞིང་། བརྒྱུད་སྲོལ་འདིའི་དབང་དུ་བྱས་ཏེ་མཁས་གྲུབ་སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱིས་བརྒྱུད་འདེབས་བྱིན་རླབས་དགའ་སྟོན་མཛད་པ་ལ་ཕྱིས་སུ་སྨིན་གླིང་གཏེར་ཆེན་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་རྣམ་གཉིས་ཀྱིས་རང་ལུགས་ཀྱི་བརྒྱུད་སྲོལ་ཡང་འདི་ཉིད་ཁོ་ན་མཛད་དེ་ཁ་སྐོང་གནང་བའི་མཚན་ཐོ་ཙམ་བཀོད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེང་ཧ། ལོ་ཆེན་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། གཉགས་ཛྙ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། ཉང་ཤེས་རབ་མཆོག་ལྡན། ཉང་ཡེ་ཤེས་འབྱུང་གནས། བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། སྐྱོ་སྟོན་ཤཱཀྱ་ཡེ་ཤེས། ལྷ་རྗེ་སྒྲོ་ཕུག་པ་ཤཱཀྱ་སེང་གེ། ལྕེ་སྟོན་རྒྱ་ནག གྲུབ་ཆེན་དབུས་པ་ཞིག་པོ། ཞིག་པོ་བདུད་རྩི། རྟ་སྟོན་ཡེ་ཇོ། རྟ་སྟོན་གཟི་བརྗིད། དམ་པ་སངས་རྒྱས། མཉམ་མེད་སྤྲུལ་སྐུ། ཟུར་བྱམས་པ་སེང་གེ། མ་གཅིག་ཟུར་མོ། མཁས་བཙུན་སངས་རྒྱས་དཔལ། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། ཆོས་རྗེ་སངས་རྒྱས་རིན་ཆེན། ཤངས་མདའི་རྒྱལ་སྲས། གྲུབ་མཆོག་གྲགས་པ་དཔལ་འབྱོར། རྟ་ནག་མཁན་པོ་བློ་གྲོས་རབ་ཡངས། བླ་མ་སྒྲུབ་ཆེན་པ། སོག་བཟློག་པ་བློ་གྲོས་རྒྱལ་མཚན། ལོ་ཆེན་གཞན་ཕན་རྡོ་རྗེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ངག་དབང་ཆོས་དཔལ་རྒྱ་མཚོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཨོ་རྒྱན་ཀློང་ཡངས། རིག་འཛིན་འཇིགས་མེད་གླིང་པ། རྡོ་གྲུབ་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཆེན་གཞན་ཕན་སྣང་བ། ཡབ་རྗེ་ངག་དབང་ནོར་བུ། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་བཅས་སར་གནས་སེམས་དཔའ་མིའི་རྣམ་རོལ་དུ་བྱོན་པ་དོན་བརྒྱུད་རྟོགས་པའི་ལྟ་དགོངས་བརྙེས་པ་བར་མ་ཆད་པར་བྱོན་ཞིང་། སྐྱབས་རྗེ་བླ་མ་མཆོག་གི་ཞལ་སྔ་ནས་སྨིན་ཁྲིད་རྒྱུད་ལུང་དང་བཅས་པ་བདག་ཅག་གི་ཆོས་སྐལ་དུ་ལེགས་པར་ཐོབ་པ་སྟེ། བརྒྱུད་པའི་རྣམ་ཐར་ཕལ་མོ་ཆེ་གོང་དུ་མ་ཧཱ་དང་ཨ་ནུའི་སྐབས་སུ་རྒྱས་པར་སོང་ཞིང་འོག་ནས་ཀྱང་ཅི་རིགས་པ་འབྱུང་བས་འདིར་མ་བཟློས་སོ། །

༢༽ ནང་ཀློང་སྡེའི་བརྒྱུད་པ།

[༡] སྤང་རྒན་མི་ཕམ་མགོན་པོ།

གཉིས་པ་རྫོགས་ཆེན་ཀློང་སྡེའི་བརྒྱུད་པ་ནི། ལོ་ཆེན་བཻ་རོའི་ཀློང་སྡེའི་བཀའ་བབ་སྤང་རྒན་མི་ཕམ་མགོན་པོ་ནི། བདག་ཉིད་ཆེན་པོ་སྤང་མི་ཕམ་མགོན་པོ་ལ་རྫོགས་ཆེན་ཀློང་སྡེའི་བཀའ་བབ་ཅིང་འདི་ཉིད་ཀྱི་སློབ་རྒྱུད་ལས་འཇའ་ལུས་གྲུབ་པ་ཤ་སྟག་བྱུང་བ་སྟེ། འདི་ནི་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་གཞོན་ནུའི་དུས་ཆོས་མ་འགྲུབ་ཅིང་རྒས་ནས་ཉེ་འཁོར་དང་སྤུན་གྱིས་སྡང་བར་གྱུར་པ་ཞིག་སྟེ། བཻ་རོ་དང་གཡུ་སྒྲ་གཉིས་རྒྱལ་མོ་རོང་ནས་བོད་ལ་ཕེབས་པའི་ལམ་ཁ་ནས་མཇལ། རྒད་པོ་ན་རེ། བན་དེ་ཁྱེད་གཉིས་གང་དུ་འགྲོ་ཟེར་བར། གཡུ་སྒྲས་རྒྱལ་མོ་རོང་ནས་འོངས། བོད་དུ་འགྲོ་བྱས་པས། རྒད་པོས་མགྲོན་པོ་ཁྱོད་གཉིས་རེ་འཁྲུལ་ཚ་བའི་རོང་ན་བཻ་རོ་ཙ་ན་བཞུགས་ནས་ཆོས་ཀྱི་ཉི་མ་ཤར་འདུག་པ་ཐོས་པས་དེར་ཆོས་ཉན་ནས་མི་སྡོད་པར་ཁྱེད་གཉིས་འདྲ་བ་ཟེར། བཻ་རོ་ཙ་ནས་དེ་ཉིད་ང་ཡིན་གསུངས་པས་རྒད་པོས་མིག་ལ་འཁར་བ་བཙུགས་ནས་བལྟས་ཏེ་བཻ་རོའི་མགུལ་ལ་འཁྱུད་དེ་ཡུན་གཅིག་ལུས། དེ་ནས་ང་རྒན་པོ་འཆི་མ་བཏུབ་བཞིན་ཆོས་མེད་སྟོང་ལོག་སྡུག་རྒན་ང་འདྲ་སྙམ་སྟེ། རྗེ་ཁྱེད་དང་མཇལ་བས་སྐྱིད་རྒན་ཨ་རེ་དགའ་ཆོས་ཤིག་ཞུ་ཟེར་བར། བཻ་རོས་ཕྱག་སྤྱི་བོར་བཞག་སྟེ་བརྡ་བརྗོད་པས་མ་གྲོལ། ཐུགས་ལ་འདི་ལས་ཅན་གྱི་སློབ་བུར་འདུག་སྟེ་རྒས་ཆེས་པས་ལན་དགོངས་ཏེ། སྒོམ་རྟེན་འཁར་བ་ལུས་ལ་བཙུགས་ཤིང་སྒོམ་ཐག་རྐེད་ལ་བསྡམས་ནས་ཀློང་དགུ་བམ་པོ་ཉི་ཁྲིའི་བཅུད་ཕྱུང་བ་རྡོ་རྗེ་ཟམ་པའི་གདམས་ངག་བཏབ་པས། དེ་མ་ཐག་ཆོས་ཉིད་གཅེར་མཐོང་དུ་ངོ་འཕྲོད་ཅིང་རྟོགས་པ་ཐོད་རྒལ་དུ་སྐྱེས་ནས་སངས་རྒྱས་ཏེ་ལོ་བཅུ་དྲུག་གི་ན་ཚོད་དུ་གྱུར། ཡིད་དགའ་ཆེ་ནས་སློབ་དཔོན་གྱི་མགུལ་ལ་འཁྱུད་ནས་ཞག་གཅིག་བར་མ་བཏང་། དེར་རྩེ་གཅིག་ཏུ་ཉམས་སུ་བླངས་པས་ལོ་ལྔ་ཐུབ་པ་བྱུང་ཞིང་མཐར་ཕུང་པོ་ལྷག་མེད་དུ་གཤེགས་སོ། །

[༢] དེའི་སློབ་མ་ངན་ལམ་བྱང་ཆུབ་རྒྱལ་མཚན་ནི།

ཡུལ་དབུ་རུ་ངན་ལམ་རལ་གསུམ་པ་དགེ་སློང་ལོ་དྲུག་ཅུ་རྩ་བདུན་ལོན་པ་ཞིག་སྟེ་རྒྱལ་མོ་སྟག་རྩེ་མཁར་དུ་བྱོན། སྤང་མི་ཕམ་མགོན་པོ་ལ་གདམས་པ་ཞུས་པས་གནང་སྟེ། ད་ཡུལ་དུ་མ་འགྲོ་བར་ཝ་སེང་གེ་བྲག་ཏུ་སྒོམ་གསུངས། སློབ་དཔོན་གྱི་བཀའ་བཞིན་ཉན་ཏེ་དེར་བྱོན་ནས་བསྒོམས་པས་དངོས་གྲུབ་ཐོབ་ཏེ་ལོ་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས་སོ། །

[༣] དེའི་སློབ་མ་ཟ་དམ་རིན་ཆེན་དབྱིག་ནི།

མདོ་ཁམས་སྟོད་དུ་སྐུ་འཁྲུངས་ཤིང་ངན་ལམ་ལས་གདམས་པ་ཞུས། བྲག་དེ་ཉིད་དུ་བླ་མ་དང་འབྲལ་བ་མེད་པར་སྒོམ་བཞིན་བཞུགས་པས། ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས་སོ། །

[༤] དེའི་སློབ་མ་ཁུ་འགྱུར་གསལ་བའི་མཆོག་ནི།

ཡུལ་ཡར་ཀླུང་འཕྱོངས་རྒྱས་སུ་སྐུ་འཁྲུངས། རྟེན་དགེ་སློང་ཡིན་པ་ལོ་ལྔ་བཅུ་རྩ་བདུན་ལོན་པ་ན་ཟ་དམ་རིན་ཆེན་དང་མཇལ། རྫོགས་ཆེན་ཀློང་སྡེའི་གདམས་ཁྲིད་ཆ་ཚང་གནང་བས་ཡུལ་དུ་ལོག་པའི་བསམ་པ་སྤངས། ཝ་སེང་གེ་བྲག་ཉིད་དུ་བཞུགས་ནས་བསྒོམས་པས་ལོ་བརྒྱ་དང་བཅུ་བདུན་ལོན་ཚེ་ཕུང་པོ་ལྷག་མེད་དུ་གཤེགས་སོ། །

[༥] དེའི་སློབ་མ་ཉང་བྱང་ཆུབ་གྲགས་ནི།

ཉང་ཡུལ་གཡུ་འབྲུག་སྟོད་དུ་སྐུ་བལྟམས་ཤིང་རྟེན་དགེ་སློང་ལོ་བཞི་བཅུ་རྩ་གཉིས་ལོན་པ་ཞིག་བྱུང་། ཁུ་འགྱུར་གསལ་བ་ལས་གདམས་པ་གསན། ཡང་རྫོང་དང་། མཆིམས་ཕུ་རྣམས་སུ་ཤྭ་བ་ཅིག་ཁྲིད་ནས་བྱོན་པས་ཉང་ཤྭ་བ་ཅན་ཞེས་ཀྱང་གྲགས། བསམ་ཡས་མཆིམས་ཕུར་གནས་ལུགས་ཀྱི་དོན་སྒོམ་གྱིན་བཞུགས་ཙ་ན། དབུ་རུ་ཞའི་ཉང་ཤེས་རབ་འབྱུང་གནས་ཞེས་བྱ་བ་དགེ་སློང་བགྲེས་པོ་གཅིག་བཞུགས་འདུག་པ་དེ་མཇལ་དུ་བྱུང་། ཁོང་ན་རེ། བསྙེན་པར་རྫོགས་ནས་ལོ་ང་རྒན་ཡང་གདམས་པ་ཁྱེད་ཆེ་བར་འདུག རྗེས་སུ་བཟུང་བར་འཚལ་ཞུས་པས། གནང་སྟེ་གདམས་པ་བྱིན་པས་བརྒྱུད་འཛིན་གྱི་ཐུགས་སྲས་གཙོ་བོར་གྱུར། རྗེ་ཉིད་ཕུག་པོ་ཆེར་བྱོན་སྐབས་ཞིག་ན་སློབ་དཔོན་ཤེར་འབྱུང་དང་། སྦ་སྒོམ་གཉིས་ལ་ངས་ལྟད་མོ་གཅིག་སྟོན་གྱི་ལྟོས་ཤིག་གསུངས། ཁོང་གཉིས་ཀས་གཡས་གཡོན་ནས་བལྟས་ཙ་ན། སློབ་དཔོན་དབུས་ན་ཡོད་པ་དེ་རུ་མི་སྣང་བར་སོང་། དེར་ངོ་མཚར་སྐྱེས་ནས་ཡོད་ཙ་ན། རླུང་འཚུབ་ཁྲུ་གང་པ་གཅིག་ཏུ་གྱུར་ནས་ཕར་བསྐྱིལ་ཚུར་བསྐྱིལ་བྱས། དེ་མེར་སོང་། དེའང་ཆུ་གཏོར་གཏོང་བའི་འཁར་གཞོང་དུ་འཕོས་ནས་ཆུར་ལྟེམ་གྱིས་སོང་། དེས་ཚུབ་གཅིག་ངང་ལ་སློབ་དཔོན་རང་དུ་ཀྲོང་གིས་སོང་། དེ་ལྟར་འབྱུང་བཞི་ཟད་པར་གྱི་སྐྱེ་མཆེད་ལ་དབང་བསྒྱུར་ནས། ཞལ་ནས་འདི་སྐད་དུ། འབྱུང་བའི་སྙིགས་མ་དེངས་ནས་དྭངས་མ་མ་ཡལ་བའི་བར་དུ་དེ་ལྟར་འོང་བ་ཡིན། ཤེས་རབ་ཀྱིས་སྒོམ་རྒྱུ་མེད་པའི་དོན་མཐོང་ཡང་བརྡའ་ལ་ཡེངས་པ་མེད་པར་བསྐྱངས་ན་དེ་ལྟར་དུ་རང་དབང་ཐོབ་པ་ལ་ཚེགས་མེད། མ་ཡེངས་པར་སྐྱོང་བ་གལ་ཆེ་བ་ཡིན་གསུངས་ཤིང་མཐར་རང་ཉིད་ཕུང་པོ་ལྷག་མེད་དུ་གཤེགས་སོ། །

[༦] དེའི་སློབ་མ་ཉང་ཤེས་རབ་འབྱུང་གནས་ནི།

དབུ་རུ་ཞྭའི་ཡུལ་དུ་སྐུ་འཁྲུངས་རྟེན་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་བཞུགས། སྐུ་ན་ཆེས་སྨིན་པའི་སྐབས་སུ་ཉང་བྱང་ཆུབ་གྲགས་དང་མཇལ་ཏེ་གདམས་ཁྲིད་གསན། མཆིམས་ཕུ་དཔལ་གྱི་ནགས་ཁྲོད། སྒྲགས་ཀྱི་ཡང་རྫོང་། ཕུག་པོ་ཆེ་རྣམས་སུ་ཐུགས་དམ་ལ་བཞུགས་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་ཤར། ཐུགས་སྲས་ཐུ་བོ་སློབ་དཔོན་སྦ་སྒོམ་པ་རྗེས་སུ་བཟུང་ནས་བསྐྱངས་པས་བརྒྱུད་པ་ཟིན་པ་བྱུང་། དཔོན་སློབ་གཉིས་བལ་བུའི་ནགས་ཀྱི་དབེན་ཁྲོད་དུ་བཞུགས་སྐབས་ཤིག་ལ་སྦ་སྒོམ་ཤིང་འཐུ་བར་བྱོན། རྒྱང་རིང་ནས་ཚུར་འཇག་སྤྱིལ་ལ་གཟིགས་པས་མེ་དམར་བུན་བུན་འདུག་པ་མཐོང་། སློབ་དཔོན་གྱིས་ནི་མེ་མི་འབུད། མེ་ཤོར་བ་ཡིན་ནམ་སྙམ་ཏེ་བལྟར་ཕྱིན་པས་འཇག་སྤྱིལ་སྔར་བཞིན་ལས་མེ་མི་སྣང་། སློབ་དཔོན་ལ་དེ་ཅི་ཡིན་ཞེས་དྲིས་པས། ངས་མེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཡིན། ངའི་བླ་མ་ཉང་བྱང་ཆུབ་གྲགས་པ་དེ་མི་དྲན་ནམ་གསུངས། ཡང་སྐབས་ཤིག་སློབ་དཔོན་གྱི་བཞུགས་སར་ཆུ་ལྟེམ་མེར་འདུག་པ་མཐོང་མཐར། སློབ་དཔོན་གྱིས། ང་མི་འདུག་ན་ལྷ་རིའི་རྩེ་མོ་ལ་ལྟོས་ཤིག་གསུངས། རེ་ཞིག་ན་སློབ་དཔོན་མ་བྱུང་བས་རི་ལ་སྐྱོ་སངས་ལ་བཞུད་པ་ཡིན་གྱི་སང་དགོང་འབྱོན་དུ་འོང་སྙམ་ཡང་མ་བྱོན། བལྟར་ཕྱིན་ཙ་ན། དབུ་ཞྭ་དང་། བོ་དྷིའི་ཕྲེང་བ་ལ་སོགས་སྐུ་ཆས་རྣམས་ཤུག་པ་ལ་གཟར་ཏེ་ཕུང་པོ་ལྷག་མེད་དུ་གཤེགས། འདི་ནི་རང་བཞིན་རྫོགས་པ་ཆེན་པོ་ལས་ནམ་མཁའ་དང་། མཁའ་འགྲོའི་འཆི་ལུགས། མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས་ཞེས་པའི་ཡ་གྱལ་གཅིག་ཡིན་པར་གསུངས་སོ།།

[༧] དེའི་སློབ་མ་སྦ་སྒོམ་ཡེ་ཤེས་བྱང་ཆུབ་ནི།

ཡུལ་ལོ་མོ་ཞེས་པའི་ས་ཆར་སྐུ་འཁྲུངས་ཤིང་རྟེན་དགེ་བསྙེན་དུ་བཞུགས། གདུང་རུས་སྦ་ཡིན་པས་སློབ་དཔོན་སྦ་སྒོམ་པའམ་མཚན་ཡེ་ཤེས་བྱང་ཆུབ་ཏུ་གྲགས། སྔར་རང་གི་ཡུལ་ན་ཡོད་པའི་ཚེ་འཁྲུག་པ་ཡོད་པས། ཡུམ་ན་རེ། བུ་འདི་སྲིང་མོ་དྲུག་གི་མིང་པོ་གཅིག་པུ་ཡིན། མ་ཤི་བ་གཅིག་པུས་ཆོག་ཟེར་ནས་སློབ་དཔོན་ཤེས་རབ་འབྱུང་གནས་ལ་བཅོལ་བས་རྗེས་སུ་བཟུང་། ཉི་ཤུ་རྩ་བཞི་ལོན་ཙ་ན་ཉང་ཤེར་འབྱུང་གིས་ཀློང་སྡེའི་གདམས་པ་བཏབ་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། རྡོ་ལ་འདམ་རྫབ་ལྟར་བརྫིས་པ་དང་བྲག་ལ་ཟང་ཐལ་དུ་གཤེགས་པ་སོགས་གྲུབ་པའི་རྟགས་མཐུན་སྣང་བ་མང་དུ་བསྟན། དགུང་ལོ་དགུ་བཅུ་རྩ་བརྒྱད་བར་བཞུགས་ཤིང་མཐར་སྐུ་སྙུན་པ་མེད་པར་གཤེགས། ཇོ་མོ་གང་མོས་ཕྱི་རོལ་གྱི་མི་རྣམས་ལ་པུར་མཇལ་མ་བཏང་བས་མཆོད་ཁང་དུ་པུར་མེ་ལ་བྱུང་བས་འོད་རྫ་མ་ཙམ་ཞིག་ནམ་མཁའ་ལ་འགྲོ་བ་ཕྱི་རོལ་གྱི་མི་ཀུན་གྱིས་མཐོང་ཞིང་ཤུལ་དུ་གདུང་རུས་གཅིག་ཀྱང་མ་བྱུང་

ངོ་། །

[༨] དེའི་སློབ་མ་འཛེངས་དྷརྨ་བོ་དྷི་ནི།

ཡབ་ཡར་ལུང་ཐང་ཆུང་བཙད་པོའི་བུ་ཆེ་བ་བཀྲ་ཤིས་གཡུང་དྲུང་ཞེས་ཕྱིས་རབ་ཏུ་བྱུང་ཞིང་རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་ཐོབ་པ་དང་། ཡུམ་མཚར་དགུ་སྐྱིད་གཉིས་ཀྱི་སྲས་སུ་ཆུ་ཕོ་འབྲུག་གི་ལོར་འཁྲུངས། ལོ་བཅུ་དྲུག་ལོན་པའི་དུས་འགྲུལ་ཟླ་ཁ་ཤས་དང་བཅས་དོལ་གྱི་གདོང་སྣར་ཚོང་ལ་ཕྱིན་སྐབས་དོལ་གྱི་འཚེར་ཆུང་ན་མི་མང་པོ་སྤུངས་འདུག་པ་བལྟར་ཕྱིན་པས་དམ་པ་སངས་རྒྱས་དང་མཇལ། ཟླ་བ་བཅུ་བཞིར་དམ་པའི་ཕྱག་ཕྱིར་འབྲངས་ནས་གཙང་གི་གནས་གཞི་བཟང་ཅན་དུ་སླེབས། དེར་དམ་པས་སྣམ་བུ་གཅིག་གནང་སྟེ་དོལ་དུ་འགྲོ་བའི་ཟླ་བོར་འདུག་པས་ཁྱོད་རང་ཡུལ་དུ་ལོག དྭགས་པོ་ནས་ཁམ་བུ་ཁྱེར་ལ་ཤོག་གསུངས། བཀའ་བཞིན་ལམ་དུ་ཞུགས་པ་ན་དམ་པ་ཚུར་བྱོན་ནས། ཅི་ཡང་མ་ཡིན་གནས་གྱུར་པ། །གནས་གྱུར་པ་ལ་གཉིས་འཛིན་མེད། །ཅེས་གསུངས་ནས་མགོ་ཐུག་ལན་གཉིས་བརྒྱབ་པས་སེམས་ཧད་དེ་བ་ལ་ཤེས་པ་བཀྲ་གསལ་བ་ཞིག་བྱུང་། དེ་ནི་དམ་པས་བྱིན་གྱིས་བརླབས་ཏེ་རྡོ་རྗེ་ཟམ་པ་དང་མཇལ་བའི་ལུང་བསྟན་པར་འདུག་སྟེ་དུས་ཕྱིས་ལས་མ་གོ་གསུངས། དེ་ནས་དབུས་སུ་བྱོན་ནས་གསན་པ་ཅི་རིགས་མཛད་ཅིང་སོ་ལྔ་ལོན་ཚེ་སློབ་དཔོན་སྦ་སྒོམ་དང་མཇལ། རིམ་གྱིས་རྟོགས་པ་ཁྱད་པར་ཅན་དུ་ཤེས་ནས་གདམས་པ་གནང་བར་ཞུས་པས། ང་ལ་མན་ངག་རྡོ་རྗེ་ཟམ་པ་ཞེས་བྱ་བ་སྐད་ཅིག་མར་དོན་རྟོགས་ནས་ཚེ་གཅིག་ལུས་གཅིག་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའི་བརྒྱུད་པ་ཕྲེང་མ་ཆད་པ་ཞིག་ཡོད། དེ་སྔ་ཕན་ཆད་སུ་ལའང་མ་སྨྲས་པ་ཡིན་མོད་ད་ཁྱོད་ལ་སྦྱིན་ནོ་གསུངས་ནས་རིམ་བཞིན་གྲོལ་ལམ་གྱི་དབང་བཞི་རྫོགས་པར་བསྐུར། གདམས་ངག་མ་ལུས་པ་གནང་སྟེ་ཕྱིས་ཀྱང་བྱིན་རླབས་ལན་བཞི་ཙམ་ཞུས་ཤིང་ཞབས་ཏོག་འབུལ་ཆེན་ལན་ལྔ་ཙམ་ཕུལ། སློབ་དཔོན་གྱིས་སྣང་བ་འདི་ཀུན་རྫུན་མའི་ཆོས་ཅན་ཡིན་གསུངས་ནས་ངོ་མཚར་བའི་རྫུ་འཕྲུལ་དུ་མ་ཡང་བསྟན་ཅིང་གདམས་ངག་གཞན་ཡང་མང་དུ་གནང་། གཞན་གྲུབ་ཆེན་ཡུ་མོ་པ། དྭགས་པོ་ལྷ་རྗེ། མ་ལབ་སྒྲོན། ཁམས་པ་ལུང་པ་སོགས་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་དུ་མ་ལས་གདམས་ངག་རྒྱ་མཚོ་ལྟ་བུ་གསན་ཅིང་དེ་དག་ཏུ་དཀའ་ཐུབ་མཛད་པའི་ཚུལ་མང་། ཕུག་པོ་ཆེར་རྡོ་རྗེ་ཟམ་པ་ཞུས་ནས་བདུད་རྩིའི་དཀའ་ཐུབ་མཛད་པས་རིམས་ནད་ཀྱིས་བརྫི་མ་ནུས། གནུབས་ཤོད་པོ་ཆེའི་དྲུང་དུ་བླ་མའི་བྲན་གྱི་དཀའ་ཐུབ་བྱས་པ་གར་ཕྱིན་དུ་བླ་མའི་ཐུགས་ལ་འདོགས། དམ་པ་རྒྱ་གར་གྱི་དྲུང་དུ་རྟོག་དཔྱོད་ཀྱི་དཀའ་ཐུབ་མཛད་པས་ཐམས་ཅད་ལ་རང་བྱན་ཚུད། སྐྱིད་ལུང་དུ་ཕུར་པའི་བཟླས་པ་ལ་དཀའ་ཐུབ་བྱས་པས་འཇིག་རྟེན་ལྷ་འདྲེས་ཅི་སྨྲས་ཉན། ཇོ་བོ་བཀའ་གདམས་པའི་ས་རུ་ཞི་དུལ་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་གཞན་གྱིས་བྱམས། ཡི་གེ་བཞི་ལ་མི་སྡོད་པ་གསུམ་གྱི་དཀའ་ཐུབ་བྱས་པས་བདེ་དྲོད་འབར་ནས་གཙང་དུ་གཅེར་བུ་ལོ་ལྔ་བྱས། དེ་ལ་ངེས་ཤེས་སྐྱེས་ནས་ཕག་མོ་མངོན་འབྱུང་ལ་སྒྲུབ་པའི་དཀའ་ཐུབ་བྱས་པས་མགུར་མོའི་ནུབ་ཕྱོགས་སུ་རྗེ་བཙུན་མའི་ཞལ་གཟིགས། བརྡ་མང་པོ་གནང་། གནུབས་ཡུལ་རོང་དུ་རྨི་ལམ་སྦྱངས་པས་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས། གཞོ་སྟོད་ཏི་སྒྲོའི་ཤེལ་ཕུག་ཏུ་ཁྲོ་བོ་བདུད་རྩི་འཁྱིལ་པའི་ཞལ་མཐོང་ནས་མི་མ་ཡིན་གྱིས་བསྙེན་བཀུར་ཆེར་བྱས། ལྷ་ཟུར་དུ་བཅུད་ལེན་གྱི་སྒྲུབ་པ་བྱས་པས་ཚེ་དཔག་མེད་ཀྱི་ཞལ་མཐོང་། ཆོས་མང་པོའི་རྣམ་བཞག་རྒྱུད་ལ་ཤར། ཨོ་དཀར་བྲག་ཏུ་སྒྲུབ་པ་མཛད་པས་བདེ་མཆོག་ཡབ་ཡུམ་ཞལ་གཟིགས། ལན་གཅིག་འགྲོ་འདོད་པ་ཞིག་བྱུང་ནས་མོན་མགར་གྲོང་མོ་ཆེའི་མདུན་དུ་བྱོན་ནས། ཆུའི་རྫིང་བུ་ཞིག་ལ་ཐུབ་ཚོད་དུ་མཆོངས་པས་འཁྱགས་ཆག་ནས་ཆུར་བྱིང་། སྐྱེངས་པའི་རྣམ་རྟོག་ཞིག་ཤར་ཙ་ན་ཆུ་ལ་རླངས་པ་ནམ་མཁའ་མི་མཐོང་བ་ཙམ་བྱུང་། མི་རྣམས་ངོ་མཚར་སྐྱེས་ནས་ལྕགས་བསྲེགས་ཆུ་ལ་བཙུད་པ་འདྲ་བྱུང་ཟེར། རང་ལ་འཁྱགས་པའི་རྣམ་པ་ནི་བྱུང་གསུངས། ཨ་ཙ་ར་སྟག་ཤམས་ཅན་སོགས་རྣལ་འབྱོར་གྱི་དབང་པོ་ཤ་སྟག་དང་འགྲོགས་ཤིང་སྣང་བ་ལ་ཐོག་རྫིས་ཤིན་ཏུ་ཆེ་བས། དགུན་འཁྱགས་པའི་རུམ། དབྱར་ཆུ་བོའི་གཞུང་། མ་ངེས་པའི་གཡང་རོང་ཟབ་མོར་མཆོང་བ་དང་མགོ་བརྡེབ་པ། མཚོན་བརྡེགས་སོགས་སྤྱོད་པ་ཚན་པོ་ཆེ་མ་བྱས་པ་མེད་པས་དཔའ་བོ་འཛེངས་ཆུང་བར་གྲགས། སོ་མང་བཙན་ལ་ཕྱག་རྒྱ་ཆེན་པོ་བཏབ་པས་འཕྲུལ་སྣང་ཡེ་ཤེས་སུ་གནས་འགྱུར། རི་ཁྲོད་རླུང་ཆུང་པ་དང་དངུལ་མོ་རྒྱ་ལེ་ལྕམ་ལ་ཡི་གེ་བཞི་པ་དང་རྫོགས་ཆེན་བཏབ་པས་འཁྲུལ་ཞིག་ཆེན་པོར་གྱུར་ཏེ་མཐར་ཕུང་པོ་ལྷག་མེད་དུ་དེངས། མ་ཇོ་དད་པ་ཅན་དང་། ཁམས་པ་སྙིང་རུས་ཅན་ཞིག་ལ་རྡོ་རྗེ་ཟམ་པ་བསྟན་པས་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་ཀྱིས་ཕུང་པོ་ལྷག་མེད་དུ་སོང་། རས་པ་སྒོམ་སྟག ཤོ་རས། རྒྱ་རས། རླུང་རས་སོགས་ལ་གདམས་པ་བཏབ་པ་ཙམ་གྱིས་བདེ་དྲོད་འབར། དེ་བཞིན་དུ་ཆོས་ཉིད་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུ་སོང་བ་ཤིན་ཏུ་མང་། རྫུ་འཕྲུལ་གྱི་བཀོད་པ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བས་རེས་སྐུ་ལུས་འཇའ་རུ་འཁྱིལ། སྣང་སེམས་རོ་གཅིག་ཏུ་འདྲེས་པས་བྲག་གཡང་ལ་བྱ་ལྟར་ལྡིང་བ་དང་། ཐག་རིང་པོའི་ས་ཡང་ཡུད་ཙམ་ལ་འཁོར་ཞིང་རེས་ཞབས་ས་ལ་མི་རེག་པར་གཤེགས། གཞན་གྱི་སེམས་ཤེས་པ་སོགས་མངོན་པར་ཤེས་པ་ཐོགས་མེད་དུ་མངའ་བས་མ་འོངས་པ་ཐམས་ཅད་ལུང་དུ་སྟོན་པས་མཚོན་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་ཅིང་མན་ངག་རྡོ་རྗེ་ཟམ་པ་གཙོ་བོར་གྱུར་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་སྐལ་བ་དང་ལྡན་པའི་རེ་བ་ཡོངས་སུ་བསྐངས་པས། འཛེངས་ཇོ་སྲས། སློབ་དཔོན་ཀུན་བཟང་། ཉང་དྷརྨ་སེདྷ། གསེར་ལུང་པ། རུ་རྡོ་རྗེ་རྒྱལ་མཚན། གཟིག་ཡེ་ཤེས་དབང་པོ། གཡག་སྟོན་ཟླ་བ་འོད་ཟེར། སྐྱེ་ཚེ་ཡེ་ཤེས་དབང་ཕྱུག་སོགས་མཁས་པ་དང་གྲུབ་པའི་ཡོན་ཏན་གྱིས་མཐོ་ཞིང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ངེས་གསང་སྙིང་པོའི་བསྟན་པའི་གསལ་བྱེད་ཆེན་པོར་གྱུར་པའི་ཞལ་སློབ་མང་པོ་བྱོན། རེ་ཞིག་ན་རྟོག་དཔྱོད་ལ་འཛིན་པ་དག་ནས་དགོངས་པ་ཟད་སར་འཁྱོལ་བའི་རྟགས་སུ་ངས་ལོ་མང་པོ་ལོན་ཏེ་ང་ལའང་ཏིག་པོ་བཤད་རྒྱུ་མེད་གསུངས། དེར་འཁོར་རྣམས་ཀྱིས་དགེ་རྩ་ཞིག་མཛད་པར་ཞུས་པས། འདུས་བྱས་ཀྱི་དགེ་རྩ་ལ་ཐུགས་མི་གཏོད་གསུངས། བཅུད་ལེན་ཞིག་མཛད་པར་ཞུས་པས་ཀྱང་། བཅུད་ལེན་བྱས་ན་ལོ་བཅུ་ཙམ་ཚེ་བསྲིང་ནུས་ཏེ་དུས་ངན་ལ་ཚེ་རིང་བས་དགོས་པ་མེད་གསུངས་ནས་དགུང་གྲངས་བརྒྱ་དང་བཅུ་བདུན་ལོན་པ་ས་ཕོ་བྱི་བའི་ལོ་ལ་སྐུ་གཤེགས། པུར་སྦྱངས་པས་ནམ་མཁའ་འཇས་གང་ཞིང་མཆོད་རྟེན་དང་རིང་བསྲེལ་ཡང་མང་དུ་བྱོན། འདི་ནི་ཚོགས་པ་བསྐྱངས་པས་སྙིགས་མ་འཇའ་ལུས་སུ་མ་དེངས་ཀྱང་ཀ་དག་ཆོས་ཟད་ཀྱི་རྒྱལ་སར་གཤེགས་པའི་རྟགས་མཐའ་དག་ཚང་བ་བྱུང་ངོ་། །

[༩] དེའི་སློབ་མ་འཛེངས་ཇོ་སྲས་ནི།

སྔགས་པའི་རིགས་ལས་བཙས་པས་ཆུང་ངུ་ནས་ཡིག་རྩིས་ལ་སྦྱངས། འོལ་ཁའི་ལྷ་བྲིས་པ་ལས་སྒྱུ་འཕྲུལ་ལ་སོགས་རྙིང་མ་དང་། དགྱེས་རྡོར་དང་མཚན་བརྗོད་སོགས་གསན། སློབ་དཔོན་ལྷ་བྲིས་པ་འདའ་ཁར་གཞུང་ཆེན་པོ་འདི་ཙམ་ཞིག་ཤེས་ཀྱང་འཆི་ཁར་ཕན་པ་ཨ་རོ་ཐུན་བདུན་ལས་མ་བྱུང་། ཁྱོད་རང་ཡང་མཚན་ཉིད་ཀྱི་གཞུང་ལ་མ་བསླབ་པར་གདམས་ངག་ལ་ནན་ཏན་གྱིས། དྭགས་པོ་ན་ཁྱེད་རང་གི་བླ་མ་འཛེངས་བྱ་བ་གཅིག་ཡོད་འདུག་པས་དེར་སོང་ཞེས་ལུང་བསྟན། གངས་བར་དུ་རྫོགས་ཆེན་ལྷུན་གྲུབ་མཁན་སློབ་དཔོན་ཟམ་གྱི་སར་དབྱར་དགུན་ཐོག་དྲུག་བཞུགས་ཀྱང་གདམས་ངག་གི་སྤྲོས་པ་མ་ཆོད་ནས་སློབ་དཔོན་འཛེངས་ལས་དཔལ་ལུང་དུ་རྡོ་རྗེ་ཟམ་པ་ཚར་གསུམ་ཞུས། བྱིན་རླབས་མཛད་ནས་ཁྱེད་རང་རེ་ཞིག་གཙང་དུ་སོང་ལ་གཞུང་སློབ། གཙང་ནས་འཁོར་ཙ་ན་དགོན་པ་གཅིག་ཏུ་སྡོད་གསུངས། དེར་གདམས་པ་མི་གནང་བར་དགོངས་ནས། གཞན་སུས་ཤེས་དྲིས་པས། གྲ་ཕྱིའི་ཇོ་སྲས་ཞང་ལ་སྐྱབས་བྱ་བས་ཤེས་གསུངས། དེ་ལས་ཞུ་བར་སེམས་ཙ་ན་ཁོང་གྲོངས། ཡང་དྭགས་པོ་རང་དུ་ལོག་ནས་འཛེངས་ལ་ཞུས་ཀྱང་མ་གནང་། སློབ་མ་གཅིག་ལས་ཞུ་བསམ་ནས། ཤོ་སྐྱམ་དུ་སློབ་དཔོན་དུའི་སྤྱན་སྔར་ཕྱིན་ཙ་ན་དྭགས་པོར་སོང་ལ་ཞུས་གསུངས། ཡང་དྭགས་པོར་བྱོན་ནས་ཞུས་པས། ཅིས་ཀྱང་འདོད་ན་གདམས་པ་ལ་ནན་ཏན་བྱེད་དགོས་པ་ཡིན་གསུངས་ནས་རྫོགས་པར་གནང་། ལོ་དྲུག་ཙམ་ནས་གདམས་ངག་ཕྲན་ཚེགས་དང་བཅས་པ་ཐམས་ཅད་ཡོངས་སུ་རྫོགས་པ་བྱུང་། ཐོད་པའི་བླ་མ་རོག་བོ་དགའ་དང་མ་ཇོ་བཟློ་བ་ལ་སོགས་པ་ལྔ་བཅུ་ཙམ་གྱིས་སློབ་དཔོན་ལ་རྡོ་རྗེ་ཟམ་པ་གསུང་བར་ཞུས་པས། ཇོ་སྲས་ཀྱིས་ཤོད། ཁྱེད་ཚོས་ཉོན་གསུངས་ནས་གདམས་ངག་གི་བཀའ་ཕོག་པའི་བརྒྱུད་འཛིན་དུ་བསྐོས་སོ། །

[༡༠] དེའི་སློབ་མ་ཀུན་བཟང་རྡོ་རྗེ་ནི།

ཡབ་དབུས་པ་ཕག་མོ་གྲུབ་པའི་སློབ་མ་རྟོགས་པ་མཆོག་ལྡན་གྱི་སྒོམ་ཆེན་ཞིག་པོ་ཞིག་དང་། ཡུམ་ཟི་བཟའ་དེས་ཆོག་བྱ་བ་མ་ཇོ་སྨྱོན་མ་བསམ་འགྲུབ་བྱ་བ་ལས་ཆོས་ཐོས་པ་དེ་གཉིས་ཀའི་སྲས་སུ་རྨི་ལམ་གྱི་ལྟས་བཟང་པོ་དང་བཅས་སྐུ་འཁྲུངས། དགུང་ལོ་བརྒྱད་དགུ་ལ་སློབ་དཔོན་ཀོར་སྟོན་རཱ་ཛ་ལས་སློབ་གཉེར་ཅུང་ཟད་བྱས། བཅོ་ལྔ་ལོན་པའི་ཚེ་ཁོང་གྲོངས་ནས་སློབ་དཔོན་དུ་བའི་གམ་དུ་ལོ་ལྔ་ཙམ་ཞི་བྱེད་གསན་ཞིང་བསྡད་ནས་ཞབས་ཏོག་འགྲུབ་ཚད་བྱས། གསེར་ལུང་དགོན་པར་སློབ་དཔོན་དུ་བ་དང་མཇལ་བའི་ཚེ་བཅོ་ལྔའི་ཟླ་བའི་རུམ་ན་སྐར་མ་གཉིས་ཐིམ་པ་རྨིས། འཛེངས་ཆེན་པོ་དྷརྨ་བོ་དྷི་ལས་རྡོ་རྗེ་ཟམ་པ་ཚར་གཅིག་ཞུས། དེ་རྗེས་འཛེངས་ཇོ་སྲས་སྤུང་རིང་དུ་སྤྱན་དྲངས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། དྭགས་པོར་དགུན་ཐོག་བཞི་ཕྱིན། རྡོ་རྗེ་ཟམ་པ་ཚར་ཕྱེད་པ་གཅིག་དང་བཅུ་བཞི་ཐོབ། ཇོ་སྲས་དང་ལོ་བརྒྱད་འགྲོགས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། ཕྱི་ནས་ཤོ་རུ་ཚར་གཉིས། གསེར་ལུང་དུ་ཚར་གཅིག གཞན་ལ་གསུང་འཕྲོར་མཇལ་བ་དང་དྲིལ་བས་འཛེང་མེས་དབོན་གཉིས་ལས་རྡོ་རྗེ་ཟམ་པ་ཚར་སུམ་ཅུ་རྩ་ལྔ་ཐོབ། གཉིས་ཀའི་གདམས་པ་བཀའ་བབ་ནས་གཞུང་བཤད་ཆེ་ཆུང་གཉིས་ཀྱང་མཛད་དོ། །

འདི་ལས་སྲས་སྤྲུལ་སྐུ་འོད་འབར་སེང་གེ་བྱ་བ་བྱུང་། དེ་ནི་བློ་རྣོ་བ། ཤེས་རབ་ཕུན་སུམ་ཚོགས་པ་ཞིག་སྟེ། ལོ་བཅུ་བཞི་པ་ལ་རྡོ་རྗེ་ཟམ་པ་གསུངས། དེས་བརྒྱུད་འཛིན་ཇོ་མགོན་ལ་གནང་། དེས་བྱར་མེད་ཚུལ་ཁྲིམས་རིན་ཆེན་ལ་གནང་ངོ་། །ཡང་འཛེངས་གིས་ཡར་ཀླུངས་བཙན་ཐང་པ་ཉང་དྷརྨཱ་སིདྷ་ལ་རྡོ་རྗེ་ཟམ་པ་བཤད་པས་བྱིན་རླབས་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས། དུར་ཁྲོད་དགོན་པར་བཞུགས་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད་དེ། མཐར་དགུང་ལོ་དོན་བདུན་པ་ལ་གཤེགས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད་དོ། །དེའི་སློབ་མ་བཛྲ་པཱ་ཎི། དེའི་སློབ་མ་བླ་མ་ལྷའོ། །ཡང་འཛེངས་ཀྱིས་གསེར་ལུང་པ་ལ་བཤད། དེའི་སློབ་དཔོན་རང་གྲོལ། དེས་སྲས་པོ་ཆོས་རིན་ལ་བཤད་དོ། །ཡང་འཛེངས་ཀྱིས་དུས་རྡོ་རྗེ་རྒྱལ་མཚན་ལ་བཤད། དེས་དུ་སྟོན་དད་པ་བརྩོན་འགྲུས། དེའི་སློབ་མ་ཞིག་གིས་བྱས་པའི་གཞུང་བཤད་ཀྱང་ཡོད། ཡང་འཛེངས་ཀྱིས་གཟིག་ཡེ་ཤེས་དབང་པོ། དེས་མཁན་པོ་ལ་ཁ་བ། དེས་སློབ་དཔོན་མགོན་སྐྱབས། དེས་སློབ་དཔོན་གོ་རི་བ། དེས་སོ་སྟོན་ལ་བཤད་དེ་སོ་སྟོན་གྱི་གཞུང་བཤད་ཀྱང་སྣང་ངོ་། །ཡང་འཛེངས་ཀྱིས་སྤུང་རིང་པ་གཡག་སྟོན་ཟླ་བ་འོད་ཟེར། དེ་ཀློག་སྟོན་དགེ་འདུན་སྐྱབས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད། ཡང་སྤུང་རིང་གཡག་སྟོན་གྱིས་ལོ་བརྒྱ་ལ་ཉེ་བ་ཐུབ། དེས་འོན་ནག་སྟོད་པ་གླ་རུ་བན་དེ་ལ་བཤད་ནས་ཀྱང་དར། ཡང་འཛེངས་ཀྱིས་སྐྱེ་ཚེ་ཡེ་ཤེས་དབང་ཕྱུག་ལ་བཤད། དེས་གཟིག་ཡེ་ཤེས་དབང་པོ། དེས་མཁན་ཆེན་ངུར་པ། དེས་དུ་སྟོན་བཛྲ་ཤྭ་ར། དེས་མཁན་ཆེན་བསོད་ནམས་རྒྱལ་མཚན། དེས་མཁན་ཆེན་གཞོན་ནུ་ཤེས་རབ། དེས་སློབ་དཔོན་གཞོན་ནུ་གྲགས་པ། དེས་མཁན་ཆེན་སངས་རྒྱས་བཟང་པོ། དེས་བླ་མ་བརྩོན་འགྲུས་དབང་ཕྱུག དེས་མཐའ་བཞི་གྲགས་པ་རིན་ཆེན། དེས་སློབ་དཔོན་ཤཱཀྱ་རྒྱལ་པོ། འདི་སྐུ་གཞོན་ནུའི་ཚེ་ཁྲབ་ལ་ཁར་རབ་ཏུ་བྱུང་། ལོ་དུས་ལ་བསྙེན་པར་རྫོགས། མཛོད་དང་འདུལ་བ་ལ་བྱང་བས་སྐྱོར་ལུང་དུ་གྲྭ་སྐོར་མཛད། ཐུགས་དམ་འཕེལ་བར་བཞུགས་པ་ལ། སྐུ་ན་ཧ་ཅང་མཐོ་བས་སྤྱན་མི་གསལ་ཡང་གཞན་གྱིས་སྤྱན་ཚབས་བྱས་ཏེ་རྗེས་སུ་བརྗོད་ནས་གསུངས་པ་སོགས་ཐུགས་བསྐྱེད་ཤིན་ཏུ་ཆེ། དགུང་ལོ་བརྒྱར་ཉེ་བར་བཞུགས་ནས་གཤེགས་པའི་རྗེས་ཐུགས་ལས་རིང་བསྲེལ་ཟད་པ་མེད་པར་བྱོན་པ་བྱུང་། འདིས་འགོས་ལོ་གཞོན་ནུ་དཔལ་ལ་གསུངས། དེས་སྤྱན་སྔ་བ་ཆོས་ཀྱི་གྲགས་པ། དེས་ཤེལ་བྲག་པ་ཆོས་ཀྱི་བློ་གྲོས། དེས་ཁྱུང་ཚང་བ་བློ་གྲོས་དཔལ་ལྡན། དེས་དཔང་སྟོན་ཀརྨ་གུ་རུ་པ། དེས་དཔང་སྟོན་ཆོས་དབང་ལྷུན་གྲུབ། དེས་ཆོས་དབང་ཀུན་བཟང་། དེས་དཔང་སྟོན་ཀུན་བཟང་ཆོས་རྒྱལ། དེས་རིག་འཛིན་གཏེར་བདག་གླིང་པ་ནས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་འགྱུར་མེད་པདྨ་བསྟན་འཛིན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། མཁན་ཆེན་རིག་འཛིན་བཟང་པོ་བཅས་ཆོས་རྗེ་སྨིན་པ་ཡབ་སྲས་རྣམས་དང་། དེ་ལས་མཁན་ཆེན་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁས་གྲུབ་པདྨ་བཛྲ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཆེན་ཡོན་ཏན་རྒྱ་མཚོ། མཁན་ཀུན་བཟང་དཔལ་ལྡན། མཁས་མཆོག་ངག་དབང་ནོར་བུ། ཁྱབ་བདག་བླ་མ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་བཅས་གྲུབ་དབང་རྫོགས་ཆེན་པ་མཁན་རབས་སློབ་བརྒྱུད་དང་བཅས་ད་ལྟའི་བར་བརྒྱུད་པ་བར་མ་ཆད་པ་བྱོན་ཞིང་རྣམ་ཐར་གོང་འོག་གི་སྐབས་ཅི་རིགས་པ་ལས་འབྱུང་བ་ལ་གཟིགས་ཤིང་མཁྱེན་པར་ཞུ། །

༣༽ ཞར་བྱུང་འཕྲོས་དོན་གྱི་རྣམ་ཐར་གཞན་བཤད་པ།

གསུམ་པ་ཞར་བྱུང་འཕྲོས་དོན་གྱི་རྣམ་ཐར་གཞན་བཤད་པ་ནི། གངས་རིའི་ལྗོངས་འདིར་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་སྤེལ་བ་ལ་བཤད་སྒྲུབ་ཀྱི་ཕྲིན་ལས་ཟླ་དང་བྲལ་བ་ཀུན་གཟིགས་རོང་ཟོམ་མ་ཧཱ་པཎྜི་ཏ་དང་ཡུལ་མངའ་རིས་ཀྱི་པཎྜི་ཏ་ཆེན་པོ་པདྨ་དབང་རྒྱལ་རྣམ་གཉིས་ཀྱི་རྟོགས་པ་བརྗོད་པར་འདོད་དེ།

[༡] ཕུལ་དུ་བྱུང་བའི་པཎྜི་ཏ་ཆེན་པོ་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོ་ནི།

སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་ཚེ་ཡི་རིག་འཛིན་བརྙེས་པས་དགུང་ལོ་སུམ་བརྒྱའི་བར་འགྲོ་བའི་དོན་མཛད་པ་རོང་བན་དཔལ་གྱི་རིན་པོ་ཆེའི་སྲས། རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་དགུང་ལོ་ཕྱེད་དང་སུམ་བརྒྱའི་བར་བཞུགས་པའི་གྲུབ་ཐོབ་དེ་ཉིད་ཀྱིས་རྒྱུའི་དུས་ཀྱི་མངོན་བྱང་ལྔའི་ཆོ་ག་བྱས་པ་ལས། ཕྱོགས་ཀྱི་གླང་པོའི་ཤེས་རབ། དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙན་དྲ་གོ་མིའི་བརྗོད་པ། ཆོས་ཀྱི་གྲགས་པའི་བརྒལ་བརྟག །སློབ་དཔོན་དཔའ་བོའི་རྩོམ་པ་སྟེ་ཕུན་སུམ་ཚོགས་པ་ལྔའི་ངོ་བོར་བྱང་ཆུབ་པའི་སྐྱེ་བའི་མྱུ་གུ་གཙང་སྨད་རུ་ལག་གི་སའི་ཆ་སྣར་ལུང་རོང་དུ་སྐྱེ་སྲིད་བཟུང་། སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀིརྟི་དང་ཨ་ཙ་ཪྱ་ཕྲ་ལ་རིང་མོའི་སྐྱེ་བར་ཡང་ངོས་འཛིན། བྱིས་པའི་དུས་སུ་ཨ་ཙཪྱ་ཐམས་ཅད་ལ་དགྱེས་ཤིང་དེ་དག་དང་བརྡ་འཕྲོད་པས་ཝརྟའི་པུ་ཏི་ལ་བརྟགས་པ་ཙམ་གྱིས་མཁྱེན་པ་ལ་ཚེགས་མ་བྱུང་། སྐུ་གཞོན་ནུ་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེན་པོ་མངའ་བས་ཉང་སྨད་དུ་མགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་སྦྱོང་མཛད། དེར་ཡབ་རྒྱགས་སྐྱེལ་དུ་བྱོན་པར་མཆེད་གྲོགས་དག་ན་རེ། ཁྱེད་ཀྱི་བུ་འདི་བློ་དྲེད། ཐོ་ཅོ་ཆེ་བས་ངེད་ཅག་ཀྱང་སུན་པར་བྱེད་ན་ད་རེས་ཕར་འཁྲིད་པ་ལེགས་ཟེར། ཡབ་ཀྱིས་སློབ་དཔོན་ལ་ཁོང་རྣམས་དེ་སྐད་གསུངས་པས་འཁྲིད་པར་བྱའམ་ཞུས་པར། མགར་སྟོན་ཆེན་པོས། དེ་སྐད་མ་ཟེར། ཆོས་ཐམས་ཅད་ཁོས་གོ་ནས་ཡོད་པ་ཡིན་གསུངས། ལོ་བཅུ་གཅིག་པ་ལ་མཚན་ཉིད་གསན། ཆོས་མཚམས་སུ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱི་གསུངས་ཚད་ཤར་རེ་བཤད་ཤེས་པ་བྱུང་བས་ཐམས་ཅད་ངོ་མཚར་བར་གྱུར། ཆོས་ཁྲིད་ཐམས་ཅད་ཚར་རེ་གསན་པས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་གྲགས། དགུང་གྲངས་བཅུ་གསུམ་ལོན་པའི་དུས་ནས་ཀྱང་གསན་པ་རྫོགས་པ་དང་འདྲ་བར་ཐུགས་སུ་མ་ཆུད་པའི་ཆོས་ཤེས་བྱ་ལ་སྲིད་པར་མ་གྱུར་པས་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད། ཉིད་ཀྱི་ཞལ་ནས་ཀྱང་། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ཚར་རེ་ལས་མ་ཐོས་སོ་གསུངས་སྐད། སྤྱིར་བླ་མ་མང་པོ་ལས་མདོ་སྔགས་སོ་སོའི་བརྒྱུད་པའི་ཆོས་བཀའ་གྲངས་མང་གསན་ཞིང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས། སློབ་དཔོན་ཆེན་པོ་པདྨའི་གདམས་པ་རྣམས་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག ། དོམ་ཨ་ཙ་ར་དཔལ་གྱི་མེ་ཏོག །སྒྲ་རྡོ་རྗེ་གཞོན་ནུ། ཞང་ཞང་ཡོན་ཏན་གྲགས། རོང་བན་ཡོན་ཏན། རོང་བན་ཚུལ་ཁྲིམས་རིན་པོ་ཆེའི་བར་དུ་བརྒྱུད་ནས་དེ་ལས་ཉིད་ཀྱིས་གསན། བཻ་རོ་ཙ་ནའི་མན་ངག་རྣམས། བཻ་རོས་གཡུ་སྒྲ། དེས་བླ་ཆེན་དགོངས་པ་རབ་གསལ། དེས་གྲུམ་ཤིང་གླག་ཅན། དེས་གནུབས་དཔའ་བརྟན། དེས་ཟི་བོན་སྟོན། དེས་ཀུན་མཁྱེན་རོང་ཟོམ་ལ་བཤད་དེ་སེམས་སྡེའི་བརྒྱུད་པ་གཅིག་གོ། །ཡང་ཀློང་ཐང་སྒྲོལ་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་གྲུབ་པའི་སྐྱེས་བུ་ཞིག་བྱུང་སྟེ། དེ་ལ་རྒྱ་གར་བདུན་བརྒྱུད་དང་། རྒྱའི་སློབ་དཔོན་བདུན་བརྒྱུད་ཀྱི་གདམས་པ་མངའ་ཞིང་།

དེས་ཅོག་རོ་ཟངས་དཀར་མཛོད་ཁུར་དང་། ཡ་ཟི་བོན་སྟོན། དེས་རོང་པ་ཆོས་བཟང་ལ་གནང་བ་ལ་རྫོགས་ཆེན་ཁམས་ལུགས་སུ་གྲགས། ཡང་བཱི་མ་ལས་ཉང་ཏིང་འཛིན་བཟང་པོ་ལ་གསུངས་པ་དང་། བཱི་མ་ལས་རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མཱ་ར་ལ་གསུངས་པའི་མན་ངག་ཀྱང་། གཉིས་ཀས་ཁུ་བྱང་ཆུབ་འོད། ཁྱུང་པོ་དབྱིག་འོད་ལ་བརྒྱུད་ནས་རིམ་གྱིས་རོང་ཟོམ་ལ་བཀའ་བབ་པས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་ཆུ་འགོ་གཅིག་ཅེས་ཡོངས་སུ་གྲགས། སྐྱེས་བུ་ཆེན་པོ་འདི་ནི་ཤེས་རབ་མྱུར་ལ་ཟབ་པ། ཆོས་ཀྱི་ཚིག་དོན་ལ་ཐོགས་རྡུག་མེད་པར་འཇུག་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བས་སྟོན་པ་དྲང་སྲོང་ཆེན་པོའི་གསུང་གི་གསང་བ་དང་རྗེས་སུ་མཐུན་པའི་བསྟན་བཅོས། དོན་བཟང་པོ། ཚིག་འབྲུ་བཟང་པོ། བརྗོད་པ་མ་འདྲེས་པ་ཤ་སྟག་འབྱུང་བ་སྟེ། སྐུ་གཞོན་ནུའི་ཚེ་མདོ་སྟོན་སེང་གེ་བྱ་བ་ལས་སྔ་འགྱུར་གསན་པའི་ཚེ་རེ་ཞིག་ན་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་གྱིན་འདུག་པ་རྨིས། དེ་སློབ་དཔོན་ལ་ཞུས་པས། ཤིན་ཏུ་ངོ་མཚར་ཆེ། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན། ཁྱེད་ཀྱིས་འགྲེལ་པ་རེ་གྱིས་གསུངས། བླ་མའི་དགོངས་པ་རྫོགས་པར་བྱ་བའི་ཕྱིར་བསླབ་པ་རིན་པོ་ཆེ་གསུམ་ལ་བརྟེན་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་པ་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པ་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་མཉམ་སྦྱོར་གྱི་འགྲེལ་པ། དེ་བཞིན་དུ་ངན་སོང་སྦྱོང་རྒྱུད། འཇིགས་བྱེད་ལ་སོགས་པའི་འགྲེལ་པ་དང་མན་ངག་མང་ངོ་། །དེ་དག་གི་ནང་ནས་ཀྱང་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་བསྟན་བཅོས་དང་གསང་སྙིང་དཀོན་ཅོག་འགྲེལ་ལ་སོགས་པ་གཞུང་གཏིང་ཟབ་ལ་གོ་དོན་སློང་ཆེ་བ་འགྲན་ཟླ་བྲལ་བ་མང་པོ་དང་། དེ་བཞིན་ཚད་མའི་རིག་བྱེད་ཀྱི་བསྟན་བཅོས་དང་། དོན་དུ་འགྱུར་པའི་ཚིགས་བཅད་དང་། སྙན་ངག་གི་བསྟན་བཅོས། སྨྲ་སྒོ་ལ་སོགས་པའི་འགྲེལ་པ་བསྟན་བཅོས་མང་དུ་མཛད་པ་ནས་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ་དང་། དཀར་ཤེ་ཇི་ལྟར་སྒྲུབ་པ་ཚུན་ཆད་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད་པས་གསུང་འབུམ་གླེགས་བམ་བརྒྱ་ཕྲག་ལོངས་པར་གྲགས་ཀྱང་ཕལ་མོ་ཆེ་སྔར་གྱི་དུས་ནས་འཐོར་བརླག་ཏུ་ཕྱིན་པས་མི་བཞུགས་པར་གྱུར། ཕྱི་མའི་དུས་སུ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་སྐུ་ཚེགས་ཆེན་པོས་དབུས་གཙང་གི་ཡུལ་རིས་ཀུན་ནས་འཚོལ་སྡུད་མཛད་ཀྱང་གླེགས་བམ་སྐུ་གསུམ་གྱི་གྲངས་ལྡན་ལས་མ་རྙེད། དེ་ཉིད་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་ཞུས་དག་མཛད་དེ་སྐུ་ཞབས་གཉིས་པ་ཐུབ་དབང་བསྟན་པའི་ཉི་མས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོར་ཤིང་པར་དུ་བསྐྲུན་པའི་བཀའ་དྲིན་ལས་དེང་དུས་དཔེ་རྒྱུན་ཕྱོགས་ཀུན་ཁྱབ་པ་འདི་བྱུང་ངོ་། །བསྟན་བཅོས་རྩོམ་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་སོགས་རྟོག་དཔྱོད་ཀྱི་སྒྲོ་འདོགས་མི་དགོས་ཤིང་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་པའི་གནས་སྐབས་དང་བྲལ། རྗེ་འདིས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་ལུང་མ་ཐོབ་ཀྱང་ཡི་གེ་ལས་བྱུང་བ་བཞིན་ཁ་ཏོན་དུ་བྱས་པས་ཀྱང་བྱིན་རླབས་མ་བྱུང་བ་མེད་ཅེས་གྲགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བདག་ཉིད་ཆེན་པོ་འདི་མཇལ་པའི་ཚེ། ཞལ་ནས་རྒྱ་གར་གྱི་ཨ་ཙཪྱ་ནག་པོ་སྤྱོད་པ་དེ་ཉིད་ཚེ་འཕོས་པ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་གཏམ་བྱ་བ་ག་ལ་ཐུབ་ཅེས་བསྔགས་བརྗོད་མཛད། སྤྱིར་གཏམ་དུའང་། འདུལ་བ་ཚུར་སྟོན་དབྱིག་གི་མཁས། །ཆོག་སྒྲིག་བཟངས་ཀྱི་ཡེ་གྲགས་མཁས། །སྒྲ་དང་ཚད་མ་རོང་པ་མཁས། །ཐམས་ཅད་འཛོམས་པ་ཆོས་གྲགས་རང་། །ཟེར་སྐད། དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་ཐམས་ཅད་ཀྱིས་དང་པོར་རྩོད་པའི་བྱ་བ་ལ་ལྷགས་པ་སྟེ། ཡང་ཁྱེད་བླ་མ་དང་། མར་པ་དོ་པ། འུ་ཡུག་པ་མདའ་སྟོན། མདོའི་ཁྱུང་པོ་ཧཱུྃ་སྙིང་། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སྤང་ཀ་དར་ཆུང་དང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ལ་སོགས་པའི་མཁས་པ་ཐམས་ཅད་ཀྱིས་བོད་དུ་སྐྱེས་པའི་གང་ཟག་ཞིག་གིས་བསྟན་བཅོས་འདི་ཙམ་རྩོམ་པ་ཞེས་དཔྱས་གདགས་སུན་འབྱིན་བསམ་ཏེ་སྐྱེས་བུ་ཆེན་པོ་དེའི་གམ་དུ་སོང་བ་ན། ལུང་གི་འཐད་པ་དང་། རིགས་པས་དཔྱད་བཟོད་པ་དང་། གཏན་ཚིགས་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང་། སྒྲ་སྐྱོན་དང་། དོན་སྐྱོན་ལ་སོགས་འགལ་ཟླའི་ཕྱོགས་ཐམས་ཅད་རྣམ་པར་སྤངས་པའི་མཁྱེན་རབ་ཀྱི་སྤོབས་པས་ཚར་བཅད་དེ་བསྟན་བཅོས་རེ་མཐོང་ཞིང་དེའི་དོན་ལ་རོ་མྱངས་པས་ཐམས་ཅད་ངོ་མཚར་སྐྱེས་ནས་བསྟི་སྟངས་དང་བླ་མར་མཛད་པ་ཤ་སྟག་ཡིན་ཞེས་གྲགས། དེ་བཞིན་གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་ཐོས་པ་མང་བའི་ཚད་འཛིན་པ་དེ་ཉིད་ཀྱིས་ཀྱང་དང་པོར་དཔྱས་གདགས། བར་དུ་བླ་མ་རོང་པས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པོ་ཏི་གཟིགས་པས་གུས་པ་ཆེན་པོ་སྐྱེས། ཐ་མར་ཟང་ཟིང་མང་པོས་བསྙེན་བཀུར་ཏེ་རྗེས་སུ་གཟུང་བར་གསོལ་བ་བཏབ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན། གསང་རྒྱུད་ཀྱི་སྐབས་ན་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ལ་རྒྱ་དཔེ་ཡོད་པར་གྱུར་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་ལ། གོ་རུབ་ལོ་ཙཱ་བས་དེ་བློ་ལ་བཟུང་པ་ཕྱིས་སུ་ཇོ་བོ་ཀྲྀཥྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་ནས་དེ་ལ་མཉན་པས། རོང་པ་པཎྜི་ཏའི་གསུང་བཞིན་བྱུང་ནས་ཤིན་ཏུ་མོས་པ་ཐོབ་པར་གྱུར་ཏེ། ཀྲྀཥྞ་པ་ལས་བྱུང་བའི་རྒྱ་དཔེ་གཅིག་རོང་པ་ཉིད་ལ་ཕུལ་ནས་སླར་ཡང་གསན་སྐད། དེ་བཞིན་དུ་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང་། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་ཀྱང་ཞབས་ལ་བཏུད། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ལྦརྨ་དང་། མཉྫུཤྲི་ཛྙཱ་ན་དང་། ཨུ་པ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཨཱ་ཀ་ར་བྷ་དྲ་དང་། དེ་བཱ་གར་ཙནྟྲ་དང་། པར་མེ་ཤྭ་དང་། ཨ་མོ་གྷ་བཛྲ་ལ་སོགས་པ་པཎྜི་ཏ་མང་པོ་བསྟེན་ཅིང་དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་དགྲ་ནག་གི་རྒྱུད་དང་། འཇམ་དཔལ་གསང་ལྡན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་དཔེར་གླེང་། རྒྱ་གར་གྱི་པཎྜི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཆོས་མང་པོ་རྩོམས་ལ་འགྲོ་བ་རྣམས་སྐྱོབས་རིགས། ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག་སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་རྩོམ་པ་ཡིན་ན་ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུངས་སྐད། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་གཅོམ་བསྐྱུངས་ཤིང་ཁེངས་པ་སྙིལ་བ་ལྷུར་མཛད་དོ། །གྲུབ་པའི་རྣམ་ཐར་ལ་གཞལ་ན། བྲག་ཆེན་མེ་ལོང་ལྟ་བུའི་ངོས་ལའང་རྫུ་འཕྲུལ་གྱི་སྤྱོད་པས་གཤེགས་པ་དང་། བྲག་ལ་ཕུར་པ་འདེབས་པ་དང་། ནམ་མཁའ་ལ་འཕུར་བ་དང་། བོད་ཀྱི་ལྷ་འདྲེ་ཕལ་མོ་ཆེའི་གནས་དང་སྤྱོད་པ་ཐུགས་སུ་ཆུད་པའི་མངོན་པར་མཁྱེན་པ་མངའ་བ་སོགས་མང་། དེ་ལྟར་སྤྲུལ་པའི་སྐུར་རྩོད་པ་མེད་པའི་པཎྜི་ཏ་ཆེན་པོ་དེ་ལ་དུས་སྐབས་དེ་ཙམ་ན་བྱོན་པའི་མཁས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་སྤྱི་བོས་བཏུད་པར་གྱུར་ཅིང་དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས་ཏེ་སྐུ་ལ་སྙུན་མེད་པའི་ངང་ནས་གཤེགས་པར་གྲགས། བོད་གངས་ཅན་གྱི་ལྗོངས་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོས་ཀྱང་བསྔགས་ཤིང་ཡོངས་སུ་གྲགས་སོ། །རྒྱུད་འཛིན་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས། དང་པོ་ནི། སྲས་གཟི་བརྗིད་འབར་དང་། འབུམ་འབར་གཉིས་ལས་སྲས་བརྒྱུད་ཡུན་རིང་པོའི་བར་བྱུང་བ་ཀུན་ཀྱང་རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་པ་ཤ་སྟག་ཡིན། སློབ་བརྒྱུད་ནི། གོ་རུབ་ལོ་ཙཱ་བ་དང་། མར་པ་དོ་པ། འགོས་ལ་སོགས་པའི་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་ཏེ་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་གཅིག་ཞ་མའི་མིང་པོ་རྗེ་འཁུར་པུ་པ་ལ་སོགས་སྒོམ་ཆེན་རྣལ་འབྱོར་གྱི་དབང་པོ་བརྒྱ་དང་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་པ་ལྔ་བརྒྱ་བྱུང་བ་བཅས་ཀྱིས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་བླ་ནས་བླར་འདེགས་པའི་མཛད་པ་བསྐྱངས་སོ། །

[༢] མཁས་དང་གྲུབ་པའི་དབང་ཕྱུག་ཡུལ་མངའ་རིས་ཀྱི་པཎྜི་ཏ་ཆེན་པོ་པདྨ་དབང་རྒྱལ་རྡོ་རྗེ་ནི།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་སྤྲུལ་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་དགུ་པ་སྟེ། ཡབ་མར་པ་ལོ་ཙཱའི་སྐྱེ་བ་ལྷ་རིགས་གྲུབ་པའི་དབང་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞེས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོའི་ཞབས་ལ་གཏུགས་ཤིང་བཀའ་གཏེར་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་དེ་དང་། ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་རབ་བྱུང་བརྒྱད་པའི་མེ་མོ་ལུག་གི་ལོ་སྟེ་སྤྱི་ལོ་༡༤༨༦པར་ཡུལ་མངའ་རིས་གློ་བོ་མ་ཐང་གི་སའི་ཆར་སྐུ་བལྟམས། ཡབ་རྗེ་མཆོག་ནས་མཚན་པདྨ་དབང་རྒྱལ་དུ་བཏགས་ཤིང་དགུང་ལོ་བརྒྱད་པ་ལ་རྟེན་དགེ་བསྙེན་དུ་མཛད། ཡབ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པས་རྒྱུད་སྦྱངས་པ་ནས། འཇམ་དཔལ་མཚན་བརྗོད། སྒྱུ་འཕྲུལ་ཞི་ཁྲོ། ཡང་དག་མེ་དགུ། སེམས་ཕྱོགས་ལ་སོགས་གསན་པ་རྒྱ་ཆེན་མཛད། བཅུ་གཅིག་པར་རྩ་རྒྱུད་གསང་སྙིང་། སློབ་དཔོན་སྒེག་པའི་རྡོ་རྗེའི་འགྲེལ་པ། གཡུང་ཊིཀ་ཁ་དམར་ཅན། སུམ་སྟོན་གྱི་ཊི་ཀ་ལ་སོགས་པ་ཕལ་ཆེར་ཟླ་བ་བདུན་གྱིས་ཁོང་དུ་ཆུད་པ་བྱུང་། ཁྱད་པར་དུ་མདོ་དབང་དང་། ཕུར་པ། སྒྲུབ་ཆེན་བཀའ་བརྒྱད་བཅས་ལ་ནན་ཏན་ཆེན་པོ་མཛད། དགོངས་འདུས་ལ་སོགས་པའི་མདོའི་གནས་ཀྱང་བྱང་བར་བྱས། བཅུ་གཉིས་པའི་ཚེ་མཁས་པ་མང་པོའི་དབུས་སུ་གཞུང་བསྒྱུར་གྱི་བཤད་པ་མཛད་པས་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས། བླ་མ་གསང་བ་འདུས་པ་དང་། སྒྱུ་འཕྲུལ་ཞི་ཁྲོ། རྟ་མགྲིན་ལ་སོགས་པའི་བསྙེན་སྒྲུབ་མཐར་ཕྱིན། གྲུབ་པའི་རྟགས་མཚན་གྱི་ཐོག་མར་ཤྭ་ལོག་ཆེན་པོ་ཞིག་བྱུང་བ་ལ་ཕུར་པ་གདེངས་པ་ཙམ་གྱིས་ནམ་མཁའ་ཐོག་སོ་བདུན་ཙམ་གྱི་སར་འཁྱིལ་ཞིང་བཟློག །དེ་བཞིན་དུ་གཏོར་ཆེན་འཕངས་པའི་ཚེ་ས་སྟེང་ནས་ཁྲུ་གང་ཙམ་འཕགས་པ་བྱུང་། གྲུབ་པ་བརྙེས་པའི་རྣམ་ཐར་གཞན་ཡང་རྗེ་ཉིད་ཀྱི་གསུང་ལས། བྲག་དམར་གྱི་མཚོ་ལ་རོ་སྙོམས་བྱས། །སྨིན་ནག་ཆུ་ལ་རྡོག་པས་བརྫིས། །ལྷ་ལུང་གི་བྲག་ལ་བྱ་ལྟར་ལྡིང་། །བ་གམ་ཅན་བྲག་ལ་བྱི་ལྟར་འཛུལ། །མགོ་བོ་ཅན་བྲག་གི་ལོགས་ལ་རྒྱུགས། །གྲོགས་ཤེར་སེང་དང་ཤེར་དཔལ་རྒྱལ་བཟང་གསུམ། །བྱང་རྒྱལ་དང་བླ་མ་རིན་སེང་བ། །སྐྱེས་ཕོ་མོ་འགས་གྲུབ་ཐོབ་གྲུབ་ཐོབ་ཟེར། །དེར་གྲུབ་ཐོབ་ཀྱི་གོ་བ་ང་མི་ལེན། །ཆོས་ཉམས་བླངས་ཀྱི་ཉམས་སྣང་ཐོབ་ཙམ་ཡིན། །དོན་འཕོ་འགྱུར་བྲལ་བ་མ་རྟོགས་ན། །ལུས་སྒྱུ་མའི་ཆོ་འཕྲུལ་བྱ་བྱིས་སྟོན། །ཞེས་པའི་གསུང་བྱོན། དགུང་ལོ་བཅུ་བཞི་ནས་བཀའ་བརྒྱད་དང་མ་གཤིན་ལ་སོགས་པའི་སྒྲུབ་ཕྲིན་མང་དུ་བསླབས་ཤིང་བཟླས་སྒོམ་ཚད་མེད་མཛད། དེ་ནས་ལོ་བདུན་གྱི་བར་དུ་གཅོད་ཡུལ་དང་རོ་སྙོམས་མཛད། བྱེ་མ་དང་། ཆུ་རྡེལ། མེ་ཏོག་ལ་སོགས་པའི་བཅུད་ལེན་ཁོ་ནས་དཀའ་སྤྱད་ཡུན་རིང་མཛད། ཐེམ་སྤངས་ཀྱི་དམ་བཅའ་ལོ་གསུམ་དང་ངག་བཅད་ཀྱི་དམ་བཅའ་ལོ་གསུམ་སོགས་སུ་བཞུགས། ཤ་ཁྲག་གི་ཟས་ལ་ཤིན་ཏུ་སྡང་ཞིང་། སྨྱུང་གནས་དང་། གསོ་སྦྱོང་མང་དུ་མཛད་པས་སྤྱན་རས་གཟིགས་ཀྱིས་ཞལ་ལན་བདུན་དུ་གཟིགས། ལོ་གཅིག་ལ་བླ་མ་གསང་འདུས་ཀྱི་གདམས་ངག་ལ་ནན་ཏན་མཛད། བཅུ་བདུན་གྱི་ལོ་ལ་ཐུགས་ལ་དམ་བཅའ་བརྒྱད་མཛད་པ་སྟེ་། དགེ་འདུན་ལ་མཐོང་ཕྱག་བྱེད་པ་དང་། ཕ་ཡུལ་དུ་ཞག་བདུན་ལས་མི་བཞུགས་པ། དབེན་པ་འབའ་ཞིག་ལ་བློ་གཏད་པ་དང་། རྒྱལ་པོའི་སྒོ་ཁང་ལན་གསུམ་ལས་མི་འགྲིམ་པ་དང་། ཚོང་ཁེ་དང་གྲལ་འགོ་མི་འཛིན་པ། རོ་ཆོག་གི་དབུ་གཙོ་མི་བྱེད་པ་དང་། འཚོ་བ་བསོད་སྙོམས་ལ་བརྟེན་པ་དང་། སྒྲུབ་པ་དང་ཐོས་བསམ་འབའ་ཞིག་བྱེད་པ་རྣམས་སོ། །སློབ་དཔོན་ནོར་བསྟན་བཟང་པོ་ཡང་ཡང་དུ་བསྙེན་ནས་འདུལ་བ་དང་། མདོ་སྡེའི་སྐོར་དང་། ཇོ་བོ་བཀའ་གདམས། ནཱ་རོ་མཁའ་སྤྱོད་མ་བཅས་སྙན་བརྒྱུད་བསམ་མི་ཁྱབ་པ་ཞུས། སྐྱིད་གྲོང་དུ་འཕགས་པ་ཝ་ཏི་མཇལ་བས་གསུང་བྱོན། སྐུ་ཚེ་སྔ་མའི་སྔོན་གནས་མང་པོ་རྗེས་སུ་དྲན། དགུང་ལོ་བཅུ་དགུ་པར་ཕ་ཡུལ་དུ་ཡིག་དྲུག་གིས་འགྲོ་དོན་མཛད། ཉི་ཤུ་ལ་བྱམས་ཆོས་ལྔ། ཕར་ཕྱིན། ཚད་མ། དབུ་མ་རྩ་ཤེར། བཞི་བརྒྱ་པ་དང་། བསླབ་བཏུས། སྤྱོད་འཇུག་སོགས་གཞུང་ལུགས་ཆེན་པོ་བརྒྱ་ཕྲག་གཅིག་ཁོང་དུ་ཆུད་པས་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས། ཉེར་གཅིག་པ་ལ་འཇམ་དབྱངས་ཆོས་སྐྱོང་དང་སྡོམ་བརྩོན་ཚུལ་ཁྲིམས་དཔལ་ལས་གཤེད་དམར་ལ་སོགས་པའི་དབང་སྒྲུབ་གདམས་པ་གསན་ཞིང་བསྒྲུབས་པས་ཞག་བདུན་ན་གཤེད་དམར་དངོས་སུ་མཐོང་། ཉི་ཤུ་རྩ་གཉིས་པར་ཡབ་ཀྱི་དྲུང་དུ་སྔ་འགྱུར་བཀའ་གཏེར་ལ་ཞུན་ཐར་ལེགས་པར་བཅད་ནས་བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པས་བདུད་རྩི་ཁོལ་ཞིང་མར་མེ་ཆུང་ངུ་ཞིག་གིས་ཞག་གསུམ་ཐུབ་པར་གྲགས། དེའི་ཚེ་ཡབ་ཀྱི་གཟིགས་སྣང་ཉིད་ཀྱི་ཚིགས་སུ་བཅད་པ་ལས། བུ་ཁྱོད་ཚེ་ལ་བར་ཆད་མ་བྱུང་ན། །འཇིག་རྟེན་འདིར་ནི་ཆོས་ཀྱི་འཁོར་ལོས་སྒྱུར། །མདང་སུམ་དཀྱིལ་འཁོར་མཐའ་ལ་ཀུན་བསྐོར་ནས། །བླ་མ་ཟུར་ཆེན་རྔོག་སྟོན་ཆེན་པོ་དང་། །རྗེ་བཙུན་གྲགས་པ་འཕགས་པ་རིན་པོ་ཆེ། །ནམ་མཁའི་སྙིང་པོ་བསོད་ནམས་བླ་མ་དང་། །འགྲོ་མགོན་ཉང་རལ་རས་ཆུང་རྡོར་གྲགས་དང་། །རྒྱལ་སྲས་དབང་ཆེན་གློ་བོ་ཡབ་སྲས་དང་། །ཆག་ལོ་ཆོས་དཔལ་ཁྲོ་ཕུ་ལོ་ཙཱ་དང་། །ནག་ཚོ་ལོ་ཙཱ་ཀུན་མཁྱེན་མུས་སྲང་པ། །མཁས་གྲུབ་བསོད་བཟང་གྲུབ་ཆེན་དམར་ཞབས་དང་། །དམ་པ་སངས་རྒྱས་བཻ་རོ་བཱི་མ་ལ། །ཨོ་རྒྱན་ཡབ་ཡུམ་རྒྱལ་པོ་ཁྲི་སྲོང་དང་། །མ་གཅིག་ལབ་སྒྲོན་ཞང་ལོ་རས་ཆེན་པ། །ཁམས་པ་སྒ་ལོ་རྒྱ་གར་པཎ་ཆེན་རྣམས། །གཅིག་ལ་གཅིག་ལྟ་འཛུམ་ཞིང་བཞད་པ་ལ། །ཀུན་ཀྱང་ང་ནི་པདྨ་དབང་རྒྱལ་ཡིན། །སྨྲ་ཞིང་ཐམས་ཅད་ཁྱོད་ལ་ཐིམ་ནས་སོང་། །ཞེས་གསུངས། ཉེར་གསུམ་པ་ལ་གློ་བོ་ལོ་ཙཱ་བ་ལས་ལམ་འབྲས་ཚོགས་བཤད་དང་སློབ་བཤད་གཉིས་ཞིབ་གསན་མཛད། ཉེར་ལྔའི་དུས་བསམ་འགྲུབ་གླིང་དུ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཁན་པོ་དང་། ཆོས་རྗེ་དཀོན་མཆོག་སྐྱབས་ཀྱིས་ལས་སློབ་སོགས་དད་པའི་དགེ་སློང་ཉི་ཤུ་རྩ་ལྔ་དང་བཅས་པའི་དབུས་སུ་ཚིགས་གསུམ་གྱིས་བསྙེན་པར་རྫོགས་པའི་དངོས་པོར་བསྒྲུབས། ཉེར་དྲུག་པ་ལ་ཤེལ་གྱི་རི་བོ་འབྲུག་སྒྲ་ལ་སོགས་པའི་དབེན་གནས་སུ་ཆོས་གོས་གསུམ་དང་། གླེགས་བམ། མཁར་གསིལ། ལྷུང་བཟེད་ལས་གཞན་པའི་ཡོ་བྱད་ཐམས་ཅད་སྤངས་ཏེ་སྒོ་གཅིག་པའི་བརྟུལ་ཞུགས་བཟུང་ནས་དམ་པའི་ཆོས་འདུལ་བའི་ལག་ལེན་ཚུལ་བཞིན་བསྟར་བས་དུས་དེར་འདུལ་བ་འཛིན་པ་ཐམས་ཅད་ཀྱི་ཁྱུ་མཆོག་ཏུ་གྱུར། སླར་ལྗོངས་རྒྱུ་བའི་བརྟུལ་ཞུགས་ཀྱིས་མངའ་རིས་ཀྱི་གནས་རྟེན་རྣམས་ཀྱང་མཇལ་བཞིན་གློ་བོ་མཁན་ཆེན་གྱི་དྲུང་དུ་ཕེབས། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་དགྲ་གདོང་། འཇིགས་བྱེད། གཤེད་དམར། གསང་བ་འདུས་པ་ལ་སོགས་པ་མང་དུ་གསན། མཁན་པོ་དེ་དང་། གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང་། འཇམ་དབྱངས་བློ་གྲོས་དཔལ་མགོན་རྣམས་ལས་བརྟག་གཉིས་ཀྱི་བཤད་པ་དང་གསང་སྔགས་ཀྱི་དབང་དང་མན་ངག་མང་དུ་གསན། སྤུ་ཧྲང་དང་། ཏི་སེ་དང་། ཁོ་ཆར་ལ་སོགས་པའི་གནས་རྟེན་བསྐོར་ནས་སླར་གློ་བོར་བྱོན་གཏེར་སྟོན་ཤཱཀྱ་བཟང་པོ་ལས་བྱང་གཏེར་མང་དུ་གསན་པས་མཚོན། གསང་སྔགས་གསར་རྙིང་གི་དབང་རྒྱུད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་འབད་པས་གསན་ཅིང་བསྙེན་སྒྲུབ་མཛད། བྱ་བཏང་སྒོ་གཅིག་པའི་བརྟུལ་ཞུགས་ཀྱིས་བལ་ཡུལ་འཕགས་པ་ཤིང་ཀུན་དང་། བྱ་རུང་ཁ་ཤོར། བལ་པོ་ཕམ་མཐིང་། ཡང་ལེ་ཤོད་ལ་སོགས་པའི་གནས་ཆེན་ཐམས་ཅད་དུ་གཤེགས་ཤིང་བལ་བོད་ཀྱི་བླ་མ་མང་པོ་བསྟེན་ནས། གནས་འབྲེལ་དང་ཐུགས་དམ་མཛད་པས་དག་པའི་སྣང་བ་མཐའ་ཡས་པ་ཤར་ཞིང་ཡི་དམ་དང་ཆོས་སྐྱོང་མང་པོས་ཞལ་གཟིགས། མཁའ་འགྲོ་མས་སློབ་དཔོན་ཨ་བྷྱ་ཀ་རའི་སྐྱེ་བར་ལུང་བསྟན། ལོ་ཆེན་དཀོན་མཆོག་སྐྱབས་ཀྱིས་རྡོ་རྗེ་ཕྲེང་བའི་དབང་ལ་དོགས་ཆ་མཛད་པས། མཚན་ལམ་ན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གཙོ་བོ་པཎ་ཆེན་པདྨ་དབང་རྒྱལ་གྱིས་མཛད་ཅིང་འདུག་པའི་སྒོ་དྲུང་ནས་མཁའ་འགྲོ་མས་ཁོང་བཀག་ནས་མ་བཏང་བས་སླར་འགྱོད་དེ་གནང་། ཞར་ལ་ལམ་འབྲས་གསར་མའང་ཐོབ། དགུང་ལོ་སོ་བརྒྱད་པ་ནས་གསར་རྙིང་རིས་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་དབུས་གཙང་ཕྱོགས་ཀྱི་གསར་རྙིང་གི་ཆོས་རྒྱུན་ཉམས་པ་དག་གསོ་བའི་ཐུགས་བསྐྱེད། ཡབ་དང་གློ་བོའི་སྡེ་བདག་ཀུན་ལ་གནང་བ་ཞུས་ནས་གཅུང་ལེགས་ལྡན་དང་ལྷན་གཅིག་ཏུ་ཟང་ཟང་ལྷ་བྲག་སོགས་བརྒྱུད་ནས་རིམ་བཞིན་དབུས་སུ་བྱོན། ལྷ་སའི་གཙུག་ལག་ཁང་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་རྟེན་བརྟེན་པ་རྣམས་མཇལ། རྔོག་ཆོས་དང་ཞི་བྱེད་ལ་ཐུགས་འདུན་དྲག་པོ་ཡོད་པས་རྗེ་བཙུན་སྒྲོལ་མ་དང་དཔལ་ལྷའི་སྤྲུལ་པས་སྐོར་ལམ་ནས་ལུང་བསྟན་ཐོབ། གཞུང་སྤྲེ་ཞིང་དུ་རྔོག་བསོད་ནམས་བསྟན་འཛིན་ལས་རྔོག་དཀྱིལ་དང་། གྲྭ་ཐང་དུ་ཞཱ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལས་གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས་སྔོན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བག་ཆགས་དུ་མ་སད་ཅིང་བར་ཁང་དུ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་བཞེངས་ནས་སྒྲུབ་མཆོད་དང་སྨོན་ལམ་མཛད། ལྷོ་བྲག་གུ་རུ་བ་དང་། ཀཿཐོག་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་བཤེས་གཉེན་མང་དག་དང་ཆོས་སྐྱེས་འབུལ་རེས་མཛད། ཕྲེང་པོ་ཨོ་རྒྱན་ཆོས་རྫོང་དུ་ཀོང་ཆེན་ནམ་མཁའ་དཔལ་ལྡན་ལས་བླ་མ་དགོངས་འདུས་གསན། སྒྲགས་ཀྱི་ཡང་རྫོང་དང་མཆིམས་ཕུར་ཐུགས་དམ་མཛད་པས་རྩ་བ་གསུམ་གྱི་ལྷ་ཚོགས་མང་པོས་ཞལ་གཟིགས། ཆོས་དབང་གི་གདུང་རབས་བརྒྱད་པས་ལྷོ་བྲག་ཏུ་སྤྱན་དྲངས་ཤིང་རིམ་པར་མཁར་ཆུ་དང་། བསམ་གྲུབ་བདེ་ཆེན། ལྷ་བྲོ་དང་། སྨྲ་བོ་ཅོག །གྲོ་བོ་ལུང་ལ་སོགས་པར་བྱོན། མངའ་བདག་ཉང་ལ་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་བཞིན། པཎ་ཆེན་འདིས་ཆོས་བརྒྱུད་ཉམས་པ་གསོ་བར་གསུངས་པའི་དུས་ལ་བབ་པ་དགོངས་ཏེ་རང་ལུགས་ཀྱི་བཤད་ཁྲིད་རྒྱ་ཆེན་པོ་མཛད། སྡིག་ཅན་འགའ་ཞིག་ལ་གནས་སྤོར་མཛད་པས་འཇའ་འོད་ཀྱིས་བར་སྣང་བཀང་། ཞྭ་སྟོད་དང་བཙན་གྲོ་སོགས་སུ་སྒྲུབ་ཆེན་བདེ་གཤེགས་འདུས་པའི་སྨན་སྒྲུབ་དང་སྐྱེ་བདུན་གྱིས་འགྲོ་དོན་མཛད། སྔོན་གྱི་སྨོན་ལམ་ལས་བདེ་གཤེགས་འདུས་པ་ལ་དོན་གཉེར་ཆེན་པོ་དང་ལྡན་པས་རང་གི་ཡབ་རྗེ་སོགས་ལས་བཀའ་བརྒྱད་བདེ་འདུས་ཚར་ཉི་ཤུ་རྩ་ལྔ་གསན། ཁྱད་པར་ལྷོ་བྲག་དགོན་དཀར་དུ་རི་བྲག་ལ་ཐོགས་པ་མེད་པར་གཤེགས་ནུས་པའི་རྗེ་རིགས་ནམ་མཁའི་རྣལ་འབྱོར་ལས་ཀྱང་གསན་པས། ཕྱི་མ་འདི་ཁུངས་བཙུན་ཞིང་ཡིད་རྟོན་པར་ནུས་པ་ཡིན་ཞེས་ཉིད་ཀྱིས་གསན་ཡིག་ཏུའང་བསྔགས་པ་ཆེན་པོ་མཛད་དེ་དགོངས་པ་མཐར་ཐུག་རྫོགས་པའི་གསུང་བྱོན། དེ་ནས་ཟབ་གཏེར་གྱིས་འགྲོ་དོན་སྐྱོང་ཚུལ་ཡང་དགུང་ལོ་ཞེ་དྲུག་པར་བསམ་ཡས་སྟེང་ཁང་ནས་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་གསང་སྒྲོམ་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་གསོལ་འདེབས་ལེའུ་བདུན་མའི་སྒྲུབ་ཐབས་གཏེར་ནས་བཞེས་ཤིང་ཕལ་ཆེར་གཏན་ལ་ཕབས་པ་ད་ལྟའང་དར་རྒྱས་ཆེ། གཅུང་རིག་འཛིན་ལེགས་ལྡན་རྡོ་རྗེས་མཚམས་སྦྱར་ནས་འབྲི་གུང་པ་རིན་ཆེན་ཕུན་ཚོགས་གདན་དྲངས་ཏེ་དཔོན་སློབ་གསུམ་ཀས་བསམ་ཡས་རབ་གནས་མཛད་པས་བོད་ཁམས་ཡུན་དུ་བདེ་བའི་རྟེན་འབྲེལ་བསྒྲིགས། འདི་ནས་བཟུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱང་ཐུགས་སྲས་ཀྱི་དམ་པར་གྱུར་པས་རྒྱལ་དབང་པདྨའི་རིང་ལུགས་ལ་ཕྲིན་ལས་རྒྱ་ཆེན་པོའི་འགྲོ་དོན་བྱུང་། རྗེ་འདིའི་ཞལ་སྔ་ནས་མཛད་པའི་ཚིག་ཉུང་ལ་དོན་འདུས་པའི་བསྟན་བཅོས་སྡོམ་གསུམ་རྣམ་ངེས་གཅིག་པུ་སྔ་འགྱུར་པ་རྣམས་ཀྱི་མགྲིན་པའི་རྒྱན་དུ་གྱུར་པས་མཚོན་བསྟན་པ་ལ་བཀའ་དྲིན་ཀྱང་བསམ་གྱིས་མི་ཁྱབ། མདོར་ན་རྗེ་འདི་མཁས་བཙུན་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པས་གངས་རིའི་ལྗོངས་ན་ཕུལ་དུ་བྱུང་བའི་སྐྱེས་བུ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་གསལ་བའི་ཤིང་རྟ་ཆེན་པོ་སྟེ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་སྔ་ནས། སྤྱིར་སྐྱེས་བུ་འདི་ཉིད་ནི་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ། མདོ་སྔགས་གསར་རྙིང་རིས་མེད་པའི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། བཞོན་པ་དང་འཇོལ་བེར་ལ་སོགས་པའི་ཆོས་བརྒྱད་ཡོངས་སུ་སྤངས་པས་ཤཱཀྱ་ཐུབ་པའི་རྗེས་ཞུགས་བསོད་སྙོམས་པ་ཆེན་པོ། ཞེན་ལོག་དང་དཀའ་སྤྱད་ཁུར་དུ་བཟོད་པས་བྱ་བཏང་རྣལ་འབྱོར་གྱི་དབང་པོ་ཆེན་པོ། རིག་པ་དང་གྲོལ་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཞེས་ཆེད་དུ་བརྗོད་པའི་གསུང་གིས་ཡང་ཡང་བསྔགས་པ་མཛད་དོ། །དེ་ལྟར་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་པའི་མཐར་དགུང་གྲངས་ང་དྲུག་པ་རབ་བྱུང་དགུ་པའི་ཆུ་སྟག་ལོར་འོན་སྨོན་ཐང་དུ་སྐུ་གཤེགས་སོ། །

(༣) མཆོག་ཏུ་ཟབ་པ་མན་ངག་སྡེ་འོད་གསལ་གསང་བ་སྙིང་ཐིག་གི་བརྒྱུད་སྲོལ་འཆད་པ།

༡༽ པཎ་ཆེན་བཱི་མ་ལས་བྱུང་བའི་མན་ངག་བཱི་མ་སྙིང་ཐིག་གི་བརྒྱུད་ཚུལ།

གསུམ་པ་མཆོག་ཏུ་ཟབ་པ་མན་ངག་སྡེ་འོད་གསལ་གསང་བ་སྙིང་ཐིག་གི་བརྒྱུད་སྲོལ་འཆད་པ་ལ། པཎ་ཆེན་བཱི་མ་ལས་བྱུང་བའི་མན་ངག་བཱི་མ་སྙིང་ཐིག་གི་བརྒྱུད་ཚུལ་དང་། སློབ་དཔོན་པདྨ་འབྱུང་གནས་ལས་བྱོན་པའི་པདྨ་སྙིང་ཐིག་གི་བཀའ་སྲོལ། རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ལ་བཀའ་བབ་པའི་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་སྲོལ་བཤད་པ། གྲུབ་དབང་རྫོགས་ཆེན་པའི་གསང་བ་སྙིང་ཐིག་གི་བརྒྱུད་སྲོལ་ཐུན་མིན་བྱེ་བྲག་ཏུ་བཤད་པ་དང་བཞི་ལས།

[༡] པཎ་ཆེན་བཱི་མ་མི་ཏྲ།

དང་པོ་བཱི་མ་ལའི་བཀའ་སྲོལ་བཤད་པ་ལ། སློབ་དཔོན་བཱི་མའི་རྣམ་ཐར་གོང་དུ་མདོ་ཙམ་སོང་ལ་འདིར་བོད་ཡུལ་དུ་འགྲོ་དོན་མཛད་ཚུལ་ཅུང་ཟད་གླེང་བ་ནི། དེ་ཡང་རྒྱ་གར་གྱི་ཡུལ་སེར་སྐྱའི་གྲོང་ཁྱེར་ན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཆུང་བ་ཞེས་བྱ་བ་ཞིག་བཞུགས་ལ། དེ་ཉིད་ལ་མཆོད་གནས་ལོ་དྲུག་ཅུའི་བར་མཛད་པ་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་བཱི་མ་ལ་མི་ཏྲ་འཇའ་ལུས་འཕོ་ཆེན་གྱི་སྐུར་བཞེངས་པ་དགུང་ལོ་ཉིས་བརྒྱར་ཉེ་བ་ཞིག་བཞུགས་སོ། །དེའི་ཚེ་བོད་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་པའི་སྐབས་སུ་གྱུར་ཅིང་། འདི་ལ་མཆོད་གནས་ཉང་ཏིང་འཛིན་བཟང་པོ་ཞེས་བྱ་བ་ཞི་གནས་ཀྱི་ཏིང་ངེ་འཛིན་ཐུན་གཅིག་གིས་ལོ་བདུན་དང་ཟླ་བ་བདུན་གྱི་བར་ལ་གནས་པ། ཤའི་སྤྱན་རྣམ་པར་དག་པས་གླིང་བཞི་དུས་གཅིག་ལ་གཟིགས་པ་ཞིག་བཞུགས་པ་དེ་ཉིད་ཀྱིས། ཀྱེ་རྒྱལ་པོ་ལགས། རྒྱ་གར་སེར་སྐྱའི་གྲོང་ཁྱེར་ན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཞེས་བྱ་བ་ལ་པཎྜི་ཏ་ལྔ་བརྒྱ་མཆོད་གནས་སུ་བཞུགས་པར་གདའ་བས། དེ་དག་གི་ནང་ནས་འབྲས་བུ་གསང་སྔགས་ལ་མཁས་པ་གཅིག་སྤྱན་དྲངས་ན་བོད་ཀྱི་རྒྱལ་ཁམས་སུ་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་འགྱུར་ཞེས་ལུང་བསྟན། རྒྱལ་པོ་ཡང་རབ་ཏུ་མཉེས་ནས་དེ་ལྟར་བགྱི་བར་ཞལ་གྱིས་བཞེས། དུས་དེར་བོད་ཀྱི་རྒྱལ་ཁམས་ན་བློ་རྣོ་བ་དབུ་རུ་འཕན་ཡུལ་དུ་ཀ་བ་བློ་བརྟན་དང་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་བུ་སྐ་བ་དཔལ་བརྩེགས་དང་། རུ་ལག་ཤངས་ཀྱི་དར་སྒང་ན་ལྕོག་རོ་རྒྱལ་འབྱུང་དང་འབྲོ་བཟའ་མཛེས་མ་གཉིས་ཀྱི་བུ་ལྕོག་རོ་ཀླུའི་རྒྱལ་མཚན་ཞེས་བྱ་བ་གཉིས་ཡོད་པ་བོས་ཏེ། ཀྱེ་རིགས་ཀྱི་བུ་རྫུ་འཕྲུལ་ལྕེ་ལ་དབང་ཐོབ་པ་གཉིས་འོ་སྐོལ་བོད་ཀྱི་རྒྱལ་ཁམས་སུ་འབྲས་བུ་གསང་སྔགས་རབ་ཏུ་ཟབ་པའི་བསྟན་པ་དར་བར་བྱ་བའི་ཕྱིར། རྒྱ་གར་གྱི་ཡུལ་སེར་སྐྱའི་གྲོང་ཁྱེར་ན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཞེས་བྱ་བ་མཆོད་གནས་པཎྜི་ཏ་ལྔ་བརྒྱ་བཞུགས་པ་དེའི་སྤྱན་སྔར་སོང་ལ་གསེར་གྱི་པ་ཏྲ་བདུན་པོ་འདི་དང་། གསེར་ཕྱེ་བྲེ་དགུ་པོ་འདི་ཕུལ་ལ། འདི་བོད་ཀྱི་རྒྱལ་པོས་སྐྱེས་སུ་བསྐུར་བས་སྐྱེས་ལན་དུ་པཎྜི་ཏ་འབྲས་བུ་གསང་སྔགས་ཀྱི་ཆོས་ལ་མཁས་པ་གཅིག་བརྫང་བར་ཞུ་ཞེས་བརྗོད་ལ་སོང་ཞིག་ཅེས་བཀའ་བསྒོས། ལོ་ཙཱ་གཉིས་པོ་རྒྱལ་པོའི་བཀའ་བཞིན་རྒྱ་གར་ཡུལ་དུ་ཕྱིན་ཏེ་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་ཕྱག་མཛད་ནས། གསེར་གྱི་པ་ཏྲ་དང་གསེར་ཕྱེ་རྣམས་ཕུལ་ཏེ་འཕྲིན་གསོལ་བས། རྒྱལ་པོ་རབ་ཏུ་དགྱེས་ནས་བོད་ཀྱི་བྱང་ཆུབ་སེམས་དཔའ་གཉིས་བསིལ་ཁང་དུ་རེ་ཞིག་བཞུགས་ཤིག་ཟེར་ནས། རྒྱལ་པོ་ཉིད་པཎྜི་ཏ་རྣམས་དྲོ་ལ་བྱོན་པའི་དུས་སུ་དྲོ་གསོལ་བའི་གྲལ་ལ་བྱོན་ཏེ། ཀྱེ་མཁས་པ་ཆེན་པོ་རྣམས་བདག་ལ་བོད་ཀྱི་རྒྱལ་པོས་སྐྱེས་ཤིན་ཏུ་བཟང་བ་ཞིག་བསྐུར་བྱུང་བས། དེའི་སྐྱེས་ལན་དུ་པཎྜི་ཏ་འབྲས་བུ་གསང་སྔགས་ཀྱི་ཆོས་ལ་མཁས་པ་གཅིག་ཐོངས་ཟེར་བ་སུ་ཞིག་ཕེབས་པར་འཚལ་ཞེས་བཀའ་བསྩལ། སློབ་དཔོན་བུདྡྷ་གུ་ཧྱའི་ཞལ་ནས་སྐྱེས་སྐྱེལ་བ་དེ་གཉིས་འདིར་ཁྲིད་ལ་ཤོག་གསུངས། རྒྱལ་པོས་ཁྲིད་ནས་འོངས་པ་ན། ལོ་ཙཱ་བ་གཉིས་ཀྱིས་བཱི་མ་ལའི་སྐུའི་མཚན་རྟགས་རྣམས་མཐོང་བས་མོས་པ་རབ་ཏུ་སྐྱེས། བཱི་མ་ལས་ཀྱང་གདུལ་བྱ་དུས་སུ་བབ་པ་མཁྱེན་ཏེ་གྲལ་ལས་བཞེངས་ནས། མ་ནུ་དུ་རུ་ཀྲོ་ཧེ་ཞེས་པའི་སྒྲ་བརྗོད་པས། ལོ་ཙཱ་བ་གཉིས་ལ་ཚིག་དེ་གོ་ལུགས་གཉིས་བྱུང་སྟེ། ལྕོག་རོས། གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུའི་མཐེབ་མོས་རྩོལ་ཕོད་ན། །མདའ་ཡིས་ཕ་རོལ་སྐྱེལ་བར་འགྱུར། །ཞེས་དང་། སྐ་བ་དཔལ་བརྩེགས་ཀྱིས། གྲུ་བོ་དག་ལ་བརྟེན་པའི་མིས། །མཉན་པའི་སྐྱ་བས་རྩོལ་ཕོད་ན། །མི་ཡིས་རྒྱ་མཚོའི་ཕ་རོལ་སྒྲོལ། །ཞེས་ཚིག་ཐ་དད་ལ་དོན་གཅིག་ཏུ་གོ། བཱི་མ་ལས་རྒྱལ་པོ་ཁྱོད་ཀྱིས་གཏོང་ཕོད་ན་ངས་བོད་ལ་ཕན་ཐོགས་པར་འདུག་པས་འགྲོ་ཞེས་ཞལ་གྱིས་བཞེས། རྒྱལ་པོས་ཀྱང་གནང་སྟེ་རབ་ཏུ་ཟབ་པ་གསང་བ་སྙིང་ཐིག་གི་དཔེ་ཚར་གཅིག་བསྣམས་ཏེ་ཨ་ཙཪྱ་སའི་སྙིང་པོ་བྱ་བ་གཡོག་པོར་ཁྲིད་ནས་བོད་དུ་བྱོན། དེའི་ཚེ་ཡུལ་ཁམས་དེའི་མི་ཐམས་ཅད་མཚན་མོ་རྨི་ལམ་ཀྱང་འཁྲུགས་ཏེ། རྒྱ་གར་ཡུལ་གྱི་ཤིང་དང་མེ་ཏོག་འབྲས་བུ་ཉི་ཟླ་དང་བཅས་པ་བོད་དུ་སོང་བ་རྨིས་པ་དང་། དུར་ཁྲོད་བསིལ་བ་ཚལ་གྱི་མཁའ་འགྲོ་མ་རྣམས་ཆོ་ངེ་འདེབས་པར་འདུག་པ་དང་། རྒྱལ་པོའི་ཆུ་ཚོད་དང་དབྱུག་གུའི་རྩིས་ཐམས་ཅད་འཁྲུགས་པར་གྱུར་ཏོ། །ནངས་པར་གྱི་དུས་སུ་རྒྱལ་པོའི་ཕོ་བྲང་གི་སྒོ་མདུན་དུ་རྒྱ་གར་གྱི་མི་ཐམས་ཅད་འདུས་ནས་རྨི་ལམ་བསྡུར་བས་ཐམས་ཅད་མཐུན་ཏེ་འདི་ཅི་ཡིས་ལན་ཞེས་གླེང་། བུད་མེད་གཅིག་ན་རེ། རྒྱལ་པོའི་མཆོད་གནས་བོད་ལ་མ་ཤོར་རམ། པཎྜི་ཏ་མཁས་པ་གཅིག་གིས་འབྲས་བུ་གསང་སྔགས་ཀྱི་ཆོས་ཐམས་ཅད་དཔེ་ཙམ་མེད་པར་ཁྱེར་བ་མ་ཡིན་ནམ་ཟེར། རྒྱལ་པོས་ཁ་སེང་བཱི་མ་ལ་བོད་དུ་ཤོར་ཟེར་བས། རྒྱ་གར་གྱི་མི་རྣམས་ཀྱིས་རྐང་མགྱོགས་བརྫངས་ཏེ་བོད་ཀྱི་བནྡེ་གཉིས་ཀྱིས་མཐའི་མོན་བུ་ཕྲ་མེན་གྱི་ངན་སྔགས་ཁྱེར་ནས་སོང་བས་བོད་ཀྱི་རྒྱལ་ཁམས་རྣམས་ཕུང་ངོ་ཞེས་པའི་མདོ་བྱང་མང་པོ་བོད་ཀྱི་ལུང་མདོ་དང་སྲང་མདོ་ཐམས་ཅད་དུ་བཏགས་སོ། །ལོ་ཙཱ་བ་གཉིས་ཀྱིས་བཱི་མ་ལ་མི་ཏྲ་སྤྱན་དྲངས་ནས་དཔལ་བསམ་ཡས་སུ་བྱོན་པ་ན། རྒྱལ་པོའི་དྲུང་ཏུ་ཕྱིན་ཏེ་པཎྜི་ཏ་ནི་གྲུབ་པ་ཐོབ་ཅིང་འཇའ་ལུས་འཕོ་ཆེན་གྱི་སྐུར་བཞེངས་པ། སྤྱིར་སྡེ་སྣོད་མ་ལུས་པ་མཁྱེན་ཅིང་འབྲས་བུ་གསང་སྔགས་ལ་ཐུགས་ཀྱི་དགོངས་པ་འབྱོངས་པ། རྒྱ་གར་དུ་དཔེ་ཙམ་ཡང་མ་བཞག་པར་བོད་དུ་བསྣམས་ནས་བྱོན་ཏེ་མཆིས་སོ་ཞེས་གསོལ་བས། རྒྱལ་པོའི་ཞལ་ནས་དོ་ནུབ་དབུ་ཚལ་གསེར་ཁང་དུ་བཞུགས་དང་ནངས་པར་ཞལ་མཇལ་བྱེད་དོ་གསུངས་པ་བཞིན་དབུ་ཚལ་དུ་བཞུགས་སོ། །དུས་དེར་བོད་ཀྱི་བློན་པོ་གདུག་པ་ཅན་རྣམས་ཀྱིས་མདོ་བྱང་བཀླགས་པ་དང་བསམ་ཡས་སུ་པཎྜི་ཏ་བྱོན་ནོ་ཞེས་ཐོས་པས་ཐམས་ཅད་རྒྱལ་པོའི་སྤྱན་སྔར་འདུས་ཏེ། འོ་སྐོལ་གྱི་འདི་ན་མཐའི་མོན་བུ་ཕྲ་མེན་གྱི་ངན་སྔགས་སྣ་ཚོགས་པ་ཁྱེར་བ་ཞིག་ཡོད་གདའ་བས་འདིར་བཞག་པར་མི་རུང་ཞེས་ཞུ་བ་ཕུལ། ནང་པར་ལོ་ཙཱ་བ་གཉིས་རྒྱལ་པོའི་མདུན་དུ་ཕྱིན་པའི་ཚེ། རྒྱལ་པོའི་ཞལ་ནས་ཁྱེད་གཉིས་ཀྱི་དེ་ཕྲ་མེན་གྱི་ངན་ཐབས་སྣ་ཚོགས་ཁྱེར་བ་ཡིན་པར་འདུག་པས་ཞག་འགའ་ལ་མཚན་མ་བརྟག་གོ་གསུངས་ནས་མ་གནང་ངོ་། །དེ་ནས་ལོ་ཙཱ་གཉིས་རབ་ཏུ་སྡུག་བསྔལ་ཞིང་ཞག་གསུམ་ལ་དབུ་ཚལ་དུ་ཉལ་བའི་ནངས་མ་གཅིག་བཱི་མ་ལ་བཞེངས་ནས། རྣམ་པར་སྣང་མཛད་གཟུགས་ཀྱི་ལྷ། གཟུགས་ཀྱི་ལྷ་ལ་ཡེ་ཤེས་ལྷ་ཡིས་ཕྱག་བགྱིའོ། །ཞེས་ཕྱག་མཛད་པས། དེར་ལྡེར་བཟོའི་སྐུ་རྣམས་ཐལ་ཕུང་གིས་སོང་བས་ལོ་ཙཱ་གཉིས་ངོ་མཚར་སྐྱེས་ནས་རྒྱལ་པོ་ལ་བསྙད་པས། འོ་དེ་ཀུན་ཕྲ་མེན་གྱི་ངན་ཐབས་ཡིན་གསུངས། ཡང་ལོ་ཙཱ་གཉིས་སེམས་རབ་ཏུ་མ་བདེ་སྟེ། བདག་ཅག་གཉིས་ཀྱིས་རྒྱ་གར་ནས་དཀའ་བ་སྤྱད་དེ་མཁས་པ་ངོ་མཚར་བ་འདི་ལྟ་བུ་སྤྱན་དྲངས་པ་ལ་རྒྱལ་པོས་འདི་འདྲ་བ་ཅི་ལ་འོས་ཟེར་ནས་ཐུགས་མུག་གོ། དེ་ནས་ཡང་ཞག་གསུམ་གྱི་ནངས་པར་བཞེངས་ནས། རྣམ་པར་སྣང་མཛད་གཟུགས་ཀྱི་ལྷ། གཟུགས་ཀྱི་ལྷ་ལ་ཡེ་ཤེས་ལྷ་ཡིས་དབང་བསྐུར་རོ། །གསུངས་ཏེ་ས་ཕུང་ལ་དབུ་ཞྭ་ཕུད་ནས་བསྐོན་པས། སྐུ་གཟུགས་སྔོན་མ་བས་རབ་ཏུ་ལེགས་པ་རྒྱ་གར་གྱི་ལུགས་སུ་བྱུང་སྟེ་གཟི་མདངས་དང་ལྡན་པར་གྱུར་བས་ཡང་ལོ་ཙཱ་གཉིས་ཀྱིས་རྒྱལ་པོ་ལ་བསྙད་པས། དེ་ནས་རྒྱལ་པོ་ཐུགས་ཡིད་ཆེས་ཏེ་འོ་ན་བོད་ཀྱི་རྒྱལ་ཁམས་སུ་རྐང་མགྱོགས་བརྫངས་ནས་ཟླ་བ་གཅིག་གི་ཚེས་གསུམ་གྱི་ཉིན་པར་འདུས་ཤིག་ཅེས་བཀའ་བཏང་། དེ་ནས་ཟླ་བ་གཅིག་གི་ནངས་པར་དབུ་རྩེ་རིགས་གསུམ་གྱི་སྒོ་མདུན་དུ་གཡས་སུ་རྒྱལ་པོ་ལ་གཡུ་ཁྲི་རབ་ཏུ་འཕང་མཐོ་བ་བརྩིགས། གཡོན་དུ་གསེར་སྦྲམ་གྱི་ཁྲི་རབ་ཏུ་འཕང་མཐོ་བར་བརྩིགས། མཐའ་འཁོར་དུ་བོད་ཀུན་འདུས་པའི་དབུས་སུ་རྒྱལ་པོས་པཎྜི་ཏ་ལ་ཕྱག་མཛད་པས། རྒྱལ་པོའི་ཐུགས་ཀར་དར་མེན་གྱི་དཀྱིལ་ན་རིགས་གསུམ་མགོན་པོའི་ལྷ་བཀྲ་ཡལ་ལེ་འདུག་པ་ཀུན་ཀྱིས་མཐོང་། བཱི་མ་ལས་རྒྱལ་པོའི་དབུ་རྒྱན་ལ་ཨོཾ་ཨཱཿཧཱུྃ་ཞེས་སེ་གོལ་བརྡབས་པས་རིགས་ལྔའི་སངས་རྒྱས་སུ་ཀུན་ཀྱིས་བཀྲ་ཡལ་ལེ་མཐོང་བས་བོད་ཀྱི་རྒྱལ་ཁམས་ཀྱི་མི་ཀུན་ཀྱིས་བསྟོད་ཅིང་མཆོད་གནས་སུ་བཟུང་། དེ་ནས་བཱི་མ་ལས་ཕ་རོལ་ཏུ་ཕྱིན་པ་དང་དབུ་མའི་ཆོས་གསུངས་ཤིང་ཉིན་གཅིག་དྲོ་ལ་བཞུད་པའི་བར་དུ། སྡུད་པ་གསུངས་པའི་ཁྲིའི་རྩར་སྤྲང་པོ་གཅིག་བྱུང་ནས། ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ། །ཕོ་རོག་རྡོ་རྗེའི་འགྲོས་ཀྱིས་ས་མི་ཆོད། །ཅེས་པའི་ཡི་གེ་ཞིག་བྲིས་ཏེ་སོང་། ཕྱི་དྲོ་བཱི་མ་ལ་ཁྲི་ཁར་བྱོན་ཚེ་ཡི་གེ་གཟིགས་པས་འདིར་སུ་འོངས་གསུངས། ཆོས་ཉན་པ་དག་གིས་སུ་ཡང་མ་བྱུང་ཟེར་རོ། །ཁྱེའུ་གཅིག་ན་རེ། ད་ཅི་སྤྲང་པོ་རྒད་པོ་ཞིག་འདུག་པ་ཡིན་ནམ་ཟེར་བས། བཱི་མས་སྤྲང་པོ་དེ་ཚོལ་དང་གསུངས་པས་འཁོར་རྣམས་ཀྱིས་བཙལ་བས་གླིང་གསེབ་ཀྱི་ཆང་མ་ཞིག་གི་ཁྱིམ་ན་འདུག་པ་ཁྲིད་ནས་བྱུང་། བཱི་མ་ལས་ཁྱེད་སུ་ཡིན་ཞེས་དྲིས་པས། བདག་ནི་བ་གོར་བཻ་རོ་ཙ་ནའི་སློབ་མ་གཡུ་སྒྲ་སྙིང་པོ་བྱ་བ་ལགས་སོ་ཟེར་ནས་སེམས་སྨད་ལྔ་ལ་མཁས་པ་གཅིག་འདུག་གོ། དེའི་ཚེ་བཱི་མ་ལས་ཁོང་ལ་དྲན་པ་སེམས་སྡེ་བཅུ་གསུམ་བསྟན་པས་ལྟ་སྒོམ་སྤྱོད་གསུམ་གང་ནས་ཀྱང་དཔོན་སློབ་གཉིས་མཉམ་པ་ཞིག་བྱུང་ངོ་། །དེ་ཙམ་ན་རྗེ་བློན་ཀུན་ཀྱིས་རྟ་སྔོན་པོ་གཡུ་བྱ་གསེར་སྒ་དང་བཅས་ཕུལ་ཏེ་མདོ་སྔགས་ཀྱི་ཆོས་བསྒྱུར་བར་ཞུ་ཞེས་གསོལ་བས། བཱི་མ་ལའི་ཞལ་ནས་རྟ་དང་གསེར་གྱིས་དགོས་པ་མེད། ཆོས་ནི་སེམས་ཅན་གྱི་དོན་དུ་བསྒྱུར་ན་བདག་གིས་ཅི་རིགས་པར་བསྒྱུར་བར་བྱའོ་གསུངས་ནས། དབུ་རྩེ་རིགས་གསུམ་གྱི་ལྷོ་ནུབ་མཚམས་སྒྲ་བསྒྱུར་རྒྱ་གར་གླིང་དུ་བྱོན་ཏེ། ཕ་རོལ་ཕྱིན་པ་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། དཔལ་ཡང་དག་དང་ཕུར་པ། མ་མོ་དང་། གཤིན་རྗེ་རྣམས་གཉགས་ཛྙཱ་ན་ཀུ་མ་ར་དང་མཉམ་དུ་བསྒྱུར། གཡུ་སྒྲས་ལོ་ཙཱ་བྱས་ཏེ་སེམས་སྡེ་ཕྱི་འགྱུར་བཅུ་གསུམ་བསྒྱུར། སྐོར་གསུམ་གྱི་རྩ་བའི་རྒྱུད་ལྔ་ཡང་གཉགས་ཀྱིས་བསྒྱུར་རོ། །ཤིན་ཏུ་ཟབ་པའི་མན་ངག་སྙིང་ཐིག་ནི་བཙན་པོ་དང་ཉང་བན་ཏིང་འཛིན་བཟང་པོ་གཉིས་ལ་ལྐོག་ཆོས་སུ་གསུངས་པ་ལས་གཞན་སྣོད་དུ་རུང་བ་མ་གཟིགས་ནས་དཔེ་རྣམས་བོད་ཡིག་མཛད་དེ་མཆིམས་ཕུའི་དགེ་གོང་དུ་སྦས། བཱི་མ་ཉིད་བོད་དུ་ལོ་བཅུ་གསུམ་ལ་བཞུགས་ནས་རྒྱ་ནག་རི་བོ་རྩེ་ལྔར་གཤེགས། པཎ་གྲུབ་ཆེན་པོ་དེ་ནི་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པས་ཐུབ་པའི་བསྟན་པ་ཇི་སྲིད་གནས་ཀྱི་བར་སྐུ་ལུས་དེ་ཉིད་ཀྱིས་བཞུགས་ཤིང་། ལོ་བརྒྱ་བརྒྱ་ན་བོད་ཀྱི་ལྗོངས་འདིར་སྤྲུལ་པ་རེ་བྱོན་ནས་སྙིང་ཐིག་གི་བསྟན་པ་གསལ་བར་མཛད་པར་ཞལ་གྱིས་བཞེས་པར་གྲགས་སོ། །

[༢] ཉང་བན་ཏིང་འཛིན་བཟང་པོ།

དེའི་སློབ་མ་ཉང་བན་ཏིང་འཛིན་བཟང་པོ་ནི། དེ་ཡང་གོང་དུ་བཤད་པ་ལྟར་གསང་བ་མཆོག་གི་རྒྱུད་ལུང་མན་ངག་ཐམས་ཅད་སློབ་དཔོན་བཱི་མ་ལ་ལས་རྫོགས་པར་ཐོབ་ནས། བཱི་མ་ལ་རྒྱ་ནག་ཏུ་བཞུད་དེ་ལོ་ལྔ་བཅུ་རྩ་ལྔ་ནས་ཉང་ཏིང་འཛིན་བཟང་པོ་རང་རྒྱུད་རྣམ་པར་དག་ནས་ཟག་པ་ཟད་པའི་ཕུང་པོར་གྱུར། དམ་ཅན་རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་པས་འབྲུ་ནས་རྔ་མོའི་ཁལ་ལྔ་བརྒྱ་བྱུང་བ་ལ། ཉང་གིས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་བར་སྣང་ལ་འཕངས་ཏེ་སྔོན་གྱི་དམ་ཚིག་གིས་རྗེས་སུ་བསྐུལ་བས་ནས་རྣམས་ཉང་ལ་ཕུལ། དེའི་རྫས་ཀྱིས་དབུ་རུ་ཞྭའི་ལྷ་ཁང་བཞེངས་སུ་གསོལ་བ་ཆོས་སྐྱོང་ལ་གཉེར་དུ་གཏད་དེ་ཡོངས་སུ་གྲུབ། བཤད་བརྒྱུད་སྙིང་ཐིག་གི་བཀའ་བརྒྱུད་དག་ཀེའུ་ཚང་རིམ་གསུམ་དུ་སྦས་ཤིང་། སྙན་བརྒྱུད་ཡི་གེའི་རིགས་ཀྱི་དཔེ་ཤོག་དྲིལ་རྫ་མ་གང་སྒོ་ཁང་གི་སྟེང་དུ་སྦས། གསང་བ་བླ་ན་མེད་པའི་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བར་བྱེད་པ་ཀ་བའི་སམ་ལེ་གསུམ་གྱི་ཁོང་སེང་ལ་སྦས་ཏེ་ཕྱི་རབས་སྐལ་ལྡན་གྱི་དོན་དུ་རྒྱས་བཏབ་ནས་བར་དེར་མི་སྣང་བར་མཛད་དོ། །སྙན་བརྒྱུད་ཚིག་གི་རིམ་པ་མཆན་དུ་བཏབ་ནས་སྦས་བློ་གྲོས་དབང་ཕྱུག་ལ་གཏད་དེ་བརྒྱུད་པའི་བཀའ་སྲོལ་མི་ཉམས་པར་མཛད། སློབ་དཔོན་ཉིད་ལྷ་སའི་བྲག་ལྷ་ཀླུ་ཡི་ཕུག་གི་ནམ་མཁའ་ལ་ལྷག་མ་མེད་པར་འོད་ཕུང་དུ་ཡལ་ལོ། །

[༣] སྦས་བློ་གྲོས་དབང་ཕྱུག

སྦས་བློ་གྲོས་དབང་ཕྱུག་ནི། ཡུལ་དབུས་འཕན་ཡུལ་དུ་སྦས་ཀྱི་རིགས་སུ་སྐུ་འཁྲུངས། ཉང་ཏིང་འཛིན་བཟང་པོས་རྗེས་སུ་བཟུང་ནས་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་སྙན་བརྒྱུད་ཀྱི་མན་ངག་ཐམས་ཅད་ལྷག་མེད་བུམ་པ་གང་བྱོའི་ཚུལ་དུ་བསྩལ། གཡོ་རུ་གཟོང་གི་ཕུག་པ་དང་། གཙང་རྟ་ནག་སོགས་ཡུལ་དབུས་ཀྱི་སྒྲུབ་གནས་རྣམས་སུ་སྙིང་པོ་དོན་གྱི་སྒྲུབ་པ་ལ་གཞོལ། གྲུབ་པའི་ས་མཐོར་གཤེགས་ཏེ་ལྷག་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པའི་མཐར། གདམས་པ་རྣམས་འབྲོམ་རིན་ཆེན་འབར་ལ་གཏད་དེ་ནམ་མཁར་འོད་ཀྱི་ཕུང་པོར་གཤེགས་སོ། །དེ་སྐད་དུ། ཀུན་མཁྱེན་ཆེན་པོས། གཡོ་རུ་གཟོང་གི་ཕུག་པ་ན། །སྦས་སྟོན་བློ་གྲོས་དབང་ཕྱུག་ལ་གསོལ་བ་འདེབས། །ཞེས་གསུངས་པ་ཉིད་ལགས་ཀྱང་རྣམ་ཐར་རྒྱས་པ་མི་བཞུགས་པར་སྙམ།

[༤] འབྲོམ་རིན་ཆེན་འབར།

དེའི་སློབ་མ་འབྲོམ་རིན་ཆེན་འབར་ནི། སློབ་དཔོན་འདི་ཡུལ་དབུས་སུ་འབྲོམ་གྱི་རིགས་སུ་སྐུ་བལྟམས། སྦས་སྟོན་བློ་གྲོས་དབང་ཕྱུག་ལས་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་སྙན་བརྒྱུད་ཀྱི་གདམས་པ་རྣམས་ལྷག་མེད་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གསན། སྒྲུབ་གནས་བྲག་དཀར་རྟ་སོ་སོགས་དང་སྟོད་ཕྱོགས་ཀྱི་རི་མཚོ་གངས་བྲག་རྣམས་སུ་སྙིང་པོ་དོན་གྱི་སྒྲུབ་པ་ལ་གཞོལ། རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་ཤིང་གྲུབ་པའི་ས་མཐོར་གཤེགས། གདམས་པ་རྣམས་ལྡང་མ་ལྷུན་གྲུབ་རྒྱལ་མཚན་ལ་ཆིག་བརྒྱུད་དུ་གདམས་ཏེ་རེ་ཞིག་དགོངས་པ་གདོད་མའི་ནང་དབྱིངས་སུ་བསྡུས་སོ། །དེ་སྐད་དུ། ཀུན་མཁྱེན་ཆེན་པོས། བྲག་དཀར་རྟ་སོའི་དགོན་པ་ན། །འབྲོམ་སྟོན་རིན་ཆེན་འབར་ལ་གསོལ་བ་འདེབས། །ཞེས་པ་དེ་ཉིད་ཡིན་ནོ། །

[༥] གནས་བརྟན་ལྡང་མ་ལྷུན་གྲུབ་རྒྱལ་མཚན།

དེའི་སློབ་མ་གནས་བརྟན་ལྡང་མ་ལྷུན་གྲུབ་རྒྱལ་མཚན་ནི། ཉང་བན་ཆེན་པོ་འོད་དུ་དེངས་ནས་ལོ་བརྒྱ་སོང་པ་ན། ཉང་མི་དར་མ་དང་དུས་མཚུངས་པར་དབུ་རུ་གཞོལ་མ་དགེ་མཆོག་གི་བུ་རུ་སྐུ་བལྟམས། ངོ་བོ་བཱི་མ་ལའི་སྤྲུལ་པར་གྲགས་ཀྱང་མཐུན་སྣང་ལ་གནས་བརྟན་དཀྱུས་མའི་ངང་ཚུལ་དུ་བཞུགས། རྡོ་རྗེ་ལེགས་པས་ལུང་བསྟན་ནས་སྔར་སྦས་པའི་གཏེར་དཔེ་རྣམས་གཏེར་གནས་ནས་སྤྱན་དྲངས། དབས་བློ་གྲོས་དང་འབྲོམ་རིན་ཆེན་འབར་བ་ལས་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མན་ངག་ཟམ་མ་ཆད་པའི་ཚིག་བརྒྱུད་ཀྱང་གསན་ནས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་ཉམས་སུ་བླངས། གཏེར་དཔེ་རྙེད་ནས་ལོ་བཅོ་ལྔ་པ་ལ་བཤད་རྒྱུད་གསུང་བའི་སྣོད་ཚོལ་དུ་བྱོན་པ་ན་རི་གཟར་རྒོད་པོ་ལུང་དུ་མཇལ། སྣོད་ལྡན་དུ་གཟིགས་ནས་ཁ་རག་ཏུ་གདམས་པ་གསུངས་པའི་དུས་བྱས། མན་ངག་རྙེད་ནས་ཁ་རག་སྒོམ་ཆུང་ལ་ཁྲིད་བཏབ་སྟེ་བཤད་རྒྱུད་བཞག་པའི་གདམས་པ་རིམ་པ་བདུན་དུ་བཏབ། ཕྱིས་ཞིག་ལྕེ་བཙུན་གྱིས་འབུལ་བ་ཤིན་ཏུ་མང་པོ་དང་བཅས་བྱོན་པས་སྙེ་ཐང་དུ་ཉང་བཀའ་གདམས་པ་བྱ་བ་དང་འཕྲད། དེས་ལྡང་མ་ལྷུན་རྒྱལ་སྐུ་གཤེགས་པའི་གཏམ་བཤད་པས། འབུལ་བ་རྣམས་དེ་དང་ཉེ་བར་དགོན་གནས་གཅིག་འདུག་པའི་དགེ་འདུན་རྣམས་ལ་ཕུལ། ཉང་བཀའ་གདམས་པ་ན་རེ། ལྡང་མ་དེ་གནས་བརྟན་ཡིན་པ་ཙམ་ལས་གང་ཟག་བཟང་པོར་སྔར་སུས་ཀྱང་མ་ཤེས། སྐུ་གཤེགས་པའི་དུས་ནམ་མཁའ་འཇས་ཁེངས་ཤིང་གདུང་དང་རིང་བསྲེལ་དཔག་ཏུ་མེད་པ་བྱོན་པས་ཐམས་ཅད་ངོ་མཚར་ཞིང་འགྱོད་པ་སྐྱེས་ནས་གདའ། ཁྱེད་ཀྱང་འབུལ་བ་འདི་ཙམ་འཁྱེར་ལུགས་ཀྱིས་གདམས་ངག་ཁྱད་པར་ཅན་ཞིག་ཡོད་མཆི་བས་བདག་ལ་སྩོལ་ཅིག་ཞུས། དེ་ཉིད་མན་ངག་གི་སྣོད་དུ་གཟིགས་ནས་གདམས་པ་བྱིན། དེས་གཞོའི་ཏི་སྒྲོ་བྲག་ལ་ལོ་གཉིས་བསྒོམས་པས་ཕུང་པོ་ལྷག་མེད་དུ་སོང་ངོ་། །

[༦] ལྕེ་བཙུན་སེང་གེ་དབང་ཕྱུག

དེའི་སློབ་མ་ལྕེ་བཙུན་སེང་གེ་དབང་ཕྱུག་ནི། ཡུལ་ཉང་རོ་གཉན་ཚོའི་ལྕེ་ཐུབ་པའི་དབང་པོ་ཞེས་བྱ་བའི་བུ་གཞོན་ནུ་ནས་ཆོས་མང་པོ་ལ་ཐོས་པའི་ཕ་རོལ་ཏུ་སོན་པ་ཞིག་སྟེ། གནས་བརྟན་ལྡང་མ་བ་དང་རི་གཟར་རྒོད་པོ་ལུང་དུ་མཇལ་ཏེ་གདམས་པ་རྣམས་རྫོགས་པར་ཐོབ། སློབ་དཔོན་གཤེགས་ནས་གཏེར་དཔེ་རྙིང་པ་རྣམས་ལང་གྲོ་འཆད་པ་སྟག་འདྲའི་ཆུ་མིག་གི་རྩ་བ་དང་། འུ་ཡུག་དང་། ཇལ་གྱི་ཕུ་སྟེ་གཏེར་གནས་གསུམ་དུ་སྦས། འུ་ཡུག་ནས་ཤངས་མན་ཆོད་ཀྱི་རི་རྒྱུད་རྣམས་ལ་འཕོ་ཞིང་བསྒོམས་པའི་ཚེ། རྨི་ལམ་ན་ཨ་ཙ་ར་གཅིག་བྱུང་ནས། བདག་ནི་བཱི་མ་མི་ཏྲ་མཁས་པ་སྟེ། །སྐལ་ལྡན་སྙིང་པོའི་ཡང་བཅུད་དོན་འདོད་ན། །མཆིམས་ཕུ་བྲག་དམར་དགེ་གོང་ཡར་འདབས་ལ། །གསང་བ་སྙིང་ཏིག་སྙིང་དང་འདྲ་བ་ཡོད། །དེ་དག་ཁྱེར་ལ་འོ་ཡུག་ཕྱི་གོང་དུ། །སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས། །ཟག་བཅས་ཕུང་པོ་སྣང་བ་མ་ཡིན་ནོ། །ཞེས་གསུངས་པ་ཐོས་ནས་མཆིམས་ཕུར་བྱོན། དེར་བུད་མེད་དུང་སོ་འཁོར་མ་གཡུའི་སྨིན་མ་ཅན་ཞིག་གིས་དཔེ་རྣམས་བྱིན། སླར་འོ་ཡུག་ཕྱི་གོང་རྫའི་ར་བར་བཞུགས་པས་བཱི་མ་ལ་དངོས་སུ་བྱོན་ནས་ཟླ་བ་ཕྱེད་དུ་དབང་ཁྲིད་གདམས་པ་དང་བཅས་པ་ཐམས་ཅད་རྫོགས་པར་གནང་སྟེ་རྒྱ་ནག་ཏུ་གཤེགས་སོ། །དེ་ནས་ལྕེ་བཙུན་གྱིས་ལོ་བདུན་བསྒོམས་པས་ཕུང་པོ་ལྷག་མེད་གྲུབ། སྤྲུལ་པའི་སྐུ་རྒྱལ་བ་ཞང་སྟོན་དང་མཇལ་བས་གདམས་པའི་སྣོད་དུ་མཁྱེན་ཏེ་མན་ངག་རྫོགས་པར་བྱིན། ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་ན་ནམ་མཁའ་ལ་འཇའ་འོད་ཀྱི་ཕུང་པོ་གཅིག་ཏུ་གཤེགས་སོ། །གཏེར་སྦས་པའི་ལོ་སུམ་ཅུ་ན་རོང་སྣང་མདའ་ནས་ལྕེ་སྒོམ་ནག་པོས་ཁ་ཤས་བཏོན་ནས་ཉམས་སུ་བླངས་ཤིང་གཞན་མང་པོ་ལའང་བཤད། དེ་བཞིན་དུ་ལང་གྲོ་འཆད་པ་སྟག་འདྲ་ནས་ཤངས་པ་རས་པ་ཞེས་བྱ་བས་ཀྱང་གཏེར་ནས་བཏོན་ཏེ་དར་རྒྱས་བྱུང་ཞེས་གྲགས་སོ། །

[༧] སྤྲུལ་སྐུ་རྒྱལ་བ་ཞང་སྟོན་པ།

དེའི་སློབ་མ་སྤྲུལ་སྐུ་རྒྱལ་བ་ཞང་སྟོན་པ་ནི། ཡུལ་ཡར་འབྲོག་དོ་ནང་དུ་ཡབ་ཞང་སྟོན་དངོས་གྲུབ་དང་ཡུམ་ཞུ་མོ་ཉ་རེ་ལྕམ་གཉིས་ཀྱི་སྲས་སུ་མེ་མོ་གླང་ལ་སྐུ་འཁྲུངས། བཀྲ་ཤིས་རྡོ་རྗེ་ཞེས་བྱ་བར་མཚན་གསོལ་ཏེ། དགུང་ལོ་བཅུ་གཅིག་ན་གཙང་རོང་གི་བླ་མ་ལྕེ་སྒོམ་ནག་པོ་དང་མཇལ་ཏེ་རྗེས་སུ་བཟུང་ཞིང་ལོ་གཅིག་གི་བར་དུ་གདམས་པ་མ་ལུས་པ་གསན། དེ་ནས་ཉི་ཤུ་རྩ་གཅིག་གི་བར་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་གསར་རྙིང་གི་ཕྱོགས་ཐམས་ཅད་ལ་སྦྱངས་པས་མཁྱེན་རབ་ཀྱི་པདྨོ་རྒྱས། ཉང་སྟོད་སྣང་ཁུའི་ཡུལ་ན་བཞུགས་པའི་ཐོ་རེངས་ཁར་ནམ་མཁའ་འོད་ཕུང་འཁྲུགས་པའི་དཀྱིལ་ན་སྔོན་གྱི་བླ་མ་རྣམས་དང་། དཔའ་བོ་དང་དཔའ་མོ། ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་བཞུགས་པས་ལུང་བསྟན་པ། ཀྱེ་ཀྱེ། ཨེ་མ་ཚེ་གཅིག་གིས་སངས་རྒྱས་པའི་མན་ངག་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་སྐོར་བྲག་སེང་གེ་དང་འདྲ་བ་ལ་ཡོད་ཀྱི་གཏེར་ནས་ཐོན་ལ་སེམས་ཅན་དཔག་ཏུ་མེད་པའི་དོན་གྱིས་ཤིག །ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །ཡང་རེ་ཞིག་ན་རྡོ་རྗེ་ལེགས་པ་མི་དཀར་ཞཱ་དཀར་ཅན་དུ་བྱས་པས་དངོས་གྲུབ་སྦྱིན་གྱིས་འདོང་ཟེར་ནས་ཁྲིད། ཉང་སྨད་པ་ཚབ་ཏུ་སླེབས་ཚེ་དེར་ལྷ་གསོལ་བ་མང་པོས་བཟའ་བཏུང་བྱིན་པ་དངོས་གྲུབ་དེ་ལ་ཟེར་རམ་སྙམ་ནས་གཟིམས་པའི་ཐོ་རངས། མི་དཀར་དེ་བྱུང་ནས་དངོས་གྲུབ་གཞན་དུ་ཡོད་ཀྱི་འདོང་ཟེར་ནས་འོད་ཀྱིས་ལམ་སྣ་བྱས་པ་ལྟར་བྱོན། ནུབ་མོ་ཁང་སྟོང་ཞིག་ཏུ་ཉལ་བས་ཁོ་ན་རེ་འདིར་མ་སྡོད་ད་ལྟ་འདོང་ཟེར་ཙ་ན་སྒོར་ཐོན་མ་ཐག་ཁང་སྟོང་དེ་འགྱེལ་ལོ། །དེ་ནུབ་ཆར་ཆེན་པོ་བྱུང་ནས་བྲག་ཁུང་ཞིག་ཏུ་བསྡད་པས་དམ་ཅན་གྱི་སྤྲུལ་པས་བཟའ་བཏུང་མང་པོ་ཁྱེར་བྱུང་། ནངས་པར་རྭ་ལག་ཚུགས་བརྒལ་ནས་འོ་ཡུག་མདའ་ན་མར་ཕྱིན་པས་འཁྲུགས་པ་ཡོད་ཀྱང་རྡོ་རྗེ་ལེགས་པས་བསྒྲིབས་ནས་དམག་གིས་མ་མཐོང་། དེ་ནས་བྲག་སེང་གེ་འདྲ་བའི་རྩེར་སླེབས་པ་ན་ཁོ་གར་སོང་ཆ་མེད་དུ་མི་སྣང་བར་གྱུར། ཕྱིར་ལོག་གོ་སྙམ་ན་ཡང་མ་ཐར། ཆ་མ་ཕྱེད་པའི་ངང་ལས་བལྟས་ཙ་ན་བྲག་ཕུག་ཁ་བྱང་བསྟན་གྱི་སྒོ་རྩྭས་འགགས་པ་ཞིག་མཐོང་། དེ་བྲུས་པས་བྲག་ཕུག་གི་ནང་ན་དཀྱིལ་འཁོར་ཞིག་འདུག་པ་བསྔོགས་པས། སྦྲུལ་དང་སྦལ་པ་མང་པོ་ཤིག་གེ་བྱུང་བས་བསལ་ཏེ་བལྟས་པས་གཏེར་གྱི་ཁ་བྱང་བརྒྱ་རྩ་རྙེད་ནས་གཟིགས་དུས་ས་རུབ་པས་མི་དཀར་པོ་དེས་མར་མེ་དང་བཟའ་བཏུང་ཁྱེར་ནས་བྱུང་། དར་ཅིག་ན་གདངས་དང་སྐད་ཤིན་ཏུ་མི་སྲུན་པ་ཞིག་བྱུང་། ཁོས་བརྡའ་སྦྱར་བས། ངས་ཨ་ཅེས་འབོད་ཀྱི་ཟེར་བའི་མོད། ཨེ་ཀ་ཛ་ཊི་སྤྱན་གཅིག་ཁྲག་ཏུ་ཁོལ་བ། མཆེ་བ་གཙིགས་ཤིང་བལྟར་མི་བཟོད་པ་ཙམ་དུ་བྱུང་། དེ་ན་རེ། ང་ནི་ཨེ་ཀ་ཙ་ཊི་ཡིན། །ཚོགས་འཁོར་བརྒྱ་དང་རྩ་བརྒྱད་ཐོང་། །ལོ་གསུམ་སུ་ལ་མ་བཤད་སྡོམས། །གསུངས་ནས་བཞུད་དོ། །བྲག་ཕུག་གི་སྒོ་འགྲམ་ནས་གཡུ་གཉིས་རྙེད་པ་ལས་གཅིག་གིས་ཤ་བུབས་གཅིག་ཉོས། གཅིག་གིས་ནས་ཁལ་གསུམ་ཉོས་ནས་ཚོགས་བརྒྱ་རྩ་བརྒྱད་བྱས། གཏེར་རྣམས་རིམ་པར་བཏོན་ཏེ་ཉང་སྟག་རྫོང་དུ་ཤག་མོ་དཀར་མཚོས་སྦྱིན་བདག་བྱས་ནས་དཔེ་རྣམས་ཚང་བར་བྲིས་ནས་ལོ་གསུམ་གསང་མ་ཐུབ་གསུངས་སོ། །དགུང་ལོ་ཉི་ཤུ་རྩ་ལྔ་པར་དབུས་སུ་བྱོན་པས་མཆིམས་ཕུ་ནས་བཱི་མ་ལའི་ཆོས་གཏེར་ཡང་སྤྱན་དྲངས། དེ་དུས་བཱི་མ་དངོས་དང་ཞལ་མཇལ་ནས་རྗེས་གནང་ཀྱང་ཐོབ་བོ། །སླར་ཤངས་རྟ་ནག་ཏུ་བྱོན་པའི་ཟམ་ཁར་ལྕེ་བཙུན་ཆེན་པོ་དང་མཇལ་ཏེ་གསང་བ་སྙིང་ཐིག་གི་གདམས་པ་རྫོགས་པར་གནང་ནས་གཞན་དོན་གྱིས་ཤིག་པའི་རྗེས་གནང་བྱིན་ནས་མི་སྣང་བར་གཤེགས། དེ་ནས་དགུང་ལོ་དྲུག་ཅུ་རྩ་གཅིག་བཞེས་དུས་རྒྱལ་མོ་གཡང་ཁབ་ཏུ་བཞེས་ནས་འགྲོ་དོན་མཛད་པ་ལས་རྒྱུད་འཛིན་གྱི་སླད་དུ་སྲས་ཉི་མ་འབུམ་འཁྲུངས། ངས་ཚོགས་པ་མ་བསྐྱངས་ན་ཕུང་པོ་ལྷག་མེད་འོང་བ་ཡིན་གསུངས། ལུས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ལ་དབང་ཐོབ་པས་རེས་འགའ་རྒྱལ་བ་རིགས་ལྔར་གསལ་བ་དང་གྲིབ་མའང་གཏན་ནས་མི་མངའ། རྫོགས་པ་ཆེན་པོའི་ཆོས་གསུངས་དུས་འཇའ་གུར་འཁྱིལ་བ་སོགས་ངོ་མཚར་གྱི་ལྟས་མང་། དགུང་ལོ་བདུན་ཅུ་དོན་གཅིག་པ་མེ་མོ་ཕག་གི་ལོ་ས་ག་ཟླ་བའི་ཉེར་གཉིས་ལ་ཤར་ཕྱོགས་ཀྱི་ནམ་མཁའ་ལས་སྒྲ་ཆེན་པོ་ལན་བདུན་གྲགས་ཤིང་། ས་ལན་གསུམ་གཡོས། འཇའ་དང་། འོད་དང་། སིལ་སྙན་གྱི་སྒྲ་དང་། དྲི་ཞིམ་གྱི་ངད་ལ་སོགས་པ་གདོད་མའི་ས་ལ་མངོན་པར་བྱང་ཆུབ་པའི་རྟགས་མ་ལུས་པ་བསྟན་ཏེ་གཤེགས། དེའི་ཕྱི་ནུབ་པུར་སྦྱངས་པས་གདུང་ཆེན་ལྔ་དང་རིང་བསྲེལ་ཁ་དོག་ལྔ་པ་སྐུ་ལྔའི་རྒྱལ་ཚབ་ཏུ་བཞག མེ་ཏོག་གི་ཆར་དང་འཇའི་གུར་ལ་སོགས་པས་འགྲོ་བ་མང་པོ་དད་པའི་གནས་ལ་སྦྱར་ཞིང་རང་བཞིན་གྱིས་བསམ་གཏན་ལ་གནས་པ་བྱུང་ངོ་། །

[༨] མཁས་པ་གུ་རུ་ཉི་འབུམ།

དེའི་སློབ་མ་མཁས་པ་གུ་རུ་ཉི་འབུམ་ནི། ཡབ་རྒྱལ་བ་ཞང་སྟོན་ཆེན་པོ་དང་ཡུམ་རྒྱལ་མོ་གཡང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ལྷུམས་སུ་ཞུགས་དུས་ཡུམ་གྱི་རྨི་ལམ་དུ་ཉི་མ་མང་པོ་དུས་གཅིག་ལ་ཤར་བ་རྨིས་པ་ཡབ་ལ་ཞུས་པས། ཡབ་ཀྱི་ཞལ་ནས། གསང་བ་བླ་ན་མེད་པའི་དོན་བྱེད་ཅིང་སེམས་ཅན་དཔག་ཏུ་མེད་པའི་མ་རིག་པའི་མུན་པ་སེལ་བའི་རྟགས་ཡིན་གསུངས་ཏེ་ཉི་མ་འབུམ་ཞེས་བྱ་བར་མཚན་གསོལ། དེ་ནས་དགུང་ལོ་ལྔ་ནས་རིམ་པར་ཡབ་ལས་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་དང་བཅས་ལྷག་མེད་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་མཛད། དགུང་ལོ་བཅུ་པར་རྒྱུད་བཅུ་བདུན་ལ་བཤད་པ་མཛད་པས་བུ་སློབ་ཀུན་ངོ་མཚར་སྐྱེ་བ་བྱུང་། ལོ་ཉི་ཤུའི་བར་དུ་སྒྲུབ་པ་ཁོ་ན་ལ་ནན་ཏན་མཛད། དེ་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་དང་འགྲོགས་ནས་རྔོག་རྒྱལ་རྩེའི་སར་གསར་མའི་རྒྱུད་མན་ངག་དང་བཅས་པ་ལ་གསན་པ་མཛད། ཉི་ཤུ་རྩ་གཉིས་པ་ལ་ཇོ་མོ་རྒྱ་གར་དངོས་གྲུབ་ཀྱི་རྟེན་དུ་བཟུང་། ཉི་ཤུ་རྩ་བདུན་པ་ལ་ས་སྐྱའི་འཁོན་གྲགས་པ་རྒྱལ་མཚན་དང་། བླ་མ་སྟག་སོ་བ་བསྟེན་ནས་རྒྱུད་གསུམ་གདམས་ངག་དང་བཅས་པ་དང་། བདེ་མཆོག་མལ་གྱོའི་ལུགས་མཁྱེན་པར་མཛད། སུམ་ཅུ་ལ་ཁ་རག་གི་འབྲུག་སྟོན་གྲགས་པ་ལས་བདེ་མཆོག་དང་། རྗེ་བཙུན་མ་རྭ་ལུགས། ཡེ་ཤེས་མགོན་པོ་སོགས་ཚལ་པའི་ཆོས་སྐོར་ཞུས་ཤིང་། ཞང་གཡུ་བྲག་པ་དང་། གཞུང་གི་རྔོག་རྡོ་རྗེ་སེང་གེ་ལ་སོགས་ཏེ་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་རྒྱུད་དུ་མ་ལ་ཐོས་བསམ་ཕྱོགས་མེད་དུ་མཛད། ཚིག་དོན་ཆེན་མོ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད། དགུང་ལོ་ལྔ་བཅུ་རྩ་དྲུག་གི་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་ཉི་མ་རྩེ་ཤར་ལ་སྐུ་གཤེགས་ནས་པུར་སྦྱངས་པས་གདུང་རིགས་ལྔ་བྱོན། འཇའ་ཚོན་གྱི་གུར་ཕུབ། ཆོ་འཕྲུལ་ཟླ་བ་ལ་ཨུག་ཆོས་མེ་ཏོག་སྐྱེས་པ་སོགས་བྱུང་ངོ་། །སློབ་དཔོན་འདི་སྒྲ་ཐལ་འགྱུར་ནས་ཕྱག་རྡོར་གྱི་སྤྲུལ་པ་བཛྲ་པ་ལར་ལུང་བསྟན་པ་ལ་ངོས་འཛིན་པར་གྲགས་སོ། །

[༩] ཆོས་བདག་གུ་རུ་ཇོ་འབེར།

དེའི་སློབ་མ་ཆོས་བདག་གུ་རུ་ཇོ་འབེར་ནི། ཡབ་མཁས་པ་ཉི་འབུམ་གྱི་གཅུང་པོ་ཟླ་བ་འབུམ་དང་། ཡུམ་རྒྱ་མོ་ཨུ་ལུ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ལོ་བདུན་མན་ཆོད་ལྐུགས་པ་འདྲ་བར་ཡོད་པ་ལ་བརྒྱད་ནས་ཤེས་རབ་མེ་ལྟར་འབར། བཅོ་བརྒྱད་ཀྱི་བར་དུ་ཁུ་བོ་མཁས་གྲུབ་ཆེན་པོ་གུ་རུ་ཉི་འབུམ་ལས་གསང་བ་བླ་མེད་ཀྱི་དབང་ཁྲིད་གདམས་པ་དང་བཅས་རྫོགས་པར་མཛད་ཅིང་། རྒྱུད་ཀྱི་བཤད་པ་ལ་ཐོས་པས་སྒྲོ་འདོགས་བཅད་པ་དང་། མན་ངག་གི་དོན་ལ་སྒོམ་པས་ཉམས་སུ་བླངས། བཅུ་དགུ་ནས་ཉི་ཤུའི་བར་ས་སྐྱ་ལོ་ཙྭ་བ་ལས་རྒྱུད་གསུམ་མན་ངག་དང་བཅས་པ་དང་། བདེ་མཆོག་མལ་གྱོ་ལུགས་གསན་ཅིང་མཁྱེན་པར་མཛད་ནས། དབུ་ཚད་ལ་སོགས་པའི་རིགས་པའང་ཁོང་དུ་ཆུད་པར་བྱས། ཉེར་གཉིས་ལ་ཁྲོ་ཕུ་ལོ་ཙཱ་བ་ལས་མི་ཏྲ་ཛོ་ཀིའི་གདམས་པ་དང་། ཆུ་མིག་པ་ལས་ཚད་མ་བསྡུས་པ། བལ་པོ་གྲགས་འབུམ་ལས་དོ་ཧ་དང་ཕྱག་ཆེན་ཁ་འཐོར་སོགས་མཁས་གྲུབ་དུ་མ་ལས་སྡེ་སྣོད་གསུམ་དང་རྒྱུད་ལུང་མང་པོ་ལོ་སུམ་ཅུ་རྩ་དྲུག་ཚུན་ཉན་པས་མཁྱེན་པ་ཆེ་ཞིང་ཐོས་པ་ཤིན་ཏུ་མང་བར་གྲགས། སྒྲུབ་པ་མཛད་ཚེ་ཡི་དམ་གྱི་ལྷ་མང་པོས་ཞལ་མཐོང་ཡང་ཐུགས་སྒམ་པས་མི་གསུངས། ལྷ་སར་ཇོ་བོ་ལ་མཆོད་པ་ཕུལ་སྐབས་འོད་ཀྱི་ཐིག་ལེའི་ཁོང་ནས་འཕགས་པ་ལག་ན་པདྨ་དང་རྡོ་རྗེ་འཛིན་པས་ཞལ་གཟིགས། ཐོ་རངས་ཞིག་ལ་ཚེ་དཔག་མེད་ཀྱི་ཞལ་མཐོང་བས་ངེད་ཅག་ལ་ཚེ་རིང་བའི་རིགས་མེད་ཀྱང་ཁོ་བོ་རིང་དུ་འཚོ་བ་དེའི་བྱིན་རླབས་ཡིན་གསུངས། དེ་ལྟར་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་འགྲོ་བ་འདྲེན་པའི་དེད་དཔོན་དུ་གྱུར་ནས་དྲུག་ཅུ་པ་ཡོས་ལོ་སྟོན་ཟླ་ར་བའི་ཉ་ལ་སྐུ་གཤེགས། ཞག་བདུན་དུ་འཇའ་ཚོན་གྱི་དྲྭ་བས་འབྲེལ་ཞིང་སྐུ་གདུང་ལ་ཨོཾ་ཨཱཿཧཱུྃ་གི་ཡིག་འབྲུ་དང་རིང་བསྲེལ་མང་པོ་བྱོན་ཏོ། །

[༡༠] འཁྲུལ་ཞིག་སེང་གེ་རྒྱབ་པ།

དེའི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱབ་པ་ནི། གཡོ་རུ་གྲའི་ཕུ་སོ་གད་ཕྲེང་གི་གྲོང་དུ་ཡབ་བཀྲ་ཤིས་དངོས་གྲུབ་དང་། ཡུམ་དཔལ་ལེགས་གཉིས་ཀྱི་སྲས་སུ་ཉི་མ་རྩེ་ཤར་ལ་འཇའི་གུར་ཕུབ་ཅིང་འཁྲུངས། ལོ་དགུ་ནས་རིགས་སད་དེ་དག་སྣང་དང་མོས་གུས་དཔག་མེད་ཤར། བཅུ་པའི་ཚེ་སྣང་བ་འདི་རྨི་ལམ་ལྟ་བུ་ལ་སྲ་ཞིང་འཐས་འཐས་འདྲ་བ་མི་བདེན་སྙམ་པ་དང་། བཅུ་གཉིས་པ་ལ་འཁོར་བ་ལ་སྐྱོ་བ་ཚད་མེད་པ་སྐྱེས་ཏེ་ཆོས་འབའ་ཞིག་ལས་གང་ལ་ཡང་སྙིང་པོ་མེད་པའི་ངེས་ཤེས་རྙེད། བཅུ་གསུམ་གྱི་ཐོ་རངས་ཉི་ཟླ་དུས་གཅིག་ལ་ཤར་བའི་རྨི་ལམ་སད་དུས་འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་སྟེ་ཚེ་གཅིག་གིས་གྲོལ་བ་སྙིང་ཏིག་གི་དོན་སྒོམས་ཤིག་གསུངས། དེ་ནས་བཟུང་སྙིང་རྗེ་ཕྱོགས་མེད་དུ་རྒྱས། འགྲོ་བ་ཀུན་ལ་མ་གཅིག་པའི་བུའི་འདུ་ཤེས་ཤར། རྐྱེན་དེ་ལ་བརྟེན་ནས་གཞན་ལ་མཐོ་འགྲོགས་དང་ཁྱད་གསོད་མི་བྱེད་པའི་དམ་བཅའ་བྱས། ལུས་ཀྱི་སྲིན་བུ་རྣམས་ཀྱང་སྙིང་རྗེ་ཆེན་པོས་མི་འདོར་ཞིང་ལོང་སྤྲང་དང་དམན་པ་ཁོ་ན་ལ་བྱམས་པ་སོགས་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་ཁྱད་པར་ཅན་མངའ། བཅོ་བརྒྱད་ལ་སྣང་བ་བདེན་མེད་དུ་རྟོགས་པས་སྨྱོན་པ་ཁྲོག་ལངས་པ་ལྟ་བུར་སོང་སྟེ། ཕ་མེས་ནས་ལྷ་གསོལ་བའི་ཡོ་བྱད་བསགས་པ་གཏོར་ཞིང་། ཕོ་གདོན་རྒྱལ་པོ་མཆོད། མོ་གདོན་སྲིན་མོ་མཆོད། ཅེས་བྱས་པས། ཁྱོད་འདྲ་བའི་བུ་སྐྱེ་བ་ཟེར་ནས་འཐབས། ཉི་ཤུ་ལ་མཁན་པོ་ལྡེའུ་སྒང་པ་དང་། སློབ་དཔོན་བཀྲ་ཤིས་སྒང་པ་ལས་རབ་ཏུ་བྱུང་སྟེ་འདུལ་བ་ལ་ཐོས་བསམ་མཛད། ཉི་ཤུ་རྩ་ལྔ་ལོན་ཚེ་སྲིན་ཞལ་གྱི་སེང་གེ་རྒྱབ་ཏུ་བྱོན། སེང་གེ་རྒྱབ་པ་བར་པ་ལས་ཚལ་པའི་ཆོས་སྐོར་གསན། བླ་མ་ཙ་རི་བ་ལས་སེང་གེ་མཇིང་བསྣོལ། དེ་བཞིན་རས་པ་དྲི་མེད་འོད། ལྷ་རི་དཔལ། གཞོན་ནུ་འབུམ། སྟོན་འཆར་བྱང་ཡོན། ཇོ་སྲས་སུ་གྲགས་པ་རྣམས་ལས་གསང་སྔགས་གསར་རྙིང་། ཞི་བྱེད་གཅོད་ཡུལ་ཕྱག་ཆེན་བཅས་དམ་ཆོས་མང་དུ་ཉན། ཁྱད་པར་ཐུགས་རྗེ་ཆེན་པོས་ལུང་བསྟན་པ་བཞིན་ཆོས་བདག་གུ་རུ་ཇོ་འབེར་ལས་རྫོགས་པ་ཆེན་པོ་གསན་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། གྲོ་བོ་ལུང་ལ་སོགས་པའི་རི་ཁྲོད་དང་ལུང་སྟོང་རྣམས་སུ་ལོ་མང་པོའི་བར་དུ་སྒྲུབ་པ་ཁོ་ན་ལ་གཞོལ་བས་དགོངས་པ་ཀ་དག་གི་སར་གཤེགས། སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་ནས་དྲུག་ཅུ་རྩ་བཞི་པ་ལ་ཐེག་པ་མཆོག་གི་འབྲས་བུ་ཐོབ་པའི་རྟགས་ཁྱད་པར་བ་རྣམས་མངོན་དུ་བསྟན་ནས་གཤེགས་སོ། །

[༡༡] གྲུབ་ཆེན་མེ་ལོང་རྡོ་རྗེ།

དེའི་སློབ་མ་གྲུབ་ཆེན་མེ་ལོང་རྡོ་རྗེ་ནི། སྒྲགས་ཀྱི་ཕུར་ཡབ་བསམ་ཡས་རྣལ་འབྱོར་པ་དང་ཡུམ་འབར་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་དགུ་ན་གྲུབ་ཐོབ་ཟ་ལུང་པ་དང་མཁན་པོ་སེ་ལུང་པ་ལས་རབ་ཏུ་བྱུང་། དེའི་དུས་གཤིན་པོའི་དགེ་རྩར་ཡུམ་རྒྱས་འབྲིང་བསྡུས་གསུམ་ཁོ་ན་སྒྲོགས་པས་ལོ་བཅུ་དྲུག་གི་དུས་སྒྲགས་ཀྱི་ཕུའི་ཞོགས་སྟེང་བྱ་བར་བརྒྱད་སྟོང་བརྒྱ་རྩ་མཛད་པས་གནས་ལུགས་ཀྱི་དོན་རྟོགས། ཟངས་མཚོར་སྒོམ་པ་ཡུན་རིང་མཛད་པས་ཉམས་རྟོགས་འབར་ཞིང་མངོན་ཤེས་ཕྲ་མོའང་ཤར། དེ་ནས་ཕྱོགས་མེད་རྒྱལ་ཁམས་འགྲིམས་ཏེ་མཚུར་ཕུའི་དོ་བོ་རས་པ་སོགས་བླ་མ་མང་པོ་བསྟེན། ཤ་འུག་སྟག་སྒོ་དང་མཁར་ཆུ་ལ་སོགས་པའི་གནས་ཆེན་མང་པོར་བྱོན། ནས་བྲེ་གང་གིས་ཟླ་བ་གཅིག་དང་ཞག་ཉི་ཤུའི་འཚོ་བ་བྱས་པ་སོགས་དཀའ་བ་སྤྱད་པའང་བསམ་གྱིས་མི་ཁྱབ། བཅོ་བརྒྱད་པའི་ཚེ་སེང་གེ་རྒྱབ་པ་སངས་རྒྱས་དབོན་པོ་མཇལ་ནས་མན་ངག་སྙིང་ཏིག་ཐོབ། ད་མན་ངག་གིས་འཚེངས་བསམས་པའི་སྤོབས་པ་སྐྱེས་ཏེ་བསྒོམས་པས་སྔོན་འགྲོའི་དུས་རང་ནས་ཞག་དྲུག་ཏུ་རྡོ་རྗེ་སེམས་དཔའི་ཞལ་ཉིན་མཚན་མེད་པར་མཇལ། དངོས་གཞིའི་དུས་བརྒྱུད་པའི་བླ་མ་རྣམས་རྨི་ལམ་དུ་མཇལ་ནས་བྱིན་གྱིས་བརླབས། ཉི་ཤུ་རྩ་གསུམ་པར་སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོ་ལ་སོགས་པའི་གཏེར་ཆོས་དུ་མ་གསན་ནས་བསྒྲུབས་པས་རྡོ་རྗེ་ཕག་མོ་མངོན་སུམ་དུ་མཇལ། བྲག་ལ་གསང་རྡོར་བསྣུན་པས་ཐིམ་གྱིས་སོང་། རྟ་མགྲིན། སྒྲོལ་མ། སྤྱན་རས་གཟིགས། སློབ་དཔོན་ཆེན་པོ། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། བཱི་མ་ལ། ཟ་ལུང་པ། སངས་རྒྱས་རས་པ། འགྲོ་མགོན་ཕག་གྲུ་རྣམས་ཀྱིས་ཞལ་གཟིགས། དུང་ལུང་དུ་མཁའ་འགྲོའི་སྒྲ་ཤིན་ཏུ་སྙན་པས་སྐྱེ་རྒྱུན་ཆོད་པའི་ལུང་བསྟན་ཐོབ། ཀ་བ་ཅན་དུ་ཕག་མོ་དམར་མོ་དང་གྲུབ་ཐོབ་ཟ་ལུང་པ་ནམ་མཁའི་ཀློང་ནས་མཇལ། ངར་ཆུང་ན་བཞུགས་པའི་ཚེ་རྨི་ལམ་དུ་ཕག་མོ་གཙོ་འཁོར་ལྔ་མཐོང་དེར་མནལ་སད་ཙ་ན་འོད་ཀྱི་ཕག་མོ་དངོས་སུ་གཟིགས། སྐྱབས་གནས་རྫོང་དུ་རྡོ་རྗེ་སེམས་དཔས་རྨི་ལམ་དུ་རྫོགས་པ་ཆེན་པོའི་དབང་བསྐུར། སྤྱིར་བླ་མ་མང་པོ་བསྟེན་ཅིང་ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ་བཞུགས། བཀའ་དྲིན་འགྲན་ཟླ་བྲལ་བ་གྲུབ་ཐོབ་ཟ་ལུང་པ། མཚུར་ཕུའི་དོ་བོ་རས་པ། འཁྲུལ་ཞིག་སེང་གེ་རྒྱབ་པ་གསུམ་ལས་སྙིང་པོའི་དོན་རྙེད། འདི་བརྟུལ་ཞུགས་ཞིག་པོའི་སྤྱོད་པ་བླང་དོར་མེད་པས་གསང་བ་སྔགས་ཀྱི་དམ་ཚིག་ལ་སྒྲ་ཇི་བཞིན་པར་སྤྱོད་ནུས། རྒོད་ཕྲུག་ནམ་མཁའ་ལ་ལྡིང་བ་མཐོང་བས་རིག་པ་བརྟུལ་ཞུགས་ཀྱི་ངར་ཐོགས་ནས་ནམ་མཁའི་ལམ་ལ་འགྲོ་བ་དང་། བྲག་ལ་འདམ་ལྟར་བྱེད་པ་བྱུང་། ལྷོ་མཁན་པ་ལྗོངས་དང་། མཁན་པ་གླིང་དང་། སེང་གེ་རྫོང་དང་། མཁར་ཆུ་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་སྐལ་ལྡན་དུ་མ་སྨིན་གྲོལ་ལ་བཀོད་དོ། །ཚེ་ཚད་སུམ་ཅུ་རྩ་བདུན་ཡིན་པ་ལ། སློབ་དཔོན་ཀུན་དགའ་ཞེས་པའི་སྐལ་ལྡན་ཞིག་གིས་གསོལ་བ་ཐེབས་པས་དགུང་ལོ་དྲུག་ཅུ་རྩ་གཅིག་བར་བཞུགས། དེ་ནས་དུར་ཁྲོད་ལ་བར་དུ་སྐུ་གཤེགས་པའི་ཚེ་འོད་ཆེན་པོ་སྒྲ་དང་བཅས་པ་ནུབ་ཕྱོགས་སུ་ཡལ་བ་ཀུན་ཀྱིས་མཐོང་། པུར་སྦྱང་དུས་ནམ་མཁའི་ལམ་ནས་པུར་ཁང་ལ་འོད་ལྔའི་སྣམ་བུ་བརྐྱངས་པ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ཞིང་། སྐུ་ལྔ་ཐོབ་པའི་རྟགས་སུ་གདུང་ཡང་ཤ་རི་རཱཾ་སོགས་རྒྱུད་ལས་ཇི་སྐད་བཤད་པ་བཞིན་བྱོན་ཏོ། །སློབ་དཔོན་འདི་ལ་ཟབ་ཆོས་མེ་ལོང་སྙིང་ཐིག་ཏུ་གྲགས་པ་གཏེར་ཁ་ངོ་མཚར་ཅན་བབ་པ་དེང་སང་འབྲུག་ཏུ་དཔེ་རྒྱུན་ཙམ་ཡོད་པར་གྲགས་སོ། །

[༡༢] རིག་འཛིན་ཀུ་མཱ་རཱ་ཛ།

དེའི་སློབ་མ་རིག་འཛིན་ཀུ་མཱ་རཱ་ཛ་ནི། གཡོ་རུ་འོན་བར་གསར་རྫིང་ཁ་ཞེས་བྱ་བའི་གྲོང་རྡལ་དུ་ཡབ་ཇོ་སྲས་བསོད་ནམས་དཔལ་དང་། ཡུམ་ཁྱེར་ཚ་འབུམ་མེ་བྱ་བའི་སྲས་སུ་མེ་ཕོ་སྟག་ལ་སྐུ་འཁྲུངས། སྐྱ་མིང་ཐར་པ་རྒྱན་དུ་བཏགས། ཆུང་ངུ་ནས་དད་པ་དང་སྙིང་རྗེ་ཤེས་རབ་ལ་སོགས་ཏེ་འཕགས་པའི་ནོར་གྱི་ཁྱད་ཆོས་མང་པོ་མངའ་བས་ཀློག་ཡིག་མ་བསླབས་པར་མཁྱེན། ལོ་བདུན་པ་ལ་ཀོང་པོ་འོར་ཤོད་མཐོ་སྟེངས་དགོན་པའི་བླ་མ་དགྱེས་རྡོར་པ་ལས་ཀྱེ་རྡོ་རྗེ་དང་བདེ་མཆོག་གི་དབང་ཞུས། ལོ་དགུ་པའི་ཚེ་མཁན་པོ་གཙང་པ་ལས་ཡོངས་རྫོགས་ཀྱི་དགེ་བསྙེན་བླངས། སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་ཆོས་སྐོར་ལ་སྦྱངས། བཅུ་གཉིས་པ་ལ་ཕག་མོ་གྲུའི་མཁན་པོ་ཡེར་བ་པ་དང་སློབ་དཔོན་མངའ་རིས་པ་ལས་རབ་ཏུ་བྱུང་། མཚན་གཞོན་ནུ་རྒྱལ་པོར་བཏགས་ཤིང་འདུལ་བའི་བསླབ་པ་ལ་ཕྱག་ལེན་ཞིབ། རིན་པོ་ཆེ་གྲགས་ཡེ་ལས་ལོ་ལྔའི་བར་དུ་ནཱ་རོ་ཆོས་དྲུག་ལ་སོགས་པ་དང་། མཚར་སྟེངས་པ་ལས་བརྟག་གཉིས་གསན། དབོན་སངས་ཤེ་ལས་བཟོའི་རིག་པ་བསླབ། ཡི་གེ་དྲུག་པ་བཟླས་པས་ཤེལ་གྱི་ཁང་བུ་གཅིག་ན་ཐུགས་རྗེ་ཆེན་པོ་ཞལ་འཛུམ་པ་མཐོང་། ཁྱུང་ནག་ཤག་དར་ལས་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས། ངར་ཕུག་ཏུ་མེ་ལོང་རྡོ་རྗེ་དང་མཇལ་ཏེ་ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་པས་སེམས་ངོ་ཅེར་མཐོང་དུ་ངོ་འཕྲོད། དེ་ནས་གྲུབ་ཆེན་མོན་གྱི་མཁའ་འགྲོའི་གླིང་ལ་གཤེགས་པའི་སར་ཕྱག་ཕྱིར་བྱོན། རྡོ་རྗེ་ཕག་མོའི་ཆོས་སྐོར་སོགས་ཞུས་ནས་བསྙེན་པ་མཛད་པས་ཚེས་བཅུའི་ནུབ་གཅིག་ཨོ་རྒྱན་པདྨ་དང་མཇལ། ཨེ་མ་རིགས་ཀྱི་བུ། རྟག་ཏུ་ཆོས་གྱིས་ཤིག་གསུངས། མཚུར་ཕུར་བྱོན་ནས་གཉན་རས་དང་དར་མ་མགོན་པོ་ལས་ཀརྨ་པའི་ཆོས་སྐོར་ཞུས། ལ་སྟོད་དིང་རི་དང་སྤུ་རང་དུ་བྱོན་པས། གྲུབ་ཆེན་ཨོ་རྒྱན་པ་དང་། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དགུང་ལོ་བདུན་པ་རབ་ཏུ་བྱུང་མ་ཐག་པ་དང་མཇལ། ཨོ་རྒྱན་པ་ལས་གདམས་པ་མང་དུ་མནོས། རྒྱ་སྨན་པ་ནམ་མཁའ་རྡོ་རྗེ་ལས་གསང་སྐོར་གནད་ཀྱི་ངོ་སྤྲོད་དང་། སྐལ་ལྡན་པ་ཆོས་ཀྱི་སེདྒེ་ལས་གསང་བ་གནད་ཀྱི་མེ་ལོང་སོགས་རྫོགས་ཆེན་གསང་བའི་སྐོར་ཞུས། སླར་མཁར་ཆུར་གྲུབ་ཆེན་མེ་ལོང་རྡོ་རྗེ་ལས་གསང་བ་སྙིང་ཏིག་དབང་ཁྲིད་གདམས་པ་དང་བཅས་པ་ལེགས་པར་ཐོབ། འབུལ་རྒྱུ་གཞན་མེད་པས་ལུས་ངག་གི་ཞབས་ཏོག་དང་། དབྱར་རིལ་པོ་གཉིས་སུ་རི་མོ་མཛད་ནས་ཁལ་བཞི་བཞི་གནང་བའི་གཉིས་གཉིས་ཀྱིས་ཤོག་བུ་ཉོས། མཚན་མོ་དཔེ་རྣམས་བྲིས། ཕྱེད་པོས་མར་མེ་དང་གསོལ་བ་མཛད་པའི་དཀའ་ཐུབ་ཀྱི་མཐུས་ཤིག་ནད་དྲག་པོ་ཞིག་བྱུང་། ཐུགས་དམ་ཡང་ཁྱད་པར་ཅན་འཁྲུངས། བླ་མ་མཉེས་ནས་འགྲོ་དོན་གྱིས་ཤིག་པའི་རྗེས་སུ་གནང་བ་ཐོབ། དབང་གྲལ་དུ་བླ་མའི་དབུའི་བར་སྣང་ལ་མགོན་པོ་ཕྱག་བཞི་པ་དང་། སྒོའི་ཐད་ན་ཨེ་ཀ་ཛ་ཊི་མཐིང་ནག་ཞིང་དབྱུག་དང་སྤྱང་མོ་བསྣམས་པ་ལུས་བོངས་ཉིས་ཐོག་ཙམ་པ། ཕྱི་ངོས་ན་ལས་ཀྱི་མ་མོ་ཁྲག་རལ་ཅན་ལག་པས་ཁྲག་བཅུས་ནས་འཐུང་བ་རྣམས་གཟིགས། ལོ་བརྒྱད་ཀྱི་བར་བླ་མ་འབྲལ་མེད་དུ་བསྟེན། ཨོ་རྒྱན་གྱི་སྒྲུབ་གནས་སྙུགས་ཚལ་སྦུག་ཏུ་དགུན་ཐོག་གཅིག་བཞུགས་པས་རྡོ་རྗེ་ཕག་མོས་ཞལ་གཟིགས། དེ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། རེ་ཞིག་ཡར་ཀླུངས་མཚར་སྟེང་དུ་རི་ཁྲོད་བཏབ་ནས་བཞུགས། ཇི་ཞིག་ན་བླ་མ་འདའ་བར་མཁྱེན་ནས་མཁར་ཆུར་བྱོན་ཙ་ན་བླ་མའི་སྲས་གཉིས་ས་སྐྱགས་སུ་འཛོམས། སླར་ལོག་སྟེ་ཉི་ཤུ་ལྔའི་དུས་མཆོད་བཙུགས། ཙཱ་རི་ལ་བྱོན་པས་ཀྲིག་མོ་ལྷའི་ནེའུ་སིང་གི་རྡོ་སྐུ་ལ་འཇའ་ཚོན་སྣ་ལྔ་ཟུག་པ་སོགས་བྱུང་། དེ་ནས་མཚུར་ཕུར་ཆོས་རྗེ་རང་བྱུང་རྡོ་རྗེས་གདན་དྲངས་ཏེ་སྙིང་ཏིག་གི་གདམས་པ་རྣམས་ཕུལ་ཞིང་དེ་ལས་བརྒྱུད་པར་ཀརྨ་སྙིང་ཐིག་གྲགས་པ་བྱུང་། ཤངས་སུ་བྱོན་ནས་ལྕེ་སྒོམ་ནག་པོའི་བརྒྱུད་པ་སློབ་དཔོན་སྒོམ་པ་ལ་གསང་སྐོར་སྙན་བརྒྱུད་རྣམས་དང་། བསམ་གཏན་མིག་གི་སྒྲོན་མེ་ཞུས། དིང་རི་སྣ་དམར་དུ་དབོན་པོ་བྱང་སྒྲུབ་ལས་ཀྱང་དགོན་པ་བའི་རི་ཆོས་རྣམས་གསན། ཨོ་རྒྱན་པ་རིན་ཆེན་དཔལ་དང་ཡང་མཇལ། མར་ལམ་བླ་མ་བཀྲ་ལུང་པ་ལས་གཤིན་རྗེ་དགྲ་ནག་ལ་སོགས་པ་ཞུས། སློབ་དཔོན་ཡེ་དགོན་ལ་སོགས་པ་བཤེས་གཉེན་མང་དག་ལས་གསང་སྐོར་དང་། རྒོད་ཚང་པའི་ཁྲིད་ཀྱི་སྐོར། ཨ་རོའི་ཁྲིད་མོ་ཆེ་ལ་སོགས་པ་བོད་ན་གྲགས་པ་ཆེ་བའི་རྫོགས་རིམ་ཕལ་མོ་ཆེ་ཁོང་དུ་ཆུད། ཆོས་ཕྱིར་དཀའ་སྤྱད་བཟོད་པས་ཙཱ་རི་གསར་མར་བགྲོད་ནས་རྙིང་མའི་གཡུ་མཚོ་འགྲམ་དུ་གཅིག་པུར་ཟླ་བ་བརྒྱད་ལ་བཞུགས། ཆོ་འཕྲུལ་ཆེན་པོ་བྱུང་བ་གཤིས་ཐོག་ཏུ་རོ་སྙོམས་པས་གཞི་བདག་དབང་དུ་འདུས་ནས་ཁང་པར་གདན་དྲངས་ཏེ་བསྙེན་བཀུར་བྱས། ཛམ་བྷ་ལྷས་ནོར་བུ་ཕུལ། མཚོ་ནང་དུ་འོད་ལྔའི་ལྦུ་བ་མཐེ་བོང་ཙམ་ཞིག་ཐིམ་འགྲོ་བ་གཟིགས། ངེས་འབྱུང་དང་སྐྱོ་ཤས་ཀྱིས་ཐུགས་རྒྱུད་བརླན་པས་དུས་རྟག་ཏུ་ཤམ་པོ་ལ་སོགས་གངས་ཁྲོད་དང་ལུང་སྟོང་འབའ་ཞིག་ཏུ་ལྷགས་སྐྱོབ་ཙམ་ལ་བརྟེན་ནས་བཞུགས་པས་སློབ་མའི་ཚོགས་མང་པོ་འཁོར་བ་མཐའ་ཅན་དུ་མཛད། སྤྲུལ་པའི་སྐུར་གདོན་མི་ཟ་བ་ཀརྨ་པ་རང་བྱུང་རྡོ་རྗེ་དང་། རྒྱལ་བ་ཀློང་ཆེན་པ་གཉིས་རྫོགས་པ་ཆེན་པོའི་སློབ་མའི་གཙོ་བོར་གྱུར་པས་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བའི་ཕྲིན་ལས་ལ་མུ་མཐའ་དང་བྲལ། དེ་སྐད་དུ་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས། ཆོས་འདིའི་བསྟན་པའི་བདག་པོ་ཀུན་མཁྱེན་ཀློང་ཆེན་པ་ཡིན། རྒྱལ་བ་རང་བྱུང་རྡོ་རྗེའི་དུས་ཕྲིན་ལས་རྒྱ་ཆེ། ཞེས་གསུངས་པས་མཚོན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤིན་ཏུ་གོམས་པས་སྙིང་རྗེ་ཆེན་པོའི་དབང་གིས་གྲོང་དང་ཡུལ་འཁོར་མང་པོ་དག་ལ་ཐབས་ལ་མཁས་པས་ཐར་པའི་ས་བོན་འདེབས་པ་ཁོ་ན་ལྷུར་མཛད་ཅིང་། ཀོང་པོ་ནས་ཨེ་ལ་ཐུག་གི་བར་འཇིགས་པས་ཉེན་པའི་ལམ་འཕྲང་ལ་འགྲོ་བ་དག་གི་དབུགས་འབྱིན་པ་དང་། རི་དྭགས་དང་ཉ་ལ་སོགས་པའི་སེམས་ཅན་ཉམ་ཆུང་བ་དེ་དག་ལ་ཐུགས་ཤིན་ཏུ་བརྩེ་ཞིང་བདོག་པ་ལ་འཕངས་སེམས་མེད་པས་རི་རྒྱ་དང་། ལམ་རྒྱ་དང་། ཆུ་རྒྱ་ལ་སོགས་པ་མཛད་ནས་བདེ་འཇམ་ལ་བཀོད། གང་དུ་བཞུགས་པའི་ལུང་པ་དང་། ཡུལ་གྲོང་ཐམས་ཅད་ཀྱི་སད་སེར་ཡམས་ནད་ལ་སོགས་པ་ཞི་བར་མཛད་ཅིང་ཕན་པ་འབའ་ཞིག་ལྷུར་ལེན། སྙིང་ཏིག་གི་གདམས་པ་རྫོགས་རིམ་གཞན་དང་མ་འདྲེས་པར་རང་སྐད་ཀྱི་གྲུབ་མཐའ་བསླངས་ཏེ་འཆད་ནུས་པ་དང་། ཤངས་ལ་སྨེ་བ་ཨའི་རི་མོ་ཅན་མངའ་བ། སྔགས་བདག་གཟའ་དང་དམ་ཅན་རྣམས་ཀྱིས་བཀའ་ལ་ཉན་ཅིང་མི་དང་མི་ལབ་པ་བཞིན་དུ་ཡོད་པ་དང་། མངོན་པར་ཤེས་པས་གདུལ་བྱའི་བསམ་པ་མཁྱེན་ནས་འདུལ་ལུགས་མཁས་ཤིང་གཞན་རྒྱུད་བྱིན་གྱིས་རློབས་ནུས་པ་དང་། རྗེས་སུ་བཟུང་བའི་སྐལ་ལྡན་ཀུན་འདས་ཁར་རྟགས་ཁྱད་པར་ཅན་འབྱུང་བ་སོགས་སློབ་དཔོན་བཱི་མ་ལའི་སྐུའི་བཀོད་པར་གྲགས་ཤིང་ཐལ་འགྱུར་ལས་དགེ་སློང་དཔལ་ལྡན་ཞེས་ལུང་གིས་ཟིན་ཏོ། །དེ་ལྟར་འགྲོ་དོན་བསམ་གྱིས་མི་ཁྱབ་པའི་ངང་ནས་བདུན་ཅུ་རྩ་བརྒྱད་པ་ཆུ་མོ་ལུག་གི་ལོའི་སྟོན་ཟླ་འབྲིང་པོའི་ཉི་ཤུ་ལྔ་ལ་སྒྲ་དང་འོད་ཀྱི་གུར་ཁྱིམ་ལ་སོགས་པའི་རྟགས་ངོ་མཚར་བ་དང་བཅས་སྐུ་གཤེགས་པས། ཉེ་གནས་སྒོམ་དར་ལ་སོགས་པ་དྲུང་ན་ཡོད་པ་རྣམས་ཀྱིས་མོས་གུས་ཆེན་པོས་གདུང་བ་བསྐྱེད་པས་སླར་བཞེངས་ཏེ་སྐྱིལ་མོ་ཀྲུང་བཅས། ཞལ་འཛུམ་པའི་ངང་ནས་ཁྱེད་རྣམས་མྱ་ངན་མ་བྱེད། ང་ཤི་བ་མིན་གསུངས་ནས་གདམས་ངག་ཞལ་ཏ་ཅི་རིགས་པ་བྱོན་ཏེ་ཞག་བཅུ་གསུམ་ལ་སྐུ་ཚེ་སླར་བསྲིངས། ཚེས་བདུན་གྱི་ཉིན་ཉེ་གནས་རྣམས་ཀྱིས་གཤེགས་པའི་ཕྱི་ན་ཇི་ལྟར་བགྱི། བླ་མ་ཀུན་མཁྱེན་པ་གདན་འདྲེན་ནམ་ཞུས་པས། ཁོང་འོ་བརྒྱལ་དུ་མ་འཇུག ད་ཕྱིན་ཆོས་ཀྱི་ཞུན་ཐར་མ་ཆོད་པ་ཡོད་ན་དེར་སོང་། ཁ་ཏ་མང་པོ་སྔར་ནས་བྱས་ཟིན། ཅལ་ཅོལ་མ་སྨྲ་གསུངས། དྲང་སྲོང་ཙོག་པུའི་འདུག་སྟངས་དང་། ཆོས་སྐུའི་གཟིགས་སྟངས་ཀྱི་ངང་ནས་ཞལ་འཛུམ་པར་མཛད་དེ། ཚེས་བརྒྱད་ཀྱི་ཐོ་རངས་ཁ་ན་གདོད་མའི་གྲོང་ཁྱེར་ག་ལ་བ་དེར་གཤེགས་སོ། །ཉི་ཤུ་ལྔ་ལ་པུར་བཞུས་པས་དབུ་ཐོད་རིལ་པོར་བྱོན་པའི་ནང་ནས་རིགས་ལྔའི་ཚོམ་དཀྱིལ་དང་། སྙན་གོང་གཡས་ན་རྗེ་བཙུན་མ་མཐིང་ག་ཚོན་གང་བ། གདུང་རིགས་ལྔ་དང་། རིང་བསྲེལ་ལ་སོགས་པ་བྱོན་ཅིང་འཇའི་གུར་གྱིས་ཁོ་ར་ཁོར་ཡུག་ཏུ་དཀྲིགས་སོ། །དེ་ལྟ་བུའི་རིག་འཛིན་བླ་མ་དམ་པ་དེ་ཉིད་ལས་ཀུན་མཁྱེན་ངག་གི་དབང་པོས་བཱི་མ་སྙིང་ཐིག་གི་སྨིན་དབང་གྲོལ་ཁྲིད་མན་ངག་རྒྱབ་རྟེན་དང་བཅས་པ་ལྷག་མེད་བུམ་པ་གང་བྱོའི་ཚུལ་དུ་གསན་པ་སྟེ་རྣམ་ཐར་རྒྱས་པ་འོག་ཏུ་འབྱུང་མ་རགས་པ་ལ། སྐབས་འདིར་གུ་རུ་ནས་བརྒྱུད་པའི་པདྨ་སྙིང་ཐིག་གམ་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་གཏད་རྒྱ་དང་བཅས་པའང་ཀུན་མཁྱེན་ཆེན་པོ་ལ་ཉེ་བརྒྱུད་དུ་བཀའ་བབ་པས་ཐོག་མར་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པའི་ཆོས་ཁུངས་མདོ་ཙམ་འཆད་པར་འདོད་དེ།

༢༽ སློབ་དཔོན་པདྨ་ལས་བྱོན་པའི་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་སྲོལ།

[༡] སློབ་དཔོན་ཆེན་པོ་པདྨ་འབྱུང་གནས།

གཉིས་པ་གུ་རུ་ནས་བྱོན་པའི་མན་ངག་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་སྲོལ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སེང་ཧ། ཨོ་རྒྱན་པདྨ་འབྱུང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་པདྨ་ལས་འབྲེལ་རྩལ། ཤྭ་བན་རྒྱལ་སྲས་ལེགས་ལྡན། རྒྱལ་དབང་ཀློང་ཆེན་རབ་འབྱམས་སོགས་ནས་གྲུབ་ཐོབ་པདྨ་རིག་འཛིན་ལ་བཀའ་བབ། དེ་ནས་རིམ་པར་དཔོན་སློབ་ནམ་མཁའ་འོད་གསལ་ནས་ད་ལྟའི་བར་བརྒྱུད་པའི་ཆུ་བོའི་ཟམ་མ་ཆད་ཅིང་། མན་ངག་གི་བདུད་རྩིའི་མཚོ་མ་སྐམ། བྱིན་རླབས་ཀྱི་ཞལ་རླངས་ཅུང་ཟད་ཀྱང་མ་ཡལ་བར་གྲུབ་དབང་རྫོགས་ཆེན་པའི་ཕ་ཆོས་ཟབ་མོ་དུས་ཀྱི་མཐའ་འདིར་ལས་སྨོན་གྱི་བདེན་པ་ཟབ་མོ་ཆུད་མི་ཟ་བའི་སྟོབས་ལས་ཁོ་བོ་ཅག་གི་བགོ་སྐལ་དུ་ཐོབ་པར་བྱུང་ལ། ཐོག་མར་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་ཐར་གོང་དུ་རིག་འཛིན་བརྡ་བརྒྱུད་བཤད་པའི་སྐབས་སུའང་ཉུང་བསྡུས་སོང་ཞིང་། འདིར་གངས་ཅན་བོད་ཀྱི་ཡུལ་དུ་ཞབས་ཀྱིས་བཅགས་ནས་འགྲོ་དོན་མཛད་ཚུལ་མདོ་ཙམ་བཤད་པ་ནི། དེ་ཡང་སྔོན་སྨོན་ཐུགས་བསྐྱེད་ཀྱི་དམ་བཅའ་དུས་སུ་སྨིན་པས་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་མཁན་ཆེན་བོ་དྷི་ས་ཏྭས་ལུང་བསྟན་པ་ལྟར་གུ་རུ་ཉིད་བོད་དུ་གདན་དྲངས། བརྟན་མ་བཅུ་གཉིས་སོགས་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་ཏེ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། མཁན་སློབ་གཉིས་ཀྱིས་མེ་ཏོག་འཐོར་བས་ངོ་མཚར་གྱི་རྟགས་སྣང་མཐའ་ཡས་པ་བྱུང་བ་སོགས་སྐུ་རྟེན་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། རྒྱ་གར་གྱི་པཎ་ཆེན་བརྒྱ་དང་རྩ་བརྒྱད། གཞན་ཡང་ལི་ཡུལ། རྒྱ་ནག ཞང་ཞུང་སོགས་ནས་མཁས་པའི་ཚོགས་མང་པོ་སྤྱན་དྲངས་ནས། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་གཙོ་བོར་བྱས་པའི་སྤྲུལ་བའི་ལོ་ཆེན་མང་པོ་ལྷན་ཅིག་ཏུ་ཚོགས་ཏེ། སྟོན་པའི་གསུང་རབ་མདོ་སྔགས་དགོངས་འགྲེལ་དང་བཅས་པ་རྒྱ་གར་ན་ཇི་སྙེད་བཞུགས་པ་ཡོངས་སུ་རྫོགས་པ་དང་། དཀོན་བརྩེགས་ལི་ཡུལ་དང་། ཕལ་པོ་ཆེ་རྒྱ་ནག་ནས་འགྱུར་བ་སོགས་ཀྱིས་མཚོན་འཛམ་གླིང་ན་བཞུགས་པའི་གསུང་རྟེན་དམ་པའི་ཆོས་ཐམས་ཅད་ལྷག་མ་མེད་པར་བོད་སྐད་དུ་བསྒྱུར། གདུལ་བྱ་ཐུན་མོང་གི་ངོར་གུ་རུ་པདྨས་མན་ངག་ལྟ་ཕྲེང་དང་གསང་སྔགས་ལམ་རིམ་ཆེན་མོ་སོགས་གསང་སྔགས་ཕྱི་ནང་གི་རྒྱུད་དང་མན་ངག་མང་པོ་གསུངས་ནས་སྔགས་ཀྱི་སྲོལ་འཛིན་གོས་དཀར་ལྕང་ལོའི་སྡེ་དང་། མཁན་པོས་སད་མི་བདུན་རབ་ཏུ་བྱུང་བ་སོགས་དམར་སེར་ངུར་སྨྲིག་གི་སྡེ་སྟེ་ཐུགས་རྟེན་འཕགས་པའི་དགེ་འདུན་གྱི་སྡེ་ཚུགས། མཁན་སློབ་ཆོས་རྒྱལ་གསུམ་གདན་འཛོམས་ཏེ་གངས་ལྗོངས་ཐམས་ཅད་རྒྱལ་བསྟན་རིན་པོ་ཆེའི་སྣང་བས་དཀར་འབྱམས་ཡུག་གཅིག་ཏུ་བརྡལ་བར་མཛད། ཐུན་མོང་མ་ཡིན་པ་རྗེ་འབངས་ཉེར་ལྔ་སོགས་ལས་ཅན་དག་པའི་ངོར་འདུས་པ་ཆེན་པོ་ལན་གསུམ་འཚོགས་ནས། དང་པོ་བཀའ་བརྒྱད་བདེ་གཤེགས་འདུས་པ། གཉིས་པ་བླ་མ་དགོངས་པ་འདུས་པ། གསུམ་པ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་ཀྱི་དབང་དང་སྒྲུབ་ཐབས་རྒྱུད་ལུང་མན་ངག་མཐའ་ཡས་པ་བསྩལ། མངའ་བདག་རྒྱལ་པོས་ས་གཞི་སྤོས་ཆུས་སོགས་མཎྜལ་ཚོམ་བུ་བདུན་མ་མཛད་དེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་ཀྱི་གཟུངས་མས་མཚོན་རྒྱལ་སྲིད་འབངས་འཁོར་དང་བཅས་པ་དབང་ཡོན་དུ་ཕུལ། དེ་དག་གི་སྐབས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གནུབས་ཆེན་སངས་རྒྱས་ཡེ་ཤེས། རྒྱལ་བ་མཆོག་དབྱངས། ནམ་མཁའི་སྙིང་པོ། ཛྙཱ་ན་ཀུ་མཱ་ར། ཡེ་ཤེས་མཚོ་རྒྱལ། དཔལ་གྱི་ཡེ་ཤེས། དཔལ་གྱི་སེང་གེ བཻ་རོ་ཙ་ན་སྟེ་བཀའ་བབས་སྙིང་གི་བུ་དགུས་གཙོར་བྱས་པའི་དབང་དུས་སུ་རྟོགས་པ་བརྙེས་པའི་གྲུབ་ཆེན་རྗེ་འབངས་ཉེར་ལྔ་སོགས་བྱོན། གཞན་ཡང་གུ་རུའི་ཞལ་སློབ་ལུས་དེ་ཉིད་ཀྱི་སྒོ་ནས་ཟུང་འཇུག་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ། མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཡང་རྫོང་གི་རྟོགས་ལྡན་ཉེར་ལྔ། ཡེར་པ་དང་ཆུ་བོ་རིའི་འོད་ལུས་གྲུབ་པ་བརྒྱ་རྩ་བརྒྱད། ཤེལ་བྲག་གི་སྔགས་པ་སུམ་ཅུ། མཚན་ལྡན་ཇོ་མོ་རྣམ་གསུམ། གྲུབ་ཐོབ་གཙང་པ་མི་བདུན། འོད་སྐུར་གཤེགས་པའི་མཁའ་འགྲོ་ཉེར་ལྔ་སོགས་གྲུབ་ཐོབ་ཕོ་མོ་གྲངས་ལས་འདས་པ་བྱོན། རྗེ་འབངས་སོ་སོའི་ངོ་སྐལ་དུ། ཡི་དམ་རྩ་གསུམ་དང་། བླ་རྫོགས་ཐུགས་གསུམ་གྱིས་གཙོ་བོར་བྱས་པའི་རྫོགས་པ་ཆེན་པོའི་རྒྱུད་དང་སྒྲུབ་ཐབས་མན་ངག་མཐའ་ཡས་པར་གདམས། ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ཏེ་མཚོ་རྒྱལ་སོགས་ལས་ཅན་དག་པའི་འཁོར་དང་བཅས་བོད་ཀྱི་ས་གཞི་རྟ་རྨིག་གང་ཙམ་མ་ལུས་པར་རྫུ་འཕྲུལ་གྱི་ཞབས་ཀྱིས་བཅགས། སྟོད་མངའ་རིས་གངས་བྲག བར་དབུས་གཙང་གནས་ཆེན་ཉེར་གཅིག སྨད་མདོ་ཁམས་གནས་ཆེན་ཉེར་ལྔ། སྦས་ཡུལ་རྒྱལ་པོ་གསུམ། གླིང་ལྔ། ལྗོངས་གསུམ། གླིང་གཅིག དེ་རེ་རེ་ལའང་རྩ་བ་དང་ཡན་ལག་གི་ཚུལ་དུ་རི་མཚོ་གངས་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང་། རྟོག་གེ་བས་བསླད་ཅིང་བཅོས་སུ་མེད་པས་བྱིན་རླབས་མི་གཡེལ་བ་དང་། ལས་ཅན་གྱི་གདུལ་བྱ་རིམ་པར་འབྱུང་བ་སོགས་བསྟན་ཞབས་གཏེར་གྱིས་སྐྱོང་ཞིང་ཕྱི་རབས་ནས་ཕྱི་རབས་ལ་དགོངས་ཏེ། རྒྱལ་པོའི་བླ་གཏེར་བརྒྱ་དང་། ཐུགས་གཏེར་ཆེན་པོ་ལྔ། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོར་གྱུར་པའི་མིང་ཅན་མིང་མེད་ཀྱི་ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། དེ་དག་གདོན་པའི་དུས། འདོན་པའི་གང་ཟག ལས་ཅན་ཆོས་བདག གསང་གྲོགས་ལས་རྒྱ་སོགས་ལུང་བསྟན་ཏེ་གུ་རུ་ཡབ་ཡུམ་གྱིས་བཀའ་རྟགས་ཕྱག་རྒྱས་བཏབ་སྟེ་གཏེར་དུ་སྦས། གཏེར་སྲུང་མ་གཟའ་དམ་གསུམ། བདུད་བཙན་ཀླུ་གསུམ། སྲོག་བདག་རྣམ་གསུམ་སོགས་སྡེ་བརྒྱད་སོ་སོ་ལ་གཉེར་དུ་གཏད། མོན་ཁ་ནེ་རེང་སེདྒེ་རྫོང་སོགས་སྟག་ཚང་མིང་ཅན་བཅུ་གསུམ་དུ་དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་ལྷ་སྲིན་ཆེ་ཕྲ་དྲེགས་པ་ཅན་ཐམས་ཅད་དམ་ལ་བཞག །ཕྱི་རབས་ཡིད་ཆེས་པའི་ཕྱིར་བུམ་ཐང་རྡོ་རྗེ་བརྩེགས་པ་སོགས་ལ་སྐུ་རྗེས་དང་། གནམ་མཚོ་ཕྱུག་མོ་སོགས་གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས། སྤ་གྲོའི་བྲག་དཀར་པོ་སོགས་ལ་ཞབས་རྗེས་རྡོ་རྗེ་བྲག་གི་ངོས་ལ་མར་དཀར་ལ་པར་གྱིས་བཏབ་པ་བཞིན། རྗེས་འཇུག་མོས་གུས་ཀྱི་རྟེན་དང་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་བའི་རྟགས་ཀྱིས་བཏབ་པ་སོགས་འགྲོ་དོན་མཐའ་རུ་ཕྱིན་ཏེ་གུང་ཐང་ལ་ཐོག་ནས་ཆིབས་དང་བཅས་ལྷོ་ནུབ་སྲིན་པོའི་ཡུལ་དུ་འཇའ་འོད་ཀྱི་ཀློང་ནས་མངོན་པར་གཤེགས་སོ། །དེ་ལྟར་ཨོ་རྒྱན་ཆེན་པོ་ལ་ཞལ་སློབ་ཐུགས་སྲས་མང་དུ་བཞུགས་པ་ལས་གཙོ་བོར་གྱུར་པ་རྗེ་འབངས་གྲོགས་གསུམ་ཡིན་ལ་འབངས་བཻ་རོ་ཙ་ནའི་རྣམ་ཐར་གོང་དུ་སེམས་ཀློང་གཉིས་ཀྱི་སྐབས་སུ་སོང་ཞིང་། གྲོགས་ཡེ་ཤེས་མཚོ་རྒྱལ་ཡང་འོག་གི་བརྒྱུད་རྣམ་དུ་འབྱུང་ལ་ཉེ་བ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་ཐར་རྩ་བའི་བརྒྱུད་རྣམ་དུ་དགོས་དབང་དེ་ཙམ་མི་ཆེ་ཡང་གངས་ཅན་སྤྱི་དང་སྔ་འགྱུར་གྱི་བསྟན་པ་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་བས་ཅུང་ཟད་མི་གླེང་བར་ཆེས་ཕངས་པས་མཚམས་འདིར་འགོད་པ་ལ།

[༢] ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།

རྗེ་མངའ་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི། ཡབ་རྒྱལ་པོ་ཁྲི་ལྡེའུ་གཙུག་བརྟན་དང་བཙུན་མོ་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་སྲས་སུ། རབ་མྱོས་ཞེས་པ་ལྕགས་རྟ་སྟེ་སྤྱི་ལོ་༧༩༠པར་སྐུ་འཁྲུངས། ཐོག་མར་ལྷུམས་སུ་ཞུགས་ཚེ་ཡུམ་གྱི་རྨི་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔ་ནས་འོད་ཉི་མ་ཤར་བ་ལྟ་བུའི་རྩེ་ལས་ཁྱེའུ་ཞིག་བྱུང་ནས་ཁོག་ཏུ་ཞུགས་པ་རྨིས། རྒྱལ་པོ་ལ་བཤད་པས་ཧ་ཤང་མངོན་ཤེས་མཁན་ཞིག་བཞུགས་པ་ལ་དྲི་བ་མཛད་ཚེ། དེས་ལེགས་པར་བརྟགས་ཏེ་སྲས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པ་ཅིག་འཁྲུངས་པའི་ལྟས་ལགས་པས་རིམ་གྲོ་ཆེར་སྐྱེད་ཅིག་ཅེས་ཟེར་རོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ཚང་པ་སྐར་མ་རྒྱལ་གྱི་ཉིན་པར་སྐུ་བལྟམས་པའི་བཙས་སྟོན་རྒྱ་ཆེན་པོ་མཛད་ནས་མྱུར་བར་མཚོ་ཆེན་པོའི་པདྨ་ལྟར་ལང་ཚོ་ཆེ་ནས་ཆེར་བསྐྱེད། མཚན་གསོལ་བའི་དགའ་སྟོན་གྱི་ཚེ་མིང་ཅི་གདགས་བཀའ་བགྲོས་པ་ལས། རྒྱལ་བུ་ཉིད་བཞེངས་ནས་གནམ་ལྷ་བབ་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག་མགོ་ནག་ཡོངས་ཀྱི་སྤྱི་རྗེ་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལགས་སོ་ཞེས་གསུངས་པས། བོད་འབངས་ཐམས་ཅད་ཡ་མཚན་སྐྱེས་ནས་ཕྱག་འཚལ་ཞིང་འདུན་ནོ། །དེ་ནས་དགུང་ལོ་བཅུ་གསུམ་ལ་ཡབ་དགུང་དུ་གཤེགས་ནས་རྒྱལ་སྲིད་ལ་མངའ་གསོལ་ཞིང་བཞུགས་པ་ལ། བློན་པོ་ཆེན་པོ་མ་ཞང་གྲོམ་པ་སྐྱེས་དབང་ཆེ་བས་ཆོས་དར་དུ་མ་གཏུབ་པར་ཐམས་ཅད་བོན་ལ་བཀོད་ནས་ཆབ་སྲིད་བཟུང་། མཁར་བྲག་དང་བྲག་དམར་མགྲིན་བཟང་བཤིག ཇོ་བོ་ཤཱཀྱ་མུ་ནེ་རྒྱ་ཡུལ་དུ་སྐྱེལ་བའི་ཐབས་བྱས་ཀྱང་མ་ཐེག་པས་ས་འོག་ཏུ་སྦས་ཤིང་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བཤས་ར་བྱས། དུས་དེར་སྦས་གསལ་སྣང་མཁན་པོ་ཞི་བ་འཚོ་བལ་ཡུལ་དུ་བཞུགས་པ་མཇལ་དུ་ཕྱིན་ནས་སེམས་བསྐྱེད་ཞུས་ཏེ་བོད་ལ་འབྱོན་པར་གསོལ་བས། བོད་ངའི་གདུལ་ཞིང་ཡིན་ནའང་། བཙན་པོ་དང་ཁྱོད་མ་སྐྱེས་པས་ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་སྒུག་གིན་བསྡད་པ་ཡིན། ད་ཁྱེད་གཉིས་ཀྱང་ནར་སོན་པས་འོ་སྐོལ་རྣམས་ཀྱིས་བོད་དུ་བསྟན་པ་འཛུགས་པའི་དུས་ལ་བབ། ཅེས་གསུངས། མི་རིང་བར་རྒྱལ་བུ་སྐུ་ནར་སོན་ནས་ཡབ་མེས་ཀྱི་ཡིག་ཚང་ལ་གཟིགས་པས་ཆོས་མཛད་པར་དགོངས། དགེ་བ་བཅུའི་མདོ་དང་། རྡོར་གཅོད། སཱ་ལུ་ལྗང་པ་རྣམས་རྫ་ཁྲོད་ནས་བླངས་ཏེ་གཟིགས་པས་ལྟ་སྤྱོད་དག་ཅིང་ཟུང་དུ་འབྲེལ་བར་གོ། དེ་ནས་སྦ་གསལ་སྣང་རྡོ་རྗེ་གདན་དུ་མ་ཧཱ་བོ་དྷི་མཆོད་པ་བྱེད་དུ་ཕྱིན་ནས་རིམ་པར་བོད་དུ་ལོག །བཙན་པོ་ལ་མཁན་པོས་གསུང་རྣམས་གསོལ་བས། བཙན་པོའི་ཞལ་ནས། མ་ཞང་གིས་ཆད་པ་གཅོད་དོགས་ཡོད་པས་ཁྱོད་རང་མྱུར་དུ་སོང་།

ངས་ལྐོག་ཏུ་འགོས་རྒན་དང་གྲོས་བྱས་ནས་ཐབས་ཀྱིས་སྤྱན་འདྲེན་དུ་བཏང་གི་གསུངས། རྒྱལ་པོས་བློན་པོ་ཆེན་པོ་འགོས་ལ་བོད་ཐམས་ཅད་ཆོས་ལ་འགོད་པའི་ཐབས་དྲིས་པས། འགོས་ཀྱིས་མཆིད་ནས་དེ་ཤིན་ཏུ་ལེགས་ཀྱང་རྒྱལ་པོ་སྐུ་ཆག་ཆེ་བས་གླུད་དུ་བློན་པོ་གཉིས་ལོ་གསུམ་ཆད་པར་བཅུག་ན་ཕན་ཞེས་སྒྲོག་ཏུ་གཞུག་གིས། དེ་དུས་དེ་ལྟར་མཛད་པར་ཞུ་ཞེས་གླེང་ནས་མོ་རྩིས་པ་རྣམས་ལ་བརྔན་པ་བྱིན་ནས་སྒྲོག་ཏུ་བཅུག་པས་རྒྱལ་ཁམས་ཐམས་ཅད་དུ་བསྒྲགས་པའི་ཚེ། རྒྱལ་པོའི་བློན་འཁོར་བསགས་ནས་ང་ཡི་གླུད་དུ་འགྲོ་ནུས་པ་སུ་ཡོད་དྲིས་པས། འགོས་རྒན་པོ་ལངས་ཏེ་ང་གཅིག་འགྲོ་བར་ཞུ་ཟེར་བ་དང་། མ་ཞང་ཡང་འགྲན་པར་ལངས་ཏེ་ང་ཡང་འགྲོ་བ་ཞུ་ཟེར་རོ། །དེ་ནས་སྟོད་ལུང་བྲང་མདར་ལོ་གསུམ་གྱི་ཡོ་བྱད་དང་བཅས་བློན་པོ་ཆེན་པོ་གཉིས་གསོན་དུར་དུ་བཅུག འགོས་རྒན་ལྐོག་ནས་ཚུར་བཏོན། མ་ཞང་ཆད་པས་སྒོ་བཅད་དེ་སྲུང་མི་བཞག གཞན་ཡང་བློན་པོ་ཆོས་ལ་མི་དགའ་བ་རྣམས་ཕྱོགས་གཞན་དང་གཞན་དུ་བཏང་། དེ་ནས་འགོས་དང་རྒྱལ་པོ་བཀའ་བགྲོས་ཏེ་གཙུག་ལག་ཁང་བཞེངས་པའི་ཐབས་བྱས་ནས་བློན་འབངས་ལ་འདམ་ཀ་བཀུར་ཏེ་གྲོས་བྱས་པས་གཙུག་ལག་བྲེ་ཞབས་ཙམ་བཞེངས་པར་འཆམས་ཏེ། མཁན་པོ་ཞི་བ་འཚོ་གདན་འདྲེན་པར་བཏང་བས་མཁན་པོས་ཞལ་ནས་ཁྱེད་རྣམས་རེ་འཕྱིས། ངའི་ལོ་དགུ་བརྒྱ་བསྒུགས་པ་ལས་ད་བར་མ་བྱུང་། རྒྱལ་པོ་བཙས་པའི་ཚེ་ཡང་ང་ལ་སོ་མེད་པ་ལས་གཅིག་པོ་འདི་ཕྱིས་སྐྱེས་སོ། །

ཞེས་གསུངས་ཏེ། བོད་ཡུལ་དུ་བྱོན་པས་རྒྱལ་བློན་ཀུན་ཀྱིས་བསུ་བ་མཛད་ནས་གཙུག་ལག་ཁང་རྩིགས་པའི་རྨང་འདིང་བ་ན་ལྷ་འདྲེ་རྣམས་ཀྱིས་བརྩིགས་སུ་མ་སྟེར་བས། མཁན་པོའི་ཞལ་ནས། རྒྱ་གར་གྱི་ཡུལ་ནས་རྒྱལ་པོ་དྷརྨ་པ་ལའི་མཆོད་གནས་སུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ། མཐུ་དང་རྫུ་འཕྲུལ་ཐོགས་པ་མེད་པ་ཞིག་བཞུགས་པ་དེ་སྤྱན་དྲངས་ནས་ས་འདུལ་མཛད་ན་གཙུག་ལག་ཁང་འབྱོངས་པར་ལུང་བསྟན་པ་ལྟར་མཛད་པས། སློབ་དཔོན་ཆེན་པོ་རྫུ་འཕྲུལ་གྱིས་བོད་དུ་ཕེབས་ཏེ་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས། ཧེ་རུ་ཀའི་གར་དང་རྡོ་རྗེའི་འགྲོས་ཀྱིས་ས་བཏུལ་བར་ཕྱི་བཞིན་རྨང་བཏིང་བས་ཕྱིའི་ལྕགས་རི་མུ་ཁྱུད་རྡོ་རྗེའི་འགྲོས་ཟུར་མང་རིས་སུ་བྱུང་ངོ་། །དེའི་ཚེ་ལས་དཔོན་ཆེན་པོ་བཞི་བསྐོས་ཏེ་རྒྱ་དཀར་ནག ཞང་ཞུང་སུམ་པ། ལྷོ་བལ་གར་ལོག ལི་མང་ཡུལ་ལ་སོགས་པའི་བཟོ་བོ་མཁས་པ་མང་པོས་ཉིན་པར་བཞེངས་ཤིང་།

མཚན་མོ་ལྷ་སྲིན་སྡེ་བརྒྱད་ཀྱིས་ལས་དཔོན་བྱས་ཏེ་མི་མ་ཡིན་པ་རྣམས་ཀྱིས་བཞེངས་པས་ཉིན་བརྩིགས་པ་བས་ནུབ་བརྩིགས་པས་མཐོ་ཞིང་། རི་མོ་དང་ཤིང་བཟོ་དང་། ལྡེར་བཟོ་ཡང་མཚན་མོའི་ལེགས་པ་བྱུང་། དེ་ལྟར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླའི་གླིང་གཉིས་དང་ཇོ་མོ་གླིང་གསུམ་སོགས་ཕྱི་རྟེན་དང་། ནང་རྟེན་རྣམས་ལེགས་པར་གྲུབ་ནས་མཁན་པོ་བོ་དྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་ཀྱིས་རབ་ཏུ་གནས་པ་མཛད་ཚེ་ཡ་མཚན་པའི་ལྟས་དཔག་ཏུ་མེད་པ་བྱུང་ཞིང་མི་ལོ་བཅུ་གསུམ་དུ་བཀྲ་ཤིས་པའི་དགའ་སྟོན་དང་ལྟད་མོའི་རིགས་མཐའ་དག་བྱས་ཏེ་རྒྱལ་འབངས་ཐམས་ཅད་བདེ་སྐྱིད་ཀྱི་ཉི་མ་ཤར་བར་གྱུར་ཏོ། །དེ་ནས་མཁན་སློབ་གཉིས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་བཀའ་རྒྱ་ཆེ་བ་རྣམས་གནང་ཞིང་རྗེ་འབངས་ཐམས་ཅད་སྨིན་པར་མཛད། གཞན་ཡང་རྒྱ་གར་ནས་པཎྜི་ཏ་མང་པོ་སྤྱན་དྲངས་ཤིང་མཁན་སློབ་རྣམ་གཉིས་དང་བཅས་པས་མདོ་སྔགས་ཀྱི་ཆོས་རྒྱ་ཆེ་ཞིང་གྲངས་མང་བར་བསྒྱུར་ཅིང་གཏན་ལ་ཕབ་པར་མཛད་དོ། །ཁྱད་པར་མངའ་བདག་རྒྱལ་པོ་ཉིད་ཀྱིས་འོད་གསལ་གསང་བ་སྙིང་ཐིག་གི་བརྒྱུད་པའི་མན་ངག་སློབ་དཔོན་རྣམ་གསུམ་ལས་བཀའ་ལུང་ཆིག་རྫོགས་སུ་གསན་པ་སྟེ། སློབ་དཔོན་བཱི་མ་ལ་ནས་བར་ཁང་གཡུ་ཞལ་ཅན་དུ་ཆོས་རྒྱལ་ཉིད་དང་། སྐ་བ་དཔལ་བརྩེགས། གཉགས་ཛྙཱ་ན། ཉང་བན་ཏིང་འཛིན། ལྷ་སྲས་མུ་ཏིག་བཙན་པོ་དང་ལྔས་འོད་གསལ་གསང་བ་སྙིང་ཐིག་གི་གདམས་ངག་བུམ་པ་གང་བྱོས་སུ་གསན་པ་དང་། དཔལ་གྱི་བསམ་ཡས་སུ་གུ་རུ་ནས་བརྒྱུད་པའི་གདམས་པ་ཡོངས་རྫོགས་གསན་ཞིང་དབང་དུས་སུ་མེ་ཏོག་དབུས་སུ་བབ་ཅིང་ཆེ་མཆོག་བདེ་གཤེགས་འདུས་པས་ཞལ་གཟིགས་ཏེ་རྟོགས་པ་མངོན་དུ་གྱུར། ལོ་ཆེན་བཻ་རོ་ནས་སེམས་སྡེ་སྔ་འགྱུར་ལྔ་དང་། ཀློང་སྡེ་རྡོ་རྗེ་ཟམ་པ་སོགས་ཟབ་ཆོས་མང་དུ་གསན། ཡང་བཱི་མ་དང་བཻ་རོ་ཐུན་མོང་ནས་སེམས་སྡེ་ཕྱི་འགྱུར་བཅུ་གསུམ་སོགས་གཙོ་བོར་མཛད་ནས་གསན། དེ་ལྟར་རྫོགས་ཆེན་གྱི་ཤིང་རྟ་ཆེན་པོ་གསུམ་གྱི་ཟབ་ཆོས་ཡོངས་སུ་རྫོགས་པ་གསན་ཏེ་སྒྲུབ་པ་ཉམས་བཞེས་མཛད་པས་ཆོས་ཉིད་གཅེར་མཐོང་དུ་ངོ་འཕྲོད། དགོངས་པ་ཀློང་ཆེན་ཡངས་པའི་མཁའ་ལ་གཏན་སྲིད་ཟིན་ཏེ་རྩ་བའི་ཆོས་ཀྱི་བདག་པོར་གྱུར། རིག་རྩལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཀློང་བརྡོལ་བས་བཀའ་ཡང་དག་པའི་ཚད་མ་སོགས་བསྟན་བཅོས་ཀྱང་མང་དུ་མཛད་པ་བཅས། མདོར་ན་རྗེ་བཙུན་འཇམ་དཔལ་དབྱངས་མངའ་བདག་ཆོས་ཀྱི་རྒྱལ་པོའི་ཚུལ་དུ་བྱོན་པ་འདིའི་སྐུ་རིང་ལ་བོད་ཡུལ་མུན་པའི་གླིང་དུ་རྒྱལ་བསྟན་མདོ་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་བྱུང་བ་དང་། མཐའ་ཡི་རྒྱལ་ཁམས་ཐམས་ཅད་དབང་དུ་བསྡུས་ཏེ་སུམ་གཉིས་ས་ཡི་དཀྱིལ་འཁོར་ཆེན་པོ་ལ་བཀས་མངའ་དབང་བསྒྱུར། བོད་ཡུལ་སྟོད་སྨད་ཀྱི་ཆབ་འབངས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་བཀོད་པ་སོགས་ལེགས་མཛད་ཕྱོགས་བརྒྱར་སྤེལ། དེ་ལྟར་ཐུགས་བསྐྱེད་དང་བཀའ་དྲིན་རྨད་དུ་བྱུང་བའི་མཛད་པ་ནམ་ཡང་ནུབ་པ་མེད་པ་ལྗོངས་འདིར་གསལ་བར་བྱས་ཏེ་མཐར་དགུང་གྲངས་ལྔ་བཅུ་སྐོར་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་པའི་ཚུལ་གྱིས་མྱ་ངན་ལས་འདས་སོ། །

[༣] མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།

གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི། འཁྲུངས་ཡུལ་གངས་ཅན་བོད་ཀྱི་ཡུལ་དབུས་མཁར་ཆེན་ལྕོག་རོ་རུ། ཡབ་མང་རྗེ་ཐོད་དཀར་ལེགས་དང་། ཡུམ་གནུབས་གཟའ་རྒྱལ་མོ་མཚོ་གཉིས་ཀྱི་སྲས་མོ་རུ་བྱ་ལོ་སྤྲེལ་ཟླའི་ཉི་ཤར་དུས་སྐུ་འཁྲུངས་པ་སྟེ། ཡུམ་རྒྱལ་མོ་མཚོའི་རྨི་ལམ་དུ་ནམ་མཁའི་དཀྱིལ་ན་བུད་མེད་སྔོན་མོ་གཅིག་གིས་འོད་ཀྱི་སྐར་མ་ཞིག་འཕངས་པ་ཁོག་པའི་ནང་དུ་སོང་བ་རྨིས་ནས་ཟླ་བ་དགུ་ངོ་བཅུ་ན་བུ་མོ་མཛེས་མ་དཔྲལ་བར་རྡོ་རྗེ་རྒྱ་གྲམ་གྱི་རི་མོས་མཚན་པ། ཞལ་ནས་ཨུཏྤལ་གྱི་དྲི་ངད་དང་ལྡན་པ་འཇའ་འོད་འཕྲོ་ཞིང་མེ་ཏོག་གི་ཆར་བ་དང་བཅས་བལྟམས། ཆེར་སྐྱེས་པའི་དུས་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོར་སྤྱན་དྲངས། འབྲི་ཀློག་སོགས་རིག་པའི་གནས་ཀུན་བརྡ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད། སློབ་དཔོན་ཆེན་པོ་བོད་དུ་ཕེབས་ནས་ཆོས་འཁོར་སྐོར་བའི་ཚེ་སློབ་དཔོན་ལ་ཤིན་ཏུ་དད་ཅིང་རྒྱལ་པོ་ལ་ཆོས་བྱེད་པར་ཞུས་པས་གནང་སྟེ་སློབ་དཔོན་ལ་ཕུལ། དེ་ནས་སློབ་དཔོན་གྱིས་ལས་རྒྱ་བགྱིས་ཏེ་གང་དུ་གཤེགས་པ་ཐམས་ཅད་དུ་བྱོན་ནས་བསྙེན་བཀུར་དང་ཞབས་ཏོག་མཛད། མཆིམས་ཕུ་དང་གཞོ་སྟོད་ཏི་སྒྲོ་སོགས་སུ་ཡབ་ཡུམ་ལྷན་དུ་སྒྲུབ་པར་བཞུགས་པས་བསད་པའི་མི་རོ་བསླངས་པའི་གྲུབ་པ་ཐོབ་པ་སྟེ་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས། སློབ་དཔོན་ཆེན་པོ་ལས་མདོ་སྔགས་ཀྱི་ཆོས་བཀའ་ཐམས་ཅད་ཐོབ་ཅིང་ཤིན་ཏུ་གཅེས་པའི་མན་ངག་གང་ཟབ་ཟབ་རྣམས་ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་ཁོ་ན་ལ་མནོག་ཆོས་སུ་བསྩལ་ཏེ་བཀའ་གཏད་མཛད། དེ་དག་གི་སྐབས་སུ་མཚོ་རྒྱལ་གྱིས་ཞུ་བསྐུལ་དང་བཀའི་བསྡུ་བ་མཛད་དེ་དཀར་ཆག་ཏུ་བཀོད་པ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་དུ་སློབ་དཔོན་ཡབ་ཡུམ་གཞོ་སྟོད་ཏི་སྒྲོ་བྲག་ཏུ་སྒྲུབ་པ་མཛད་པའི་ཚེ། ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་ཇོ་མོ་ལ་བསྐུལ་བ། སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུའི་ཐུགས་ལ་ཚེ་འདི་ཉིད་དུ་གདོས་བཅས་ཀྱི་ཕུང་པོ་མི་སྣང་བར་ལོ་གསུམ་གྱིས་འཚང་རྒྱ་བའི་གདམས་པ་མངོན་སུམ་སྙིང་ཏིག་གི་མན་ངག་ཟབ་མོ་བཞུགས་པས་གསོལ་བ་ཐོབ་ཅིག་ཅེས་ལུང་བསྟན་ཏོ། །དེའི་ཚེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཆོད་དེ་ཞུས་པ། སློབ་དཔོན་ཆེན་པོ་ལགས། ཚེ་འདི་ཉིད་ལ་ཕུང་པོ་མི་སྣང་བར་འཚང་རྒྱ་བའི་གདམས་པ་མངོན་སུམ་སྙིང་ཏིག་གི་མན་ངག་གནང་བར་ཞུ་འཚལ་ཞེས་གསོལ་བ་བཏབ་སྟེ་ཕྱག་དང་སྐོར་བ་གྲངས་མེད་པ་མཛད། སློབ་དཔོན་ཆེན་པོས་གསུངས་པ། མཚོ་རྒྱལ་ཁྱོད་ཀྱིས་ཞུས་པ་དེ་ཤིན་ཏུ་ལེགས། སྔར་དང་མི་འདྲ་བའི་གདམས་པ་ཐེག་པ་རིམ་དགུ་ཀུན་ལས་འདས་པའི་རྩེ་མོ། གནད་མཐོང་བས་ཡིད་དཔྱོད་ཀྱི་ལྟ་སྒོམ་འཇིག་པ། འབད་མི་དགོས་པར་ས་ལམ་རྫོགས་པ། བཅོས་སྒྱུར་དང་གཉེན་པོ་མི་དགོས་པར་ཉོན་མོངས་རང་སར་གྲོལ་བ། རྒྱུས་མ་བསྐྱེད་པར་འབྲས་བུ་རང་ལ་རྫོགས་པ། ལྷུན་གྱིས་གྲུབ་པའི་དགོངས་པ་སྐད་ཅིག་ལ་འཆར་བ། གདོས་བཅས་ཤ་ཁྲག་གི་ཕུང་པོ་ཚེ་འདི་ཉིད་ལ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བ། འོག་མིན་གྱི་གནས་སུ་ལོ་གསུམ་གྱིས་བགྲོད་ནས་ཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་ཞིང་དུ་གཏན་སྲིད་ཟིན་པར་བྱེད་པའི་གདམས་པ་མཁའ་འགྲོ་གསང་བ་སྙིང་ཐིག་ཡོད་ཀྱིས་བསྟན་པར་བྱའོ་གསུངས་ནས། གཞོ་སྟོད་ཏི་སྒྲོ་བྲག་གི་མཁའ་འགྲོའི་ཚོགས་ཁང་ཆེན་མོར་ཞི་ཁྲོ་དོན་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཇོ་མོ་མཁར་ཆེན་བཟས་ཐོག་དྲངས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་གཅིག་ལ་དབང་བསྐུར་ཞིང་ཁྲིད་རྫོགས་པར་མཛད་ནས། ཡང་གསང་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ཀློང་གསལ་ཉི་མའི་རྒྱུད་དང་བཅོ་བརྒྱད། དེའི་མན་ངག་རབ་ཏུ་མང་པོ་དང་བཅས་པ་རྣམས་གསུངས་སོ། །དེ་ནས་དེ་རྣམས་ལས་རྒྱུད་རབ་ཏུ་རྒྱས་པའི་མན་ངག་རྣམས་གཅིག་ཏུ་ཕྱེས། སློབ་དཔོན་ཉིད་ཀྱིས་མཛད་པ་ཀུ་ས་ལིའི་སྐོར་རྣམས་གཅིག་ཏུ་ཕྱེས་ཏེ་སོ་སོར་སློབ་དཔོན་དང་མཚོ་རྒྱལ་གཉིས་ཀྱིས་ཡི་གེར་བྲིས་ཏེ་དཀར་ཆག་ལ་བསྣན་ཅིང་ལྷ་ལྕམ་པདྨ་གསལ་ལ་སྨོན་ལམ་གཏད་རྒྱ་མཛད་ནས་གཏེར་དུ་སྦས་པར་མཛད། མཐར་སློབ་དཔོན་ཆེན་པོ་དང་མཉམ་དུ་འཇའ་འོད་ཀྱི་ཀློང་ནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་རྫུ་འཕྲུལ་གྱིས་གཤེགས་སོ། །

[༤] ལྷ་ལྕམ་པདྨ་གསལ།

མངའ་བདག་སྲས་མོ་ལྷ་ལྕམ་པདྨ་གསལ་ནི། ཡབ་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཡུམ་བཙུན་མོ་དམ་པ་འབྲོ་བཟའ་བྱང་ཆུབ་སྨན་གཉིས་ཀྱི་སྲས་མོར་སྐུ་བལྟམས། ཆུང་ངུ་ནས་སློབ་དཔོན་ཆེན་པོ་སོགས་པཎ་གྲུབ་རྣམས་ཀྱི་ཞལ་མཇལ་ཞིང་བྱིན་རླབས་ཀྱི་དབང་བསྐུར་ཐོབ། དགུང་ལོ་བརྒྱད་ལ་སོན་པའི་ཚེ་ན་ཚེའི་འཕེན་པ་རྫོགས་ཏེ་དུས་ཆོས་སུ་གྱུར། དེའི་ཚེ་ལྷ་སྲས་རྒྱལ་པོ་བུ་མོའི་རོ་ལ་གཟིགས་ཤིང་བཤུམས་ཏེ་ས་ལ་འགྱེལ་བ་ན། མཚོ་རྒྱལ་གྱིས་ཙན་དན་གྱི་ཆུ་གཏོར་བས་བརྒྱལ་སངས་པ་དང་སློབ་དཔོན་ཆེན་པོ་ལ་ཕྱག་དབུ་ཐོད་བུད་བུད་བཙལ་ནས་གསེར་སྐྱོགས་གཡུས་བཀང་བ་ཕུལ་ཏེ། སློབ་དཔོན་ཆེན་པོ་ལགས། བདག་གི་བུ་མོ་ལྷ་ལྕམ་འདི་ལས་དག་པ་ཞིག་ཀྱང་ཡིན་པ་འདྲ་སྟེ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བུ་མོར་སྐྱེས། ཁྱེད་ལོ་པཎ་སངས་རྒྱས་དངོས་དང་འདྲ་བ་འདི་ཙམ་གྱི་ཞལ་མཇལ་བ་ཡིན། འོན་ཀྱང་ཚེ་ཐུང་ངུ་འདི་ལྟ་བུར་གྱུར་བ་ཇི་ལྟར་ལགས་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཁྱེད་ཀྱི་སྲས་མོ་ལྷ་ལྕམ་འདི་ལས་དག་པས་ཁྱེད་ཀྱི་སྲས་མོར་སྐྱེས་པ་ཅི་ཡང་མིན། སྔོན་པདྨ་བདག་དང་ཆོས་རྒྱལ་ཆེན་པོ། བོ་དྷི་སཏྭ་རྣམས་རིགས་ངན་གྱི་བུ་གསུམ་དུ་སྐྱེས་ནས་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་བཞེངས་པའི་སྐབས་སུ་ལྷ་ལྕམ་འདི་སྦྲང་བུ་ཏྲེ་མ་ཞིག་གི་ལུས་བླངས་ནས་ཡོད་པས། རྒྱལ་པོ་ཉིད་ཀྱི་རྩེའུ་ཆུང་ལ་ཟོས་པའི་ཚེ་དྲན་མེད་དུ་ཕྱག་གིས་བྱབས་པ་ལས་སྦྲང་བུ་ཤི་བར་གྱུར་བའི་སྲོག་གི་ལན་ཆགས་ཀྱིས་ཁྱེད་ཀྱི་བུ་མོར་སྐྱེས་པ་ཡིན། སྤྱིར་འདུས་བྱས་ཐམས་ཅད་འདི་དང་འདྲ་བ་རྟག་ཅིང་བརྟན་པ་མེད་པས་མི་རྟག་རྟག་པར་མ་འཛིན་པར་སྐྱེ་མེད་ཆོས་སྐུའི་དོན་ལ་སྦྱོངས། ཞེས་གསུངས། ཡང་རྒྱལ་པོས་གསོལ་བ། ཀྱེ་སློབ་དཔོན་ཆེན་པོ་ལགས། སྤྱིར་འདུས་བྱས་མཚན་ཉིད་མི་རྟག་ན། ངའི་གཙུག་ལག་ཁང་འདི་རྣམས་ཅི་ཙམ་ནས་འཇིག །སངས་རྒྱས་ཀྱི་བསྟན་པ་ནམ་འཇིག །དམ་ཆོས་ནུབ་པའི་རྐྱེན་གང་གིས་བྱེད། བུ་མོ་འདི་ཚེ་ཐུང་བའི་རྒྱུ་རྐྱེན་ཅི་ལགས། ཞེས་ཞུས་པས་སློབ་དཔོན་གྱིས་བཀའ་བསྩལ་པ། ཀྱེ། རྒྱལ་པོ་གསོན་ཅིག །སངས་རྒྱས་བསྟན་པ་ཡུན་དུ་གནས་ཀྱང་དར་རྒུད་མང་དུ་འབྱུང་ངོ་། །དེའང་རྒྱལ་པོ་ཉིད་ནས་གདུང་རབས་ལྔ་ན་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བར་འགྱུར་རོ། །དེ་ནས་བོད་ཡུལ་མངའ་ཐང་ཉམས་ཏེ་བཙུན་པས་འདུལ་ཁྲིམས་མི་ཐུབ། སྔགས་པས་དམ་ཚིག་མི་ཐུབ། སྡེ་འཁྲུགས་དང་ནང་དམེ་བྱེད། སྐྱེ་བོས་མནའ་ཟ། ཁྲེལ་མེད། ཕ་མ་གསོད། དེ་དུས་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་ཞིང་བོད་ཁྲིམས་ཧོར་གྱིས་འཇིག །ལུང་པ་ཁྲག་མཚོར་འགྲོ། ས་གཞི་ཀེང་རུས་ཀྱིས་ཁྱབ། ལས་ཅན་དང་ཆོས་བྱེད་ཐམས་ཅད་ས་མཐར་འབྲོས་པས་རྒྱལ་པོ་ཉིད་ཀྱི་ཕྱག་དཔེ་གཏེར་དུ་སྦས་ན་འགྲོ་དོན་ཆེ། དེ་དུས་བཀའ་མ་རྣམས་བཀའ་འཆལ་ཏེ་བྱིན་རླབས་ཆུང་བས་གྲུབ་པ་ཐོབ་པ་ཉུང་ངོ་། །དུས་དེར་གཏེར་མ་འདི་བཀའ་མ་འཆལ་བས་བྱིན་རླབས་ཆེ་ཞིང་ལས་ཅན་རྣམས་ཀྱིས་གཏེར་སྒོ་ཕྱེ་ནས་དར་བར་འགྱུར་རོ་སོགས་གདམས་ངག་ལུང་བསྟན་མང་དུ་གསུངས་ནས། ཡང་ཀྱེ། རྒྱལ་པོ་ཁྱོད་ཀྱི་ལྷ་ལྕམ་འདི་ཚེ་དུས་བྱེད་པའི་རྒྱུ་ནི། སྐྱེ་བ་འདིའི་གོང་རོལ་དུ་རྒྱ་གར་གྱི་ཡུལ་ཀ་ལ་ཀི་ཏྲའི་གྲོང་ཁྱེར་དུ། རྒྱལ་པོ་བྷེ་ལ་ཀུ་ཏྲའི་བཙུན་མོར་སྐྱེས་ཚེ་མོ་ལ་བུ་མེད། བཙུན་མོ་གཅིག་ཤོས་ལ་བུ་ཡོད་པ་ཕྲག་དོག་གིས་བརྐུས་ནས་བསད་པའི་རྣམ་སྨིན་གྱིས་ཚེ་མཐར་མ་ཕྱིན་པར་ཤི་བ་ཡིན་ནོ་གསུངས། ཡང་རྒྱལ་པོས་ཞུས་པ། ཕྱི་མར་སྐྱེ་བ་གང་དུ་ལེན། མི་ལུས་ནམ་ཐོབ། ཆོས་གང་ལ་སྤྱོད། འགྲོ་དོན་གང་དུ་སྤྱོད། མཐར་བྱང་ཆུབ་ཐོབ་པའི་སྐལ་བ་མཆིས་སམ། ཅེས་ཞུས་སོ། །སློབ་དཔོན་གྱིས་གསུངས་པ། ཡབ་རྒྱལ་པོ་གསོན་ཅིག སྐྱེ་བ་འདིའི་འོག་ཏུ་ལོ་མང་དུ་སྡུག་བསྔལ་ལ་སྤྱོད་པར་འདུག་སྟེ་བཤད་ན་རྒྱལ་པོ་ཐུགས་ཁྲལ་དུ་འགྲོ། ལས་ངན་དེ་རྣམས་བྱང་ནས་བསྒྲག་གྲོང་གསར་དུ་བུད་མེད་དབང་པོ་ཚང་ལ་དད་པ་དང་ལྡན་པར་སྐྱེས་ནས་ངའི་གདམས་པ་དང་ལས་འབྲེལ་ཐོག་པ་ཙམ་དུ་འབྱུང་ངོ་། །དེ་ནས་ལྷོ་ལ་ཡག་ཏུ་བུ་མོ་སྤྲེལ་ལོ་མ་ཤེས་རབ་ཆེ་བ་གཅིག་ཏུ་སྐྱེས་ནས་མངའ་བདག་སྐུ་ཡི་སྤྲུལ་པ་ཉང་རལ་གྱིས་རྗེས་སུ་བཟུང་ནས་ལམ་སྣ་ཟིན་པར་འགྱུར་རོ། །དེ་ནས་གཡས་རུ་གྲོང་དམར་དུ་སྐྱེས་པའི་ལུས་ཐོབ་སྟེ་སྔར་རབ་ཏུ་བྱུང་བའི་བག་ཆགས་ཀྱིས་དེར་ཡང་རབ་ཏུ་བྱུང་སྟེ་ངའི་སྤྲུལ་པ་ཆོས་དབང་དང་འཕྲད་ནས་གདམས་པ་བྱིན་པས་རིག་པའི་ངོ་བོ་མཐོང་སྟེ་མཁའ་འགྲོས་རྗེས་སུ་འཛིན་པར་འགྱུར་རོ། །སྐྱེ་བ་དེའི་འོག་ཏུ་རྡོ་དང་མོན་བོད་ཀྱི་མཚམས་འབྲིན་ཐང་ཞེས་བྱ་བར་སྐྱེས་ཏེ་སྔ་མའི་བག་ཆགས་ཀྱིས་རབ་ཏུ་འབྱིན་པར་འགྱུར་རོ། །དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་བར་ཆད་སྲུང་ཞིང་ལུང་བསྟན་ནས་ང་ཡི་ཟབ་གཏེར་དང་འཕྲད་དེ་གཏེར་སྒོ་གསུམ་འབྱེད་པར་འགྱུར་རོ། །དེའི་དུས་སུ་སྙིང་ཐིག་ཟབ་མོའི་གདམས་ངག་དང་འཕྲད་ཀྱང་འགྲོ་དོན་མི་འབྱུང་སྟེ་སྦས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་ནོ། །དེའི་ཚེ་ང་ཡི་ཟབ་ཆོས་ཀྱི་བདག་པོར་གྱུར་ནས་ལས་དང་ལྡན་པ་དང་མི་ལྡན་པའི་སློབ་མ་བདུན་ཅུ་འབྱུང་སྟེ་དེ་རྣམས་ལས་གདུལ་བྱ་ལས་ཅན་རྣམས་བདེ་བ་ཅན་དུ་སྐྱེ་ཞིང་ལས་མེད་ལ་ལ་ངན་སོང་དུ་སྐྱེའོ། །དེ་དུས་མཁའ་འགྲོས་ལུང་བསྟན་ཅིང་མཚན་དང་ལྡན་པའི་སློབ་མ་ཉི་ཤུ་རྩ་གཅིག་འབྱུང་། ཁྱད་པར་དུ་ཟབ་མོ་སྙིང་ཐིག་གསན་པའི་གཏེར་འདིའི་བདག་པོ་སྒྲགས་ཟུང་མཁར་གྱི་བུ་མོ་སྤྲེལ་ལོ་མ་ཤེས་རབ་ཆེ་ལ་ཆོས་ལ་མོས་པ། ཡིད་དུ་འོང་ཞིང་སོ་ཞོ་ཡོད་པ། སྨིན་མཚམས་ན་སྨེ་བ་པདྨ་དང་འདྲ་བ་ཡོད་པ། མཚོ་རྒྱལ་གྱིས་བྱིན་གྱིས་བརླབས་པ་ཞིག་འབྱུང་བས་དེ་ལ་གདམས་པ་རྣམས་བྱིན་ན་ཁ་རག་གི་ཕུར་ལྷག་མེད་དུ་སངས་རྒྱ་ཞིང་དར་ཆ་ཡང་བག་ཙམ་འབྱུང་ངོ་། །དེ་མིན་འགྲོ་དོན་མི་འབྱུང་ཞིང་ཐམས་ཅད་ཀྱི་བསམ་པ་བསྒྱུར་པས་དེ་ལ་མོས་པ་ཤིན་ཏུ་ཉུང་ངོ་། །དེ་ཡང་འབྲེལ་ཚད་དོན་དང་ལྡན་པས་ཐར་པའི་ལམ་སྣ་ཟིན་པར་འགྱུར་རོ། །དེའི་ཚེ་ཚད་དགུང་ལོ་ལྔ་བཅུ་རྩ་དགུ་སྟེ་ཚེའི་སྒྲུབ་པ་བྱས་ན་དར་ཅིག་ཕྱིར་སྣུར་ཞིང་གཞན་དུ་བར་ཆད་ཀྱིས་ལྔ་བཅུ་རྩ་དགུའི་གོང་དུ་འདའ་བའང་སྲིད། དེ་ནས་དམ་སེལ་གྱིས་འདའ་བའི་ཚུལ་སྟོན་པས་དམ་སེལ་བཤགས་པ་ལ་འབུངས། དེ་ལྟར་བྱས་ན་དགུང་ལོ་ཚད་དུ་བཞུགས་པས་དེའི་དུས་སུ་མཁའ་འགྲོ་སྡེ་ལྔས་བྱིན་གྱིས་བརླབས་པའི་བུད་མེད་གཅིག་འབྱུང་བ་དེས་ཕྱག་རྒྱ་བྱས་པས་ཚེ་ལ་གསོས་ཐེབས་ཏེ་ཚེ་ཚད་ལས་ལྷག་པར་བཞུགས་སོ། །དེ་དུས་ཟབ་གཏེར་རྣམས་བུམ་ཐང་སྨད་དུ་སྐྱེལ་ལོ། །གལ་ཏེ་མ་འཁྱོལ་ན་སྔར་གྱི་གཏེར་ཤུལ་ལམ་ལྷ་འདྲེ་མི་འཕོ་བའི་བྲག་ལ་སྦས་ན་སྐྱེ་བ་ཕྱི་མར་ཐོན་པར་འགྱུར་རོ། །སྐྱེ་བ་དེ་འདས་ནས་ལོངས་སྐུའི་ཞིང་ཁམས་དར་ཅིག་ཉུལ་ལོ། །དེ་ནས་བུམ་ཐང་ཐར་པ་གླིང་དུ་སྐྱེས་ནས་ལོ་བཅོ་ལྔ་ན་བུམ་ཐང་སྨད་ཀྱི་བྲག་སེང་གེ་འདྲ་བ་ལ་སྙིང་ཐིག་གི་རྒྱུད་མན་ངག་དང་བཅས་པ་ཐོན་ནས་འགྲོ་དོན་བྱེད་དོ། །དེ་ནས་གཏེར་སྒོ་མང་བར་འབྱེད་ཅིང་རྫུ་འཕྲུལ་ཡ་མ་ཟུང་བསྟན་ཏེ་བུད་མེད་ཀྱི་ལུས་བཟུང་བའི་མཁའ་འགྲོ་ལྔས་ཡུམ་བྱས་ནས་འགྲོ་དོན་འདུ་བར་འགྱུར་རོ། །མཚན་དྲི་མེད་འོད་ཟེར་ཞེས་བྱར་གྲགས་ཏེ་རྟ་མགྲིན་གྱི་སྤྲུལ་པའི་སྲས་ཟླ་བ་གྲགས་པ་ཞེས་བྱ་བ་གཅིག་ཀྱང་འཁྲུངས་ཤིང་། སློབ་མའང་ཟབ་མོ་གནད་ཀྱིས་ཐེབ་པ་བརྒྱ་རྩ་བརྒྱད། ཆོས་ཀྱི་འབྲེལ་བ་སྟོང་རྩ་བརྒྱད། འགྲོ་དོན་ནུས་པ་སུམ་ཅུ་འབྱུང་ངོ་། །སྦྱིན་བདག་ལ་སོགས་ཟས་ནོར་གྱི་འབྲེལ་བ་ནི་ཤིན་ཏུ་མང་ངོ་། །དེའང་ལྷོ་བྲག་དང་མཁར་ཆུ་ལ་རྫོགས་ཆེན་གྱི་བསྟན་པ་དར་ཞིང་རྒྱས་པར་བྱེད་དོ། །དེ་དུས་ལྷོ་བྲག་གི་བྲག་སེང་གེའི་གདོང་པ་ཅན་ནས་སེམས་ཕྱོགས་ཀྱི་ཆོས་སྡེ་ཐམས་ཅད་ཐོན་པར་འགྱུར་རོ། །མོན་མཁར་སྟེང་ནས་བདག་གི་ངན་སྔགས་ཟབ་མོ་ཚོ་ཐོན་ཞིང་འཆིམས་ཕུ་འདི་ཉིད་དུ་སྦས་པའི་ལྷ་ལྕམ་མོ་རང་གི་ཟབ་བེར་སྲུབ་མེད་དང་། གཡུ་གུང་རི་ཁ་དམར། གཟི་མཆོང་སྤེལ་མའི་ལན་ཚར། དངུལ་དཀར་གྱི་མེ་ལོང་རྒྱང་གསལ། ཨོ་རྒྱན་བདག་གི་ཆོས་གོས་གསེར་གྱི་ཧ་རིས་ཅན་དང་། ཐོད་པ་སྨུག་པོའི་ནང་དུ་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་དབང་བཞིའི་གདམས་པ་རྒྱུད་དང་བཅས་པ་སྦས་པས། འདི་རྣམས་ལྷ་ལྕམ་སྐྱེ་བ་འཕོས་ཏེ་བུམ་ཐང་དུ་སྐྱེས་པའི་དུས་སུ་ཐོན་ནས་འགྲོ་དོན་དཔག་ཏུ་མེད་པ་བྱས་ཏེ་སྐྱེ་བ་དེ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོངས་སྐུའི་ཞིང་དུ་འགྲོ་དོན་བྱེད་ཅིང་སྐྱེ་བ་མི་ལེན་ནོ། །ཟངས་མདོག་དཔལ་རིར་རྒྱལ་པོ་ཉིད་དང་། མཚོ་རྒྱལ་དང་། ལྷ་ལྕམ་དང་། པདྨ་འོ་སྐོལ་ཞལ་མཇལ་གསུངས་སོ། །དེར་རྒྱལ་པོ་དགྱེས་ཏེ་ཕྱག་དང་སྐོར་བ་མང་པོ་མཛད་ནས་སློབ་དཔོན་ཆེན་པོ་ལགས། འཁོར་བའི་ཆོས་ལ་སྙིང་པོ་མི་གདའ་བས་ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་ལ་ནམ་ཕུགས་སངས་རྒྱས་པའི་གདམས་ངག་ཅིག་ཞུ་འཚལ་ཞུས་པས། སློབ་དཔོན་གྱིས་རྒྱལ་པོ་ལ་ཡང་གསུངས་པ། ཨེ་མ་ཧོ། མངའ་བདག་རྒྱལ་པོ་ཆེན་པོ་ཡང་གསོན་ཅིག །འཇིག་རྟེན་ཆོས་ལ་སྙིང་པོ་མེད་པས་ན། །མུ་མཐར་འཁོར་ཞིང་ཡང་ཡང་སྡུག་བསྔལ་བས། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པར་མཛོད། །ཡུལ་གྱི་སྙིང་པོར་ཆོས་དབྱིངས་སྐྱེ་མེད་བཟང་། །གནས་ཀྱི་སྙིང་པོར་ནགས་ཁྲོད་དབེན་པ་བརྟེན། །དགོན་པའི་སྙིང་པོར་ཆོས་ཉིད་སྟོང་གསལ་ལྟོས། །ཁང་པའི་སྙིང་པོར་སེམས་ཉིད་གཉུག་མར་ཞོག །ཅེས་པ་ལ་སོགས་པའི་ཞལ་གདམས་སྙིང་པོར་དྲིལ་བ་མང་དུ་གསུངས་ཤིང་། སླར་ཡང་། ལྟ་བའི་སྙིང་པོར་སྟོང་གསལ་འགྱུར་མེད་ལྟོས། །བསྒོམ་པའི་སྙིང་པོར་སེམས་ཉིད་ཇི་བཞིན་ལྟོས། །སྤྱོད་པའི་སྙིང་པོར་གཉིས་འཛིན་འཁྲུལ་པ་གཞིག །འབྲས་བུའི་སྙིང་པོར་མ་བཙལ་ལྷུན་གྱིས་གྲུབ། །དེ་ལྟར་མཛད་ན་འདིར་བདེ་ཕྱི་མར་སྐྱིད། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །ཞེས་གསུངས་པས། རྒྱལ་པོ་དགྱེས་ཏེ་ཕྱག་དང་སྐོར་བ་མང་དུ་མཛད་དོ། །དེ་ནས་ལྷ་ལྕམ་གྱི་ཟབ་བེར་གདམས་ངག་དང་བཅས་པ་བསེ་སྒྲོམ་བ་གམ་སྨུག་པོར་བཅུག་སྟེ་གཏེར་དུ་སྦས་ནས་ལྷ་ལྕམ་ཉིད་དང་འཕྲད་པའི་སྨོན་ལམ་བཏབ། སློབ་དཔོན་གྱིས་ལྷ་ལྕམ་གྱི་རོ་ཡི་སྙིང་གར་ཤེས་རབ་མཚལ་གྱིས་ནྲི་གཅིག་བྲིས་ཏེ་རྣམ་ཤེས་བཀུགས་པས་དབུགས་བྱུང་སྟེ་སྨྲ་ཤེས་པ་བྱུང་ངོ་། །དེ་ནས་མཁའ་འགྲོ་སྙིང་ཐིག་གི་དབང་བསྐུར་ཏེ་གསང་མཚན་པདྨ་ལས་འབྲེལ་དུ་བཏགས་ཤིང་། བུ་མོས་ཀྱང་དཔེ་སྒྲོམ་སྤྱི་བོར་བཟུང་ནས་མ་འོངས་པའི་དུས་སུ་ཆོས་འདི་དང་འཕྲད་དེ་སེམས་ཅན་ལ་ཕན་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་སློབ་དཔོན་གྱིས་ལྷ་ལྕམ་ལ་ཚེ་སྔོན་གྱི་ལས་སད་པ་དང་ཡབ་སྲས་སློབ་དཔོན་དང་བཅས་ཏེ་འཕྲད་དོ། །ཞེས་གསུངས་ནས་སླར་རྣམ་ཤེས་དོན་པ་དང་བེམ་རོ་དེ་ཉིད་དུ་བསྲེགས་པའི་ཚུལ་བསྟན་ཅིང་མོའི་སྒྲིབ་པ་སྦྱང་ཕྱིར་སློབ་དཔོན་གྱིས་བསྣམས་ནས་སྐད་ཅིག་ལ་ཨོ་རྒྱན་དུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་མཛད་དོ། །ཡང་སྐད་ཅིག་ལ་ཕྱིར་བྱོན་ཏེ་གསུངས་པ། མཚོ་རྒྱལ་ཇི་ལྟར་བྱུང་བ་འདི་རྣམས་དཀར་ཆག་ལ་ཐོབ་ཅིག །ཟབ་གཏེར་གྱི་ཟླ་ལ་སྦས་ན་ཕྱིས་མོ་རང་དང་འཕྲད་དུས་ཡིད་ཆེས་པའི་དགོས་པ་ཡོད་དོ་གསུངས་པས་ཇོ་མོས་ཡི་གེར་བཏབ། སྙིང་ཐིག་གསང་བའི་གདམས་པ་འདི་རྣམས་སྤེལ་ལམ་སྦས་པར་བྱ་ཞུས་པས། སློབ་དཔོན་གྱི་ཞལ་ནས་འདི་རྣམས་ད་ལྟ་སྤེལ་བའི་དུས་ལ་མ་བབ་པས་གཏེར་དུ་སྦས་དགོས། ལྷ་ལྕམ་གྱིས་དཔེ་སྒྲོམ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ་པས་མོ་ཡི་ཆོས་སྐལ་ཡིན་མོད། ད་སྟེ་ལོ་འགའ་ན་སློབ་དཔོན་ཆེན་པོ་བཱི་མ་ལ་མི་ཏྲ་འབྱོན་པས་ཁོང་གི་གདུལ་བྱ་དུས་ལ་བབ་ནས་སྙིང་ཐིག་གི་བསྟན་པ་རྒྱས་པར་འགྱུར་རོ། །བདག་གི་མཁའ་འགྲོ་སྙིང་ཐིག་གི་བསྟན་པ་འདི་སྙིང་ཐིག་སྔ་འགྱུར་འཆལ་ཏེ་ནུབ་ཏུ་ཉེ་བའི་དུས་སུ་བསྟན་པ་ནུབ་ཁར་གསལ་ཏེ་རྒྱས་ལ་དྲགས་པ་ཡུན་ཐུང་བ་མར་མེ་འཆི་ཁར་གསལ་བ་ལྟ་བུ་འབྱུང་ངོ་། །དེའི་ཕྱིར་སྦ་བར་བྱའོ་གསུངས་ནས་ཀུ་ས་ལའི་སྐོར་རྣམས་དྭགས་ལུང་ཕྲ་མོ་བྲག་བྱ་སྐྱིབས་ཅན་ལ་སྦས་ཤིང་། རྒྱུད་དང་མན་ངག་རྒྱ་ཆེ་བ་མཁས་པ་པཎྜི་ཏའི་སྐོར་རྣམས་བུམ་ཐང་སྨད་ཀྱི་བྲག་སེང་གེ་འདྲ་བ་ལ་སྦས་ནས་གཟའ་དང་མ་མོ་མཁའ་འགྲོ་མ་རྣམས་ལ་གཏད་ནས་མི་ལོ་ལྔ་བཅུ་ཁ་རལ་ན་སྐལ་ལྡན་ལས་ཅན་དེ་ལ་གཏོད་ཅིག་ཅེས་བཀའ་བསྒོས་སོ། །

[༥] གཏེར་སྟོན་པདྨ་ལས་འབྲེལ་རྩལ།

སྤྲུལ་སྐུ་རིན་ཆེན་ཚུལ་རྡོར་རམ་གསང་མཚན་པདྨ་ལས་འབྲེལ་རྩལ་ནི། པདྨའི་ཐང་ཡིག་ཆེན་མོ་ལས། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ནང་འཇིགས་བརྒྱད་ཤྭ་བའི་ར་ཅོ་འབྱུང༔ བསོད་ནམས་ཟད་པས་དབུས་སུ་མི་རྒོད་སྡིགས༔ དྭགས་པོ་ལྡང་ལྷ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༔ མངའ་བདག་སྲས་མོ་རིན་ཆེན་ཚུར་རྡོར་འབྱུང༔ ཞེས་དང་། རང་གཏེར་སྙིང་ཐིག་གི་ལུང་བསྟན་གོང་དུ་རྒྱས་པར་དྲངས་པ་ལྟར་དང་། གཞན་ཡང་གཞི་ལམ་འབྲས་བུའི་མཇུག་གི་ལུང་བསྟན་ལས་ཀྱང་། ཀུ་ས་ལི་པའི་གདམས་པའི་སྐོར༔ དཔང་ལུང་ལྡང་ལྷའི་བྲག་ལ་སྦེད༔ ད་ལྟ་སྟོན་པའི་དུས་མ་བབས༔ ཚེ་ལོ་དྲུག་ཅུ་ཁ་རལ་དུས༔ གསལ་རྗེ་གངས་ཀྱི་ཤར་ཕྱོགས་ངོས༔ ལྕགས་སྒྲོམ་ལྟ་བུའི་ཡུལ་གྱི་སྟོད༔ འབྲོང་ཕོ་ཉལ་འདྲའི་དཔྱི་སྟེང་དུ༔ མཁའ་འགྲོ་སྡེ་ལྔས་བྱིན་བརླབས་པའི༔ ཆུ་ཁམས་འབྲུག་གམ་སྤྲེལ་ཡོས་ལོ༔ སྤྲོ་རིང་ཐེག་ཆེན་ཆོས་ལ་མོས༔ སྦས་ཚུལ་འཁོར་བའི་ཆ་ལུགས་འཛིན༔ མ་འགགས་སྣ་ཚོགས་སྤྱོད་པ་སྐྱོང༔ ད་ལྟ་ལྷ་ལྕམ་པདྨ་གསལ༔ སྙིགས་མའི་དུས་སུ་དེ་ལྟར་སྐྱེ༔ དེ་དུས་གདམས་པ་འདི་དང་ཕྲད༔ ཅེས་པའི་གཏེར་ལུང་དང་མཐུན་པར། གསལ་རྗེ་གངས་ཀྱི་ནུབ་ཕྱོགས་རྡོ་བོད་མཚམས་ཏེ་གཉན་རོང་འབྲི་ཐང་ཀོ་རོ་བྲག་གི་འདབས་ཞོལ་དུ། ཉང་གི་གདུང་རིགས་སྔགས་བཙུན་ཕོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ས་སྤྲེལ་ཏེ་སྤྱི་ལོ་༡༢༤༨ལོར་སྐུ་བལྟམས། ལོ་རོ་གློར་ཚང་གི་གྲྭ་པ་མཛད་པས་མཚན་ཚུལ་ཁྲིམས་རྡོ་རྗེར་བཏགས། ཕ་མ་གཉིས་འཁོས་ཞན་པའི་སྟབས་ཀྱིས་ཤིན་ཏུ་དབུལ་ཞིང་ཉམ་ཐག་པ་ཞིག་བྱུང་བ་དང་། ཉེ་བ་ཐམས་ཅད་ཀྱིས་ཀྱང་སྙིང་དུ་མི་སྡུག་པར་གྱུར། ཉིན་གཅིག་འབྲི་ཐང་ཀོ་རོ་ནས་གཅིག་པུར་ཕྱིན་པས་དགེ་སློང་རྒན་པོ་གཅིག་དང་འཕྲད་ཅིང་། དགེ་བཤེས་ཁྱེད་གར་འགྲོ་བ་ཡིན་ཞེས་དྲིས་པས་གར་ཡང་མི་འགྲོ་ཁྱེད་ཀྱི་རྩར་ཡོང་བ་ཡིན་ཞེས་ཨམ་ཕྲག་ནས་ཤོག་དྲིལ་གཅིག་བཏོན། བུ་ཁྱོད་ཀྱིས་ཤོག་དྲིལ་འདི་ལ་ལེགས་པར་ལྟོས་ལ་ཚིག་གི་དོན་མ་ནོར་བར་གྱིས་ལ་ལོངས་ཤིག །དངོས་གྲུབ་ཀྱི་སྐལ་པ་ཡོད་དོ་གསུངས་ནས་ཤོག་དྲིལ་གཏད། ཡུད་ཙམ་ཡེངས་པའི་བར་ལ་དགེ་སློང་གར་སོང་མ་རྙེད་ཅིང་རྩད་མ་ཆོད་པ་བྱུང་ངོ་། །དེ་ནས་རང་ཁྱིམ་དུ་ལོག་ནས་ཤོག་དྲིལ་ལ་བལྟས་པས། ལོ་གཅིག་ཆུ་མོ་གླང་ལོ་ལ་ཁྱོད་ཀྱི་ནོར་སྐལ་ལེན་པའི་དུས་ལ་སླེབས་པས་སྟོན་ཟླ་ར་བའི་ཚེས་བཅུར་སོང་ལ། དྭགས་པོའི་དྭངས་ལུང་ཁྲ་མོ་བྲག་ལོགས་ལ་གཏེར་མཚན་མཚལ་གྱི་གཡུང་དྲུང་རིས་ཤིག་ཡོད། དེ་ནས་བཙལ་བའི་བྱང་ཤར་ན། རྡོ་ཆོལ་བྲེ་ཙམ་གཅིག་ཡོད། དེ་བཀོག་པའི་ནང་ནས་ཟབ་གཏེར་རྣམས་ཐོན་ཅིག ཅེས་པའི་ཁ་བྱང་གསལ་བ་དང་། བཤད་ཚུལ་གཞན་ཞིག་ཏུ། དགུང་ལོ་ཉེར་གཅིག་བཞེས་པའི་སྐབས་སུ་བླ་མའི་གསུང་གིས་ལྷོ་ཕྱོགས་ལ་འགྲོ་དོན་འབྱུང་བས་ཕེབས་ཤིག་ཅེས་བསྐུལ་བ་ལྟར་ཕེབས་པས་ལོ་རོ་གྲོང་ནས་ཕེབས་པས་སྤྲུལ་སྐུ་རིན་ཆེན་གླིང་པ་དང་མཇལ། འབྲི་ཐང་ཀོ་རོ་བྲག་ནས་གདན་དྲངས་པའི་གཏེར་ཀྱི་ནང་ནས་ཁྲ་མོ་བྲག་གི་ཁ་བྱང་དང་། གཏེར་སྟོན་གྱི་ལུང་བསྟན་དང་བཅས་པའི་ཤོག་སེར་གཉིས་ཕུལ་ནས་གཏེར་འདི་རྣམས་འདོན་པའི་ལུང་བསྟན་པ་ཁྱོད་ལ་བབ་འདུག་པས། ཁྱེད་ཀྱིས་གཏེར་རྣམས་ལེགས་པར་ཐོན་ལ་ངེད་ཀྱང་ཐུགས་ལ་འདོགས་པར་ཞུ་ཟེར་བ་དང་། ཡང་ཁ་ཅིག་ཏུ། དགུང་ལོ་བཅུ་དྲུག་ལ་ཁ་བྱང་ལུང་བསྟན་བཅས་ཕྱག་ཏུ་བྱུང་ཟེར། གང་ལྟར་ཡང་དགུང་ལོ་ཉེར་གསུམ་བཞེས་པ་ཆུ་མོ་གླང་གི་ལོ་ལ་དྭགས་ལུང་དུ་བྱོན་ཞིང་ཁྲ་མོ་བྲག་གི་ཕུག་པར་ཞག་གསུམ་ལ་བཞུགས་ནས། ཟབ་ཆོས་མཁའ་འགྲོ་སྙིང་ཐིག་བླུན་སྒོམ་ཡིད་བྱེད་ཕྲལ་ནས་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པ་ལྷ་ལྕམ་པདྨ་གསལ་གྱི་ཆོས་སྐལ་དུ་སྦས་པའི་གདམས་པ་ཟབ་མོ་སྤྱན་དྲངས་ཤིང་། གཞན་ཡང་། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ། རྟ་མགྲིན་གཉེན་པོ་ལྷ་གསུམ། ཞིང་སྐྱོང་། གཟའ། གནོད་སྦྱིན་སྤུ་གྲི་དམར་ནག་སོགས་དང་། ཆུ་ཀླུང་འཁྲུགས་བྱེད། གཏད་རྒྱུད་གསལ་སྒྲོན་སྐོར་སོགས་ཆོས་དང་ངན་སྔགས་མང་པོ་གདན་དྲངས། དེ་ནས་ཚུར་ལོག་ནས་གཉལ་གྱི་སྟོད་དུ་སླེབས། ཤོ་ཡི་ཚེར་མ་ལུང་དུ་སྔགས་པ་ཞིག་གི་ཁྱིམ་དུ་བསྡད་པས། སྔགས་པ་བཟའ་ཚང་གཉིས་ཀྱིས་ལྟོ་ཆང་གང་ལེགས་བྱིན། དེ་ནུབ་གླེང་མོལ་མང་པོ་བྱས་པས། སྔགས་པ་ན་རེ། ཁྱེད་ཁར་སང་གང་ནས་ཡོང་། དོན་ཅི་ལ་ཕྱིན་པ་ཡིན་ཞེས་དྲིས་པ་དང་། པདྨ་ལས་འབྲེལ་རྩལ་གྱིས། ངེད་ལ་སྔར་ལུང་བསྟན་ཞིག་བྱུང་བ་ལ་བརྟེན་ནས་དྭགས་པོར་ཕྱིན་གསུངས་པ་དང་། སྔགས་པ་ན་རེ། འོ་ན་ཟབ་གཏེར་རྙེད་དམ་ཟེར། རྙེད་གསུངས་པས། གང་གང་ཡོད་ཟེར། མཁའ་འགྲོ་སྙིང་ཐིག་དང་། གཉེན་པོ་ལྷ་གསུམ་གྱི་མན་ངག གཟའ་བདུད་ཀྱི་སྒྲུབ་སྐོར་རྒྱུད་དང་བཅས་པ་ཡོད་གསུངས་པས། འོ་ན་ངེད་ལ་དཔེ་སྒྲོམ་གྱིས་དབང་བྱེད་དགོས་ཟེར་བས། དཔེ་སྒྲོམ་བཏེགས་ནས་སྔགས་པ་ཡབ་ཡུམ་སྲས་དང་བཅས་པ་ལ་བྱིན་བརླབས་བྱས་སོ། །དེའི་ནངས་པར་རང་ཡུལ་དུ་ཕེབས་པར་ཆས་ཚེ་སྔགས་པའི་བུ་རྒྱལ་སྲས་ལེགས་པ་རྒྱལ་མཚན་ཤིན་ཏུ་དད་དེ་ཕྱག་ཕྱིར་བྱོན་པར་ཞུས་པས། གནང་ཞིང་རྗེས་སུ་བཟུང་ནས་གསང་བ་སྙིང་ཐིག་གི་ཆོས་བཀའ་ཐམས་ཅད་གནང་། རང་ཡུལ་འབྲི་ཐང་དུ་སླེབས་པས་དེ་གའི་མི་ཀུན་ན་རེ། ལས་འབྲེལ་རྩལ་སྔགས་རྒྱུད་ཀྱི་བྱ་བ་གང་ཡང་མ་ནུས་པར་ཟག་ཟོག་གི་ལས་ཤིག་བྱེད་འདོད་པ་ཡིན། གཏེར་དང་ཅིའི་གཏེར་ཡོད་ཅེས་མི་མང་གི་གླེང་མོལ་བྱས་པས་ཐུགས་སུན་ནས་རྒྱལ་ཁམས་ཕྱོགས་མེད་ལ་བྱོན་པའི་དགོངས་པ་མཛད་དེ། ལེགས་པ་རྒྱལ་མཚན། ནམ་མཁའ་དབང་ཕྱུག རིན་རྡོར། དཔལ་སེང་བཅས་སྐུ་འཁོར་ལྔ་དབུས་སུ་ཕེབས་ཤིང་ཐོག་མར་ཡར་ཀླུངས་སུ་སླེབས། ཤེལ་བྲག་ལ་ཞག་གསུམ་གྱི་གནས་འབྲེལ་མཛད། དེ་ནས་བསམ་ཡས་སུ་བྱོན། གཙུག་ལག་ཁང་རྣམས་མཇལ། ཡང་མཆིམས་ཕུར་བྱོན་ཏེ་དགེ་གོང་གི་མཆོད་ཁང་དུ་ཞག་བདུན་གནས་འབྲེལ་མཛད་པའི་ཞག་ལྔ་པའི་ནུབ་མོར་རྡོ་རྗེ་ཕག་མོ་ཡིན་ཟེར་བའི་བུད་མེད་དམར་མོ་ཞིག་བྱུང་ནས། པདྨ་ལས་འབྲེལ་རྩལ་འདིར་མ་སྡོད་ཅིག ལས་ལྡན་གྱི་སློབ་བུ་ཞིག་དང་འཕྲད་པ་ཡོད་པས་ལྷ་སར་སོང་ཞིག་ཅེས་ལུང་བསྟན་པ་ལྟར་དཔོན་སློབ་ལྔ་ལྷ་སར་བྱོན། ཞག་ལྔའི་བར་དུ་སྐོར་བ་བྱེད་ཅིང་སྡོད་པའི་དུས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་ལྷ་ས་སྐུ་འབུམ་ཐང་དུ་སྒར་བརྒྱབ་ཡོད་པས། རང་བྱུང་རྡོ་རྗེའི་ཞལ་ནས། ལྷོ་རོང་གི་གཏེར་སྟོན་དཔོན་སློབ་རྣམས་ངེད་ཀྱི་རྩར་ཤོག་གསུངས་པའི་བཀའ་གནང་བྱུང་བ་དང་། དཔོན་སློབ་ལྔས་བྲམ་ཟེའི་ཤ་རིལ་གཅིག་དང་། དར་ཁ་གང་། གླ་རྩི་བུབས་གཅིག་ཁྱེར་ནས་ཕྱག་འཚལ་ཏེ་ཕུལ་བས། ཀརྨ་པའི་ཞལ་ནས་རྗེ་དཔོན་སློབ་ལྔ་ལ་གཏེར་ནས་བཏོན་པའི་གཏེར་ཆོས་རྣམས་ཡོད་དམ་ཡོད་ན་ངེད་ལ་སྟོན་དགོས་གསུངས་པས། གཏེར་སྟོན་གྱི་ཞལ་ནས། ངེད་དཔོན་སློབ་སྐོར་བ་ལ་ཕྱིན་ནས་ཞག་ལྔ་སོང་གཏེར་ཆོས་ཀྱི་དཔེ་ཆ་རྣམས་བུ་དཔེ་ལ་ཕབ་ལོང་མ་བྱུང་བས་ཤོག་སེར་གདན་དྲངས་ནས་ཡོད་ཞུས་པ་དང་། ཤོག་སེར་རྣམས་གདན་དྲངས་པ་ནི་ལེགས་ངེད་ལ་སྟོན་ཅིག་གསུངས་པ་དང་། ཤོག་སེར་རྣམས་གཟིགས་འབུལ་བྱས་ཤིང་། རྗེ་ཉིད་ཀྱིས་ཞིབ་གཟིགས་མཛད་དེ་དབུ་ཐོག་ཏུ་བཞག་ནས་ཚུར་གནང་། དེ་ནས་དཔོན་སློབ་ལྔ་སླར་ལོག་སྟེ་རྡོ་རིང་གི་རྩར་ཞག་བཞུགས་མཛད། དེ་ནུབ་རྗེ་རང་བྱུང་རྡོ་རྗེའི་རྨི་ལམ་དུ་བུད་མེད་དམར་མོ་རུས་པའི་རྒྱན་ཆ་གྱོན་པ་ཞིག་བྱུང་ནས། ཨོ་རྒྱན་ཐུགས་སྲས་པདྨ་ལས་འབྲེལ་རྩལ་ལས་གསང་སྔགས་ཀྱི་ཆོས་བཀའ་ཟབ་མོ་རྣམས་ཞུས་ལ་དབུ་སྐྲ་ཡང་ཕུལ་ཅིག དེ་ལྟར་བྱས་ན་ཕྱི་གཞུག་བསྟན་པ་དར་བར་འགྱུར་རོ་ཞེས་མནལ་ལམ་ལ་བྱུང་བ་དང་། ནངས་པར་བང་ཆེན་པ་བཏང་ནས་སྐུ་མདུན་དུ་ཤོག་གསུངས་པ་ལྟར་ཕེབས་པས། རྗེའི་ཞལ་ནས། ཁར་སང་གི་ཤོག་སེར་རྣམས་ཀྱི་བཀའ་ལུང་བྱེད་དགོས་པར་འདུག་གསུངས། པདྨ་ལས་འབྲེལ་རྩལ་གྱིས་ཁྱེད་སྐུ་ཆེ་བའི་དྲུང་དུ་འབུལ་མི་སྤོབས་ཞུས་པས། ཅིས་ཀྱང་བྱེད་དགོས་གསུངས་པའི་བཀའ་ནན་བྱུང་བ་ལྡོག་མ་ཕོད་པར་མཁའ་འགྲོ་སྙིང་ཐིག་གི་ཤོག་སེར་རྣམས་ཀྱི་སྟེང་ནས་བཀའ་ལུང་རྫོགས་པར་ཕུལ། རྗེའི་ཞལ་ནས་ངེད་ཀྱི་དབུ་སྐྲ་ཡང་བསིལ་ཕྱག་ཀྱང་རྩེ་སྤྲོད་དུ་བྱའོ་གསུངས་པ་བཞིན་མཛད་པ་བཅས། རྗེ་རང་བྱུང་རྡོ་རྗེས་བླ་མར་བཀུར་ཏེ་གདམས་པ་གསན་པའི་རྒྱུན་ལས་ཕྱིས་སུ་ཀརྨ་སྙིང་ཐིག་གི་བརྒྱུད་པ་ཞེས་གྲགས་པ་དེ་བྱུང་ངོོ་། །དེ་ནས་ལོག་སྟེ་འབྲི་ཐང་ཀོ་རོ་བྲག་ཏུ་ཟླ་བ་བདུན་ལ་སྒྲུབ་པ་མཛད་པས་གུ་རུ་ཡབ་ཡུམ་དངོས་སུ་མཇལ་ཏེ་དགོངས་བརྒྱུད་རྟོགས་པས་བྱིན་གྱིས་བརླབས། སྐབས་དེར་རྒྱལ་སྲས་ལེགས་པ་རྒྱལ་མཚན་ལ་བཀའ་ལུང་ཐམས་ཅད་ཡོངས་སུ་རྫོགས་པར་གནང་། ཡང་མཆོད་རྟེན་བྲག་མདུན་དུ་སྒྲུབ་པ་ལ་ཟླ་བ་གསུམ་བཞུགས་ཤིང་དེ་དུས་ལེགས་པ་རྒྱལ་མཚན་ཤོད་ན་བཞུགས། ཆོས་རྒྱལ་རིན་ཆེན་གླིང་པ་གཏེར་སྟོན་མཇལ་དུ་བྱོན་ཡང་སྐུ་མཚམས་ལ་བཞུགས་ཟིན་པས་མ་མཇལ་བས་ལེགས་པ་རྒྱལ་མཚན་མདུན་དུ་བྱོན་ནས། ཁྱེད་ཀྱིས་བཀའ་ལུང་གང་ཐོབ་ཐམས་ཅད་ང་ལ་བྱེད་དགོས་ཞུས་པས། རྒྱལ་སྲས་ལེགས་པས་རིན་ཆེན་གླིང་པ་ལ་མཁའ་འགྲོ་སྙིང་ཐིག་གི་བཀའ་ལུང་རྣམས་རྫོགས་པར་བྱས། དེ་ནས་སྤྲུལ་སྐུ་ལས་འབྲེལ་རྩལ་སྐུ་མཚམས་ལས་གྲོལ་ཏེ་གཉལ་སྨད་དུ་བྱོན་པ་ཐོས་པས། ལེགས་པ་རྒྱལ་མཚན་དང་རིན་ཆེན་གླིང་པ་རྣམ་གཉིས་མཇལ་དུ་བྱོན་པས་གཉལ་སྨད་སེ་ཆེན་འབུམ་པའི་དྲུང་དུ་མཇལ་འཕྲད་བྱུང་། དཔོན་སློབ་རྣམས་རིམ་གྱིས་འབྲི་ཐང་དུ་བྱོན་ནས་ཆོས་གླིང་དགོན་པར་བཞུགས། གཏེར་ཆེན་རིན་པོ་ཆེས་རིན་ཆེན་གླིང་པ་ལ་རྒྱ་ནག་ལ་ཁའི་ཕ་ཝང་རུས་སྦལ་ནག་པོའི་གཏེར་གྱི་ལྡེའུ་མིག་གཏད་ཏེ། བུ་ཁྱོད་ཀྱིས་ལྡེའུ་མིག་འདི་ཁྱེར་ཏེ་ཕ་ཝང་རུས་སྦལ་ནག་པོའི་གཏེར་རྣམས་ཐོན་ལ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་གསུངས་སོ། །དེ་ལྟར་བསྟན་འགྲོའི་དོན་མཛད་བཞིན་པའི་དགུང་ལོ་ཉེར་ལྔ་པ་ལ་གུ་རུའི་ལུང་བསྟན་གྱི་གཟུངས་མ་དང་མ་འཕྲད་པར་བདུད་མོ་ཞིག་གིས་བར་ཆད་བརྩམས་པ་སོགས་རྟེན་འབྲེལ་གཞན་དབང་གི་རྐྱེན་གྱིས་ཟབ་གཏེར་རྣམས་རྒྱལ་སྲས་ལེགས་པ་ལ་གཏད་ནས། ད་སྟེ་ལོ་ལྔ་ནས་ང་རང་དབུས་ཀྱི་གྲྭ་ཕུ་རུ། ཕ་བསྟན་པ་དང་མ་བསོད་ནམས་སྐྱིད་ཀྱི་བུར་སྐྱེས་ཏེ་ཁྱེད་དང་འཕྲད་པར་བྱའོ་ཞེས་ཞལ་ཆེམས་གནང་ནས་བྱར་སྨད་ཕྱིང་དཀར་ཞེས་པའི་ས་ཆར་སྐུ་གཤེགས། སྐུ་གདུང་སྦྱངས་པས་བུད་མེད་སྔོན་མོ་རུས་པའི་རྒྱན་ཅན་ཁྲུ་གང་པ་ཞིག་དབུ་གཙུག་ནས་ཐོན་ཏེ་ནམ་མཁའ་ལ་སོང་བ་ཀུན་ཀྱིས་མངོན་སུམ་དུ་མཐོང་བ་བྱུང་ཞིང་། གདུང་རུས་ལ་རྡོ་རྗེ་ཕག་མོའི་སྐུ་ཚོན་གང་བ་ཞིག་དང་། རིང་སྲེལ་མང་པོ་བྱོན། ཞག་བདུན་གྱི་བར་དུ་ལུང་པ་འཇའ་འོད་ཀྱིས་ཁེངས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་འགྲོ་བ་རྣམས་དད་པའི་ས་ལ་བཀོད་པར་མཛད་དོ། །

[༦] ཤྭ་བན་རྒྱལ་སྲས་ལེགས་ལྡན།

དེ་ལས་ཤྭ་བན་རྒྱལ་སྲས་ལེགས་ལྡན་པས་བཀའ་ལུང་མན་ངག་རྫོགས་པར་ཞུས་པ་སྟེ། དེ་ཡང་བླ་མ་དམ་པ་སྤྲུལ་སྐུ་ལེགས་ལྡན་འཁྲུངས་ཡུལ་ནི། དམྱལ་སྨད་ཆོས་གྲོ་སེ་བ་ལུང་ཞེས་བྱ་བའི་གནས་སུ། སྔགས་རྒྱུད་ཁྱད་པར་ཅན་གྱི་རིགས་སུ་ཡབ་སློབ་དཔོན་དབང་ཕྱུག་རྒྱལ་དང་། ཡུམ་གྲུ་མོ་རྡོ་རྗེ་དགོས་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ལྕགས་སྟག་ལོ་སྟེ་སྤྱི་ལོ་༡༢༩༠ལོར་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྔོན་གྱི་སྐྱེ་བ་མང་པོ་དྲན་པ་དང་ཡི་གེ་འབྲི་ཀློག་བསླབ་མ་དགོས་པར་མཁྱེན་པ་སོགས་ཐུགས་རབ་ཆེན་པོ་མངའ། གྲུབ་ཐོབ་ཨོ་རྒྱན་པ་དང་རྟོགས་ལྡན་མགོན་པོ་ཡེ་ཤེས་ཀྱིས་ཀྱང་སེམས་ཅན་ལ་ཕན་ཐོགས་པའི་སྐྱེས་བུ་ཞིག་འོང་བར་ལུང་བསྟན་གནང་། དགུང་ལོ་བརྒྱད་ལོན་དུས་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་ལུང་བསྟན་ཅིང་ཡབ་མེས་ཀྱི་ཟབ་ཆོས་རྣམས་ཀྱི་བདག་པོར་བྱིན་གྱིས་བརླབས། ཡབ་ལས་རིག་པ་བཀླག་པ་སྒྲའི་བསྟན་བཅོས། རྣམ་གཞག་ཞིབ་མོ་གངྒའི་ཆུ་རྒྱུན། སྐྱེ་བོ་གསོ་བའི་ཐིག་པ་རྩ་འགྲེལ་བཅས་པ་དང་། རྟ་མགྲིན་དང་ཐུགས་རྗེ་ཆེན་པོ་དང་། སྒྲོལ་མའི་རྒྱུད་སྒྲུབ་ཐབས་དང་བཅས་པ། མ་མགོན་གྱི་རྒྱུད་མན་ངག་དང་བཅས་པ་རྣམས་གསན་ནས་མཁྱེན་པར་མཛད་ཅིང་། བླ་མ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལས་ཞི་བྱེད་བརྒྱུད་པ་ཕྱི་མའི་དབང་དང་གདམས་པ་རྣམས་གསན། ཁུ་བོ་བླ་མ་རྒྱལ་སྲས་བརྩོན་དབང་པའི་དྲུང་དུ་སློབ་གཉེར་ལ་བྱོན་དུས་བླ་མའི་ཞལ་ནས། རྨི་ལྟས་ཤིན་ཏུ་བཟང་པོ་བྱུང་བས་སེམས་ཅན་ལ་ཕན་ལེགས་པར་ཐོགས་པ་ཞིག་འོང་བར་འདུག ཁྱེད་ཀྱི་མིང་ལ་རྒྱལ་སྲས་ལེགས་ལྡན་ཐོགས་ཤིག་གསུངས་སོ། །དེའི་ཚེ་དཔལ་གསང་བ་སྙིང་པོའི་རྒྱུད་དང་བརྟག་གཉིས་གསན་ནས་བཤད་པ་མཛད། གཞན་ཡང་འཇམ་དཔལ་ཁ་ཐུན་གྱི་རྒྱུད་དང་། འཇམ་དཔལ་ཚེ་བདག་ཁྲོ་བོ་འདུས་པའི་སྐོར། བདེ་མཆོག་མན་ངག་དང་བཅས་པ། ཁྲོ་ཕུ་ལོ་ཙཱ་ནས་བརྒྱུད་པའི་ཆོས་སྐོར་རྣམས་དང་། འཇིག་རྟེན་མགོན་པོ་ཆོས་རྗེ་འབྲི་གུང་པའི་ཆོས་སྐོར་ལ་སོགས་པ་གདམས་པ་མང་དུ་ཞུས་སོ། །སློབ་དཔོན་སངས་རྒྱས་དཔོན་གཞོན་ལས་རོ་སྙོམས་སྐོར་དྲུག་ལ་སོགས་པ་འབྲུག་པའི་ཆོས་སྐོར་རྣམས་གསན། བླ་མ་ཆོས་རྒྱལ་ལས་ཕར་ཕྱིན་ཤེས་རབ་སྒྲོན་མེ་དང་། དཔལ་གསང་བ་འདུས་པ། དགྱེས་རྡོར་རྔོག་ལུགས། སངས་རྒྱས་ཐོད་པ། ཕག་མོ་དཔྱལ་གྱི་ཆོས་དྲུག་ལ་སོགས་པ་ཞུས་སོ། །བོན་སྒོམ་སྣང་བ་རྒྱ་ཡན་ལས་དོ་ཧ་སྐོར་གསུམ་འགྲེལ་པ་བལ་ལུགས་དང་བཅས་པ་ཞུས་ཤིང་། སློབ་དཔོན་གླན་ལས་མངའ་བདག་ཉང་རལ་གྱི་གཏེར་ཁ་བདེ་གཤེགས་འདུས་པའི་བཀའ་ལུང་དང་། རྟ་མགྲིན་གྱི་རྒྱུད་ལྔ་སྒྲུབ་ཐབས་དང་བཅས་པ་དང་། ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་ཆོས་སྐོར། མཁའ་འགྲོ་ཡིད་བཞིན་ནོར་བུའི་སྒྲུབ་སྐོར་ལ་སོགས་པ་ཞུས་སོ། །གུ་རུའི་བརྒྱུད་འཛིན་ཉི་མ་འོད་ཟེར་ལས། བླ་མ་གསང་འདུས་སངས་རྒྱས་མཉམ་སྦྱོར། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ལ་སོགས་པ་ཞུས་ཤིང་། རི་ཁྲོད་རས་པ་ལས་གཟེར་ལྔ་དང་ལམ་མཆོག་མཐར་ཐུག་ལ་སོགས་པ་ཞང་འཚལ་བའི་གདམས་སྐོར་རྣམས་གསན། ཞིག་པོ་འཇིགས་མེད་སྦས་པ་ལས་བཱི་མ་ལའི་སྙིང་ཏིག་གི་དབང་ཁྲིད་ཟབ་པ་པོད་བཞི། རྒྱུད་བཅུ་བདུན་དང་བཅས་པ་ཞུས་ཤིང་། རྣལ་འབྱོར་པ་ཨཱ་ཧཱུྃ་རྡོ་རྗེ་ལས་སྒྲགས་ཡང་རྫོང་མའི་གཏེར་ཁའི་ཆོས་སྐོར་རྣམས་གསན། འཇམ་དབྱངས་ཤེས་རབ་རིན་ཆེན་ལས་ལྔ་བསྡུས་ཀྱི་རྩིས་དང་། གསོ་བ་སྨན་དཔྱད་ཀྱི་སྐོར་ཕན་བྱེད་ལས་ཚོགས་མང་དུ་ཞུས་ཏེ་མཁྱེན་པར་མཛད་དོ། །ཁྱད་པར་དུ་ཚེ་རབས་ལས་ཀྱི་བླ་མ་གཏེར་སྟོན་པདྨ་ལས་འབྲེལ་རྩལ་དང་མཇལ་ཞིང་། བླ་མ་གང་དུ་ཕེབས་པའི་ཕྱག་ཕྱིར་འབྲངས། ཟབ་མོ་མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་རྒྱུད་ལུང་མན་ངག་རྫོགས་པར་ཞུས་ཏེ་གདམས་ངག་གི་ཞུན་ཐར་བཅད། གཏེར་སྟོན་སྐུ་གཤེགས་ཁར། ཟབ་གཏེར་འདི་ཉིད་སྒྲུབ་པ་ཟབ་མོས་ཚུལ་བཞིན་ཉམས་སུ་ལོངས། ལུང་ཟིན་ཆོས་ཀྱི་བདག་པོ་ཁྱེད་རང་ཡིན་གསུངས་ནས་ཤོག་སེར་ཀྱང་གནང་སྟེ། གཏེར་དཔེ་རྣམས་ཆུད་མ་ཟོས་པར་གྱིས་དང་། ད་སྟེ་ལོ་ལྔ་ནས་ང་རང་དབུས་ཀྱི་གྲྭ་ཕུ་རུ། ཕ་བསྟན་པ་དང་མ་བསོད་ནམས་སྐྱིད་ཀྱི་བུར་སྐྱེས་ཏེ། དེ་དུས་ཁྱེད་དང་འཕྲད་པར་བྱའོ་ཞེས་ཞལ་ཆེམས་གནངས་པ་བཞིན་སྒྲུབ་པ་ཉམས་ལེན་ལ་ལོ་བཅུ་གཉིས་སུ་གཞོལ་བས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཐུགས་ལ་འཁྲུངས། ལྟ་སྒོམ་གྱི་གདེང་ཚད་མངོན་དུ་གྱུར། ཟངས་མདོག་དཔལ་རིར་གུ་རུ་པདྨའི་ཞལ་མཇལ་བ་དང་། གནུབས་ནམ་མཁའི་སྙིང་པོས་སེང་ལྡེང་གི་རྔ་གཏད་ནས་ལས་ཅན་གྱི་སློབ་མར་ལུང་བསྟན་པ་སོགས་མཚན་ལྟས་བཟང་པོ་མང་དུ་བྱུང་ཞིང་བཞུགས་པ་ལས། ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེས་ཀོང་པོར་གདན་དྲངས་ཏེ་ཟབ་གཏེར་མཁའ་འགྲོ་སྙིང་ཏིག་གི་ཁྲིད་གདམས་པ་དང་བཅས་པ་རྫོགས་པར་གསན། དགྱེས་ཚོར་ཆེན་པོ་མཛད་ཅིང་ཆོས་བཀའ་བགྲོལ་ནས་རྒྱ་ཆེར་སྤེལ་བར་མཛད་པ་ལས་ཀརྨ་སྙིང་ཐིག་ཅེས་གྲགས་པའི་བརྒྱུད་སྲོལ་བྱུང་། དེའི་ཚེ་ཆོས་རྗེ་ཀརྨ་པ་ལས་ཀྱང་། དུས་འཁོར་གྱི་རྒྱུད་འགྲེལ་དྲི་མེད་འོད་དང་། མདོ་སྡེ་སྐྱེ་རབས་ཀྱི་ལུང་། སྦྱོར་དྲུག་ཆོས་དྲུག ཡང་དགོན་པའི་རི་ཆོས་སྐོར་གསུམ་སོགས་གདམས་པ་མང་དུ་གསན། དེ་ལྟར་ངོ་མཚར་མཆོག་གིས་བརྒྱན་པའི་དམ་པ་དེ་ཉིད་ཨོ་རྒྱན་ཆེན་པོས་ཟབ་གཏེར་འདི་ཉིད་ཚུལ་དང་མཐུན་པར་སྤེལ་བའི་ལས་ཅན་གྱི་སློབ་མར་ལུང་བསྟན་ཞིང་། ཞི་རྒྱས་དབང་དྲག་གི་ནུས་པ་ཆེན་པོ་མངའ་བ་དང་། གཏེར་ཡིག་ནས་ལུང་བསྟན་པ་ལྟར་སྐུ་ཚེ་མཐར་ཕྱིན་ཞིང་གདུལ་བྱ་ལས་ཅན་རྣམས་སྨིན་གྲོལ་ལ་བཀོད་དེ། དགུང་ལོ་བདུན་ཅུ་རྩ་དྲུག་པ་སྦྲུལ་ལོ་རྒྱལ་ཟླ་བའི་ཚེས་བཅུ་ལ་སྐུ་གཤེགས་པའི་ཚུལ་བསྟན། སྐུ་གདུང་ལ་ལྷ་སྐུ་རིང་བསྲེལ་སོགས་མང་དུ་བྱོན་པ་དང་ལུང་པ་འཇའ་ཡིས་ཁེངས་པ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་སྐལ་ལྡན་རྣམས་དད་པའི་ས་ལ་བཀོད་དོ། །

༣༽ རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ལ་བཀའ་བབ་པའི་ཆུ་བོ་གཅིག་འདྲེས་ཀྱི-བརྒྱུད་སྲོལ་བཤད་པ།

[༡] རྒྱལ་དབང་ཀློང་ཆེན་པ།

གསུམ་པ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ལ་བཀའ་བབ་པའི་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་སྲོལ་བཤད་པ་ནི། དེ་ལྟར་པཎ་ཆེན་བཱི་མ་དང་སློབ་དཔོན་པདྨའི་བཀའ་སྲོལ་ཟུང་དུ་འཇུག་པའི་དབང་ཁྲིད་མན་ངག་གི་ཆུ་རྒྱུན་མཐའ་དག་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ལ་ཆིག་རྫོགས་སུ་བཀའ་བབ་པ་སྟེ། ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ངག་གི་དབང་པོའམ་ཀློང་ཆེན་རབ་འབྱམས་ནི། ཡབ་ཨོ་རྒྱན་ཆེན་པོའི་དངོས་སློབ་སད་མི་མི་བདུན་གྱི་ནང་ཚན་རྟ་མགྲིན་གྱི་གྲུབ་ཐོབ་ངན་ལམ་རྒྱལ་བ་མཆོག་དབྱངས་དང་གདུང་གཅིག་པའི་གདུང་རབས་ཉི་ཤུ་རྩ་ལྔ་པ། སློབ་དཔོན་ལྷ་སྲུང་ཞེས་བདུད་རྩིའི་བཅུད་ལེན་གྲུབ་པས་ལོ་བརྒྱ་དང་ལྔར་བཞུགས་པ་ཉིད་ཀྱི་སྲས་སློབ་དཔོན་བསྟན་པ་སྲུང་ཞེས་རིག་པའི་གནས་ཀུན་དང་སྔགས་ཀྱི་རྣལ་འབྱོར་ལ་རང་བྱན་ཆུབ་པ་དེ་དང་། ཡུམ་འབྲོམ་སྟོན་རིན་པོ་ཆེ་རྒྱལ་བའི་འབྱུང་གནས་ཀྱི་གདུང་ལས་བྱོན་པ་འབྲོམ་བཟའ་མ་བསོད་ནམས་རྒྱན་ཅེས་བྱ་བའི་སྲས་སུ་གཡོ་རུ་གྲྭའི་སྟོད་གྲོང་དབེན་ཚ་ཞེས་པའི་གནས་སུ་སྐུ་བལྟམས། ཐོག་མར་ལྷུམས་སུ་ཞུགས་སྐབས་ཡུམ་གྱི་རྨི་ལམ་དུ་སེང་གེ་ཆེན་པོ་ཞིག་གི་དཔྲལ་བ་ལས་སྲིད་པ་གསུམ་པོ་ལྷག་གེར་གསལ་བའི་ཉི་ཟླ་གཉིས་དུས་གཅིག་ཏུ་ཤར་ནས་འོད་ཁྱིལ་ཁྱིལ་དུ་རང་གི་ལུས་ལ་ཐིམ་པ་སོགས་ཡ་མཚན་པའི་རྟགས་དུ་མ་བྱུང་། རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་ལོ་དབོ་ཟླ་བའི་ཚེས་བཅུ་སྐར་མ་རྒྱལ་དང་ལྡན་པ་ལ་མངལ་གྱི་ཆུ་འཛིན་ལས་རྣམ་པར་གྲོལ། འཁྲུངས་མ་ཐག་ནམ་གྲུ་རེ་མ་ཏི་བུད་མེད་ནག་མོ་མཆེ་བ་ཅན་བཞིན་གཉེར་ཞིང་རལ་གྲི་ཐོགས་པའི་ཚུལ་དུ་དངོས་སུ་བྱུང་ནས་པང་དུ་བླངས་ཏེ་ངས་བསྲུང་བར་བྱའོ་ཟེར་ནས་ཡུམ་ལ་གཏད་དེ་མི་སྣང་བར་ཡལ། ཡང་ལན་གཅིག་སྲས་མུ་ཁར་བཞག་ནས་ཡུམ་གྱིས་ཞིང་ལ་ཡུར་མ་མཛད་ཅིང་ཡོད་ཚེ་སེར་བ་བབ་པས་བརྗེད་དེ་ནང་དུ་ཕེབས་མ་ཐག་དྲན་ཏེ་ལེན་དུ་བྱོན་པས་སྲས་མི་འདུག་པས་ངུ་ཞིང་ཁྱིམ་དུ་ལོག་པ་ན། སྔར་གྱི་བུད་མེད་དེས་མཛོད་ནས་ཁྱེར་འོང་སྟེ་སྤྲུལ་བའི་སྐུ་ལ་བརྙས་པ་བྱས་ཞེས་རལ་གྲི་རྡེག་ལ་ཁད་བྱས་ཏེ་གཏད་པ་སོགས་དུས་ཐམས་ཅད་དུ་ནམ་གྲུ་མས་དངོས་གཟུགས་ཐ་དད་པ་བསྟན་ཏེ་སྐུ་སྲུང་མཛད། གསུང་བྱེ་ཚེ་སྔོན་གནས་རྗེས་སུ་དྲན་པའི་ཚུལ་ཤིན་ཏུ་གསལ་བར་གསུངས་ཤིང་ཆུང་ངུ་ནས་བསམ་ཡས་ཀྱི་ཁམས་གསུམ་མེ་ཏོག་སྒྲོལ་དང་ཉེ་བ་ཞིག་ཏུ་བྱོན་དགོས་གསུངས། དད་པ་དང་སྙིང་རྗེ་བློ་གྲོས་ཀྱི་མཐུ་ཆེན་པོ་དང་ལྡན་པས་ལོ་ལྔ་ནས་འབྲི་ཀློག་བརྡ་ཙམ་གྱིས་ཚེགས་མེད་པར་མཁྱེན། བདུན་ནས་བཟུང་ཡབ་ལས་བཀའ་བརྒྱད་བདེ་གཤེགས་འདུས་པ། རྟ་མགྲིན། ཕུར་པ། གུ་རུ་ཞི་དྲག་རྣམས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་བཅས་དང་། དེ་མཚུངས་སྨན་རྩིས་ལ་སོགས་ཐུན་མོང་རིག་གནས་གསན་ཅིང་བྱང་ཆུབ་པར་མཛད། དགུ་པར་གྲྭ་ཕྱིའི་ཚོང་འདུས་སུ་ཉི་ཁྲི་དང་བརྒྱད་སྟོང་པ་བརྒྱ་ཚར་བཀླགས་པས་ཚིག་དོན་ཐུགས་སུ་ཆུད། བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་གྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་ནས་མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། འདུལ་བ་ལ་སྦྱངས་ཤིང་བཅུ་བཞི་པ་ལ་བཤད་ཁྲིད་མཛད་པས་མཁས་པའི་གྲགས་པ་ཐོབ། བཅུ་དྲུག་པ་ལ་སློབ་དཔོན་རིན་ཆེན་བཀྲ་ཤིས་ལས། ལམ་འབྲས། ཆོས་དྲུག ཕག་མོ། བདེ་མཆོག་དྲིལ་བུ་པ། ཕྱག་རྡོར་འཁོར་ཆེན་རྣམས་ཀྱི་དབང་དང་གདམས་པ། སློབ་དཔོན་དབང་ཕྱུག་ཡེ་ཤེས་ལས་དུས་འཁོར་སོགས་གསར་མའི་རྒྱུད་སྡེ་ཕལ་ཆེ་བ། ཟ་ལུང་རིན་པོ་ཆེ་ལས་ཚལ་བའི་ཆོས་སྐོར། རྒོད་ཚང་པའི་ལམ་ཁྲིད། དམ་པའི་ཞི་བྱེད་སྔ་ཕྱི་བར་གསུམ། མ་གཅིག་གི་གཅོད་ཡུལ་རྣམས་གསན་པ་དང་། བཅུ་དགུ་པ་ལ་གསང་ཕུ་ནེའུ་ཐོག་ཏུ་སློབ་དཔོན་ཆེན་པོ་བཙན་དགོན་པ་དང་། བླ་བྲང་པ་ཆོས་དཔལ་རྒྱལ་མཚན། ཆོས་གྲགས་གཉིས་པར་གྲགས་པ་གཞོན་ནུ་རིན་ཆེན་གསུམ་གཙོ་བོར་བསྟེན་ཏེ་བྱམས་ཆོས་སྡེ་ལྔ། རྣམ་འགྲེལ་ཚད་བསྡུས་སོགས་ཕར་ཚད་ཀྱི་གཞུང་འགྲེལ་མཐའ་དག་གསན་ནས་ཚིག་དོན་ཡོངས་ལ་མཁས་པར་སྦྱངས། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ་རྩ་འཇུག་སོགས་རིགས་ཚོགས་དང་། དཔང་བློ་གྲོས་བརྟན་པ་ལས་མངོན་པ་དང་ཚད་མ་སྡེ་བདུན་གྱི་རྣམ་བཤད། ཏིང་འཛིན་རྒྱལ་པོ་སོགས་ཟབ་མོ་མདོ་ལྔའི་བཤད་པ་དང་སྙན་ངག་སོགས་ཐ་སྙད་གཙུག་ལག་གི་ཚོགས་ཀྱང་རྫོགས་པར་གསན། དེ་དག་གི་ཚིག་དོན་མཐའ་དག་ལོ་གསུམ་ལ་བྱང་ཆུབ་པར་གྱུར་ཏེ་ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་པས། གཞུང་ཚོགས་ཀྱི་རྒྱ། མཁྱེན་རབ་ཀྱི་རྩལ། རིགས་པའི་རྣམ་འགྱུར་ཀུན་ལ་ཐོགས་པ་མི་མངའ་བས་བསམ་ཡས་ལུང་མང་པ་ཞེས་རྩོད་མེད་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོར་ཡོངས་སུ་གྲགས། གསང་ཕུར་གསན་བསམ་མཛད་སྐབས་མི་གཡོ་བ་དང་། དབྱངས་ཅན་མ། ཕག་མོ་སོགས་ཤེས་རབ་གསལ་བྱེད་རྣམས་ཀྱི་བསྙེན་སྒྲུབ་མཛད་པས་དེ་དག་གིས་ཞལ་གཟིགས། ཁྱད་པར་ལྷ་མོ་དབྱངས་ཅན་མས་ཕྱག་མཐིལ་དུ་བཞག་སྟེ་གླིང་བཞི་རི་རབ་དང་བཅས་ཞག་བདུན་དུ་བསྟན་པས་ཐོགས་པ་མེད་པའི་བློ་གྲོས་ཀྱི་མཐུ་གྲུབ་པ་སྟེ། བསྟོད་པ་གཞོན་ནུ་རོལ་དགའ་ལས། ཨེ་མ་ལྷ་མོ་སྐལ་བཟང་མ། །ཡུན་རིང་སྨོན་པ་དེ་རིང་འགྲུབ། །ཅེས་དང་། དེ་ནས་བཟུང་ལྷ་མོ་འདི་རྣམ་འགྱུར་ཐ་དད་པས་འབྲལ་བ་མེད་པ་ཡང་། ཁྱོད་སྐུ་འོད་ཀྱི་ཕུང་པོའི་ནང་། །དཀར་སེར་དམར་དང་ལྗང་གུ་སྟེ། །ཞེས་དང་། ལ་ལར་སྤྲིན་གྱི་བླ་བྲེས་ནང་། །ལུས་ཕྱེད་དཀར་གསལ་དམར་གསལ་མཐིང་། །རྩེ་དང་ཆགས་དང་བཞེངས་སྐུར་སྣང་། །ཞེས་གསུངས། གཞན་ཡང་དན་ཕག་པ་གཞོན་ནུ་དོན་གྲུབ་ལས་རྙིང་མ་རྒྱུད་འབུམ་དང་། མདོ་སྒྱུ་སེམས་ཕྱོགས་ཀྱི་མན་ངག་མང་པོ་དང་། གཞོན་ནུ་རྡོ་རྗེ་ལས་སྤྱོད་འཇུག བསླབ་བཏུས། བཀའ་གདམས་སྐོར་སོགས་དང་། མཁན་པོ་ལས་སྒྲུབ་ཐབས་རྒྱ་མཚོ། མཁའ་འགྲོ་རྒྱ་མཚོ། དཔའ་བོ་རྒྱ་མཚོ། ཆོས་འབྱུང་རྒྱ་རྩ། འདུལ་བ་ལུང་། མདོ་སྡེ་རྒྱས་འབྲིང་བསྡུས་པ། རྡོ་རྗེ་གཅོད་པ། སྡུད་པ། ཤེས་རབ་སྙིང་པོ། ཤེས་རབ་ཁྲི་པ། ཚུལ་བརྒྱ་ལྔ་བཅུ་པ་ལ་སོགས་གསན་ཞིང་། ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་ལས་སྦྱོར་དྲུག་གེགས་སེལ་དང་བཅས་པ། ནཱ་རོ་ཆོས་དྲུག །སྐུ་གསུམ་ངོ་སྤྲོད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་རྒྱལ་པོ་ལུགས། གསང་འདུས། སམ་བྷུ་ཊི། མ་ཧཱ་མཱ་ཡཱ། གཤིན་རྗེ་གཤེད་དམར་ནག་སོགས་དང་། སློབ་དཔོན་དབང་ཡེ་ལས་ཡི་དམ་དམར་ཁྲིད། སངས་རྒྱས་ཐོད་པ། མཁའ་འགྲོ་གུར། འཇིགས་བྱེད་ར་ལུགས། རླུང་འཁོར། ཛམ་ལྷ། ཀུ་རུ་ཀུལླེ། ཐུབ་པ། ཡུམ་དྲུག བྱམས་པ། གནས་བརྟན་བཅུ་དྲུག སྨན་བླ་སོགས་ཀྱི་སྒྲུབ་ཐབས་མན་ངག་དུ་མ། ཤུག་གསེབ་པ་ལས་དོ་ཧ་སྐོར་གསུམ། རི་ཆོས་སྐོར་གསུམ། རྟེན་འབྲེལ་བརྒྱ་རྩ་ལ་སོགས་པ། སློབ་དཔོན་སྟོན་ཚུལ་ལས་དྲང་སྲོང་གཞུང་སྐྱེས་ཀྱི་དངུལ་ཆུའི་བཅུད་ལེན་སོགས་དང་། བླ་མ་འཇམ་དབྱངས་པ་ལས་དུས་འཁོར་གྱི་སྐར་རྩིས་རི་མོ་ཡོངས་སུ་རྫོགས་པ། བརྟག་གཉིས། རྡོ་རྗེ་རྩེ་མོ། འཇམ་དཔལ་རྩ་རྒྱུད། རྡོ་རྗེ་འབྱུང་བ། དེ་ཁོ་ན་ཉིད་བསྡུས་པ། ཏ་ཐ་སམ་གྲ་ཧ་སྦྱོང་རྒྱུད། རྡོར་དབྱིངས། ཀུན་རིག རབ་གནས་དོན་གསལ་རྣམས་དང་། ས་སྐྱ་བ་བདག་ཉིད་ཆེན་པོ་ལས་ཐུགས་བསྐྱེད་ཆེན་མོ། རྒྱུད་གསུམ་གྱི་གདམས་པ་ཁ་ཚང་བ། རིན་པོ་ཆེ་ཁྲོ་ཕུ་པ་ལས་རྡོ་རྗེ་ཕྲེང་བ། གུར་དགོན་སྐོར། བླ་མ་ཚོང་འདུས་པ་ལས་ཆོས་དབང་གི་བཀའ་བརྒྱད་གསང་རྫོགས། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར། འཁོར་བ་དོང་སྤྲུགས། བླ་མ་གསང་འདུས། མགོན་པོ་མ་ནིང་། གཞན་ཡང་བཅུད་ལེན་བརྒྱ་རྩ། རྒྱ་མཚོ་དུ་རུ་ཀའི་གཏད་ཁྲམ། བཟོ་ཡིག་པ་ཏྲ། མེ་ཆུའི་སྒྱོགས་དང་། དཔག་ཆེན་བཅའ་ཐབས་སོགས་ཀྱང་གསན། ཁང་དམར་པ་ལས་ཚེ་དཔག་པཱ་ལ་པ་ཏྲ། ཚ་ཚ་སྨྱོན་པ། ཙིཏྟ་དམར་པོ། མ་མོ་དུག་གི་སྤུ་གྲི། དུ་བ་རླུང་ཞོན། འབུམ་པ་ནག་པོ་མུ་སྟེགས་ལྷ་བདུན། སེར་བ་སྲུང་འབེབས་ཀྱི་མན་ངག་བཅས་དང་། མཐིང་མ་པ་སངས་རྒྱས་གྲགས་འོད་ལས། ཉང་གཏེར་བཀའ་བརྒྱད་བདེ་འདུས་ཆེན་མོ། གནམ་ལྕགས་ཨུར་མོ། ཕུར་པ། ཌཱཀྐི་གསང་བ་ཡེ་ཤེས། མགོན་པོ་ལེགས་ལྡན། སྟག་ཞོན། སེང་ཞོན་སོགས་གསན། དེ་ལྟར་གསང་སྔགས་གསར་རྙིང་གི་དབང་དང་མན་ངག་རྗེས་གནང་དང་བཅས་པ་དང་། མདོ་སྔགས་གཞུང་ལུགས་ཆེ་ཆུང་མང་པོའི་བཤད་པ་བརྒལ་བརྟག་དང་བཅས་པ། སྒྲ་སྙན་རྩིས་སྡེབ་སོགས་ཐ་སྙད་རིག་གནས་ཀྱི་ལག་ཁྲིད་སོགས་ཏེ་མདོར་ན་ཤེས་བྱའི་ཆོས་ཚུལ་མཐའ་དག་ལ་གསན་སྦྱངས་མཐར་ཕྱིན་པས་མཁས་པའི་ཡང་རབ་ཏུ་གྱུར། སླར་ཡང་གསང་ཕུར་བཞུགས་ཤིང་དེ་སྐབས་ཁམས་བཙུན་རྣམས་ཀྱིས་གནས་ཁང་གཅིག་ནས་གཅིག་ཏུ་ལན་བདུན་དུ་ཕུད་པའི་རྐྱེན་སོགས་ཀྱིས་ཕྱོགས་མེད་རྒྱལ་ཁམས་སུ་ཕེབས་པར་བཞེད་པ་ནས་མར་བྱོན་པ་ན། རྔོག་ལོའི་གདུང་རྟེན་ཐད་དུ་ཆོས་གྲོགས་ཤིག་དང་འཕྲད་པས་གར་འགྲོ་ཟེར་བར། ང་ཁམས་གྲྭ་རྣམས་དང་ལྷན་དུ་སྡོད་ས་མི་འདུག་པས་འགྲོ་བ་ཡིན་གསུངས། འོ་ན་ཁམས་གྲྭ་རྣམས་ལ་ངན་སྨྲས་འཇོག་པར་འཚལ་ཞེས་བསྐུལ་བས། ཀུ་རེའི་ཚུལ་དུ་ཀ་ལིང་སྲིན་པོ་རྒྱུ་བ་བཞིན། །ཞེས་པ་སོགས་ཀ་རྩོམ་འདི་ཤོག་ཁ་གང་བྲིས་པ་ཁོང་གིས་ཁྱེར་ཏེ་ཆོས་ཁྲི་ལ་སྦྱར། སྐབས་དེར་སྐུ་ཆས་སུ་ཆོས་ཤམ་སྟོད་འགག་བོད་ཕྲུག་དུར་ཁའི་ཕྱམ་རྩེ་གཅིག་སྟེ། ན་བཟའ་མཐའ་ལ་མ་ལྷུང་ཙམ་ཞིག་ཡོད་པ་མནབས་ཏེ་དབུ་རུ་སྟོད་ལ་བསོད་སྙོམས་དུ་བྱོན་ནས་ཕྱྭ་མདའི་ཡུལ་ཐང་ཞིག་ཏུ་དེ་ནུབ་བཞུགས་ཤིང་། རྒྱ་མའི་དགེ་བཤེས་སྟོན་ཚུལ་བྱ་བ་དང་འཕྲད་པ་ལ། རྒྱ་མ་ན་གྲུབ་ཐོབ་ལྕོག་ལའི་བྲག་ཁུང་གི་དྲི་བ་མཛད་པས་བྲག་ཕུག་ལེགས་པོ་ཞིག་ཡོད་ཟེར། བསོད་སྙོམས་བྱས་པས་ནས་རྐྱལ་པ་གང་དང་ཡོ་བྱད་ཕྲན་བུ་བྱུང་བ་བསྣམས་ཏེ་ཅོག་ལའི་བྲག་ཕུག་ཏུ་ཕེབས། དེར་ཟླ་བ་བརྒྱད་ཀྱི་རིང་དགེ་བཤེས་སྟོན་ཚུལ་ལ་ཕར་ཕྱིན་ཐུན་རེ་འཆད་པ་ལས་ཉིན་མཚན་ཁོར་ཡུག་ཏུ་མུན་མཚམས་ཁོ་ནའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་མཛད། ཟླ་བ་ལྔ་སོང་བའི་ཐོ་རངས་ཉམས་ཀྱི་སྣང་བར། ལུང་པའི་མདའ་བྱེ་མའི་རི་ཆུང་དང་འབབ་ཆུ་ཡོད་པའི་ས་ནས་རྟ་པ་བསེ་ཁྲབ་དང་དྲིལ་བུ་གཡེར་ཁས་བརྒྱན་པ་གཅིག་དང་། བུད་མེད་ལོ་བཅུ་དྲུག་གི་ན་ཚོད་མཛེས་སྡུག་མཚུངས་པ་མེད་པ་ཟ་འོག་གི་གོས་དང་རིན་པོ་ཆེའི་པྲོག་ཞུ་དང་གསེར་གཡུའི་དྲྭ་བའི་རྒྱན་ཚར་དུ་དངར་བ་ཞིག་བྱུང་བར། བུད་མེད་དེའི་ཐུ་བ་ནས་བཟུང་སྟེ་འཕགས་མ་ཐུགས་རྗེས་བཟུང་བར་ཞུ་ཞེས་ཞུས་པས། དབུ་རྒྱན་ཕུད་ནས་ཉིད་ཀྱི་དབུ་ལ་བསྐོན་ཏེ་དུས་ད་ནས་བཟུང་སྟེ་བྱིན་གྱིས་རློབ་ཅིང་དངོས་གྲུབ་སྦྱིན་པར་བྱའོ་གསུངས་པ་ནས་ཟླ་བ་གཅིག་གི་བར་བདེ་གསལ་མི་རྟོག་པའི་ཏིང་འཛིན་ལ་ཕྱམ་བརྡལ་ཞིང་རིག་འཛིན་ཀུ་མ་རཱ་ཛ་དང་མཇལ་བའི་ལུང་བསྟན་ཀྱང་ཐོབ། མཚམས་གྲོལ་ནས་ཡབ་ཡུམ་གྱི་དོན་དུ་ཀུན་རིག་གི་ཆོ་ག་བརྒྱ་རྩ་མཛད་པ་ན་དགེ་བཤེས་ཀྱིས་ཆོ་ག་འདི་འདྲ་ལ་བྱིན་རླབས་འོང་ངེས་སྙམ་ནས་དབང་གི་ཞུ་བ་ཕུལ་བས་ཞལ་གྱིས་བཞེས། ཁོང་ཆུ་ལེན་དུ་འགྲོ་ཤུལ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལེགས་པར་བཞེངས་ཚར་བར་མཛད་ནས་སྔགས་པ་ཞིག་དང་སྟོན་བཙུན་ཕོ་མོ་སུམ་ཅུ་བཅས་ལ་དབང་བསྐུར། དགུང་ལོ་ཉེར་བདུན་པའི་ཚེ་སྔར་གྱི་ལུང་བསྟན་ལྟར་རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་མཇལ་དུ་བྱོན་པ་ན་ཡར་སྟོད་སྐྱམ་ཕུར་དཔོན་སློབ་བདུན་ཅུ་བཞུགས་པ་རྣམས་དང་མཇལ། ཞལ་མཇལ་མ་ཐག་ཏུ་བཱི་མ་ལ་དངོས་ཀྱི་འདུ་ཤེས་དང་དད་པ་བརྟན་པོ་འཁྲུངས་ཤིང་། བླ་མས་ཀྱང་མདང་ལྷའི་བྱ་ཡིན་ཟེར་བའི་ཡ་མཚན་ཅན་ཞིག་ལ་བྱ་ཕྲན་སྟོང་གིས་བསྐོར་བས་ངའི་དཔེ་ཆ་ཁྱེར་ནས་ཕྱོགས་ཐ་དད་དུ་སོང་བ་རྨིས། དེ་ཁྱེད་ལ་བལྟ་བ་འདྲ་བས་ངའི་ཆོས་ཀྱི་བརྒྱུད་པ་འཛིན་པ་ཞིག་ཡོང་བར་འདུག་གསུངས་ཏེ་མཉེས་ཚོར་ཆེན་པོ་མཛད། དཔྱིད་སོས་བར་བཀའ་ཆོས་བསྒུགས་ནས་ལུང་སྟོང་གཅིག་ནས་གཅིག་ཏུ་སྤོ་སྐྱས་ལན་དགུ་མཛད་པས་སྐུ་ལུས་ཞན་པ་དང་ན་བཟའ་ངན་པའི་སྟབས་ཀྱིས་བཙུན་ཆུང་རྣམས་དང་སྐོར་ཁྱི་ཡང་སྡང་བ་བྱུང་། དེ་ནས་སང་ཁྲིད་འཛུགས་ཟེར་བའི་ནུབ་མོ་ཁྲིད་གཉེར་པ་གཉིས་ཀྱིས་བྲེ་ཆེན་པོ་གཅིག་ཁྱེར་ནས་དགེ་བཤེས་བསམ་ཡས་པ་ཆོས་ཁྲལ་གར་ཡོད་སང་ཉིན་ནས་ཁྲིད་ཚུགས་རྒྱུ་ལ་ནས་ཁལ་བདུན་རེ་སྡུད་པ་ཡིན་ཟེར་བ་ལ། ང་ལ་ནི་བྲེ་གང་ཡང་མེད་ཆོས་ཐོབ་ཡོང་གསུངས་བྱུང་བས་བསྡད་པ་ཡིན་བྱས་པས། ཁྲིད་འདི་ཙམ་ཞིག་ཞུ་བར་ཆོས་ཁྲལ་སོ་སོས་མ་འབྱོར་ན་སུས་མཇལ་ཟེར་ནས་སོང་། སྐྱེ་བ་སྔ་མར་ཚོགས་མ་བསགས་པས་དཀའ་ལས་དེ་ཙམ་གྱིས་བསྒུགས་ཀྱང་ཆོས་ཁྲལ་ལ་རྡུགས་ནས་འགྲོ་དགོས་པ་མི་ལ་ཡང་ངོ་ཚ་བས་ནམ་ལངས་ཙ་ན་ལུང་པའི་མདོར་སླེབས་པ་བྱེད་དགོས་དགོངས་ནས་ཐོ་རེངས་སྔ་བར་བཞེངས་ཀྱིན་ཡོད་ཙ་ན། བླ་མས་དགེ་བཤེས་བསམ་ཡས་པ་ད་ལྟ་དྲུང་དུ་ཤོག་གསུངས་པའི་འབོད་མི་བྱུང་བས་འགྲོ་རྩིས་ཡིན་ཡང་བླ་མའི་བཀའ་བཅག་ན་མི་རུང་སྙམ་སྟེ་བྱོན་པས། ཞལ་འཛུམ་པ་མཛད་ནས་ཐུགས་སྐྱོ་མ་མཛད་པར་བཞུགས་ལ་གསོལ་ཇ་གསོལ་གསུངས། ཁྲིད་གཉེར་པའང་འབོད་མཛད་དེ་དགེ་བཤེས་འདིའི་ཆོས་ཁྲལ་འདི་ནས་འདེབས་པ་ཡིན་ཁོང་མ་གཙེར། ང་ལ་ད་རེས་ཀྱི་ཆོས་འཆད་ཉན་པ་འདི་ཚོ་ཐམས་ཅད་ལས་ཁོང་དགའ་བ་ཡིན་གསུངས། སྐབས་ཤིག་བླ་མའི་གཟིམས་ལམ་དུ་བཱི་མ་ལ་ཡིན་ཟེར་བའི་པཎྜི་ཏ་པཎ་ཞུ་གསོལ་ཞིང་པུསྟི་བསྣམས་པ་ཞིག་གིས་དྲི་མེད་འོད་ཟེར་འདི་ང་བཱི་མ་ལའི་བསྟན་པ་སྐྱོང་བར་སྨོན་ལམ་བཏབ་པའི་སྐྱེས་བུ་ཡིན་པས་གཞོན་ནུ་རྒྱལ་པོ་ཁྱོད་ཀྱིས་མན་ངག་རྫོགས་པར་སྟོན་ཅིག ཁྱོད་ཀྱི་ཆོས་ཀྱི་བདག་པོར་གྱུར་ནས་རྫོགས་པ་ཆེན་པོའི་བསྟན་པ་སྐྱོང་བ་ཞིག་ཡོང་ངོ་གསུངས། ཕྱི་ལོར་ཤམ་པོ་གངས་རར་དཔོན་སློབ་ལྷན་ཅིག་ཏུ་བྱོན་ནས་དེར་དབང་དང་གདམས་པ་མང་པོ་དང་། ཁྱད་པར་གསང་བ་བླ་ན་མེད་པ་འོད་གསལ་གསང་བ་སྙིང་པོ་ཕྱི་ནང་གསང་སྐོར། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྒྲ་ཐལ་འགྱུར་ལ་སོགས་པ་རྒྱུད་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུ་ལས་ཕྲན་དང་བཅས་པ། ཨེ་ཀ་ཛཱ་ཊི། ལེགས་ལྡན་ལྕམ་དྲལ། གཟའ་བདུད། རྡོ་རྗེ་ལེགས་པ་སོགས་ཀྱི་སྒྲུབ་སྐོར་རྗེས་གནང་ལས་ཕྲན་ཕྱག་བཞེས་དང་བཅས་པ་རྫོགས་པར་མཛད་དེ་རྒྱལ་ཚབ་ཆེན་པོར་མངའ་དབང་བསྐུར་ཅིང་། བཀའི་སྲུང་མ་རྣམས་ཀྱིས་ཀྱང་གཟུགས་དངོས་སུ་བསྟན་ཏེ་རང་རང་གི་སྒྲུབ་ཐབས་མན་ངག་སྲོག་གི་སྙིང་པོ་དང་བཅས་པ། ཁྱད་པར་རཱ་ཧུ་ལས་བརྒྱུད་འཛིན་རྣམས་ལ་གྲིབ་དུག་གི་སྲུང་བ་ཁྱད་པར་ཅན་རང་རྟགས་ཐམ་དམར་རྣམ་བཅུ་དབང་ལྡན་དང་རང་མིང་གི་རི་མོ་ཡོད་པ་ཤོག་བརྩེགས་བརྒྱ་ཕྲག་ལ་གསལ་བ་གཟའ་ཐམ་དུ་གྲགས་པ་དངོས་སུ་ཕུལ་ཞིང་ཅི་བསྒོ་བའི་བྲན་དུ་ཁས་བླངས་ཤིང་། ཕྱིས་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་གཟའ་རྒོད་ཐང་འབེབས་ལན་བདུན་མཛད་ཅིང་། མོན་དུ་བཞུགས་སྐབས་སྲུང་མའི་བླ་རྟེན་བཙུགས་པའི་ར་ཚེར་ཕུང་ལ་ཐོགས་ནས་ཤི་སྟེ་ལོག་རྒྱུ་མ་བྱུང་བས་གསོད་པ་པོ་མྱུར་དུ་ཁྲིད་ཤོག་ཅེས་བཀའ་བསྒོས་པས། རླུང་དམར་ཆེན་པོས་ཚེར་ཕུང་རྩ་ནས་བཏོན་ཏེ་གཟིམས་ཁང་སྒོར་བསྐྱལ་བ་སོགས་ཀུན་ཀྱི་མཐུན་སྣང་དུ་གྲུབ་པ་བྱུང་། དེ་དག་གི་སྐབས་སུ་མཐུན་རྐྱེན་ཆེར་མེད་ཀྱང་ཕྱེ་བྲེ་གསུམ་དང་དངུལ་ཆུ་རིལ་བུ་ཉེར་གཅིག་ཙམ་གྱི་འཚོ་བ་དང་། ཁ་བ་བབ་དུས་སྒྱེ་ནང་དུ་འཛུལ་ནས་དེས་མལ་སྟན་གཉིས་གོ་བཅད་པ་སོགས་དཀའ་སྤྱད་ཆེན་པོས་གདམས་པ་རྣམས་ལྷག་མ་མ་ལུས་པ་གསན། དེ་ནས་མཆིམས་ཕུར་ལོ་འགའི་བར་དུ་སྒོ་གསུམ་མི་འདའ་བའི་དམ་བཅའ་བརྟན་པོ་མཛད། ཐོག་མར་ལྷུན་གྲུབ་སྒང་དུ་བཞུགས་དུས་ཕག་མོ་ནག་མོའི་ཞལ་གཟིགས་ཞག་བདུན་བར་དང་། གུ་རུ་དྲག་པོ། ཆེ་མཆོག་དབུ་ཉི་ཤུ་རྩ་གཅིག་པ་ལ་བཀའ་བརྒྱད་ཀྱི་ལྷ་བདུན་བརྒྱ་ཉེར་བཞིས་བསྐོར་བ་གཟིགས། རྡོ་རྗེ་གཡུ་སྒྲོན་མས་རང་གི་ཕྱི་ནང་གསང་སྒྲུབ་དང་། ཛམ་བྷ་ལྷས་ནོར་བུ་གཅིག་ཕུལ། དགེ་གོང་དུ་བཞུགས་དུས་གུ་རུ་ཞི་བའི་ཞལ་གཟིགས་ཤིང་། མཁའ་སྤྱོད་དུ་བྱོན་ནས་མཁའ་འགྲོ་མ་རྣམས་ལ་ཆོས་འཆད་པ་སོགས་རྣམ་ཐར་ངོ་མཚར་བ་དུ་མ་དང་ཉིད་ལ་བཀྲ་ཤིས་པའི་མེ་ཏོག་འཐོར་ཞིང་ཚུར་བྱོན་དུས་སྐྱེལ་ཐུང་བྱས་ཏེ་སྙིང་ཐིག་གི་རྗེས་གནང་ཕུལ་བ་སོགས་དག་པའི་སྣང་བ་འབྱམས་སུ་ཀླས། དགེ་འུར་བཞུགས་དུས་འོད་ཀྱི་རྣམ་པའི་ཕག་མོ་དམར་པོ་དང་། རྡོར་སེམས། རྟ་མགྲིན། སྒྲོལ་མ། ཚེ་དཔག་མེད་བཞེངས་སྐུ་རྣམས་ཀྱིས་ཞལ་གཟིགས། དུར་ཁྲོད་དུ་བཞུགས་སྐབས་སྔགས་སྲུང་རལ་གཅིག་མཐིང་གི་ཞིང་དབྱུག་ཅན་སྤྱང་མོ་ལ་ཞོན་པ་དང་། གཟའ་བདུད། རྡོར་ལེགས། མགོན་པོ་ཕྱག་བཞི་པ། ཞང་བློན་རྡོ་རྗེ་བདུད་འདུལ། དགེ་བསྙེན་ཉེར་གཅིག་སོགས་ཀྱིས་གཟུགས་དངོས་སུ་བསྟན་ནས་ཕྲིན་ལས་སྒྲུབ་པར་དམ་བཅས། མཁའ་འགྲོ་མ་རྣམས་དང་ཆོས་ཀྱི་བགྲོ་བ་མི་དང་མི་ལབ་པ་བཞིན་བྱུང་། དེ་སྐབས་དོགས་པ་བྱུང་བ་རྣམས་འཕྲལ་འཕྲལ་བླ་མའི་དྲུང་དུ་བྱོན་ནས་ཞུན་ཐར་བཅད་ཅིང་རྩེ་གཅིག་ཏུ་བསྒོམས་པས་རྟོགས་པའི་རྩལ་དང་སྒོམ་པའི་སྙིང་རུས་ལ་བླ་མ་མཆོག་ཏུ་མཉེས། ལྷ་སར་ཇོ་བོར་མཆོད་པ་མཛད་ཚེ་མཛོད་སྤུ་ནས་འོད་ཟེར་འཕྲོས་པ་ཉིད་ཀྱི་སྨིན་མཚམས་སུ་ཐིམ་པས་བྱ་རྒོད་ཕུང་པོའི་རི་དང་ལི་ཡུལ་རྣམས་སུ་པནྜི་ཏར་སྐྱེས་ཚེ་མཁྱེན་པའི་ཆོས་མཐའ་དག་ཀྱང་གསལ་བར་དྲན་ཏེ་ཐུགས་ལ་བདེ་གསལ་གྱི་ཉམས་ཆེན་པོ་འཁྲུངས། ཀ་ནི་སྒོ་བཞི་རུ་མ་གཅིག་ལབ་ཀྱི་སྒྲོན་མས་ཡེ་ཤེས་ཀྱི་སྐུ་མངོན་སུམ་པས་རྗེས་སུ་བཟུང་ནས་གཅོད་ཡུལ་གྱི་བཀའ་བབ་གཏད། སུམ་ཅུ་རྩ་གཅིག་པར་སྙེ་ཕུ་ཤུག་གསེབ་ཏུ་སྐལ་ལྡན་དུ་མ་ལ་སྙིང་ཐིག་ཐོག་མར་གསུངས་པའི་ཚེ་རྣལ་འབྱོར་པ་འོད་ཟེར་གོ་ཆས་མཁའ་འགྲོ་སྙིང་ཐིག་གི་པུསྟི་དཀའ་སྤྱད་ཆེན་པོས་བཙལ་བ་ཕྱག་ཏུ་ཕུལ་བ་ན་སྲོག་སྒྲུབ་མས་གཏད་པར་གཟིགས་ཤིང་། དེ་སྐབས་ཤིག་ཏུ་བླ་མ་རས་མ་ལ་བ་དང་གསུང་གླེང་མཛད་ཅིང་ཡོད་ཚེ་བུད་མེད་ནག་མོ་ཞིག་གིས་པུསྟི་ཕྱག་ཏུ་གཏད་སོང་བ་ལ། རས་མ་བས་གཟིགས་ཚེ་ཌཱཀྐི་ཙིཏྟ་བྱ་བ་ཞིག་འདུག་པ་གཟིགས་མ་ཐག་བུད་མེད་དེ་ཆ་མེད་དུ་ཡལ། སྲོག་སྒྲུབ་མས་བསྐུལ་བར་མཁྱེན་ཏེ་ངོ་མཚར་སྐྱེས་ནས་མཆིམས་ཕུར་མཁའ་འགྲོ་སྙིང་ཐིག་གསུང་བར་བསྐུལ་བས་ཞལ་བཞེས་མཛད། དེ་ནས་དགུང་ལོ་སོ་གཉིས་པ་ཡོས་ཀྱི་སྟོན་ཟླ་འབྲིང་པོ་ལ་མཆིམས་ཕུ་རི་མོ་ཅན་དུ་སྐལ་ལྡན་ཕོ་མོ་བརྒྱད་ལ་མཁའ་འགྲོ་སྙིང་ཐིག་གསུངས་དུས་རྣལ་འབྱོར་མ་ཞིག་ལ་དཔལ་སྔགས་ཀྱི་སྲུང་མ་བབས་པ་ཐམས་ཅད་ཐེ་ཚོམ་དུ་གྱུར་ཚེ། འདི་མཁའ་འགྲོ་དངོས་སུ་བབ་པ་ཡིན་ང་སྣང་སེམས་རོ་གཅིག་རྟོགས་པའི་རྣལ་འབྱོར་པ་ལ་བར་ཆད་མི་ཡོང་གསུངས། དེར་རྣལ་འབྱོར་མས་བླ་མ་ལ་ཕྱག་བྱས་ནས་དཀྱིལ་འཁོར་ལ་བལྟས་ཏེ། རྨ་བྱ་མ་འཛོམས་པ་ག་རེ་ཟེར། ཡིད་ཀྱིས་བསམ་པ་ཡིན་གསུངས་པས། བརྡའི་ཆོས་ལ་ཡིད་ཀྱིས་ག་ན་འོང་ཟེར། ཡང་བུམ་པའི་སྟེགས་ཀྱི་མཉྫི་དོར་ཏེ་བུམ་པ་གསུམ་སྦྲེལ་ནས་བཞག ཆོ་གའི་རྣམ་བཞག་ཞིབ་མོ་མཛད་དུས་ཐལ་མོ་སྦྱར་ཏེ་ལེགས་སོ་བརྗོད། རིགས་ཀྱི་ཡི་གེའི་ས་མཐའ་ཆད་ནས་རིག་ཏུ་བོས་པ་ལ། མིན་མིན་རིགས་ཟེར་བ་ཡིན་ཅེས་དང་། སྔགས་བཟླ་དུས་ངས་ལད་མོ་གྱིས་ཟེར་ནས་མཁའ་འགྲོའི་སྐད་དུ་འབྲེལ་ལ་མ་བྲེལ་བའི་གདངས་སྙན་པོ་བྱས། ཚོགས་ཀྱི་དུས་བླ་མ་ལ་བདུད་རྩི་དྲངས་དུས་འདི་མཁའ་འགྲོའི་དམ་རྫས་ཡིན་པས་ཅིས་ཀྱང་བསྟེན་དགོས་ཟེར་ཞིང་ལྷག་མེད་དུ་དྲངས། དེའི་ཚེ་སློབ་མ་རྣམས་ཀྱང་ཉམས་འུར་ནས་གླུ་ལེན་བྲོ་བརྡུང་། ཐ་མལ་གྱི་གཉིད་ལས་འདས་པའི་འོད་གསལ་རྩེ་གཅིག་ཏུ་ཤར། དཔའ་བོ་དང་། མཁའ་འགྲོ། ཆོས་སྐྱོང་སྣ་ཚོགས་པའི་གཟུགས་བརྙན་མངོན་སུམ་དུ་མཐོང་ནས། བུད་མེད་ནག་མོ་གཅིག་གིས་ཕྱེ་ཕུད་ཉམས་འདུག་ཟེར་བ་དང་། དམ་ཅན་མི་དཀར་པོར་བསྟན་ནས་ངའི་གཏོར་མ་ལ་མར་རྒྱན་ཆད་ཟེར་བ་དང་། ཇོ་བོ་ལྡང་ལྷ་མི་དཀར་ཅན་དུ་འོངས་ནས་གཏོར་མ་འདོད་པ་ལ་དམར་གཏོར་བྱིན་པས་མ་འདོད་པ་དང་། མཁའ་འགྲོའི་ཚོགས་ཀྱིས་བླ་མ་ལ་གདུགས་དབུབ་པ་དང་། སྐོར་བ་བྱེད་པ་དང་།

ཧཱུྃ་དང་ཕཊ་ལ་སོགས་པའི་སྒྲ་དྲག་པོ་དང་། ཐུགས་ཆོམ་ཆེན་པོ་སོགས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་བས། རྣལ་འབྱོར་པ་གཅིག་གིས་དོ་ནུབ་གནམ་ས་ངོ་ལོག་པ་འདུག ཤ་དུམ་ཁྲག་དུམ་བྱེད་ལས་ཆེ་ཟེར་ནས་སྐྲག་པ་སོགས་བྱུང་། དེ་བཞིན་འོད་དེ་གུང་རྒྱལ། གཉན་ཆེན་ཐང་ལྷ། སྨན་མོ་མཆེད་བདུན་སོགས་གཏོར་མ་ལེན་དུ་འོངས། རྡོ་རྗེ་ཕག་མོ་སྐུ་མཐིང་ག་རིན་པོ་ཆེ་དང་རུས་པས་བརྒྱན་པ་མངོན་སུམ་བྱོན། དེར་དྲི་བ་འགའ་མཛད་པ་ན། དོ་ནུབ་དུས་གཉན་པས་ལས་ཅན་གྱི་སློབ་མ་ཉུལ་དུ་འོངས། བླ་མ་དམ་པ་སྐུ་ཁམས་བཟང་ཟེར། ད་ལོ་སྐུ་ཆག་བདོ་བས་ཇི་ལྟ་མཆི་དྲིས་པས། མཁའ་འགྲོ་མས། སངས་རྒྱས་ཀྱི་རྣམ་སྤྲུལ་ལ་བར་ཆད་ག་ན་འོང་། གདུལ་བྱ་ལ་དགོངས་པ་ཡིན་བཱི་མ་ལ་བོད་དུ་བྱོན་པ་མི་ཤེས་སམ་ཟེར། ད་ཅི་ཙམ་བཞུགས་དྲིས་པས། ལུག་ལོ་ཕྱི་མའི་བར་བཞུགས། དེ་ནས་གདུལ་བྱ་དང་བསྟུན་པ་ལས་ངེས་པ་མེད་གསུངས། འོ་ན་ང་བླ་མ་ཀུ་མཱ་རཱ་ཛས་གཞན་དོན་ལ་བསྐུལ་ལམ་དྲིས་པས། འོ་འོ་དེ་ཀ་ཟེར། ངས་གཅིག་པུར་བསྒྲུབས་ན་འོད་ལུས་གྲུབ་བམ། གཞན་དོན་བྱེད་ན་སེམས་ཅན་ལ་ཕན་ཇི་ཙམ་ཐོགས་འོང་། ལོ་ཇི་ཙམ་ཐུབ་དྲིས་པས། འོད་ལུས་འགྲུབ་ཀྱང་སེམས་ཅན་ལ་ཕན་འདོགས་དགོས། གཞན་དོན་འུར་འུར། ད་ལོ་སུམ་ཅུ་ཐུབ་ཟེར། ང་ལ་བཀའ་སྲུང་ཇི་ལྟར་ཡོད་དྲིས་པས། མང་མང་བླ་མའི་ཐམས་ཅད་ཁྱོད་ལ་ཡོད། ཁྱད་པར་རྡོ་རྗེ་གཡུ་སྒྲོན་མ་ཟེར། དེ་བཞིན་འགྲོ་དོན་ལྷོ་ནུབ་ཕྱོགས་ན་ཡོད། ཚེ་ཕྱི་མ་འདི་བས་ཀྱང་འགྲོ་དོན་ཆེ་ཟེར། འོ་ན་མཁའ་འགྲོ་སྙིང་ཐིག་ལས་བཤད་པ་དེ་ཡིན་ནམ། དབང་ཁྲིད་གདབ་ཏུ་རུང་ངམ་དྲིས་པས། འོ་དེ་ཀ་དེ་ཀ མ་ནོར་མ་ནོར། ཆོས་ཀྱི་བདག་པོ་ཁྱོད་རང་ཡིན་པ་ལ་ལོས་ལོས་ཟེར། ཡང་མི་རྣམས་ཀྱིས་ཟོག་པོར་འཛིན་དུ་མི་འོང་ངམ་དྲིས་པས། མིའི་ཁ་ལ་གཏད་པ་ཅི་ཡོད། སྐལ་ལྡན་རྣམས་ནི་ཁོ་མོས་སྡུད། སྐལ་མེད་སངས་རྒྱས་ལའང་སྐུར་བ་འདེབས་ཟེར། སྙིང་ཏིག་གི་ཆོས་བཀའ་རྡོ་རྗེ་གཡུ་སྒྲོན་མའི་གནས་སུ་བྱེད་དམ་དྲིས་པས། འདི་ན་མཁའ་འགྲོ་རང་བཞིན་གྱིས་འདུ་བས་འདིར་བྱེད་དགོས་ཟེར། བུམ་ཐང་གི་གཏེར་ཁའི་ལུང་ཡང་གསལ་བར་བཤད། སློབ་དཔོན་ཆེན་པོ་དང་མཇལ་ལམ་དྲིས་པས། ལུང་གསུམ་གྱི་ཕུ། རི་གསུམ་གྱི་མདའ། བྲག་ཆུང་ངེ་བ་ཁ་ནུབ་ཏུ་བལྟ་བའི་གཡས་ཟུར་དུ་མཇལ་ཟེར། བཱི་མ་ལ་ནམ་མཇལ་དྲིས་པས། མཇལ་ཟིན་འདུག་པ་ལ་ཟེར། ངས་རྟོགས་པའི་ལྟ་བ་འདི་སྙིང་ཐིག་གི་དགོངས་པའི་མཐར་ཐུག་གམ་དྲིས་པས། མཐར་ཐུག་པ་ལ་ནོར་འཁྲུལ་མེད་ཟེར། སློབ་དཔོན་རིན་རྡོར་གྱིས་སྤང་སྒང་པ་རིན་ཆེན་རྡོ་རྗེ་ད་ལྟ་གང་དུ་འཁྲུངས་འདུག་ཞུས་པས། བླ་མ་ལ་མཛུབ་མོ་བཙུགས་ནས་འདི་ན་བཞུགས་འདུག་པ་ཟེར། དེར་བླ་མས། ཁོང་སྐྱེ་བ་དེའི་འོག་ཏུ་བུམ་ཐང་དུ་སྐྱེ་བ་ལ་ང་ག་ན་ཡིན་གསུངས་པས། དེ་ཀ་ལྟར་སྐྱེ་བ་ཡིན། བར་དུ་ལོངས་སྐུའི་ཞིང་ཉུལ་དགོས་པ་དེ་སློབ་དཔོན་རིན་ཆེན་རྡོ་རྗེས་གཏེར་ཐོན་རྗེས་ལོ་འགའ་གསང་ནས་སྒྲུབ་པ་མཛད་ན་རང་དོན་དུ་འོད་གསལ་ལོངས་སྐུའི་རྩལ་སྦྱོངས་དང་། གཞན་ལ་ཕན་པ་རྒྱ་ཆེན་པོ་འོང་བ་ལ་མ་གསང་བས་སྐུ་ཚེ་མཐར་མ་ཕྱིན། ད་ལྟ་ཁྱེད་དུ་སྐྱེས་དུས་འོད་གསལ་གྱི་སྣང་བ་ལམ་དུ་ཁྱེར་བ་འདི་ནི་ལོངས་སྐུའི་ཞིང་ཁམས་དལ་གཅིག་ཉུལ་བ་དེ་ཡིན་ཟེར། ངས་ཕུང་པོ་ལྷག་མེད་ཨེ་འགྲུབ་དྲིས་པས། གཅིག་པུར་བསྒོམས་ན་ད་ལྟ་འགྲུབ། གཞན་དོན་མཛད་པས་བར་དོར་གྲོལ། སྤྲུལ་པས་བུམ་ཐང་དུ་སྐྱེ་བ་བླངས་ཏེ་གཞན་དོན་བྱེད། དེའང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གཤེགས་ནས་འཚང་རྒྱ་བའི་ཚུལ་སྟོན་གསུངས། ཡང་ངས་སྙིང་ཐིག་གི་ཕན་ཐོགས་བཱི་མ་ལ་དང་མཁའ་འགྲོ་གཉིས་གང་ཆེ་དྲིས་པས། གཉིས་ཀས་ཕན་ཐོགས། བཱི་མ་ལ་རྒྱ་ཆེ་ལོ་བརྒྱ། མཁའ་འགྲོ་སྙིང་ཏིག་ལོ་ལྔ་བརྒྱར་གནས། ད་ནས་འགོ་རྩོམ་པ་ཡིན་ཟེར། དེར་བླ་མ་ཡང་ཐུགས་ཉམས་འུར་ནས་སྐུ་བཞེངས་ཏེ་རྡོ་རྗེའི་གླུ། ཚེ་འདི་ཡང་བདེ་སྟེ་ཕྱི་མ་སྐྱིད། །བར་དོ་རང་ངོ་ཤེས་པས་བདེ། །ད་ནི་བདེ་ནས་བདེ་བར་འགྲོ། །གླུ་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ། །ཐུགས་དགྱེས་པར་མཛོད་ཅིག་མཁའ་འགྲོའི་ཚོགས། །ཞེས་པའི་མཐའ་ཅན་གྱི་མགུར་གནང་། ད་དུང་མཁའ་འགྲོའི་སྣང་བ་བསམ་གྱིས་མི་ཁྱབ་པ་མཐོང་ཞིང་དེ་ཐམས་ཅད་བླ་མ་ལ་ཐིམ། བླ་མ་ཡང་རེས་ལོངས་སྐུར་གནས་འགྱུར་བ་སོགས་མཐོང་། དེ་ནས་ཚེས་ཉེར་བརྒྱད་ཀྱི་ཉིན་གཅིག་ལྷོ་ནུབ་མཚམས་ནས་སློབ་དཔོན་ཆེན་པོ་སྐུ་མདོག་དཀར་གསལ་ཟ་འོག་གི་བེར་དང་ཤེའུའི་མཉེན་ཞུ་ཅན་འཁོར་དཔག་ཏུ་མེད་པས་བསྐོར་ནས་བྱོན་ཏེ་བླ་མ་ལ་ཐིམ་པ་མཐོང་། དེ་ནུབ་མཁའ་འགྲོ་མ་རུས་པའི་རྒྱན་ཅན་མཁའ་ལ་བུམ་བུམ་འགྲོ་བས་བླ་མ་ལ་མཆོད་པ་བྱེད་ཅིང་བུད་མེད་སྨུག་ནག་གསུམ་གྱིས་བྲོ་འཁྲབ་པ་དང་། ངེད་ཡོང་ཡོང་བདེ་ཆེན་གྱི་གནས་ནས་ཡོང་། །ལས་ཅན་གྱི་སློབ་མ་ཉུལ་དུ་འོངས། །དམ་ཚིག་གི་གཙང་སྦྲ་ལྟ་རུ་འོངས། །འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ། །ཟེར་བ་དང་། ཡང་ནང་མཆོད་མཛད་པའི་དུས་སློབ་དཔོན་ཆེན་པོའི་གཡས་ན་བཱི་མ་ལ། གཡོན་ན་རྡོ་རྗེ་ཕག་མོ། མདུན་ན་མཁའ་འགྲོ་མང་པོས་མི་རྐང་འབུད། རྒྱབ་ན་སྔགས་པ་མང་པོས་འཆམས། མཁའ་འགྲོ་མ་གསེར་གྱི་གོ་ཞུབ་ཅན་མང་པོས་གླུ་གར་བྱེད་ཅིང་བསྐོར་བའི་དབུས་ན་བླ་མ་བཞེངས་ནས། དགའ་འོ་སྐྱིད་དོ་རྣལ་འབྱོར་ཀུན། །དོ་ནུབ་འོག་མིན་དག་པའི་ཞིང་། །རང་ལུས་ཞི་ཁྲོའི་ཕོ་བྲང་ན། །སྟོང་གསལ་རྒྱལ་བའི་དཀྱིལ་འཁོར་རྒྱས། །སངས་རྒྱས་ཕྱི་ན་མེད་དོ་ནང་ན་ཡོད། །ཅེས་དང་། སེམས་གཅིག་པུར་གནས་པའི་བསམ་གཏན་པ། །ཡིད་གཅིག་ལ་མི་འཛིན་གང་བདེར་ཐོང་། །སེམས་འཕྲོ་ཡང་སྟོང་ལ་གནས་ཀྱང་སྟོང་། །གང་ཤར་ཡེ་ཤེས་ཀྱི་རོལ་པ་ཡིན། །ཅེས་པ་ལ་སོགས་རྡོ་རྗེའི་གླུ་བཞེངས། དེ་དུས་རྡོ་རྗེ་གཡུ་སྒྲོན་མ་དཀར་མོ་མཆེད་བདུན་དང་བཅས་པ་བྱོན་ནས་ང་ཡི་གནས་སུ་གཤེགས་པར་ཞུ་ཟེར། བླ་མས་ཁྱོད་ཀྱི་གནས་སུ་རྒྱུན་དུ་སྡོད་དགོས་གསུངས་པས། རྒྱུན་དུ་བཞུགས་ན་དགའ་སྟེ་དགུན་སྟོད་ལས་མི་བཞུགས་པ་འདྲ་ཟེར། ཁྱོད་ང་ལ་ཅིའི་ཕྱིར་འབྲངས་དྲིས་པས། གུ་རུའི་དམ་འོག་ཏུ་ཚུད་པས་གཏེར་གྱི་ཕྱི་ལ་འབྲངས་ཟེར། གཏེར་ཆོས་ནི་ཕ་གིར་ཡོད། འདོན་མཁན་ནི་ཤི། འདིར་ཅི་བྱེད་བྱས་པས། ཆོས་ཕ་གི་ཡོད་ཀྱང་དོན་འདི་ན་ཡོད། ཁྱོད་ཚེ་འཕོས་ཀྱང་བཀའ་སྲུང་ཚེ་མ་འཕོས་པས་ཡོང་བ་ཡིན་ཟེར། བཀའ་སྲུང་རྣམས་ལུང་བསྟན་ཅིང་། འདི་ནི་ཤིན་ཏུ་གཉན་པས་སྐུ་ཚེ་ལ་བར་ཆད་འོང་ཉེན་ཡོད་ཁྲིད་ཐེབས་ཉུང་ན་དགའ་ཟེར། ང་ཡི་གཏེར་ཤོག་རྣམས་ཨེ་ཡོང་དྲིས་པས། སིབ་སིབ་ངེད་རྣམས་ཀྱི་ཡིད་སྒུལ་བ་ཡིན་མོད་ཟེར། ཡང་ངས་ཁྱེད་ལ་དབུ་རུར་དངོས་གྲུབ་བྱིན་པ་མི་དྲན་ནམ་ཟེར། སྔར་ཅོག་ལའི་བྲག་ཕུག་གི་དེ་དྲན་ནས་རྡོ་རྗེ་གཡུ་སྒྲོན་མ་ཨེ་ཡིན་ཞེས་པས། མིན་མིན་རྡོ་རྗེ་ཕག་མོ་ཡིན་ངོ་མ་ཤེས་སམ་ཟེར། འདི་ནི་འཇིག་རྟེན་པའི་གཟུགས་ཀྱིས་ཕྲིན་ལས་བྱས་པ་དང་། འདས་པའི་གཟུགས་ཀྱིས་མཆོག་གི་དངོས་གྲུབ་སྟེར་པའི་རྣམ་པ་ཆ་ཕྱེད་དགོས་པའོ། །འདི་ན་ཐིག་ལེ་གཙོ་བོར་བཤད་ནས་དབང་གསུམ་པ་རྟེན་ཅན་དུ་བསྐུར་བ་ཇི་ལྟར་ལགས་དྲིས་པས། དེ་ཆགས་ཆེན་ལམ་དུ་འཇུག་པ་ལ་དགོངས་པ་ཡིན། ཆགས་བྲལ་ལ་ཡིད་རིག་ཙམ་གྱིས་ཆོག་གསུངས། ངོ་སྤྲོད་ཀྱི་སྐབས་སུ་རྟོགས་པ་སྐྱེ་མེད་དུ་འཇོག་པ་དང་། བློ་རྩིས་མེད་དུ་འཇོག་པ་གང་ཡིན་དྲིས་པས། རྟོགས་པ་ལ་བརྟན་པོས་ཅི་བྱེད། ཡེ་གྲོལ་ཀློང་ཡངས་ཆེན་པོར་ངོ་སྤྲོད་ཅིག་ཟེར། འོ་ན་སྙིང་ཏིག་འདི་བཤད་མི་མང་པོ་སྣང་ན་ངས་བཤད་ཅི་དགོས། ལུང་བྱེད་པ་ཀརྨ་པ་དང་། རིན་ཆེན་གླིང་པ་སོགས་འདུག་པས་སོ་བྱས་པས། བཤད་ཚུལ་དེ་དག་ལ་ངེད་མིི་མགུ། ལུང་རྫ་ལའང་ཡོད་དེ་དེས་གར་ཆོག བདག་པོ་རེ་ཡོད་དགོས་པ་ཡིན་མོད་ཟེར། རིན་ཆེན་གླིང་པའི་གཏེར་ཁ་དྲིས་པས། ཡིན་པ་ཡིན་དག་རྒྱུ་མེད་ཟེར། ངས་ཁྱེད་མ་བསྒོམས་པར་འགྲུབ་པའི་རྒྱུ་མཚན་དྲིས་པས། ང་ལ་སྒོམ་པའི་ལྷ་འདུག་གམ། བཟླས་པའི་སྔགས་འདུག་གམ། མཆོད་པའི་ཡུལ་འདུག་གམ། རྣལ་འབྱོར་པ་དམ་ཚིག་དང་རྟོགས་པ་ལྡན་པ་ཀུན་ལ་ང་རྒྱུན་དུ་ཡོད་པ་མི་ཤེས་སམ། ཁྱེད་དང་ཚེ་རབས་ཐམས་ཅད་དུ་འདུ་འབྲལ་མེད་ཟེར། མཆིམས་ཕུར་ལྷ་ལྕམ་གྱི་ནོར་ཡོད་པ་དེ་ཅི་འདྲ་ཞིག་ན་འདུག་དྲིས་པས། བྲག་ལྷ་བཤོས་འདྲ་བ་རྩེ་མོ་མེད་པ་ཅིག་ན་འདུག ད་དུང་དུས་ལ་མ་བབས་ཟེར། བཱི་མ་ལའི་གཏེར་ཇི་ཙམ་ན་འདོན་དྲིས་པས། ད་ནས་ལོ་ལྔ་ན་སྔགས་པ་དཀར་པོ་གཅིག་གིས་བཏོན་ནས་དར་བར་བྱེད། ཟབ་པ་པོད་བཞི་ཁྱོད་རང་གི་ལག་ན་འོང་བར་འདུག་ཟེར་བས་སྐབས་དེར་གདམས་པའི་དཀའ་གནད་ཐམས་ཅད་ཀྱང་ཐུགས་རྒྱུད་ལ་འཁྲུངས་ཤིང་། དེ་དག་མཚོ་རྒྱལ་ཡེ་ཤེས་སུ་ཕེབས་པས་འདི་དང་འདིའོ་ཞེས་ངོ་སྤྲོད་འབུལ་བར་མཛད། དེ་དུས་གུ་རུ་པདྨས་དྲི་མེད་འོད་ཟེར་ཞེས་དང་། མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་རྩལ་ཞེས་མཚན་གསོལ། སྤྲོས་བཅས་ཀྱི་དབང་གི་ཐིག་སྣེ་བུད་མེད་དམར་མོ་ཞིག་གིས་འཛིན་པ་དང་དཀྱིལ་འཁོར་ཡང་བུད་མེད་གཅིག་གིས་འབྲི་གྲོགས་བྱེད་པ་བྱུང་། དེ་སྐབས་ནམ་གྲུ་རེ་མ་ཏི་ཡང་བབ་ནས་ཡུས་པའི་རྣམ་པས་ཟབ་གཏེར་གྱི་སྐལ་པ་མང་དུ་ཡོད་པ་རྣམས་ཀྱི་སྲུང་མ་ཡིན་ཚུལ་གྱིས་འུར་འུར་མང་དུ་བྱེད་པ་ལ། ང་ནང་འོད་གསལ་གྱི་གཏེར་སྒོ་ཕྱེ་བ་ལ། །བྲག་སེར་ཀའི་གཏེར་གྱི་དགོས་པ་མེད། །གཏེར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག །སྐལ་ལྡན་ཡིན་ཡང་ཆོག་ལ་མིན་ཡང་ཆོག །ང་ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། །ཁྱེད་གཏེར་སྲུང་གི་ཡུས་ཆེན་འཚོང་མི་དགོས། །ཞེས་གསུངས། ཐོད་རྒལ་ངོ་སྤྲོད་ཀྱི་དུས་སུ་མཐིང་ག་ཁྱབ་པ་ཆེན་པོའི་འོད་དང་། དབྱིངས་རྣམ་དག་ཐིག་ལེ་སྟོང་སྒྲོན་རྣམས་དཔེས་མཚོན་མི་དགོས་པར་མངོན་སུམ་དུ་སྟོན་པར་མཛད། རྡོ་རྗེ་ལེགས་པ་བབ་ནས་ཨོ་རྒྱན་རྫོང་དུ་འབྱོན་དགོས་པ་དང་སློབ་མ་སོགས་ཀྱི་ལུང་བསྟན་ཕུལ། ནམ་གྲུ་མ་བབ་ནས་དེར་མི་བཞུད་པར་ཞུས་པ་ལ་དགའ་མི་དགའ་སེམས་ཀྱི་ཆོ་འཕྲུལ་ཡིན་མོད་སོགས་གསུངས་པས་ཡི་རངས་ཕུལ། གཞན་ཡང་ལྷ་རུ་བྲག ཨོ་རྒྱན་རྫོང་། ཞྭ་ཡི་ལྷ་ཁང་སོགས་གསོ་དགོས་པ་དང་། བསྟན་བཅོས་རྩོམ་པའི་རྗེས་གནང་ལུང་བསྟན་ཀྱང་ཐོབ། གུ་རུ་ཡབ་ཡུམ་གྱིས་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་པ་ཀུན་འདུས་སྐོར་གཏེར་ཁ་གཉིས་སུ་མཛད་དེ་མཆིམས་ཕུའི་མཆོད་རྟེན་དང་ལྷ་ཁང་གི་ཀ་གདན་ལ་སྦས་པའི་ཕྱི་མ་ཉིད་དབྱངས་ཅན་ལྷ་མོ་མཆེད་ལྔས་ལུང་བསྟན་པ་བཞིན་སྐབས་དེ་ཉིད་དུ་འདོན་པར་མཛད། དེ་ནས་གཤེགས་པའི་ལམ་དུ་རྡོ་རྗེ་གཡུ་སྒྲོན་མ། བསྟན་མ་བཅུ་གཉིས། ལྷ་རབས་མཆེད་དགུ་རྣམས་ཀྱིས་བསུས་ཏེ་གངས་རི་ཐོད་དཀར་དུ་བྱོན། དགོན་གནས་བཏབ་སྟེ་ཨོ་རྒྱན་རྫོང་དུ་མཚན་བཏགས། དེར་སྐལ་ལྡན་གྱི་སློབ་མ་ཉི་ཤུ་རྩ་གཅིག་ལ་མཁའ་འགྲོ་སྙིང་ཐིག་གསུངས་པ་སོགས་ཆོས་འཁོར་ཡང་རྒྱ་ཆེར་བསྐོར། མཚན་མོ་འོད་གསལ་གྱི་སྣང་བ་ལས་ཆོས་སྐུའི་དགོངས་པ་ཀ་དག་གི་དབྱིངས་སུ་འཁྱིལ་ཚུལ། དེ་ལས་རྩལ་སྣང་ལོངས་སྐུ་འཆར་ལུགས་སོགས་མཁའ་འགྲོས་ངོ་སྤྲོད་ཅེར་མཐོང་དུ་གནང། རྣལ་འབྱོར་པ་འོད་ཟེར་གོ་ཆས་བསྐུལ་ནས་མཁའ་འགྲོ་ཡང་ཏིག་གི་ཡིག་ཆ་རྣམས་མཛད་པའི་ཚེ་འཇའ་འོད་དང་མཁའ་འགྲོའི་འདུ་བ་སོགས་ངོ་མཚར་བ་བྱུང་ཞིང་མཛོད་བདུན་སོགས་གསུང་རྩོམ་ཕལ་ཆེ་བ་གནས་འདིར་མཛད། ཐོ་རངས་ཁར་རིག་འཛིན་ཀུ་མ་རཱ་ཛ་བྱོན་ནས་སྡིགས་མཛུབ་མཛད་དེ་ཅང་མི་གསུང་བས་དབང་གི་བརྡར་མཁྱེན། གཤེགས་པའི་མཚན་མ་བྱུང་བ་ཡང་ཏིང་ངེ་འཛིན་གཅིག་གིས་མོད་ལ་བཟློག་པར་མཛད། ཉི་མ་རྩེ་ཤར་བའི་སྐབས་ཤིག་ཤར་ཕྱོགས་ཀྱི་ནམ་མཁའ་ནས་སྒྲ་ཞིག་བྱུང་སྟེ་གཟིགས་པས་འོད་ཀྱི་ཚོམ་བུའི་དབུས་སུ་ཀུན་བཟང་ཞི་ཁྲོའི་དཀྱིལ་འཁོར་མང་པོས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་གང་བ་དང་། བཱི་མ་ལ་སྐུ་མདོག་ལྗང་སེར། མཁའ་སྤྱོད་ཀྱི་བླ་མ་བཞི། ཀུ་མ་ར་ཛ་ལོངས་སྐུའི་ཆས་ཅན། ཨོ་རྒྱན་རྒྱལ་པོ་རྣམས་གཟིགས་སྐབས་ལྷ་དང་བླ་མའི་ཞལ་གཟིགས་ལུང་བསྟན་དང་། ལྷུན་གྲུབ་འོད་གསལ་ཚད་ཕེབས་ཀྱི་སྣང་བ་རྒྱུན་ཆགས་པར་བྱུང་ཞིང་། སྐུས་བར་སྣང་རི་བྲག་ལ་ཐོགས་མེད་ཏུ་གཤེགས་པ་དང་། གསུང་གི་ཆ་ཤས་ཕྲ་མོས་ཀྱང་དཔྱོད་ལྡན་གྱི་ཡིད་འཕྲོག་ཅིང་། ཐུགས་རྟོགས་པའི་གདེང་རྡོ་རྗེའི་གསུང་གིས་ཡང་ཡང་བསྟན་པ་སོགས་ཚད་རྣམས་ཀྱང་མངོན་སུམ་དུ་གྱུར། ལྷ་རིང་བྲག་ཏུ་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་མཛད་དུས་ནམ་མཁའ་ལ་ཞི་ཁྲོའི་དཀྱིལ་འཁོར་ཚོམ་བུར་བཅས་པ་དེར་ཡོད་ཀུན་ཀྱིས་མཐོང་། དེ་ཡལ་ནས་ལྷོ་ནུབ་མཚམས་ཀྱི་ནམ་མཁར་བཱི་མ་ལ་བཞུགས་པའི་ཕྱག་མཛུབ་ཤར་ལྷོའི་མཚམས་སུ་གཏད་ནས་ཞྭའི་ལྷ་ཁང་གསོ་བའི་ལུང་བསྟན་གྱི་བསྐུལ་མ་མཛད། དེ་སྐབས་མནལ་ལམ་དུ་བཱི་མ་ལ་སེང་གེ་བཞིའི་ཁྲི་ལ་བཞུགས་པ་ཞིག་གིས། ང་ནི་ཀུ་མ་རཱ་ཛ་ཡིན། །པདྨ་བརྩེགས་པའི་ཞིང་དུ་འགྲོ། །སངས་རྒྱས་བསྟན་པ་དར་བར་གྱིས། །གསུངས་པས་བླ་མ་ཀུ་མ་རཱ་ཛ་གཤེགས་པ་མཁྱེན་ཏེ་དགོངས་པ་རྫོགས་ཐབས་སུ་འཁོར་གསུམ་ཡོངས་དག་ལན་གསུམ་དང་། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མི་ནུབ་པའི་ཆེད་དུ་སྐུ་ལུས་དུ་མར་སྤྲུལ་བ་དང་། གཟའ་བདུད་བྲན་དུ་བཀོལ་བ་སོགས་རྫུ་འཕྲུལ་ངོ་མཚར་བས་ཐེག་མཆོག་རིན་པོ་ཆེའི་མཛོད་ཡུན་ཐུང་ངུས་གྲུབ་པར་མཛད། རྒྱ་མ་གནས་སུ་བསོད་ནམས་སེང་གེ་དང་སློབ་དཔོན་དཔལ་མཆོག་སོགས་དགེ་བཤེས་མང་པོ་འདུས་པ་ལ་སྙིང་ཐིག་གི་ཁྲིད་མཛད་ཚེ་དྲི་བ་ལ་ཐུག་པ་ན་བགྲོ་གླེང་བྱེད་ཆོག་པར་ཞུས་པས། དེ་ལྟར་ན་ཟླ་བ་གཅིག་གི་བར་དུ་མདོ་རྒྱུད་དཔང་དུ་བཞག་སྟེ་རྩོད་པ་བྱེད་གསུངས་ནས་ལུང་རིགས་གནམ་ལྕགས་འབར་བས་མཁས་རློམ་གྱི་རི་བོ་བསྙིལ། དེ་ནས་འབྲི་གུང་དུ་སྒོམ་པ་ཀུན་རིན་གྱིས་སྤྱན་དྲངས་ཏེ། ཞྭའི་ལྷ་ཁང་གསོ་བའི་རྒྱུ་རྐྱེན་དང་ཨོ་རྒྱན་དགོན་ཕུལ་བས་མཚོན་གུས་པས་བསྟེན་པ་ལ་ཟབ་མོའི་གདམས་པས་རྗེས་སུ་བཟུང་སྟེ་ཐར་བའི་ལམ་སྣ་ཟིན་པར་མཛད། ཏི་སྒྲོར་བྱོན་ཚེ་ཌཱཀྐིས་བསུ་བ་བྱས་ཤིང་གནས་ཀྱང་ཕུལ། ཞྭའི་ལྷ་ཁང་དུ་བྱོན་པ་ན་མི་དཀར་ཞྭ་དཀར་ཅན་ཞིག་གིས་ཕྱག་བྱས་ཏེ་སྡིགས་མཛུབ་གཏད་པ་རྡོ་རྗེ་ལེགས་པས་བསྐུལ་ཏེ་གསོ་བའི་དུས་ལ་བབ་པར་མཁྱེན། དབུ་རྩེའི་རྒྱབ་ན་གཏེར་མང་དུ་འདུག་པ་ལས་མཐུན་རྐྱེན་དུ་གསེར་ཕྲན་བུ་དང་། བསྟན་མ་བཅུ་གཉིས། རྡོ་རྗེ་ལེགས་པ་སོགས་ཀྱི་སྒྲུབ་ཐབས་དུ་མ་སྤྱན་དྲངས། ས་རོ་བསལ་དུས་སྔར་གྱི་མནན་པའི་ཐོད་པ་རིགས་མི་གཅིག་པ་མང་པོ་འདུག་པ་གསོས་ཏེ་གནོན་པར་བརྩམས་པ་ན། ས་རྡོའི་ཆར་དང་རླུང་འཚུབ་མུན་སྲོས་པ་ལྟ་བུའི་ཆོ་འཕྲུལ་གྱིས་འཁོར་རྣམས་བག་འཁུམས་ཤིང་ཅི་བྱ་གཏོལ་མེད་དུ་གྱུར་པ་ན་ཉིད་ཀྱིས་གསུང་སྔགས་སྒྲ་དྲག་པོ་དང་བཅས་སྐུའི་འགྱུར་བ་སྟངས་སྟབས་ཀྱིས་ཐོད་པ་རྣམས་ཐུག་ཆོམ་གྱི་སྒྲ་དང་བཅས་འཕར་བ་ཞབས་ཀྱིས་མནན་པའི་མོད་ལ་ཆོ་འཕྲུལ་ཞི། འགའ་ཞིག་གིས་གུ་རུ་དྲག་པོ་དངོས་སུ་ཡང་མཐོང་། ཁྱད་པར་བྱིས་པ་གཡུ་རྣ་ཅན་ཞིག་གིས་ཉིན་བཞིན་བཟོ་བའི་གྲོགས་བྱས་ཏེ་ནུབ་མོ་གར་སོང་ཆ་མེད་པས་དོགས་ཏེ། ལན་གཅིག་ཀུན་ཀྱིས་བསྲུང་པ་ན་རྩིག་གསེབ་ཏུ་ཐིམ་པ་སོགས་ལེགས་ཉེས་ཐམས་ཅད་དམ་ཅན་གྱིས་མི་ལབ་པ་བཞིན་བསྟན། རྡོ་རིང་གཉིས་སྔར་ཐང་འགྱེལ་དུ་སོང་བ་ཐབས་འཕྲུལ་གང་གིས་ཀྱང་མ་སློང་པ་བདེན་སྟོབས་གསུངས་ཤིང་སྐུ་ཆོས་ཀྱི་གཡབ་མོ་མཛད་པས་དེ་མ་ཐག་བསླངས། རབ་གནས་མཛད་དུས་ཉིད་ཀུན་ཏུ་བཟང་པོའི་སྐུར་སྣང་བའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་རེ་རེའི་རྩེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ། དེ་དག་གིས་མེ་ཏོག་འཐོར་བ་སྐལ་ལྡན་དུ་མའི་མཐུན་སྣང་དུ་བསྟན་ཅིང་། གཟིགས་སྣང་དུ་ཐུབ་དབང་དང་བྱམས་པ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་བྱམས་པས་ཕྱག་མཛུབ་གདེངས་མཛད་དེ། ཁྱེད་སྐྱེ་བ་གཉིས་འདས་པའི་འོག་ཏུ་པདྨ་བརྩེགས་པའི་ཞིང་དུ་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཅིང་དབུགས་དབྱུང་བར་མཛད། དེ་སྐབས་སྤྲེལ་ཟླའི་ཚེས་བཅུ་ཉིན་ནམ་མཁར་འོད་ཕུང་གི་དཀྱིལ་ཨོ་རྒྱན་རིན་པོ་ཆེ་ཌཱཀྐི་སྡེ་ལྔས་བསྐོར་བར་འོད་ཟེར་འཕྲོ་བ་ཡང་གཟིགས་ཤིང་ཁྲོམ་བཞི་སྟོང་ཙམ་འདུས་པ་ལ་ཆོས་འཁོར་བསྐོར། དེ་ནས་ས་ཕག་གི་རྩོད་པས་དབུས་གཙང་མི་བདེ་བའི་རྟགས་གཟིགས་པས་རང་རེ་དཔོན་སློབ་བུམ་ཐང་དུ་འགྲོ་བ་ཡིན་གསུངས་ཏེ་ཕེབས། ལམ་ཞོར་ལྷ་སར་བྱོན་པ་ན་འབྲི་གུང་པ་དང་འབྲེལ་ཆེ་བས་ཡར་ཀླུངས་པའི་དམག་གིས་མཐའ་བསྐོར་ཏེ་བཀྲོང་བར་བརྩམས་ཚེ། སྐུ་མི་སྣང་བའི་རྫུ་འཕྲུལ་བསྟན་པས་ད་ཅི་འདི་ན་རང་ཡོད་པ་ཡིན་ཏེ་བྲོས་ཚར་བ་ཡིན་ནམ་མི་འདུག་ཟེར་ཏེ་གླགས་མ་རྙེད། དེ་ནུབ་བར་ཁང་དུ་གཟིམས་པས་མཚན་ལམ་དུ་ཉིད་ཇོ་བོའི་དྲུང་ན་བཞུགས་པ་ལ་ཇོ་བོའི་སྐུ་ལས་འོད་ཟེར་གསེར་ལྟ་བུ་འཕྲོས་པ་དང་དབུ་ཐོག་ཏུ་འོད་ཀྱི་ནང་ན། སངས་རྒྱས་རབས་བདུན། སྒྲོལ་མ་དཀར་སྔོན། བདེ་མཆོག་དགྱེས་རྡོར། སྤྱན་རས་གཟིགས་རྒྱལ་པོ་ལུགས། ཕྱག་སྟོང་སྤྱན་སྟོང་། རྒྱལ་བ་རྒྱ་མཚོ་རྣམས་གསལ་ཞིང་། མཐའ་སྐོར་དུའང་དཔལ་མགོན་བེར་ནག་ཅན། རྒྱལ་ཆེན་སྡེ་བཞི། བདུད་མགོན་སེང་གདོང་། དཔལ་ལྡན་ལྷ་མོ་རྣམས་བཞེངས་ནས་ནམ་མཁར་གཟིགས་པ་ཞིག་མཇལ། ལ་ཡག་མན་ཐང་གནས་སུ་མཁན་ཆེན་ཁྱབ་བརྡལ་ལྷུན་གྲུབ་ཀྱི་དབུས་སྐལ་ལྡན་དུ་མས་གུས་པས་མཆོད་པ་ལ་སྙིང་ཐིག་སོགས་ཟབ་ལམ་གྱི་གདམས་པས་སྨིན་པར་མཛད། རིམ་གྱིས་ལྷོ་མོན་བུམ་ཐང་ཕྱོགས་སུ་གཤེགས་ཏེ། དགོན་གནས་གླིང་བརྒྱད་དུ་གྲགས་པ། བབ་རོན་ཐར་པ་གླིང་། ཤིང་མཁར་བདེ་ཆེན་གླིང་། སྟོང་ཨོ་རྒྱན་གླིང་། ཀུ་རེ་སྟོད་ཀུན་བཟང་གླིང་། སྔོན་ལུང་འབྲེལ་བཅག་གླིང་། ཁོ་ཐང་རིན་ཆེན་གླིང་། མེན་ལོག་ཀུན་བཟང་གླིང་། སྤ་གྲོ་བསམ་གཏན་གླིང་རྣམས་བཏབ་ཅིང་དེ་དག་དང་ཁད་ཉེ་བར་སྒྲུབ་ཆུ་བཏོན་པ་དང་། རྡོ་ལ་ཕྱག་ཞབས་ཀྱི་རྗེས་མང་དུ་བཞག་ཅིང་། མན་ལོག་ཏུ་འབྲུག་སྒོམ་ཞིག་པོའི་གདུང་བསོད་ནམས་རིན་ཆེན་གྱིས་ཞབས་ནས་བཏེགས་ཏེ་བཞུགས་དུས། རི་ལོག་ཕན་ཚུན་འཕུར་ནས་གཤེགས་བཞུད་མཛད་པ་སོགས་མཐའ་འཁོབ་ཀྱི་ཡུལ་གྲུ་ཆོས་ཀྱི་སྒྲ་ཙམ་ཡང་མི་གྲགས་པ་དེ་དག་ཏུ། ཐོགས་རྡུགས་མེད་པའི་རྫུ་འཕྲུལ་ཡ་མ་ཟུང་དུ་མས་བཏུལ་ཏེ་དགེ་བཅུའི་ལམ་སྲོལ་ཡང་དག་པར་བཙུད་ནས་སོ་སོའི་རྒྱུད་དང་འཚམས་པའི་ཆོས་ཀྱིས་སྨིན་གྲོལ་དུ་མཛད་ཅིང་། ཁྱུང་བདུད་དང་གདོང་ཟུར་སྨན་མོ་སོགས་མི་མ་ཡིན་གདུག་པ་ཅན་རྣམས་རྩིས་ལ་ཕབས་ཏེ་བྲན་དུ་བཀོལ་བས། བླ་མ་ལ་སྔ་བ་དྲི་མེད་འོད་ཟེར་ཞེས་ངོ་མཚར་བའི་མཛད་པ་དེ་དག་ད་ལྟའི་བར་དུ་གླེང་ཞིང་མཆོག་ཏུ་གུས་པར་བྱེད། ཐར་པ་གླིང་དུ་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཆོས་སྐོར་རྣམས་དང་གཞན་མན་ངག་དུ་མ་ཞིག་ཀྱང་གཏེར་དུ་སྦས། སླར་ཡང་ལྷོ་བྲག་གི་ཆེ་དགུས་སྤྱན་དྲངས་ནས་ལ་ཡག་ལྷ་ལུང་སོགས་སུ་མཁན་ཆེན་ཁྱབ་བརྡལ་ལྷུན་གྲུབ་སོགས་འདུས་པ་སྟོང་ཕྲག་ཏུ་ལོངས་པ་ལ་གསང་བ་སྙིང་ཐིག་གི་དབང་ཁྲིད་མཛད། ཕག་གྲུ་ཏ་སི་བ་སྔར་འབྲི་གུང་པའི་སྟོབས་ཀྱིས་ཧ་ཅང་གུས་པ་མེད་ཀྱང་མཁྱེན་རྟོགས་དང་ཕྲིན་ལས་ལ་རྗེས་སུ་དད་ནས་གཡོར་པོ་གཞུང་དུ་རྙེད་བཀུར་བཟང་པོས་ཡུན་རིང་དུ་མཆོད་ཅིང་ཉིས་སྟོང་དུ་ལོངས་པའི་འདུས་པ་ལ་སྙིང་ཐིག་གི་དབང་ཁྲིད་མཛད་ཅིང་། ཏ་སི་ཉིད་ཆོས་རྗེ་འདི་ཡི་མཁྱེན་རབ་ལ་ཧ་ལས་ཏེ་ཀློང་ཆེན་རབ་འབྱམས་པ་ཞེས་གུས་པ་མཛད་པས་ཕྱིས་སུ་མཚན་དེ་ལྟར་དུ་གྲགས། གོང་དཀར་དུ་སི་ཏུ་པ་གཙོ་བོར་གྱུར་པ་ལ་དབང་དང་གདམས་པ་དུ་མས་རྗེས་སུ་བཟུང་། དབུས་ཀྱི་གཡོ་རུ་སྐལ་ལྡན་བྱམས་པ་སྡེངས། གཡུ་སྡེངས། སྤང་སྡེངས་རྣམས་ཀྱི་དགོན་པ་བཏབ་སྟེ་ཅི་རིགས་སུ་བཞུགས་པས་གྲྭའི་སྡེངས་གསུམ་དུ་གྲགས། ས་སྐྱ་བླ་མ་དམ་པས་གཞི་ལམ་འབྲས་བུའི་བཞེད་ཚུལ་གྱི་དྲི་བ་མཛད་པ་ལ་ལན་དུ་ཞུ་ཡིག་རིན་པོ་ཆེ་གསེར་གྱི་མཆོད་སྡོང་མཛད་པའི་རྗེས་སུ། རབ་གསལ་སྙན་པར་སྨྲ་བའི་ངག་འདི་ནི། །འཆད་རྩོད་རྩོམ་པའི་གནས་ལ་མ་རྨོངས་ཤིང་། །ལུང་རིགས་མན་ངག་དུ་མའི་བློ་མིག་ཅན། །སྙིང་པོའི་དེ་ཉིད་རྟོགས་པའི་རྣལ་འབྱོར་པས། །གཞུང་རི་རིན་ཆེན་བརྩེགས་པའི་གནས་ནས་ཕུལ། །ཞེས་པ་ཕུལ་བས་མཉེས་ཤིང་གཅེས་སྤྲས་སུ་མཛད། གཞན་ཡང་མདོ་སྔགས་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོའི་གནད་འགག་གི་བསྟན་བཅོས་མང་དུ་མཛད་པ། གསང་ཕུག་གྲགས་བཟང་སོགས་མཁས་པ་ཕལ་གྱི་བློར་མ་ཤོང་བས་དྲི་བ་རྣམས་ལ་དངོས་སུ་འབེལ་གཏམ་དང་བརྒྱུད་ནས་རིགས་ཤིང་འཐད་པའི་དྲིས་ལན་འཕྲིན་ཡིག་མཛད་པས། ངེས་ཤེས་འདྲོངས་ནས་ཆོས་དང་གང་ཟག་ལ་དད་པ་ཐོབ་ཅིང་ཀུན་མཁྱེན་ཆོས་རྗེ་ཞེས་དོན་དང་མཐུན་པའི་མཚན་ཤུགས་འབྱུང་དུ་ཐོགས། དེ་ཡང་འདན་སྒོམ་ཆོས་གྲགས་བཟང་པོས། ངག་གི་དབང་པོས་འཆད་ལུགས་མཐོང་ཙ་ན། །སྐུ་མཆེད་གསུམ་གྱི་འཆད་ལུགས་དིག་དིག་པོ། །ཀློང་ཆེན་རབ་འབྱམས་རིགས་གྲལ་མཐོང་ཙ་ན། །ཕྱྭ་གཙང་དན་གསུམ་རྩོད་པ་རྐྱང་རྐྱང་པོ། །ཀུན་མཁྱེན་ཆེན་པོས་རྩོམ་པ་མཐོང་ཙ་ན། །བུ་དོལ་ཤཱཀ་གསུམ་རྩོམ་པ་མོག་མོག་པོ། །སྣ་ཚོགས་རང་གྲོལ་ལྟ་དགོངས་མཐོང་ཙ་ན། །ཆེན་པོ་གསུམ་གྱི་གྲུབ་མཐའ་ཡུ་ཡུ་པོ། །ཞེས་དོན་ལ་གནས་པའི་བསྟོད་པ་ཕུལ། ལྷ་སར་བྱོན་པ་ན་དགེ་འདུན་མང་པོས་སེར་སྦྲེང་གིས་བསུས་ཤིང་ཟླ་བ་ཕྱེད་ཀྱི་རིང་ལྷ་ས་དང་ར་མོ་ཆེའི་བར་དུ་ཆོས་ཁྲི་བརྩིགས་པའི་སྟེང་ནས་སེམས་བསྐྱེད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། གསང་མཚུར་སྡེ་གསུམ་གྱི་མཁས་པ་ང་རྒྱལ་ཅན་མང་པོ་ལུང་རིགས་ཀྱིས་རྨེག་མེད་དུ་བཏུལ་ནས་དད་པའི་གནས་ལ་བཀོད། གནས་བརྟན་རྣམས་ལ་མཆོད་པ་དང་བཤད་སྒྲུབ་ཀྱི་སྡེ་མང་པོར་ཚོགས་བསགས་རྒྱ་ཆེར་སྤེལ་ནས་བསྟན་འགྲོའི་ཕན་བདེ་རྒྱས་པའི་རྒྱུར་བསྔོ་བར་མཛད། སྙེ་ཕུ་ཤུག་གསེབ་ཏུ་ཕེབས་ནས་སྐལ་ལྡན་གྱི་འདུས་པ་སྟོང་ཕྲག་བརྒལ་བ་ཟབ་ལམ་རྫོགས་པ་ཆེན་པོས་སྨིན་པར་མཛད། མཁར་བ་རིར་སི་ཏི་ཤཱཀྱ་བཟང་པོས་མཆོད་ཅིང་དབང་དང་གདམས་པ་དུ་མས་བྱིན་གྱིས་བརླབས། དབྱར་བཞུགས་ཀྱི་ཕོགས་ཕུལ་ནས་གྲོགས་ཨོ་རྒྱན་དགོན་པའི་ཕུའི་རྫ་འདབས་ནས་མདའི་བྲག་རྩ་ཡན་གང་བས་ཆོས་གསན། འབྲི་གུང་གི་མཁན་སློབ་སོགས་ཆོས་འཆད་ཀྱི་སློབ་དཔོན་བཞི་བཅུ་ཙམ་དང་མི་ཆེན་སྐྱ་བཙུན་མང་པོས་མཚོན་འདུས་པ་སུམ་སྟོང་དུ་ལོངས་པ་ལ་འོད་གསལ་རྡོ་རྗེ་སྙིང་པོའི་དབང་ཁྲིད་རྒྱབ་ཆོས་དང་བཅས་པ་གསུངས་ཤིང་། ཡོ་བྱད་དུ་མས་འགྱེད་ཆེན་དང་ཚེས་བཅུ་བྱུང་ངོ་ཅོག་ལ་འཕེན་ཡུལ་ནས་རྩེ་མོ་རྒྱལ་བར་གྱི་ཚོགས་པ་རྣམས་ལ་མཆོད་པར་མཛད། དུས་རྒྱུན་དབེན་པར་གཤེགས་ནས་བསྟར་ཆགས་པའི་འཆད་ཉན་དགོན་གནས་ལ་བརྟེན་པ་ཆེར་མ་བསྐྱངས་ཀྱང་ཕར་ཚད་སོགས་གཞུང་ཆེ་བ་འགའ་བློ་གསལ་ཅི་རིགས་པར་གསུངས། དེ་ནས་རེ་ཞིག་ན་གཞན་དོན་ནུས་པ་བརྒྱ་ཕྲག་ལ་དབང་གོང་མ་སོགས་ཐུན་མོང་མིན་པའི་གདམས་པ་དང་རྒྱུད་འགྲེལ་མན་ངག་རྣམས་མཐའ་རྒྱས་སུ་བསྩལ་ནས་རྒྱལ་སྲས་བཟོད་པ་ལ་ཐེམ་སྐས་དེ་བསྒྱུར་ལ་སུ་ཡང་མ་གཏོང་བར་ཡི་གེ་ཚུགས་གསུངས། སློབ་ཚོགས་ཡོངས་ལ་ཞལ་ཆེམས་དྲི་མ་མེད་པའི་འོད་དང་གནད་ཀྱི་མེ་ལོང་གཉིས་གནང་། ཆོས་ཐོན་པའི་ཚོགས་འཁོར་གྱི་ཚེ་རང་རེ་དཔོན་སློབ་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཚོགས་ཀྱི་དགའ་སྟོན་བྱེད་པ་ད་ནང་ཙམ་དུ་གདའ་འོ། །ཁྱེད་རང་གཞན་དོན་ནུས་པ་ཚོས་སྐལ་པ་ལྡན་པའི་སློབ་མ་རྣམས་ལ་རང་འདོད་ཀྱི་འཁྲིས་མེད་པར་དབང་སྐུར། རྒྱུད་ཤོད། མན་ངག་སྟོན། དམ་ཆོས་ཉམས་སུ་ལེན་པ་རྣམས་འཇིག་རྟེན་གྱི་བྱ་བ་དོན་དུ་མ་གཉེར་བར་ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་ལ་མཉམ་པར་ཞོག །མ་གོ་བའི་སྐབས་བྱུང་ན་ཁོ་བོས་བྱས་པའི་ཡང་ཏིག་ཡིད་བཞིན་ནོར་བུ་འདི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དང་འདྲ་བ་ཡིན་པས་བལྟ་རྟོག་ཞིབ་མོས་སྒོམས་ལ་གཏན་བདེའི་སྙིང་པོ་ལོན་པར་གྱིས་ཤིག་ཅེས་ཞལ་བཀོད་ནན་ཏན་མཛད། དེ་ནས་ཞྭ་ལྷ་ཁང་དུ་བྱོན་ནས་མཆོད་པ་དང་སྨོན་ལམ་མཛད་ཅིང་། ཁྲོམ་ཆོས་གསུང་དུས་མེ་ཏོག་གི་ཆར་ངོ་མཚར་བ་བབ། རིམ་གྱིས་ཨོ་རྒྱན་དགོན་དུ་དལ་གཅིག་བཞུགས་ནས་ཁོ་བོས་ཁྱེད་རྣམས་ལ་མྱ་ངན་མི་འཇོག་གསུངས་ནས་མཆིམས་ཕུར་ཕེབས། སློབ་རིགས་ཡོན་བདག་རྣམས་སྐྱེལ་ཐུང་བྱོན་པ་ལ་ད་ཁྱེད་རང་རྣམས་སེམས་འཕྲེང་བ་ལས་མི་ཡོང་བས་ཕྱིར་ལོག་དགོས། ད་ཕྱིན་ཆོས་ལ་འབུངས་སོགས་ཞལ་འཁོས་མཛད་ནས་མཆིམས་ཕུར་ཕེབས། ཞལ་ནས་འོ་གནས་འདི་རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཚལ་དང་མཚུངས་པ་ཡིན། གཞན་དུ་སྐྱེ་བ་ལས་འདིར་ཤི་བ་དགའ་བར་བཤད་པས་ད་སྒྱུ་ལུས་ཀྱི་ཕུང་པོ་འདི་ཡང་དུར་ཁྲོད་འདིར་འཇོག་བསམ་པ་དེ་ཐོག་ཏུ་ཕེབས་སོང་གསུངས། དེར་བསམ་ཡས་དུད་གཏོང་དྲུག་སོགས་ཀྱིས་གདན་འདྲེན་ཞུས་ནས་འདུས་པ་མང་པོ་ལ་གསང་བ་བླ་ན་མེད་པའི་ཁྲིད་མཛད་པ་ན། ཚོགས་པ་ཆེས་མང་བས་སྤྲོས་མེད་ཀྱི་དབང་ལ་ཞག་དུ་མར་འགོར་སྐབས་རིམ་གྱིས་སྙུན་པའི་ཚུལ་བསྟན། ཚེས་བཅུ་དྲུག་གི་ཉིན་ཚོགས་གཏོར་ཤོམས་ཤིག་དབང་བྱེད་པ་ཡིན་གསུངས་པས། སྐུ་བསྙུན་པས་འོ་བརྒྱལ་བ་གདའ་ཞག་ཤས་སྐུ་ངལ་གསོ་བར་ཞུས་པས། དེ་མི་དགོས་དབང་འདི་ཚར་བ་བྱེད་གསུངས་པ་ལ་ནན་གྱིས་ཞུས་པས། དབང་ཚར་བ་གཅིག་བྱེད་བསམ་པ་ཡིན་ཏེ་ཁྱེད་རྣམས་མི་ཉན་པར་གདའ་གསུངས་ནས། དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཆུ་མོ་ཡོས་ཀྱི་ལོ་རྒྱལ་ཟླའི་ཚེས་བཅོ་བརྒྱད་ཀྱི་དྲོ་ཁའི་དུས་སུ་འོད་གསལ་རང་གྲོལ་དང་། ཀུན་དཔལ་སོགས་དྲུང་དུ་ཡོད་པ་རྣམས་ལ་མཆོད་པ་ཞིག་ཤོམས་ལ་ཕྱིར་སོང་གསུངས་པས། མཆོད་པ་བཤམས་ཏེ་འདུག་པར་ཞུས་པས། འོ་ན་སྒྱུ་ལུས་གོག་པོ་འདི་དོར་བ་ཡིན་པས་ཁྱེད་རྣམས་ཅ་ཅོ་མ་བྱེད་པར་མཉམ་པར་ཞོག་ལ་སྡོད་ཅིག་གསུངས་ནས། ཆོས་སྐུའི་བཞུགས་སྟངས་ཀྱིས་གདོད་མའི་ཟད་སར་གཤེགས་སོ། །དེའི་ཚེ་རྡུལ་བྲལ་གྱི་ནམ་མཁའ་ལ་འཇའ་ཚོན་གྱི་གུར་དང་མེ་ཏོག་གི་ཆར་བབ་པ། སེ་བ་ལ་སོགས་པའི་ལོ་འདབ་དང་མེ་ཏོག་སྣ་ཚོགས་ཁ་འབུས་པ། འགའ་ཞིག་འོད་གསལ་གྱི་རྟོགས་པ་ཕྱམ་བརྡལ་བ་བཅས་ངོ་མཚར་བའི་ལྟས་ཟླ་མཆོད་ཀྱི་བར་རྒྱུན་ཆགས་པ་དང་། མཆོད་པའི་དུས་ཞག་ཉེར་ལྔའི་བར་སྐུ་གདུང་ལ་ཙནྡན་དང་ག་བུར་གྱིས་ཀྱང་མཚོན་དུ་མེད་པའི་དྲི་བཟང་པོས་ཀུན་ཏུ་ཁྱབ་ཅིང་། སྤུར་ཁང་དུ་སྤྱན་དྲངས་པའི་ཚེ་ས་ཆེན་པོ་འདི་ལན་གསུམ་དུ་གཡོས་ཤིང་ཐུགས་ལྗགས་སྤྱན་གསུམ་ཞུགས་ཀྱིས་མ་རྨས་པ་དང་། ཁྱད་པར་དབུ་ཀླད་ཉམས་པ་མེད་པ་ཁ་དོག་དཀར་སེར་རྡོ་བ་ལྟར་མཁྲེགས་པའི་གོང་བུ་ཤ་རི་རམ་གྱི་རང་བཞིན་སོགས་གདུང་རིགས་ལྔ་དང་། རིང་བསྲེལ་ཕྲ་མོ་གྲངས་མེད་པ་དང་། ཞུན་ཐིག་ལས་ཚེ་དཔག་མེད་ལ་སོགས་པའི་སྐུ་དུ་མ་ཡང་བྱོན་ཞིང་། ནང་རྟེན་དུ་སྐུ་བརྙན་དེ་དག་དང་། ཕྱི་རྟེན་དུ་བྱང་ཆུབ་ཆེན་མོའི་མཆོད་རྟེན་བྱས་པ་ཡང་གནས་དེ་ཉིད་དུ་བསྒྲུབས། ཕྱི་རབས་གདུལ་བྱའི་བསྒོ་སྐལ་དུ་མདོ་དང་སྔགས་ཀྱི་ཆོས་ཚུལ་གྱི་དགོངས་དོན་མ་ནོར་བ་གཏན་ལ་འབེབས་པའི་བསྟན་བཅོས་བདེ་བར་གཤེགས་པའི་གསུང་རབ་དང་གཉིས་སུ་མ་མཆིས་པའི་གཞུང་ལུགས་ཆེན་མོ་མཛོད་ཆེན་བདུན་དང་། ངལ་གསོ་སྐོར་གསུམ། མུན་སེལ་སྐོར་གསུམ་སོགས་ཕྱི་ཡི་གནས་དང་ནང་གི་གནས་དང་དེ་ཁོ་ན་ཉིད་ཀྱི་གནས་གསུམ་དུ་རྣམ་པར་བཞག་པའི་གསུང་རབ་ཉིད་མཛད་པ་དཀར་ཆག་རིན་ཆེན་མཛོད་ཁང་དུ་བཀོད་པ་ལྟར་ཆོས་ཚན་བརྒྱ་ཕྲག་དུ་མ་མཛད་ཅིང་། མཚན་ཉིད་ཐེག་པའི་སྐོར་གནས་དུས་ཀྱི་དབང་གིས་དེང་སང་ཆེར་མི་བཞུགས་ཀྱང་། དགོངས་པ་ཀློང་ཆེན་ཡངས་པ་ཡེ་ཤེས་ཀྱི་འཁོར་ལོ་ལས་རང་བྱུང་བའི་ཚུལ་དུ་བབ་པའི་སྔགས་རྫོགས་ཀྱི་སྐོར་ཕལ་ཆེར་རྒྱལ་བསྟན་ཡུན་གནས་ཀྱི་སྙིང་པོར་འཛམ་གླིང་ན་ཉི་ཟླ་ལྟར་གསལ་བཞིན་བཞུགས་པ་ལགས་ན། ཇི་སྐད་དུ། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། རྒྱལ་བའི་བསྟན་པ་ཇི་སྙེད་ཡོངས་རྫོགས་པའི། །གཞུང་བཟང་ཀུན་མཁྱེན་བླ་མས་བཀྲལ་འདི་འདྲ། །འཕགས་བོད་མཁས་གྲུབ་སྐྱེ་བོ་སུ་ཡིས་ཀྱང་། །སྔོན་ཆད་འཛམ་གླིང་ལྗོངས་འདིར་བཞག་པ་མེད། །རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་ནས། །རྒྱུ་འབྲས་མེད་དབྱིངས་མཉམ་པར་ལ་བཟླ་བའི། །ཀུན་མཁྱེན་བླ་མའི་གདམས་ངག་འདི་འདྲ་བ། །འཆད་པའི་མཁས་གྲུབ་གཉིས་པ་སུ་ཡང་མེད། །གཞུང་བཟང་འདི་དག་ཡན་ལག་ཡོངས་རྫོགས་ཡིན། །ཞེས་དང་། ཀུན་མཁྱེན་བླ་མ་འཇའ་ལུས་སྒྱུ་མའི་སྐུ། །སྔོན་ཞིག་བཞུགས་ཀྱི་ད་ལྟ་མེད་པ་མིན། །མཐོང་བར་ནུས་ན་རང་གི་མདུན་ན་བཞུགས། །རྟོག་པས་བསྒྲིབས་ན་མངོན་སུམ་བྱོན་ཀྱང་ཅི། །གསུང་གི་གནད་འདི་རྟོགས་པའི་འདྲ་འབག་སྟེ། །ཡེ་ཤེས་ཆེན་པོ་ཚིག་དོན་བྱིན་གྱིས་བརླབས། །མོས་གུས་ཅན་ལ་བདེན་ཚིག་གཏད་རྒྱ་མཛད། །ངེས་པར་བསྟེན་ན་བླ་མ་འདི་རང་ཡིན། །ཞེས་གསུངས་པ་ལྟར་རང་རེ་རྗེས་སུ་འཇུག་པའི་སྔ་འགྱུར་རིང་ལུགས་འཛིན་པ་ཡོངས་ཀྱིས་ཐོས་བསམ་སྒོམ་གསུམ་ཆོས་སྤྱོད་ཀྱི་མཛད་པས་གསང་ཆེན་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་དུ་གསོལ་ཞེས་སྙིང་ནས་ཞུ་བ་ལགས་སོ། །གཞན་ཡང་ཀུན་མཁྱེན་བླ་མས་གསུང་གི་བདུད་རྩིས་བསྐྱངས་ཤིང་བརྒྱུད་པ་འཛིན་པའི་ཐུགས་སྲས་ཞལ་སློབ་གཙོ་བོར་གྱུར་པ། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། མཁས་གྲུབ་བདེ་ལེགས་རྒྱ་མཚོ། མཁས་གྲུབ་ཆོས་ཀྱི་གྲགས་པ་སྟེ་གྲགས་པ་ཐོབ་པའི་མཁས་གྲུབ་གསུམ། སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། སློབ་དཔོན་སངས་རྒྱས་ཀུན་དགའ། སློབ་དཔོན་བློ་གྲོས་བཟང་པོ། སྟག་མགོའི་བྱ་བྲལ་ཆོས་རྗེ་སྟེ་བསྟན་པ་སྤེལ་བའི་བཤེས་གཉེན་བཞི། འདན་སྒོམ་ཆོས་གྲགས་བཟང་པོ། རྒྱལ་སྲས་བཟོད་པ་གྲགས་པ། བླ་མ་དཔལ་མཆོག །གུ་རུ་ཡེ་ཤེས་རབ་འབྱམས། གཞོན་ནུ་སངས་རྒྱས་ཏེ་ཐུགས་སྲས་བུ་ཆེན་ལྔ། ཕ་རྒོད་རྟོགས་ལྡན་རྒྱལ་པོ། རྣལ་འབྱོར་འོད་ཟེར་གོ་ཆ། གུ་རུ་འོད་གསལ་རང་གྲོལ། བྱ་བཏང་བསོད་ནམས་འོད་ཟེར་ཏེ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བཞི་རྣམས་དང་། གཞན་ཡང་འཁྲུལ་ཞིག་སངས་རྒྱས་དབོན་པོ། གླུ་མཁན་བསོད་ནམས་སེང་གེ། ཨོ་རྒྱན་ཆོས་རྗེ། གྲགས་པ་དཔལ། སངས་རྒྱས་དཔལ་རིན་སོགས་བགྲངས་པའི་ཡུལ་ལས་འདས་པ་དང་། དེ་བཞིན་རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་དང་། གཏེར་ཆེན་འགྱུར་མེད་རྡོ་རྗེ། འབྲི་གུང་རིན་ཆེན་ཕུན་ཚོགས། རིག་འཛིན་འཇིགས་མེད་གླིང་པ། མི་འགྱུར་ནམ་མཁའི་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྣམས་ལ་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་ཞིང་ཞལ་གཟིགས་ལུང་བསྟན་གནང་ནས་དོན་བརྒྱུད་འཛིན་པའི་བཀའ་གཏད་མཛད་དོ། །

དེ་ལྟར་ཐུགས་སྲས་ཞལ་སློབ་རྣམས་ལས་བརྒྱུད་སྲོལ་མང་དུ་བྱུང་ཡང་། འདིར་གཙོ་བོ་གྲགས་ཆེ་བ་རང་ལུགས་ཀྱི་བརྒྱུད་པ་ནི། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་ནས་རིམ་པར་སྨིན་གླིང་གཏེར་ཆེན་ཡབ་སྲས་ལ་བརྒྱུད་དེ་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་བར་བྱུང་བའི་རིང་བརྒྱུད་དང་། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་ཐུན་མིན་ཀུན་མཁྱེན་ཆེན་པོ་ནས་རྒྱལ་བ་ཡེ་ཤེས་རབ་འབྱམས་སོགས་བླ་རབས་བརྒྱད་ནས་རྫོགས་ཆེན་པདྨ་རིག་འཛིན་ལ་བཀའ་བབ་པ་དང་། དེ་བཞིན་བླ་མ་ཡང་ཏིག་གི་བརྒྱུད་པ་ཐུན་མིན་བྱ་བྲལ་ཆོས་རྗེ་ནས་བླ་རབས་དགུ་ཡིས་གྲུབ་དབང་པདྨ་རིག་འཛིན་ལ་བཀའ་བབ་པའི་རིང་བརྒྱུད་གསུམ་དང་། རིག་འཛིན་འཇིགས་མེད་གླིང་པ་ལ་ཀུན་མཁྱེན་ཆེན་པོས་ཞལ་གཟིགས་རྗེས་བཟུང་ལན་གསུམ་མཛད་དེ་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་གནང་། དེ་ཉིད་ཀྱིས་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་བཀའ་ལུང་སྨིན་གྲོལ་དང་བཅས་པ་གནང་བ་དང་། ཡང་མི་འགྱུར་ནམ་མཁའི་རྡོ་རྗེ་ཉིད་ལ་མགོན་ཁང་དབང་དྲག་རོལ་པ་ནས་ཀུན་མཁྱེན་ཆེན་པོས་ཞལ་གཟིགས་ཏེ་ཡང་ཏིག་ཡིད་བཞིན་ནོར་བུ་བསྩལ་བ་བཅས་བཀའ་སྲོལ་ཉེ་རིང་གི་ཆུ་བོ་ཐམས་ཅད་གཅིག་འདྲེས་སུ་བྱུང་ནས་ཕྱོགས་ཀུན་ཁྱབ་པ་བྱུང་ཚུལ་འོག་ཏུ་འབྱུང་ཞིང་། འདིར་རེ་ཞིག་ཉེ་བརྒྱུད་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་ཆུ་འགོ་ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པའི་གཏམ་ཅུང་ཟད་བརྗོད་པ་ལ།

[༢] ཀུན་མཁྱེན་འཇིགས་མེད་གླིང་པ།

གཡོ་རུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་རམ་ཀུན་མཁྱེན་འཇིགས་མེད་གླིང་པ་ནི། ཇི་སྐད་དུ། དཔལ་ཨོ་རྒྱན་ཆེན་པོའི་བསླུ་མེད་རྡོ་རྗེའི་ལུང་བྱང་ཟབ་གཏེར་མཁའ་འགྲོས་ཞུས་པ་ལས། འཕྱོངས་རྒྱས་ནང་དུ་ང་སྤྲུལ་དོན་བྱེད་འོང༔ སུ་ཡིན་མི་ཤེས་གཅིག་ཆར་སྨྲ་བ་འབྱུང༔ འཕྱིང་བར་མདོའམ་བང་སོ་དམར་པོའི་ལྷོར༔ ལྷ་བབས་མཆོད་རྟེན་དགོན་སྡེ་འཆའ་ཡང་སྲིད༔ ཅེས་པ་ལྟར་གཡོ་རུ་བཀྲ་ཤིས་སྲོང་བཙན་བང་སོ་དམར་པོའི་ལྷོ་ཕྱོགས་དཔལ་རི་དགོན་དང་ཉེ་བའི་ཡུལ་འཕྱོངས་རྒྱས་ནང་དུ། ཆོས་རྗེ་འབྲུག་པའི་ཐུགས་སྲས་ཆེ་བ་དྲུག་གི་ནང་ཚན་རྒྱ་བྲག་པའི་དབོན་རིགས་སུ། སྤྱི་ལོ་༡༧༢༨པ་སྟེ་རབ་བྱུང་བཅུ་གཉིས་པའི་ཞི་བ་ཞེས་པ་ས་མོ་བྱའི་ལོ་རྒྱལ་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་སྔ་དྲོའི་ཆ་ལ་མཚན་དཔེའི་འདབ་སྟོང་མངོན་པར་བཞད། ཆུང་ངུ་ནས་གཏེར་ཆེན་སངས་རྒྱས་བླ་མ་དང་ཆོས་རྗེ་གླིང་པའི་སྔོན་རབས་གསལ་བ་སོགས་དམ་པའི་རིགས་སད། དགུང་ལོ་དྲུག་པ་ཤིང་སྟག་ལོར་གསང་ཆེན་སྔ་འགྱུར་པའི་གདན་ས་ཆེན་མོ་དྲུག་ཏུ་གྲགས་པའི་ཡ་གྱལ་དཔལ་རི་ཐེག་མཆོག་གླིང་དུ་ཆོས་སྒོར་ཞུགས། མཚོ་རྒྱལ་སྤྲུལ་སྐུ་ངག་དབང་བློ་བཟང་པདྨར་གཙུག་ཕུད་ཕུལ་བས་པདྨ་མཁྱེན་བརྩེའི་འོད་ཟེར་ཞེས་མཚན་གསོལ། གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་དྲུང་ནས་ཡོན་ཏན་མཐའ་དག་གི་གཞི་རྟེན་དགེ་བསྙེན་དང་དགེ་ཚུལ་གྱི་བསླབ་སྡོམ་རིམ་པར་ནོད་པར་མཛད། དགུང་ལོ་བཅུ་གསུམ་དུས་གྲུབ་དབང་རིན་པོ་ཆེ་ཐུགས་མཆོག་རྡོ་རྗེ་དང་མཇལ་ཞིང་ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཐོང་གྲོལ་ཀྱི་རྩ་དབང་དང་། བསམ་པ་ལྷུན་གྲུབ་མ་སོགས་སྨིན་བྱེད་དང་འབྲེལ་བའི་གྲོལ་བྱེད་ཀྱི་གདམས་པ་ཆིག་རྫོགས་སུ་བཏབ་ནས་བྱིན་གྱིས་བརླབས། ཞིང་དུ་གཤེགས་རྗེས་ཀྱང་ཡེ་ཤེས་སྒྱུ་མའི་སྐུ་དང་མཇལ་ཞིང་སྔོན་སྨོན་ལས་དབང་གི་བླ་མ་བཀའ་དྲིན་ཆེ་བ་ཞིག་ཡིན་གསུངས། གཞན་ཡང་གྲུབ་དབང་ཤྲཱི་ན་ཐ་དང་། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཐང་འབྲོག་དབོན་པདྨ་མཆོག་གྲུབ། མོན་རྫ་དཀར་བླ་མ་དར་རྒྱས་སོགས་ཡོངས་ཀྱི་བཤེས་གཉེན་དུ་མ་ལས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་ལུང་སོགས་བཀའ་གཏེར་གྱི་ཆོས་བཀའ་ཅི་རིགས་གསན། གསར་མའི་སྨིན་གྲོལ་ཡང་ཅི་རིགས་གསན་ཞིང་ཞར་བྱུང་སྐར་རྩིས་སོགས་ཐ་སྙད་ཀྱི་རིགས་པའང་ཆ་ཤས་ཙམ་གསན་པར་གྲགས། སྤྱིར་རྗེ་ཉིད་སྐུ་ན་གཞོན་ནུ་ནས་སྐྱེས་ཐོབ་ཀྱི་རྣམ་དཔྱོད་མཆོག་ཏུ་ཡངས་ཤིང་སྔོན་སྦྱང་གི་བག་ཆགས་སད་པའི་སྟོབས་ལས་སློབ་དཔོན་དང་དཀའ་སྤྱད་ལ་མ་ལྟོས་པར་མདོ་རྒྱུད་རིག་གནས་དང་བཅས་པའི་གཞུང་ལུགས་མཐའ་དག་ལ་མཁས་པའི་རྩེར་སོན་པའི་གང་ཟག་ཅིག་ཆར་བ་སྟེ། ཉིད་མཛད་རང་རྣམ་ཆེན་མོ་ལས། ལར་ཁོ་བོ་ཅག་གི་ནི་ཡི་གེའི་བརྡ་སྤྲོད་པ་ནས་བརྩམས་ཏེ། རྒྱལ་བའི་བཀའ་དང་། དགོངས་འགྲེལ་བསྟན་བཅོས། ཐ་སྙད་ཀྱི་གཞུང་། ཡིན་ལུགས་ཀྱི་མན་ངག་སོགས་རྡོ་རྗེའི་གནས་ཇི་སྙེད་པ་མཐོང་བ་དེ་དག་གུས་པས་ཉེ་བར་བླངས་ཏེ་ཉིན་མོའི་སྣང་བ་དང་སྒྲོན་མེའི་འོད་ལ་མཇལ་བར་སྤྲོ་བའི་བག་ཆགས་བཟང་བ་ཙམ་ལས་དགེ་བའི་བཤེས་གཉེན་དང་ཉིན་གཅིག་ཀྱང་འགྲོགས་ནས་སྦྱངས་པའི་སྟོབས་ཀྱི་བློ་གྲོས་འཕེལ་བའི་གནས་སུ་མ་གྱུར་མོད། དཔལ་གྱི་བསམ་ཡས་མཆིམས་ཕུར་རྒྱལ་བ་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུ་དང་ལན་གསུམ་མཇལ་ཞིང་བརྡ་ཐབས་རྟེན་འབྲེལ་དུ་མས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཁོ་བོའི་ལས་འབྲེལ་རྫོགས་པ་ཆེན་པོ་ནས་སད་པ་ཡིན་ནོ། །ཞེས་དང་། ཉི་ཤུ་རྩ་ལྔ་མ་ལོན་བར་ཆོས་དང་མཐུན་པའི་བྱ་བར་གཏོགས་པ་ཆོས་སྤྱོད་བློ་འཛིན་དང་ཟ་ཆོག་ཉི་ཚེ་བའི་བསླབ་གཉེར་སྤྱི་མཐུན་ཙམ་ལས་གཞུང་ལུགས་ལ་ཐོས་བསམ་བྱེད་པ་སོགས་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཀར་གདའ། ཞེས་གསུངས་པ་ལྟར་རོ། །དགུང་ལོ་ཉེར་ལྔའི་དུས་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་རྣམ་ཐར་དང་སྒྲུབ་གནས་མཐོང་བའི་རྐྱེན་བྱས་ཏེ་ཉིན་མཚན་ཀུན་ཏུ་དྲན་ཞིང་ལྷོ་ནུབ་སྲིན་པོའི་ཡུལ་ལ་ཞལ་བསྟན་ནས་ངུ་བཞིན་སྤྱན་ཆབ་ཡང་ཡང་ཤོར་བ་དང་། དེ་ནས་བཟུང་ཕྱི་མ་ཟངས་མདོག་དཔལ་རིར་ཟང་ཐལ་དུ་བགྲོད་པའི་སྒྲུབ་པ་བཙན་ཐབས་སུ་བྱེད་དགོས་སྙམ་པའི་ཐུགས་དམ་བཅས། ཉེར་བརྒྱད་པ་མེ་མོ་གླང་གི་ཆོ་འཕྲུལ་ཆེན་པོ་ནས་བཟུང་དབེན་གནས་ཤྲཱི་པར་ཏ་དང་། མཆིམས་ཕུ་དཔལ་གྱི་ནགས་ཁྲོད། གསང་ཆེན་མེ་ཏོག་ཕུག་བཅས་སུ་ལོ་ངོ་བདུན་ལ་སྙིང་པོའི་སྒྲུབ་པ་ལ་ཞུགས་ཤིང་། དུས་དེར་དཔལ་ཨོ་ཌཱི་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བས་བྱིན་བརྒྱུད་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་བརྙེས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་བས་སྣང་གྲགས་བརྡ་དང་དཔེ་ཆར་ཤར་ནས་གཉུག་མ་རྡོ་རྗེའི་གླུ་མགུར་དུ་བཞེངས་ཤིང་། སྒོམ་བྱུང་གི་ཤེས་རབ་ཀློང་ནས་བརྡོལ་བ་དང་མཛོད་ཆེན་བདུན་ལ་ཞིབ་གཟིགས་མཛད་པས་རང་གཞན་གྲུབ་མཐའ་རྒྱ་མཚོ་ལ་མི་འཕྲོག་པའི་མཁྱེན་རབ་ཀྱི་རྩལ་འབར་བ་སྟེ། རྣམ་ཐར་ཆེན་མོ་ལས། ཁོ་བོས་རྫོགས་པ་ཆེན་པོའི་གྲུབ་མཐའི་ངོས་འཛིན་ཐུན་མོང་མ་ཡིན་པ་དང་དཀའ་བའི་གནས་མ་ལུས་པ་མཛོད་ཆེན་བདུན་ལས་རྙེད་པ་ཡིན། འཛམ་བུ་གླིང་གི་རྒྱན་དྲུག་མཆོག་གཉིས་མངོན་སུམ་དུ་བྱོན་ཡང་རྒོལ་བ་མི་འཇུག་པའི་གྲུབ་པའི་མཐའ་ཆེན་པོ་འདིའི་དགོངས་པ་ལེན་མི་ཤེས་ན་གཞན་ལྟ་བ་སུ་མཐོ་ཟེར་ཡང་ཀུན་འབྱུང་གི་གཡོགས་པ་ཅན་དུ་འདུག་གོ། ཅེས་གསུངས་པ་དང་། གཞན་ཡང་གནས་འདི་དག་ཏུ་སྒྲུབ་པ་མཛད་སྐབས་ཀྱི་ཉམས་སྣང་གསང་བའི་རྣམ་ཐར་འགའ་ཞིག་རྟོགས་བརྗོད་ཆུ་ཟླའི་གར་མཁན་དང་ཌཱཀྐིའི་གསང་གཏམ་ཆེན་མོ་ལས་བྱུང་བ་རྡོ་རྗེའི་ཚིག་དོན་ལ་བཅོས་སླད་མ་ཕོད་པས་གཞུང་ལྟར་བཀོད་པ་ནི། ཨ་ཧོ། དུས་དེ་ཡི་གནས་སྐབས་ཐམས་ཅད་དུ། །ཕྱི་བཟུང་ཡུལ་རགས་པའི་རྣམ་རྟོགས་འགགས། །ནང་འཛིན་བྱེད་ཤེས་པ་གཏད་མེད་གྲོལ། །སེམས་བདེ་སྟོང་གི་ནམ་མཁའ་དྭངས་པའི་ཀློང་། །ལམ་མངོན་སུམ་རིག་མདངས་ལྷག་མཐོང་གིས། །དཔལ་མ་ཧཱ་གུ་རུའི་ཞལ་དཀྱིལ་མཇལ། །ཉམས་རྟོགས་འབུལ་ཞིབ་རྒྱས་ཞུས་པ་ན། །སྒོམ་ཡལ་གྲབས་ཡིན་འདུག་གསུངས་པ་ཐོས། །སྒོམ་བྱས་ཚད་ཉམས་ཞེན་རྣམ་རྟོག་ཡིན། །དེ་ཡལ་ན་ཉམས་ཡལ་རྟོགས་པ་ཤར། །དོན་སྤྲོས་བྲལ་བདེན་པ་མཐོང་བའི་བརྡ། །ཞེས་དང་། གཉིད་མི་རྟོག་ཀུན་གཞིའི་མུན་པ་ནས། །ཡིད་གཅིག་པུར་ལངས་པའི་གསལ་སྣང་ལ། །གནས་འོག་མིན་དཔལ་གྱི་མཆིམས་ཕུ་ཡི། །བྲག་དམར་གྱི་ཀེའུ་ཚང་དུ་སླེབས། །དབྱིབས་རྣམ་འགྱུར་ཇི་བཞིན་མ་ཡིན་པའི། །རང་བྱུང་གི་བྲག་སྐྱིབས་ཆེན་པོའི་ནང་། །ཕ་མཚོ་སྐྱེས་རྡོ་རྗེའི་སྣང་བརྙན་ལ། །འཁོར་རྒྱལ་བ་རིགས་ལྔས་མཛེས་པ་དེའི། །སྐུ་ཆེ་ཆུང་མི་ཚད་ཉིས་འགྱུར་ཙམ། །རིགས་གཙོ་དང་ཨོ་རྒྱན་གཉིས་ཀའི་ཕྱག །རཏྣའི་པྲོག་ཞུས་མཚན་པར་སྣང་། །དེར་རིག་འཛིན་ཧཱུྃ་ཆེན་འགྲོ་འདུལ་དང་། །མིག་འཕྲུལ་ལྟ་བུར་མཇལ་བ་ན། །བྲག་ལ་གུ་རུའི་ཞབས་རྗེས་ཡོད། །བདག་ཅག་གཉིས་འཚོལ་ལོ་གསུངས་པ་ལ། །གཉིས་ཀས་འཚོལ་བའི་འདུ་ཤེས་ངང་། །གནས་དེའི་དཀོན་གཉེར་ཡིན་སྙམ་པའི། །བན་རྒན་བགྲེས་སོང་ཞིག་འདུག་པ་དེས། །མཛུབ་རིས་དང་བཅས་པས་བསྟན་བྱུང་བར། །དེ་ན་ཞབས་རྗེས་ཁྲུ་དོ་ཙམ། །འདམ་ལ་བརྒྱབ་ལྟར་ཤིན་ཏུ་གསལ། །ཞེས་དང་། དེའི་ཐོ་རེངས་ལྡངས་པའི་རྣལ་འབྱོར་ཚེ། །གཞི་སྣང་བའི་འོད་གསལ་དྭངས་པའི་ངོར། །རང་གནས་པའི་སྨིན་མཚམས་ནམ་མཁའི་ཐད། །འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ནང་། །སྐྱབས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་མཇལ། །དེ་བལྟ་བྱ་དང་ལྟ་མཁན་དབྱེར་མེད་པས། །རེ་དོགས་ཀྱི་འཆིང་བ་གང་ཡང་མེད། །དེའི་ངང་ལ་དེ་ཉིད་གནས་འགྱུར་ཏེ། །ཡུལ་སིང་ག་ལ་ཡི་ཨཱ་ཙར་ཡ། །འཇམ་དཔལ་བཤེས་གཉེན་དུ་ལམ་གྱིས་སོང་། །སྐུ་དམར་སྨུག་མཆོང་ལྟར་དྭངས་པ་ཡི། །ཕྱག་གཡས་ན་བེ་ཅོན་ཁྱད་འཕགས་བསྣམས། །གཡོན་བདག་གི་སྙིང་ཁར་སྡིགས་མཛུབ་ཀྱི། །ཕྱག་རྒྱས་བརྡ་ཐབས་སྟོན་པའི་མོད། །ཕྱག་མཚན་གྱི་བེ་ཅོན་རང་ཉིད་ལ། །བྱིན་ཏེ་རང་ལ་དབྱེར་མེད་ཐིམ། །སྐུ་སྒྱུ་མ་ལྟ་བུའི་གསལ་སྣང་དེ། །ཀ་དག་གི་དབྱིངས་སུ་གཏད་མེད་ཡལ། །དུས་འདི་ནས་དགོངས་པའི་གསང་མཛོད་རྡོལ། །གསུང་རབ་ཀུན་ཀྱི་དགོངས་པ་ཁྲོལ། །ཀློང་ཆེན་རིག་པའི་རྩལ་ཆེན་རྫོགས། །སྣང་ཡུལ་བརྡ་དང་དཔེ་ཆར་ཤར། །མཆོག་གི་དངོས་གྲུབ་རྒྱུད་ལ་བཞག །ཅེས་དང་། མེ་གོས་སུ་བཀླུབས་པའི་གླང་གི་ལོའི། །དུས་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ཉིན། །ཕ་རྗེ་བཙུན་ཨོ་རྒྱན་སྙིང་ནས་དྲན། །མིག་མཆི་མའི་རྦ་རླབས་གཡོ་བཞིན་དུ། །ངག་གདུང་བའི་འོ་དོད་ལྷང་ལྷང་བོས། །ཕ་སངས་རྒྱས་གཉིས་པ་དེ་ཉིད་ཀྱི། །རྣམ་ཐར་དང་བཀའ་དྲིན་དྲན་པའི་མོད། །ཚེས་བཅུའི་དུས་དྲན་གསོལ་འདེབས་བརྩམས། །དེས་ཐུན་མཚམས་ཀུན་ཏུ་གསོལ་བཏབ་པས། །ཞག་གསུམ་འདས་པའི་ཐོ་རེངས་ཁར། །སྒོ་ལྔའི་སྣང་གསལ་ནུབ་པ་ཡིས། །ཀུན་གཞིའི་རྣམ་ཤེས་ཀྱི་མེ་ལོང་ངོར། །ལྗོངས་འདི་ཡིན་ངོ་མི་འཚལ་བའི་སར། །མདུན་ངོས་ནས་ལྷགས་པར་ལྟར་སྣང་བའི། །གདུགས་རྒྱལ་མཚན་བ་དན་འཕན་འཕུར་སོགས། །བློས་དཔག་ཏུ་མེད་པས་སྔོན་བསུས་ཏེ། །སྤྲུལ་བའི་གུ་རུ་མཚན་བརྒྱད་རྣམས། །སྐུ་ཆེ་ཆུང་མི་ཚད་ཉིས་འགྱུར་ཙམ། །ལྷམ་མེ་ལྷན་ནེར་བྱོན་པ་མཇལ། །དེར་མིག་འཕྲུལ་ལྟ་བུའི་གསལ་སྣང་ལ། །འཇའ་འོད་ཟླུམ་འཁྱིལ་དྭངས་པའི་ནང་། །སྐས་གདང་བུ་ལྔ་ལྡན་བཙན་ཐབས་སུ། །ནམ་མཁའི་ངོས་སུ་བཙུགས་པ་མཐོང་། །དེར་རྟོག་མེད་དུ་འཛེགས་ཏེ་འགྲོ་བའི་ངང་། །ཕ་ཨོ་རྒྱན་དང་མཇལ་ལོ་སྙམ་ཙ་ན། །བུ་མ་ཆགས་པད་མའི་ས་ལ་ཤོག །ཅེས་གསུངས་པ་རྣ་བར་ལྷང་གིས་གོ། དེའི་མོད་ལ་རང་སྣང་རྔ་ཡབ་གླིང་། །དཔལ་གཡོ་རུའི་ཁྲ་འབྲུག་ཡིན་སྙམ་པའི། །ངོ་མཚར་གྱི་གཞལ་མེད་ཁང་དུ་སླེབས། །དབུས་འཇའ་ཚོན་གྱི་ལྡིང་གུར་བཀྲ་བའི་ཀློང་། །ཡབ་རིག་འཛིན་པདྨ་འབྱུང་གནས་དེ། །སྐུ་གསུམ་རིག་འདུས་ཀྱི་རྣམ་རོལ་ཅན། །རྟེན་མེད་དུ་བར་སྣང་དབྱིངས་ལ་བཞུགས། །གཡས་གཡོན་ན་བཱི་མ་བ་གོར་ཞབས། །འཁོར་དཔའ་བོ་ཌཀྐིའི་ཚོམ་བུས་མཛེས། །དབུས་རྡོ་ཡི་བཞུགས་ཁྲི་ཆེན་པོའི་སྟེང་། །རྟོག་མེད་ལ་རང་ཉིད་སླེབས་པའི་མོད། །མོས་གུས་ཀྱི་དྲན་པ་དབང་མེད་སྟོར། །རིག་པ་སྐར་མདའ་འཕངས་པ་བཞིན། །རྗེ་བཙུན་གུ་རུའི་ཐུགས་ཀར་ཐིམ། །དེར་རིག་པ་རྩལ་གྱི་དབང་ཆེན་ཐོབ། །ལམ་རྫོགས་པ་ཆེན་པོའི་གནད་ཤེས་ཤིང་། །དབྱིངས་གཞོན་ནུ་བུམ་སྐུའི་ཞིང་ཁམས་དེ། །རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་མཐོང་། །ཞག་གཅིག་འདས་པའི་ཉམས་སྣང་བྱུང་། །དེ་སད་པའི་ཤེས་པ་སྐད་ཅིག་མར། །གསང་མཆོག་བདེ་བ་ཆེན་པོ་ནི། །ཡུམ་ཡེ་ཤེས་ཌཀྐི་མཚོ་རྒྱལ་མ། །བུ་མོ་མཛེས་པའི་ཆ་བྱད་ཅན། །དེས་མཚན་ལྡན་གྱི་བྷན་དྷ་སྲུབས་མེད་ཅིག །བདག་ཉིད་ཀྱི་ལག་ཏུ་སྤྲད་པ་དང་། །འདི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི། །དབུ་ཐོད་ངོ་མ་ཡིན་ནོ་གསུངས། །ཡང་ཅུང་ཞིག་དགོངས་ནས་ཐོད་པ་དེ། །རེ་ཞིག་ཕར་ལ་བླངས་པའི་མོད། །མིག་འཕྲུལ་ལྟ་བུའི་སྣང་ཆ་ལ། །སྔ་མ་དང་དབྱེ་བ་མི་བཟོད་པའི། །ཐོད་པ་ཞིག་དེ་ཡི་ཟླ་ལ་སྦྱར། །གཉིས་ཀ་ལྷན་ཅིག་སྩོལ་བ་དང་། །ད་འདི་གཉིས་དབྱེ་བ་ཨེ་ཕྱེད་གསུངས། །དེ་དཔྱད་དུ་མ་བཟོད་ནེམ་ནུར་ངང་། །གསལ་སྣང་དེ་ནམ་མཁའི་འཇའ་ལྟར་ཡལ། །ཞེས་དང་། དུས་རེ་ཞིག་བསྙེན་བསྒྲུབ་དམ་པོའི་ཚེ། །རང་གཉུག་མའི་བསྟི་གནས་ཡིན་སྙམ་པའི། །ཁང་པ་བཀོད་མཛེས་ཞིག་གི་ནང་། །རྗེ་རིག་འཛིན་ཧཱུྃ་ཆེན་ཀཱ་ར་དེ། །ཞལ་ཁྱིམ་ཟླ་བ་ལྟ་བུ་ལ། །སྐུ་ཤ་ཡང་རྒྱགས་པ་ལྟར་སྣང་བའི། །གཟི་བྱིན་མཚུངས་པ་མེད་པ་ཞིག །སྒྱུ་མ་ལྟ་བུའི་སྣང་ཆར་མཇལ། །ཉམས་རྟོགས་གླེང་མོ་མང་ཞུས་མཐར། །ད་ངེད་ཀྱི་སྒྲུབ་ཁང་འདི་ཉིད་དུ། །བློས་བསླངས་ཀྱི་དཀྱིལ་འཁོར་བཞེངས་ཞུས་པས། །ད་བློས་བསླངས་གསར་དུ་བཞེངས་པ་ལས། །ཆུང་ངུ་ཞིག་ཞིག་གསོས་དགོས་པ་ཞིག །གནས་གཞན་དུ་འདུག་པ་ངས་བླངས་ཏེ། །བུ་ཁྱོད་ལ་སྤྲད་ཀྱི་ཞིག་གསོ་གྱིས། །ཞེས་གསུངས་ཏེ་མི་སྣང་གཞན་དུ་ཐལ། །ཀྱེ་ཧོཿ ལོ་དེ་ཡི་ཆུ་སྟོད་ཟླ་བའི་ཉིན། །རྗེ་མཆོག་སྤྲུལ་མངའ་རིས་པཎ་ཆེན་གྱིས། །གཏེར་གནས་གསུམ་ནས་སྤྱན་དྲངས་པའི། །བཙན་རྒོད་ཡ་བ་སྐྱ་བདུན་གྱི། །སྲོག་གཏད་དང་རྒྱུད་ལུང་ནོད་པའི་མོད། །ནམ་ཐོ་རེངས་ཀྱི་ཐུན་གྱི་སྨད་ཆ་ནས། །གཉིད་ཡིན་མིན་དཔྱད་དུ་མ་བཟོད་པའི། །ཉམས་སྣང་བའི་འཁྲུལ་བ་རྫུན་པོ་ཆེ། །ཁོང་གནོད་སྦྱིན་ཆེན་པོ་བན་དྷེའི་གཟུགས། །ན་ཆེར་ཡོལ་གྱོན་པ་སྣུམ་བག་ཅན། །འཁོར་དང་བཅས་པ་བདག་དྲུང་ལྷགས། །ཕྱག་ཕུ་དུད་ཆེན་པོས་འཚལ་བ་ལ། །བདག་ཀུན་རྟོག་རང་ཁའི་བག་ཆགས་བློང་། །རང་ན་ཚོད་ཆུང་ངུའི་བན་གཞོན་ལ། །ཁོང་ཆེ་བགྲེས་ཀྱི་གུས་ཕྱག་མི་འཐད་སྙམ། ཁྱེད་དེ་ལྟར་བགྱི་བ་མི་འོས་ཞེས། །ནན་ཆེན་པོས་བཟློག་ཀྱང་བཙལ་བ་ན། །དེའི་སྐེ་ནས་འུབ་ཀྱིས་བསྡམས་པ་ལས། །ཡིད་གུས་པའི་ཚུལ་གྱིས་འདི་སྐད་ཟེར། །ཁྱེད་ལ་གཏེར་སྟོན་རིན་པོ་ཆེས། །གཅུང་དགའ་བོའི་སྐྱེ་བ་ཡིན་གསུངས་པས། །དེས་གུས་པས་ལྷ་ཕྱག་འཚལ་བ་ཡིན། །སྔར་བྱང་པ་རིག་འཛིན་སྤྲུལ་པའི་སྐུས། །ཁྱེད་དབུ་བླར་བཞེས་ཤིང་གུས་འདུད་དང་། །བདག་རྐྱེན་དེ་འདྲ་མཛད་མོད་ཟེར། །ལོ་དེ་ཡི་སྨིན་དྲུག་ཟླ་བའི་ནང་། །དུས་ཡར་ངོའི་ཚེས་བཅུའི་ཐོ་རེངས་ཁར། །དབྱིངས་འོད་གསལ་གྱི་ནམ་མཁའ་དྭངས་པ་ལ། །བོད་གངས་ཅན་གྱི་ལྷ་གཅིག་སྙིང་རྗེའི་གཏེར། །ལྷ་འཕགས་མཆོག་ཕྱག་ན་པད་མོའི་སྐུ། །ཤར་ནམ་མཁས་གར་ཁྱབ་སྐུས་ཁྱབ་པའི། །མཚན་དཔེའི་སྣང་བརྙན་བཞེངས་སྟབས་ཅན། །དེ་མཐོང་བས་མོས་གུས་ཀྱི་མཆི་མ་འཁྲུགས། །གསོལ་འདེབས་ཀྱི་ཚིགས་བཅད་གསར་དུ་བརྩམས། །ཞེས་དང་། དུས་ཡར་ངོའི་ཚེས་བཅུའི་ནུབ་མོ་དེ། །དཔལ་ཨོ་ཌཱི་ཡ་ནའི་སངས་རྒྱས་ཆེ། །སྐུ་གཞོན་མཛེས་གཡས་ན་ཧཱུྃ་ཀཱ་ར། །གཡོན་ཕྱོགས་ན་རང་ཉིད་འདུག་པའི་མོད། །དེས་ཕྱག་རྒྱའི་བརྡ་ཐབས་ནམ་མཁར་གདེངས། །མ་དབྱིངས་ཕྱུག་བདེ་ཆེན་མཚོ་རྒྱལ་དང་། །རྒྱ་གར་གྱི་རིག་འཛིན་ཧཱུྃ་ཀཱ་ར། །ཐུགས་ཡེ་ཤེས་ཆེན་པོ་གཉིས་སུ་མེད། །ཧཱུྃ་ཀཱ་ར་གསང་འཛིན་རྡོ་རྗེ་འཆང་། །བདག་ཉིིད་ནི་འཕགས་མཆོག་སྙིང་རྗེའི་གཏེར། །ངེད་རྣམ་གསུམ་རིག་གསུམ་སྤྲུལ་བའི་གར། །ཞེས་གསུངས་པའི་མོད་ལ་གཏད་མེད་ཡལ། །ཞེས་དང་། དེའི་ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་གི་ཉིན་སྒྲུབ་གནས་དེ་ཉིད་ལ་གནས་བསྟོད་གཅིག་བརྩམས་ཏེ་འོད་གསལ་འགྲོ་འོང་མེད་པའི་ངང་དུ་མནལ་བ་ན། དབང་པོ་ཡུལ་ལྔའི་ཐ་མལ་གྱི་འཛིན་པ་དྭངས། གཟུང་ཡུལ་རགས་པ་ཡིད་ཤེས་ཀྱི་ཆུ་མཚོར་ཐིམ། ཀུན་གཞི་མི་རྟོག་པའི་ངང་དུ་སྣང་ཆའི་རྟེན་འབྲེལ་ནུབ་པ་དང་། ལྷག་མཐོང་ཡེ་ཤེས་ཀྱི་སྣང་བའི་འོད་གསལ་གྱི་མེ་ལོང་ཕྱིས་པའི་ངོས་ཤིན་ཏུ་དྭངས་པར། མ་བྱོན་བདེ་གཤེགས་སྙིང་པོ་རི་རབ་མར་མེའི་རྒྱལ་མཚན་སྣང་བའི་གྲོང་ཁྱེར་དུ་ཁམས་དྲུག་ལྡན་གྱི་མིའི་ཟོལ་ལ་བརྟེན་པ། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་སྐུ་གཟུགས་བཟང་ལ་ན་བཟའ་ཆོས་གོས་རྣམ་གསུམ་གྱིས་མཛེས་ཤིང་། སྐུ་ན་ཅུང་ཟད་སྨིན་པ། དེ་བཞིན་གཤེགས་པ་ལྟར་མཐོང་ན་མི་མཐུན་པ་མེད་པ་ཞིག་མིག་འཕྲུལ་ལྟ་བུར་མཇལ་ཏེ། བརྗོད་བྱ་དོན་གྱི་ཐུགས་རྒྱུད་འཕོ་བར་གྱུར་ཅིག །འཕོ་བར་གྱུར་ཅིག །རྗོད་བྱེད་ཚིག་གི་བརྒྱུད་པ་རྫོགས་པར་གྱུར་ཅིག །རྫོགས་པར་གྱུར་ཅིག །ཅེས་གསུང་སྒྲ་ལྷང་ལྷང་ཞལ་འདོན་མཛད་པ་ཐོས། དེར་དྲན་པ་འཐོར་འགྲོ་བ་ལྟ་བུའི་དད་པ་དང་མོས་གུས་བཟོད་བླག་མེད་པ་ཞིག་སྐྱེས། ཕྱག་འཚལ་ལོང་མེད་པར་ཀུན་མཁྱེན་བླ་མའི་ཕྱག་གཉིས་ནས་འུབ་ཀྱིས་འཇུས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཅོད་པན་དུ་བཏེགས་ནས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན། ཞེས་མོས་གུས་ཀྱིས་བརྒྱལ་བ་ཙམ་དུ་གསོལ་བ་བཏབ། ཁོ་བོ་ལ་དུས་ཕྱིས་དེ་སྐད་ཟེར་བ་ཡོང་ཕེབས་གསུངས། ཁམས་འདུས་མེ་ཏོག་ཕྲེང་ལྡན་ལ་སོགས་པར་གསུངས་པ་ལྟར་སེམས་ཅན་བསོད་ནམས་དམན་པས་སྐུ་དངོས་སུ་བཞུགས་དུས་དད་མོས་མེད་ཅིང་ལོག་སྒྲུབ་ཆེ་བའི་ཤུགས་ཀྱིས་ཐུགས་མུག་པར་བྱུང་འདུག་པའི་གསུང་ཅུང་ཡིན་པར་གོ་སྟེ། ངོས་ནས་ཁྱེད་ཀྱི་མཛོད་བདུན་དང་། སྙིང་ཐིག་རྣམས་ཀྱི་དགོངས་གཏེར་གཅིག་པུའི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་བཏགས་པའི་བཀའ་དྲིན་དྲན་ཅིང་། ཆེ་བའི་ཡོན་ཏན་སངས་རྒྱས་དངོས་དང་མཚུངས་པའི་མོས་གུས་རྒྱུན་གཏན་བྱེད་བཞིན་པར་ལགས་མོད་ཞུས་པས། ང་ལ་སྤྱན་ཧུར་གྱིས་གཟིགས་ནས། རིགས་ཀྱི་བུ་ཁྱོད་ལ་ད་སྨོན་ལམ་གཏད་རྒྱའི་སྒོ་ནས་དོན་བརྒྱུད་ཀྱི་དགོངས་པ་འཕོས་པ་ཡིན་པས་སྒྲུབ་པའི་སྲོག་མཁར་ཚུགས་ལ་སྐལ་ལྡན་ལ་རྒྱ་ཆེར་སྟོན་ཅིག ཁྱེད་རང་གི་མགུར་མའང་ཤིན་ཏུ་ལེགས་པ་བྱུང་འདུག་གསུངས་པའི་མོད་ལ་བསླབ་བྱ་འདྲ་ཞུ་སྙམ་པ་དང་། སྐུ་གསུམ་གྱི་སྣང་ཆ་མིག་འཕྲུལ་ལྟ་བུར་དབྱིངས་སུ་ནུབ་སྟེ། ཀུན་མཁྱེན་བླ་མ་དྲན་པ་ལ་ཚུགས་ཐབས་མེད་པ་ཞིག་བྱུང་ངོ། །བྲག་ཕུག་འགྲིམ་པའི་སྤྲང་བཙུན་བྷུ་སུ་ཀུ། །དབེན་པར་གནས་ནས་ན་ཚོད་མ་རྒས་པས། །རྟོགས་པ་སྐྱེ་བ་ཤེས་བྱར་མི་སྲིད་སྙམ། །དྲེགས་རློམ་ཅན་གྱིས་ག་ཞ་བྱེད་ན་ཡང་། །རྒྱལ་སྲས་པདྨ་དགེ་བའི་བཤེས་གཉེན་གྱི། །རྫུ་ལ་ཞུགས་པ་ཀློང་ཆེན་དྲི་མེད་ཀྱི། །ཞལ་མཐོང་ཙམ་གྱི་བག་ཆགས་སྡིག་སྒྲིབ་ཟད། །གསུང་ཐོས་ཙམ་གྱིས་རྟོགས་པའི་ཀློང་ཆེན་རྡོལ། །ཐ་སྙད་ཆོས་ལ་བསླབ་གཉེར་མ་བགྱིས་ཀྱང་། །དཔེ་མཐོང་ཙམ་གྱིས་གདམས་པའི་གནད་མཚང་རིག །ཉིན་ཞག་གཅིག་ལ་སེམས་ཅན་སངས་རྒྱས་སུ། །སྒྱུར་བའི་བཀའ་དྲིན་བསམ་གྱིན་བླ་མ་དྲན། །ཕྱི་ལྟར་འགྲོ་འདུལ་དྲི་མེད་ཧཱུྃ་ཆེན་རྗེ། །ནང་ལྟར་སིངྒའི་སློབ་དཔོན་མཉྫུ་ཤྲི། །གསང་བ་ཡེ་ཤེས་སྐུ་ཅན་ཀློང་ཆེན་པས། །བརྡ་ཐབས་རྟེན་འབྲེལ་དུ་མས་དོན་བརྒྱུད་བྱིན། །མཐོང་སྣང་ཟ་ཟི་ནམ་མཁའི་གློག་དང་འདྲ། །རྡོ་ལ་ཞབས་རྗེས་མུ་སྟེགས་ནག་པོས་འཇོག །ཉམས་རྟོགས་དབང་པོའི་ཡུལ་དུ་མི་སྣང་བས། །གཞན་ལ་རྟག་བརྟན་ཐེར་ཟུག་སྨྲ་དོན་ཅི། །སྐུ་ཡིས་བྱིན་གྱིས་བརླབས་པ་སྟེ་དང་པོའོ། འདི་གནས་ཡིག་རྙིང་པར་ཉང་ཕུག་འོག་མར་གྲགས་པའི་དོན་ཉང་ཏིང་འཛིན་བཟང་པོའི་སྒྲུབ་ཕུག་བྱ་སྐྱིབས་ཕུག་པ་ལྟ་བུའི་སྒོ་ལོགས་གཡས་ཟུར་ན་ད་ལྟ་བྲག་གསེང་དུ་ཤིང་སྒྲོ་དཀར་སྐྱེས་ཤིང་། །བྲག་ལོགས་ལ་མཆོད་རྟེན་གྱི་རི་མོ་གསུམ་ཡོད་པའི་བྲག་ཞོལ་འདབས་དེར་འཇག་མའི་ལྷགས་སྐྱོབ་ཙམ་ལ་བརྟེན་ནས་འདུག་པའི་སྐབས་ཡིན་ནོ། །དེ་ནས་ཉང་ཕུག་འོག་མའི་ཐ་སྙད་གྲགས་པ་ལ་བརྟེན་ནས་སྔ་རབས་པ་དག་གིས་ལྷོ་ཕྱོགས་ཀྱི་ཕྱིས་བྱུང་གི་བྲག་ཕུག་དེ་ལ་ཉང་ཕུག་གི་ཁ་བྱང་བྲིས་འདུག་ཀྱང་། སྔར་བཤད་པ་ལྟར་གསལ་སྣང་གི་བདེན་པས་ངེས་ཤེས་རྙེད་པའི་སྔོན་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་དང་། དེ་རྗེས་མངའ་བདག་ཉང་གི་སྒྲུབ་ཕུག་ཡིན་པས་ཉང་ཕུག་འོག་མར་གྲགས་པ་ངེད་རང་གིས་ངོས་བཟུང་ཞིང་མེ་ཏོག་ཕུག་ཏུ་བཏགས་པའི་གནས་སུ་བཅད་མཚམས་ཤིན་ཏུ་དམ་ཞིང་ངེས་འབྱུང་གིས་རྒྱུད་བརླན་པ་ཞིག་གི་ཚེ། ཨ་འཐས་གཟུང་ཡུལ་གྱི་འཛིན་ཆ་ཞིག་པའི་སྣང་ངོར་ཡང་གཅིག་ཀུན་མཁྱེན་སངས་རྒྱས་གཉིས་པ་དང་མཇལ་པ་ན། དཔེ་ཆ་བམ་པོ་ཞིག་གནང་ནས་འདིས་ཤིང་རྟ་ཆེན་མོ་ན་གབ་པའི་ཚུལ་དུ་ཡོད་པ་མཐའ་དག་གསལ་བ་ཡོད། ཅེས་དང་། གསང་མཛོད་ཆེན་མོའི་བརྡ་འགྲོལ་གྱི་སྐོར་སྐབས་འདིར་གསུངས་པ་ཡིན། ཡང་ཁྱེད་རང་གི་སྐྱེ་རྒྱུད་ལུང་བྱང་ཡིན་ནོ། །ཞེས་ཤོག་དྲིལ་ཞིག་གནང་བྱུང་བ་ཁ་ཕྱེས་པས། ཡི་གེ་གོང་འོག་གཉིས་ཀྱི་རྣམ་པ་འདུག་པའི་གོང་མར། སྐྱེ་བ་སྔ་མ་ནི་ཀུན་མཁྱེན་ཆོས་རྗེའོ། །ཞེས་འདུག ཕྱི་མ་རྣམས་ཀློག་པར་རྩོམ་པ་ན། གསལ་སྣང་དེ་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་ལ། འདིའི་ཚེ་སྐུའི་བྱད་དབྱིབས་སོགས་འདི་ལྟར་འདུག་སྙམ་པའི་འཛིན་ཤེས་རགས་པ་གང་ཡང་མ་བྱུང་ངོ་། །གསུང་གི་བྱིན་གྱིས་བརླབས་ནས་བསྟན་བཅོས་བརྩམ་པར་རྗེས་སུ་གནང་བ་སྟེ་ཞལ་མཐོང་གཉིས་པའོ། །དེ་ནས་ཟླ་ཤས་སོང་ཙ་ན། ཀུན་མཁྱེན་བླ་མ་ཉིད་པཎྜི་ཏའི་ཆ་བྱད་སྣུམ་བག་དང་ལྡན་ཞིང་། ཤིན་ཏུ་གཞོན་ཤ་ཆགས་པ་དགུང་ལོ་ཉི་ཤུ་རྩ་གྲངས་ཀྱི་སྐུ་ན་ཅན། དབུ་ལ་པཎ་ཞྭ་རྣ་རིང་བཞེས་པ་ཞིག་དང་མཇལ་ཏེ། རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་རྨད་དུ་བྱུང་བའི་རྟ་བབ་གོང་མ་གཉིས་ཀྱི་འཕྱང་འཕྲུལ་ལ་བརྟེན། ལྷུན་གྲུབ་རིགས་ལྔ་ཡབ་ཡུམ་ཟུང་དུ་འཇུག་པའི་བརྡས། འོད་གསལ་དག་པ་རབ་འབྱམས་ཀྱི་དབང་བསྐུར་ནས། ཅི་ཡང་མི་གསུང་པར་ཤིན་ཏུ་དགྱེས་པ་ཆེན་པོའི་ཞལ་འཛུམ་མུ་ལེ་བའི་ངང་ལ། དག་ཆེན་ཡེ་ཤེས་ཀྱི་སྣང་ཆ་དབྱིངས་སུ་ཐིམ་པ་ནི་ཐུགས་ཀྱི་བྱིན་གྱིས་བརླབས་ནས་དོན་རྒྱུད་རྟོགས་པའི་བདག་པོར་རྗེས་སུ་གནང་སྟེ་ཞལ་མཐོང་གསུམ་པའོ། །དེའི་ཚེ་ཕྱི་ཡུལ་གྱི་སྣང་བ་གཏད་མེད་དུ་གྲོལ་ཏེ་མཉམ་བཞག་གི་དགོངས་པ་ལ་ཕྱོགས་ལྷུང་གི་རིས་མེད། ནང་འཛིན་པའི་འདུ་ཤེས་ལ་རྩིས་གདབ་ཀྱི་རིས་མེད་པས་རང་གྲོལ་ཕྱོགས་ཡན་དུ་སངས། རྗེས་ཐོབ་ཤེས་པའི་སྣང་ཆར་དགའ་བ་དང་སྐྱོ་བའི་ཡིད་ཀྱིས་དུས་འདས་ཏེ། དད་པ་དང་གདུང་ཤུགས་དྲག་པོའི་རྐྱེན་གྱིས་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ་ཞེས་བྱ་བ་དེ་ཡང་བརྩམས། ཞེས་སོགས་གསུངས་པ་ལྟར་ཀུན་མཁྱེན་དངོས་ལས་འོད་གསལ་གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་གི་གནད་འཕྱུགས་པ་མེད་པ་ཕ་ཕོག་ཏུ་ཐོབ་པས་ཐུགས་ཁེངས་པའི་གསུང་བྱོན་པ། དེའི་ཕྱིར་ཆོས་ཀྱི་བརྒྱུད་པ་གང་ཞེ་ན། ཁོ་བོའི་གཙུག་ན་དྲི་མེད་འོད་ཟེར་བཞུགས། །བརྒྱུད་པ་ཐག་ཧྲུལ་བྲེང་ཧྲུལ་ལ་མི་ལྟོས། །ཞེས་གསུངས་པ་ལྟར་ལགས་ཀྱང་ཐུན་མོང་བའི་སྣང་ངོར་རྒྱ་བོད་ངེས་པའི་མན་ངག་སྙན་བརྒྱུད་ཀྱི་ཆུ་བོ་བར་མི་ཆད་པའི་ཕྱིར་གསན་ཡིག་ཉི་ཟླའི་རྣ་ཆར་གསལ་བ་ལྟར་གྲུབ་དབང་ཤྲཱི་ན་ཐ་དང་། ཐང་འབྲོག་པདྨ་རིག་འཛིན། མོན་པ་བླ་མ་ཀུན་བཟང་སོགས་ལས་རྒྱུད་བཅུ་བདུན། སྙིང་ཐིག་ཡ་བཞི་དང་། ངལ་གསོ་སྐོར་གསུམ། མཛོད་ཆེན་བདུན་བཅས་ཀྱི་ཚིག་དོན་མཐར་ཆགས་སུ་གསན། ཀུན་མཁྱེན་ཆེན་པོས་བསྐུལ་ཞིང་དབྱིངས་ཀྱི་གཙོ་མོས་བརྡ་འགྲོལ་གྱིས་སྐབས་དབྱེ་ནས་ས་ཕོ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཚོགས་འཁོར་ཆེན་མོའི་ཆོ་གའི་སྤྱན་འདྲེན་སྐབས། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཡབ་ཡུམ་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ལྟར་འཁྲིགས་པའི་ཀློང་ནས་སྐུ་རྡོ་རྗེའི་གར་སྟབས་ལིང་ངེར་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་གྱུར་པས། མོས་གུས་བརྒྱལ་བ་ཙམ་གྱིས་རིག་སྟོང་མི་ཤིགས་པའི་དབྱིངས་སུ་འབྱམས་ཀླས་པ་ན། ལྷོ་རྒྱུད་སྤྲུལ་པའི་སྐུ་རྣམ་པ་གསུམ་སོགས་ཀྱིས་ད་ལན་ཐུགས་གཏེར་ཆེན་མོ་གཏན་ལ་འབེབས་པར་བསྐུལ་བ་རྟེན་འབྲེལ་དུས་ལ་བབ་པར་གཟིགས་ཏེ། ཆོས་ཀྱི་མཚན་ལ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་གསོལ་ཏེ་ཐོག་མར་ཕྱི་སྒྲུབ་བླ་མའི་རྣམ་འབྱོར་གཏན་ལ་ཕབ་པས་སིདྡྷི་དུང་ཕྱུར་སོགས་ཁས་ལེན་བྱེད་མཁན་མང་དུ་བྱུང་བས་འབྲེལ་ཚད་དོན་ལྡན་གྱི་རྟེན་འབྲེལ་འགྲིགས། དེ་ནས་རིམ་བཞིན་ཡི་དམ་རྩ་བ་གསུམ་དང་། བླ་རྫོགས་ཐུགས་གསུམ་གྱི་སྐོར་རྣམས་ཕབ་པས་སྙིང་ཐིག་རྩ་པོད་གཉིས་དང་། ཁྱད་པར་མདོ་སྔགས་གཉིས་ཀའི་དགོངས་པའི་གསལ་བྱེད་ཡོན་ཏན་མཛོད་རྩ་འགྲེལ། ཁྲིད་ཡིག་ཡེ་ཤེས་བླ་མ་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ། སྒོམ་ཕྱོགས་དྲིས་ལན། དྲིས་ལན་ལུང་རིགས་གཏེར་མཛོད། དགོངས་འདུས་རྣམ་བཤད་ཆེན་མོ། བསྟོད་ཚོགས། གཏམ་ཚོགས་སོགས་འཆོས་སྐྱོབ་ཡོན་ཏན་གཉིས་ལྡན་གྱི་བསྟན་བཅོས་སྣ་ཚོགས་པོད་ཆེན་དགུར་ལོངས་པ་སྙིང་པོའི་བསྟན་པའི་བཙས་སུ་བསྐྲུན། ཕྱི་ནང་གསང་བའི་རྟེན་འབྲེལ་གྱི་ལེགས་ཚོགས་གཅིག་ཏུ་འཛོམས་པས་ཚེ་རིང་ལྗོངས་བྱང་ཆུབ་ལྗོན་པའི་ཚལ་དུ་ཕེབས་ནས་ས་གཞི་བྱིན་གྱིས་བརླབས་ཏེ་གནས་གཞི་ཀ་བ་ཉི་ཤུའི་རྒྱ་ཁྱོན་ཅན་ལེགས་པར་འགྲུབ་པར་མཛད་རྗེས་ལོ་གསུམ་ལ་སྒྲུབ་པ་མཛད་ནས་བཞུགས། དེ་རྗེས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་། གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཆེན་མོ། པདྨ་འོད་གླིང་། མཆིམས་ཕུ་རི་མོ་ཅན་སོགས་ཆོས་སྡེ་གནས་ཆེན་ཁག་རྣམས་སུ་ཕེབས་ཏེ་རྟེན་བཞེངས་ཚོགས་བསགས་ཀྱི་མཆོད་སྤྲིན་རྒྱ་ཆེན་པོ་སྤྲོས་ཤིང་སྒྲུབ་པ་ལ་ཅི་རིགས་བཞུགས་པ་དང་། རིམ་གྱིས་དོན་མཁར་ཚེ་རིང་ལྗོངས་སུ་གདན་སའི་གཏན་ཆགས་མཛད་ནས་རང་གཏེར་སྙིང་ཐིག་དང་། ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་ཀྱི་གཙོས་ཆོས་འཁོར་དཔག་མེད་བསྐོར་བས། མཁས་དང་གྲུབ་པའི་ཁྱུ་མཆོག་ཐམས་ཅད་ཡིད་དབང་མེད་དུ་འཕྲོག་པས་བུང་བ་མེ་ཏོག་གི་ཚལ་ལ་འདུ་བ་བཞིན་སྟོད་ལྷོ་འབྲུག་ནས། སྨད་མདོ་ཁམས་ཀཿརྫོགས་ཡན་གྱི་སློབ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་བྱོན་ནས་འོད་གསལ་སྙིང་པོའི་བསྟན་པ་ཉི་མ་ཤར་བ་ལྟར་གསལ་བར་མཛད། ཤིང་སྦྲུལ་ལོར་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་མགྲོན་གཉེར་ཆེད་བཏོང་གི་གདན་ཞུས་ལྟར་ཕེབས་ནས་བཀའ་གཏེར་གྱི་དབང་ཁྲིད་གདམས་ཟབ་དུ་མ་བསྩལ་ཏེ་གདན་སར་ཕྱིར་ཕེབས། དེ་སྐབས་ཙམ་ན་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་མཆོག་གིས་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་དཔོན་གཡོག་ལྔ་བླ་མཆན་པའི་ཚུལ་དུ་གསུང་བྲིས་བཅས་ཀུན་མཁྱེན་བླ་མ་རུ་དམ་ཆོས་སྡེར་གདན་ཞུས་སུ་བཏང་བ་དང་། དེ་མཚུངས་སྡེ་དགེའི་རྒྱལ་ཁབ་ནས་ཀྱང་བློན་པོ་གཤེན་རབ་སྟག་རྒྱལ་དཔོན་གཡོག་སྡེ་དགེའི་རྒྱལ་སར་གདན་འདྲེན་ལ་འབྱོར་ཞིང་ནན་ཞུས་བྱས་ཀྱང་དགུང་ལོ་མཐོན་པོར་ཕེབས་རྐྱེན་གསུང་བྲིས་ཕྱག་རྟེན་རྩ་ཆེན་གྱི་གནང་སྐྱེས་བཅས་ཕྱིར་བཟློག །རྡོ་གྲུབ་རིན་པོ་ཆེ་ཐུན་མིན་ཆོས་བདག་སློབ་བུར་ངོས་འཛིན་གནང་ནས་དབང་ཁྲིད་གདམས་ཟབ་ཀུན་ལྷག་མེད་བསྩལ་ཏེ་རྗེས་འཛིན་མཛད། གཞན་ཡང་སྐུ་ཚེའི་སྨད་དུ་ཁམས་ཕྱོགས་ནས་གྲུབ་དབང་རྫོགས་ཆེན་པ་འཇིགས་མེད་བློ་གསལ་དང་། འཇིགས་མེད་ངོ་མཚར་རྒྱ་མཚོ། འཇིགས་མེད་རྒྱལ་བའི་མྱུ་གུ། རྒྱ་རོང་སྐུ་སྐྱེ། སྡེ་དགེའི་མཆོད་དཔོན་སངས་རྒྱས་བཟང་པོ། ཀཿཐོག་པ་དགེ་རྩེ་སྤྲུལ་སྐུ་དང་། ཕྱག་ཚ་སྤྲུལ་སྐུ་རྣམ་གཉིས་སོགས་སྐྱེས་ཆེན་དང་སྒྲུབ་བརྩོན་བརྒྱ་ཕྲག་དུ་མ་རིམ་པར་ཞབས་བཅར་བྱུང་བ་ཀུན་ལ་དབང་ཁྲིད་ཟབ་ཆོས་ཀྱིས་རྗེས་བཟུང་དབུགས་དབྱུང་གནང་། སྐུ་ཚེ་གང་པོར་སྟོད་སྨད་ཀྱི་ཆོས་སྡེ་ཁག་ལ་མཆོད་འབུལ་མང་ཇ་སོགས་ཚོགས་བསགས་ཀྱི་སྒོ་རྒྱ་ཆེར་སྤེལ་བ་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་ཞིག་གསོ་རྒྱ་ཆེར་མཛད་པ་སོགས་བསྟན་འགྲོའི་ཕན་བདེ་འབའ་ཞིག་བསྒྲུབས་པ་གྲངས་ཀྱིས་མི་ལང་སྟེ། དཔལ་རིར་མདོའི་སྒྲུབ་མཆོད་གསར་འཛུགས། བྱང་ཐེག་ཆེན་གླིང་དུ་ཞི་ཁྲོ། ཆོས་འཁོར་རྣམ་གསུམ་ལ་ཁྲི་མཆོད། བསམ་ཡས་བྱང་ཆུབ་ཆེན་མོ་ལ་གསེར་འཁོར། གསེར་དངུལ་གྱིས་རྒྱུད་འབུམ་རིན་པོ་ཆེ་བཞེངས་པ་སོགས་དང་། འཆི་ངེས་ཀྱི་སེམས་ཅན་མང་པོ་སྲོག་བླུ་མཛད་པ་སོགས་དགེ་རྩ་མཐའ་ཡས་པ་བསྐྲུན། སྡེ་དགེའི་ཆོས་རྒྱལ་ཡུམ་སྲས་ལ་བཀས་བསྐུལ་ཏེ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པར་དུ་འཁོད་ནས་དཔེ་རྒྱུན་མ་ཆད་པ་འདི་གཅིག་པུའི་བཀའ་དྲིན་ཀྱང་གཞལ་བ་ལས་འདས་པ་སྨོས་མ་དགོས། རྗེ་ཉིད་སྐུ་ཚེ་གང་པོར་བྱ་བྲལ་གུ་ཡངས་ཀྱི་རྣམ་པས་སྔགས་དཀར་དཀྱུས་མའི་སྤྱོད་པ་བསྐྱངས་པ་ལས་ཆེ་ཐབས་ཆོས་བརྒྱད་ཀྱི་བྱ་བ་ལ་ཐུགས་མི་དགྱེས་ཚུལ། གསུང་ལས། རས་དཀར་གྱི་གུར་ཆུང་འཁོར་བ་ཡི་འཇིགས་སྐྱོབ། །སྲ་མཁྲེགས་ཀྱི་རྡོ་གདན་འགྱུར་མེད་ཀྱི་གདེང་ཆེན། །ཞེས་དང་། རི་ཆོས་ལས། ཕྱི་ནང་གི་བདག་འཛིན་སྤངས་ནས་མཛོད་རྒྱབ་ཁུར་གཅིག་ལས་མེད་ཅེས་གསུངས་པ་ལྟ་བུའི་མཛད་པ་ཁོ་ན་བསྐྱངས། དགུང་ལོ་བདུན་ཅུ་པར་སྐུའི་འདུ་བྱེད་ཤིན་ཏུ་འཁྲུགས་པས་བདུན་ཕྲག་གཅིག་ཙམ་གྱི་བར་ཞིང་ཁམས་འཕོ་ཉེར་བྱུང་བའི་ཚུལ་གྱིས་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་དུ་བྱིན་གྱིས་བརླབས་པས་བསྙུན་གཞི་མེད་པ་ལྟར་བྱུང་། སྐུའི་རིམ་གྲོ་གནང་བ་སོགས་གཞི་བྱེས་ཀྱི་དད་མོས་ཅན་དག་གིས་གསོལ་བ་ནན་ཆེར་བཏབ་པ་ན། ཞལ་ནས་ལར་སྐྱེས་མཐའ་འཆི་བ་ཆོས་ཉིད་ཡིན། ངེད་ནི་བྱ་བ་ཐམས་ཅད་འགྲུབ་པ་ཞིག་ཡིན་པས་ཤི་ཡང་བློ་བདེ། དེ་བས་འཆི་ཁར་ལག་སྟོང་དུ་འགྲོ་བ་ཚོ་སྙིང་རེ་རྗེ། འོན་ཀྱང་ཁྱོད་རྣམས་བློ་མི་བདེ་ན་སྨན་བཅོས་བྱ་ཆོག སྐུ་རིམ་འདི་དང་འདི་སོགས་གྱིས་ཞེས་ཞལ་སློབ་རྣམས་སྡུག་བསྔལ་གྱིས་ནོན་པའི་སྣང་བ་བྲིད་པའི་ཞལ་བཞེས་ཙམ་མཛད། སྐབས་རེར་གསུངས་འཕྲོས་སུ་བླ་མ་ཞི་བར་གཤེགས་དུས་སྐུ་གདུང་རིལ་པོར་བཞག་ན་ཚྭ་བསྡམ་བྱེད་ལུགས་དང་། མཆོད་བསྔོ་བརྡ་མཚོན་རེ་འབུལ་ན་འདི་དང་འདི་ཞེས་དཔེར་བརྗོད་ཀྱི་ཚུལ་དུ་གནང་བ་བཅས་ཞིང་ཁམས་གཞན་དུ་དགོངས་པ་གཏད་པའི་གསུང་གི་རིགས་རིམ་པར་ཕེབས། དེ་ནས་སྤྱི་ལོ་༡༧༩༨པ་བོད་རབ་བྱུང་བཅུ་གསུམ་པའི་ས་རྟ་དབྱུ་གུ་ཟླ་བའི་ཚེས་གསུམ་གྱི་མཚན་མོའི་ཐུན་དང་པོ་ལ་བབ་པ་ན་དྲང་སྲོང་ཙོག་པུའི་བཞུགས་སྟངས་མཛད་དེ་མཆོད་པ་ཤོམས་ཤིག་ཅེས་བཀའ་བསྩལ་ནས་རེ་ཞིག་གདོད་མའི་གཞི་དབྱིངས་སུ་སྤྲོས་པ་ཉེ་བར་བསྡུ་བར་མཛད་ཅིང་། ཆོས་ཀྱི་སྐུ་མངོན་དུ་མཛད་པའི་རྟགས་སུ་ནམ་མཁའ་གཡའ་དག་པའི་ངོགས་སེར་བུ་ཙམ་ཡང་ལྡང་བ་མེད་པར་མེ་ཏོག་གི་ཆར་ཆལ་ཆིལ་དུ་བབ་པ་སོགས་ངོ་མཚར་གྱི་བཀོད་པ་མཐའ་ཡས་པ་བྱུང་། སླར་མཆོག་གི་སྤྲུལ་བའི་སྐུ་རྣམ་པ་ལྔ་བྱོན་པ་ལས། སྐུའི་སྤྲུལ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གསུང་སྤྲུལ་དཔལ་སྤྲུལ་སེམས་དཔའ་ཆེན་པོ། ཐུགས་ཀྱི་སྤྲུལ་པ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། ཡོན་ཏན་གྱི་སྤྲུལ་པ་མི་འགྱུར་ནམ་མཁའི་རྡོ་རྗེ། ཕྲིན་ལས་ཀྱི་སྤྲུལ་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་རྣམས་བྱོན་པར་གྲགས་ཤིང་དེ་དག་རེ་རེའི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་ཀྱང་བརྗོད་ཀྱིས་མི་ལང་ཞིང་སྔ་འགྱུར་གྱི་བསྟན་པ་ཕྱོགས་བཅུར་ཁྱབ་པར་མཛད། གསུང་གི་བདུད་རྩིས་བསྐྱངས་པའི་སློབ་ཚོགས་ཀྱང་དུས་དེའི་བོད་ཁམས་སྤྱིའི་ཆེ་རྒུ་ཐམས་ཅད་ཀྱིས་ཞབས་ལ་མ་གཏུགས་པ་མེད་པ་སྟེ། གཙོ་བོ་ས་སྐྱའི་བདག་ཆེན། དགའ་ལྡན་ཤར་རྩེ་བྱང་རྩེ། སྡེ་དགེ་ཆོས་རྒྱལ་ཡུམ་སྲས་སོགས་དང་། ཁྱད་པར་རྟོགས་པ་དོན་བརྒྱུད་ཀྱི་བསྟན་པ་འཛིན་པའི་ཐུགས་སྲས་ཁམས་པ་འཇིགས་མེད་རྣམ་བཞི་ཞེས། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། མཚམས་པ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ། འབར་ཆུང་འཇིགས་མེད་གོ་ཆ། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་རྒྱ་མཚོ་རྣམས་བྱོན་ཞིང་རེ་རེ་ལའང་སློབ་ཚོགས་བརྒྱུད་འཛིན་མཐའ་ཡས་པ་བྱོན་ཏེ་སྙིང་པོའི་བསྟན་པ་འཛིན་མའི་ཁྱོན་ཀུན་ཁྱབ་ཚུལ་འོག་ཏུ་རྒྱ་ཆེར་འབྱུང་ངོ་། །

༤༽ གྲུབ་དབང་རྫོགས་ཆེན་པ་རང་ལུགས་ཀྱི་གསང་བ་སྙིང་ཐིག་གི་བརྒྱུད་སྲོལ་བྱེ་བྲག་ཏུ་བཤད་པ།

(ཀ) བླ་མ་ཡང་ཏིག་གཙོ་བོར་གྱུར་པའི་སྙིང་ཐིག་མ་བུའི་བརྒྱུད་པ།

[༡] ཆོས་རྗེ་བྱ་བྲལ་བ་བཀྲ་ཤིས་འབྱུང་གནས།

བཞི་པ་གྲུབ་དབང་རྫོགས་ཆེན་པ་རང་ལུགས་ཀྱི་གསང་བ་སྙིང་ཐིག་གི་བརྒྱུད་སྲོལ་བྱེ་བྲག་ཏུ་བཤད་པ་ལ། བླ་མ་ཡང་ཏིག་གཙོ་བོར་གྱུར་པའི་སྙིང་ཐིག་མ་བུའི་བརྒྱུད་སྲོལ་འཆད་པ་དང་། མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་ཐུན་མིན་བཤད་པ་སྟེ་གཉིས་ལས། དང་པོ་སྔ་འགྱུར་གྲུབ་དབང་རྫོགས་ཆེན་པ་ཞེས་ཆོས་མིང་གང་ཟག་ལ་ཐོགས་བྱེད་ཀྱི་མན་ངག་ཟབ་ཆོས་འོད་གསལ་གསང་བ་སྙིང་ཐིག་གི་བཀའ་སྲོལ་རང་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བརྗོད་པ་ལས། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་གཙོ་བོར་གྱུར་པའི་སྙིང་ཐིག་མ་བུའི་བརྒྱུད་པ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལས་ཆོས་རྗེ་བྱ་བྲལ་བ་བཀྲ་ཤིས་འབྱུང་གནས་ཀྱིས་གསན་པ་སྟེ། ཆོས་རྗེ་བྱ་བྲལ་བ་བཀྲ་ཤིས་འབྱུང་གནས་ནི། ཇི་སྐད་དུ། ཡང་ཏིག་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས་ལས། ངག་གི་དབང་པོའི་རྗེས་སུ་བཟུང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས། །བྱམས་ཆེན་སྙིང་རྗེ་ཆེན་པོའི་བདག །བྱ་བྲལ་ཆོས་རྗེ་ལ་ཕྱག་འཚལ། །ཞེས་པ་སྟེ་འཕན་ཡུལ་དགོན་རྙིང་དུ་ཁྱུང་པོའི་རིགས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པ་ལ་ས་སྐྱ་པ་བླ་མ་བསོད་ནམས་རྒྱལ་མཚན་ལས་རབ་ཏུ་བྱུང་། སྤྱན་སྔ་བྱམས་ཆོས་པ་དང་། ཇོ་ལྡན་བློ་གྲོས་དཔལ། བླ་མ་སངས་འོད་པ། གུ་རུ་དཀོན་གཞོན་པ་སོགས་ལས་ཆོས་བཀའ་ཇི་སྙེད་པ་གསན། ཀུན་མཁྱེན་ཆེན་པོ་ལས་སྙིང་ཐིག་ཡ་བཞི་གཙོ་བོར་གྱུར་པའི་ཟབ་ཆོས་མང་དུ་གསན། ཀུན་མཁྱེན་ཆོས་རྗེའི་ཞལ་སློབ་ལས་བསྟན་པ་སྤེལ་བའི་བཤེས་གཉེན་བཞི་ཞེས་གྲགས་པའི་ཡ་གྱལ་ཡིན། གཞན་ཡང་མཁས་གྲུབ་ཐར་བ་གླིང་པ་ལས་བསྙེན་པར་རྫོགས་ཤིང་ཟབ་ཆོས་བུམ་པ་གང་བྱོར་གསན། རི་གཙུག་ཕྱུག་མོའི་མགུལ་དུ་ལོ་གསུམ་དུ་སྒྲུབ་པའི་ཉམས་ལེན་དང་། སླར་ཡང་བླ་མའི་སྐུའི་རིམ་གྲོ་བ་མཛད་ནས་ཕྱིས་བླ་མ་གཤེགས་རྗེས་གདན་ས་རེ་ཞིག་བཟུང་བ་རྗེ་དབོན་ལ་གཏད་ནས་འཕན་ཡུལ་ཟིང་པ་སྟག་མགོའི་རི་ཁྲོད་བཏབ། དེར་འགྲོ་ཕན་རྒྱ་ཆེར་མཛད་པས་སྟག་མགོའི་བྱ་བྲལ་ཆོས་རྗེར་གྲགས། བུ་སློབ་ཆོས་བརྒྱུད་འཛིན་པ་མང་དུ་ཐོན་པ་དང་བཅས་ཞི་བར་གཤེགས་སོ། །

[༢] གུ་རུ་གཞན་ཕན་རྡོ་རྗེ།

དེའི་ཞལ་སློབ་ཆོས་རྗེ་གུ་རུ་གཞན་ཕན་རྡོ་རྗེ་ནི། ཐོས་བསམ་རྒྱ་མཚོའི་ཕ་རོལ་ཕྱིན། །ཡིད་བཞིན་འཕགས་པའི་ནོར་མཆོག་ལ། །དབང་འབྱོར་དོན་གཉིས་ལྷུན་གྲུབ་པའི། །གཞན་ཕན་རྡོ་རྗེ་ལ་ཕྱག་འཚལ། །ཞེས་པ་སྟེ་དམར་རིགས་བསོད་ནམས་སེང་གེ་བྱ་བའི་སྲས་སུ་སྐུ་འཁྲུངས། ཆོས་རྗེ་རྡོ་སྐུ་བར་གྲགས་པའི་གཅུང་ཡིན། གཞོན་ནུ་ནས་བསྟན་པའི་སྒོར་ཞུགས། ལྷོ་བྲག་ཕྱག་རྡོར་པ་ལ་ཡི་དམ་གྱི་ལུང་བསྟན་པའི་སློབ་བུ་བརྒྱད་ལས་གཅིག་ཡིན། ཕྱག་རྡོར་ལོ་དྲུག་བསྒྲུབས་པས་ཞལ་གཟིགས། མི་རབས་བདུན་དུ་བྱིན་གྱིས་བརླབས་པའི་ལུང་བསྟན་ཐོབ། དབུ་རུར་བྱ་བྲལ་ཆོས་རྗེ་ལས་སྙིང་ཐིག་ཡ་བཞི་གསན་པས་མཚོན་བླ་མ་མང་པོ་ལས་ཆོས་བཀའ་ཅི་རིགས་པ་གསན། ཁྱད་པར་རྫོགས་པ་ཆེན་པོ་ལ་སྒོམ་སྒྲུབ་དང་འཆད་སྤེལ་སྙིང་པོ་མཛད། རྒྱལ་སྨད་དུ་དུང་དགོན་རི་ཁྲོད་བཏབ་ནས་དོན་གཉིས་ལྷུན་གྲུབ་ཀྱི་འཕྲིན་ལས་རྒྱ་ཆེར་བསྐྱངས་ཏེ་ཞི་བར་གཤེགས་སོ། །

[༣] རྒྱལ་སྲས་ནམ་མཁའ་རྡོ་རྗེ།

དེའི་ཞལ་སློབ་རྒྱལ་སྲས་ནམ་མཁའ་རྡོ་རྗེ་ནི། ལུང་རྟོགས་ཡོན་ཏན་རྒྱ་མཚོའི་གཏེར། །མཆོག་གཟིགས་གྲུབ་བརྙེས་རྡོ་རྗེ་འཛིན། །མཁྱེན་བརྩེ་ནུས་པས་འགྲོ་བ་འདུལ། །ནམ་མཁའ་རྡོ་རྗེ་ལ་ཕྱག་འཚལ། །ཞེས་པ་སྟེ་གུ་རུ་གཞན་ཕན་པའི་སྲས་སུ་དུང་དགོན་དུ་སྐུ་འཁྲུངས། རྩེད་ཐང་དུ་མཚན་ཉིད་ཀྱི་ཐོས་བསམ་དང་ཐུན་མོང་གི་སྒོམ་ཁྲིད་རྣམས་ཞུས། ཁྱད་པར་ཡབ་ལས་རྫོགས་ཆེན་གྱི་གདམས་ཁྲིད་རྣམས་གསན་ཅིང་བསྒོམས་པས་ཉམས་རྟོགས་ཀྱི་ཀློང་བརྡོལ་ནས་རྫོགས་ཆེན་རྟོགས་པའི་མངའ་བདག་ཏུ་གྱུར། ཕྱག་རྡོར་བསྒྲུབས་པས་གཏུམ་པོ་ཁྱུང་ལྔས་ཡང་ཡང་བསྐོར་བ་གཟིགས། གཟའ་ཀླུ་སོགས་ཀྱིས་གཙེས་པའི་ནད་པ་ལ་སྲུང་མདུད་དང་སྔགས་ཆབ་བཏབ་པས་ཀྱང་ནད་གདོན་ཞི་བའི་ནུས་པ་དང་ལྡན། རྫོགས་ཆེན་གསང་བ་སྙིང་ཐིག་ལ་ཉམས་ལེན་གནད་དུ་ཕྱིན། ཡབ་ཀྱི་གདན་ས་དང་རི་བོ་ཁྲོན་སྟེང་དཔལ་སྡིངས་སོགས་ཀྱང་བཟུང་ནས་འགྲོ་ཕན་རྒྱ་ཆེར་མཛད་དེ་ཞི་བར་གཤེགས་སོ། །

[༤] རྒྱལ་སྲས་འོད་གསལ་ཀློང་ཡངས།

དེའི་ཞལ་སློབ་རྒྱལ་སྲས་འོད་གསལ་ཀློང་ཡངས་ནི། སྤྲོས་པའི་མཚན་མ་བྲལ་བ་ཡི། །རྣམ་གྲོལ་ཞི་བ་ཆེ་ལ་བཞུགས། །སེམས་ཅན་ཀུན་ལ་བརྩེར་ལྡན་པའི། །འོད་གསལ་ཀློང་ཡངས་ལ་ཕྱག་འཚལ། །ཞེས་པ་སྟེ་ཡབ་ནམ་མཁའ་རྡོ་རྗེའི་སྲས་སུ་རྒྱས་སྨན་སྐྱེད་སྦུག་ཏུ་འཁྲུངས། སྤྱན་གཡས་སུ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་དགུ་ནས་བཅུ་བཞིའི་བར་ཡབ་ལས་བཀའ་ཆོས་རྣམས་གསན་ཅིང་སྦྱངས། གནས་ལུགས་རང་ངོ་འཕྲོད་དེ་རང་སྣང་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་བར་ཤར། དུས་གནས་ཅི་རིགས་པར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་། གཏེར་ཆེན་པདྨ་གླིང་པ། འབྲུག་པ་རྒྱལ་དབང། བྲག་སྒོ་བ་ཀུན་དགའ་བསམ་གཏན། ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན། ཐེལ་ལྷུན་བདེ་རབ་འབྱམས་པ། རྫོགས་ཆེན་པ་ཀུན་དགའ་བཀྲ་ཤིས། བྱམས་སྡིངས་པ་སངས་རྒྱས་རྣམ་རྒྱལ་སོགས་མཁས་གྲུབ་ཀྱི་བླ་མ་ལྔ་བཅུ་ཙམ་ལས་གསར་རྙིང་གི་གདམས་པ་མཐའ་ཡས་པ་གསན། ཁྱད་པར་ཡབ་དང་རྒྱལ་དབང་རྗེ་རྩ་བའི་བླ་མར་བཟུང་ནས་དེ་གཉིས་ཀྱི་ཟབ་ཆོས་གསན་སྒོམ་དང་འཆད་སྤེལ་གྱི་སྙིང་པོར་མཛད། རིག་འཛིན་ཀུ་མ་རཱ་ཛའི་བླ་མ་ནམ་མཁའ་རྡོ་རྗེའི་གདན་ས་རྒྱས་སྨན་མིག་བཞི་དུས་ཀྱིས་ཉམས་པ་གསར་དུ་གསོས། ཟངས་མཚོ་དང་འོད་གསལ་གླིང་རྣམས་ཀྱི་སྒྲུབ་སྡེ་བཙུགས་ནས་ཕྱག་རྫོགས་སྒོམ་པའི་སྲོལ་བཏོད། དགུང་ལོ་བརྒྱད་ཅུ་བརྒལ་བར་བཞུགས་ཤིང་དབུས་གཙང་དྭགས་ཀོང་སོགས་སུ་ཕྱོགས་བྲལ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་སོ། །

[༥] རྫོགས་ཆེན་པ་བསོད་ནམས་རིན་ཆེན།

དེའི་ཞལ་སློབ་རྫོགས་ཆེན་པ་བསོད་ནམས་རིན་ཆེན་ནི། སྨིན་ལམ་དབང་བཞིའི་ཆུ་རྒྱུན་གྱིས། །འགྲོ་བའི་སྒྲིབ་བཞི་ཡོངས་སྦྱངས་ནས། །སྐུ་བཞིའི་དབྱིངས་སུ་གྲོལ་མཛད་པ། །བསོད་ནམས་རིན་ཆེན་ལ་ཕྱག་འཚལ། །ཞེས་པ་སྟེ་རྣམ་ཐར་འོག་ཏུ་མཁའ་འགྲོ་སྙིང་ཐིག་གི་སྐབས་སུ་འབྱུང་ངོ་། །

[༦] བྱ་ཁྱུང་པ་ངག་དབང་པདྨ།

དེའི་ཞལ་སློབ་བྱ་ཁྱུང་པ་ངག་དབང་པདྨ་ནི། ལུང་དང་རྟོགས་པའི་འོད་དཀར་ཅན། །ཉོན་མོངས་སྨག་རུམ་འཇོམས་པའི་དགྲ། །བྱང་གྲོལ་ཀུ་མུད་རྒྱས་པའི་གཉེན། །ངག་དབང་པདྨ་ལ་ཕྱག་འཚལ། །ཞེས་པ་སྟེ་འདིའང་འོག་ཏུ་འབྱུང་ང་ོ། །

[༧] རྫོགས་ཆེན་པ་བསོད་ནམས་དབང་པོ།

དེའི་ཞལ་སློབ་རྫོགས་ཆེན་པ་བསོད་ནམས་དབང་པོ་ནི། ཐེག་དགུའི་ཡང་རྩེ་རྫོགས་པ་ཆེ། །ཆོས་ཚུལ་སྨིན་གྲོལ་བདུད་རྩིའི་བཅུད། །འཛིན་མཛད་རྡོ་རྗེ་འཛིན་པ་དངོས། །བསོད་ནམས་དབང་པོ་ལ་ཕྱག་འཚལ། །ཞེས་པ་སྟེ་རྣམ་ཐར་འོག་ཏུ་འབྱུང་ངོ་། །

[༨] ལྷ་བཙུན་ཀུན་བཟང་འཇིགས་མེད།

དེའི་ཞལ་སློབ་ལྷ་བཙུན་ཀུན་བཟང་འཇིགས་མེད་ནི། ཆོས་ཀུན་དེ་ཉིད་ཐམས་ཅད་གཟིགས། །སྲིད་པའི་འཆིང་གཅོད་ཤེས་རབ་འབར། །གང་ཐུགས་ཇི་བཞིན་འཇམ་པའི་དབྱངས། །ནམ་མཁའ་འཇིགས་མེད་ལ་ཕྱག་འཚལ། །ཞེས་པ་སྟེ་ལྷོ་རྒྱུད་ཤར་དུ་མེ་བྱ་ལ་འཁྲུངས། བཱི་མ་ལའི་སྤྲུལ་པའི་མཚན་རྟགས་སུ་ཤངས་ཀྱི་རྩེར་ཨ་ཡིག་ཐིགས་ལ་ཁད་པ་ཡོད། དགུང་ལོ་བཅུ་གཅིག་པ་ལ་གསུང་སྙན་རི་ཁྲོད་དུ་སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར་ལས་རབ་ཏུ་བྱུང་། དགོངས་འདུས་སོགས་ཆོས་བཀའ་མང་དུ་གསན། ཀོང་པོ་ཐང་འབྲོག་གྲྭ་ཚང་དུ་བྱོན་ནས་སྔགས་ཀྱི་གསན་སྦྱངས་མཛད། ཉེར་ལྔ་པ་ལ་རྫོགས་ཆེན་པ་བསོད་ནམས་དབང་པོ་ལས་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་མཐའ་དག་གསན་པས་ཆོས་ཉིད་ཇི་བཞིན་པར་ངོ་འཕྲོད། གཞན་ཡང་ལོ་ཆེན་གཞན་ཕན་རྡོ་རྗེ་སོགས་མཁས་གྲུབ་ཀྱི་བླ་མ་བརྒྱ་ཕྲག་ཏུ་ཉེ་བ་ལས་ཆོས་ཀྱི་གསན་པ་མཐའ་ཡས་པ་མཛད། ཤེལ་རི་དང་མཆིམས་ཕུ་སོགས་དབེན་གནས་མང་པོར་སྒྲུབ་པ་ལ་ནན་ཏན་མཛད་པས་རྟོགས་པ་ཀློང་དུ་གྱུར། དགོན་གནས་བདག་བཟུང་མེད་པར་ཕྱོགས་བྲལ་གྱི་དབེན་པར་ཟབ་མོ་སྙིང་ཐིག་གཙོ་བོར་གྱུར་པའི་ངེས་དོན་གྱི་གདམས་པས་འགྲོ་དོན་མཛད་པས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་ཕྲིན་ལས་རྣམ་རྒྱལ། གྲུབ་ཆེན་ཡེ་ཤེས་ཕུན་ཚོགས་སོགས་འགྲོ་ཕན་གྱི་བུ་ཆེན་དང་ཉམས་རྟོགས་ཅན་གྱི་སྒོམ་ཆེན་ཕོ་མོ་མང་དུ་བྱོན། དུས་དེར་ལོ་ཆེན་གཞན་ཕན་རྡོ་རྗེ། ཀུན་མཁྱེན་གསུང་སྤྲུལ། ཀོང་པོ་རྒོད་ཚང་པ། སྙིང་ཕུ་རིག་འཛིན་སྙིང་པོ། དར་ལྡིང་པ་ཕྲིན་ལས་ལྷུན་གྲུབ། རོང་པ་རྫོགས་ཆེན་པ་སོགས་རྫོགས་ཆེན་ལ་འཆད་ཉན་སྐྱོང་བ་ཐོག་མཉམ་དུ་བཞུགས་ཀྱང་རྗེ་འདི་རྫོགས་ཆེན་འཆད་སྤེལ་གྱི་ཕྲིན་ལས་ལ་གཞན་འགྲན་མེད་ཅེས་གཏེར་བདག་གླིང་པས་གསུངས། སྒོམ་བྱུང་ཤེས་རབ་ཀྱི་ཀློང་བརྡོལ་བས་བསྟན་བཅོས་ཀྱང་མང་དུ་སྤེལ་བ་སོགས་འཕྲིན་ལས་རླབས་པོ་ཆེའི་ངང་ནས་ལྔ་བཅུ་རྩ་དྲུག་པ་ཆུ་ཕོ་འབྲུག་གི་ལོ་ལ་ཤེལ་བྲག་གི་ཡང་དགོན་དུ་གཤེགས་སོ། །

[༩] རྫོགས་ཆེན་པ་ཀློང་རྫོགས་མཐའ་བྲལ།

དེའི་ཞལ་སློབ་རྫོགས་ཆེན་པ་ཀློང་རྫོགས་མཐའ་བྲལ་ནི། རྣམ་མང་ཐོས་པ་རྒྱ་མཚོ་བསྟེན། །རྣམ་དག་ཏིང་འཛིན་ཟབ་མོ་བརྙེས། །རྣམ་མཁྱེན་གོ་འཕང་མངོན་གྱུར་པའི། །ཀློང་རྫོགས་མཐའ་བྲལ་ལ་ཕྱག་འཚལ། ཞེས་པ་སྟེ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི་དབོན་དུ་འཁྲུངས། སྐུ་ན་གཞོན་ནུ་ནས་མཁྱེན་རྟོགས་ཀྱི་རྩལ་རྫོགས། བླ་མ་མང་པོ་ལས་གསན་བསམ་མཐར་ཕྱིན་པ་མཛད། ཁྱད་པར་ལྷ་བཙུན་ཆེན་པོ་ལས་འོད་གསལ་རྡོ་རྗེ་སྙིང་པོ་སྙིང་ཐིག་གིས་མཚོན་པའི་ཆོས་ཚུལ་དང་གདམས་པ་མཐའ་དག་བུམ་པ་གང་བྱོར་གསན། ཐོས་དོན་བསྒོམས་པས་གནས་ལུགས་རང་ངོ་འཕྲོད་ཅིང་ཉམས་རྟོགས་ཀྱི་རྩལ་རྫོགས་ནས་རྟོགས་པ་ཀློང་དུ་གྱུར། རྫོགས་ཆེན་གཙོ་བོར་གྱུར་པའི་འཆད་སྤེལ་གྱི་ཕྲིན་ལས་བསྐྱངས་པས་འགྲོ་དོན་གྱི་བཀའ་བབ་བོ། །

རྗེ་དེ་ཉིད་ཀྱི་དྲུང་ནས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་གྱིས་གསན་པ་སྟེ། རྫོགས་ཆེན་ཉམས་བཞེས་ཚད་དུ་ཕེབས། །གྲུབ་པའི་དབང་ཕྱུག་བརྟུལ་ཞུགས་ཅན། །ཁམས་གསུམ་འདྲེན་པ་ཆོས་ཀྱི་རྒྱལ། །པདྨ་རིག་འཛིན་ལ་ཕྱག་འཚལ། །ཞེས་པ་སྟེ་རྣམ་ཐར་རྒྱས་པ་འོག་ནས་འབྱུང་ངོ་། །

གྲུབ་དབང་པདྨ་རིག་འཛིན་ལས་དཔོན་སློབ་ནམ་མཁའ་འོད་གསལ་དང་། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ། རྫོགས་ཆེན་གསུམ་པ་ངེས་དོན་བསྟན་བཟང་པོ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱིས་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གསུངས་ཤིང་། གཞན་ཡང་མི་འགྱུར་ནམ་མཁའི་རྡོ་རྗེ་མཆོག་མགོན་ཁང་དབང་དྲག་རོལ་པར་མཉམ་བཞག་ཏུ་བཞུགས་པའི་འོད་གསལ་གྱི་སྣང་ཆར། ཀུན་མཁྱེན་ཆེན་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུངས་ཏེ་བྱ་རྫོགས་སྐད་གཅིག་གི་ཡུན་ལ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་ཚན་མཐའ་དག་ཆིག་རྫོགས་སུ་བསྩལ་བའི་ཤིན་ཏུ་ཉེ་བརྒྱུད་ཀྱང་བཞུགས་སོ། །རྫོགས་ཆེན་བཞི་པ་ལས་རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། དེ་ཉིད་ལས་བདག་གི་རིགས་བདག་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་ཞེས་ཀུན་མཁྱེན་ཆེན་པོས་ཞལ་གཟིགས་ཡང་ཡང་ཐོབ་ཅིང་དགོངས་པ་ཀློང་ཆེན་ཡངས་པར་གཏན་སྲིད་ཟིན་ཏེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་བས་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཐོད་རྒལ་གྱི་གནད་སྟོན་པའི་བསྟན་བཅོས་ཀུན་མཁྱེན་ཆོས་རྗེའི་གསུང་དང་དབྱེར་མ་མཆིས་པ་རྩོལ་མེད་དུ་རྡོལ་བ། ཕྱི་གསལ་གཟུགས་སྐུའི་བཀོད་པ་ནང་དབྱིངས་ཀ་དག་ཆེན་པོར་བསྡུ་བའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་སྣང་ཐམས་ཅད་ཀུན་ལ་མཐུན་སྣང་དུ་བྱུང་ནས་གདོད་མའི་རྒྱལ་སར་མངོན་སུམ་དུ་གཤེགས་པ་གང་དེས་ལན་གྲངས་གཉིས་སུ་གསན་ཞིང་། རྗེ་ཉིད་ཀྱིས་རབ་བྱུང་བཅུ་བདུན་པའི་ས་ཡོས་ལོར་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དུས་སུ་བབ་པ་གཟིགས་ཏེ་དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་མོ་ནས་བདག་ཅག་སློབ་བུ་བདུན་ཚན་གཅིག་ཁོ་ན་ལ། སྔོན་ཆད་རླུང་ཕྱོགས་ཙམ་ལ་ཡང་བསྒྲགས་པར་མ་མཛད་པའི་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་ཚན་མཐའ་དག་གི་བཀའ་རྒྱ་བཀྲོལ་ཏེ་ཟླ་བ་གཉིས་ཙམ་ལ་ལྐོག་ཆོས་སུ་རྒྱས་པར་བསྩལ་པ་དང་། གཞན་ཡང་སྔ་ཕྱི་རྣམས་སུ་རྒྱུད་བཅུ་བདུན་དང་། སྙིང་ཐིག་ཡ་བཞི། མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་དང་བཅས་པ་སྟེ་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གོང་འོག་གི་མན་ངག་རྒྱབ་ཆོས་དང་བཅས་པ་བཀའ་དྲིན་ཆེན་པོས་ཉེ་བར་བསྩལ་ཏེ། རྗེ་ཉིད་ཀྱི་ཞལ་ནས་ཀྱང་། ད་ནི་ཕ་ནོར་བུ་ཡི་ལག་ཏུ་འཕྲོད་པ་ཡིན་པས་ཕྱིན་ཆད་འགྲོ་དོན་ལ་ཅིས་ཀྱང་རེམ་དགོས་ཞེས་དམན་བུ་བདག་ལའང་དགྱེས་བརྩེའི་གསུང་གིས་དབུགས་དབྱུང་གཟེངས་སུ་བསྟོད་པའི་སྐལ་བ་བཟང་པོ་མངོན་དུ་བྱུང་བ་ལགས་སོ། །

(ཁ) རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་ཐུན་མིན་བཤད་པ།

[༡] རྒྱལ་བ་ཡེ་ཤེས་རབ་འབྱམས།

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་རྒྱལ་བ་ཡེ་ཤེས་རབ་འབྱམས་ལ་སྨིན་གྲོལ་ཆིག་རྫོགས་སུ་གནང་བ་སྟེ་བདག་ཉིད་ཆེན་པོ་འདི་ནི། ཐོག་མར་དཔལ་ས་སྐྱའི་ལུགས་ཀྱི་ཆོས་སྒོར་ཞུགས་པས་སྔགས་ཕྱི་རྒྱུད་དང་མཚན་ཉིད་ཐམས་ཅད་ལ་གསན་བསམ་མཛད། བློ་གྲོས་ཀྱི་འཇུག་པ་ཡངས་པས་འཆད་རྩོད་རྩོམ་གསུམ་ལ་མ་རྨོངས་ཤིང་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་ཆེན་པོར་གྱུར། འོན་ཀྱང་དེ་ཙམ་གྱིས་ཐུགས་མ་ཚིམས་པར་མན་ངག་གི་གདམས་པ་ཟབ་མོ་དགོས་པར་གཟིགས་ཏེ་ཕྱོགས་ཀུན་འདྲི་རྟོག་མཛད། དེའི་ཚེ་ཀུན་མཁྱེན་ཀློང་ཆེན་པའི་མཚན་གྱི་སྙན་པས་ཐུགས་འཕྲོག་ཅིང་རྫོགས་པ་ཆེན་པོ་སྙན་བརྒྱུད་ཀྱི་གདམས་པའི་མངའ་བདག་ཏུ་གཟིགས་ནས་ཞབས་ཀྱི་པད་མོར་བཏུད། གསང་ཆེན་རྙིང་མའི་གདམས་ཟབ་རྒྱུད་ལུང་མན་ངག་དང་བཅས་པ་དཔག་ཏུ་མེད་པ་གསན་ཞིང་། ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་ཉམས་ལེན་ལ་བརྩོན་ནས་དབེན་གནས་མང་པོར་དཀའ་ཐུབ་ཀྱི་སྲང་ལ་བཅུར་བས་རྟོགས་པ་ཀློང་དུ་གྱུར་ཏེ་ལྷུན་གྲུབ་ཀྱི་ས་ལ་གཤེགས། རྒྱལ་དབང་ཀློང་ཆེན་པའི་ཐུགས་ཟིན་གྱི་སློབ་མའི་གཙོ་བོར་གྱུར་ཅིང་གསང་བ་སྙིང་ཐིག་གི་བསྟན་པའི་བདག་པོ་མཛད། སྐུ་ཚེའི་སྨད་དུ་སྙེ་ཕུ་ཤུག་གསེབ་ཏུ་བཞུགས་ནས་ཚོགས་པ་བསྐྱངས་པས་མཚན་ཡང་རིན་པོ་ཆེ་ཤུག་གསེབ་པར་གྲགས། ཞལ་སློབ་ཉམས་རྟོགས་དང་ལྡན་པ་མང་དུ་བྱུང་བ་སོགས་འགྲོ་དོན་མཐའ་རུ་ཕྱིན་ནས་ཞི་བར་གཤེགས་སོ། །

[༢] འཁྲུལ་ཞིག་བསམ་གཏན་བཟང་པོ།

དམ་པ་དེ་ཉིད་ཀྱི་ཞལ་སློབ་འཁྲུལ་ཞིག་བསམ་གཏན་བཟང་པོ་ནི་རྟེན་རྣལ་འབྱོར་པ་དཀར་ཆས་སུ་བཞུགས་ཤིང་། ཚེའི་རིག་འཛིན་བརྙེས་པས་དགུང་ལོ་བརྒྱ་ཕྲག་ཏུ་ལོངས་པར་བཞུགས་པར་གྲགས། རྒྱལ་བ་ཡེ་ཤེས་རབ་འབྱམས་ལས་རྫོགས་ཆེན་སྤྱི་དང་ཁྱད་པར་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་གདམས་སྐོར་རྣམས་གསན་ཅིང་ཐུགས་ཉམས་སུ་བསྟར་བས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པར་དབང་འབྱོར་བས་སྣང་སེམས་ཆོས་སྐུར་འདྲེས། བརྒྱུད་འཛིན་སྐུའི་སྲས་སོགས་སྐལ་པ་དང་ལྡན་པ་རྣམས་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་ཀྱང་ལན་མང་དུ་བསྩལ་བས་སློབ་མའང་མང་དུ་བྱོན། མཐར་དགུང་ལོ་བརྒྱ་ལྷག་ཙམ་ན་གདུལ་བྱ་རྫོགས་པའི་ཚུལ་གྱིས་ཟག་བཅས་ཀྱི་གཟུགས་སྐུ་གཞོན་ནུ་བུམ་སྐུའི་དབྱིངས་སུ་བསྡུ་བར་མཛད་ཅེས་གྲགས་སོ། །

[༣] གྲུབ་ཆེན་སྦྱིན་པ་བཟང་པོ།

གྲུབ་ཆེན་སྦྱིན་པ་བཟང་པོ་ནི་རྟེན་རྣལ་འབྱོར་པ་དཀར་ཆས་སུ་བཞུགས་ཤིང་གསང་ཆེན་རྙིང་མའི་རིང་ལུགས་ལ་མཆོག་ཏུ་མཁས། ཁྱད་པར་དུ་འཁྲུལ་ཞིག་བསམ་གཏན་བཟང་པོ་ལས་རྫོགས་ཆེན་སྤྱི་དང་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་མ་ལུས་པ་གསན་པས་མཁྱེན་རྟོགས་ཀྱི་རྩལ་རྫོགས་ཏེ་རྫོགས་པ་ཆེན་པོ་གཞི་ལམ་གྱི་རྟོགས་པ་མངོན་དུ་གྱུར། འགྲོ་དོན་རྒྱ་ཆེར་བསྐྱངས་ནས་གཞི་དབྱིངས་ཀ་དག་གི་ཀློང་དུ་མངོན་པར་གཤེགས་སོ། །

[༤] རྫོགས་ཆེན་པ་ཤཱཀྱའི་མཚན་ལྡན།

དེ་ཉིད་ཀྱི་ཞལ་སློབ་རྫོགས་ཆེན་པ་ཤཱཀྱའི་མཚན་ཅན་ནི། ཐོག་མར་གཙང་གསེར་མདོག་ཅན་གྱི་ཆོས་གྲྭར་ཞུགས། དབུ་ཚད་ཕར་ཕྱིན་སོགས་ལ་མཁས་པར་སྦྱངས་ནས་ཐོས་བསམ་གྱི་སྒྲོ་འདོགས་ཡིན་ལུགས་སུ་ཆོད་པར་མཛད། མདོ་ཕྱོགས་ཀྱི་གསན་པ་རྫོགས་ནས་སྔགས་ལ་ཞུགས་ཏེ་ས་ལུགས་ཀྱི་རྒྱུད་བཤད་སོགས་སྦྱངས། སྐབས་ཤིག་ན་སྔོན་གྱི་བག་ཆགས་སད་པ་ལྟ་བུས་རྫོགས་ཆེན་ལ་ཐུགས་མོས་ལྷག་པར་འཁྲུངས་པས་གྲུབ་ཆེན་པ་ལ་གཏུགས་ནས་རྫོགས་ཆེན་གྱི་ཉམས་ཁྲིད་གསན་ནས་ཉམས་ལེན་རང་བསྐྱངས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། སྣང་གྲག་ཐམས་ཅད་ཡེ་ཤེས་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོར་གཟིགས། རྫོགས་པ་ཆེན་པོའི་ཆོས་ལ་འཛིན་འཆད་སྤེལ་གསུམ་གྱིས་མཛད་པ་སྐྱོང་པ་གཙོ་བོར་མཛད། སློབ་མའང་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ནོ། །

[༥] རྫོགས་ཆེན་པ་བསོད་ནམས་རིན་ཆེན།

དེའི་ཐུགས་སྲས་རྫོགས་ཆེན་པ་བསོད་ནམས་རིན་ཆེན་ནི། གཉལ་པེ་ཁུན་དུ་ཁྱུང་པོའི་རིགས་སུ་སྐུ་འཁྲུངས། ལོ་དྲུག་ནས་ཡི་གེ་འབྲི་ཀློག་ལ་མཁས་པར་མཁྱེན། ཀཿཐོག་པ་བསོད་ནམས་བླ་མ་ལས་རབ་ཏུ་བྱུང་ནས་རྫོགས་པ་ཆེན་པོ་བསྡུས་པ་སོགས་གསན་ཅིང་རྫོགས་པ་ཆེན་པོ་ལས་རིགས་སད། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་དུས་དེར་གར་བཞུགས་ཀྱི་སར་དོན་གཉེར་དང་དཀའ་སྤྱད་ཆེན་པོས་བསྟེན་པ་ལས་རིན་པོ་ཆེ་འོད་གསལ་ཀློང་ཡངས། གྲུབ་ཆེན་ཀུན་བཟང་རྡོ་རྗེ། གཏེར་ཆེན་པདྨ་གླིང་པ། ཟབ་ལུང་པ་ཤཱཀྱ་བཟང་པོ། སྨན་རྩེ་བ་བློ་གྲོས་རྒྱལ་མཚན་སོགས་བླ་མ་མང་པོ་ལས་སྙིང་ཐིག་རྣམ་བཞིའི་གདམས་པ་ཆ་ལག་དང་བཅས་པས་མཚོན་གསན་སྒོམ་འཆད་སྤེལ་གྱི་ཕྲིན་ལས་སྙིང་པོར་མཛད། ཕྱིས་ཀོང་ཡུལ་གཙང་པོ་འགོ་དགུའི་དབེན་པར་སྒྲུབ་པའི་དམ་བཅའ་བརྟན་པོས་བཞུགས་ནས་དགུང་ལོ་རེ་བརྒྱད་པ་ལ་གཤེགས། ས་དེ་ཤིན་ཏུ་རྩུབ་ཅིང་མི་མ་ཡིན་གྱི་འདུ་ཚོགས་ཆེ་བས་མི་གཅིག་པུར་འགྲོ་མི་ནུས་ཙམ་ཡོད་ཀྱང་། རྗེ་འདིས་སྒྲུབ་པ་མཛད་པ་དང་ཕྱིས་སྐུ་གདུང་རྡོ་གཉན་གྲུ་བཞི་ཞིག་ཡོད་པའི་སྟེང་དུ་ཞལ་ཆེམས་ལྟར་ཞུགས་ལ་ཕུལ་པས་འཚུབ་ཆ་ཀུན་རང་ཞིར་སོང་། གནས་དེར་མཚུངས་མེད་བསྟན་འཛིན་རྡོ་རྗེས་སྒྲུབ་གྲྭ་བཙུགས་ནས་སྙིང་པོའི་རིང་ལུགས་རྒྱ་ཆེར་སྤེལ་ལོ། །

[༦] བྱ་ཁྱུང་པ་ཀུན་མཁྱེན་ངག་དབང་པདྨ།

དེ་ཉིད་ཀྱི་ཞལ་སློབ་བྱ་ཁྱུང་པ་ཀུན་མཁྱེན་ངག་དབང་པདྨ་ནི། གཏེར་ཆེན་སངས་རྒྱས་གླིང་པའི་ལུང་ཟིན་ཆོས་བདག་གཙོ་བོ་དཔལ་ལྡན་སེང་གེའི་སྲས་ཚ་དཔལ་འབར་དབང་ཕྱུག་གི་སྲས་སུ་ཀོང་པོ་རྐྱེན་བྱ་ཁྱུང་དུ་སྐུ་འཁྲུངས། ཡུལ་དེར་དགུང་ལོ་བརྒྱད་པའི་དུས་ཀྱི་ཞབས་རྗེས་ཀྱང་ཤིན་ཏུ་གསལ་བ་ཡོད་པར་གྲགས། ཆུང་ངུ་ནས་དམ་པའི་བག་ཆགས་གསལ་བར་སད། ཡབ་དང་རྫོགས་ཆེན་པ་བསོད་ནམས་རིན་ཆེན་སོགས་བཤེས་གཉེན་མང་པོ་ལས་མདོ་སྔགས་ཀྱི་གསུང་རབ་མང་དུ་གསན་ཅིང་སྦྱངས། ཁྱད་པར་གསང་བ་སྙིང་ཐིག་དང་། སངས་རྒྱས་གླིང་པའི་གཏེར་ཆོས་ལ་མཁྱེན་རྟོགས་ཀྱི་རྩལ་རྫོགས། དགོངས་འགྲེལ་བསྟན་བཅོས་ཀྱང་མང་དུ་མཛད། སློབ་མ་རྣམས་ལ་ཡི་དམ་གྱི་སྐུ་དང་། སྟག་སོགས་གཅན་གཟན་གྱི་གཟུགས་སུ་སྤྲུལ་སྒྱུར་བྱེད་ནུས་ཤིང་། རྫས་གཏེར་འགའ་ཡང་བཞེས། ཀོང་པོའི་ཕྱོགས་སུ་རྙིང་མའི་བསྟན་འཛིན་གཅིག་ལ་མཁྱེན་པ་དང་འཕྲིན་ལས་འགྲན་ཟླ་མེད་པའི་བཤེས་གཉེན་ཆེན་པོར་བྱོན་ནས་ཞི་བར་གཤེགས་སོ། །

[༧] རྫོགས་ཆེན་པ་བསོད་ནམས་དབང་པོ།

དེ་ཉིད་ཀྱི་ཐུགས་སྲས་ཐུ་བོ་རྫོགས་ཆེན་པ་བསོད་ནམས་དབང་པོ་ནི། ཀོང་པོ་རྐྱེན་ཚ་གཞུག་ཏུ་སྐྱུ་རའི་རིགས་སུ་སྐུ་འཁྲུངས། གཞོན་ནུའི་དུས་ཁྱིམ་ཐབ་བཟུང་ནས་སྲས་མོ་ཞིག་ཀྱང་བྱུང་བ་བྱ་ཁྱུང་པ་རྒྱལ་དབང་བསྟན་འཛིན་གྱི་ཕྱག་རྒྱ་མོར་གྱུར། དགུང་ལོ་སོ་བདུན་པ་ལ་སྲིད་པའི་ལས་སྣང་ལ་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ཏེ་བྱ་ཁྱུང་དུ་ཆོས་སྒོར་ཞུགས། ཀུན་མཁྱེན་ངག་དབང་པདྨ་ལས་རྫོགས་ཆེན་སྙིང་ཐིག་སོགས་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད། རྒན་ཞུགས་ཀྱིས་རེ་ཆེན་པོ་མེད་ཀྱང་བླ་མས་ཕྱི་མཐར་གཟིགས་ནས་གདམས་པ་ཐམས་ཅད་ཚང་སྤྲུགས་སུ་གནང་བ་ལ་ནན་ཏན་ཆེན་པོས་བསྒོམས་པས་གནས་ལུགས་ཀྱི་རང་ངོ་འཕྲོད། ཙ་རི་སྟག་ཚང་དོམ་ཚང་དང་པུ་རི་ཟིལ་ཆེན་སོགས་སུ་དཀའ་སྤྱད་ཆེན་པོས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ཉམས་རྟོགས་ཕུལ་དུ་ཕྱིན། ཕྱིས་མཚུངས་མེད་བསྟན་འཛིན་རྡོ་རྗེའི་བཀས་གཙང་པོ་འགོ་དགུའི་སྒྲུབ་སྡེར་བཞུགས། བཞུགས་ཁང་སྨྱུག་མའི་གཟིམས་སྤྱིལ་ཞིག་ཡོད་པ་ཕྱིས་སུའང་མཇལ་དུ་ཡོད། དེ་སྐབས་གཙང་བསམ་འགྲུབ་རྩེ་ནས་མཁས་གྲུབ་སོག་ཟློག་པས་མནལ་ལམ་འོད་གསལ་གྱིས་གཟིགས་ནས་རྒྱལ་བ་འབྲོམ་གྱི་སྤྲུལ་པར་བསྔགས་ཤིང་། བརྟན་བཞུགས་ཚིགས་བཅད་ཕུལ་བར། རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ། །རྗོད་བྱེད་ཚིག་དང་སྒྲ་ལ་དབང་བ་མང་། །དོན་གྱི་ཡེ་ཤེས་སྟོན་མཁས་ཁྱོད་མིན་སུ། །ཞེས་སོགས་ཀྱི་བསྔགས་བརྗོད་བསྩལ་བས་ཆོས་ཀྱི་འཕྲིན་ལས་ཀྱི་སྒོ་ཕྱེ་བའི་བདག་རྐྱེན་དུ་གྱུར། དེ་ལ་བརྟེན་ནས་བཀའ་ཆོས་ཞུ་བ་མང་དུ་འདུས་པ་རྣམས་ལ་རྫོགས་ཆེན་སྙིང་ཐིག་སོགས་ངེས་དོན་ཟབ་མོའི་གདམས་པ་གཙོ་བོར་བསྟན་ནས་འགྲོ་དོན་བསྐྱངས། ཁྱད་པར་རྩེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ་དང་། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། སྤོ་བོ་རྦ་ཁ་སྤྲུལ་སྐུ་སོགས་སྐྱེས་མཆོག་དུ་མས་མཚོན་སྐལ་ལྡན་མང་པོའི་དོན་མཛད་ནས། དགུང་ལོ་དོན་དྲུག་པ་ཤིང་གླང་སྨིན་དྲུག་ཟླ་བའི་ཚེས་ཉེར་ལྔ་ལ་ཀོང་ཡུལ་འགོ་དགུའི་སྒྲུབ་སྡེར་སྙུང་བ་མེད་པར་གཤེགས། གདུང་སྦྱངས་བྱས་ཚེ་དབུ་ཐོད་ལ་ཨ་རང་བྱོན་དང་རིང་བསྲེལ་མང་དུ་འཕེལ་བར་གྲགས་སོ། །

[༨] རིག་འཛིན་ཆོས་ཀྱི་རྒྱ་མཚོ།

གྲུབ་པའི་སློབ་དཔོན་དེ་ཉིད་ཀྱི་ཞལ་སློབ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་ནི། སྤོ་བོ་རྦ་ཁ་དགོན་གསང་སྔགས་ཆོས་གླིང་དུ་གྲགས་པའི་བཤད་སྒྲུབ་ཀྱི་སྡེ་ཆེན་པོའི་བླ་མ་ཡིན་པར་གྲགས། སྐུ་ན་ཕྲ་མོའི་དུས་ནས་རྫོགས་ཆེན་པ་བསོད་ནམས་དབང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན། རྗེ་ཉིད་ཀྱིས་ཐུགས་བརྩེས་རྗེས་སུ་བཟུང་སྟེ་གསང་ཆེན་རྙིང་མ་སྤྱི་དང་སྙིང་ཐིག་རྣམ་གཉིས་སོགས་རྫོགས་ཆེན་གྱི་གདམས་སྐོར་མ་ལུས་པ་གནང་། དོན་བརྒྱུད་ཀྱི་བསྟན་པ་ཡོངས་སུ་གཏད་དེ་གདུལ་བྱ་རྗེས་སུ་འཛིན་པར་བསྐུལ། དུས་དེའི་དབུས་གཙང་གི་མཁས་གྲུབ་ཐམས་ཅད་ཀྱིས་རྗེ་འདིའི་མཁས་ཚུལ་གསུམ་གྱི་མཛད་པར་བསྟོད་བསྔགས་མགྲིན་གཅིག་ཏུ་མཛད། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་བརྒྱར་བསྐྱངས་ནས་དགོངས་པ་མྱ་ངན་འདའ་བའི་ཚུལ་བསྟན་ཏོ། །

གྲུབ་པའི་རིག་འཛིན་སློབ་དཔོན་ཆེན་མོ་དེ་ཉིད་ཀྱི་ཞལ་སྔ་ནས་མདོ་ཁམས་རྫོགས་ཆེན་པ་པདྨ་རིག་འཛིན་གྱིས་སྨིན་གྲོལ་མན་ངག་གི་ཟབ་ཁྲིད་མཐའ་དག་ལྷག་མེད་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་། དེ་ཉིད་ལས་རིམ་པར་དཔོན་སློབ་ནམ་མཁའ་འོད་གསལ། གྲུབ་དབང་སྐུ་རབས་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། རྗེ་པདྨ་ཀུན་གྲོལ་རྣམ་རྒྱལ། ནམ་མཁའ་ཚེ་དབང་མཆོག་གྲུབ། མི་འགྱུར་ནམ་མཁའི་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁས་མཆོག་གཞན་ཕན་སྣང་བ། འཇིགས་མེད་ཡོན་ཏན་མགོན་པོ། དེ་ཉིད་ཀྱི་ཞལ་སྔ་ནས་བདག་ཅག་གི་སྐྱབས་རྗེ་བླ་མ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་རྟོགས་ལྡན་བློ་གྲོས་རྒྱ་མཚོ་རྣམ་གཉིས་ཀྱིས་མན་ངག་ཆིག་རྫོགས་སུ་གསན་ནས་སྤེལ་བའི་བརྒྱུད་པ་བར་མ་ཆད་པ་ད་ལྟའི་བར་བཞུགས་ཚུལ་འོག་མའི་ཚོམས་ལས་རྒྱས་པར་འབྱུང་ངོ་། །

དེ་ལས་གཞན་པའི་བརྒྱུད་པའང་གོང་གི་རང་ལུགས་རྩ་བའི་བརྒྱུད་སྲོལ་དང་གཅིག་འདྲེས་སུ་བཞུགས་པ་སྟེ་རྣམ་ཐར་རྒྱས་པ་ཆོས་འབྱུང་ལོ་རྒྱུས་གཞན་དག་ན་བཞུགས་པས་འདིར་མཚན་ཙམ་སྨོས་པ་ནི། ཀུན་མཁྱེན་ཆེན་པོ་ནས་མཁན་ཆེན་ཁྱབ་བརྡལ་ལྷུན་གྲུབ། སྤྲུལ་སྐུ་གྲགས་པ་འོད་ཟེར། འཁྲུལ་ཞིག་ཤེས་རབ་རྒྱ་མཚོ། རྒྱལ་སྲས་ཟླ་བ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། སྤྲུལ་སྐུ་བསྟན་འཛིན་གྲགས་པ། མཁས་གྲུབ་མདོ་སྔགས་བསྟན་འཛིན། གཉོས་སྟོན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་རྣམ་རྒྱལ། པདྨ་ཐེག་མཆོག་བློ་ལྡན་ནམ་ཨ་བུ་ལྷ་སྒང་། འཇིགས་མེད་ཡོན་ཏན་མགོན་པོ། དེ་ཉིད་ལས་བདག་ཅག་གི་རིགས་བདག་བླ་མ་རྣམ་གཉིས་ལ་བརྒྱུད་པ་དང་། གཞན་ཡང་ངེས་དོན་བསྟན་འཛིན་བཟང་པོ་ནས་འཇིགས་མེད་རྒྱལ་བའི་མྱུ་གུ་སློབ་བརྒྱུད་དང་བཅས་པར་གྱེས་པ་དང་། རྡོ་གྲུབ་ཆེན་དང་རྒྱལ་བའི་མྱུ་གུ་རྣམ་གཉིས་ལས་མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་རྣམ་གཉིས་ལ་བརྒྱུད་པ། བདག་ཉིད་ཆེན་པོ་འདི་དག་རྣམས་ལས་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་ཨོ་རྒྱན་བསྟན་འཛིན་ནོར་བུ་རྣམ་གཉིས་ལ་བརྒྱུད་པ། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་དཔལ་སྤྲུལ་རིན་པོ་ཆེ་རྣམ་གཉིས་ལས་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ལ་བརྒྱུད་པ། དཔལ་སྤྲུལ་སེམས་དཔའ་ཆེན་པོ་ལས་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་ལ་བརྒྱུད་པ། འཇིགས་མེད་རྒྱལ་བའི་མྱུ་གུ་དང་མཁན་ཆེན་པདྨ་བཛྲ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སློབ་བརྒྱུད་དང་བཅས་པར་བརྒྱུད་པ། དཔལ་སྤྲུལ་སེམས་དཔའ་ཆེན་པོ་དང་མཁན་ཆེན་པདྨ་བཛྲ་རྣམ་གཉིས་ལས་མུ་ར་པདྨ་བདེ་ཆེན་བཟང་པོ་དང་ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ་སློབ་ཚོགས་དང་བཅས་པར་བརྒྱུད་པ། མཁན་ཆེན་པདྨ་བཛྲ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྣམ་གཉིས་ལས་འཇམ་མགོན་མི་ཕམ་རྣམ་རྒྱལ་དང་རྡོ་གྲུབ་བསྟན་པའི་ཉི་མ་ལ་བརྒྱུད་པ་སོགས་བཀའ་སྲོལ་ཐ་དད་པའི་རང་ལུགས་སྣ་ཚོགས་འཛམ་གླིང་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཀྱང་། བསྟན་པའི་ཆུ་འགོ་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་སློབ་བརྒྱུད་ཡང་སློབ་དུ་མ་གཏོགས་པའི་སྙིང་ཐིག་པར་ཁས་འཆེ་བ་དེང་དུས་སུ་ཡང་མེད་པར་སྣང་ངོ་། །

སྨྲས་པ།

རྡོ་རྗེ་འཆང་དབང་ཞལ་གྱི་བུམ་སྒོ་ལས། །བབ་པའི་གསང་ཆེན་རྒྱུད་སྡེ་ཛ་ཧུའི་རྒྱུན། །སྔོན་བྱོན་ལོ་པཎ་ཐུགས་བསྐྱེད་ཡུར་བ་ཡིས། །བསིལ་ལྡན་ར་བ་དཀར་པོའི་བཅུད་དུ་དྲངས། །བརྒྱུད་གསུམ་བླ་མའི་ཐུགས་མཛོད་གསང་བའི་ཆོས། །ཟབ་ལས་ཆེས་ཟབ་གསང་ཆེན་ཏནྟྲའི་བཅུད། །རིང་བརྒྱུད་བཀའ་ཡི་ཆུ་བོ་མ་ཉམས་པ། །རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་རྨད། །བསྐྱེད་པ་དག་རྫོགས་སྨིན་པའི་རྣལ་འབྱོར་གྱིས། །སྣོད་བཅུད་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ། །མངོན་པར་བྱང་ཆུབ་རིག་འཛིན་རྣམ་བཞིའི་སར། །བགྲོད་པའི་ཐེག་མཆོག་མ་ཧཱ་ཡོ་གའི་ལམ། །རྫོགས་པའི་རིམ་པ་ཟབ་གསལ་གཉིས་མེད་ཀྱིས། །སྣང་གྲགས་འཛིན་རྟོག་བདེ་སྟོང་ཡེ་ཤེས་སུ། །མ་ལུས་འུབ་ཆུབ་ཐབས་མཆོག་ཉེ་རྒྱུའི་ལམ། །ནང་གི་རྣལ་འབྱོར་ལུང་ཆེན་ཨ་ནུའི་ལུགས། །བྱར་མེད་ཀ་དག་ལྟ་བའི་གཏན་སྲིད་ཟིན། །ལྷུན་གྲུབ་སྣང་བཞིའི་སྒོམ་པ་ཚད་དུ་འཁྱོལ། །ཟུང་འཇུག་སྐུ་གསུམ་འབྲས་བུའི་དགའ་སྟོན་སྨིན། །ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོའི་གནད། །ཕྱོགས་རེ་མ་ཡིན་རིམ་དགུ་ཐེག་པའི་བབས། །ཆ་ཙམ་མ་ཡིན་བཀའ་དང་དགོངས་འགྲེལ་གཞུང་། །འགལ་འདུ་མ་ཡིན་མདོ་སྔགས་ཟུང་འཇུག་ལམ། །ཚང་ལ་མ་ནོར་གསང་ཆེན་བརྒྱུད་པའི་སྲོལ། །གྲུབ་བརྙེས་ནོར་བུའི་བཅུད་ཀྱིས་ཡོངས་གཏམས་པའི། །མདོ་སྒྱུ་སེམས་གསུམ་མ་དྲོས་ཆོས་ཀྱི་མཚོ། །བཤད་སྒྲུབ་རྦ་རླབས་འཕྱུར་བའི་རྩེ་དགའ་ཅན། །ཆེ་བ་དྲུག་ལྡན་གསང་ཆེན་རྒྱལ་བའི་བསྟན། །མདོ་སྔགས་ཆོས་ཚུལ་རྫོགས་པའི་གོས་བཟང་རྩེར། །རྣམ་གསུམ་ཡོ་གའི་ཏོག་གིས་ཉེར་མཛེས་པ། །ངེས་དོན་སྙིང་པོའི་ཆོས་ཀྱི་རྒྱལ་མཚན་འདི། །དུས་ཀྱི་མཐར་ཡང་མི་ཉམས་ཡུན་བརྟན་ཤོག །ཅེས་པ་ནི་རིང་བརྒྱུད་བཀའ་མའི་ཆུ་བོ་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབ་སོ་རྒྱས་པར་བཤད་ཟིན་པའི་སྐབས་སུ་དང་བའི་བློས་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། རིང་བརྒྱུད་བཀའ་མའི་ཆུ་བོ་ནང་རྒྱུད་སྡེ་གསུམ་གྱི་བརྒྱུད་སྲོལ་རྒྱས་པར་བཤད་པའི་སྐབས་ཏེ་སརྒ་བརྒྱད་པ་རྫོགས་སོ།། །།

༣ ཉེ་བརྒྱུད་གཏེར་མའི་བྱུང་ཚུལ་འཕྲོས་དོན་དུ་རགས་ཙམ་གླེང་བ།

གསུམ་པ་ཉེ་བརྒྱུད་གཏེར་མའི་བྱུང་ཚུལ་འཕྲོས་དོན་དུ་གླེང་བ་ནི། ད་ནི་གསང་སྔགས་སྔ་འགྱུར་བའི་ཁྱད་པར་གྱི་ཆོས་སུ་གྲུབ་པ་ཟབ་མོ་གཏེར་གྱི་ལོ་རྒྱུས་མདོ་ཙམ་བརྗོད་ན། དེ་ཡང་བསྐལ་པའི་ཡང་མཐའ་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་འདིར། ཟབ་གསང་སྙིང་པོའི་ཡང་བཅུད་བཀའ་མའི་ཆོས་རྣམས་ཚོང་དུས་ཀྱི་འོ་མ་བཞིན་དབང་དང་གདམས་ངག་གི་བཀའ་འཆལ། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་དང་འདྲེས་ཁྱེར་གྱི་སླད་ཞུགས་པས་བྱིན་རླབས་ཀྱི་ཚན་ཁ་ཉམས། དུས་ཀྱི་རྒུད་པ་མི་བཟད་པ་སྟོབས་སུ་བདོ་བས་སྐྱེ་འགྲོ་རྣམས་སྡུག་བསྔལ་དྲག་པོའི་འདམ་དུ་བྱིང་བ་སྐྱོབ་པའི་ཆེད་དང་། གསང་སྔགས་ཀྱི་བསྟན་པ་མི་ནུབ་པའི་ཕྱིར་དུ་ཨོ་རྒྱན་སངས་རྒྱས་གཉིས་པས་སྐུ་ཚབ་ལས་ཅན་གྱི་སྐྱེས་བུ་འབྱུང་བ་རྣམས་གནས་དུས་མཚན་རྟགས་ཀྱི་སྒོ་ནས་གསལ་བར་ལུང་བསྟན། གསུང་ཚབ་བླ་གཏེར་ཐུགས་གཏེར་གྱིས་མཚོན་པའི་གཏེར་རིགས་བཅོ་བརྒྱད་གཏེར་དུ་སྦས། ཐུགས་ཀྱི་དགོངས་པ་རྗེ་འབངས་གྲོགས་གསུམ་སོགས་ལས་ཅན་གྱི་སྐྱེས་བུ་ལ་གཏད་དེ་སྨོན་ལམ་གཏད་རྒྱ་མཛད། ཁྱད་པར་གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་མཁའ་འགྲོའི་བརྡའ་ཡིག་གིས་བཅིངས་པས་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས་ན་ཕལ་བའི་གང་ཟག་གིས་བར་མ་ཆོད་པར་མཁའ་འགྲོའི་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བ་དང་། གཏེར་སྟོན་ཉིད་ལས་ཕལ་བའི་གང་ཟག་གིས་བློ་གྲོས་ཇི་ལྟར་བསྒྲིམས་ནས་བརྟགས་ཀྱང་ཚིག་དོན་གྱི་ཆ་ཕྱོགས་ཙམ་དཔྱད་མི་བཟོད་པ་གཏེར་འབྱིན་སྐྱེས་བུ་ཚད་མར་ཡིད་ཆེས་ནུས་པ་དང་། གནས་དུས་སྨོན་ལམ་ཟབ་མོའི་རྟེན་འབྲེལ་དུས་སུ་བབ་པ་ན་རིག་འཛིན་སྤྲུལ་བའི་གཏེར་སྟོན་མཆོག་གཉིས། རྒྱལ་པོ་ལྔ། གླིང་པ་བརྒྱད། ནུས་ལྡན་ཉེར་གཅིག གཏེར་ཆེན་བརྒྱ་རྩ། གཏེར་ཕྲན་སྟོང་རྩ་སོགས་ཀྱིས་མཐོང་གྲོལ་རྟེན་གསུམ་དང་ཐོས་གྲོལ་ཆོས་མཛོད། མྱོང་གྲོལ་དམ་རྫས་ལ་སོགས་པའི་གཏེར་རིགས་ཀྱི་སྒོ་འཕར་ཕྱེས་ཏེ་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྨད་དུ་བྱུང་བས་འགྲོ་བ་སྒྲོལ་བ་སོགས་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཕལ་བའི་སྤྱོད་ཡུལ་ལས་འདས་པ་སྟེ། འཕགས་པ་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར། རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ་གཟུངས་དང་ཆོས་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་དང་། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུག་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་དང་། འཇམ་དཔལ་རྩ་རྒྱུད་ལས། སྔོན་དུ་ངས་ནི་གང་བཤད་པའི། །ཐེག་པ་ཆེན་པོའི་མདོ་སྡེ་ཡང་། །དེ་ཡི་ཚེ་ན་བུམ་པ་ལས། །བཀའ་ཐུབ་ཆེན་པོས་འདྲེན་པར་འགྱུར། །ཞེས་དང་། མདོ་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཅི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་བཅས་པས་སྔོན་བསླབས་ཤིང་། །མངོན་སུམ་བྱས་ནས་བསླབས་པ་ཇི་བཞིན་སྟོན་བྱེད་པ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཞེས་པ་སོགས་མདོ་རྒྱུད་ལུང་རིགས་ཚད་མས་རྒོལ་བ་ངན་པའི་ལོག་རྟོགས་འཇོམས་པ་སོགས་ཞིབ་པའི་རྣམ་བཞག་གཏེར་བྱུང་གི་ལོ་རྒྱུས་ཆེན་མོ་དག་ན་གསལ་བས་དེ་དག་ཏུ་གཟིགས་པར་ཞུ། །

སྨྲས་པ།

རྒྱལ་ཀུན་གསང་བ་ཟབ་མོའི་ཡེ་ཤེས་ཁམས། །རྟག་ཁྱབ་འགྱུར་མེད་འཕོ་ཆེན་དྭངས་མའི་སྐུར། །ཡོངས་བཞེངས་མཚན་བརྒྱད་སྤྲུལ་པའི་རོལ་གར་ཅན། །ཨོ་རྒྱན་སངས་རྒྱས་གཉིས་པ་རྒྱལ་གྱུར་ཅིག ། གང་གི་རྨད་བྱུང་ཐུགས་རྗེའི་ཐབས་མཁས་འཕྲུལ། །དུས་སུ་སྨིན་པས་བསིལ་ལྡན་བྷོ་ཊའི་ལྗོངས། །སྣ་ཚོགས་ཆོས་ནོར་གཏེར་ཁས་ཡོངས་གཏམས་པའི། །ཟླ་བྲལ་བཀའ་དྲིན་ལྷུན་པོའི་ཚད་ལས་ལྕི། །ཐུབ་པའི་ཞལ་གསུང་བྱིན་རླབས་རྗེས་གནང་བཀའ། །དཔྱད་པ་གསུམ་ལྡན་རྣམ་དག་ཆོས་ཀྱི་མཛོད། །གྲུབ་བརྙེས་རིག་འཛིན་ཚད་མའི་གཏེར་སྟོན་གྱིས། །ལས་འཕྲོ་སྨོན་ལམ་གཏད་རྒྱའི་ཚུལ་དུ་དྲངས། །གང་དུ་རྒུད་ཅིང་ཤིན་ཏུ་ཉམ་ཐག་པའི། །གནས་དུས་གང་དུ་སྣ་ཚོགས་འཕྲིན་ལས་སྟོང་། །དུས་མཐའི་རླུང་གིས་བདས་པའི་མེ་ཆེན་བཞིན། །འཇུག་པ་བསམ་མི་ཁྱབ་འདི་རྒྱལ་བའི་མཐུ། །དགུ་ལྡན་བརྒྱུད་པའི་རིང་ལུགས་མ་ཉམས་པ། །ཤིན་ཏུ་ཉེ་བརྒྱུད་ཟབ་རྒྱས་གསང་བའི་མཛོད། །གྲོལ་བ་བཞི་ལྡན་སྨིན་གྲོལ་ཆོས་ཀྱི་གཏེར། །དུས་ཀྱི་ཡང་མཐར་སྐྱེ་དགུའི་དཔྱིད་དུ་སྨིན། །མཚོ་སྐྱེས་རྒྱལ་བའི་གསང་གསུམ་ནུས་བྱིན་འོད། །རྨད་བྱུང་འཕྲིན་ལས་གྲགས་པ་སྟོང་འབར་བས། །གངས་ལྗོངས་རྒུད་པའི་མུན་ཚོགས་ཀུན་བསལ་ཏེ། །སྡེ་བཞིའི་མངའ་ཐང་ཕྱོགས་སུ་རྒྱས་གྱུར་ཅིག །

ཅེས་པ་ནི་ཉེ་བརྒྱུད་གཏེར་མའི་བྱུང་བ་འཕྲོས་དོན་གྱི་ཚུལ་དུ་ཉུང་ངུའི་ངག་གིས་མདོ་ཙམ་གླེང་བའི་སྐབས་ཀྱི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། ཉེ་བརྒྱུད་གཏེར་མའི་བྱུང་ཚུལ་འཕྲོས་དོན་དུ་རགས་ཙམ་གླེང་བའི་སྐབས་ཏེ་སརྒ་དགུ་པ་རྫོགས་སོ།། །།

སྔ་འགྱུར་བསྟན་པའི་ཉི་མ་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་ཀྱི་བྱུང་བ་དངོས་བརྗོད་པ།

དང་པོ། གང་དུ་ཆགས་པའི་གནས་ཀྱི་ཆེ་བ་མདོ་ཁམས་རུ་དམ་ལུང་གི་ཕྱི་ནང་གསང་བའི་བཀོད་པ་སྦྱིར་བཤད་པ།

རྩ་བའི་ས་བཅད་གསུམ་པ་སྔ་འགྱུར་བསྟན་པའི་ཉི་མ་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་ཀྱི་བྱུང་བ་དངོས་བརྗོད་པ་ལ། གང་དུ་ཆགས་པའི་གནས་ཀྱི་ཆེ་བ་མདོ་ཁམས་རུ་དམ་ལུང་གི་ཕྱི་ནང་གསང་བའི་བཀོད་པ་སྤྱིར་བཤད་པ་དང་། གདན་ས་ཆོས་སྡེའི་ཆེ་བ་བཤད་སྒྲུབ་དགོན་གསུམ་གྱི་ཆོས་སྡེ་ཇི་ལྟར་དར་རྒྱས་སུ་བཞུགས་ཚུལ་མདོ་ཙམ་བཤད་པ། བསྟན་འཛིན་སྐྱེས་བུའི་ཆེ་བ་གདན་རབས་སློབ་བརྒྱུད་དང་བཅས་པའི་བྱུང་ཚུལ་སྤྲོས་ཏེ་བརྗོད་པ་དང་གསུམ་ལས།

དང་པོ་གདན་ས་གནས་ཀྱི་ཆེ་བ་མདོ་ཁམས་རུ་དམ་ལུང་པའི་ཕྱི་ནང་གསང་བའི་བཀོད་པ་བཤད་པ་ནི། དེ་ཡང་བསྐལ་པ་བཟང་པོའི་རྣམ་འདྲེན་སྟོང་དང་རྩ་གཉིས་མངོན་པར་སངས་རྒྱས་པའི་གནས་མཆོག་དཔལ་ལྡན་ཛམྦུ་པྲྀཀྵས་མཚན་པའི་གླིང་ཆེན་པོའི་ཡུལ་དབུས། གནས་མཆོག་མ་ག་དྷ་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་ཕྲག་བགྲོད་པའི་ས་ཕྱོགས་ན། ཇི་སྐད་དུ། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་སར། །དགེ་བ་ལྡན་པའི་ས་ཕྱོགས་སུ། །དམ་པའི་ཆོས་ནི་རྒྱས་པར་འགྱུར། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ང་ནི་འདས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་གིས་ཟིན་ཅིང་། ཁྱད་པར་བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མེ་ལོང་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བའི་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཅེས་དང་། རི་པདྨ་སྟོང་ལྡན་དབྱིབས་ལེགས་པ། །དུས་དགུན་གསུམ་དཀར་པོ་ཤེལ་གྱི་མདོག །དུས་དབྱར་གསུམ་སྔོན་མོ་གཡུ་ཡི་མདོག །དུས་སྟོན་གསུམ་སེར་པོ་གསེར་གྱི་མདོག །དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག །ཅེས་པ་ལྟར་ཁོར་ཡུག་གངས་དཀར་གྱི་ཕྲེང་བ་ཚར་དུ་དངར་བས་ཕྱོགས་ཀུན་ཡོངས་སུ་བསྐོར་བའི་གདོད་མའི་མཛེས་ལྗོངས་བྷོ་ཊའི་ལྗོངས་སམ་ཕྱི་གླིང་པའི་སྐད་དུ་ཏྲི་བྷེ་ཏྲི་དང་། རང་ཅག་གངས་ཅན་པ་རྣམས་ལ་བོད་ཡུལ་ཆོས་ཀྱི་ཞིང་ཁམས་ཞེས་ཡོངས་སུ་གྲགས་པའི་རྒྱལ་ཁམས་འདི་ལ། སྟོད་ལ་མངའ་རིས་སྐོར་གསུམ། བར་དུ་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཅེས་ཆོལ་ཁ་གསུམ་དུ་ཕྱེ་བའི་ནང་ཚན་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས་པ། བོད་ཀྱི་རི་དབང་སྤུན་དགུའི་ནང་ཚན་ལྷ་གཉེན་རྡོ་རྗེ་གཡུང་དྲུང་རྩལ་གྱིས་སྲུང་བའི་གནས་མཆོག སྦས་ཡུལ་རོང་མོ་ལྗོངས་དང་འདབས་འབྱོར་ཞིང་། དབུས་ཕྱོགས་པདྨ་བརྩེགས་པ་དང་། ཡར་ལུང་ཤེལ་གྱི་བྲག་ཕུག་སོགས་གནས་ཆེན་རྣམས་དང་བརྒྱུད་མར་འབྲེལ་བའི་རུ་དམ་སྐྱིད་ཁྲམ་ལུང་པ་ནི་ཆོས་སྡེ་ཆེན་མོ་འདི་ཉིད་གང་དུ་ཆགས་པའི་གནས་གཞི་ཡིན་ལ། གནས་འདིའི་བཀོད་པ་ཐ་མལ་པ་དག་གི་སྣང་ངོ་ལྟར་ན། རང་བྱུང་གི་མཛེས་ལྗོངས་མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་ཅིང་ཉམས་དགའི་སྤྲོ་སྣང་ངང་གིས་འཕེལ་བའི་གདོད་མའི་སྐྱེད་ཚལ་ཞིག་སྟེ། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་གསུང་རྩོམ་ལས། ན་བུན་གོས་བཟང་བཀླུབས་པའི་ཀེ་ལ་ཤར། །ཟླ་འོད་བདུད་རྩིའི་ཐིགས་པ་སྟོབ་དང་ལྷན། །ཡིད་འོང་བྲག་རིའི་བ་གམ་རབ་མཛེས་པར། །ནང་གི་ཉི་མ་རྣལ་འབྱོར་སྙིང་ལ་ཤར། །འདབ་བརྒྱ་གེ་སར་བཞད་པའི་ལང་ཚོའི་དཔལ། །ཚང་ཚིང་གཡུ་ལོས་སྤུད་པའི་མཛེས་སྡུག་གར། །དྲི་བཞོན་གསར་པས་བསྐུལ་བའི་འཕྱོར་ལྡེམ་ལ། །ལྗོན་ཤིང་ཡལ་གའི་ཚོགས་ཀྱང་འགྲན་པ་བཞིན། །རླབས་དཀར་དྲག་ཏུ་འཕྱོ་བའི་རྦབ་ཆུ་དང་། །ངག་སྙན་བྱ་དང་བྱེའུའི་མགྲིན་གླུ་ཡིས། །དམ་པའི་ཆོས་སྒྲ་བར་མེད་སྒྲོག་དང་བཅས། །ཟག་མེད་ཡིད་ཀྱི་དགའ་སྟོན་རྣམ་པར་སྤེལ། །རྩེ་བརྒྱད་ལྷུན་པོའི་སྤོ་ལས་དྭངས་པའི་མཁའ། །རྩིབས་བརྒྱད་འཁོར་ལོའི་གཟུགས་སུ་སྣང་བ་ཡི། །ཤར་ནུབ་ཉི་ཟླའི་ཟེར་མདངས་གསར་པ་ཉིད། །སྟོང་གསལ་ཕྱི་ཡི་མཚོན་དཔེར་ངང་གིས་གྲུབ། །འདབ་བརྒྱད་པདྨ་རྒྱས་པའི་གཤོང་ཡངས་པའི། །ནེའུ་གསིང་ཆུ་གཙང་ཆབ་ཀྱིས་མ་བཏང་བས། །བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། །དབྱེར་མི་ཕྱེད་པའི་བརྡ་ཆོས་རྒྱན་དུ་ཤར། །ཞེས་སོགས་ཆེད་དུ་བརྗོད་པའི་གསུང་གིས་གསལ་བ་ལྟར། སྟོད་ན་དཀར་གསལ་གངས་རིའི་རྩེ་མོ་དགུང་སྔོན་ལ་ཟུག་ཅིང་དལ་བུར་རྒྱུ་བའི་སྤྲིན་དཀར་གྱི་ཕུང་པོས་མགུལ་བ་བརྒྱན་པ། གསེར་མདོག་ཉི་མའི་འོད་ཀྱིས་མཛེས་མདངས་གསོས་ཚེ་རང་བྱུང་ཤེལ་དཀར་གྱི་མཆོད་རྟེན་ལ་གསེར་ཞུན་གྱི་རི་མོ་མིག་མང་རིས་སུ་བཀྲ་བས་མཛེས་པ་ལྟར་ལྷང་ངེར་འཕགས་པ། སྐེད་ན་རྔམ་ཆེན་རྫ་བྲག་གི་མཁར་རྫོང་བར་སྣང་ལ་མཐོ་བར། སྨུག་སྤྲིན་དར་འཕྱང་དཀར་པོས་བླ་བྲེ་བྲེས་པ་མཐའ་འཁོར་རི་ཕྲན་གྱི་རྗེ་བོ་ལྟར་ལྷུན་བརྗིད་ཆགས་པ། ཕྱོགས་དང་ཕྱོགས་ཀྱི་ངོས་ཀུན་ཏུ་བྲག་སྐྱིབས་སྒྲུབ་པའི་དབེན་རྫོང་ངོ་མཚར་བ་མང་པོས་ཡོངས་སུ་ཁེངས་པས་དད་དང་དང་བའི་ངེས་འབྱུང་སྙིང་ནས་འདྲེན་པ། མཐའ་འཁོར་རྣམས་སུ་སྔོ་ལྗང་གཡུ་མདོག་གིས་སྤུད་པའི་ལྗོན་པའི་ནགས་ཚལ་སྣ་ཚོགས་ཀྱི་ཚང་ཚིང་འཁྲིགས་པ་ཡལ་འདབ་ལོ་མའི་ལྕུག་ཕྲན་ཕྱུར་བུར་རྒྱས་པ་དྲི་བཞོན་རླུང་གིས་དལ་བུར་ལྡེམ་པ། སིལ་དང་མེ་ཏོག་གི་འབྲས་བུས་དུད་པ་ལ། ཁུ་བྱུག་དང་། འཇོལ་མོ། མཐིང་རིལ་སོགས་སྣ་ཚོགས་སྤུ་སྡུག་གི་སྒྲོ་མདངས་བཀྲ་ཞིང་། དྲུག་འགྱུར་མགྲིན་པའི་དབྱངས་སྙན་འཁྲོལ་བའི་འདབ་ཆགས་སྣ་ཚོགས་པས་བག་ཡངས་གཤོག་རྩེད་ཀྱིས་རོལ་བ། ཡང་མཐར་ནེའུ་སེང་སྤང་ཐང་ཕྱུག་མོ་ཕྱོགས་མཐར་བརྡལ་བར་དཀར་དམར་མེ་ཏོག་གི་ཁྲ་ཚོམ་རྣམ་པར་བཀྲ་ཞིང་། སྣ་ཚོགས་རྩི་སྨན་གྱི་འབྲས་བཟང་ཚར་དུ་དངར་བ་སོགས་རང་བྱུང་ངང་གིས་གྲུབ་པའི་སྐྱེད་མོས་ཚལ་དེ་ནི་བཟོ་བོ་མཁས་པའི་སོར་རྩེ་ལས་ཐོན་པའི་མཛེས་རིས་དང་གཉིས་སུ་མ་མཆིས་པའི་མཛེས་ལྗོངས་སུ་གྲུབ་པ་མ་ཟད། སའི་དཔྱད་བཟང་པོ་ཐམས་ཅད་མ་ཚང་བ་མེད་པ་ཕུན་སུམ་ཚོགས་པའི་གནས་མཆོག་སྟེ། དེ་ཡང་གནམ་དབྱིབས་འཁོར་ལོ་རྩིབས་བརྒྱད་དང་། ས་དབྱིབས་པད་མ་འདབ་བརྒྱད་ཀྱི་ཚུལ་དུ་ཆགས་པས་ཆོས་སྲིད་སྡེ་བཞིའི་དཔལ་ཡོན་འབད་མེད་དུ་འདུ་བ། ཤར་ཕྱོགས་ཉི་ཟླའི་འཆར་ལམ་ཡངས་ཤིང་རིང་བས་གཙུག་ལག་རིག་པའི་གནས་ལ་སྤྱན་དཀྱུས་རིང་བའི་མཁས་པའི་ཁྱུ་ཚོགས་བར་མེད་དུ་འབྱུང་བ། ལྷོ་ཕྱོགས་ནོར་བུའི་རི་ཆེན་མདུན་དུ་སྤུངས་པས་ཆོས་ནོར་གཏེར་གྱི་ལོངས་སྤྱོད་རྒྱས་པ། ནུབ་རི་དར་གྱི་ཡོལ་བ་རྒྱབ་ནས་བྲེས་པས་ཆེ་དགུའི་གཙུག་གིས་གུས་པར་བསྙེན་པ། བྱང་རི་བཙན་པོས་འགག་སྒོ་བསྡམས་པས་མ་རུང་འཚེ་བའི་རྒྱུ་འགྲུལ་གཅོད་པ། ཕྱོགས་བཞིར་སྲུང་ཆེན་བཞི་དང་། བར་མཚམས་རྣམས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་སུ་མངོན་པའི་རི་ཕྲན་གྱི་ར་བས་ཕྱི་ནང་བར་གསུམ་བསྐོར་བ་སོགས་ངོ་མཚར་དགེ་བའི་མཚན་མ་འབུམ་དུ་བཀྲ་བ། ལྷོ་ཕྱོགས་གངས་ཀྱི་རི་བོ་ལས་འོང་བའི་དལ་འབབ་འོ་མའི་ཆུ་རྒྱུན་དཀར་པོ་གཡུ་འབྲུག་གི་གྲེ་བར་ནས་དྲག་ཏུ་འབབ་པའི་ངར་སྐད་ཕྱོགས་ཀུན་ལྡིར་བ་དང་བཅས་འབབ་རྒྱུན་གཡས་སུ་ལན་དགུར་འཁྱིལ་བས་མི་ཟད་ཚེ་དང་གཡང་གི་དངོས་གྲུབ་འདྲེན་པ། གཞན་ཡང་སྣ་ཚོགས་ནོར་བུའི་རིགས་ཀྱི་མདངས་འོད་འབར་བའི་མཚོ་དང་མཚེའུ་མང་པོས་ཕྱོགས་ཀུན་བསྐོར་བ་སོགས་ཡ་མཚན་རྨད་དུ་བྱུང་བའི་མཛེས་ལྗོངས་ངོ་མཚར་མིག་གི་དཔྱིད་དུ་མངོན་པ་མཐུན་སྣང་ཕྱི་ཡི་བཀོད་པ་མདོ་ཙམ་དང་། གསང་བ་ལྟར་ན་འཛམ་གླིང་གྲུབ་བརྒྱའི་སྤྱི་མེས་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་གནས་ཀྱིས་རྫུ་འཕྲུལ་ཆེན་པོའི་ཞབས་ཀྱིས་ཉེ་བར་བཅགས་ཏེ་རུ་ཏྲ་དམ་སྲི་སྤུན་དགུ་བཀའ་རྟགས་ཕྱག་རྒྱས་དམ་འོག་ཏུ་བཙུད་ཅིང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་དར་ཞལ་ཕྱེས་ནས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད། གངས་བྲག་རི་མཚོ་རྣམས་སུ་ཆོས་ནོར་རྫས་ཀྱི་གཏེར་ཁས་ཕྱུར་བུར་བཀང་ནས་ཡོན་ཏན་གནས་ཀྱི་གཙོ་བོར་བྱིན་གྱིས་བརླབས་པ་སྟེ། ཇི་སྐད་དུ། སྤྲུལ་བའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་བྱང་ལས། ཆུ་ཕོ་སྤྲེལ་ལོའི་སྤྲེལ་ཟླའི་ཚེས་བཅུ་ལ་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་དག་པའི་འཁོར་དུ་མ་དང་བཅས་པ་རུ་དམ་གངས་ཀྱི་ར་བའི་དབུས་ཀྱི་ནེའུ་གསེང་དུ་དར་གྱི་གུར་ཕུབ༔ རིན་པོ་ཆེའི་ཁྲི་ལ་བཞུགས༔ ཟ་འོག་གི་ན་བཟའ་སྣ་ཚོགས་གསོལ༔ ཞལ་ཟས་དུ་མའི་མཆོད་པ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་མཚན་ལྡན་མང་པོས་ཚོགས་ཀྱི་འཁོར་ལོར་རོལ་བའི་ངོ་མཚར་བདེ་གཤེགས་ཀུན་འདུས་ཀྱི་ཚོམ་བུའི་སྒྲུབ་པ་མཛད་ཚེ༔ འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ༔ ཀྱེ་དུས་གསུམ་རྒྱལ་བ་ཀུན་འདུས་གུ་རུ་རྗེ༔ ཡེ་ཤེས་སྤྱན་གྱིས་གཟིགས་པ་དགོངས་སུ་གསོལ༔ ཉིད་ཀྱིས་ཞབས་བཅགས་སྒྲུབ་པའི་གནས་སུ་གཟིགས༔ དཔལ་དང་ལྡན་པའི་ཕུན་སུམ་ཚོགས་པའི་གནས༔ འདི་ཡི་བྱུང་ཚུལ་ལོ་རྒྱུས་ཡོན་ཏན་དང༔ མ་འོངས་དུས་སུ་ཇི་ལྟར་འབྱུང་བ་རྣམས༔ ད་ལྟ་བཞུགས་དང་མ་འོངས་འབྱུང་འགྱུར་གྱི༔ སྒྲུབ་པ་པོ་ལ་ངེས་ཤེས་སྤྲོ་སྐྱེད་ཕྱིར༔ སྤྱན་ལྔ་ལྡན་པ་ཉིད་ཀྱིས་གསུང་དུ་གསོལ༔ ཞུས་པས་གུ་རུ་ཉིད་ཀྱིས་བཀའ་བསྩལ་པ༔ ཞེས་སོགས་དང་། གཉིས་པ་གནས་ཀྱི་ཡོན་ཏན་ནི༔ གངས་རི་འགྱུར་མེད་ཆོས་ཀྱི་སྐུ༔ གཡུ་མཚོ་གཏན་འཁྱིལ་ལོངས་སྤྱོད་རྫོགས༔ བྲག་རི་གཡའ་སྤང་ནགས་ཁྲོད་སོགས༔ ཇི་ལྟར་འདོད་པ་སྤྲུལ་བའི་སྐུ༔ གཙོ་བོ་སྐུ་ཡི་གནས་ཡིན་ཕྱིར༔ ཀུན་ཏུ་བཟང་པོ་ཡབ་དང་ཡུམ༔ དེ་བཞིན་རྣམ་སྣང་རྡོ་རྗེ་སེམས༔ རིགས་ལྔའི་རང་བཞིན་སྐུ་ཡི་གནས༔ ཤེལ་གྱི་གུར་ཕུབ་འདྲ་བ་ལྔ༔ ཡབ་ཡུམ་སྐུ་ཡང་གསལ་བར་ཤར༔ བྱང་ཆུབ་སེམས་དཔའ་རིགས་གསུམ་མགོན༔ སྐུ་མཆོག་གསལ་བའི་གངས་རི་གསུམ༔ རྩེ་རྒྱས་དཔལ་བཤོས་བསླང་བ་འདྲ༔ ལུང་ཆེན་ཉི་ཤུ་ལུང་ཕྲན་བརྒྱད༔ དམ་པ་རིགས་བརྒྱའི་དཀྱིལ་འཁོར་རྫོགས༔ གབ་ཅིང་སྦས་པའི་ལུང་པ་བཅུ༔ དབུས་ཕྱོགས་རུ་ཡི་ལུང་པ་རུ༔ རིག་འཛིན་བླ་མ་སྤྲིན་ལྟར་གཏིབ༔ དབང་ཆེན་རྟ་ཡི་ལུང་པ་རུ༔ རུ་ཏྲ་བསྒྲལ་བའི་བཀོད་པ་ཚང༔ གསང་སྔགས་བསྟན་པ་འབྱུང་བའི་གནས༔ བྱང་ཕྱོགས་མཁའ་འགྲོའི་ལུང་པ་རུ༔ རྡོ་རྗེ་ཕག་མོ་རིགས་ལྔ་བཞུགས༔ དཔའ་བོ་མཁའ་འགྲོ་འདུ་བའི་གླིང༔ ཤར་ཕྱོགས་རྔམ་ཁྲོའི་ལུང་པ་རུ༔ སྒོ་སྲུང་ཁྲོ་བོ་ལས་ལ་རྔམ༔ ཡི་དམ་དཔལ་ཆེན་ཁྲོ་རྒྱལ་རྣམས༔ གར་དགུའི་རོལ་བས་དབུས་ནས་འགྱིངས༔ གུ་རུ་པདྨ་འབྱུང་གནས་བདག༔ བདེ་ཆེན་ཚོགས་ལ་རོལ་པ་ཡི༔ རྫུ་འཕྲུལ་གར་གྱིས་ཞབས་བརྡབས་པས༔ མཐོང་བས་སྣང་བ་འགྱུར་པའི་མཚོ༔ བསྒྲུབས་པས་ཡེ་ཤེས་སྐྱེད་པར་བྱེད༔ ཅེས་དང་། ལྷོ་ཕྱོགས་གསང་བའི་ལུང་པ་རུ༔ དར་གྱི་ཡོལ་བ་བྲེས་འདྲའི་གངས༔ ཚེ་ཡི་བུམ་པ་འདྲ་བའི་བྲག༔ འཆི་མེད་ནགས་ཚལ་ལྷ་ཡི་ལྗོངས༔ གཡུ་མཚོ་གཏན་འཁྱིལ་ཚེ་ཡི་བཅུད༔ ལྗོན་པའི་ཤིང་མཆོག་ཚེ་ཡི་མདའ༔ ས་ཡི་ཐིག་ལེ་དཔལ་གྱི་རི༔ ནུབ་ཕྱོགས་མགོན་པོ་ཤྭ་ནཱའི་ལུང༔ ཞིང་སྐྱོང་སེང་གེའི་གདོང་ཅན་གནས༔ གཞན་ཡང་ཕྱོགས་བཞིའི་གངས་ཁྲོད་དུ༔ ཨོ་རྒྱན་ང་ཡི་སྒྲུབ་ཕུག་བཞི༔ ཨོ་རྒྱན་ང་ཡི་ཕྱག་རྗེས་རེ༔ མཁའ་འགྲོ་གནས་པའི་མཚོ་ཆུང་རེ༔ ཡི་དམ་ལྷ་ཡི་དཀྱིལ་འཁོར་རེ༔ ཨོ་རྒྱན་མཚན་ཅན་གཏེར་ཆེན་རེ༔ འདོན་མི་རུང་བའི་བླ་གཏེར་བཞི༔ སུས་ཀྱང་འདོན་རུང་གཏེར་ཕྲན་བརྒྱད༔ ཕྱི་ལྟར་ཕུན་ཚོགས་བཀོད་པ་ཚང༔ ནང་ལྟར་རྒྱལ་བའི་དཀྱིལ་འཁོར་རྫོགས༔ གསང་བ་ཡེ་ཤེས་ལྔ་ཡི་ཞིང༔ ཞེས་སོགས་དང་། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་རུ་དམ་གནས་ཡིག་ལས། མཁའ་སྤྱོད་ས་ལ་འཕོས་པ་བདེ་ཆེན་ཞིང་། །སྦས་ཡུལ་པདྨ་བཀོད་ཀྱི་གནས་བཟང་དེའི། །ཆ་ལག་རུ་དམ་སྐྱིད་ཁྲམ་ལུང་པ་ནི། །རི་དབྱིབས་པདྨ་ཁ་ཕྱེ་ལྟ་བུ་ལ། །རྒྱབ་མདུན་དར་དཀར་ཡོལ་བ་དཀྲིས་པ་འདྲ། །ཤར་ཕྱོགས་ཐང་ལ་རྟ་མཆོག་འདྲ་བའི་བྲག །གུ་རུ་ཐོད་ཕྲེང་སྡེ་ལྔའི་རང་བྱོན་ཡོད། །གནས་དེའི་བྱང་ཤར་ཚེས་བརྒྱད་འདྲ་བའི་བྲག །གནོད་སྦྱིན་འབར་བ་སྤུན་བདུན་ཕོ་བྲང་ཡོད། །ཅེས་དང་། ཡུལ་དབུས་ཨོ་རྒྱན་བསམ་གཏན་ཆོས་ཀྱི་གླིང་། །སྟེང་ན་རྩ་གསུམ་མཁའ་འགྲོ་སྤྲིན་ལྟར་གཏིབ། །བར་ན་མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབ། །གཤམ་ན་དམ་ཅན་ཆོས་སྐྱོང་གློག་ལྟར་འཁྱུག །མདོ་སྔགས་བཤད་སྒྲུབ་ཆོས་སྒྲའི་གླུ་དབྱངས་ལེན། །ཞེས་སོགས་གསུངས་པ་དང་། དེ་བཞིན་གྲུབ་པའི་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་སྐུ་ཕྲེང་གཉིས་པའི་གཏེར་བྱང་གནས་ཡིག་མཁའ་འགྲོའི་བཀའ་རྒྱ་ཟབ་མོ་ལས་ཀྱང་། གཡས་ཀྱི་ལུང་པ་དམར་སེར་གྲུབ་པ་ནི༔ རོ་མ་དམར་མོ་རྩ་ཡི་ཚུལ་དུ་ཆགས༔ གཡོན་གྱི་ལུང་པ་དཀར་མདོག་འདུག་པ་ནི༔ རྐྱང་མ་དཀར་པོ་རྩ་ཡི་ཚུལ་དུ་ཆགས༔ དབུས་ཀྱི་ལུང་པ་ཡིད་ཙམ་འཛུམ་པ་ནི༔ ཨ་ཝ་དྷུ་ཏི་ཡེ་ཤེས་ཆེན་པོར་གནས༔ ཤར་ལ་པད་མོ་བཀོད་པའི་ཆགས་ཚུལ་ཡོད༔ ལྷོ་ན་དུར་ཁྲོད་བསིལ་ཚལ་ཆགས་ཚུལ་ཡོད༔ བྱང་ན་ཨོ་རྒྱན་མཁའ་འགྲོའི་བཀོད་པ་ཡོད༔ གཞན་ཡང་ཤར་ལྷོ་ཨོ་རྒྱན་སྤྲིན་ནག་འདུ༔ ལྷོ་ནུབ་ཡང་ལེ་ཤོད་ཀྱི་བཀོད་པ་དང༔ ནུབ་བྱང་དགའ་བའི་ཚལ་གྱི་བཀོད་པ་ཡོད༔ བྱང་ཤར་ཁྲག་མཚོ་ཁོལ་མའི་དུར་ཁྲོད་ཡོད༔ ཅེས་སོགས་ནས། མདོར་ན་གནས་མཆོག་ཁྱད་འཕགས་སྦས་ཡུལ་འདིར༔ བོད་ཡུལ་གནས་ཆེན་བརྒྱ་དང་རྩ་བརྒྱད་ཀྱི༔ ཡ་གྱལ་སངས་རྒྱས་གཉིས་པའི་གཏེར་གནས་ཡིན༔ ཡེ་ཤེས་སྤྱན་ལྡན་སྐྱེས་བུ་ལས་ཅན་གྱིས༔ རྩི་ཤིང་ནགས་ཚལ་ས་རྡོ་རི་བྲག་ཀུན༔ དཔལ་རིའི་ཕོ་བྲང་པདྨ་འོད་དུ་མཐོང༔ གནས་འབྲེལ་ཕྱག་བསྐོར་མནྜལ་ཕུལ་གྱུར་ན༔ དུས་གསུམ་རྒྱལ་བར་ཕྱག་མཆོད་བྱས་དང་མཚུངས༔ ཞེས་གསུངས་པ་དང་། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་གནས་མཇལ་ཕན་ཡོན་ལས། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བདེ་ཆེན་བསམ་འགྲུབ་ཤེལ་གྱི་ཕུག་པ་རུ། །བདུད་རྩི་སྨན་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་པའི་གནས། །དབུས་ཕྱོགས་རུ་ཡི་ལུང་པ་ཞེས་བྱ་བར། །རིག་འཛིན་བླ་མའི་ཚོགས་རྣམས་སྤྲིན་ལྟར་གཏིབས། །ཡོན་ཏན་གནས་མཆོག་རུ་དམ་ལུང་པ་ཡི། །ཁྱད་པར་གནོད་སྦྱིན་དབང་པོས་ཕྱོགས་སྐྱོང་བའི། །དཔྱལ་གྱི་བྲག་དཀར་རིན་ཆེན་སྤུངས་པའི་དབྱིབས། །དོན་ལ་ཟངས་མདོག་དཔལ་གྱི་རི་བོ་སྟེ། །རྣམ་པ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་དང་། །སྤྱན་རས་གཟིགས་དང་རི་བོ་རྩེ་ལྔ་ཡི། །བཀོད་པའི་བྱེ་བྲག་མ་ལུས་ཡོངས་སུ་རྫོགས། །ཞེས་སོགས་ཚད་མར་གྱུར་པའི་གསུང་ལས་ཡང་ཡང་གསལ་བ་ལྟར་དང་། ཡང་གསང་དག་པའི་གཟིགས་པ་མངའ་བའི་འཕགས་ཆེན་དམ་པའི་ཡེ་ཤེས་ཀྱི་གཟིགས་ངོ་ལྟར་ན། ཞིང་ཁམས་དང་། དཀྱིལ་འཁོར། གཞལ་ཡས་ཁང་གི་ངོ་བོར་སྣང་བ་སྟེ། བཀའ་བབས་བདུན་ལྡན་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་མཆོག་གིས་རྫོགས་ཆེན་ཚེས་བཅུའི་གར་འཆམ་ལ་གཟིགས་སྐབས་ཞལ་ནས། དེ་རིང་རུ་དམ་ལུང་པ་འདི་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་མངོན་སུམ་དུ་འདུག་ཅེས་གསུངས་པས་མཚོན་མཁས་གྲུབ་ཀྱི་སྐྱེས་ཆེན་ཚད་མར་གྱུར་པ་དག་གི་ཞལ་སྔ་ནས་ས་སྤྱོད་ཀྱི་ཞིང་ཁམས་དངོས་ཡིན་པར་གསུངས་སོ། །

སྨྲས་པ།

གང་ན་གཞི་དང་སྙིང་པོས་བརྒྱན་པ་ཡི། །ཞིང་མཆོག་དེ་ན་རྣམ་སྣང་གངས་ཆེན་མཚོ། །བཞུགས་པའི་ཕྱག་མཚན་པད་མའི་གེ་སར་རྩེར། །རྒྱལ་བའི་དཀྱིལ་འཁོར་ཞིང་ཁམས་ཉེར་ལྔ་བཀྲ། །དེ་ལས་བཅུ་གསུམ་མི་མཇེད་འཇིག་རྟེན་ཁམས། །གླིང་བཞི་གླིང་ཕྲན་རི་རབ་རོལ་མཚོ་སོགས། །དྭངས་པའི་ཆུ་མཚོར་རྒྱུ་སྐར་ཟླ་གཟུགས་བཞིན། །ངོ་མཚར་བཀོད་པའི་རྣམ་འགྱུར་ཅིར་ཡང་ངོམས། །ཁྱད་པར་དཔལ་ལྡན་ཛམྦུ་པྲིཀྵ་ཡིས། །མངོན་པར་མཚན་པའི་གླིང་འདིའི་ཤར་ཕྱོགས་སུ། །རབ་དཀར་ས་འཛིན་གངས་ཀྱི་རི་བོ་ཡི། །མུ་ཁྱུད་ཕྲེང་བས་བསྐོར་བ་བྷོ་ཊའི་ཡུལ། །ལྗོངས་དེའི་བྱེ་བྲག་མདོ་ཁམས་གསེར་ལྡན་གཞི། །སྡེ་བཞིའི་མངའ་ཐང་དར་བ་གླིང་དཀར་སྟོད། །དགེ་བཅུའི་འབྱོར་བ་རྒྱས་པ་སའི་ཐིག་ལེ། །རུ་དམ་ལུང་ཞེས་སྙན་པའི་གྲགས་པ་གཡོ། །མདུན་རི་ཁ་བའི་རྡུལ་མང་བརྩེགས་པའི་རྩེས། །སྔོ་སངས་ནམ་མཁའི་ལྟོ་བ་ཧྲལ་བ་ལས། །འོངས་པའི་འོ་མའི་ཆུ་རྒྱུན་དཀར་པོའི་འགྲོས། །རབ་དཀར་དར་གྱི་ཤམ་བུ་གཡོ་བ་བཞིན། །རྒྱབ་རི་གླང་ཆེན་འཕྲེས་ལ་ཉལ་འདྲའི་དབྱིབས། །ལུགས་གཉིས་མངའ་ཐང་རྒྱས་པའི་ཁུར་བོ་ཆེ། །རྨད་བྱུང་རླབས་ཆེན་སྙིང་སྟོབས་དར་མ་ཡིས། །ཀུན་ཏུ་མི་ངལ་འདེགས་པའི་རྣམ་འགྱུར་ངོམས། །ཕྱོགས་དང་ཕྱོགས་སུ་རི་ཕྲན་ཕྲེང་བའི་ཚར། །རིན་ཆེན་བདུན་དང་བཀྲ་ཤིས་རྟགས་བརྒྱད་ཀྱིས། །རི་མོ་འབུར་དུ་དོད་པའི་རང་བྱུང་དབྱིབས། །ལྗོངས་འདིའི་རྒྱན་དུ་བཀོད་པའི་ངོ་མཚར་མང་། །བར་དང་བར་མཚམས་རྣམས་སུ་བདུད་རྩིའི་མཚོ། །སྣ་ཚོགས་ནོར་བུའི་ཁ་དོག་འཁྱིལ་བའི་མདངས། །མ་འདྲེས་དབང་པོའི་གཞུ་བཞིན་གསལ་བ་ནི། །འཇིག་རྟེན་མེས་པོའི་ཆེད་དུ་བསྐྲུན་པ་བཞིན། །ཁོ་ར་ཁོར་ཡུག་སྨན་ཤིང་མེ་ཏོག་གི །ལྗོན་པའི་ནགས་ཚལ་ཕྲེང་བས་རབ་དཀྲིགས་ཤིང་། །ནེའུ་གསིང་སྤང་ལྗོངས་རང་བྱུང་སྐྱེད་མོས་ཚལ། །དཀར་དམར་མེ་ཏོག་སྣ་ཚོགས་ཐགས་སུ་བཀྲ། །ཉེ་འཁོར་ལྷུན་པོའི་རྫ་བྲག་དཔངས་མཐོ་བར། །དྲང་སྲོང་ཆེན་པོའི་བསྟི་གནས་ཉམས་དགའ་བ། །རང་བྱུང་བྱ་སྐྱིབ་རྡོ་ཡི་ཁང་བཟང་སོགས། །བསམ་གཏན་སྤྱོད་པའི་དབེན་ཁྲོད་ཡིད་གར་འོང་། །སྤུ་སྡུག་རི་མོས་མཛེས་པའི་རི་སྐྱེས་དང་། །འདབ་བཟང་བྱ་རིགས་སྙན་པའི་མགྲིན་གླུ་ཅན། །འཕུར་ལྡིང་སྟངས་སྟབས་དལ་གྱིས་རྒྱུ་བ་ཀུན། །འཇིགས་དང་བག་ཟོན་བྲལ་བའི་རྩེ་དགས་རོལ། །ཨེ་མ་མ་ལུས་དགེ་མཚན་མཐའ་ཡས་པའི། །ངོ་མཚར་བཀྲ་ཤིས་རེ་ཁ་ཀུན་རྫོགས་པ། །མདོ་ཁམས་རུ་དམ་ཆོས་ཀྱི་ཞིང་ས་ཞེས། །ཀུན་ཁྱབ་གྲགས་པ་གླིང་བཞིའི་རྣ་བར་སྙན། །འཕགས་པའི་གནས་མཆོག་ཉམས་དགའ་ཆོས་ཀྱི་ཞིང་། །མཐོང་དང་ཐོས་པའི་སྐྱེ་བོ་སྲིད་དོ་ཅོག །རིང་པོར་མི་ཐོག་རྣམ་གྲོལ་ཞི་བའི་སར། །ངེས་པར་དབུགས་འབྱིན་བདེན་གསུང་ལུང་གིས་བསྔགས། །དག་པ་དབྱིངས་ཀྱི་དཀྱིལ་འཁོར་ལྷུན་རྫོགས་པའི། །གསང་ཆེན་མཁའ་སྤྱོད་དྷུ་མ་ཐ་ལ་ཡི། །རྡོ་རྗེའི་གནས་མཆོག་དོན་གྱི་འོག་མིན་སྟེ། །འཕུར་འགྲོའི་ཞིང་ཁམས་ས་ལ་འཕོས་འདི་རྨད། །ཅེས་པ་ནི་གང་དུ་ཆགས་པའི་གནས་ཀྱི་ཆེ་བ་མདོ་ཁམས་རུ་དམ་ལུང་གི་ཕྱི་ནང་གསང་བའི་གནས་ཀྱི་བཀོད་པ་བཤད་པའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། གང་དུ་ཆགས་པའི་གནས་ཀྱི་ཆེ་བ་མདོ་ཁམས་རུ་དམ་ལུང་གི་ཕྱི་ནང་གསང་བའི་བཀོད་པ་སྤྱིར་བཤད་པ་སྟེ་སརྒ་བཅུ་པ་རྫོགས་སོ།། །།

གཉིས་པ། གདན་ས་ཆོས་སྡེའི་ཆེ་བ་བཤད་སྒྲུབ་དགོན་གསུམ་གྱི་ཆོས་སྡེ་ཇི་ལྟར་དར་རྒྱས་སུ་བཞུགས་ཚུལ་མདོ་ཙམ་བཤད་པ།

གཅིག རྩ་བའི་གདན་ས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕྱག་བཞེས་སྒྲུབ་འཕྲིན་དུས་མཆོད་དང་བཅས་པའི་ཚུལ་བཤད་པ།

གཉིས་པ་གནས་དེར་བཤད་སྒྲུབ་དགོན་གསུམ་གྱི་ཆོས་སྡེ་ཇི་ལྟར་དར་རྒྱས་སུ་བཞུགས་ཚུལ་བརྗོད་པ་ལས། དང་པོ་རྩ་བའི་གདན་ས་ཆེན་མོ་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ནི། སྔ་རབས་མཁས་པའི་ཞལ་རྒྱུན་དུ། སྟོད་ན་རྡོར་སྨིན་དཔལ་གསུམ་དང་། སྨད་ན་ཀཿདཔལ་རྫོགས་གསུམ་ཞེས་གསང་ཆེན་རྙིང་མའི་གདན་ས་ཆེན་མོ་དྲུག་ཏུ་གྲགས་པའི་ཡ་གྱལ། སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་ཆེན་མོ་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཞེས་ཡོངས་སུ་གྲགས་ལ། དགོན་སྡེ་ཆེན་མོ་འདི་ཉིད་ནི་གོང་དུ་སྨོས་པའི་མདོ་ཁམས་རུ་དམ་སྐྱིད་ཁྲམ་གྱི་ལུང་པར། རྒྱབ་རི་རྒྱལ་པོ་གདན་ལ་བཞུགས་འདྲའི་འདབས་རོལ། མདུན་ཐང་གསེར་གཞོང་མར་ཁུས་བཀང་འདྲའི་ཐད་ངོས། སྟག་འབྲུག་སེང་གེའི་གདན་གྱིས་མཐོ་བའི་སའི་ཆར་འབྲས་དཀར་གྱི་མཎྜལ་སྤུངས་པ་ལྟར་ཆགས་པ་སྟེ། སྤྱི་ལོ༡༦༨༥པ་བོད་རབ་བྱུང་བཅུ་གཅིག་པའི་ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོ་གྲུབ་དབང་པདྨ་རིག་འཛིན་དགུང་གྲངས་རེ་གཅིག་བཞེས་པའི་སྐབས་ས་སྐྱོང་སྡེ་དགེའི་རྒྱལ་པོ་ཁྲི་ཆེན་སངས་རྒྱས་བསྟན་པས་སྦྱིན་བདག་མཛད་ནས་ཐོག་མར་ཕྱག་བཏབ་ཅིང་། དུས་དེར་དགེ་འདུན་གྱི་འདུས་པ་སྟོང་དང་ལྔ་བརྒྱས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ངེས་གསང་སྙིང་པོའི་བསྟན་པ་ཉིན་བྱེད་ལྟར་གསལ་བར་མཛད། དེ་ནས་ད་ལྟའི་བར་གྲུབ་དབང་སྐུ་རབས་དྲུག་དང་བསྟན་བདག་གདན་རབས་བཅུ་གཉིས་ཀྱི་རིང་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་འོད་སྟོང་འབར་བས་ཡངས་པའི་ས་ཆེན་པོའི་ཁྱོན་ཀུན་ཡོངས་སུ་ཁྱབ་པ་སྟེ། ཀུན་གཟིགས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་མཛད་པའི་གདན་རབས་པདྨའི་དགའ་ཚལ་དུ། བོད་ཆེན་པོའི་ལྗོངས་ཀྱི་སའི་ཐིག་ལེར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་མངའ་ཁུལ་འདིར་ནི། སྔ་འགྱུར་པའི་བསྟན་པ་ཁོ་ན་དར་རྒྱས་ཆེ་བས་དགོན་གནས་ཆེ་ཕྲའང་མང་དུ་བཞུགས་ཤིང་དེ་ཐམས་ཅད་ཀྱང་རྒྱལ་བ་ཀཿཐོག་པ་དང་། གྲུབ་དབང་རྫོགས་ཆེན་པའི་ཕྲིན་ལས་ལས་བྱུང་བ་ཤ་སྟག་ཡིན་པས་དེའི་ཚུལ་མདོ་ཙམ་བརྗོད་ན། ཅེས་སོགས་གསལ་བར་གསུངས་པ་ལྟར་ས་སྐྱོང་སྡེ་དགེ་རྒྱལ་ཁབ་ཀྱིས་གཙོས་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་རྩ་བའི་གདན་ས་ཆེན་མོ་ནས་ཕྱོགས་ཀྱི་བུ་དགོན་སུམ་བརྒྱ་ལ་ཉེ་བ་འཕེལ་བ་དེང་དུས་ཀྱི་སྟོང་ལྡིར་ཙམ་མ་ཡིན་པར་དངོས་སུ་བྱུང་ཞིང་། དགོན་ལག་སོ་སོའི་ལོ་རྒྱུས་གདན་རབས་ཆ་ཚང་ཐེངས་འདིར་ལག་སོན་མ་བྱུང་པ་སོགས་ཀྱིས་རྟེན་འབྲེལ་མཐའ་ཅན་དུ་བྱས་ཤིང་། འབྱུང་ཆར་སོ་སོའི་ལོ་རྒྱུས་གདན་རབས་ཆ་ཚང་པར་རིས་དང་བཅས་པའི་དེབ་ཆེན་ཞིག་མི་འགྱང་ཅིས་ཀྱང་བསྐྲུན་འོས་རང་བསྟན་ལ་ལྷག་བསམ་དང་མཁྱེན་དཔྱོད་ལྡན་པ་རྣམས་ལ་ཐུགས་གསོས་སུ་ཞུ་བ་དང་བཅས། འདིར་སྐབས་སུ་བབ་པ་རུ་དམ་གདན་ས་ཆེན་མོ་འདི་ཉིད་དུ་གནའ་བོའི་དུས་སུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་ས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་གཞི་གཙུག་ལག་ཁང་ཆེན་མོ་དག་ཇི་ལྟར་བཞུགས་པའི་ཚུལ་མདོ་ཙམ་བརྗོད་ན། དེ་ཡང་ཆོས་སྡེ་ཆེན་མོའི་དཀྱིལ་དབུས་སུ་ཐུབ་བསྟན་ཡོངས་སུ་འདུས་པའི་དགའ་བའི་ཚལ་གྱི་གན་དྷོ་ལ་འདུས་པ་སུམ་སྟོང་ལྷག་ཤོང་བའི་རྒྱ་ཁྱོན་དང་ལྡན་པ་སུམ་ཐོག་སྒོ་ཁྱམས་གློ་འབུར་དུ་བྱས་པ་ལྷང་ངེར་བརྗིད་ཆགས་པ་དང་། དེའི་ནང་རོལ་འོག་ཁང་ཆེན་མོའི་དཀྱིལ་དབུས་སུ་གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཐོག་བརྩེགས་གཉིས་པ་འཁོར་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་གིས་བསྐོར་བ། གཡས་ཕྱོགས་སུ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ནས་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་བཅས་པའི་སྐུ་བརྙན་དང་། གསང་ཆེན་ངེས་པའི་རྒྱུད་ཀྱི་གླེགས་བམ་སོགས་བཀའ་གཏེར་གྱི་ཆོས་དཔེ་གྲངས་མེད་པ་བཞུགས་སུ་གསོལ་བ། གཡོན་ཕྱོགས་སུ་གྲུབ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བརྙན་དང་གསུང་འབུམ། གསེར་གདུང་བཅས་སྐུ་གསུང་ཐུགས་རྟེན་ཕྲེང་བསྟར་བསྒྲིགས་པ། ཕྱོགས་ཀྱི་གྱང་ངོས་རྣམས་སུ་སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་དང་། སློབ་དཔོན་པདྨའི་རྣམ་ཐར་བཅས་གསེར་ཞུན་གྱི་ཁུ་བས་ལྡེབས་རིས་སུ་བྲིས་པ་སོགས་བྱིན་རླབས་ཀྱི་གཟི་འོད་འབར་བའི་སྐུ་གསུང་ཐུགས་རྟེན་མཐའ་ཡས་པ་བཞུགས་ཤིང་། དེ་དག་ལ་མཆོད་པའི་ཡོ་བྱད་ཀྱང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བཀྲ་ཤིས་རྫས་རྟགས་ཀྱི་དངོས་པོ་དང་། དར་གྱི་རྒྱལ་མཚན། བླ་བྲེ། འཕན་འཕུར། ནོར་བུའི་ཕྲེང་བ་སོགས་དཀྱིལ་འཁོར་གྱི་ཡོ་ཆས་མ་ཚང་བ་མེད་པ་ཀུན་བཟང་མཆོད་པའི་སྤྲིན་ཆེན་བསམ་གྱིས་མི་ཁྱབ་པས་ལེགས་པར་མཆོད་པ། ཡང་ཐོག་བར་ཁང་གི་དཀྱིལ་དབུས་སུ་གསེར་དངུལ་ལས་བྱས་པའི་ཁང་བཟང་དུ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ལོངས་སྐུར་ཞལ་བསྒྱུར་བ་ཇོ་བོ་མཐོང་གྲོལ་ཆེན་པོ་སྐུ་རྒྱུ་ཛྙཻཀྵིམ་ལས་གྲུབ་པ་ཐུབ་དབང་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན། གཡས་གཡོན་དུ་མཆོག་ཟུང་གཉིས་མཉམ་པར་བཞེངས་པ། གསེར་གཡུ་མུ་མེན་སོགས་རིན་པོ་ཆེའི་ཕྲ་ཚོམ་གྱིས་བརྒྱན་ཅིང་མཆོད་པའི་བྱེ་བྲག་གྱ་ནོམ་པས་མཆོད་པ། དེའི་གཡས་གཡོན་དུ་རྒྱུད་མར་གསང་སྙིང་ལྷ་ཁང་། སྡོམ་རྒྱུན་ལྷ་ཁང་། བཀའ་བརྒྱུད་ལྷ་ཁང་། ས་སྐྱའི་ལྷ་ཁང་། དགའ་ལྡན་ལྷ་ཁང་། མགོན་ཁང་ཆེན་མོ་བཅས་རིམ་པར་བསྒྲིགས་པ་ལ་སོ་སོའི་ལུགས་ཀྱི་སྐུ་གསུང་ཐུགས་རྟེན་མང་པོས་ཕྱུར་བུར་བཀང་བ་དང་། མཆོད་རྫས་སྣ་ཚོགས་པས་ལེགས་པར་མཆོད་པ། དབུ་རྩེའི་ཡང་ཐོག་ཏུ་གསེར་གྱི་རྒྱ་ཕིབས་དང་གན་ཛི་ར། ཆོས་འཁོར་དང་རྒྱལ་མཚན། རི་དྭགས་ཆོས་ཉན་པ་དང་ཆུ་སྲིན་གྱི་མགོ་བོ་བཅས་ཀྱིས་མཛེས་པར་བརྒྱན་ཅིང་བརྗིད་ཆགས་པ། མདོ་ལྟར་གཙུག་ལག་ཁང་དང་སྔགས་ལྟར་གཞལ་ཡས་ཁང་གི་བཀོད་པ་རྫོགས་པ་སོགས་ངོ་མཚར་བཟོ་སྒྲོས་ཀྱི་རྣམ་པས་ཡོངས་སུ་སྤུད་པ་ཉིད་དུ་གྲུབ་བོ། །དེ་དང་མི་རིང་བའི་ཤར་ཕྱོགས་སུ། རྒྱ་ཁྱོན་དང་བཟོ་དབྱིབས་གོང་དང་ཕལ་ཆེར་མཚུངས་པའི་ལྷ་སར་ལྷ་ཁང་ཆེན་མོ་ཐོག་བརྩེགས་གསུམ་པ་རྟེན་གྱི་གཙོ་བོ་གསེར་ཟངས་ལས་གྲུབ་པའི་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་ལྷ་ཁང་དང་མཐོ་ཚད་མཉམ་པ། ལོགས་བྲིས་སུ་ཐུབ་པའི་མཛད་པ་བཅུ་གཉིས་དང་གུ་རུ་མཚན་བརྒྱད་སོགས་ནང་གི་བཀོད་པ་གོང་དང་མཚུངས་པ། བར་ཁང་དུ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བླ་བརྒྱུད་སྐུ་བརྙན་ལྡེབས་རིས་སུ་བྲིས་པ། ཐོག་ཁང་དུ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་དཔེ་མཛོད་དང་། གསུང་རབ་བཀའ་འབུམ་སྣ་ཚོགས་ཀྱི་པར་ཁང་བཅས་བཞུགས་པ་དང་། དེ་ལྟར་གཙུག་ལག་ཁང་ཆེན་མོ་གཉིས་ཀྱི་དབུས་སུ་ཕོ་བྲང་ཁམས་གསུམ་ཟིལ་གནོན་ཐོག་བརྩེགས་གསུམ་པ། ཕྱི་ཕོ་བྲང་ལ་ནང་ལྷ་ཁང་དུ་གྲུབ་པ། ཐོག་སོ་དང་པོར་བླ་མ། ཡི་དམ། མཁའ་འགྲོ་བཅས་ཀྱི་ལྷ་ཁང་དང་། རྡོར་སེམས་སྟོང་སྐུ་ཁང་། ཚེ་སྒྲུབ་ལྷ་ཁང་། དབང་ཁང་དངོས་གྲུབ་འདོད་འཇོ། གཡང་ཁང་རྣམ་སྲས་བང་མཛོད། མགོན་ཁང་དབང་དྲག་རོལ་པ། གཟིམས་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ། ཚོམས་ཆེན་འདོད་རྒུ་ལྷུན་གྲུབ་སོགས་སུ་སྲིད་ན་དཀོན་པའི་སྐུ་རྟེན་དང་། ཞལ་ཐང་། གཡང་རྫས། སྤྱན་གཟིགས་བཅས་མི་དང་མི་མིན་གྱི་ནོར་བུ་འདོད་རྒུ་མ་ཚང་བ་མེད་པས་ཡོངས་སུ་གཏམས་པ། དེ་བཞིན་བར་སོ་དང་འོག་སོ་གཉིས་སུ། མཛོད་ཁང་ཆེ་ཆུང་དྲུག རྒྱན་ཁང་གསུམ། སྤྱི་ཁྱབ་གཞུང་ལས་ཁང་དང་མགྲོན་ཁང་བཅས་ཀྱིས་ཕྱོགས་སུ་ཁེངས་པ། གཞན་ཡང་དགོན་པའི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཐུབ་དབང་སྟོང་སྐུ་ལྷ་ཁང་། གུ་རུ་སྟོང་སྐུ་ལྷ་ཁང་། ཀུན་དགའ་ར་བ། ཞི་ཁྲོའི་ལྷ་ཁང་། ཕྱག་རྡོར་ལྷ་ཁང་། བདུད་འདུལ་ལྷ་ཁང་། གེ་སར་ལྷ་ཁང་། གསེར་འཁོར་ལྷ་ཁང་དང་། དངུལ་འཁོར་ལྷ་ཁང་བཅས་གཙུག་ལག་ཁང་ཆེ་ཆུང་མང་པོས་གང་བ་དང་། དེ་མཚུངས་མཐའ་འཁོར་ཀུན་ཏུ་བླ་བྲང་ཁག་བཅུ་གཉིས་དང་གྲྭ་ཤག་ཆེ་ཆུང་གྲངས་མེད་པས་མཛེས་པར་བཀང་བ། མཐའ་སྐོར་གྱི་ཕྱོགས་བཞིར་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལྷ་ཁང་བཞི་ཞལ་ཕྱིར་ཕྱོགས་པ་དང་། བསྲུང་བཟློག་གི་སྙིང་པོ་ཅན་གྱི་དར་ཆེན་མཐོན་པོ་དག་ཕྱོགས་བཞིར་བསྒྲེངས་པས་བར་ཆད་སྲུང་བ། གཡོན་གཤམ་དུ་བདུད་འདུལ་དང་སྲི་མནན་ལ་སོགས་པའི་མཆོད་རྟེན་ཆེན་མོ་རྣམས་རབ་ཏུ་བརྗིད་པ་བཅས་ཞིབ་ཕྲའི་གནས་ཚུལ་ཡིག་ཚོགས་ཀྱི་ངལ་ནས་འདིར་མ་བཀོད་པས་ལོ་རྒྱུས་རྣམ་ཐར་གཞན་དག་ལ་གཟིགས་ཤིང་མཁྱེན་པར་ཞུ། །

ཞར་བྱུང་སྡེ་འདིར་བཀའ་གཏེར་གྱི་མཆོད་ཁག་སོགས་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་དུས་མཆོད་ཆེ་ཕྲའི་སྒོ་འཕར་ཇི་ལྟར་ཕྱེ་ཚུལ་ཕྱོགས་ཙམ་གླེང་བ་ལ། ཐོག་མར་ཧོར་ཟླ་དང་པོའི་ཚེས་གསུམ་ནས་བཅུའི་བར་སྟོང་གྲྭ་ཞིབ་འདུས་ཀྱིས་སྤྱི་འདུས་བུམ་སྒྲུབ་ཆེན་མོ་ཚེས་བཅུའི་གར་འཆམ་ཚེ་དབང་དང་བཅས་པ། དེ་དང་དུས་མཚུངས་སུ་བླ་གྲྭ་བཅུ་ཕྲག་གིས་ཉིན་བདུན་ལ་སྣ་སེལ་དུ་རྟ་མགྲིན་དྲེགས་ཟིལ་དང་། རྡོར་སེམས། ཀླུ་དབང་དགོངས་རྒྱན། ནོར་བདག གསང་འདུས་བཅས་གྲུབ་མཚམས། གཉུག་མར་གནས་པའི་དགེ་འདུན་པ་དག་གིས་ཟླ་དེའི་ཚེས་ཉི་ཤུ་ནས་སྙིང་ཐིག་ཕུར་པ་རྒྱུད་ལུགས་ཀྱི་སྒྲུབ་ཆེན་གཏོར་རྒྱག་ཉིན་དགུ་དང་། མཇུག་ཏུ་རྫོགས་ཆེན་ཕུར་ཆེན་ཞེས་གྲགས་པའི་གར་འཆམ་ཉིན་གྲངས་ལྔ་ལ་བསྟུད་མར་གནང་བ་དང་། གྲྭ་མང་ཡོངས་ནས་ཟླ་དེའི་ཚེས་བཅོ་ལྔ་ནས་དབུ་བརྩམས་ཏེ་སློབ་གྲྭ་ཆེན་མོ་ཞེས་ཟླ་བ་ཕྱེད་གསུམ་གྱི་རིང་ལ་འཛིན་གྲྭ་ཁག་བཅོ་ལྔ་རུ་བགོས་ཏེ་དུས་ཐོག་གཅིག་ཏུ་མདོ་སྔགས་གཞུང་ལུགས་དུ་མའི་འཆད་ཉན་མཛད། དེ་འཕྲོས་ཟླ་བ་གཉིས་པའི་ཚེས་གསུམ་ནས་ཉི་གྲགས་ནོར་བདག་གཡང་སྒྲུབ་ཉིན་བདུན་དང་། ཟླ་དེའི་ཚེས་བཅུ་གསུམ་ནས་དགོངས་འདུས་དང་། བཀའ་བརྒྱད་དྲེགས་འདུལ། རཏ་གླིང་ཕུར་བ། པད་གླིང་ཕྱག་རྡོར། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ། སྙིང་ཐིག་དྲག་པོ་རྟ་ཁྱུང་། སྡུག་བསྔལ་རང་གྲོལ། དཔལ་ཆེན་འདུས་པ། ཡང་ཏི་གསེར་གྱི་འབྲུ་གཅིག །ཐུགས་སྒྲུབ་བར་ཆད་ཀུན་སེལ། པད་གླིང་བླ་མ་ནོར་བུ་རྒྱལ་མཚན། གུ་རུ་ཡོན་ཏན་གཏེར་མཛོད། མཆོག་གླིང་གསང་བདག་དྲེགས་འདུལ། རྡོར་གླིང་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཆོས་དབང་ཡང་དག གཡུ་ཐོག་སྙིང་ཐིག རྒྱ་སྟོན་རིག་འཛིན་བདེ་མཆོག །གུ་རུ་རིན་ཆེན་སེང་གེའི་དམོད་པ་དྲག་སྔགས། བྱང་གཏེར་རིག་འཛིན་གདུང་སྒྲུབ་བཅས་གཏེར་སྒྲུབ་མཆོད་ཁག་ཉི་ཤུ་ཉིན་བདུན་ལ་དུས་ཐོག་གཅིག་ཏུ་རྒྱས་འཚོགས་དང་། དེ་རྗེས་ཟླ་བ་གསུམ་པའི་ཚེས་གསུམ་ནས་རཏ་གླིང་ཚེ་སྒྲུབ་ཉིན་དགུ། དེའི་ཚེས་བཅོ་བརྒྱད་དང་བཅུ་དགུ་གཉིས་ལ་ཐུགས་ཆེན་བདེ་གཤེགས་ཀུན་འདུས་དང་འབྲེལ་བའི་རབ་གནས་ཉིན་གཉིས། ཧོར་ཟླ་བཞི་པའི་ཚེས་ཉེར་བཞི་ནས་སྔ་འགྱུར་བཀའ་གཏེར་གྱི་སྒྲུབ་མཆོད་ཆེན་མོ་མཆོད་ཁག་བཞི་བཅུ་ལྷག་གི་དངོས་གཞིིའི་སྒྲུབ་པ་ཉིན་བདུན་དང་རྩ་དྲུག་གར་གསུམ་གྱི་རྡོ་རྗེའི་གར་འཆམ་ཉིན་གསུམ་བཅས་ལེགས་པར་གྲུབ་འཕྲལ། ཟླ་བ་ལྔ་པའི་ཚེས་བཞི་ནས་ཀར་གླིང་ཞི་ཁྲོའི་གནས་སྟོང་ཉིན་བཞི་ལ་འཚོགས་པ་དང་། ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་ཟླ་བ་ཕྱེད་གཉིས་དང་ལྗོངས་རྒྱུ་ཉིན་གསུམ་གྱིས་ལེགས་པར་གྲོལ། དེ་རྗེས་ཟླ་བ་དགུ་པའི་ཚེས་ཉི་ཤུ་ནས་རཏ་གླིང་ཕུར་པའི་སྒྲུབ་པ་གཏོར་ཟློག་གཙོ་བོར་བྱེད་པ་ཉིན་བདུན་དང་། ཟླ་བ་བཅུ་པའི་ཚེས་གཅིག་ནས་ཞག་གྲངས་བརྒྱ་ལ་རྐང་བརྡས་བསྐུལ་ཏེ་དགེ་འདུན་པ་ཀུན་ཀྱིས་ཉིན་ལྟར་སྔ་ཕྱིའི་ཐུན་བཞི་གཅོད་པ་དང་། ཟླ་བ་བཅུ་བའི་ཚེས་ཉི་ཤུའི་ནང་གནམ་ཆོས་ཁྲོ་བཅུ་དང་ཀིང་ཀང་གཉིས་དུས་མཚུངས་སུ་ཉིན་བདུན་ལ་འཚོགས། དེའི་ཚེས་བཅོ་བརྒྱད་ལ་མི་འགྱུར་ནམ་མཁའི་རྡོ་རྗེའི་འདས་མཆོད་དང་། ཉེར་གཉིས་ལ་གྲུབ་དབང་ལྔ་པའི་འདས་མཆོད་བཅས་རིམ་གཞིན་འཚོགས། ཟླ་བ་བཅུ་གཅིག་པའི་ཚེས་ཉི་ཤུ་ནས་མ་ཏིའི་སེང་དམར་ཉིན་བདུན་དང་། ཚེས་ཉེར་ལྔ་ལ་གྲུབ་དབང་པདྨ་རིག་འཛིན་གྱི་འདས་མཆོད། ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཀུན་མཁྱེན་ཆེན་པོའི་འདས་མཆོད་དང་། ཚེས་ཉི་ཤུའི་ནང་བཀའ་བརྒྱད་ཁྲོ་བོ་རོལ་པའི་སྒྲུབ་ཆེན་ཉིན་བརྒྱད་དང་གར་འཆམ་གཏོར་རྒྱག་སོགས་ཉིན་གསུམ་གྱིས་གྲུབ། འདིའི་སྐབས་སུ་རྟ་མགྲིན་དྲེགས་ཟིལ་དང་། བདེ་མཆོག རཏ་ཕུར་གྱི་སྒོ་ནས་དམ་སྲི་མནན་པ་བཅས་སྒྲུབ་ཁག་སོ་སོ་ཉིན་བདུན་ལ་དུས་ཐོག་གཅིག་ཏུ་འཚོགས། གཞན་ཡང་ཟླ་རེའི་ཚེས་བཅུ་དང་ཉེར་ལྔ་ལ་རིག་འདུས་དང་ཡུམ་ཀའི་ཚོགས་མཆོད། དེ་མཚུངས་ཟླ་བ་ཕྱེད་ཀྱི་ཆ་ལ་མདོ་ལུགས་ཀྱི་གསོ་སྦྱོང་དང་། མར་ངོའི་ཉེར་དགུ་ལ་དགུ་གསོལ་དང་རྒྱུན་པར་གསོལ་ཀ་གྲྭ་ཚང་བླ་གྲྭ་ཆིག་བརྒྱ་ལྷག་གིས་ཉིན་བཞིན་གསོལ་ཀ་རྒྱུན་འཚོགས། གནམ་སྟོང་ལ་ཞི་ཁྲོའི་གནས་བརྒྱ་འཚོགས་པ་སོགས་དུས་ཀྱི་མཆོད་པ་ཆེ་ཕྲ་གང་གི་སྐབས་སུའང་དཀྱིལ་འཁོར་གྱི་གཟུགས་བརྙན་ཙམ་དང་། ཅ་ཅོའི་ངག་འདོན་ཙམ་མིན་པར་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་དགོངས་དོན་ལྟར། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་ནས་བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་ཐོག རང་ལུགས་དྲི་མ་མེད་པ་མཐོང་བརྒྱུད་ཆོ་གའི་ཕྱག་བཞེས་མ་ནོར་བས་སྒྲུབ་པའི་ཟུར་བརྒྱན་པ་བཅས། ཚད་དང་མཚན་ཉིད་ཀྱི་ཆོས་ཀུན་ཡོངས་སུ་ཚང་བའི་སྒོ་ནས་བསྙེན་སྒྲུབ་ཚུལ་བཞིན་མཛད་པས། ཡི་དམ་ལྷས་ཞལ་གཟིགས་དང་གསུང་འབྱོན་གནང་བ། སྒྲུབ་གཏོར་ལས་བདུད་རྩིའི་རྒྱུན་འབབ་པ། ཟོར་རྩེ་ལས་མེ་དཔུང་འབར་བ། ཧོམ་ཁུང་དུ་ཁྲག་འཁྱིལ་བ་སོགས་ལས་བཞི་གྲུབ་པའི་རྟགས་མཚན་ངོ་མཚར་བ་མངོན་སུམ་མཐོང་ཆོས་སུ་གྲུབ་པ་གྲངས་མེད་བྱུང་བར་གྲགས་སོ། །དེ་ལྟར་ཆོས་སྡེ་ཆེན་པོ་འདིའི་རིང་ལུགས་ཆོས་བརྒྱུད་ཀྱིས་མདོ་དབུས་ཁམས་གསུམ་སྟེ་བོད་ཆེན་པོའི་ལྗོངས་ཀུན་ཡོངས་སུ་ཁྱབ་པར་མ་ཟད། ཤར་ནུབ་ཀྱི་རྒྱ་མཚོ་ཆེན་པོ་བརྒལ་བའི་གླིང་ཆེན་དང་གླིང་ཕྲན་ཀུན་ཏུ་ཕྲིན་ལས་ཀྱི་འོད་སྣང་དཀར་པོ་འཕྲོས་དང་སྤྲོ་བཞིན་པ་ཇི་སྲིད་བསྐལ་པ་རྒྱ་མཚོར་ནུབ་པ་མེད་པར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་སྨོན་འདུན་ཞུ། །

གཉིས། བཤད་པའི་སྡེ་ཤྲཱི་སེང་ཆོས་གྲྭ་ཆེན་མོ་ཡན་ལག་དང་བཅས་པའི་བྱུང་བ་བརྗོད་པ།

གཉིས་པ་བཤད་པའི་ཆོས་སྡེ་ཆེན་མོ་དཔལ་གྱི་ནཱ་ལེནྡྲ་གཉིས་པ་གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་ཆོས་གྲྭ་ཆེན་མོ་ཡན་ལག་དང་བཅས་པའི་བྱུང་བ་བརྗོད་པ་ལ། དེ་ཡང་སྤྱི་ལོ་༡༨༢༨པ་བོད་རབ་བྱུང་བཅུ་བཞི་པའི་ས་བྱི་ལོར་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས། ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་བཅས་ཕྲིན་ལས་དུས་བབ་ཀྱི་སྐྱེས་བུ་ཆེན་པོ་དག་བཀའ་བགྲོས་ཏེ། རྫོགས་ཆེན་དགོན་ལས་རྒྱང་གྲགས་གཅིག་གིས་རིང་བའི་མདུན་ཐང་ཆེན་མོའི་དཀྱིལ་དབུས། མཁས་པའི་ལྗགས་སམ་ཤེས་རབ་རལ་གྲིའི་དབྱིབས་དང་མཚུངས་པའི་ས་ཁད་ཅུང་མཐོ་བའི་སྤང་ལྗོངས་ཉམས་དགའ་བ། རིག་འཛིན་ཤྲཱི་སེང་ཧཱ་རྫུ་འཕྲུལ་གྱིས་བྱོན་ནས་བྲག་ལ་སྐུ་རྗེས་བཞག་སྟེ་བྱིན་གྱིས་བརླབས་ཤིང་། མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་སྐུ་དངོས་ཀྱིས་ས་འདུལ་དང་རལ་གྲིས་ས་ཐིག་མཛད་པའི་གནས་དེར་རྫོགས་ཆེན་ཤྲཱི་སེང་ཧ་ཞེས་གྲགས་པའི་ཆོས་སྡེ་ཆེན་མོ་འདི་ཉིད་གསར་དུ་ཕྱག་བཏབ། དུས་དེར་གཉུག་མར་གནས་པའི་དགེ་འདུན་པ་ཞལ་གྲངས་ལྔ་བཅུ་ལྷག་བཞུགས་པའི་གཙུག་ལག་ཁང་གྲྭ་ཤག་དང་བཅས་པ་བསྐྲུན་པ་དང་། མདོ་ཁམས་ཉི་མ་ཤར་ཕྱོགས་ཀྱི་ལྗོངས་འདིར་མཉམ་མེད་ཤཀྱཱ་སེང་གེའི་རིང་ལུགས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་གཙང་མའི་སྒོ་འཕར་ཐོག་མར་ཕྱེས། དུས་མཚུངས་མདོ་སྔགས་རིག་གནས་བཅས་པ་འཆད་ཉན་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པས་སྤེལ་བའི་སྲོལ་གསར་དུ་བཏོད། དེ་ནས་རིམ་པར་མཁན་ཆེན་པདྨ་བཛྲ་དང་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་རྣམ་གཉིས་ཀྱིས་རྒྱུན་བསྐྱངས་པ་དང་། མཁས་མཆོག་གཞན་ཕན་སྣང་བས་མཐའ་རྒྱས་སུ་སྤེལ་ཞིང་། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་སླར་གསོ་རྒྱ་སྐྱེད་གནང་བ་སྟེ། མཁན་རབས་དང་པོ་མཁས་བཙུན་གྲུབ་པའི་དབང་ཕྱུག་སེང་ཕྲུག་པདྨ་བཀྲ་ཤིས་ནས། རྒྱལ་སྲས་གཞན་ཕན་མཐའ་ཡས། ཉི་གྲགས་རིག་འཛིན་བཟང་པོ། རྒྱལ་རོང་མཁན་པོ་པདྨ་ཤེས་བྱ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། འབྲུག་ཡུལ་མཁན་པོ་བསོད་ནམས་དགེ་ལེགས། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། རྐང་ཚའི་མཁན་ཆེན་པདྨ་བཛྲ། གཏོ་རུ་མཁན་པོ་སྐལ་ལྡན་རྒྱ་མཚོ། རྐང་ཚའི་མཁན་པོ་རྡོ་རྗེ་རབ་བརྟན། ཕུར་ཚའི་མཁན་པོ་ཨ་དཀོན་ནམ་དཀོན་མཆོག་འོད་ཟེར། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ། མཛོ་བའི་མཁན་པོ་དགེ་ལེགས་རྣམ་རྒྱལ། མཁན་པོ་ཚེ་རིང་ནོར་བུ། ཁྲོ་བའི་མཁན་པོ་དཀོན་མཆོག་གྲགས་པ། ཨ་གྲོའི་མཁན་པོ་བསོད་ནམས་ཆོས་འཕེལ། མཁན་སྤྲུལ་ཐུབ་བསྟན་ཚུལ་ཁྲིམས་རྒྱ་མཚོ། རྟ་བའི་མཁན་པོ་དཀོན་མཆོག་བཟང་པོ། རྒྱ་ཀོང་མཁན་པོ་གཞན་ཕན་སྣང་བ། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། ཨ་བོའི་མཁན་པོ་འཇིགས་མེད་བློ་གྲོས། ཨ་གྲོའི་མཁན་པོ་ཡེ་ཤེས་རྒྱ་མཚོ། མཁན་ཆེན་ཐུབ་བསྟན་སྙན་གྲགས། ཉག་ཤུལ་མཁན་པོ་འགྱུར་མེད་འོད་གསལ་ལམ་འགྱུར་དགའ། མཁས་གྲུབ་ངག་དབང་ནོར་བུ། མཁན་པོ་འཆི་མེད་ཡེ་ཤེས། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་པདྨ་ཚེ་དབང་རྒྱ་མཚོ། ཨ་གྲོའི་མཁན་པོ་འོད་ཟེར་མཐའ་ཡས། ཚོང་དཔོན་མཁན་པོ་ནོར་གཡང་ངམ་དཀོན་མཆོག་ཡེ་ཤེས་འོད་ཟེར། མཁན་པོ་ཆོས་དབྱིངས་རྣམ་རྒྱལ། མཁན་པོ་བསྟན་འཛིན་ཆོས་བཟང་། ཙཱ་རིའི་མཁན་པོ་ཆོས་འབྱོར་བཅས་རྩ་བའི་གདན་སའི་ལས་ཐོག་མཁན་པོ་མཁན་རབས་ནོར་བུའི་ཕྲེང་བ་ལྟ་བུ་སོ་གསུམ་བྱོན་པ་དང་། དེ་དག་གི་སློབ་བརྒྱུད་ཡང་སློབ་ཏུ་གཏོགས་པ་རིས་མེད་བསྟན་པ་འཛིན་པའི་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་ལས་གཙོ་བོའི་མཚན་ཙམ་སྨོས་ན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འབམ་མདའ་དགེ་ལེགས་རྒྱ་མཚོ། འཇའ་བ་དགེ་བཤེས་མདོ་སྔགས། འབར་ཆུང་བཀྲ་ཤིས་རྒྱ་མཚོ། རས་པ་བསྟན་འཛིན་གྲགས་པ། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཆེན་ཡོན་ཏན་རྒྱ་མཚོ། མི་ཉག་ཀུན་བཟང་བསོད་ནམས། མཁས་གྲུབ་ཀུན་དགའ་དཔལ་ལྡན། ཞེ་ཆེན་མ་ཧཱ་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། རྒྱལ་ཚབ་པདྨ་རྣམ་རྒྱལ། མཁན་ཆེན་ཀུན་བཟང་དཔལ་ལྡན། མུ་ར་པདྨ་བདེ་ཆེན་བཟང་པོ། མཁས་གྲུབ་འཇིགས་མེད་སྐལ་བཟང་། སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ། དགུ་རོང་ཧོ་ཐོག་ཐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། ཨ་མདོ་བ་རིག་འཛིན་བདུད་འཇོམས་རྡོ་རྗེ། འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེ། མཁས་མཆོག་གླག་བླ་ཆོས་འགྲུབ། མཁན་ཆེན་ངག་དབང་དཔལ་བཟང་ངམ་ངག་ཆུང་། བཱ་ཐུར་མཁན་ཆེན་ཐུབ་བསྟན་ཆོས་འཕེལ། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན། མཁན་ནོར་བུ་བསྟན་འཛིན། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། རྒ་བ་འཇམ་དབྱངས་རྒྱལ་མཚན། དིལ་མཁྱེན་རབ་གསལ་ཟླ་བ། ར་ཧོར་ཆོས་ཀྱི་གྲགས་པ། གསེར་ཁ་ཆོས་གྲགས། དབོན་སྟོད་མཁྱེན་རབ། ཟུར་མང་པདྨ་རྣམ་རྒྱལ། འབོ་གངས་དཀར་སྤྲུལ་སྐུ། མཁན་ཆེན་ངག་དབང་ནོར་བུ། མཁན་ཚེ་རིང་ནོར་དགའ། ཉག་རོང་གུ་རུ་སྤྲུལ་སྐུ། ཁུ་ནུ་བསྟན་འཛིན་རྒྱལ་མཚན། འབྲུག་དགེ་བཤེས་བསྟན་པ་རིན་ཆེན། དཀར་མཛེས་བྲག་དཀར་མཆོག་སྤྲུལ། བུ་རྒྱུད་ལྷ་བ་སྤྲུལ་སྐུ། མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་བཟང་རང་གྲོལ། ར་སྐོར་མཁན་པོ་ཐུབ་བསྟན་ནོར་བུ། ཨ་སྐྱོང་མཁན་ཆེན་ཐུབ་བསྟན་བརྩོན་འགྲུས། དགེ་རྒྱལ་ཐུབ་བསྟན་རྣམ་རྒྱལ། ར་ཧོར་མཁན་ཆེན་ཟླ་བའི་འོད་ཟེར། གསེར་རྟ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ། ཨ་སྐྱོང་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ། མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ། བྲག་མཁར་མཁན་པོ་ཚེ་རིང་ཉི་མ། དགེ་མང་མཁན་པོ་དབང་ལོ། མཁས་བཙུན་དབང་སྡིས་རིན་པོ་ཆེ། རྨེ་པ་མཁན་པོ་ཐུབ་བསྟན། མཁན་པོ་ཚེ་དབང་ཕུན་ཚོགས། སྤས་རབ་ཐོར་ཅོག འཛིང་པ་མཁན་པོ་རྡོ་རྗེ་སོགས་སྔོན་གཤེགས་དམ་པ་རྣམས་དང་། ད་ལྟའི་དུས་འདིར་བསྟན་འགྲོའི་དཔལ་མགོན་དུ་འཚོ་ཞིང་བཞེས་པ་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཕྲིན་ལས་དཔལ་འབར། མཁན་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ། མི་ཉག་རྩ་ར་ཆོས་གྲགས། ར་ཧོར་མཁན་པོ་ཐུབ་བསྟན། མཆོག་སྤྲུལ་ཤེས་རབ་རྒྱལ་མཚན་སོགས་སྔོན་ནས་ད་ལྟའི་བར་དུ་གཞུང་བརྒྱ་སྨྲ་བའི་མཁས་དབང་དང་། ཉམས་རྟོགས་ལྡན་པའི་གྲུབ་མཆོག་ཡང་སློབ་དང་བཅས་པས་འཛམ་གླིང་ཕྱོགས་ཀུན་ཁྱབ་པའི་མཁས་གྲུབ་ཀྱི་ཚང་ཆེན་པོ་བརྡོལ་བས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཞེས་མཚན་སྙན་སྲིད་པའི་རྩེ་མོར་ཡོངས་སུ་གཡོ་བའི་ཆོས་སྡེ་ཆེན་མོ་འདི་བྱུང་ལ། དེ་དག་སློབ་བརྒྱུད་དང་བཅས་པའི་རྣམ་ཐར་འོག་ཏུ་རྒྱས་པར་འབྱུང་ཞིང་། འདིར་སྐབས་སུ་བབ་པ་ཡང་དར་བསྟན་པའི་མེ་རོ་གསར་དུ་གསོས་པའི་ཚུལ་ཅུང་ཟད་གླེང་བ་ནི། ཇི་སྐད་དུ། གཡོན་རུ་གཏེར་ཆེན་པདྨ་རྣམ་གྲོལ་གླིང་པའི་འཛམ་གླིང་སྤྱི་ལུང་ལས། ཆོས་སྡེ་ཤྲཱི་སེང་ཧ་ཡི༔ མི་འཇིགས་སེང་གེའི་ཁྲི་མཆོག་ལ༔ པདྨའི་ཐུགས་སྤྲུལ་པདྨའི་མཚན༔ རྒྱལ་བསྟན་སྤྱི་དང་བྱེ་བྲག་གི༔ དགེ་ལེགས་ཡོན་ཏན་ཉིན་མོར་བྱེད༔ ཅེས་ཚད་མར་གྱུར་པའི་ལུང་ལས་གསལ་བ་ལྟར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་ནས་བོད་རབ་བྱུང་བཅུ་བདུན་པའི་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོའི་ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་རྒྱལ་བ་ལྷ་ལས་བབ་པའི་དུས་ཚེས་བཟང་པོའི་ཉིན། སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོ་བསྐྱར་གསོ་དབུ་འཛུགས་ཀྱི་མཛད་སྒོ་སྤེལ་ཏེ་གངས་ལྗོངས་མཁས་པའི་འབྱུང་གནས་རུ་དམ་རྫོགས་ཆེན་ཤྲཱི་སེང་ལྔ་རིག་ཆོས་གྲྭ་ཆེན་མོ་ཞེས་མཚན་བསྒྱུར། དུས་དེར་ཆོལ་གསུམ་བོད་ཀྱི་ཡུལ་ནས་ན་གཞོན་སྡེ་སྣོད་འཛིན་པའི་ཁྱུ་ཚོགས་ཀྱི་ངུར་སྨྲིག་བླ་གོས་གསར་པས་ནམ་མཁའི་ཁ་དོག་བསྒྱུར་པ་དང་། ཐེག་གསུམ་ཆོས་ཀྱི་སྒྲ་དབྱངས་ཀྱིས་ཁོར་ཡུག་གངས་རིའི་ལྗོངས་ཀུན་སླར་ཡང་གཉིད་ལས་སློང་བར་བྱས། དེ་ནས་བཟུང་སྐྱབས་རྗེ་རིན་པོ་ཆེ་ཉིད་ཀྱིས་ཐུགས་ཁུར་དང་སྐུ་ཉིད་བསྟན་འགྲོའི་དོན་དུ་འཕགས་ཡུལ་དུ་ཕེབས་སྐབས་རླངས་འཁོར་གདོང་ཐུག་གིས་བརྡབ་སྐྱོན་བྱུང་བའི་ཟུངས་ཁྲག་དྲོན་མོའི་རིན་གྱིས་རྨང་གཞི་བཏིང་སྟེ། ཆོས་གྲྭའི་གྲྭ་ཤག་གཙུག་ལག་ཁང་དང་བཅས་པ་གཞི་ཁྱོན་ཆེ་བའི་རྒྱ་བསྐྱེད་བཞེངས་སྐྲུན་མཛད་པ་སྟེ། ཆོས་གྲྭ་ཆེན་མོའི་དཀྱིལ་དབུས་སུ་ཐུབ་བསྟན་ཉིན་མོར་བྱེད་པའི་གཙུག་ལག་ཁང་སུམ་ཐོག་ཅན་རྒྱ་ཁྱོན་སྔར་བས་ཉིས་འགྱུར་གྱིས་ཆེ་ཞིང་བཟོ་རྩལ་ཁྱད་དུ་འཕགས་པའི་རྐོས་རིས་ཀྱིས་མཛེས་པ། འོག་ཁང་དུ་འདུས་པ་སྟོང་ཕྲག་ཤོང་བའི་ཚོམས་ཆེན་ཀུན་དགའ་ར་བ་དང་། བར་ཁང་དུ་སྡོམ་རྒྱུན་ལྷ་ཁང་དང་གསང་སྙིང་ལྷ་ཁང་སོགས་ནང་བཞུགས་སྐུ་གསུང་ཐུགས་རྟེན་དང་བཅས་པ། མཐའ་འཁོར་དུ་ཤར་ཐོས་བསམ་ནོར་བུའི་གླིང་དང་། ལྷོ་ལུང་རིགས་བསམ་འཕེལ་གླིང་། ནུབ་ངེས་དོན་ཆོས་འཁོར་གླིང་། བྱང་བཤད་སྒྲུབ་རྣམ་ངེས་གླིང་བཅས་གླིང་ཕྱོགས་ཆེ་བཞིའི་གྲྭ་ཤག་ཉིས་ཐོག་ཅན་ཕྱོགས་རེ་ལ་ཁང་མིག་བརྒྱ་རེ་ཉེ་བས་ལྕགས་རི་ལྟར་ཡོངས་སུ་བསྐོར་བ།

ཤར་ཐོས་བསམ་ནོར་བུའི་གླིང་དུ། མཚོ་སྔོན། སྦྲ་ནག །ཨ་མདོ། མགོ་ལོག རྫ་རྒྱུད། རྨེ་ཡུལ། གསེར་ལྗོངས། གཙང་ཐང་། ར་ཧོར། ཆ་ནང་། མདོ་ཆེན། ཧོར་སོག རྒྱ་ནག་བྱང་ཤར་པ་སོགས་ཀྱི་གྲྭ་རྒྱུན་བཞུགས་ཁོངས་དང་། ལྷོ་ལུང་རིགས་བསམ་འཕེལ་གླིང་དུ། དབུས་གཙང་། མངའ་དྭགས། སྤོ་ཀོང་། ཆབ་བྲག །ནག་སོག འདམ་ཤོད། སྐྱེ་མདོ། ནང་ཆེན། སྡེ་གླིང་། འབྲི་རྒྱུད་བར་སྟོད། རྒྱ་སྡེ་ཁག་གསུམ། བུ་རྒྱུད། ར་ཚང་། འབྲུག་འབྲས་བལ་མོན་སོགས་ཀྱི་གྲྭ་ཁོངས། ནུབ་ངེས་དོན་ཆོས་འཁོར་གླིང་དུ། ཏྲེ་ཤོད། ཉག་རྒྱུད། ས་སྨད། འཇང་རོང་། འབའ་གླིང་། ལི་ཐང་། འབྲི་རྒྱུད་སྨད་པ། ཧྥི་གླིང་པ་སོགས་ཀྱི་གྲྭ་ཁོངས། བྱང་བཤད་སྒྲུབ་རྣམ་ངེས་གླིང་དུ། མི་ཉག་རོང་འབྲོག གཡུ་མཁར། རྒྱལ་རོང་། ཁྲོ་ཆུ། དར་མདོ། གངས་དཀར། ཉག་ཆུ། བརྒྱད་ཟིལ། སྡེ་རོང་། འདབས་པ། རྒྱ་ནག་ལྷོ་ནུབ་པ། ཤང་ཨོའོ། ཐེའེ་ཝན། འཇར་པེན་པ་སོགས་ཀྱི་གྲྭ་ཁོངས་བཅས་གླིང་ཕྱོགས་སོ་སོའི་གྲྭ་ཁོངས་དང་།

ཆོས་གྲྭ་ཆེན་མོའི་སློབ་གཞིའི་ཡིག་ཆ་དང་འཛིན་གྲྭའི་རིམ་པ་ནི། འཛིན་གྲྭ་དང་པོས་བྲིས་གཟུགས། དག་ཡིག སུམ་ཅུ་པ། བསྡུས་གྲྭའི་རིགས་ལམ་ཆུང་བ། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ། རྒྱལ་སྲས་ལག་ལེན། བཤེས་སྤྲིང་། ལོ་རྒྱུས་བཅས་དང་། འཛིན་གྲྭ་གཉིས་པས། ལཉ་ཝར་བྲིས་གཟུགས། རྟགས་འཇུག བསྡུས་གྲྭའི་རིགས་ལམ་འབྲིང་བ། སྒྲ་མཚམས་སྦྱོར་ལྔ་པ། མདོ་སྔགས་སྨོན་ལམ་གྱི་འགྲེལ་པ། ཀཱ་རི་ཀ་སུམ་བརྒྱ་བ། སོར་མདོ། རིག་པ་དྲུག་ཅུ། སྙན་ངག་ལེའུ་བར་པ། དབུ་མ་བཞི་བརྒྱ་པ། འབྱེད་རྣམ་གཉིས། མི་ཕམ་མཁས་འཇུག །

བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཀྱི་དུམ་བུ་དང་པོ་བཅས་དང་། འཛིན་གྲྭ་གསུམ་པས། སུམ་རྟགས་གཉིས་ཀྱི་དཀའ་འགྲེལ། སྙན་ངག་ལེའུ་ཐོག་མཐའ། བསྡུས་གྲྭའི་རིགས་ལམ་ཆེ་བ། སྒྲ་ཀ་ལཱ་པ། ལོ་རྒྱུས་ཆོས་འབྱུང་གི་དུམ་བུ་བར་པ། འདུལ་བ་མདོ་རྩ་བ། དབུ་མ་རིགས་ཚོགས། ཡིད་བཞིན་མཛོད་ཀྱི་གྲུབ་བསྡུས། མདོ་སྡེ་རྒྱན། མངོན་པ་ཀུན་བཏུས་བཅས་དང་། འཛིན་གྲྭ་བཞི་པས། སྒྲ་ཙནྡྲ་པ། བློ་རིགས་དང་རྟགས་རིགས། འདུལ་བ་མེ་ཏོག་ཕྲེང་རྒྱུད། མངོན་པ་མཛོད། དབུ་མ་འཇུག་པ། དབུ་མ་རྒྱན། རྒྱུད་བླ་མ། གསང་སྙིང་མཆན་འགྲེལ་བཅས་དང་། འཛིན་གྲྭ་ལྔ་པས། མངོན་རྟོགས་རྒྱན་གྱི་མཆན་འགྲེལ། ཚད་མ་རིགས་གཏེར། ཡོན་ཏན་མཛོད། མངོན་པ་མཆིམས་ཆེན། འཛིན་གྲྭ་དྲུག་པས། ཚད་མ་རྣམ་འགྲེལ། སྡོམ་གསུམ་དཔག་སྙེ། འཇུག་འགྲེལ་ཆེན་མོ་ཁག ཤེར་ཕྱིན་ཡུམ་དོན་རབ་གསལ། གྲུབ་མཐའ་མཛོད། ཡིད་བཞིན་མཛོད་བཅས་དང་། འཛིན་གྲྭ་བདུན་པས། རོང་ཟོམ་ཐེག་ཆེན་ཚུལ་འཇུག་དང་སྣང་བ་ལྷ་སྒྲུབ། སྙིང་འགྲེལ་གསང་བདག་དགོངས་རྒྱན། མན་ངག་མཛོད། ཚིག་དོན་མཛོད་བཅས་དང་། འཛིན་གྲྭ་བརྒྱད་པས། རོང་ཟོམ་དཀོན་མཆོག་འགྲེལ། གསང་བདག་ཞལ་ལུང་། གནས་ལུགས་མཛོད། ཐེག་མཆོག་མཛོད། ཆོས་དབྱིངས་མཛོད་དང་། འཛིན་གྲྭ་དགུ་པ་ཡན་གྱི་ལོ་རིམ་བཞི་ཚན་གསུམ་པས། ངལ་གསོ་སྐོར་གསུམ། རྒྱུད་བཅུ་བདུན། སྙིང་ཐིག་ཡ་བཞིའི་ཁྲིད་སྦྱང་རྒྱས་པ་སྨིན་དབང་དང་བཅས་ནོད་རྒྱུ་བཅས། མདོར་ན་ལོ་ངོ་བཞི་ཚན་གསུམ་གྱི་རིང་མདོ་སྔགས་རིག་གནས་དང་བཅས་པའི་དགོངས་འགྲེལ་གཞུང་ལུགས་ཚད་མ་རྒྱ་གར་འཕགས་པའི་ཡུལ་གྱི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ལེགས་བཤད་ཀྱིས་སྲོག་བཟུང་ཞིང་། གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་སོགས་རིས་མེད་མཁས་པའི་གཞུང་ལུགས་ཆེན་མོ་དག་ལ་ཞོར་གཟིགས་ཀྱིས་བཤད་པའི་ཟུར་བརྒྱན་པ་དང་། རང་ལུགས་སྔ་འགྱུར་རྙིང་མའི་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། སྨིན་གླིང་ཡབ་སྲས། མངའ་རིས་པཎ་ཆེན། རིག་འཛིན་འཇིགས་མེད་གླིང་པ་སོགས་མཁས་གྲུབ་རྣམས་ཀྱི་གསུང་འབུམ་དང་། ཁྱད་པར་ཆོས་སྡེ་འདི་ནས་བྱོན་པའི་མཁས་དབང་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། མཁས་མཆོག་གཞན་ཕན་སྣང་བ། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་བཅས་ཀྱིས་མཛད་པའི་ཡིག་ཆ་ཁག་གིས་རང་ལུགས་ཐུན་མིན་གྱི་གྲུབ་མཐའི་གཞུང་འཛུགས་པར་བྱེད་དོ། །དེ་ལྟར་མདོ་སྔགས་རིག་གནས་དང་བཅས་པར་འཆད་ཉན་མཐར་ཕྱིན་པའི་མཚན་རྟགས་ཐོབ་ཐང་འཛིན་གྲྭའི་ལོ་རིམ་འཕར་ཆགས་དང་སྦྱངས་འབྲས་ཀྱི་ཡོན་ཏན་དངོས་ལ་བསྟུན་ཏེ་ཇི་ལྟར་འབུལ་ཚུལ་ནི། ཆོས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཞལ་སྔ་ནས་མཛད་པའི་ཤྲཱི་སེང་ཆོས་གྲྭའི་བཅའ་ཡིག་དྲང་སྲོང་དགྱེས་པའི་བཀའ་ལུང་དུ་ཞིབ་པར་གཏན་ལ་ཕབ་པར་མཛད་པ་སྟེ། དེ་ཡང་སྐྱོར་དཔོན་ནི། གཞུང་ཕྱོགས་རེའི་ཚིག་དོན་འགྲོལ་ནུས་ཤིང་འཆད་རྩོད་ལ་གཞན་དྲིང་མི་འཇོག་པ། གཞུང་སོ་སོའི་རབ་འབྱམས་པ་ནི། གཞུང་རེ་རེའི་དཀའ་གནད། མཐའ་དཔྱད། དོགས་གཅོད་དང་བཅས་པར་དགག་བཞག་སྤོང་གསུམ་ལ་འགྲན་ཟླ་དང་བྲལ་བ། མཁན་ཆུང་ནི། སྔར་གྱི་སྟེང་འདུལ་བའི་ལས་ཆོག་ལ་ལྷག་པར་མཁས་ཤིང་སྤང་བླང་འདོམས་པ་ལ་མི་དམན་ཞིང་ཆོས་སྡེ་ཁག་གི་མཁན་ཚབ་ཕེར་བ། མཁན་ཆུང་ཁྲི་བ་ནི། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་རྒྱ་ཆེ་ཞིང་ཉམས་ལེན་གོ་ཡུལ་དུ་མ་ལུས་པ། མཁས་བཙུན་གཉིས་ལྡན་ལུགས་གཉིས་ཀྱི་གཟིགས་པ་ཡངས་པ། ཕྱོགས་ཀྱི་ཡན་ལག་གི་ཆོས་སྡེ་སོ་སོའམ་བཤད་གྲྭ་སོ་སོའི་མཁན་པོར་འོས་པ། གཞུང་ཆེན་རབ་འབྱམས་པ་ནི། གཞུང་ཆེན་པོ་བཅུ་གསུམ་ཆ་ལག་འགྲེལ་ཊཱིཀ་དང་བཅས་པར་ཐོས་བསམ་གྱིས་རྩ་བདར་ཆོད་པ། འཛིན་གྲྭ་བཞིའི་དམ་བཅའི་མཚན་རྟགས་བཞེས་ཤིང་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ཚང་བ། བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་ཞིང་འཆད་རྩོད་རྩོམ་གསུམ་ལ་སྤོབས་པའི་གཟེངས་མཐོ་བ། སྔགས་རབ་འབྱམས་པ་ནི། གསང་སྔགས་ཀྱི་རྒྱུད་སྡེ་ཕྱི་ནང་ཀུན་བསྣོལ་མཚམས་མ་ལོག་པར་འཆད་ཁྲིད་ནུས་ཤིང་རང་རྒྱུད་ལ་བོགས་ཐོན་པ། མདོ་སྔགས་རབ་འབྱམས་པ་ནི། མདོ་དང་སྔགས་ཀྱི་ཐོས་བསམ་སྔ་མའི་རྨང་གཞིའི་སྟེང་གཞུང་ལྔའི་རྩ་བ་དང་སྒྱུ་འཕྲུལ་གསང་བ་སྙིང་པོ་སྤྱི་དོན་དང་བཅས་པ་ཐུགས་ཐོག་ནས་རྒྱས་བཤད་ཞིབ་འགྲེལ་ནུས་པ། མཁན་ཆེན་ནི། བཅུ་ཕྲག་རིག་པའི་གནས་ལ་མཁྱེན་པ་རྒྱས་ཤིང་ལྟ་སྒོམ་སྤྱོད་པའི་ཉམས་བཞེས་ཁྱད་དུ་འཕགས་པ། རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཐུགས་སྟོབས་ཆེ་བ། ཆོས་གྲྭ་ཆེན་པོ་རང་གི་མཁན་ཚབ་ཀྱི་བཞུགས་ཁྲིར་དབང་པ། མཁན་ཆེན་ཁྲི་པ་ནི། མདོ་སྔགས་རིག་གནས་དང་བཅས་པར་རང་བྱན་ཆུད་ཅིང་དམ་པའི་ཚུལ་དགུའི་ཡོན་ཏན་དང་ལྡན་པ། བསྙེན་སྒྲུབ་ལས་གསུམ་ལ་དབང་འབྱོར་བ། སྔར་བྱོན་མཁན་རབས་ནོར་བུའི་ཕྲེང་ཚར་གྱི་ཆོས་ཁྲིར་བཞུགས་པར་དབང་བ། ཁྲི་ཆེན་ནི། མཁན་ཆེན་ཁྲི་འཛིན་གྱི་ལས་ཐོག་ལོ་དུས་བཞི་ཚན་གཉིས་ཚང་ཞིང་འོད་གསལ་རྫོགས་པ་ཆེན་པོའི་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་བུ་སློབ་ཁྲི་ཕྲག་བསྐྱངས་པ། རིམ་པ་དང་པོའི་བསྟན་འཛིན་སྐྱེས་ཆེན་དག་གི་སྐུའི་ཡོངས་འཛིན་དུ་འོས་པ། ཁྱབ་བདག་པ་ནི། ཤེས་བྱའི་ཆོས་ལ་མཁྱེན་པའི་བློ་གྲོས་རྒྱས་ཤིང་། གྲུབ་པའི་ས་མཐོར་གཤེགས་པའི་ལམ་རྟགས་ཀྱི་ཡོན་ཏན་བརྙེས་པ། ཟབ་གསང་ཆོས་ཀྱི་གཏེར་མཛོད། སྨིན་གྲོལ་དབང་གི་བུམ་པ། རིགས་དང་དཀྱིལ་འཁོར་ཀུན་ཀྱི་གཙོ་བོར་བཞེངས་པ། རིས་སུ་མ་ཆད་པའི་བསྟན་འཛིན་ཆེ་དགུ་དག་གིས་ཞབས་ཀྱི་པད་མོ་སྤྱི་བོར་ལེན་འོས་པ་བཅས་སོ། །དེ་ལྟར་ཆོས་སྡེ་ཆེན་མོ་འདི་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་བཅའ་སྒྲིག་སོགས་ཞིབ་པའི་ལོ་རྒྱུས་སྐྱབས་རྗེ་མཆོག་གི་ཞལ་སྔ་ནས་མཛད་པའི་གསུང་རྩོམ་ཁག་ཏུ་གསལ་བས་འདིར་ཡང་དུ་བཀོད་པར་མ་བྱས་སོ། །

ད་ནི་འཕགས་བོད་འབྲས་འབྲུག་སོགས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ས་བཀའ་རྙིང་གསུམ་གཙོ་བོར་གྱུར་པའི་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་མོ་ཡན་ལག་དང་ཉིང་ལག་གི་ཚུལ་དུ་ཇི་ལྟར་དར་རྒྱས་སུ་བྱུང་བའི་ཚུལ་མདོ་ཙམ་བརྗོད་པ་ལ། དེ་ཡང་གངས་རིའི་ལྗོངས་སུ་འགྲན་ཟླ་བྲལ་བའི་བཤད་པའི་བཀའ་བབ་དཔལ་ས་སྐྱ་པའི་བསྟན་པ་དུས་ཀྱི་དབང་གིས་ཅུང་ཉམས་པར་ཕྱོགས་པ་ན། འཇམ་མགོན་ས་སྐྱ་པཎ་ཆེན་བསམ་བཞིན་དགེ་བའི་བཤེས་གཉེན་དུ་སྣང་བ་ཕྲིན་ལས་དུས་བབ་ཀྱི་སྐྱེས་བུ་ཆེན་པོ་མཁས་མཆོག་གཞན་ཕན་སྣང་བས་གཞིར་བཞེངས་སུ་བསླངས་པ་ནས། དེང་གི་དུས་སུ་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་ཉིན་བྱེད་ཀྱི་སྣང་བ་ལྟར་སླར་ཡང་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་ཞིང་རྒྱས་པ་བྱུང་བ་སྟེ།

དཔལ་ས་སྐྱའི་ཕྱོགས་ཀྱི་ཆོས་སྡེ་ཆེན་མོ་རྫོང་སར་ཁམས་བྱེའི་བཤད་གྲྭ་ནི།

མཁས་མཆོག་གཞན་ཕན་སྣང་བ་མཆོག་རྩ་བའི་གདན་ས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་རུ་ལོ་བཞིའི་ལས་ཐོག་མཁན་པོ་མཛད་རྗེས། རིས་མེད་བསྟན་པའི་གཙུག་རྒྱན་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཐུན་མིན་རིགས་བདག་ཏུ་བསྙེན་ཅིང་བཀས་བསྐུལ་བ་ལྟར། སྤྱི་ལོ་༡༩༡༩པ་རབ་བྱུང་བཅོ་ལྔ་པའི་ས་རྟ་ལོར་ཁམས་ཀྱི་བྱེ་མ་ཐང་དུ་རྫོང་སར་བཤད་གྲྭ་གསར་དུ་བཙུགས། མཁན་ཆེན་གཞན་དགའ་རིན་པོ་ཆེ་ཉིད་མཁན་རབས་དང་པོའི་གསེར་ཁྲིར་ལོ་བཞིར་བཞུགས་ཏེ་འཆད་ཁྲིད་མཛད་པས་འགྲན་ཟླ་བྲལ་བའི་ཐུགས་སྲས་ཞལ་སློབ། དབོན་སྟོད་མཁྱེན་རབ་དང་། མཁན་ཆེན་འཇམ་དབྱངས་ཐབས་མཁས། བླ་མ་འཇམ་དབྱངས་རྒྱལ་མཚན། ཁང་དམར་རིན་ཆེན་རྡོ་རྗེ། བྲག་ཡབ་བློ་གྲོས། མདོ་སྲིབ་ཐུབ་བསྟན། མི་ཉག་དམ་ཆོས། སྡེ་གཞུང་ཆོས་འཕེལ། བྲག་ཡབ་མཁྱེན་རབ་སེང་གེ་སོགས་མཁས་པའི་ཁྱུ་མཆོག་མང་དུ་བྱོན་པས་རྫོང་སར་ཁམས་བྱེའི་བཤད་གྲྭ་ཞེས་ཡོངས་སུ་གྲགས་པར་གྱུར། དེ་ལས་ཉིང་ལག་གི་ཚུལ་དུ་འཕྲོས་པའི་ཆོས་སྡེ་ནི། མཁན་ཆེན་འཇམ་དཔལ་བཟང་པོས་སྟོད་ས་སྐྱའི་བཤད་གྲྭ་བཙུགས་ཤིང་དེ་ལས་འཕྲོས་པ་གཙང་ངོར་དགོན་གྱི་བཤད་གྲྭ་ལའང་བཤད་རྒྱུན་སྤེལ། དེ་བཞིན་དབོན་སྟོད་མཁྱེན་རབ་ཀྱིས་དབོན་སྟོད་ལྷུན་པོ་རྩེའི་བཤད་གྲྭ་དང་། སྡེ་དགེའི་དགོན་ཆེན་བཤད་གྲྭ་བཙུགས། བླ་མ་འཇམ་རྒྱལ་གྱིས་སྐུ་ཚེ་གསེར་ལྗོངས་ཀྱི་བཤད་གྲྭ་བཙུགས། དུང་མདོ་བློ་གྲོས་སེང་གེས་སྒ་ཁྲི་འདུ་སྐལ་བཟང་དགོན་གྱི་བཤད་གྲྭ་བཙུགས། མདོ་སྲིབ་ཐུབ་བསྟན་གྱིས་རབ་བརྟན་དགོན་གྱི་བཤད་གྲྭ་དང་། མདོ་སྲིབ་བཤད་གྲྭ་གཉིས་བཙུགས། བྲག་ཡབ་བློ་གྲོས་ཀྱིས་གོ་འཇོ་དགོན་གྱི་བཤད་གྲྭ་དང་། གོ་འཇོ་ཐང་སྐྱ་དགོན་གྱི་བཤད་གྲྭ་བཙུགས། ཁང་དམར་རིན་ཆེན་གྱིས་རི་བོ་ཆེ་གནས་བརྟན་དགོན་གྱི་བཤད་གྲྭ་བཙུགས། མི་ཉག་དམ་ཆོས་ཀྱིས་དཔལ་ལྷ་སྒང་གི་བཤད་གྲྭ་བཙུགས་པ་དང་། དེ་བཞིན་ཁྲོམ་རྡོ་ཁོ་དགོན་གྱི་བཤད་གྲྭ། ཡིད་ལྷུང་ལྷ་བྱ་དགོན་གྱི་བཤད་གྲྭ། གཙང་རྟ་ནག་གི་སློབ་གྲྭ། ངོར་དགོན་གྱི་སློབ་གྲྭ་སོགས་བཤད་པའི་སྡེ་མཐའ་ཡས་པ་གསར་བཙུགས་དང་བསྐྱར་གསོ་གནང་སྟེ་ཕྲིན་ལས་མཐར་རྒྱས་བྱུང་། གཞན་ཡང་དེང་གི་དུས་སུའང་གསེར་ལྗོངས་ཨ་པད་དང་། ཁྲི་ཚོ་རིན་ཆེན། མདོ་སྲིབ་ཀུན་དགའ་དབང་ཕྱུག དཀར་མཛེས་གདོང་སྤྲུལ་རིན་པོ་ཆེ་སོགས་ཡང་སློབ་དག་གིས་འཕགས་པའི་ཡུལ་དུ་ས་སྐྱའི་མཐོ་རིམ་སློབ་གྲྭ་དང་། འབྲས་ལྗོངས་རྫོང་སར་བཤད་གྲྭ་སོགས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་འཆད་ཁྲིད་ཀྱི་ཕྲིན་ལས་དར་ཞིང་རྒྱས་པར་མཛད་བཞིན་པའོ། །

རྒ་སྐྱེ་དགུ་མདོའི་བཤད་གྲྭ་ནི།

དེ་ཡང་གསང་བདག་དངོས་བྱོན་འཇམ་མགོན་བློ་གཏེར་དབང་པོའི་ཐུགས་བསྐྱེད་དང་། གཞན་དགའ་རིན་པོ་ཆེའི་བཀའ་དྲིན་གྱིས་སྒ་སྐྱེ་དགུ་དགོན་དུ་དཔལ་ས་སྐྱའི་བཤད་གྲྭ་གསར་དུ་བཙུགས་ཤིང་། མཁན་རབས་དང་པོ་གཞན་དགའ་རིན་པོ་ཆེ་ཉིད་ཀྱིས་མཛད་དེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་དང་། དེང་གི་དུས་སུའང་སྡེ་འདིར་བཤད་ཁྲིད་མ་ཉམས་པར་གནས་སོ། །

དྭགས་རྒྱུད་བསྟན་པའི་ཉི་མ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བཤད་གྲྭ་ནི།

དེ་ཡང་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་མཁན་ཆེན་གཞན་དགའ་རིན་པོ་ཆེ་ཐུན་མིན་རིགས་ཀྱི་བདག་པོར་བསྟེན་ཏེ་རྫོགས་ཆེན་མྱོང་ཁྲིད་ཆེན་མོའི་གདམས་ངག་དང་། ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཟབ་དབང་བཅས་གསན་པས་ཐུན་མིན་ཐེག་རྩེའི་རྟོགས་པ་ཐུགས་ལ་འཁྲུངས། དམ་པ་གང་དང་ཐུགས་བསྐྱེད་ཟུང་འབྲེལ་གྱིས་གདན་ས་དེར་བཤད་གྲྭ་གསར་དུ་བཙུགས་ཏེ་ཐོག་མའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་གཞན་དགའ་རིན་པོ་ཆེ་ཉིད་བཞུགས་ཏེ་མདོ་སྔགས་གཞུང་ཆེན་གྱི་འཆད་ཁྲིད་བསྐྱངས་པས་ཞལ་སློབ་ཀྱི་ཐུ་བོ་ཟུར་མང་པདྨ་རྣམ་རྒྱལ་དང་། འབོ་གངས་དཀར་སྤྲུལ་སྐུ། ལུག་རུ་མཁན་ཆེན། ར་ཅབ་མཁན་ཆེན། ཛི་སྒར་ཀོང་སྤྲུལ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་དུ་བྱོན། དེ་ལས་ཟུར་མང་པདྨ་རྣམ་རྒྱལ་གྱིས་ཟུར་མང་རྣམ་རྒྱལ་རྩེའི་བཤད་གྲྭ་གསར་འཛུགས་ཀྱིས་ཆོས་འཁོར་བསྐོར་བས་གཞུང་ལུགས་སྨྲ་བའི་སློབ་བརྒྱུད་མཐར་ཁྱབ་བྱུང་བ་དང་། དེ་མཚུངས་འབོ་གངས་དཀར་སྤྲུལ་སྐུ་རིན་པོ་ཆེ་མཆོག་རྒྱལ་དབང་ཀརྨ་པའི་ཡོངས་འཛིན་དུ་དུས་ཡུན་གང་འཚམས་བཞུགས་རྗེས་རང་ཡུལ་འབོ་ཁོག་ཏུ་ཕེབས་ནས་གངས་དཀར་དགོན་གྱི་བཤད་གྲྭར་གཞུང་ཆེན་བཅུ་གསུམ་གྱི་འཆད་ཁྲིད་སྤེལ། སྐུ་ཚེའི་སྨད་དུ་མ་ཧཱ་ཙི་ནའི་རྒྱལ་ཁམས་ཤང་ཀང་དང་། ཐེ་ཝན་སོགས་སུ་ཞབས་པད་བཀོད་དེ་ཆོས་སྦྱིན་གནང་བའི་སློབ་རྒྱུན་དེང་གི་དུས་སུ་མ་ཉམས་པར་བཞུགས། དེ་བཞིན་ཛི་སྒར་ཀོང་སྤྲུལ་རིན་པོ་ཆེ་ཁམས་རི་བོ་ཆེའི་ཕྱོགས་སུ་ཕེབས་ཏེ་བཤད་གྲྭ་གསར་འཛུགས་མཛད་པ་བཅས་མདོར་ན་དྭགས་རྒྱུད་བསྟན་པའི་རིང་ལུགས་ལའང་གཞན་དགའ་རིན་པོ་ཆེ་མཆོག་རྒྱལ་དབང་ཆོས་གྲགས་གཉིས་པ་ལྟར་བཀའ་དྲིན་ཟླ་མེད་པར་གྲགས་སོ། །

བྱང་འབྲི་གུང་ཉི་མ་ལྕང་རའི་བཤད་གྲྭ་ནི།

གཞན་དགའི་དངོས་སློབ་ཉག་རོང་གུ་རུ་སྤྲུལ་སྐུ་མཆོག་འབྲི་གུང་སྐྱབས་མགོན་རིན་པོ་ཆེས་གདན་ཞུས་བཞིན། བྱང་འབྲི་གུང་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་ཉི་མ་ལྕང་རའི་བཤད་གྲྭ་གསར་འཛུགས་དང་། མཁན་རབས་དང་པོའི་ཁྲི་ལ་ཡུན་རིང་བཞུགས་ནས་གཞུང་ཆེན་བཅུ་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་བཤད་པ་མཛད། སློབ་ཚོགས་ཀྱང་གདན་ས་དེའི་མཁན་རབས་གཉིས་པ་ནོར་བུ་རྒྱལ་མཚན་དང་། མཁན་རབས་གསུམ་པ་མཁན་པོ་ནམ་ལངས། བཞི་པ་མཚན་ལྡན་བཟང་པོ་སོགས་མཁས་བཙུན་ལྡན་པ་མང་དུ་བྱོན། དེ་དག་གི་སློབ་བརྒྱུད་མཁན་པོ་ངེས་དོན་སོགས་ཀྱི་ཕྲིན་ལས་ལས་དེང་དུས་བལ་ཡུལ་སྟག་མོ་ལུས་སྦྱིན་སོགས་སུ་འཆད་ཉན་བཤད་པའི་རྒྱུན་འཕེལ་བཞིན་པ་ཐོས་སོ། །

འབྲུག་ཐར་པ་གླིང་གི་བཤད་གྲྭ་ནི།

གཞན་ཕན་ཆོས་ཀྱི་སྣང་བའི་ཞལ་སློབ་འབྲུག་དགེ་བཤེས་བསྟན་པ་རིན་ཆེན་མཆོག་ནས། ཀུན་མཁྱེན་ཆེན་པོའི་གདན་ས་ཐར་པ་གླིང་དུ་དགོན་སྡེ་དང་བཤད་གྲྭ་གསར་འདེབས་མཛད་དེ་མདོ་སྔགས་རིག་གཞུང་གི་འཆད་ཉན་རྒྱ་ཆེར་སྤེལ། ཞལ་སློབ་གཙོ་བོ་དགེ་བཤེས་པདྨ་ཕྲིན་ལས་དང་། ཀཿཐོག་བླ་མ་ངག་དབང་ཕྲིན་ལས། མཁན་ཆེན་ཡེ་ཤེས་སེང་གེ། སློབ་དཔོན་ནོར་དབང་སོགས་བསྟན་པ་འཛིན་པའི་སྐྱེས་ཆེན་མང་པོ་བྱོན། དེ་དག་གི་ཏ་ལའི་གྲྭ་ཚང་གསར་འཛུགས་གནང་བ་སོགས་འབྲུག་ཡུལ་དུ་ཕྲིན་ལས་རྒྱ་ཆེར་རྒྱས། དེ་བཞིན་གཞན་དགའི་དངོས་སློབ་དགེ་བཤེས་རིན་ཆེན་རྡོ་རྗེ་དང་། དགེ་བཤེས་ཚུལ་ཁྲིམས་དཔལ་བཟང་། དགེ་བཤེས་པདྨ་ཚེ་རིང་སོགས་ཀྱིས་ཆོས་བྲག་དགོན་དང་། ཐར་གླིང་དགོན། ཤར་ཕྱོགས་ཡོངས་ལའི་དགོན། འབྲུག་བུམ་ཐང་སོགས་སུ་སྨིན་གྲོལ་གཞུང་བཤད་ཀྱི་ཆོས་འཁོར་བསྐོར་བས་འབྲུག་ཡུལ་ཆོས་ཀྱི་རྒྱལ་ཁབ་ཀུན་ཏུ་ངེས་གསང་བསྟན་པའི་རིང་ལུགས་ཉི་མ་ཤར་བ་ལྟར་བྱུང་བར་གྲགས་སོ། །

གསང་ཆེན་བསྟན་པའི་ཆུ་འགོ་རྒྱལ་བ་ཀཿཐོག་པའི་རྒྱུད་སྡེའི་བཤད་གྲྭ་ནོར་བུ་ལྷུན་པོ་ནི།

དེ་ཡང་དཔལ་སྤྲུལ་རིན་པོ་ཆེ་དང་། འཇམ་མགོན་མི་ཕམ། དབོན་པོ་བསྟན་འཛིན་ནོར་བུ་བཅས་ཀྱི་ཐུན་མིན་ཞལ་སློབ་དགེ་གོང་མཁན་ཆེན་ཀུན་བཟང་དཔལ་ལྡན་མཆོག འཇམ་མགོན་མི་ཕམ་རིན་པོ་ཆེ་དང་ཀཿཐོག་སི་ཏུ་གསུམ་པ་ཆོས་ཀྱི་རྒྱ་མཚོ་རྣམ་གཉིས་ཀྱི་ཐུགས་བཞེད་གདན་ཞུས་ལྟར་སྔ་འགྱུར་བསྟན་པའི་ཆུ་འགོ་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་དུ་ཞབས་སོར་བཀོད་ནས། སྤྱི་ལོ་༡༩༠༧པ་རབ་བྱུང་བཅོ་ལྔ་པའི་མེ་རྟ་ལོར་བཤད་གྲྭ་ནོར་བུ་ལྷུན་པོའམ་རྒྱུད་སྡེའི་བཤད་གྲྭ་ཆེན་མོ་གསར་འཛུགས་མཛད་དེ་མཁན་རབས་དང་པོའི་གསེར་ཁྲི་ལ་ལོ་ངོ་གསུམ་ལྷག་བཞུགས། སི་ཏུ་རིན་པོ་ཆེའི་དགོངས་པ་བཞིན་ཀཿཐོག་གཞུང་བརྒྱ་མ་ཞེས་ལོ་ལྔ་རེའི་ཁོངས་སུ་ཐོས་པས་བག་ཆགས་འཇོག་པའི་གཞུང་བརྒྱ། བསམ་པས་སྒྲོ་འདོགས་བཅད་པའི་གཞུང་ལྔ། སྒོམ་པས་ཉམས་སུ་ལེན་པའི་གཞུང་ལྔ་བཅས་ཀྱི་བཤད་པ་ཡོངས་སུ་གྲུབ་པར་མཛད་པའི་ཕྱག་སྲོལ་གྱི་དབུ་བཙུགས་ནས་བསྟན་པ་བསྐྱངས། དེ་མཚུངས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་སློབ་བརྒྱུད་བཱི་མའི་རྣམ་སྤྲུལ་མཁན་ཆེན་ངག་དབང་དཔལ་བཟང་དང་། གླག་བླ་ཆོས་འགྲུབ་སོགས་རིམ་པར་བྱོན་ནས་འཆད་རྩོད་རྩོམ་གསུམ་གྱི་མཛད་བཟང་ཕྱོགས་བརྒྱར་སྤེལ་བས་ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར་ཏོ། །

དེ་ལས་འཕྲོས་པ་དགེ་རྩེ་གྲྭ་ལག་དགོན་གྱི་བཤད་གྲྭ་ནི།

སྤྱི་ལོ་༡༩༣༢པ་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ལོར་ཕྱག་ཚ་སྐུ་རབས་བཞི་པ་ཀུན་བཟང་པདྨ་ཕྲིན་ལས་རྒྱ་མཚོས་གདན་ཞུས་ལྟར་བཱི་མ་དངོས་བྱོན་མཁན་ཆེན་ངག་ཆུང་ངམ་ངག་དབང་དཔལ་བཟང་མཆོག་ཆོས་སྡེ་དེར་ཕེབས་ནས། མཁན་ཆེན་གཞན་དགའ་རིན་པོ་ཆེ་སོགས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་རབས་རྣམས་ལས་གསན་པའི་གཞུང་ཆེན་གྱི་བཤད་ཁྲིད་ཐོག་མར་སྤེལ་བ་ནས་ད་ལྟའི་བར་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་བཞིན་པའོ། །

སྔ་འགྱུར་གདན་ས་ཆེན་མོ་རྒྱལ་བ་དཔལ་ཡུལ་པའི་བཤད་གྲྭ་ཐོས་བསམ་ནོར་བུའི་ལྷུན་པོ་ནི།

ཇི་སྐད་དུ། ཨོ་རྒྱན་གསང་སྔགས་གླིང་པའི་ལུང་བྱང་ལསཿ དཔལ་ཡུལ་སྒྲུབ་པའི་གྲྭ་ལ་བཤད་གྲྭ་རྒྱསཿ སྔར་མེད་མདོ་ཆོས་མང་པོ་དར་ནས་འོངཿ ཞེས་གསུངས་པ་ལྟར། སྤྱི་ལོ་༡༩༢༢པ་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ལོར་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་གྲུབ་དབང་དཔལ་ཆེན་འདུས་པའམ་པདྨ་གསང་སྔགས་ཀུན་བཟང་བསྟན་འཛིན་ནོར་བུའི་ཐུགས་བསྐྱེད་བདག་རྐྱེན་གྱིས་ཉེ་བར་དྲངས་ཏེ། གྲུབ་དབང་རྫོགས་ཆེན་པའི་སློབ་བརྒྱུད་བཱི་མའི་རྣམ་རོལ་མཁན་ཆེན་ངག་དབང་དཔལ་བཟང་མཆོག་ཆོས་སྡེ་ཆེན་མོ་གང་དུ་ཞབས་སོར་བཀོད་ནས་ཐོས་བསམ་འཆད་ཉན་གྱི་སྲོལ་ཐོག་མར་བཙུགས་པའི་མཁན་རབས་དང་པོ་མཛད། དུས་དེར་གྲུབ་དབང་མཆོག་སྤྲུལ་རིན་པོ་ཆེ་དེ་ཉིད་ཀྱིས་སྐྱོར་དཔོན་མཛད་པ་དང་རྗེས་སུ་མཁན་རབས་གཉིས་པའི་ཁུར་བཞེས་ཏེ་མདོ་སྔགས་གཞུང་ཆེན་གྱི་བཤད་ཁྲིད་གནང་བ་སོགས་མཁས་ཚུལ་གསུམ་གྱི་མཛད་པས་བསྟན་པ་མཐར་རྒྱས་སུ་བསྐྱངས་སོ། །

དཔལ་ཡུལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནི།

སྙིགས་དུས་བསྟན་འགྲོའི་དཔལ་མགོན་གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་གསུམ་པ་ལེགས་བཤད་ཆོས་ཀྱི་སྒྲ་དབྱངས་མཆོག་གིས་བླ་ན་མེད་པའི་ཐུགས་བསྐྱེད་དང་སྐུ་ཚེགས་ཆེན་པོའི་སྒོ་ནས། སྤྱི་ལོ་༡༨༧༨པར་འཕགས་ཡུལ་ལྷོ་ཕྱོགས་མན་སོར་ཞེས་པའི་ས་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ཞེས་བཤད་གྲྭ་ཆེན་མོ་ཕྱག་བཏབ་ཅིང་། དམ་པ་གང་གིས་གདན་ཞུས་ལྟར་མཁས་པའི་དབང་ཕྱུག་རྫོགས་ཆེན་མཁན་རིན་པོ་ཆེ་ཐུབ་བསྟན་བརྩོན་འགྲུས་མཁན་རབས་དང་པོའི་གསེར་ཁྲིར་བཞུགས་ནས། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་བཀའ་སྲོལ་ལྟར་གཞུང་ཆེན་བཅུ་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་རྒྱ་ཆེར་མཛད་པས་ཞལ་སློབ་མཁས་པའི་རྩེར་སོན་མཁན་ཆེན་པདྨ་ཤེས་རབ་དང་། མཁན་ཆེན་རྣམ་གྲོལ། མཁན་པོ་རིག་འཛིན། མཁན་པོ་ཚེ་དབང་རྒྱ་མཚོ། མཁན་པོ་ཨོ་རྒྱན་ཚེ་བརྟན་སོགས་དམ་པའི་སྐྱེས་བུ་དོན་གྱི་བསྟན་འཛིན་དུ་མ་བྱོན་ནས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་འཕགས་ཡུལ་སྔ་འགྱུར་པའི་ཆོས་སྡེ་ཆེ་ཕྲ་ཀུན་ལ་ཁྱབ་ཅིང་འཕེལ་བཞིན་པ་ཐོས་སོ། །

མཁས་བཙུན་གྲུབ་པའི་གདན་ས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་བཤད་གྲྭ་ལེགས་བཤད་ཉི་ཟླའི་གླིང་ནི།

ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་རབ་བྱུང་བཅུ་དྲུག་པའི་དཀྱིལ་ཙམ་ལ། གདན་ས་ཆེན་མོའི་གཡོན་ཕྱོགས་ཀྱི་མདུན་ཐང་དེར་བཤད་གྲྭ་ལེགས་བཤད་ཉི་ཟླའི་གླིང་གཙུག་ལག་ཁང་གྲྭ་ཤག་དང་བཅས་པ་གསར་བཞེངས་མཛད། དམ་པ་དེ་ཉིད་ཀྱིས་གདན་ཞུས་ལྟར་གྲུབ་དབང་རྫོགས་ཆེན་པའི་ཐུགས་སྲས་ཞལ་སློབ་ཀུན་གཟིགས་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་གདན་ས་དེ་ཉིད་དུ་ཞབས་སོར་བཀོད་ནས་ལོ་ངོ་གཅིག་ལྷག་ལ་འཆད་ཁྲིད་ཟབ་རྒྱས་གནང་། གཞན་ཡང་ཀོང་སྤྲུལ་རིན་པོ་ཆེ་ཉིད་དང་། ཁྲོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། མཁན་པོ་གང་ཤར་སོགས་ཀྱིས་མདོ་སྔགས་གཞུང་ལུགས་ཆེན་མོ་སྤྱི་དང་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཡིག་ཆ་ལ་རྩལ་འདོན་གྱི་བཤད་ཁྲིད་རྒྱ་ཆེར་མཛད་པས་ཞལ་སློབ་མཁས་པའི་དབང་པོ་དུ་མ་བྱུང་ངོ་། །

བཤད་གྲུབ་བསྟན་པའི་འབྱུང་གནས་རྫ་རྒྱུད་དགེ་མང་བཤད་གྲྭ་ནི།

རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་རིན་པོ་ཆེ། མཁན་ཆེན་པདྨ་བཛྲ་སྟེ་རིགས་བདག་ཆེན་པོ་བཞིའི་ཐུན་མོང་ཐུགས་སྲས་ཨོ་རྒྱན་བསྟན་འཛིན་ནོར་བུ་མཆོག་ནས། དགེ་མང་དགོན་ལས་རྒྱང་གྲགས་ཙམ་གྱིས་ཆོད་པའི་ལུང་ཕུ་རུ་དགེ་མང་རི་ཁྲོད་ཕྱག་བཏབ་སྟེ། རྗེ་ཉིད་ཀྱིས་སྤྱོད་འཇུག་ཁོ་ན་ཚར་ཉིས་བརྒྱ་ལྷག་འཆད་པས་མཚོན་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། སྐབས་དེར་ཞལ་སློབ་མཁས་པའི་ཁྱུ་མཆོག་རྒྱ་ཀོང་གཞན་དགའ་དང་། དགེ་མང་ཡོན་དགའ། མི་ཉག་ཀུན་བསོད། དགེ་གོང་ཀུན་དཔལ་བཅས་ཀྱིས་སྐྱོར་སྦྱོང་དུས་གཅིག་ལ་མཛད་པར་གྲགས་པ་སོགས་འཆད་རྩོད་རྩོམ་པའི་ཕྲིན་ལས་ཧ་ཅང་དར། དེ་ནས་རིམ་པར་མཁན་ཆེན་གཞན་དགའ་དང་། ཡོན་ཏན་རྒྱ་མཚོ། དབང་རྡིས། དབང་ལོ། པདྨ་དབང་རྒྱལ་སོགས་མཁས་བཙུན་བཟང་པོའི་རྣམ་ཐར་གྱིས་ཕྱུག་པའི་མཁན་རབས་བར་མ་ཆད་པ་བྱོན་ཞིང་། རྒྱུད་རྒྱལ་གསང་བ་སྙིང་པོའི་འགྲེལ་ཆེན་ཕྱོགས་བཅུའི་མུན་སེལ་བློ་ཐོག་ནས་འཆད་ཁྲིད་མཛད་པའི་ཕྱག་སྲོལ་ད་ལྟའི་བར་མ་ཉམས་ཕྱོགས་བརྒྱར་སྤེལ་བཞིན་པའོ། །

རྫ་རྒྱུད་དགེ་གོང་བཤད་གྲྭ་ནི།

མཁས་པའི་གཙུག་རྒྱན་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱིས་ཐོག་མར་ཕྱག་བཏབ་ཅིང་དམ་པ་གང་གི་ཐུན་མིན་ཞལ་སློབ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་རྒྱུན་བསྐྱངས་པ་སྟེ། དེ་ཡང་བོད་སྤྲུལ་རིན་པོ་ཆེ་མཆོག་ནི་ཡུལ་ཤར་ཕྱོགས་དྭགས་པོའི་རྒྱུད་དུ་སྐུ་འཁྲུངས། སྔོན་གནས་རྗེས་དྲན་གྱི་རིགས་སད་དེ་མདོ་ཁམས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་ཕེབས་ཏེ་ལོ་ངོ་བརྒྱད་ལྷག་རིང་བཞུགས། རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། མཁན་པོ་དགེ་རྣམ། མཁན་ཆེན་ཐུབ་བསྟན་སྙན་གྲགས་སོགས་ལས་མདོ་སྔགས་ཆོས་ཚུལ་མཐའ་དག་གསན་ཏེ་མཁས་པའི་དབང་ཕྱུག་ཏུ་གྱུར། དེ་མཚམས་རྫོགས་སྤྲུལ་ལྔ་བའི་བཀའ་ལུང་ལྟར། དགེ་གོང་དགོན་དུ་ཕེབས་ནས་ཀུན་དཔལ་རིན་པོ་ཆེའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན། རིམ་པར་གདན་སའི་བརྒྱུད་འཛིན་པ་མཛད་དེ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་རྒྱ་ཆེར་བསྐྱངས། ཐུགས་སྲས་མཁས་པའི་དབང་པོ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ། མཁན་ཆེན་ཟླ་བའི་འོད་ཟེར། མཁས་མཆོག་པདྨ་ཚེ་དབང་། རྨེ་བ་མཁན་པོ་ཐུབ་བསྟན་སོགས་སྔ་འགྱུར་བསྟན་པའི་སྲོག་ཤིང་ཕུལ་དུ་བྱུང་བའི་སྐྱེས་བུ་མང་རབ་བྱོན་ནས་བཤད་སྒྲུབ་ཀྱི་བསྟན་པ་མཐར་རྒྱས་སུ་བྱུང་དང་འབྱུང་བཞིན་པའོ། །

རྫ་སྟོད་ལྕང་མ་སྒར་བསམ་གཏན་དར་རྒྱས་གླིང་ནི།

མཁས་མཆོག་ཨོ་རྒྱན་བསྟན་འཛིན་ནོར་བུ་དང་། གཞན་དགའ་རིན་པོ་ཆེ། མཁན་པོ་བསོད་ཆོས་སོགས་ཀྱི་ཞལ་སློབ་མཆོག་གྱུར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་ཆོས་འཕེལ་མཆོག་དགུང་གྲངས་ཞེ་བདུན་པ་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་ལོའི་སྨིན་དྲུག་ཟླ་བའི་ཚེས་༡༦ཉིན། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་ཡུན་རིང་སྒྲུབ་པ་ལ་བཞུགས་བའི་དབེན་གནས་ལྕང་མ་རི་ཁྲོད་དུ་བསམ་གཏན་དར་རྒྱས་གླིང་ཞེས་པའི་ཆོས་གྲྭ་གསར་དུ་ཕྱག་བཏབ། རིས་སུ་མ་ཆད་པའི་གཞུང་ལུགས་སྤྱི་དང་བྱེ་བྲག་མདོ་སྔགས་གཞུང་བརྒྱའི་སྲོག་ཤིང་ལྟ་བུ་བྱང་ཆུབ་ལམ་གྱི་རིམ་པ་སྤྱོད་འཇུག་དང་། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་ཁྱད་ཆོས་རྩལ་འདོན་གྱི་འཆད་ཁྲིད་རྒྱ་ཆེར་བསྐྱངས་པས་ཞལ་སློབ་མཁས་པའི་རྩེར་སོན། བུ་རྒྱུད་ལྷ་བ་སྤྲུལ་སྐུ། རྫ་རྒྱལ་ཐུབ་བེ། ཁྲོམ་ཐ་ཕྲིན་ལས་རྒྱ་མཚོ། འཇིགས་མེད་ལུང་རྟོགས་རྒྱ་མཚོ། དིལ་མཁྱེན་རབ་གསལ་ཟླ་བ། མཁན་ཆེན་འཇིགས་མེད་ཕུན་ཚོགས། མཁས་མཆོག་པདྨ་ཚེ་དབང་སོགས་རིས་མེད་བསྟན་པའི་སྤྱི་གཟུགས་མང་དུ་བྱོན་ནས་ཕྲིན་ལས་ཀྱི་སྣང་བ་དམ་པས་སའི་ཁྱོན་ཀུན་ཁྱབ་དང་ཁྱབ་བཞིན་པའོ། །

དེ་ལས་འཕྲོས་པ་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་ཆེན་མོ་ནི།

སྤྲུལ་བའི་གཏེར་ཆེན་ལས་རབ་གླིང་པའི་རྣམ་རོལ་མཁན་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་དགུང་ལོ་བཅོ་བརྒྱད་བཞེས་སྐབས་རྫ་སྟོད་ལྕང་མའི་ཆོས་སྒར་དུ་བྱོན། ཐུན་མིན་རིགས་ཀྱི་བདག་པོ་མཁན་ཐུབ་དགའ་རིན་པོ་ཆེ་སྒོ་གསུམ་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྙེན་ཞིང་། མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལ་གསན་བསམ་མཐར་ཕྱིན་མཛད་པས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས། སྤྱི་ལོ་༡༩༨༠པ་བོད་རབ་བྱུང་བཅུ་དྲུག་ལྕགས་སྤྲེལ་ཟླ་བ་དྲུག་པའི་ཚེས་བཅུ་ཉིན་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གདན་ས་བླ་མ་རུང་དུ་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་དངོས་སུ་དབུ་བཙུགས། དེ་ནས་རིམ་པར་འཆད་རྩོད་རྩོམ་གསུམ་གྱི་རྒྱུན་བསྐྱངས་པས་དགེ་འདུན་གྱི་སྡེ་སྟོང་ཕྲག་དུ་མ་ཞལ་འཛོམས་བྱུང་ནས་ཆོས་ཀྱི་སྡེ་ཆེན་པོར་གྱུར། ཞལ་སློབ་མཁས་པའི་དབང་པོ་ཚུལ་ཁྲིམས་བློ་གྲོས། མི་ཉག་གུ་རུ། མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ། རྨེ་བ་འཆི་མེད་རིག་འཛིན། སྡེ་དགེའི་ཤེས་རབ་བཟང་པོ། གཙང་རོང་ཡེ་ཤེས་ཕུན་ཚོགས། མགོ་ལོག་ཀུན་དགའ་སོགས་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་འབྱོར་བ་མང་དུ་བྱོན་ཏེ་བླ་ན་མེད་པའི་ཕྲིན་ལས་ཀྱི་འོད་སྟོང་ཕྱོགས་མཐར་ཁྱབ་བཞིན་པའོ། །

གླག་བྲག་རྫོང་བཤད་གྲྭ་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་ནི།

མཁས་པའི་དབང་ཕྱུག་བསོད་ནམས་ཆོས་འགྲུབ་མཆོག་དགུང་ལོ་ཉེར་གཉིས་པ་ཤིང་མོ་ཕག་གི་ལོར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་ཕེབས་ནས་ལོ་ངོ་བརྒྱད་ལྷག་བཞུགས། མཁས་མཆོག་གཞན་ཕན་སྣང་བ་དང་། འཇམ་མགོན་མི་ཕམ་རིན་པོ་ཆེ། མཁན་པོ་བསོད་ཆོས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་ལས་སྨིན་གྲོལ་གྱི་ཟབ་ཁྲིད་དང་། མདོ་སྔགས་ཀྱི་བཤད་རྒྱུན་མཐའ་ཡས་པ་གསན་པས་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོར་གྱུར། དེ་ནས་རང་ཡུལ་དུ་ཕྱིར་ཕེབས་ནས་བྲག་ལྷ་རྫོང་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་གྲགས་པའི་བཤད་གྲྭ་བཙུགས་ནས་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་ཕྱོགས་མེད་དུ་བསྩལ་བ་དང་། ངོ་མཚར་ལྡན་པའི་གསུང་འབུམ་ཆོས་ཚན་བརྒྱ་དང་གསུམ་གྱི་བདག་ཉིད་ཅན་སྐོར་ཚོ་ཆེན་མོ་དྲུག་ལྗགས་རྩོམ་གནང་བ་སོགས་བསྟན་འགྲོའི་ལེགས་མཛད་མཐའ་ཡས་པ་བསྐྱངས་སོ། །

ཁྲི་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་གི་བཤད་གྲྭ་མཁས་མང་ཀུན་འདུས་གླིང་ནི།

རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། མཁན་ཆེན་གཞན་དགའ་རིན་པོ་ཆེ། མཁན་དཀོན་མཆོག་བློ་གསལ་བཅས་ཀྱི་ཐུན་མོང་ཞལ་སློབ། མཁྱེན་རྟོགས་གྲུབ་པའི་དབང་ཕྱུག་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེས། སྤྱི་ལོ་༡༩༤༢པ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་མཆུ་ཟླའི་ཡར་ཚེས་ཉིན་མཁྱེན་བརྩེ་ཀུན་འདུས་མཁས་མང་གླིང་ཞེས་གྲགས་པའི་བཤད་གྲྭ་ཆེན་མོ་གསར་དུ་དབུ་བཙུགས། དེ་ནས་རིམ་པར་འདུས་པའི་སྡེ་ཉིས་བརྒྱ་ལྷག་ལ་དམ་པ་གང་ཉིད་དང་མཁན་ཆེན་ཚེ་དབང་རིག་འཛིན། མཁན་ཆེན་ནོར་བུ་བསྟན་འཛིན། མཁན་འཇིགས་མེད་དབང་ཕྱུག མཁན་བསོད་ནམས་མགོན་པོ། གནུབས་དགེ་བཤེས་ཆོས་དར། ཧོར་མོའི་མཁན་ཆེན་འཇམ་དཔལ། མཆོག་སྤྲུལ་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་སོགས་གྲུབ་དབང་རྫོགས་ཆེན་པའི་སློབ་བརྒྱུད་མཁས་བཙུན་གྲུབ་པའི་དབང་ཕྱུག་བརྒྱུད་མར་བྱོན་པས་རྒྱལ་བསྟན་འཆད་རྩོད་རྩོམ་པའི་འོད་སྣང་གིས་ཡོངས་སུ་གསལ་བར་མཛད་པ་དང་། ཁྱད་པར་མཁན་ཆེན་ཚེ་དབང་རིག་འཛིན་ཞབས་ཀྱིས་མདོ་སྨད་ས་ཡི་ཐིག་ལེར་རེབ་ཀོང་བཀོད་ཆེན་སེང་ཁྲི་དགོན་པ་གསར་དུ་བཏབ་ནས་བཤད་སྒྲུབ་ཀྱི་ཕྲིན་ལས་ཕྱོགས་བརྒྱར་འཕེལ་བ་བྱུང་ངོ་། །

མདོ་ཁམས་གཙང་ཐང་ར་ཧོར་དགོན་གྱི་བཤད་གྲྭ་ནི།

ཀུན་མཁྱེན་གཞན་ཕན་སྣང་བའི་ཐུགས་སྲས་ཐུ་བོ་ཆོས་གྲགས་རྣམ་གཉིས་ཞེས་གྲགས་པའི་ཡ་གྱལ། སྔགས་ལ་མཁས་པ་ར་ཧོར་ཆོས་ཀྱི་གྲགས་པ་མཆོག་དགུང་ལོ་ཉི་ཤུ་པར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་ཕེབས་ཏེ། གཞན་དགའ་རིན་པོ་ཆེ་སོགས་མཁས་གྲུབ་དམ་པ་རྣམས་ལས། མདོ་སྔགས་རིག་གནས་དང་བཅས་པ་གུས་རྟག་བརྩོན་པ་ཆེན་པོས་ལོ་གྲངས་བཅུ་དྲུག་གི་རིང་ལ་སྦྱངས་པ་མཐར་སོན་མཛད་པས་མཁས་པའི་ཡང་རྩེར་སོན། དེ་ནས་རང་ཡུལ་ར་ཧོར་དགོན་དུ་ཕྱིར་ཕེབས་ནས་བཤད་པའི་ཆོས་སྡེ་ཆེན་མོ་གསར་དུ་བཙུགས། ལོ་ངོ་གསུམ་ལྷག་ལ་ཟབ་རྒྱས་ཀྱི་ཆོས་འཁོར་དཔག་ཡས་བསྐོར་བས་སློབ་ཚོགས་མཁས་གྲུབ་གྲངས་མང་བྱུང་། བར་མཚམས་བླ་མའི་བཀའ་དགོངས་ལྟར་དབུས་ཕྱོགས་སུ་ཕེབས་ནས་འབྲི་གུང་ཆོས་ལུང་རི་ཁྲོད་དུ་སྒྲུབ་པའི་རྒྱལ་མཚན་བཙུགས། དེ་སྐབས་འབྲུག་པའི་ཞལ་སློབ་སྦྱིན་བདག་ཚོར་བཀའ་གནང་སྟེ་ཟུར་མཁར་རྡོའི་མཆོད་རྟེན་རྣམ་ལྔའི་དྲུང་དུ་བཤད་གྲྭ་ཞིག་ཕྱག་བཏབ། དུས་དེར་ཐུགས་སྲས་བླ་མ་བསྟན་འཛིན་འོད་ཟེར་དང་། མཁན་བསོད་ནམ་དོན་འགྲུབ་ཟུང་ནས་ཀུན་མཁྱེན་གདན་ས་ཐར་པ་གླིང་དུ་བཤད་སྒྲུབ་ཀྱི་སྲོལ་ཉམས་གསོ་དང་གསར་འཛུགས་མཛད། ཐུགས་སྲས་པདྨ་རྣམ་རྒྱལ་མཆོག་འབྲུག་སེམས་རྟོགས་ཁའི་བཤད་གྲྭའི་དབུ་འཛིན་དུ་བྱོན་ཏེ། གཞུང་ཆེན་བཅུ་གསུམ་གྱི་འཆད་ཁྲིད་དང་། ཨོ་རྒྱན་བཤད་སྒྲུབ་གླིང་ཕྱག་བཏབ་ནས་བཤད་སྒྲུབ་ཀྱི་རྒྱུན་ཉམས་མེད་བསྐྱངས་པ་བཅས་ཕྲིན་ལས་ཕྱོགས་མཐར་རྒྱས་སོ། །

འབྲུག་ཡུལ་ཉི་མ་ལུང་གི་བཤད་གྲྭ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་ནི།

གཞན་ཕན་ཆོས་ཀྱི་སྣང་བ་དང་ཉག་རོང་གུ་རུ་སྤྲུལ་སྐུ་རྣམ་གཉིས་ཀྱི་ཞལ་སློབ། རྡོ་རིང་མཆོག་སྤྲུལ་འཇམ་དབྱངས་ཀུན་བཟང་ལུང་རིགས་ཆོས་ཀྱི་ཉི་མ་མཆོག་འབྲུག་ཡུལ་བུམ་ཐང་དུ་ཕེབས་པར། ཆུ་སྨད་དྲུང་པ་མགོན་པོ་རྡོ་རྗེས་གདན་ཞུས་ལྟར་ཉི་མ་ལུང་དུ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་ཞེས་པའི་ཆོས་སྡེ་གསར་དུ་བཏབ། མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་ཡུན་དུ་བསྐྱངས་པས་སློབ་དཔོན་པདྨ་ཚེ་དབང་སོགས་མཁས་པ་མང་དུ་བྱུང་ནས་ཕྲིན་ལས་ཕྱོགས་བརྒྱར་འབར་བཞིན་པའོ། །

གསུམ། སྒྲུབ་པའི་གྲྭ་སྟོད་སྨད་བར་གསུམ་གྱི་ཆོས་སྡེ་བཅུ་གསུམ་དུ་གྲགས་པའི་ལོ་རྒྱུས།

གསུམ་པ་ཉམས་ལེན་སྒྲུབ་པའི་ཆོས་སྡེ་སྒོམ་གྲྭ་ཆེ་ཆུང་ཁག་ཇི་ལྟར་བཞུགས་ཚུལ་བཤད་པ་ལས། རྩ་བའི་སྒྲུབ་སྡེ་འོག་མིན་མཁའ་སྤྱོད་བདེ་ཆེན་གླིང་ངམ་གསང་ཆེན་ངེས་དོན་གླིང་ནི། སྤྱིར་གྲུབ་དབང་སྐུ་རབས་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་སྐུ་དུས་སུ་སྟོད་ན་སྒྲུབ་སྡེ་བཅུ་གསུམ་ཞེས་གྲགས་པ་བྱུང་ཞིང་། དེ་དག་ལས་རྩ་བའི་སྒྲུབ་སྡེ་གསང་ཆེན་ངེས་དོན་གླིང་ནི། གྲུབ་དབང་ཉིད་དགུང་གྲངས་ཉེར་གཅིག་བཞེས་པ་སྤྱི་ལོ་༡༧༧༩པ་སྟེ་རབ་བྱུང་བཅུ་གསུམ་པའི་ས་ཕག་ལོར་རིག་འཛིན་འཇིགས་མེད་གླིང་པས་ལུང་བསྟན་པ་ལྟར་དགོན་ལས་རྒྱང་གྲགས་གཉིས་ཀྱིས་ཆོད་པའི་དགོན་ཕུའི་གཡས་ཕྱོགས་ཀྱི་རི་ངོགས་སྒོམ་ཆེན་མཉམ་བཞག་གིས་བཞུགས་པའི་པང་དང་མཚུངས་པའི་ས་དབྱིབས་སུ་ཕྱག་བཏབ་པ་སྟེ། གནས་འདིའི་ཁོ་ར་ཁོར་ཡུག་གི་ཕྱོགས་རྣམས་ཐམས་ཅད་ནགས་ཚལ་གྱི་ཕྲེང་བས་ཡོངས་སུ་བསྐོར་ཅིང་ལོ་མ་དང་འབྲས་བུས་དུད་པའི་ལྗོན་ཤིང་སྣ་ཚོགས་པའི་ཚང་ཚིང་འཁྲིག་པ། གཡས་ཕྱོགས་ནས་བདུད་རྩིའི་ཆུ་ཕྲན་དལ་གྱིས་འབབ་པའི་སྒྲ་ལྷུང་ལྷུང་རྣ་བའི་བཅུད་དུ་སྙན་པར་འབབ་ཅིང་། འདབ་བརྒྱའི་མེ་ཏོག་གི་རྩི་བཅུད་ལ་རོལ་བའི་ཕྱེ་བ་མ་ལེབ་དང་བུང་བ་སོགས་ཀྱིས་གཤོག་པའི་སྒྱུ་རྩལ་ལ་བརྟེན་ནས་དགའ་བའི་བྲོ་གར་རྩེ་ཞིང་གླུ་དབྱངས་ལེན་པ། ཁུ་བྱུག་དང་། འཇོལ་མོ། རི་སྐེགས། མཐིང་རིལ་སོགས་རིགས་མི་གཅིག་པའི་འདབ་ཆགས་མང་པོས་འཕུར་ལྡིང་གི་གར་སྟབས་ངོམས་བཞིན་དབྱངས་བདུན་རྫོགས་པའི་མགྲིན་གླུ་གྱེར་བ། སྤུ་སྡུག་སྣ་ཚོགས་པའི་རི་སྐྱེས་སྲོག་ཆགས་ཤྭ་བ་དང་། དགོ་བ། གླ་བ། གཉན། ཤ་རྒྱ་སོགས་ཀྱང་བག་ཡངས་རྩེ་གར་གྱིས་དལ་བུར་རྒྱུ་བའི་རྣམ་འགྱུར་ངོམས་པ་བཅས། མདོར་ན་གནས་འདིར་སླེབ་པ་ཙམ་གྱིས་ཐ་མལ་བའི་སྐྱེ་བོ་དག་ཀྱང་རང་བཞིན་བབ་ཀྱི་བསམ་གཏན་ལ་ངང་གིས་གནས་པ་སོགས་སྒྲུབ་པའི་གནས་ཀྱི་ཡོན་ཏན་ཐམས་ཅད་མ་ཚང་བ་མེད་པ་དེ་ཉིད་དུ། གསང་ཆེན་ངེས་དོན་གླིང་གི་གཙུག་ལག་ཁང་ཉིས་ཐོག་ཅན་ཏོག་དང་ཐུག་ནག་གིས་མངོན་པར་མཛེས་ཤིང་། རྟེན་གྱི་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་གསུང་འབྱོན་མ་དང་། འཇུ་བླ་སངས་རྒྱས་འོད་ཟེར་སོགས་འཇའ་ལུས་པ་བཅུ་གསུམ་གྱི་སྐྲ་སེན་སྙིང་པོར་བྱས་པའི་ཤིང་གི་མཆོད་རྟེན་ཁྲུ་གང་བ་བཅུ་གསུམ། གཞན་ཡང་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་དང་བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་བྲིས་འབུར་ལུགས་བླུགས་བྱས་པའི་སྐུ་གསུང་ཐུགས་རྟེན་མང་པོས་གང་བ། མཐའ་སྐོར་དུ་སྤྱོད་ལམ་བཞི་ཤོང་གི་ཚད་ཅན་གྱི་སྒྲུབ་གྲྭའི་དགེ་འདུན་པའི་བཞུགས་ཤག་དང་སྒོམ་ཁང་གིས་ར་བ་གྲུ་བཞིར་ཡོངས་སུ་འཁོར་བ། ནང་བཞུགས་བསམ་གཏན་པ་དག་གིས་རཏྣའི་ཕུར་པ་གཙོ་བོར་མཛད་པའི་ཡི་དམ་སོ་སོའི་བསྙེན་སྒྲུབ་དང་། རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་བཞེས་ལ་རྩེ་གཅིག་ཏུ་བརྩོན་པའི་ཐུན་བཞིའི་རྣལ་འབྱོར་ལས་ནམ་ཡང་མི་འདའ་བའི་ཁར། དབྱར་གནས་སོགས་གཞི་གསུམ་གྱི་ཕྱག་ལེན་དང་། ཉེར་ལྔ་ཚེས་བཅུའི་ཚོགས་མཆོད། རྒྱུན་གྱི་ཆོས་ཁྲིད་རྣམས་གཙུག་ལག་ཁང་དུ་ཐམས་ཅད་ལྷན་དུ་འཚོགས་པར་མཛད་ཅིང་། འགའ་ཞིག་ཚེ་དང་སྒྲུབ་པ་མཉམ་པའི་བུག་སྒོ་འདག་སྦྱར་གྱིས་སྙིང་པོའི་ཉམས་བཞེས་ལ་གནད་དུ་སྣུན་པར་མཛད་དོ། །གྲུབ་དབང་སྐུ་རབས་གསུམ་པ་དང་བཞི་པའི་དུས་སུ་འཇའ་ལུས་པ་འཇུ་བླ་སངས་རྒྱས་འོད་ཟེར་དང་། རྫོགས་ཆེན་བླ་མ་འཇིགས་མེད་སེང་གེ། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། ཀཿཐོག་བླ་མ་ཆོས་ལྡན། རྟོགས་པའི་དབང་ཕྱུག་ཤ་བཞི་དགེ་སློང་། ཨ་འཛི་དབོན་པོ་བློ་ལྡན། རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ། འབར་ཆུང་བླ་མ་འཇིགས་མེད་གོ་ཆ་སོགས་ཉམས་རྟོགས་ཚད་དུ་འཁྱོལ་བ་མང་པོས་སྒྲུབ་གྲྭའི་མཁན་པོའམ་ཁྲིད་དཔོན་མཛད་ནས་ཀློང་ཆེན་མཛོད་བདུན་གྱི་བཤད་ཁྲིད་དང་། སྙིང་ཐིག་ཡ་བཞི། ཁྱད་པར་མཁའ་འགྲོ་སྙིང་ཐིག་ལ་རྩལ་འདོན་གྱི་ཁྲིད་སྦྱང་མཛད་པས་འཇའ་ལུས་སུ་དེངས་པ་བགྲངས་ཀྱིས་མི་ལང་པ་བྱོན། གྲུབ་དབང་སྐུ་རབས་ལྔ་པ་ནས་རྒྱུན་བཞུགས་མཚམས་པ་བཅུ་ཕྲག་གསུམ་དུ་སྤེལ་ཏེ་སྒྲུབ་ཁང་གསོལ་ཕོགས་སོགས་སྔར་ལས་གོང་འཕེལ་མཛད། དུས་དེར་མུ་ར་པདྨ་བདེ་ཆེན་བཟང་པོ་དང་། མཁན་དཀོན་མཆོག་ཡར་འཕེལ། མཁན་པོ་བློ་གྲོས་བཟང་པོ། མཁན་ཐུབ་བསྟན་དབང་གྲགས། མཁན་པོ་སྐུ་ཚ་རིག་འཛིན། མཁན་པོ་ཚེ་དབང་ཕུན་ཚོགས་སོགས་སྒྲུབ་སྡེའི་མཁན་པོ་མཁས་བཙུན་རྟོགས་པའི་དབང་ཕྱུག་དུ་མ་བྱོན་ཅིང་། དེ་དག་གི་ཐུགས་སྲས་ཞལ་སློབ་སྙིགས་མའི་སྐུ་གདུང་ཅུང་ཟད་ཀྱང་མ་ལུས་པར་འཇའ་ལུས་སུ་དེངས་པ་བླ་མ་ཀ་ཏའི་དང་། རྒྱ་ནག་བླ་མ། བླ་མ་ཨ་བཟང་། གཅོད་པ་པཎ་ཚེ། ཨ་སྒྲིས་ནོར་བུ་ཚེ་རིང་། སྐྱ་མོ་སྨན་ལྷ་ཡབ་སྲས། ཨ་བོའི་མགོན་རྒན་མ། དབོན་པོ་དབང་གྲགས། ཨ་གྲོའི་ཡེ་ཤེས་རྒྱ་མཚོ་སོགས་ཆོས་སྐུའི་རྒྱལ་སར་མངོན་སུམ་དུ་གཤེགས་པ་མང་དུ་བྱོན་ཅིང་། གཞན་ཡང་སྐུ་གདུང་ཁྲུ་གང་ཙམ་དུ་ཆུང་ངུར་གྱུར་པ་དང་། འཆི་བ་ལ་རང་དབང་ཡོད་པ། འཇའ་འོད་འཁྲིགས་ཤིང་རིང་བསྲེལ་གྱིས་ཆར་བབ་པ་སོགས་ཕྱི་ནང་གི་གྲོལ་རྟགས་མཐོང་ཆོས་སུ་བྱུང་བ་གྲངས་ཀྱིས་མི་ལང་པ་སྒྲུབ་སྡེ་འདི་ནས་བྱོན་པར་གྲགས་སོ། །དེ་ལས་ཐད་དུ་ཕྱིན་པའི་ཡར་འདབས་སུ་ངོས་བཞིར། ཐང་ཤིང་དང་། ནེའུ་གསིང་དང་། ཁྲུས་ཀྱི་རྫིང་བུ་རང་བཞིན་གྱིས་དྲོད་དང་ལྡན་པས་རྣམ་པར་མཛེས་ཤིང་། དལ་གྱིས་རྒྱུ་བའི་ཆུ་ཀླུང་གིས་ཕྱོགས་སོ་སོ་ནས་བསྐོར་བའི་པདྨ་རྒྱས་པའི་དགའ་ཚལ་ཞེས་གྲགས་པའི་མདུན་ཐང་ཆེན་མོ་རུ། དཔལ་ཨོ་ཊི་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་། གྲུབ་པའི་དབང་ཕྱུག་མཁན་ཆེན་པདྨ་བཛྲ་གྱིས་བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ། རྡོ་གྲུབ་བསྟན་པའི་ཉི་མ། གཏེར་ཆེན་ལས་རབ་གླིང་པ། ཨ་འཛོམས་འབྲུག་སྤྲུལ་འགྲོ་འདུལ་དཔའ་བོ་རྡོ་རྗེ་སོགས་རྗེས་སུ་བཟུང་ནས་དབང་ཁྲིད་རྒྱུད་བཤད་བསྩལ་བའི་གདན་ས་སྒྲུབ་སྡེ་པདྨ་ཡང་རྫོང་འོད་གསལ་ཐེག་མཆོག་གླིང་ཞེས་ཡབ་རྗེ་གོང་མ་དག་གི་རྣམ་ཐར་དུ་གསལ་བ་དང་།རྒྱལ་ཡང་དར་གྱི་དུས་འདིར་བདག་ཅག་གི་སྐྱབས་རྗེ་བླ་མ་མཆོག་ནས་སླར་གསོ་རྒྱ་བསྐྱེད་སྐབས་གོང་ས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ལུང་རྟོགས་པདྨའི་དགའ་ཚལ་ཞེས་མཚན་དུ་བསྩལ་བའི་སྒྲུབ་སྡེ་དང་། དེ་ལས་གྱེན་དུ་ནགས་ཀྱི་འཕྲེད་ལམ་བརྒྱུད་དེ་ཅུང་ཟད་ཕྱིན་པའི་གཡས་ཕྱོགས་སུ་སྨན་བཙུན་ཚེ་རིང་མཆེད་ལྔས་སྲུང་ཞིང་སྨན་གྱི་འབྲས་བུ་བདུད་རྩིའི་བཅུད་དང་ལྡན་པས་གང་བའི་རང་བྱུང་གི་སྐྱེད་མོས་ཚལ། རྟོགས་པའི་དབང་ཕྱུག་བྱ་བྲལ་ཀུན་དགའ་དཔལ་ལྡན་དང་། མཁས་མཆོག་པདྨ་ཚེ་དབང་། མཁན་ཆེན་འཆི་མེད་ཡེ་ཤེས་སོགས་མཁས་གྲུབ་སྐྱེས་ཆེན་དུ་མས་རྒྱལ་བསྟན་བཤད་དང་སྒྲུབ་པས་སྤེལ་བའི་གདན་ས་ཚེ་རིང་ལྗོངས་ཞེས་གྲགས་པའི་དབེན་ཁྲོད་ཉམས་དགའ་བ་དང་། དེ་ལས་གཡས་ཕྱོགས་སུ་གྱེན་དུ་འཛེགས་པའི་རི་ངོས་ཐང་ཤིང་གི་ཚལ་རབ་ཏུ་སྟུག་པའི་ནགས་ཁྲོད་ན་ཚེ་རིང་སྒྲུབ་ཕུག་ཅེས་གྲགས་པའི་རང་བྱུང་རྡོ་ཡི་ཕུག་པ་ཉམས་དགའ་བ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་བཀྲ་ཤིས་ཚེ་རིང་མཆེད་ལྔས་ཞལ་གཟིགས་ཏེ་བ་མིན་གྱི་འོ་ཞོ་ཟོམ་གང་ཕུལ་བ་དང་། གྲུབ་བརྙེས་རིག་འཛིན་ཆེན་པོ་ཁྲག་འཐུང་བདུད་འཇོམས་རོལ་པ་རྩལ་དང་། འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་མཁན་ཆེན་ཚེ་དབང་རིག་འཛིན། བདག་གི་རིགས་བདག་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་སོགས་ཡུན་རིང་སྒྲུབ་པ་ལ་བཞུགས་ནས་གྲུབ་པའི་རྒྱལ་སར་གཤེགས་པའི་གདན་ས་དེ་ཉིད་དང་། དེ་ལས་ཀྱང་གྱེན་དུ་འཛེགས་པ་ན་ལྷུན་ཆགས་རྫ་བྲག་གི་བ་གམ་ཤིན་ཏུ་མཐོ་བའི་འདབས་མཚམས་སུ། སྟག་པ་དང་ལྕང་མ་སོགས་ལོ་འདབ་ཅན་གྱི་ལྗོན་ཤིང་གི་ལྕུགས་ཕྲན་གྱིས་རྣམ་པར་མཛེས་ཤིང་། ཤར་ཕྱོགས་ཉི་ཟླའི་འཆར་ལམ་ཡངས་ཤིང་དྭངས་པའི་རང་བྱུང་གི་བྲག་ཕུག་ངོ་མཚར་བ། དཔལ་སྤྲུལ་སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོས་འོད་གསལ་ཐོད་རྒལ་གྱི་རྣལ་འབྱོར་ལ་གནད་དུ་བསྣུན་པའི་སྒྲུབ་གནས་དཔལ་སྤྲུལ་ཕུག་པར་གྲགས་པ་བཅས་བཞུགས་པ་དང་། ཡང་ཚེ་རིང་ལྗོངས་ནས་གཡོན་ཕྱོགས་སུ་གྱེན་དུ་བགྲོད་པའི་རྫ་ཁྲོད་དུ་འཇིགས་བྱེད་དུས་དགྲའི་དབང་པོའི་ཕོ་བྲང་ངམ་རུ་དམ་གཤིན་རྗེ་སྒྲུབ་ཕུག་ཏུ་གྲགས་པ། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་ཞལ་གཟིགས་ཤིང་དྲག་སྔགས་ཀྱི་ཡིག་འབྲུ་བྲག་ངོས་སུ་གསལ་ལེར་རང་བྱོན་དུ་དོད་པ། དཔལ་སྤྲུལ་སེམས་དཔའ་ཆེན་པོ་དང་། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་ནམ་ཨ་བུ་ལྷ་སྒང་རིན་པོ་ཆེ་རྣམ་གཉིས་ཡུན་རིང་སྒྲུབ་ལ་བཞུགས་པའི་ཕུག་པ་གོང་འོག །དེའི་ཡང་གོང་གི་གངས་ཁྲོད་ཤིན་ཏུ་མཐོ་བ་ན་གཡུ་འབྲུག་ནམ་མཁའ་རྫོང་ཞེས་འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེའི་སྒྲུབ་ཕུག་ངོ་མཚར་ཅན་བཞུགས་པ་དང་། གཞན་ཡང་ཤྲཱི་སེང་ཆོས་གྲྭའི་ནུབ་ཕྱོགས་ཀྱི་རི་ངོགས་སུ་མི་ཕམ་སྒྲུབ་ཕུག་དང་། གླིང་བླའི་ཕུག་པ་སོགས་རང་བྱུང་གི་བྲག་སྐྱིབས་དུ་མས་གང་བ་དང་། ད་དུང་དེ་ལས་ཡར་ཕྱིན་པའི་ནགས་ཀྱི་མཐོང་ཉམས་དགའ་བར་འཇམ་མགོན་མི་ཕམ་རིན་པོ་ཆེ་ཡུན་རིང་བཞུགས་ཏེ་འཆད་རྩོམ་རྒྱ་ཆེར་གནང་བའི་དབེན་གནས་རུ་དམ་ནགས་ཆུང་རི་ཁྲོད་དུ་གྲགས་པའི་སྒྲུབ་ཕུག་དང་། དེའི་གཡས་ཕྱོགས་སུ་ཡར་ཕྱིན་པ་ན་དམ་ཅན་སྒང་གི་སྒྲུབ་ཕུག་གོང་འོག དེ་ལས་གྱེན་དུ་རིང་ཙམ་འཛེགས་པ་ན་སྒྲུབ་མཚོ་གོང་འོག་བར་གསུམ་དུ་གུ་རུའི་སྒྲུབ་ཕུག་དང་། དཔལ་སྤྲུལ་སྒྲུབ་ཕུག སྨྱོ་ཤུལ་ལུང་རྟོགས་ཀྱི་སྒྲུབ་ཕུག་སོགས་བྱིན་རླབས་ཅན་གྱི་སྒྲུབ་ཕུག་དུ་མ་དང་གཏེར་གནས་དང་རང་བྱོན་སྣ་ཚོགས་པས་གང་བ། དེ་མིན་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱི་གདན་ས་དཔྱལ་གྱི་བྲག་དཀར་གྱི་སྒྲུབ་སྡེ་དང་། མཁན་ཆེན་གཞན་དགའ་རིན་པོ་ཆེའི་གདན་ས་རྒྱལ་ཕུ་དང་གནས་ཕུ་སོགས་སྒྲུབ་གནས་ཆེ་ཕྲ་ཤིན་ཏུ་མང་ཞིང་། དེ་དག་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཚེ་དང་སྒྲུབ་པ་སྙོམས་པ་དེ་བས་ཀྱང་མང་ལ། དགེ་བའི་བཤེས་གཉེན་དེ་རྣམས་ཀྱིས་མདོ་སྔགས་ཀྱི་འཆད་སྤེལ་དང་མན་ངག་ཟབ་ཁྲིད་བསྩལ་བའི་སློབ་ཚོགས་ཀྱི་འདུ་བ་གནའ་བོའི་དུས་སུ་བསམ་གྱིས་མི་ཁྱབ་སྟེ། རུ་དམ་ལུང་དུ་དུས་བཞི་ཆགས་མེད་དུ་ཉིན་བཞིན་ཆོས་དུང་བཅུ་ཕྲག་ཁ་ཤས་ཐོས་པ་རྒྱུན་མི་ཆད་ཅིང་གཉུག་མར་གནས་པའི་དགེ་འདུན་གྱི་ཞལ་གྲངས་ལས་ཀྱང་ཕྱོགས་འདུས་སློབ་ཚོགས་ཀྱིས་མང་བར་གྲགས་སོ། །

སྨྲས་པ།

ཨེ་མ་སྣོད་ཀྱི་བཀོད་པ་མཐའ་ཡས་པ། །མ་ཚང་མེད་པས་བརྒྱན་པའི་གནས་འདི་རུ། །གསང་ཆེན་ཆོས་ཀྱི་གན་མཛོད་ཨོ་ཊའི་ཡུལ། །ས་ལ་འཕོས་འདྲའི་བསམ་གཏན་ཆོས་གླིང་བརྗིད། །དེ་ལས་རྒྱང་གྲགས་བརྒལ་བའི་ས་ཕྱོགས་སུ། །སྨྲ་བའི་ལྗགས་སམ་ཤེས་རབ་རལ་གྲི་ཡི། །གཟུགས་སུ་དོད་པ་དཔལ་གྱི་སེང་གེའི་རིར། །གངས་ལྗོངས་མཁས་པ་འབྱུང་བའི་ཆོས་གྲྭ་མཛེས། །ད་དུང་གྱེན་དུ་བགྲོད་པའི་རི་ཡི་ངོགས། །ཡིད་འོང་ནགས་ཀྱི་མཐོངས་ཀ་ཉམས་དགའ་བ། །སྒོམ་ཆེན་མཉམ་པར་བཞག་འདྲའི་པང་མདུན་དུ། །འོག་མིན་མཐའ་སྤྱོད་དོན་གྱི་སྒྲུབ་སྡེ་ཆགས། །གཞན་ཡང་འདབ་བརྒྱད་ས་ཡི་དཀྱིལ་འཁོར་ནི། །ངོ་མཚར་པད་མ་རྒྱས་འདྲའི་ལྟེ་བ་རུ། །འོད་གསལ་ཐེག་པ་མཆོག་གི་ཆོས་ཀྱི་གླིང་། །ཟབ་གསང་རྫོགས་ཆེན་སྒོམ་པའི་སྡེ་གྲྭ་རྒྱས། །བསྟན་པའི་འབྱུང་གནས་ཆོས་ཀྱི་སྡེ་འདི་ལས། །འོངས་པའི་བཤད་དང་སྒྲུབ་པའི་བདུད་རྩིའི་རྒྱུན། །འཛད་པ་མེད་པར་ཕྱོགས་སུ་བབ་པ་ཡིས། །ཐུབ་བསྟན་པད་ཚལ་བསྐྱངས་པའི་མཐའ་མ་རིགས། །སྣ་ཚོགས་ཤེས་བྱའི་གེ་སར་ཟིལ་དངར་ལ། །ཆགས་པའི་བློ་གསལ་སྐལ་བཟང་རྐང་དྲུག་ཁྱུ། །ཕྲ་ཞིབ་རིགས་པའི་སྦྲང་རྩིས་རབ་མྱོས་ཏེ། །ལྔ་རིག་དགའ་བའི་ཚལ་འདིར་ཅིར་ཡང་ལྡིང་། །ཐུབ་ཚུལ་དྲི་མ་མེད་པའི་རིང་ལུགས་ཀྱི། །བསྟན་པའི་སྙིང་པོ་རྣམ་དག་བསླབ་པའི་ཁྲིམས། །ཕྲ་རགས་ཉེས་ལྟུང་དྲི་མས་མ་གོས་པའི། །འདུལ་འཛིན་གསེར་རིའི་ཕྲེང་བ་ཚར་དུ་དངར། །དྲན་དང་ཤེས་བཞིན་བག་ཡོད་མཆོག་བརྙེས་པས། །སྒོ་གསུམ་ཞི་ཞིང་དུལ་བའི་སྤྱོད་པ་ཅན། །མཐོང་ན་མི་མཐུན་མེད་པ་ཚངས་སྤྱོད་གཟུགས། །བསླབ་གསུམ་རྒྱན་དུ་འཆང་བའི་འདུས་ཚོགས་རྒྱས། །རྒྱལ་བསྟན་ལུང་རྟོགས་བསྟན་པའི་བ་དན་དཀར། །ལུང་རིགས་དཔུང་པ་དར་མས་སྲིད་པའི་རྩེར། །བསྒྲེངས་པར་འཇིགས་བྲལ་སྙིང་སྟོབས་རྡོ་རྗེའི་སྲོག །གཅིག་ཏུ་བརྟན་པའི་བློ་གསལ་ན་གཞོན་མང་། །ཤིན་ཏུ་ཐེག་རྩེ་ཨ་ཏིའི་མན་ངག་གིས། །གསོས་པའི་གྲུབ་རིག་ཁྱུང་ཕྲུག་དར་མའི་ཁྱུ། །ཉམས་རྟོགས་གཤོག་རྩལ་རྒྱས་པའི་རོལ་རྩེད་ཀྱིས། །ཆོས་སྐུ་མཁའ་དབྱིངས་གཤེགས་པ་བགྲང་ལས་འདས། །སྟོང་གསལ་འགྱུར་བ་མེད་པ་སེམས་ཀྱི་གཤིས། །མཐའ་བྲལ་ཀློང་ཡངས་ལྟ་བའི་གདེང་ཆེན་གྱིས། །མ་བཅོས་ཅོག་བཞག་དགོངས་པའི་རྩལ་རྫོགས་པའི། །བྱར་མེད་རྒྱ་གྲོལ་ནམ་མཁའི་རྣལ་འབྱོར་མང་། །རྨད་བྱུང་གསང་ཆེན་སྙིང་པོའི་རིང་ལུགས་ཀྱི། །བསྟན་པའི་ཆུ་འགོ་གྲུབ་དབང་རྫོགས་ཆེན་པའི། །ཆོས་སྲིད་མངའ་ཐང་རྒྱས་པའི་གྲགས་པ་དཀར། །གླིང་བཞིའི་ཁྱོན་ན་གཡོ་བ་ད་ཙམ་མིན། །

ཞེས་བྱ་བ་ནི་བཤད་སྒྲུབ་དགོན་གསུམ་གྱི་ཆོས་སྡེ་ཆེན་མོ་དག་ཇི་ལྟར་དར་རྒྱས་སུ་བཞུགས་པའི་ཚུལ་མདོ་ཙམ་བཤད་པའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། གདན་ས་ཆོས་སྡེའི་ཆེ་བ་བཤད་སྒྲུབ་དགོན་གསུམ་གྱི་ཆོས་སྡེ་ཇི་ལྟར་དར་རྒྱས་སུ་བཞུགས་ཚུལ་མདོ་ཙམ་བཤད་པ་སྟེ་སརྒ་བཅུ་གཅིག་པ་རྫོགས་སོ།། །།

གསུམ་པ། བསྟན་འཛིན་སྐྱེས་བུའི་ཆེ་བ་གདན་རབས་སློབ་བརྒྱུད་དང་བཅས་པའི་བྱུང་ཚུལ་སྤྲོས་ཏེ་བཤད་པ།

གཅིག ལུགས་གཉིས་ཆོས་སྲིད་ཀྱི་མངའ་བདག་བསྟན་བདག་གདན་རབས་རིམ་བྱོན་གྱི་རྟོགས་པ་བརྗོད་པ།

གསུམ་པ་བསྟན་འཛིན་སྐྱེས་བུའི་ཆེ་བ་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་དངོས་བརྗོད་པ་ལ།

ལུགས་གཉིས་ཆོས་སྲིད་ཀྱི་མངའ་བདག་བསྟན་བདག་གདན་རབས་རིམ་བྱོན་གྱི་རྟོགས་པ་བརྗོད་པ་དང་། བཤད་སྒྲུབ་བསྟན་པའི་སྲོག་འཛིན་མཁན་རབས་ནོར་བུའི་ཕྲེང་བ་ཚར་དུ་དངར་བ་དག་གི་རྣམ་ཐར་བཤད་པ། སློབ་བརྒྱུད་དམ་པའི་སྐྱེས་ཆེན་མཁས་བཙུན་གྲུབ་པའི་དབང་ཕྱུག་ཇི་ལྟར་བྱོན་ཚུལ་བསྟན་པ་སྟེ་གསུམ་ལས།

དང་པོ་ནི། གདན་རབས་དང་པོ། བསྟན་པའི་བདག་པོ་གྲུབ་དབང་རྫོགས་ཆེན་པ་སྐུ་ཕྲེང་དང་པོ་པདྨ་རིག་འཛིན་ནི།

དེ་ཡང་འོད་གསལ་གསང་བ་སྙིང་ཐིག་གི་བསྟན་པ་རིན་པོ་ཆེ་མདོ་ཁམས་སྨད་ཀྱི་ལྗོངས་སུ་ཐོག་མར་འདྲེན་པའི་ཤིང་རྟ་ཆེན་པོ་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པདྨ་རིག་འཛིན་ཞེས་མཚན་སྙན་གྱི་གྲགས་དཀར་སྲིད་པ་གསུམ་ན་གཡོ་བ་གང་ཉིད་ངེས་པ་དོན་གྱི་དབང་དུ་ན། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་བསྐལ་པ་བཟང་པོ་འདི་ཡི་གོང་རོལ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས། བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་གྲངས་མེད་གསུམ་དུ་བསླབ་པའི་དང་པོར་སངས་རྒྱས་བདུན་ཁྲི་ལྔ་སྟོང་བསྙེན་བཀུར་པའི་ཐ་མར་བྱོན་པ། བདེ་གཤེགས་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་ཞེས་སེམས་ཅན་འཆི་ཁ་མའི་རྣ་བར་མཚན་ཙམ་བསྒྲགས་པས་ཀྱང་། གནས་ངན་ལེན་གྱི་སྐྱེ་སྒོ་གཏན་དུ་བཅད་དེ་རྣམ་པར་གྲོལ་བའི་གོ་འཕང་མཆོག་ལ་དབུགས་འབྱིན་པར་མཛད་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་ཟབ་མོ་སངས་རྒྱས་གཞན་ལས་རྨད་དུ་བྱུང་བ་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ཀྱང་། ཇི་སྐད་དུ། ཡབ་སྲས་མཇལ་པའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱེད། །སངས་རྒྱས་མང་པོར་བསྟན་པར་མཛད། །ཅེས་དང་། ཕལ་པོ་ཆེ་ལས། ཇི་ལྟར་སེམས་ཅན་བསམ་པ་བཞིན། །ཚད་མེད་པར་ནི་རབ་ཏུ་སྣང་། །ཞེས་གསུངས་པ་ལྟར། མཐའ་ཡས་པའི་འགྲོ་བར་བརྩེ་བའི་སྙིང་རྗེའི་འཇུག་པ་ཚད་མེད་པས་དག་ཆེན་ཡེ་ཤེས་ཀྱི་རོལ་གར་བསམ་མི་ཁྱབ་པ་འབྱམས་སུ་ཀླས་པ་ལས། བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ་འདི་ལ་ཟབ་གསང་རྫོགས་པ་ཆེན་པོའི་ཉེ་ལམ་ནས་གདུལ་བྱ་མཆོག་གི་རིགས་ཅན་དག་རྣམ་པར་གྲོལ་བའི་ས་ལ་འགོད་ཕྱིར་འཕགས་བོད་ཀྱི་ཡུལ་གྲུར་མཁས་དང་གྲུབ་པའི་རྣམ་རོལ་དུ་ཇི་ལྟར་བྱོན་པའི་ཚུལ་རྗེ་ཉིད་ཀྱི་ཞལ་གསུང་དང་། ཚད་མར་གྱུར་པའི་གཏེར་ལུང་དག་ལས་ཇི་སྐད་བསྟན་པའི་ཚུལ་ནི། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་བརྒྱའི་སྤྱི་མེས་དཔལ་ས་ར་ཧའམ་མདའ་སྣུན་རྗེ་དང་། གསང་རྒྱུད་རྒྱ་མཚོའི་མངའ་བདག་གྲུབ་ཆེན་ཀུ་ཀུ་རི་པ། འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པཎ་ཆེན་དྲི་མེད་བཤེས་གཉེན། བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ལྭ་བ་པ་དང་ཕག་ཚང་པ་སོགས་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་དང་། གངས་ཅན་བོད་ཀྱི་ཡུལ་དུ་བསྟན་པ་སྔ་དར་གྱི་སྐབས་སུ། ཨོ་རྒྱན་ཆེན་པོའི་ཐུགས་སྲས་མཐུ་སྟོབས་ནུས་པའི་མངའ་བདག་ལང་གྲོ་དཀོན་མཆོག་འབྱུང་གནས། དྲག་པོ་མངོན་སྤྱོད་ཀྱི་ནུས་པས་ལྷ་སྲིན་བྲན་དུ་འཁོལ་བ་གླང་ཆེན་དཔལ་གྱི་སེང་གེ །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་མངའ་བདག་ཁྲི་རལ་པ་ཅན་སོགས་དང་། རྒྱལ་བསྟན་ཕྱི་དར་གྱི་དུས་སུ། རྗེ་བཙུན་བཞད་པ་རྡོ་རྗེའི་ཐུགས་སྲས་དམ་པ་རས་ཆུང་རྡོ་རྗེ་གྲགས་པ་དང་། སྙན་བརྒྱུད་གདམས་པའི་སྲོལ་འཛིན་ངན་རྫོང་སྟོན་པ་བྷོ་དྷི་ར་ཛ། སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཀརྨ་པ་དུས་གསུམ་མཁྱེན་པ། སྣང་སྲིད་ཆོས་སྐུར་གྲོལ་པ་རྗེ་བཙུན་སྟག་ལུང་ཐང་པ། རྟོགས་པའི་དབང་ཕྱུག་གྲུབ་ཐོབ་གླིང་རྗེ་རས་པ། བརྟུལ་ཞུགས་སྤྱོད་པས་མྱོས་པ་གྲུབ་ཆེན་ཨོ་རྒྱན་པ། འཇམ་དཔལ་དབྱངས་དངོས་ཐམས་ཅད་མཁྱེན་པ་རྗེ་བློ་བཟང་གྲགས་པའི་དཔལ་སོགས་ཁམས་དབང་སྣ་ཚོགས་པའི་གདུལ་བྱའི་སྣང་ངོར་སྤྲུལ་པའི་སྐྱེ་རྒྱུད་ཇི་སྙེད་ཅིག་བྱོན་ཅིང་། དེ་ལྟར་སྒྱུ་འཕྲུལ་གྱི་རོལ་པ་ཚད་མེད་པ་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལས་ཚུར་མཐོང་གིས་རིམ་དང་ཅིག་ཅར་གཅིག་དང་ཐ་དད་སོགས་སུ་དཔྱད་པ་ནི་གནས་མ་ཡིན་ཏེ། མདོ་སྡེ་ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །སངས་རྒྱས་ལ་ནི་གཉིས་སྣང་མེད། །འདི་ལ་གཅིག་ཀྱང་ཡོད་མ་ཡིན། །སྐུ་ནི་གཉིས་སམ་གསུམ་དུ་མེད། །ཇི་ལྟར་སེམས་ཅན་བསམ་པ་བཞིན། །ཚད་མེད་པར་ནི་རབ་ཏུ་སྣང་། །ཞེས་དང་། རྒྱུད་བླ་མ་ལས། གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་གཅིག་ཅར་འཆར། །ཞེས་པ་ལྟར་ལ། དེ་ལས་སྙིགས་མའི་དུས་འདིར། འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་གཞིར་བཞེངས་སུ་བསླང་བར་བསམ་བཞིན་སྐྱེ་སྲིད་དུ་བྱོན་པ་གྲུབ་དབང་རིན་པོ་ཆེ་མཆོག་ནི། གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། རླངས་དཔལ་སྤྲུལ་པ་རི་བོའི་ཕྱོགས་སུ་འབྱུང༔ པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱན༔ ཞེས་དང་། རིག་འཛིན་ཉི་མ་གྲགས་པའི་གཏེར་བྱང་ལས། ཡོན་ཏན་རིག་འཛིན་བཱི་མ་ལ༔ ཤར་ཕྱོགས་མདོ་ཁམས་སྨད་ནས་འབྱུང༔ པདྨའི་མིང་ཅན་བརྟུལ་ཞུགས་ཅན༔ བརླ་གཡས་སྨེ་བ་སྤྱན་འདྲས་མཚན༔ ཞེས་སོགས་འཁྲུལ་བྲལ་རྡོ་རྗེའི་བཀའ་ལུང་ཚད་མས་ལན་གཅིག་མིན་པར་ཡང་ཡང་བསྔགས་པ་ལྟར། ཡུལ་གངས་ཅན་ཆོལ་གསུམ་ཆོས་ཀྱི་ཞིང་ཁམས་ལས་མདོ་ཁམས་རི་བོ་ཆེའི་ཕྱོགས་སུ། བོད་རབ་བྱུང་བཅུ་པའི་ཤིང་མོ་གླང་གི་ལོ་སྟེ་སྤྱི་ལོ་༡༦༢༥པར་བཟོ་རིག་མཁས་པའི་ཡང་རྩེར་སོན་པ་བལ་པོ་བཀྲ་ཤིས་བྱ་བའི་སྲས་སུ་སྐུ་འཁྲུངས། ཆུང་ངུ་ཉིད་ནས་བཟང་པོའི་བག་ཆགས་ལྷན་སྐྱེས་སུ་མངའ་བས་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ལ་མཆོག་ཏུ་མོས་པ་དང་། ཡི་གེའི་རིགས་དང་བཟོའི་རིག་པ་སོགས་གཙུག་ལག་གི་གནས་ཀུན་ཚེགས་མེད་པར་མཁྱེན་པའི་རྣམ་དཔྱོད་ཡངས་པ་བཅས་ངོ་མཚར་བའི་མཚན་རྟགས་རང་ཆས་སུ་མངའ་བའི་ཚུལ། རྗེ་ཉིད་ཀྱི་གསུང་མགུར་དྲང་སྲོང་དགྱེས་པའི་གླུ་དབྱངས་ལས་ཀྱང་། སྐྱེས་པ་རི་བོའི་ཕྱོགས་སུ་སྐྱེས། །ཚར་བ་ཆབ་མདོའི་ཕྱོགས་སུ་ཚར། །ལོ་བཅུ་ལོན་ནས་ཡི་གེ་བསླབས། །ཆུང་ནས་རབ་བྱུང་ཆ་ལུགས་བྱས། །མཚན་ལྡན་བླ་མ་དམ་པ་བསྟེན། །བརྩེ་བའི་ཐུགས་ཀྱིས་བུ་བཞིན་བསྐྱངས། །དབང་ལུང་གདམས་པ་དཔག་མེད་ཞུས། །ཞེས་གསུངས་པ་ལྟར་དང་། དེ་ནས་མི་རིང་པར་མཁས་གྲུབ་ཀརྨ་ཆགས་མེད་དང་། གྲུབ་དབང་རིག་འཛིན་ཆོས་ཀྱི་རྒྱ་མཚོ། གོང་ས་རྒྱལ་མཆོག་ལྔ་པ། གཏེར་སྟོན་བདུད་འདུལ་རྡོ་རྗེ། རིག་འཛིན་གཏེར་བདག་གླིང་པ་སོགས་སྔ་ཕྱིར་ཡོངས་འཛིན་མཁས་གྲུབ་ཀྱི་སྐྱེས་ཆེན་སུམ་ཅུ་ལྷག་བསྟེན་ཏེ་མདོ་རྒྱུད་མན་ངག་རྒྱ་མཚོར་གསན་བསམ་མཐར་ཕྱིན་མཛད་པ་དང་། དཔལ་གྱི་བསམ་ཡས། ལྷོ་བྲག་མཁར་ཆུ། ཡེར་པ་ལྷ་རི། ཤང་ཟམ་བུ་ལུང། བྱང་གི་གནམ་མཚོ། དཔལ་གྱི་ཙ་རི་ཏྲ་སོགས་སྒྲུབ་པའི་གནས་ཆེན་རྣམས་སུ་བསྐྱེད་རྫོགས་རིམ་གཉིས་ཀྱི་རྣལ་འབྱོར་སྤྱི་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྙིང་ཐིག་གི་ཟབ་གནད་ལ་ཉམས་བཞེས་རྩལ་དུ་བཏོན་ནས་ཀུན་བཟང་ཆོས་སྐུའི་རྒྱལ་ཐབས་ལ་མངའ་དབང་བསྒྱུར་བ་སྟེ། ཐོག་མར་དགུང་ལོ་བཅུ་གསུམ་ཙམ་ནས་སྒྲུབ་བརྒྱུད་བསྟན་པའི་ཉི་མ་ཆགས་མེད་རིན་པོ་ཆེའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ཏེ་གསར་རྙིང་གི་གདམས་ཁྲིད་དུ་མ་གསན་བཞེས་དང་། ཕྱག་རྫོགས་ཀྱི་རྣལ་འབྱོར་ལ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་ཞག་ཉེར་གཅིག་ཙམ་ནས་འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་འདྲེས་ཤིང་བདེ་གསལ་མི་རྟོག་པའི་ཉམས་སྣང་རྩོལ་མེད་དུ་སྐྱེས། རིམ་པར་བླ་མའི་མདུན་ནས་རཏྣའི་བླ་མ་ཞི་དྲག་དང་། ཕུར་པ། ཉང་གི་རྟ་ནག །ཀརྨ་གླིང་པའི་ཞི་ཁྲོ་སོགས་བཀའ་གཏེར་ཕྲིན་སྒྲུབ་ཀྱི་དབང་ལུང་གསན། དེ་སྐབས་ཆགས་མེད་རིན་པོ་ཆེ་ཉིད་ལའང་ཐུགས་དམ་གྱི་བོགས་ཐོན་བྱུང་ཚུལ། རང་རྣམ་ལས། རྟོགས་ལྡན་པདྨ་རིག་འཛིན་ལ། །ལུང་ནི་མང་ཞིག་བྱས་པའི་ཚེ། །སེམས་ངོ་ལ་ཡང་བོགས་ཐོན་ཞིང་། །ལུང་དང་འདྲེས་ནས་འགྲོ་བ་བྱུང་། །ཞེས་གསུངས། འདི་སྐབས་ཡི་དམ་ཐུགས་རྗེ་ཆེན་པོ་དང་ཨོ་རྒྱན་རྡོ་རྗེ་འཆང་གང་བྱེད་བརྟག་པས། རྗེ་ཉིད་ཀྱི་གཟིམས་ལམ་དུ་སློབ་དཔོན་ཆེན་པོའི་སྐུ་བརྙན་མཇལ་བ་དང་། ཆགས་མེད་རིན་པོ་ཆེའི་ཐུགས་དམ་བརྟག་སྐབས་ཀྱང་ཨོ་རྒྱན་བསྒྲུབས་ན་ལེགས་ཚུལ་བྱུང་བ་ལྟར། ཐུགས་དམ་ཀྱི་མཐིལ་རཏྣའི་ཐུགས་སྒྲུབ་ཞི་བ་རྩལ་དུ་བཏོན་ནས་བསྙེན་པས་ཨོ་རྒྱན་ཆེན་པོས་ཞལ་གཟིགས་དང་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་བྱིན་གྱིས་བརླབས། གཞན་ཡང་བསྐྱེད་རྫོགས་རྩ་རླུང་གི་གདམས་པའི་ཞུན་ཐར་བཅད་དེ་ཉམས་བཞེས་གནད་སྨིན་མཛད་པས། ཉིན་ཞག་རེ་ལ་རླུང་གི་རྒྱུ་བ་གཉིས་རེས་ཆོག་པ་སོགས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར། ཆགས་མེད་རིན་པོ་ཆེས་རྡོ་རྗེའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་སྨིན་གྲོལ་ཟབ་ཁྲིད་ཀྱི་རྒྱུན་བསྩལ་བར་བཀས་བསྐུལ། དགུང་གྲངས་ཉེར་བཞི་པར་ཀུན་སྤངས་བྱ་བཏང་གི་ཚུལ་གྱིས་སྤོ་བོའི་ཕྱོགས་སུ་ཕེབས་པས་གཏེར་ཆེན་བདུད་འདུལ་རྡོ་རྗེ་མཇལ། གཏེར་ཆེན་མཆོག་གིས་རང་གཏེར་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་ཆོས་བདག་ཏུ་ངོས་འཛིན་དང་ལུང་བསྟན་གྱིས་དབུགས་དབྱུང་། དབང་ལུང་གཏད་རྒྱ་བཅས་བསྔགས་བརྗོད་རྒྱ་ཆེ་བས་ཆོས་ཀྱི་བདག་པོར་མངའ་གསོལ། གཞན་ཡང་རིག་འཛིན་འཇའ་ཚོན་སྙིང་པོའི་ཐུགས་སྲས་དགེ་བའི་བཤེས་གཉེན་ཀུན་མཁྱེན་པ་ལས་རྟ་ཕག་སོགས་ཀྱི་དབང་ལུང་ཞུས་པས་འཇའ་ཚོན་མཆོག་གི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། ཁྱད་པར་རྫོགས་ཆེན་བསོད་ནམས་དབང་པོའི་དངོས་སློབ་རྦ་ཁ་སྤྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་ཞེས་རྫོགས་ཆེན་སྙིང་ཐིག་གི་བསྟན་པའི་བདག་པོ་གྲུབ་པའི་དབང་ཕྱུག་ཆེན་པོ་གང་དེའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་ཐུན་མིན་རིགས་ཀྱི་བདག་པོར་བཀུར། སྒོ་གསུམ་མཉེས་པ་གསུམ་གྱིས་གུས་པས་བཏུད་དེ་ཟབ་ལམ་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་སྙན་བརྒྱུད་ཀྱི་གདམས་པ་ཡོངས་སུ་བཞེས། ཡེ་ཤེས་ཀྱི་མཁའ་འགྲོ་མས་མཚོན་བྱེད་བརྡ་ཐབས་ཀྱི་ལྡེ་མིག་གཏད་དེ་གནང་བ་བྱིན་པ་ལྟར་ཁམས་པ་རྫོགས་ཆེན་པ་ཞེས་པའི་མཚན་དང་བཅས་བརྒྱུད་པ་འཛིན་པའི་རྒྱལ་ཚབ་ཏུ་དབང་བསྐུར། རྟོགས་པའི་ལམ་རྟགས་མངོན་དུ་གྱུར་ཏེ་ཆོས་ཉིད་མངོན་སུམ་གྱི་སྣང་བའི་འཆར་སྒོ་ཐིག་ལེ་སྟོང་སྒྲོན་གྱི་མུ་ཁྱུད་དུ་རྡོ་རྗེ་སེམས་དཔའ་དང་། འཕགས་པ་ནམ་མཁའི་རྒྱལ་པོ་བཀྲ་ལམ་མེར་གཟིགས་པ་བཅས་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་མངོན་དུ་གྱུར། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པའི་རྩལ་ཆེན་རྫོགས་ནས་ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་དབང་འབྱོར། དགུང་ལོ་སོ་དགུ་བཞེས་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ལོར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཞལ་ཕྱོགས། ལམ་བར་གྱི་སྒྲུབ་གནས་གཉན་ཁྲོད་རྣམས་སུ་ཐུགས་དམ་བོགས་འདོན་གྱི་ཕྱིར་དུ་གཉན་ས་གཅོད་པའི་ཚུལ་མཛད། འདི་སྐབས་ཐུགས་སྲས་ཐུ་བོ་རིག་འཛིན་ཉི་མ་གྲགས་པ་ཞབས་ཕྱི་འབྱོར་ནས་གཙུག་ཕུད་བཞེས། ནང་ཆེན་རྒྱལ་པོ་སོགས་དད་ལྡན་གྱི་སྐྱེ་བོ་མང་པོར་ཆོས་སྦྱིན་གྱི་ཕྲིན་ལས་བསྩལ་བ་དང་བཅས་ཤིང་འབྲུག་ལོར་ཡུལ་དབུས་ལྷ་ལྡན་དུ་ཞབས་པད་བསྐྱོད། རྟེན་གཙོ་ཇོ་ཤཱཀ་རྣམ་གཉིས་ལ་གསེར་ཆབ་སྙན་ཤལ་སོགས་མཆོད་པའི་སྤྲིན་ཕུང་རྒྱ་ཆེར་སྤྲོས་ཏེ་བསྟན་ལ་སྨན་པའི་ཐུགས་བསྐྱེད་རླབས་པོ་ཆེའི་མཚམས་སྦྱར། ཁྱད་པར་གངས་ལྗོངས་བསྟན་པ་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་ལྔ་པ་ཆེན་པོའི་གསེར་ཞལ་མཇལ། ཕན་ཚུན་ཐུགས་སྣང་གཤིན་པོས་ཉམས་རྟོགས་ཀྱི་བགྲོ་གླེང་དང་། ཁྱད་པར་གོང་ས་མཆོག་ལ་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་ཁྲིད་གསན་འབུལ་མཛད་པས། རྒྱལ་དབང་མཆོག་ལ་ཐུགས་དམ་བོགས་ཐོན་གྱི་ངེས་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས་ནས། གསུང་ལས། ཁམས་པ་རྫོགས་ཆེན་པ་ཉམས་རྟོགས་ཀྱི་བརྗོད་པ་བཅོས་མ་མ་ཡིན་པར་ཀློང་བརྡོལ་བ་གྲུབ་པའི་དབང་ཕྱུག་རྩེ་གཅིག་བསྐྱངས་པའི་ལག་རྗེས་ཤར་བར་སྣང་། ཞེས་དང་། ཕྱིས་སུ་གྲུབ་དབང་མཆོག་ལ་ཕུལ་བའི་ཆབ་ཤོག་ཀུན་བཟང་ཞལ་ངོམས་སུ། དགའ་རབ་ཤྲཱི་སེང་པད་འབྱུང་བཱི་མ་ལ། །བཻ་རོ་སོ་ཟུར་གནུབས་གཉགས་ལ་སོགས་པའི། །བཀའ་ཡི་གནད་ལ་སྦྱངས་རློམ་རྙིང་རློམ་འགས། །ཕྱག་རྫོགས་མ་ཕྱེད་འདྲེས་མའི་ཆོས་སྐད་མང་། །ཁྱེད་ཀྱིས་སྔོན་ཆད་རྩོལ་བས་ཉམས་བསྟར་ཀུན། །སྙིང་ཐིག་སྙིང་པོའི་དགོངས་དོན་ཇི་ལྟ་བ། །མ་རྟོགས་ལོག་རྟོག་མེད་པ་རྣམ་དག་པར། །ཁོ་ནར་སོང་བའི་ཚུལ་ལ་གཅིག་ཏུ་རངས། །ཅེས་དང་། སྔ་འགྱུར་ནགས་ཀླུང་སྟུག་པོ་འཁྲིགས་པའི་དབུས། །སྔོན་མེད་ཡོངས་འདུས་ལྗོན་པ་ཁྱེད་དུ་ངེས། །ཚད་ཕེབས་རྫོགས་ནས་ཆོས་ཉིད་ཟད་ས་རུ། །འཁྱོལ་ལ་ཧ་ཅང་མི་རིང་ཕ་རོལ་ན། །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་རང་གི་སེམས། །ཁྱབ་བདག་རྡོ་རྗེ་འཆང་དུ་རྟག་པར་ཡོད། །ལོངས་སྐུའི་ཞིང་ཁམས་ཉུལ་བ་ཐོད་རྒལ་གྱི། །དཀར་སེར་ཁྲ་མེན་སྒྲོན་མ་དྲུག་གི་གནད། །ནན་ཏན་བགྱིད་ཁྱེད་རང་རིག་ཀུན་ཏུ་བཟང་། །རང་ཞལ་མཐོང་བའི་བར་དུ་དར་ཡོལ་ཙམ། །ཞེས་སོགས་ཕུལ་དུ་བྱུང་བའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད། དེ་མཚམས་སྟོད་ལུང་མཚུར་ཕུ་དང་། འུ་ཤང་རྡོོའི་ལྷ་ཁང་། སྒྲགས་ཀྱི་ཡང་རྫོང་། རྡོ་རྗེ་བྲག སྨིན་གྲོལ་གླིང་སོགས་གནས་ཆེན་ཆོས་སྡེ་ཁག་ཏུ་གནས་གཟིགས་དང་འབྲེལ་མཆོད་འབུལ་གྱི་དངོས་པོ་གྱ་ནོམ་པ་བསྟབས། ཁྱད་པར་དཔལ་བསམ་ཡས་ཀྱི་ཆོས་སྡེ་ཆེན་མོ་མེས་འཇིག་པས་ཉམས་པ་ལ་ཞིག་གསོའི་ཐེབས་རྩར་དངོས་རྫས་ཕོན་ཆེན་གནང་སྦྱིན་བསྩལ་བ་དང་། དེ་མཚུངས་མངའ་བདག་ཆོས་ཀྱི་དབང་པོ། གཏེར་ཆེན་འགྱུར་མེད་རྡོ་རྗེ། སྤྲུལ་སྐུ་པད་མ་གར་དབང་། སྒམ་པོ་སྤྲུལ་སྐུ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་སོགས་ལྷོ་དབུས་ཀྱི་སྐྱེས་ཆེན་དུ་མ་དང་དབང་ལུང་ཟབ་ཆོས་ཀྱི་རྒྱུན་འབུལ་རེས་མཛད། རིམ་པར་ལྷོ་བྲག་མཁར་ཆུ། ཚེ་ལམ་དཔལ་རི། ལྷ་མོ་མཁར། དཔལ་གྱི་ཕུག་རིང་། དུར་ཁྲོད་ལ་ཁ་རྣམས་སུ་ཟླ་ངོ་རེར་སྐུ་མཚམས་བཅད་རྒྱ་ལ་བཞུགས་ཤིང་། དུར་ཁྲོད་ལ་ཁར་བཞུགས་པའི་ཐོ་རེངས་ཤིག་ལ་ཤར་ཕྱོགས་ཀྱི་ནམ་མཁའ་ནས་ལྷ་ལྕམ་མན་དཱ་ར་བ་དཀར་མོ་རུས་རྒྱན་གར་སྟབས་དང་བཅས་པས་ནུབ་ཀྱི་མཁའ་ངོས་ལ་བརྡ་ཆོས་སྣ་ཚོགས་སྟོན་བཞིན་བུན་ནེར་གཤེགས་པའི་ཉམས་སྣང་བྱུང་བ་སྐུ་ཚེ་དེར་མཁའ་སྤྱོད་འགྲུབ་པའི་བརྡ་རྟགས་སུ་གོ་ཡང་འགྲོ་ལ་བརྩེ་བའི་ཐུགས་ཀྱིས་དང་དུ་མ་བཞེས། དེ་མཚམས་མཆིམས་ཕུ་ནགས་ཀྱི་དབེན་ཁྲོད་དུ་ལོ་ངོ་གསུམ་ལ་བཅད་རྒྱ་མཛད་པས་ཉམས་རྟོགས་ཀྱི་ཡོན་ཏན་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཞིང་དེར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བདེ་གཤེགས་གཙུག་ཏོར་ཅན་དང་། གྲུབ་ཆེན་ཀུ་ཀུ་རི་པ། རྒྱལ་བ་སྟག་ལུང་ཐང་པ་བཅས་ཀྱི་སྤྲུལ་པ་ཡིན་པའི་ལུང་བསྟན་དང་ཞལ་གཟིགས་ཐོབ། དགུང་གྲངས་ཞེ་གསུམ་བཞེས་པ་ས་སྤྲེལ་ལོར་ཡུལ་ཉེར་བཞིའི་ནང་ཚན་བདེ་མཆོག་འཁོར་ལོ་སྡོམ་པའི་གནས་མཆོག་ཙཱ་རི་ཏྲའི་རོང་སྐོར་ལ་ཕེབས་ཤིང་། བདེ་མཆོག་བླ་མཚོ་དང་། སྟག་མ་ལ། དཔལ་གྱི་རི་ཟླུམ་སོགས་སུ་ཕེབས་སྐབས་སྲ་མཁྲེགས་རྡོ་ཡི་ཕ་ཝང་ལ་འདམ་ལྟར་བརྫིས་པའི་ཞབས་རྗེས་གཉིས་བཞག་པ་དང་། དཔོན་སློབ་ཐུན་མོང་གི་སྣང་ངོར་བདེ་མཆོག་ཕག་མོའི་གཟིགས་སྣང་ལན་འགར་བྱུང་བ་སོགས་ཡ་མཚན་གྲུབ་པའི་མངོན་རྟགས་གསལ་བར་བསྟན། ཁྱད་པར་གནས་ཀྱི་གཙུག་ཏོར་དག་པ་ཤེལ་གྱི་གངས་རིའི་འདབས་ཞོལ་ཟབ་ལམ་རྡོ་རྗེའི་དབེན་གནས་སུ། སྐུ་སྐྱེ་རིན་པོ་ཆེས་ཞབས་ཏོག་མཛད་དེ་ལོ་གྲངས་གསུམ་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་བཞུགས་པས་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀྱིས་ཞལ་གཟིགས་པ་དང་། ཟབ་ཡངས་ཐུགས་ཀྱི་ཀློང་དུ་རྟོགས་པའི་བོགས་ཆེན་ཐོན་ཏེ་རིག་སྟོང་རྡོ་རྗེའི་ར་བར་སྐུ་བརྙན་ཕྲ་མོ་རྐྱང་སྐུ་དང་། ཉིས་སྦྲེལ། གསུམ་ཚོགས། བཞི་སྒྲིག ལྔ་ཚོམ་སོགས་གྲངས་མེད་ཀྱི་ཞིིང་ཁམས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པས་རིག་པ་ཚད་ལ་ཕེབས་པའི་གནད་གསང་གི་ལམ་མཆོག་ཕུལ་དུ་ཕྱིན་པ་བརྙེས། དེ་ལྟར་གསུང་མགུར་ལས་ཀྱང་། འོང་བ་དེ་སྟོད་ཀྱི་ཕྱོགས་སུ་བྱས། །ཐོས་བསམ་གྱི་ཡར་ལྟ་རྒྱ་ཆེར་བྱུང་། །ཐོས་དོན་དེ་ཉམས་ལེན་གནད་ཐོག་ཏུ། །སྒྲུབ་པ་ཡི་ངང་ཚུགས་བླ་མའི་དྲིན། །རྟེན་འབྲེལ་དེ་ལྷོ་བྲག་མཁར་ཆུར་བྱུང། །ཡེ་ཤེས་ཀྱི་མཁའ་འགྲོས་བརྡ་མཚོན་བསྟན། །བསམ་གཏན་གྱི་སྒོམ་ཚུགས་བཟུང་བ་ཡིས། །མཐར་ཐུག་གི་ལམ་སྣ་ཟིན་ངེས་བྱུང་། །སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། །ཀ་དག་ལྷུན་གྲུབ་ཀྱི་རང་ངོ་མཐོང་། །གནས་ལུགས་དང་མཐུན་པའི་ཉམས་ལེན་ཤེས། །ཚིག་དོན་ལ་བསྙེལ་བ་མེད་དམ་སྙམ། །བོགས་འདོན་དེ་ཙ་རི་ཏྲ་རུ་བྱས། །རིག་པ་ཡེ་ཤེས་ཀྱི་སྐུར་མཐོང་ནས། །རྡོ་རྗེ་རྩེ་མོ་ཡི་གནད་ཤེས་པས། །སྣང་སྟོང་ལ་འགལ་བ་མེད་པར་རྟོགས། །ཅེས་དང་། ངས་སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། །སྤྱོད་པ་དེ་ཙྭ་རི་རོང་དུ་བསྐྱངས། །རྟེན་འབྲེལ་དེ་ལྷོ་བྲག་མཁར་ཆུར་བྱུང་། །འགྲོ་དོན་དེ་ཡར་འབྲོག་ཀུན་ལ་བྱས། །ཞེས་གསུངས་པ་དང་། དེ་བཞིན་རྒོད་ཚང་པ་སྣ་ཚོགས་རང་གྲོལ་གྱི་ཞུ་མཆིད་ལས་ཀྱང་། གྲངས་མེད་སྐྱེ་བའི་གོང་རོལ་ན། །ཚོགས་གཉིས་ཀྱི་བྲེ་ཁ་ལེགས་ཁེངས་ཤིང་། །ཐོས་བསམ་དང་སྒོམ་སྒྲུབ་མཐའ་དག་ལ། །དབང་འབྱོར་གྱི་འབྲས་བུས་ཕྱུག་པ་ཁྱེད། །ཞེས་དང་། ཁྱེད་ཟབ་དོན་གྱི་ཉམས་བཞེས་མཐར་ཕྱིན་ནས། །གྲུབ་ཐོབ་ཀྱི་གདན་ས་བསྙེགས་པ་ལ། །འདི་འདྲའི་སྙན་འབུལ་མ་དགོས་ཀྱང་། །ཚད་ཕེབས་དེ་ཟད་སར་འཁྱོལ་མཛད་ནས། །རྩོལ་མེད་ཀྱི་གཞན་དོན་མཁའ་ཁྱབ་ཞུ། །ཞེས་སོགས་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེར་འཐོར་བར་མཛད་དོ། །དེ་ནས་སྐུ་མཚམས་གྲོལ་བ་དང་བསྟུན་སྐུ་སྐྱེ་རིན་པོ་ཆེས་ཞུས་བསྐུལ་ལྟར་ཧོར་འབྲོག་ནག་ཆུ་ཁར་ཆིབས་སྒྱུར་མཛད་དེ། དེ་གར་ཧོར་པ་ལོ་ཆེན་སོགས་མི་དཔོན་བན་སྔགས་སེར་སྐྱ་མང་པོར་ཟབ་ཆོས་དུ་མའི་བཀའ་དྲིན་བསྩལ་ནས་ཐར་བའི་གྲོང་དུ་བཀྲི་བའི་སྒོ་འཕར་ཕྱེས། མཁར་བ་བསམ་གཏན་ཕུག་སོགས་སྒྲུབ་གནས་འགར་ཡུན་རིང་བཞུགས་ཤིང་ཐུགས་སྲས་ནམ་མཁའ་འོད་གསལ་ཡང་དེ་ཙམ་ཉིད་ན་ཞབས་འཁོར་དུ་ལྷགས། སླར་ཡང་ཤང་ཟམ་བུ་ལུང་དང་བྲག་ཡེར་བ་སོགས་སུ་ཕེབས་ནས་ལོ་མཚམས་དུ་མར་བཞུགས། བར་སྐབས་རྣམས་སུ་གནས་བརྟན་འཇམ་དབྱངས་གྲགས་པ་སོགས་དགའ་ལྡན་ཕོ་བྲང་གི་དྲུང་འཁོར་ཆེ་རིམ་དང་། སེ་འབྲས་སོགས་གདན་ས་ཆེ་ཁག་གི་དགེ་བཤེས་མང་པོ་ལྐོག་ཆོས་ཞུ་བར་བྱུང་ཞིང་དེ་དག་ལ་ཆོས་བཀའ་སྣ་ཚོགས་པ་གསུངས་པར་མཛད། ཐུགས་སྲས་ཞྭ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཡང་འདི་སྐབས་ཞབས་འབྲང་དུ་བྱུང་། དེ་མཚམས་གྲགས་པའི་མཚོ་སྨན་ཆེ་བཞིའི་ཡ་གྱལ་བྱང་གི་གནམ་མཚོར་ཕེབས་ནས་སྐུ་ལུས་མ་སྤངས་པར་འོད་སྐུར་གྲོལ་བའི་དགོངས་བཞེས་སྐྱོང་ཚེ། རྒྱལ་མཆོག་ལྔ་པ་ཆེན་པོའི་ཡེ་ཤེས་ཀྱི་གཟིགས་ངོར་། ཨོ་རྒྱན་ལུང་ཟིན་པདྨའི་མཚན༔ རྣལ་འབྱོར་དབང་ཕྱུག་ཁྱེད་ཉིད་ཀྱིས༔ མདོ་ཁམས་ཉི་མ་ཤར་ཕྱོགས་སུ༔ རྒྱས་དང་རུ་དམ་ར་བ་དཀར༔ གང་རུང་གདན་ས་གནས་གྱུར་ཚེ༔ བསྟན་འགྲོ་སྤྱི་ཡི་རྒུད་པ་གསོ༔ མཐའ་འཁོབ་སྐྱེ་འགྲོ་ཆོས་ཀྱིས་འདུལ༔ ཞེས་ཡུལ་རྫ་སྟོད་དགེ་རྒྱས་དང་། མདོ་ཁམས་རུ་དམ་ལུང་། མི་ཉག་རྡོ་ར་དཀར་མོ་སྟེ་གདན་ས་རིམ་པ་གསུམ་དུ་རྟེན་འབྲེལ་དུས་བབ་ལྟར་བསྟན་འགྲོའི་འགྲོ་དོན་བསྐྱངས་ན་ཆོས་བརྒྱུད་དར་རྒྱས་སུ་འབྱུང་བར་འགྱུར་ཞེས་སྒྲིབ་བྲལ་རྡོ་རྗེའི་བཀའ་ལུང་གིས་གསལ་བར་བསྐུལ་བ་དང་། དེ་མཚུངས་ཆགས་མེད་རིན་པོ་ཆེས་ཀྱང་། དེ་ནས་ཁམས་སུ་ཅིས་ཀྱང་བྱོན་དགོས་ཏེ། །རང་དོན་མཛད་ནས་གཞན་དོན་མི་མཛད་པ། །ཐེག་དམན་ཉན་ཐོས་ལམ་གྱི་གོལ་ས་ཆེ། །རྫོགས་སངས་རྒྱས་ནས་འགྲོ་དོན་མ་གཏོགས་པ། །མཛད་རྒྱུ་གཞན་ནི་ཡོད་སྐད་མ་ཐོས་སོ། ཅེས་དང་། ཁམས་སུ་བྱོན་པ་ཟང་ཟིང་དོན་གཉེར་མིན། །དབང་ལུང་རྒྱ་མཚོ་འདི་དག་སྤེལ་ཐུབ་ན། །འགྲོ་ལ་ཆོས་སྦྱིན་ཨོ་རྒྱན་བསྟན་ལ་སྨན། །བསྟན་འགྲོའི་དོན་ཡིན་རང་དོན་མཆོག་དེ་ཡིན། །བླུན་སྒོམ་ཟ་ཆོག་བརྒྱ་ལས་དེ་ཉིད་ལྷག །ཅེས་སོགས་ཞབས་བསྐུལ་གྱི་ཆབ་ཤོག་སྔ་ཕྱིར་ནན་གྱིས་བསྩལ་བ་ལྟར་བསྟན་དང་འགྲོ་བའི་དོན་ཆེན་ཐུགས་ལ་བརྣག་སྟེ། གྲུབ་དབང་མཆོག་དགུང་གྲངས་དྲུག་ཅུ་བཞེས་པ་ཤིང་ཕོ་བྱི་བའི་ལོར་ཇོ་བོ་རྗེ་དཱི་པམ་ཀཱ་རཱ་བོད་དུ་བྱོན་པའི་རྣམ་ཐར་དང་ཚུལ་མཚུངས་པར་མདོ་ཁམས་ཉི་མ་ཤར་ཕྱོགས་སུ་ཞབས་བསྐྱོད་གནང་། དགུང་གྲངས་རེ་གཅིག་བཞེས་པ་ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོ་སྟེ་སྤྱི་ལོ་༡༦༨༥ལོར། ཨོ་རྒྱན་སངས་རྒྱས་གཉིས་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པས་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས་མཆོག མདོ་ཁམས་ས་ཡི་ལྟེ་བ་རུ་དམ་སྐྱིད་ཁྲམ་ལུང་པ་ཞེས་སའི་དཔྱད་ཕུན་སུམ་ཚོགས་དགུ་མ་ཚང་བ་མེད་པའི་ནོར་འཛིན་གྱི་ཐིག་ལེར་ཞབས་པད་བཀོད། ཐོག་མར་གཡས་ལུང་མགོན་པོ་ཤྭ་ནའི་གནས་ཀྱི་འདབས་རོལ་ཞབས་ཆེན་སྤང་ཐང་དུ་གྲུབ་དབང་དཔོན་སློབ་གསོལ་ཇ་བསྐོལ་ཏེ་བཞུགས་སྐབས། བཀའ་སྲུང་དྲེགས་པའི་ཡང་རྗེ་པེ་ཧར་རྒྱལ་པོ་བྱ་རོག་གི་རྣམ་པར་སྤྲུལ་ནས་སྐྱེམས་ཕུད་ཕུད་ཕོར་དང་བཅས་པ་འཕུར་རྩལ་གྱིས་ནམ་མཁར་བཏེགས་ཏེ་གདན་སའི་རྒྱབ་རིའི་བྲག་སྟེགས་ཤིག་ཏུ་བཞག་པ་དང་། གཏོ་རུ་ཨ་དགེ་ཚང་ཞེས་འབྲོག་དུད་ཞིག་ཡོད་པར་ཁྱིམ་ཕེབས་མཛད་པས་ཐབ་ཟངས་ལས་འོ་མ་འཕྱུར་བ་སོགས་བཀྲ་ཤིས་པའི་མཚན་མ་འབུམ་ཕྲག་དུས་གཅིག་ཏུ་ཤར་བའི་རྟེན་འབྲེལ་ལེགས་ལམ་གྱི་སྒོ་འཕར་ཕྱེས་ནས། སྔ་འགྱུར་བསྟན་པའི་ཆུ་འགོ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཞེས་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཐོག་མར་ཕྱག་བཏབ། འོད་གསལ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཉམས་ལེན་ལ་བརྩོན་པའི་རིག་པ་འཛིན་པའི་རྣལ་འབྱོར་སྟོང་ཕྱེད་ལྔ་བརྒྱར་ལོངས་པས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ངེས་གསང་སྙིང་པོའི་བསྟན་པ་ཉིན་བྱེད་ལྟར་གསལ་བར་མཛད། ཕྱོགས་དེར་འཁོད་པའི་སྡེ་དགེའི་ས་སྐྱོང་ཆེན་པོ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། གླིང་ཚང་མགོན་པོ་ལྷུན་གྲུབ། གད་ཐོག་གཉེར་ཆེན་ལྷ་ལུ་སོགས་མི་རྗེ་སྡེ་འབངས་ཡོངས་ཀྱིས་གྲུབ་དབང་དམ་པའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བསྟན་པའི་སྦྱིན་བདག་གི་མཐུན་འགྱུར་བྱས། ཁྱད་པར་ཆོས་རྒྱལ་ཁྲི་ཆེན་སངས་རྒྱས་བསྟན་པས་བསྐུལ་ཞུས་ལྟར་མངའ་ཁོངས་རྙིང་དགོན་རྣམས་སུ་རྗེ་ཉིད་ཞབས་པད་དངོས་བསྐྱོད་ཀྱིས་ལྟ་སྒོམ་སྤྱོད་པའི་ཉམས་ལེན་ལ་དག་ཐེར་དང་། འོད་གསལ་སྙིང་པོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་བླུན་སྒོམ་རྟོག་བཟོའི་ལྟ་གྲུབ་ཀྱི་རྙོགས་མ་བསལ་ནས་ཀུན་མཁྱེན་རྒྱལ་བའི་རིང་ལུགས་འཁྲུལ་བྲལ་ཕྱོགས་ཀུན་སྤེལ་བར་མཛད། རྗེ་འདིས་སྔ་ཕྱིར་རྗེས་སུ་བསྐྱངས་པའི་ཞལ་སློབ་ཀྱི་གཙོ་བོ། འཁོན་ཀླུ་ཡི་དབང་པོའི་རྣམ་རོལ་གཏེར་སྟོན་ཉི་མ་གྲགས་པ་དང་། བདེ་གཤེགས་མྱ་ངན་མེད་ཀྱི་རྣམ་སྤྲུལ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན། གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་འཕྲུལ་འདྲེན་མཆོག་ནམ་མཁའ་འོད་གསལ་བཅས་ཐུགས་སྲས་ཐུ་བོ་གསུམ་མམ་སློབ་བུ་ཉི་ཟླ་སྐར་གསུམ་ཞེས་ཡོངས་སུ་གྲགས་པ་དང་། གཞན་ཡང་རྒྱལ་མཆོག་ལྔ་པ་ཆེན་པོ། འཇམ་དབྱངས་ཧོར་གྱི་ལོ་ཆེན། གནས་བརྟན་འཇམ་དབྱངས་གྲགས་པ། རྫོགས་ཆེན་ཀློང་རྫོགས་མཐའ་བྲལ། དགེ་བའི་བཤེས་གཉེན་ཀུན་མཁྱེན་པ། རིག་འཛིན་ཀློང་གསལ་སྙིང་པོ། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན། དྲུང་པ་ནམ་མཁའ་རྒྱ་མཚོ་སོགས་སློབ་བརྒྱུད་ཡང་བརྒྱུད་དང་བཅས་པའི་ཕྲིན་ལས་ཆོས་བརྒྱུད་ཀྱིས་ཁམས་དབུས་དྭགས་ཀོང་སོགས་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་། དེ་བཞིན་ཕྱི་རབས་བསྟན་པའི་བཙས་སུ་བཞག་པའི་གསུང་རྩོམ་ཡང་། རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་དོན་སྟོན་པ་མན་ངག་ཤེལ་ཕྲེང་གི་གླེགས་བམ་དང་། གསོལ་འདེབས་བླ་མའི་རྣལ་འབྱོར་བསྟོད་ཚོགས་སྨོན་ལམ་གྱི་སྐོར། དགེ་བསྐུལ་ལྕག་འདེབས་ཀྱི་སྐོར། རང་ཉིད་ཀྱི་རྣམ་ཐར་འཕྲོས་དོན་དུ་ཡོད་པའི་ལྟ་སྒོམ་སྤྱོད་པའི་གདེང་ཚད་ཉམས་མྱོང་མགུར་གྱི་སྐོར། ཐར་འདོད་ཀྱི་གང་ཟག་མཆོག་དམན་ཀུན་ལ་ཞལ་གདམས་ངོ་སྤྲོད་ཀྱི་སྐོར། སྒྲུབ་འཕྲིན་ཆོ་གའི་སྐོར་ཏེ་སྐོར་ཚོ་དྲུག་གམ་ཕར་ཕྱིན་དྲུག་གི་གྲངས་ཅན་གྱི་གླེགས་བམ་བཞུགས་ཀྱང་ཕལ་མོ་ཆེ་དུས་ཀྱི་རྒུད་པའི་སྐལ་ངན་གྱི་ཁྲོད་དུ་ཉམས་པར་གྱུར། དེ་ནས་དགུང་གྲངས་བདུན་ཅུ་རྩ་གསུམ་པ་དབང་ཕྱུག་ཞེས་པ་མེ་གླང་ལོའི་ཆོ་འཕྲུལ་ཟླ་བའི་རྫོགས་པ་དང་པོའི་ཚེས་ལ། འཇའ་ཚོན་གྱི་གུར་ཁྱིམ་དང་འབྱུང་བའི་རང་སྒྲ་སོགས་རྒྱུད་སྡེ་དང་མཐུན་པའི་རྣལ་འབྱོར་མཆོག་གི་ལམ་རྟགས་ངོ་མཚར་བ་དུ་མ་དང་བཅས་ཆོས་དབྱིངས་སྐྱེ་བ་མེད་པ་གཞོན་ནུ་བུམ་སྐུའི་ཀློང་དུ་ཞི་བར་གཟིམས་པའི་ཚུལ་བསྟན། སྐུ་གདུང་རིན་པོ་ཆེ་ཞུགས་སུ་ཕུལ་བ་འོད་གསལ་ཐུགས་ཀྱི་ཁང་བཟང་ཙིཏྟའི་གོང་བུ་འབྱུང་བས་མ་འཇིག་པ་སྐལ་བ་ལྡན་པའི་རྗེས་འཇུག་རྣམས་བརྩེ་བས་རྗེས་སུ་འཛིན་པའི་བརྡ་རྟགས་ངོ་མཚར་ཅན་གྱི་མཛད་པ་མཐོང་ཞིང་ཐོས་པའི་སྐྱེ་བོ་དག་གི་རྒྱུད་ལ་ཡང་ཐར་བའི་ས་བོན་ཐེབས་པར་མཛད་དེ་ཞིང་འདིའི་མཛད་པ་རེ་ཞིག་རྫོགས་སོ། །

གདན་རབས་གཉིས་པ། ཐུགས་སྲས་ཐུ་བོ་དཔོན་སློབ་ནམ་མཁའ་འོད་གསལ་ནི།

དེ་ལྟར་གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་མཆོག་ལས་རྩ་བའི་ཆོས་བརྒྱུད་འཛིན་པ་ཐུགས་སྲས་ནམ་མཁའ་འོད་གསལ་ཏེ། དམ་པ་འདི་ནི་རྗེ་བཙུན་བཞད་པ་རྡོ་རྗེའི་ཐུགས་སྲས་རས་ཆུང་ཞི་བ་འོད་དང་། བཱི་མའི་ཐུགས་བཅུད་སྙིང་ཐིག་བསྟན་པའི་བཀའ་བབ་གྲུབ་ཆེན་མེ་ལོང་རྡོ་རྗེ་སོགས་མཁས་དང་གྲུབ་པའི་སྐྱེ་སྤྲུལ་ཇི་སྙེད་བཞེས་པའི་མཐར། བོད་རབ་བྱུང་བཅུ་གཅིག་པའི་དཀྱིལ་སྟོད་ཙམ་དུ་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ནག་ཤོད་དུ་གྲགས་པའི་གནས་སུ། ཡབ་སེར་ཚ་གྲུབ་ཐོབ་ཅེས་འཇིགས་མེད་བརྟུལ་ཞུགས་ཀྱི་སྤྱོད་པས་སྣང་སྲིད་ཀྱི་དྲེགས་པ་བྲན་དུ་བཀོལ་ཞིང་། དྲག་པོ་གཏོར་བཟློག་གི་ལས་ཚོགས་ལ་དབང་འབྱོར་བས་དུས་ཀྱི་མཐའ་དམག་བཟློག་ཅིང་བསྟན་ལ་འཚེ་བའི་སྡེ་ཚོགས་རྗེས་མེད་དུ་གཏོང་བ་སོགས་མཐུ་སྟོབས་ལ་མངའ་བརྙེས་པའི་གྲུབ་ཆེན་དེའི་གདུང་རིགས་སུ་སྐུ་འཁྲུངས། བྱིས་པའི་དུས་ནས་སྔོན་གོམས་ཀྱི་ལས་འཕྲོ་སད་པས་རྟོགས་པའི་གདེང་ཚད་མཐོན་པོ་ལྡན་ཞིང་། འདྲེ་སྲིན་གདུག་ཅན་གནས་པའི་བྲག་རི་འུར་རྡོས་བསྙིལ་བ་དང་། སྐྱེར་པའི་མདའ་གཞུ་ནམ་མཁར་གཏད་པས་ཀྱང་སེར་བ་བཟློག་པ་སོགས་གྲུབ་པའི་མངོན་རྟགས་མཐའ་ཡས་པ་འབྱམས་སུ་ཀླས། མི་རིང་བར་བཀའ་བརྒྱུད་པའི་གྲུབ་ཆེན་ཞིག་ལས་རོ་སྙོམས་ཆོས་དྲུག་དང་། རས་ཆུང་སྙན་བརྒྱུད་སོགས་གདམས་སྐོར་དུ་མ་གསན་ནས་ཉམས་སུ་བླངས་པས་རྩ་རླུང་སེམས་གསུམ་ལ་དྲོད་ཚད་བརྙེས། དཔལ་གྱི་ཙ་རི་ཏྲ་སོགས་ངེས་མེད་གཉན་ཁྲོད་དུ་མར་ཕེབས་ཏེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་རྟོགས་པ་བོགས་འདོན་མཛད། རེ་ཞིག་ན་གྲུབ་དབང་མཆོག་མཁར་བར་བསམ་གཏན་བྲག་ཏུ་བཞུགས་པའི་སྙན་པ་གསན་ནས་ཞལ་མཇལ་ཞུས། སྐུའི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་སངས་རྒྱས་དངོས་གཟིགས་ཀྱིས་སྐྱབས་གནས་གཅིག་ཆོག་ཏུ་བསྙེན། སྐུ་ཚེ་གང་པོར་འབྲལ་བ་མེད་པར་སྐུ་རྗེས་སུ་འབྲང་སྟེ་ཞབས་ཏོག་རྒྱ་ཆེར་བསྒྲུབས་པས་གྲུབ་དབང་མཆོག་གི་ཐུགས་བརྩེས་དགྱེས་བསྐྱངས་ཀྱིས་སྨིན་གྲོལ་གྱི་གདམས་ཁྲིད་སྤྱི་དང་། བྱེ་བྲག་སྙིང་ཐིག་གོང་འོག་གི་གདམས་ངག་ཟབ་ཁྲིད་ཐམས་ཅད་ཚང་སྤྲུགས་སུ་བསྩལ། ཆོས་ཕྱིར་དཀའ་སྤྱད་དྲག་པོས་དབེན་རིར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཡུན་རིང་བཞུགས་པས་རིག་པ་ཚད་ཕེབས་ཀྱི་ས་ལ་ཕྱིན་ཏེ་རྗེ་བླ་མ་དང་མཉམ་པའི་རྟོགས་པ་མངོན་དུ་གྱུར་པས་ནམ་མཁའ་འོད་གསལ་དུ་མཚན་གསོལ། ཏིང་ངེ་འཛིན་ལ་དབང་འབྱོར་པས་གཞན་རྒྱུད་ཀྱི་རྟོགས་པ་མཁྱེན་པ་དང་། ནང་འབྱུང་འོད་ལྔར་དྭངས་པས་སྐུ་ལུས་ལ་གྲིབ་གཟུགས་མེད་པ། ཆགས་ཐོག་བྲལ་པའི་མངོན་ཤེས་ཕྱོགས་མེད་དུ་ཤར་བ་སོགས་ལམ་རྟགས་ཀྱི་ཡོན་ཏན་ངོ་མཚར་བ་དུ་མ་མངའ། ཕྱིས་སུ་གྲུབ་དབང་རིན་པོ་ཆེ་མཆོག་ཞིང་གཞན་དུ་དགོངས་པ་ཕྱོགས་པའི་ཚེ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་འཛིན་སྐྱོང་སྤེལ་བའི་རྒྱལ་ཚབ་ཆོས་ཁྲི་ལ་མངའ་གསོལ་བར་མཛད། དེ་ནས་གདན་ས་ཆེན་པོའི་གཙུག་ལག་ཟུང་གི་མཛད་ཁྱབ་གོང་འཕེལ་དུ་བསྐྱངས་པ་དང་། ཁྱད་པར་ཆོས་ཀྱི་བཅའ་ཁྲིམས་ལེགས་པར་བསྡམས་ནས་ལོ་ལྟར་རྒྱུན་ཆགས་སུ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་ཁྲིད་ཐེངས་གཉིས་གསུམ་བསྩལ་ཏེ་དགོན་གྱི་གྲྭ་རིགས་རྣམས་དང་། ཕྱོགས་ཀྱི་ཆོས་ཞུ་བ་ཀུན་སེམས་ངོ་འཕྲོད་ནས་རྟོགས་པ་གོང་འཕེལ་གྱི་བརྟན་པ་མ་ཐོབ་བར་རྗེ་ཉིད་ཀྱི་ལག་ལེན་དམར་ཁྲིད་གནང་ནས་མཚམས་སྒོ་འདག་སྦྱར་གྱིས་སྒོམ་པ་ལ་སྦྱོར་བར་མཛད་ཅིང་། ལྟོ་གོས་ཀྱི་མཐུན་རྐྱེན་ཞན་པ་དག་ལ་མཚམས་རྒྱགས་ཉིད་ཀྱིས་བསྩལ་བ་སོགས་བཀའ་དྲིན་གསུམ་གྱིས་ལེགས་པར་བསྐྱངས་པས་ཐུགས་སྲས་རྟོགས་པ་མཆོག་ལྡན་གྱི་རྣལ་འབྱོར་མང་རབ་བྱོན། ལུགས་གཉིས་ཀྱི་མཁྱེན་སྒོ་ཡངས་པས་རྫ་ཁོག་ཏུ་ལེགས་དགོན་གསང་ཆེན་སྨིན་གྲོལ་ཆོས་གླིང་ཕྱག་འདེབས་དང་། གདན་ས་གོང་མར་རྟེན་བཞེངས་དུས་མཆོད་ཀྱི་རྒྱུན་གསར་དུ་བཙུགས་པ། གྲུབ་དབང་རིན་པོ་ཆེའི་ཡང་སྲིད་གསེར་ཁྲིར་བཀོད་དེ་སྐྱེད་སྲིང་གནང་བ་བཅས་བསྟན་འགྲོའི་འགྲོ་དོན་ཕྱོགས་བརྒྱར་སྤེལ། གསུང་ལས་སྐྱེས་པའི་ཞལ་སློབ་གཙོ་བོ་ནི་རྫོགས་སྤྲུལ་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། རྗེ་དབོན་པད་མ་ཀུན་གྲོལ་རྣམ་རྒྱལ་རྣམ་གཉིས་ཏེ་ཐུགས་སྲས་ཐུ་བོ་རྣམ་གཉིས་དང་། གཞན་ཡང་ཉི་གྲགས་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་སོགས་བཀའ་ཆོས་ཀྱིས་འབྲེལ་བའི་སློབ་ཚོགས་མཐའ་ཡས་པས་མདོ་སྨད་ཀྱི་ཁྱོན་ཀུན་ཁྱབ། མཐར་རབ་བྱུང་བཅུ་གཉིས་པའི་མེ་ཕོ་རྟའི་ལོར་སྐུ་ཚེ་དང་འགྲོ་དོན་མཐའ་རུ་ཕྱིན་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། གདུང་དང་རིང་བསྲེལ་མང་དུ་འཕེལ་ཞིང་ཐུགས་ལྗགས་སྤྱན་གསུམ་མེས་མ་ཉམས་པར་མཆོད་པའི་རྟེན་སྐལ་དུ་བསྩལ་བ་བཅས་ཐེག་རྩེ་གསང་བའི་ཉེ་ལམ་ནས་ཀ་དག་ཆོས་སྐུའི་རྒྱལ་སར་དངོས་སུ་གཤེགས་པར་མཛད་དོོ། །དེ་ལྟར་དཔོན་སློབ་ནམ་མཁའ་འོད་གསལ་ནས་སྨིན་གྲོལ་བསྟན་པའི་སྲོག་འཛིན་གྲུབ་དབང་མཆོག་གི་སྤྲུལ་སྐུ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་རྗེ་དབོན་པདྨ་ཀུན་གྲོལ་རྣམ་གཉིས་ཏེ།

གདན་རབས་གསུམ་པ། རྫོགས་ཆེན་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནི།

རབ་བྱུང་བཅུ་གཉིས་པའི་མྱོས་ལྡན་ཞེས་པ་ས་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ་༡༦༩༩བར་ཟླ་ཀླུང་དལ་གྱིས་འབབ་པའི་ཉེ་འགྲམ་འབྲས་ལྡན་མེ་ཏོག་བཞད་པའི་སྐྱེད་ཚལ་ཞིག་ཏུ་སོག་པོ་ཨོ་རོད་རྒྱལ་པོའི་སྲས་རྒྱུད་དུ་སྐུ་འཁྲུངས། གོང་མའི་ཐུགས་སྲས་རྣམས་དང་འཇིགས་བྲལ་ཚངས་པ་སྡེ་དགེ་ཆོས་རྒྱལ་ཆེན་མོ་བཅས་ཀྱིས་བོད་ཡུལ་དབུས་ལྗོངས་ཀྱི་ལྷ་བླར་དགོངས་རྟགས་ཕུལ་བས་གྲུབ་དབང་དམ་པའི་སྐྱེ་སྲིད་འཁྲུལ་མེད་དུ་བཀས་བཅད་ཅིང་། སྨིན་གླིང་ནས་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། རྡོ་བྲག་ནས་པདྨ་ཐེག་མཆོག་བསྟན་འཛིན་རྒྱ་མཚོ་ཞེས་མཚན་གྱི་ཅོད་པཎ་གསོལ། རིང་མིན་གདན་ས་ཆེན་མོར་སྤྱན་དྲངས་ཏེེ་འཇིགས་མེད་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞིང་། གོང་མའི་ཐུགས་སྲས་ཐུ་བོ་དཔོན་སློབ་ནམ་མཁའ་འོད་གསལ་དང་རབ་འབྱམས་བསྟན་པའི་རྒྱལ་མཚན་གཉིས་ནས་གཙུག་ཕུད་བཞེས་ཏེ་པདྨ་དབང་ཆེན་དང་པདྨ་དབང་དྲག་ཞེས་མཚན་འབུལ་མཛད། རིམ་པར་སྐྱེས་མཆོག་བླ་མ་རྣམ་གཉིས་ལས་བཀའ་གཏེར་གྱི་སྨིན་གྲོལ་གང་མང་བཞེས་མཚམས། དུགུང་གྲངས་བཅུ་གཅིག་པ་ས་མོ་གླང་གི་ལོར་དབུས་ཕྱོགས་སུ་ཆིབས་ཁ་ཕྱོགས། ཐོག་མར་སྲིན་རྫོང་འོད་གསལ་སྒྲུབ་སྡེར་ཕེབས་པས་གཏེར་ཆེན་ཉི་མ་གྲགས་པ་དང་མཇལ། གཏེར་ཆེན་མཆོག་ནས་དགྱེས་བརྩེས་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་རང་གཏེར་ཕལ་ཆེར་གྱི་སྨིན་དབང་བསྩལ། གཞན་ཡང་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་དང་འབྲི་གུང་དཀོན་མཆོག་ཕྲིན་ལས་ལས་གཤིན་རྗེ་ཁྲོ་ཆུ་སོགས་བཀའ་ཆོས་འགའ་གསན་ནས་ལྷ་སར་ཕེབས། རྟེན་གསུམ་གཙུག་ལག་ཁང་རྣམས་སུ་མཆོད་པ་རྒྱས་འབུལ་དང་བཅས་རྡོར་སྨིན་དུ་ཞབས་བསྐྱོད། དེར་རིག་འཛིན་གཏེར་བདག་གླིང་པ་ལས་རྗེ་ཉིད་ཀྱི་ཟབ་གཏེར་ཐུགས་ཆེན་བདེ་གཤེགས་ཀུན་འདུས་གཙོས་བཀའ་གཏེར་གྱི་སྨིན་ཁྲིད་མཐའ་ཡས་པ་གསན་བཞེས་མཛད་པས་མཐུ་སྟོབས་དབང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་གསོལ་བ་དང་། ཉིད་གཏེར་ལས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང༔ རྣལ་འབྱོར་འཛིན་པ་མདོ་ཁམས་སྨད་ནས་འབྱུང༔ ཞེས་ལུང་ཟིན་རྩ་བའི་ཆོས་བདག་ཏུ་ངོས་འཛིན་མངའ་གསོལ་མཛད། གཞན་ཡང་སྔ་ཕྱི་རྣམས་སུ་རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཞྭ་དམར་ཆོས་ཀྱི་དོན་འགྲུབ། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་འགྱུར་མེད་རྒྱ་མཚོ། གླིང་གཏེར་པདྨ་དབང་ཕྱུག །སྟག་བླ་ཀུན་བཟང་བློ་གྲོས། དཔལ་རི་བ་ཀུན་བཟང་འོད་ཟེར། གྲ་ཐང་མཁན་ཀུན་དགའ་མཁྱེན་བརྩེ། བཤེས་གཉེན་འགྱུར་མེད་སྐལ་བཟང་སོགས་ཡོངས་འཛིན་བཅུ་ཕྲག་བཞི་ལྷག་ལས་མདོ་སྔགས་བསྟན་བཅོས་ཀྱི་འཆད་རྒྱུན། བཀའ་གཏེར་སྨིན་གྲོལ་གྱི་དབང་ཁྲིད། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་སོགས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་བཞེས་གནང་བས་ཐོས་པའི་ཕ་མཐར་སོན། ཁྱད་པར་དཔོན་སློབ་ནམ་མཁའ་འོད་གསལ་ལས་རྗེ་གོང་མའི་གསུང་སྒྲོས་ཀྱི་ཟབ་གནད་སྙན་ནས་སྙན་དུ་བརྒྱུད་པའི་གདམས་ཟབ་དང་། ཕྱག་བཞེས་ཕྲ་རགས་ཀྱི་ཟབ་གནད་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པས་རྗེ་འདི་དང་གཏེར་ཆེན་འགྱུར་མེད་རྡོ་རྗེ་རྣམ་གཉིས་བཀའ་དྲིན་ཁྱད་འཕགས་ཀྱི་རྩ་བའི་བླ་མར་འཛིན། དེ་མཚུངས་ཉམས་ལེན་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་སྐུ་ཚེ་གང་པོར་ཆད་མེད་ཆུ་བོའི་རྒྱུན་བཞིན་བརྩོན་པར་མཛད་དེ། སྐུ་ན་ཆེས་གཞོན་པའི་དུས་ནས་བསྙེན་མཚམས་ལོ་གཉིས་དང་། ཕྱིས་སྐུ་ཚེའི་གེགས་འཕྲང་སེལ་ཕྱིར་བཅད་རྒྱ་ལོ་གཅིག ཁྱད་པར་རབ་བྱུང་བཅུ་གཉིས་པའི་བློ་ངན་ལྕགས་བྱའི་མཇུག་ནས་ཤིང་ཕག་བར་ལོ་ངོ་བཅོ་ལྔའི་རིང་། སྔ་ཕྱིའི་ཆོས་ཐུན་ཕུད་ཉིན་མཚན་ཀུན་ཏུ་རྒྱུད་སྡེ་བཞི་དྲུག་གི་ལྷག་ལྷ་དུ་མའི་བསྙེན་སྒྲུབ་ཚད་འཁྱོལ་མཛད་པས། འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་དག་པ་རབ་འབྱམས་སྒྱུ་འཕྲུལ་ལྷའི་ཕྱག་རྒྱ་དང་དབྱེར་མི་ཕྱེད་པའི་བརྟན་པ་ཐོབ། འོད་གསལ་རྫོགས་པ་ཆེན་པོ་ཀ་དག་ལྷུན་གྲུབ་ཀྱི་གནད་ལ་ཉམས་བཞེས་རྒྱུན་ཆགས་སུ་མཛད་པས་རྟོགས་ཚོགས་ཡེ་ཤེས་ཀྱི་ངོ་བོར་འབྱམས་སུ་ཀླས་ནས་ཀུན་བཟང་ཆོས་སྐུའི་དགོངས་པ་མངོན་དུ་བརྙེས། དེ་ལས་ལྡང་བ་རྗེས་ཐོབ་སྒྱུ་མ་ལྟ་བུའི་རོལ་རྩལ་གྱི་ངང་ནས་བསྟན་འགྲོའི་ལེགས་བྱས་ཕྱོགས་བརྒྱར་སྤེལ་བར་མཛད་ཚུལ་ནི། དགུང་ལོ་ཞེ་གཉིས་པ་ལྕགས་སྤྲེལ་ལ་རྗེ་དབོན་པདྨ་གདན་ཚབ་ཏུ་བསྐོས་ཏེ་དབུས་ཕེབས་ཕྱི་མ་མཛད་ཅིང་། སྐབས་དེར་ས་ངོར། འབྲི་སྟག རྡོར་སྨིན་སོགས་གདན་ས་ཆེ་ཆུང་ཕལ་མོ་ཆེ་ལ་མཆོད་སྤྲིན་རྒྱ་ཆེ་བ་དང་། ཁྱད་པར་ལྷ་ལྡན་དུ་མཉན་ཡོད་མཆོད་པའི་དུས་སྟོན་དང་། རྒྱལ་མཆོག་ལྔ་པའི་འདས་མཆོད་ཀྱི་ཚོགས་ཆེན་ལ་འགྱེད་འབུལ་མང་བསྐོལ་ཕུན་སུམ་ཚོགས་པས་བསྙེན་བཀུར། རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོས་ཐུགས་བརྩེའི་གཟིགས་པ་ཚད་མེད་པས་ཕོ་བྲང་ཆེན་མོའི་ནང་རྟེན་ལས་རྟེན་གསུམ་གདམ་ཀ་མཛད་དེ་གནང་སྦྱིན་བསྩལ། སྐབས་དེར་རྗེ་ཉིད་ལ་དམ་ཅན་ནོར་སྒྲུབ་ཀྱིས་རང་གཟུགས་དངོས་སུ་བསྟན་ཏེ་ལུང་བསྟན་པས་ཐུབ་སྐུ་གཡུ་ཐོད་མ་དང་། ཆབ་ལྡེའུ་དཀར་ནག་ཁྲ་གསུམ་སོགས་མི་མིན་འཕྲུལ་གྱི་རྟེན་རྫས་སྣ་ཚོགས་མདོ་སྨད་སྤྱིའི་བསོད་ནམས་ཀྱི་བགོ་སྐལ་དུ་སྤྱན་དྲངས་པ་བཅས་ལེགས་བྱས་འགྲན་ཟླ་བྲལ་བ་གངས་ཅན་སྐྱེ་རྒུའི་རྣ་ལུང་མཛེས་པའི་རྒྱན་དུ་བཏགས་པར་མཛད་དེ་རང་དགོན་དུ་ཞབས་པད་བཀོད། དེ་ནས་ལོ་འགར་རྒྱང་ཕེབས་མ་མཛད་པར་རྒྱལ་བཀའ་རིན་པོ་ཆེ་ལན་གཉིས་དང་རྙིང་རྒྱུད་ཚར་ལྔ་གཙོས། བཀའ་དགོངས། མདོ་དབང་། མཛོད་བདུན་བཅས་ཀྱི་བཀླག་ལུང་འཆད་ཁྲིད་རྒྱ་ཆེར་གནང་ཞིང་། སྐབས་དེ་དག་ཏུ་རྡོ་རྗེའི་ལྗགས་ལ་ལྷག་ལྷས་དངོས་གྲུབ་སྟེར་བ་ལྟར་སྒྲ་དག་མྱུར་མགྱོགས་གཞན་མཚུངས་དང་བྲལ་བས་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད་པར་བྱས། གཞན་ཡང་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་སངས་རྒྱས་བྱང་སེམས་དང་། ཡི་དམ་ཆོས་སྐྱོང་གི་སྐུ་བརྙན་སྣ་ཚོགས་འབུར་བཟོས་རས་བྲིས་བཅས་དངོས་གཙང་བ་བརྒྱ་ཕྲག་དུ་མ་དང་། གསུང་རྟེན་དུ་བཀའ་བསྟན་གྱི་གླེགས་བམ་སྟོང་ཕྲག་ལྷག་བརྒལ་བ། ཐུགས་རྟེན་དུ་རྗེ་བླ་མ་ནམ་མཁའ་འོད་གསལ་གྱི་གསེར་གདུང་ཁྱད་འཕགས་སོགས་སྐུ་གསུང་ཐུགས་རྟེན་མཆོད་རྫས་ཡོ་བྱད་བསམ་མི་ཁྱབ་པ་གསར་བཞེངས་མཛད། དེས་ཀྱང་མ་ཚད་པར་རྒྱུན་འཛུགས་མར་མེ་སྟོང་མཆོད་དང་། སཙྪ། རྡོ་འབུམ། སྦྱིན་སྲེག །དར་ལྕོག་སོགས་འབྱུང་བ་ཆེན་མོའི་བྱེད་པའང་དགེ་པའི་ཆོས་ལ་བསྒྱུར་ནས་མཐའ་ཡས་པའི་སེམས་ཅན་བྱང་གྲོལ་གྱི་ལམ་ལ་བཀོད། མདོར་ན་རྗེ་འདི་མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ། མཁྱེན་བརྩེ་ནུས་གསུམ་སོགས་ཚུལ་དགུའི་ཡོན་ཏན་ལ་རང་དབང་འབྱོར་བས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཐར་ལམ་བགྲོད་བྱེད་ཤིང་རྟ་བཟང་པོ་སོགས་འཆོས་སྐྱོབས་གཉིས་ལྡན་གྱི་བསྟན་བཅོས་ཀྱང་པུསྟི་གཉིས་ཙམ་མཛད། གསུང་གིས་བསྐྱངས་པའི་ཞལ་སློབ་འབར་ཆུང་བཀྲ་ཤིས་རྒྱ་མཚོ། རྡོ་བྲག་སྐལ་བཟང་དབང་ཕྱུག །དཔལ་རི་སྤྲུལ་སྐུ། ཟུར་སྤྲུལ་གསུམ་པ་ཕྲིན་ལས་རྒྱ་མཚོ། ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ། ཉི་སྤྲུལ་པདྨ་ཐེག་མཆོག དཔོན་སློབ་གཉིས་པ་གསང་སྔགས་བསྟན་འཛིན། རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ། ཁམས་སྤྲུལ་རིན་པོ་ཆེ་གོང་འོག །ཉི་གྲགས་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་སོགས་མཁས་པའི་གྲགས་སྙན་ཐོབ་པ། སྒྲུབ་པའི་རྒྱལ་མཚན་འཛིན་པ། བསྟན་པ་དར་རྒྱས་སུ་སྤེལ་བའི་སྐྱེས་ཆེན་དུ་མ་བྱོན། དགུང་གྲངས་ང་དགུ་བཞེས་པ་མེ་གླང་ལོར་བསྟན་འགྲོའི་འགྲོ་དོན་ཐོག་གཅིག་རྫོགས་པའི་ཚུལ་གྱིས་སྐུ་མྱ་ངན་ལས་འདའ་བར་ཕྱོགས་ཤིང་། འདུས་ཚོགས་ཡོངས་ལ་སོ་སོའི་སྐལ་བ་དང་འཚམས་པའི་བསླབ་བྱ་ཞལ་ཆེམས་རྒྱ་ཆེར་བསྩལ་བ་དང་། ཁྱད་པར་རྗེ་དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་ལ་གདན་སའི་ཁུར་དང་དོན་བརྒྱུད་ཀྱི་བསྟན་པ་གཏད་ནས་ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ལ་ཆོས་སྐུའི་གཟིགས་སྟངས་དང་བཅས་ཐེག་རྩེ་གསང་བའི་ཉེ་ལམ་ནས་ནང་གསལ་གཞོན་ནུ་བུམ་སྐུར་ཐིམ་པར་གྱུར་ཏོ། །

གདན་རབས་བཞི་པ། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་ནི།

དམ་པ་འདི་ཉིད་ནི་རིག་འཛིན་ཉི་མ་གྲགས་པའི་གཏེར་ལུང་ལས། པདྨ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ མདོ་ཁམས་ཕྱོགས་སུ་རྒྱལ་གྱི་མིང་ཅན་འབྱུང༔ ཞེས་དང་། ལྷ་སྲས་སྤྲུལ་བས་བསྟན་པ་ཕན་པར་སྐྱོང༔ ཞེས་སླུ་མེད་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་བོད་རབ་བྱུང་བཅུ་གཉིས་པའི་ནང་ཚན་མེ་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ་༡༧༠༦གི་ལོར། ཡུལ་ནག་ཤོད་ཀྱི་སའི་ཆར་གྲུབ་དབང་ནམ་མཁའ་འོད་གསལ་གྱི་དབོན་རྒྱུད་དུ་སྐུ་བལྟམས། དགུང་ལོ་བཞི་ལ་སོན་སྐབས་རིག་འཛིན་ཉི་མ་གྲགས་པ་མཇལ་བས་གཏེར་ཆེན་བདུད་འདུལ་རྡོ་རྗེའི་རྣལ་རོལ་ཏུ་ངོས་འཛིན་གནང་ནས་ཐུགས་རྒྱུད་བྱིན་གྱིས་བརླབས། མནལ་ལམ་ཞིག་ཏུ་སྟོན་མཆོག་ཤཱཀྱའི་རྒྱལ་པོས་འགྲོ་བ་འདི་རྣམས་འདྲེན་པར་གྱིས་ཞེས་དབུགས་དབྱུང་ལུང་བསྟན་ཐོབ། བྱིས་པའི་དུས་སུ་དཔལ་མགོན་སེང་གེའི་གདོང་ཅན་གྱི་བཀའ་སྡོད་དུས་མཚན་ཕོ་མོ་གཉིས་ཀྱིས་མངོན་སུམ་རྩེད་གྲོགས་དང་ཕྱག་མཚན་ཐོ་དབྱུག་ཞིག་ཕུལ་བ་ཕྱིས་སུ་ཡབ་ཚང་དུ་དངོས་སུ་མཇལ་རྒྱུ་ཡོད། གཞན་ཁྱབ་འཇུག་རཱ་ཧུ་ལས་དངོས་ཉམས་རྨི་ལམ་ཀུན་ཏུ་ཞལ་བསྟན་ནས་ཁུ་བོ་བླ་མའི་དྲུང་དུ་མྱུར་བར་སོང་ཤིག་ཅེས་ཡང་ཡང་བསྐུལ་བ་དང་། དེ་བཞིན་མིག་དམར་ཕྱག་བཞི་པ་ཞིག་གིས་སྐབས་དང་སྐབས་སུ་སྐྱོ་གྲོགས་བྱེད་ཅིང་སྤྲོ་བ་བསྲིངས་པ་སོགས་བཀའ་སྲུང་ལས་བྱེད་ཕོ་ཉ་ལུས་དང་གྲིབ་བཞིན་མི་འབྲལ་བར་བུ་བཞིན་བསྐྱངས། དེ་ནས་དགུང་ལོ་བཅུ་དྲུག་པ་ལྕགས་གླང་ལོར་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ཏེ་ཁྱབ་བདག་ནམ་མཁའ་འོད་གསལ་དང་མཇལ། ངེས་པར་འབྱུང་བའི་བློས་རབ་ཏུ་བྱུང་བའི་དངོས་པོར་བསྒྲུབས་པས་མཚན་པདྨ་ཀུན་གྲོལ་དུ་གསོལ། ཡོངས་འཛིན་སློབ་དཔོན་ཨོ་རྒྱན་ཡོངས་གྲོལ་ལས་བརྡ་སྤྲོད་སྙན་སུམ་སོགས་ཐུན་མོང་གི་རིག་གནས་ཡོངས་ལ་སྦྱངས་པ་མཐར་སོན་མཛད། དེ་སྐབས་དཔལ་རྟ་མགྲིན་ནག་པོ་མེ་དཔུང་གི་ཀློང་ན་བཞུགས་པ་རི་རབ་ཀྱི་གཏོས་དང་མཉམ་པ་ཞིག་གིས་ཞལ་གཟིགས་ཐོག་མར་གནང་ཞིང་ཕྱིས་སུའང་ཡི་དམ་འདིས་ཞལ་གཟིགས་ལན་གྲངས་ལྔ་ཙམ་ཐོབ། རིམ་པར་དཔོན་སློབ་ཀྱི་མདུན་ནས་ཟབ་གསང་དཀོན་མཆོག་སྤྱི་འདུས་དང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ཆིག་བརྒྱུད་དུ་གསན་ནས། ལྟ་སྒོམ་གྱི་སྒྲོ་འདོགས་བཅད་དེ་ཉམས་ལེན་ལ་རྡོ་རུས་གཏུགས་པས་རྟོགས་པའི་གདེང་ཚད་བརྙེས། དཔོན་སློབ་རིན་པོ་ཆེ་དགྱེས་ཉམས་ཆེན་པོས་ངའི་དབོན་འདི་ཕོ་རྒོད་ཡང་རབ་ཅིག་ཡོང་བར་འདུག་ཅེས་ཡང་ཡང་བསྔགས་བརྗོད་མཛད། སྐབས་དེར་དུས་ཟིང་གི་དབང་གིས་སྨིན་གླིང་རྒྱལ་སྲས་རིན་པོ་ཆེ་ཁམས་ཕྱོགས་སུ་ཕེབས་པ་ལས་སྙན་རྒྱུད་རྡོ་རྗེ་ཟམ་པ་སོགས་བཀའ་གཏེར་གྱི་ཆོས་ཚུལ་མང་པོ་གསན་ཞིང་མཚན་འགྱུར་མེད་པདྨ་བསྟན་འཛིན་དུ་གསོལ། དགུང་ལོ་ཉེར་གཅིག་པ་མེ་རྟ་ལོར་དབུས་ཕྱོགས་སུ་ཕེབས་ཤིང་རྟེན་གཙོ་ཇོ་ཤཱཀ་རྣམ་གཉིས་གཙོས་ཆོས་སྡེ་གནས་ཆེན་ཡོངས་ལ་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ་བསྟན་འགྲོར་སྨན་པའི་ཐུགས་སྨོན་གནང་བ་དང་། རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན་བསམ་མཐར་ཕྱིན་མཛད། སྐབས་དེར་ལྷ་ལྡན་དུ་བཞུགས་པའི་དུས་ཤིག་ལ་སྦས་ཚུལ་འཛིན་པའི་རྣལ་འབྱོར་མ་ཞིག་གིས་བྱིན་གྱིས་བརླབས་ཏེ་སྙན་བརྒྱུད་ཀྱི་གདམ་པ་གཏད་ནས་ལྟ་སྒོམ་ངོ་སྤྲོད་གནང་བས་ཕྲ་རགས་ཀྱི་རྟོག་པ་ཆོད། སྣང་སེམས་རོ་གཅིག་ཏུ་འདྲེས། ལྟ་བ་ཀློང་དུ་གྱུར་ཏེ་ཐུགས་དམ་ལ་བོགས་ཐོན་ཆེན་པོ་བྱུང་། གཞན་ཡང་སྐབས་འདི་དག་ཏུ་དཔའ་བོ་མཁའ་འགྲོས་ཞལ་གཟིགས་དང་། གྲུབ་པའི་སྤྱོད་པས་འདྲེ་སྲིན་དམ་ལ་བཞག་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས་པ་སྣང་། སླར་ཞབས་པད་མདོ་སྨད་དུ་ཕྱིར་ཕྱོགས་པའི་ལམ་ཞོར་དུ་གཏེར་ཆེན་གདན་ས་སྲིན་རྫོང་འོད་གསལ་སྒྲུབ་སྡེར་ཕེབས་ཏེ་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་དང་མཇལ། ཕན་ཚུན་ཐུགས་བརྩེ་ཆེན་པོས་དབང་ལུང་ཟབ་ཁྲིད་ཀྱི་རྒྱུན་འབུལ་རེས་མཛད་པ་བཅས་རིམ་པར་རུ་དམ་རྫོགས་ཆེན་དགོན་དུ་ཕྱག་ཕེབས། དཔོན་སློབ་གཞན་དོན་དུ་གཤེགས་ཀྱང་ཡང་སྲིད་མཆོག་སྤྲུལ་གསང་སྔགས་བསྟན་འཛིན་དང་མཇལ། གདན་སར་ཐོག་གཅིག་བཞུགས་རྗེས་གཏེར་ཆེན་གདན་ས་སྟག་མོ་དགོན་སྐལ་བཟང་ཕུན་ཚོགས་གླིང་དུ་ཕེབས། དེར་རྒྱལ་ཚབ་བློ་གྲོས་ལས་ཉི་གྲགས་གཏེར་ཆོས་སོགས་སྨིན་གྲོལ་ཟབ་ཁྲིད་ཀྱི་རྒྱུན་མཐའ་ཡས་བཞེས་པ་དང་། གཏེར་ཆེན་མཆོག་གི་འབྱུང་འགྱུར་གཟིགས་པའི་ལུང་བསྟན་དང་མཐུན་པར་ཆེ་མཆོག་དཔལ་དགུའི་སྐུ་བརྙན་དངོས་གཙང་བ་བཞེངས། རབ་གནས་མཛད་པའི་ཉིན་དེར་སྐུ་རྟེན་པ་ཞིག་ལ་ཆོས་སྐྱོང་ཐོག་བབ་དང་པོ་བྱུང་བ་བཅས་རྟེན་འབྲེལ་དགེ་བའི་མཚན་མ་མངོན་དུ་གྱུར། དེ་ནས་བྱ་བཏང་བརྟུལ་ཞུགས་ཀྱི་སྤྱོད་པས་འཛིང་དཀར་དང་། རྟ་ཁོག་ཕ་ཝང་བོན་མོ་སོགས་ངེས་མེད་ཀྱི་གཉེན་ཁྲོད་དུ་མར་བཞུགས་ནས་ཐུགས་དམ་བོགས་འདོན་མཛད། དགུང་གྲངས་སོ་ལྔ་པ་ལྕགས་སྤྲེ་ལོར་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། པདྨ་གསང་སྔགས་བསྟན་འཛིན་ཏེ་རྗེ་དཔོན་རྣམ་གཉིས་ཀྱི་སྤྲུལ་བའི་སྐུ་མཆོག་ཟུང་དབུས་ཕྱོགས་སུ་ཆིབས་སྐྱོད་གནང་བས་གདན་ས་ཆེན་མོར་རྒྱལ་ཚབ་ཏུ་བཞུགས་རྒྱུའི་ཞུ་བསྐུལ་བྱུང་བ་ལྟར། སླར་ཡང་རང་དགོན་དུ་ཕེབས་ཏེ་ལོ་ངོ་གཉིས་ཙམ་ལ་གཙུག་ལག་ཟུང་གི་མཛད་པ་རྒྱ་ཆེར་བསྐྱངས། འདི་སྐབས་ཤིག་ལ་སྔར་གཏེར་ཆེན་ཉི་གྲགས་རིན་པོ་ཆེས་གླང་ཐང་སྒྲོལ་མ་ནས་གཏེར་བཞེས་མཛད་པའི་སྒྲོལ་མའི་སྐུ་བརྙན་བྱིན་ཅན་ཞིག་ཡོད་པ་གཏེར་ཆེན་གྱིས་དཔོན་སློབ་ལ་གནང་ཞིང་། དཔོན་སློབ་ནས་རྗེ་དབོན་ཉིད་ལ་གནང་བ་རྒྱུན་དུ་འབྲལ་སྤངས་མཛད་དེ་ཤིན་ཏུ་ཐུགས་རྩིས་ཆེ་བ་ཞིག་ཡོད་ཀྱང་། ནུབ་གཅིག་རྗེ་ཉིད་བློན་པོ་མགར་གྱི་སྐྱེ་བ་བཞེས་དུས་རྒྱ་བལ་གྱི་ཡུལ་གྲུར་བྱོན་ལུགས་དང་། རིག་པའི་འཕྲུལ་གྱིས་རྒྱ་བལ་བཏུལ་ཏེ་ཇོ་ཤཱཀ་རྣམ་གཉིས་བོད་དུ་སྤྱན་དྲངས་ཚུལ་སོགས་མངོན་སུམ་སྒྲིབ་མེད་དུ་གཟིགས་པ་བྱུང་ཞིང་། སྒྲོལ་མའི་སྐུ་དེ་གླང་ཐང་རང་དུ་བཞུགས་ན་མདོ་སྨད་འདིར་བགྲང་བྱ་བཅུ་ཕྲག་གཉིས་བར་དུས་ཀྱི་སྐལ་ངན་ཐམས་ཅད་ཞི་ཞིང་བདེ་སྐྱིད་ཕུན་ཚོགས་འབྱུང་བའི་ལུང་བསྟན་དང་། རྒྱལ་ཆེན་བཞིས་ཀྱང་ཞབས་བསྐུལ་ཡང་ཡང་བྱུང་བས་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་དག་པས་གནས་དེར་བཞུགས་སུ་གསོལ་ཞིང་། ཉེ་བའི་ཆར་ཡང་དུས་ངན་ཀྱི་བར་ཆད་སྣ་ཚོགས་བྱུང་བ་ཀུན་ལས་རྣམ་པར་རྒྱལ་ཏེ་སླར་ཡང་གདན་ས་དེ་ཉིད་དུ་ད་ལྟའི་བར་མཇལ་དུ་ཡོད་པ་འདི་དང་། དེ་བཞིན་རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱི་གསུང་རབ་རིན་པོ་ཆེ་མཛོད་བདུན་ཆ་ལག་དང་བཅས་པ་ཤིང་པར་དུ་བརྐོས་ཏེ་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་བཞུགས་སུ་གསོལ་བས་ངེས་དོན་སྙིང་པོའི་བསྟན་ལ་སྨན་པའི་ཕྲིན་ལས་ད་ལྟའི་བར་རྒྱུན་མ་ཆད་པ་བྱུང་བ་འདི་ཉིད་ཁོ་ནའི་བཀའ་དྲིན་ཀྱང་གཞལ་བར་དཀའ་བའི་གནས་སུ་སྣང་ངོ་། །དགུང་གྲངས་སོ་བདུན་བཞེས་པ་ཆུ་ཕོ་ཁྱི་ལོར་རྒྱལ་རོང་རྟག་བརྟན་རྣམ་པར་རྒྱལ་བའི་གླིང་གསར་དུ་ཕྱག་བཏབ། དགེ་སློང་སྐལ་བཟང་དོན་ཡོད་སོགས་འདུས་ཚོགས་དུ་མ་ལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་ཁྲིད་བསྩལ་ཏེ་ངེས་དོན་སྙིང་པོའི་བསྟན་པ་ཉིན་བྱེད་ལྟར་གསལ་བར་བྱས། དེ་སྐབས་དབྱིངས་སྣང་འཇའ་གུར་གྱི་ཀློང་ནས་ཀུན་མཁྱེན་ཆོས་རྗེས་ཞལ་གཟིགས་ནས་འོད་གསལ་རྡོ་རྗེ་སྙིང་པོའི་དཀའ་གནད་བཀྲལ་བས་ཟབ་མོའི་གནས་ལ་མི་འཇིགས་པའི་སྤོབས་པ་དང་རྟོགས་པའི་ངོ་བོ་གོང་དུ་འཕེལ་ཏེ་ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་དབང་འབྱོར་བར་གྱུར། དེ་ནས་མི་རིང་བར་ནག་པོའི་རྩ་ལག་སྟོབས་སུ་བདོ་བས་གདན་ས་གོང་མ་རུ་དམ་གྱི་ཆོས་སྡེ་མེའི་འཇིགས་པས་ཉམས་པ་དང་། གྲུབ་དབང་མཆོག་གི་ཡང་སྲིད་ཞིང་དུ་གཤེགས་པ་བཅས་བསྟན་པའི་གོད་ཆག་ཆེན་པོ་སྟབས་གཅིག་ཏུ་བྱུང་བས། སླར་ཡང་གདན་ས་གོང་མར་ཕེབས་ཏེ་བསྟན་བདག་གདན་རབས་བཞི་བའི་གསེར་ཁྲིར་བཞུགས་ཤིང་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་། ཡབ་རྗེ་གོང་མ་དག་གི་དགོངས་རྫོགས་སུ་ས་ཟླའི་བུམ་སྒྲུབ་ཆེན་མོའི་ཚོགས་མཆོད་གསར་འཛུགས་དང་། གྲུབ་དབང་མཆོག་གི་ཡང་སྲིད་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་རྫ་ཁོག་ཏུ་འཁྲུངས་པ་ངོས་འཛིན་དང་ཆིབས་བསུའི་བཀོད་བཤམས་རྒྱ་ཆེན་པོ་བློས་ར་བ་ལས་འགོང་པ་མཛད་དེ་གསེར་ཁྲིར་མངའ་གསོལ། རིག་འཛིན་གོང་མ་ནས་བརྒྱུད་པའི་ཆོས་བཀའ་ཐམས་ཅད་ལྷག་མེད་དུ་བསྩལ་བ་སོགས་ཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ཆེ་རང་བཞིན་གྱིས་བསྡུ་བར་མཛད། དགུང་གྲངས་རེ་བརྒྱད་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ལོར་གདུལ་བྱ་གཞན་དོན་དུ་དགོངས་པ་ཕྱོགས་ཚེ། ཡང་སྲིད་རིན་པོ་ཆེ་ལ་གྲུབ་དབང་རྫོགས་ཆེན་པའི་ཕྱག་དཔེ་ངོ་མ་ཕུར་པའི་པོད་སོགས་སྐུ་གསུང་ཐུགས་ཀྱི་རྟེན་འགའ་ཕྱག་ཏུ་ཕུལ་ནས་འཕྲལ་ཡུན་གྱི་བསླབ་བྱ་མང་པོ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཤིང་དོན་བརྒྱུད་ཀྱི་བསྟན་པ་གཏད་དེ་རྒྱལ་རོང་དུ་ཕེབས། དེ་མཚུངས་མཆོག་སྤྲུལ་ནམ་མཁའ་ཚེ་དབང་མཆོག་གྲུབ་ལ་ཉིད་ཀྱི་དབུ་ཞྭ་བེར་ཕོད་སོགས་གནང་སྟེ་ངེད་ཀྱི་བགྱི་འོས་ཐམས་ཅད་ཁྱེད་ཀྱིས་གྱིས་ཤིག་ཅེས་གདན་ས་འོག་མའི་རྒྱལ་ཚབ་ཏུ་མངའ་གསོལ། དེ་མཚམས་སྒྲུབ་ཆེན་འགའི་ཚོགས་དབུར་ཕེབས་ཤིང་སྣང་གྲག་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གསང་གསུམ་དུ་གཟིགས་པའི་གསུང་འཕྲོས་བསྩལ། མི་རིང་བར་སྐུ་བསྙུན་ཚུལ་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད། གདན་ས་གོང་འོག་ནས་དགོངས་རྫོགས་མཆོད་སྤྲིན་ཚད་མེད་སྤྲོས་ཤིང་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་བྱས་པས། ཐུགས་ལྗགས་སྤྱན་གསུམ་མེས་མ་རྨས་པར་རྟེན་སྐལ་དུ་བསྩལ་བ་བཅས་སྐུ་ཚེ་དེའི་འགྲོ་དོན་ཡོངས་སུ་རྫོགས་པའི་ཚུལ་བསྟན་ཏོ། །ད་དུང་དེ་ལས་ཞིབ་པའི་རྣམ་ཐར་རྒྱས་པ་མཁྱེན་པར་བཞེད་ན་མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པའི་རྗེ་བླ་མའི་རྣམ་ཐར་མོས་ལྡན་གདུང་བ་སེལ་བའི་དགའ་སྟོན་དང་། མཁས་མཆོག་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་གྲུབ་དབང་རྫོགས་ཆེན་པའི་ཆོས་འབྱུང་ཆེན་མོ་སོགས་སུ་རྒྱས་པར་གསལ་བས་དེ་དག་ཏུ་སྤྱན་རས་གཡོ་བར་ཞུ། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་ཐུགས་སྲས་བརྒྱུད་འཛིན་པ་རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་རྣམ་གཉིས་ཏེ།

གདན་རབས་ལྔ་པ། རྫོགས་ཆེན་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་ནི།

ངེས་དོན་བསྟན་འཛིན་བཟང་པོ་ཨ་ཏི་བསྟན་པའི་རྒྱལ་མཚན་མཆོག་ནི། སྤྱི་ལོ་༡༧༥༩པ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ལོར། བྱང་ཟླ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་ཡུལ་གྱི་བྱེ་བྲག་ཧོ་པ་ཞེས་པའི་ཆར་ཡབ་ཚེའི་རིག་བྱེད་ལ་བྱང་ཆུབ་པ་འགའ་ཞིག་བྱོན་པའི་རྒྱུད་ལས་བཀྲ་ཤིས་འབུམ་བྱ་བའི་སྲས་སུ་སྐུ་འཁྲུངས། གསུང་ངག་བྱེ་བ་ཉིད་ནས་རྗེ་གོང་མའི་ཐུགས་ཀྱི་བག་ཆགས་མ་བརྗེད་པར་རྫོགས་ཆེན་མཆོག་སྤྲུལ་ཡིན་ཚུལ་དང་། སྐུ་འཁོར་གྲྭ་པ་པདྨའི་མིང་འཛིན་གསུམ་ཡོད་ཚུལ་སོགས་ཡང་ཡང་གསུངས་ཤིང་། དབུས་གཙང་ལྷ་བླའི་གསུང་རྟགས་དང་དམ་ཅན་སྐྱེས་བུའི་ལུང་བསྟན། རྗེ་དབོན་བླ་མའི་གསུང་ལུང་རྣམས་གཅིིག་མཐུན་བྱུང་བ་ལྟར་ངོས་འཛིན་ཕུལ། སྤྲུལ་བའི་སྐུས་སྔོན་གནས་རྗེས་སུ་དྲན་པའི་རྣམ་ཐར་བཟང་པོས་གོང་མའི་ཕྱག་དཔེ་དང་རྡོར་དྲིལ། ཕྱག་ཕྲེང་། གསོལ་ཞལ་སོགས་ཉེར་སྤྱོད་རྣམས་ངོས་འཛིན་གནང་བ་དང་། སྔོན་གྱི་མཛད་ཚུལ་སོགས་ངེས་ཤེས་འདྲོངས་པའི་གསུང་འཕྲོས་མང་པོ་བསྩལ་བས་ཐམས་ཅད་ཡང་དུ་ཡིད་ཆེས་ཀྱི་ས་ལ་བཀོད་དེ་དད་པའི་སོར་འདབ་དབང་མེད་དུ་ཟུམ་པར་བྱས། དགུང་གྲངས་བཞི་ལ་སོན་པ་སྣ་ཚོགས་ཞེས་པ་ཆུ་རྟ་ལོར་རྗེ་དབོན་རིན་པོ་ཆེ་དང་ས་སྐྱོང་ཆོས་རྒྱལ་ཆེན་མོ་གཙོས་ཡུལ་སྡེ་དགོན་འབངས་ཡོངས་ཀྱིས་ཕུན་སུམ་ཚོགས་པའི་ཆིབས་བསུ་དང་བཅས་གདན་སར་སྤྱན་དྲངས། ཉི་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས་གཙུག་ཕུད་བཞེས་པའི་མཚན་ལ་ཀུན་བཟང་ཐེག་མཆོག་བསྟན་པའི་མགོན་པོ་ཞེས་དང་། རྗེ་དབོན་རིན་པོ་ཆེས་གསེར་ཁྲིར་བཀོད་པའི་མཚན་ལ་ངག་དབང་པདྨ་རྣམ་རྒྱལ་དུ་གསོལ། ས་སྐྱོང་གོང་མ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་ཀྱང་ཆབ་ཤོག་གི་ལམ་ནས་ཞབས་བརྟན་དང་བཅས་རིག་འཛིན་ཕྲིན་ལས་དབང་ཕྱུག་ཨ་ཏི་བསྟན་པའི་རྒྱལ་མཚན་ཞེས་མཚན་འབུལ་གནང་། དགུང་ལོ་བདུན་པར་སྐུ་རྒྱབ་སློབ་དཔོན་ཐེག་མཆོག་ལས་ལྗགས་ཀློག་དང་འདོན་ཆོག་མ་ལུས་པ་བྱང་ཆུབ་པར་མཛད་པ་དང་། དེ་ནས་ཡིད་བཞིན་མཛོད་དང་སྡོམ་གསུམ་སོགས་ཐུགས་འཛིན་གནང་ཞིང་རིམ་པར་ཉི་སྤྲུལ་རྡོ་རྗེ་འཆང་ལས་བླ་མ་དགོངས་འདུས་ཉི་གྲགས་གཏེར་ཆོས་སོགས་བཀའ་གཏེར་ཆོས་ཚུལ་དུ་མའི་སྨིན་དབང་གྲོལ་ཁྲིད་སྣ་ཚོགས་གསན། ཁྱད་པར་ཉི་སྤྲུལ་རིན་པོ་ཆེས་མཁན་པོ་དང་རྗེ་དབོན་མཆོག་ནས་ལས་ཀྱི་སློབ་དཔོན་མཛད་དེ་དགེ་འདུན་ལྔ་ཚོགས་ཀྱི་དབུས་སུ་རབ་ཏུ་བྱུང། མཚན་ངེས་དོན་བསྟན་འཛིན་བཟང་པོར་གསོལ། གཞན་ཡང་རྗེ་དབོན་རིན་པོ་ཆེ་ལས་སྙིང་ཐིག་གོང་འོག་གི་ཉམས་ཁྲིད་གནད་ཡིག་སོགས་གོང་མའི་ཞལ་ཤེས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བས་ཐུན་མིན་རིགས་བདག་ཏུ་གྱུར། ཀཿཐོག་དྲི་མེད་ཞིང་སྐྱོང་ལས་བདུད་འདུལ་གཏེར་ཆོས་ཆ་ཚང་བ་དང་། འབར་ཆུང་བཀྲ་ཤིས་རྒྱ་མཚོ་ལས་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་། ཉི་གྲགས་གདན་ཚབ་སྐལ་བཟང་དོན་ཡོད་ལས་སྙིང་ཐིག་ཉམས་ཁྲིད་ཟབ་རྒྱས་བཞེས། དེ་མཚུངས་དཔའ་བོ་ལས་རབ་རྩལ། གུ་གུ་བླ་མ་བསྟན་འཛིན་སྙིང་པོ། མཁས་བཙུན་ནམ་མཁའ་མཆོག་གྲུབ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་བཀའ་ཆོས་གྲངས་མང་གསན། དགུང་གྲངས་ཉི་ཤུ་པ་ས་ཁྱི་ལོར་སྐུ་རབས་གོང་མའི་མཛད་སྲོལ་ལྟར་དབུས་ཕྱོགས་སུ་ཆིབས་བསྐྱོད་མཛད། ཇོ་ཤཱཀ་གཉིས་གཙོ་བོར་གྱུར་པའི་ལྷོ་བྲག་ཚུན་གྱི་གཙུག་ལག་ཁང་རྣམས་སུ་མཆོད་སྤྲིན་རྒྱས་སྤྲོས་དང་བསྟན་འགྲོར་ཕན་པའི་ཐུགས་སྨོན་འཕྲིན་བཅོལ་གང་ཟབ་གནང། རྒྱལ་དབང་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོ་དང་ཁྲི་ཆེན་ནོ་མི་ཧན་གཉིས་ལ་དངོས་རྫས་གཏོས་ཆེན་པོའི་འབུལ་ཚན་ཕུལ་ཞིང་། གཞུང་ས་ནས་ཀྱང་རྗེ་གོང་མ་གཉིས་དང་འདྲ་མཚུངས་ཀྱི་ལུང་ཐམ་གནང་། གདན་ས་ཆེན་མོ་གསུམ་དང་སྨོན་ལམ་འདུས་ཚོགས་ལ་མང་ཇ་དངུལ་འགྱེད་གྱ་ནོམ་པ་དང་བཅས་ལྷོ་བྲག་ཕྱོགས་སུ་ཕེབས་ཏེ། ལྷོ་བྲག་ཐུགས་སྲས་ལས་པད་གླིང་ཆོས་སྐོར་དང་། གྲུབ་ཆེན་པདྨ་བཤེས་གཉེན་ལས་བྱང་གཏེར་སོགས་རྙིང་ཆོས་འགའ། སྨིན་གླིང་མཁན་ཆེན་ལས་བསྙེན་པར་རྫོགས་ཤིང་གཏེར་ཆེན་ཡབ་སྲས་ཀྱི་ཆོས་སྐོར་ཡོངས་རྫོགས་གསན་པ་སོགས་ཆོས་སྲིད་ཀྱི་ལེགས་ཚོགས་གོང་འཕེལ་ངང་མདོ་ཁམས་སུ་ཞལ་ཕྱིར་ཕྱོགས། ཀུན་མཁྱེན་འཇིགས་མེད་གླིང་པས་དགོན་གྱི་ལུང་ཕུར་ས་དབྱིབས་སྒོམ་ཆེན་མཉམ་བཞག་འདྲ་བའི་པང་དུ་སྒྲུབ་སྡེ་ཞིག་བཙུགས་ན་ཕུང་པོ་འོད་སྐུར་གྲོལ་བ་གྲངས་གྱིས་མི་ལང་པ་འབྱུང་ཞེས་ལུང་བསྟན་པ་ལྟར་གནས་དེར་སྒྲུབ་སྡེའི་འདུ་ཁང་རྟེན་བརྟེན་པ་གསར་བཞེངས་དང་། འཇུ་བླ་སངས་རྒྱས་འོད་ཟེར་སོགས་སྤོང་བ་པ་བཅུ་གསུམ་སྒྲུབ་རྒྱགས་མཚམས་གཡོག་བཅས་རྒྱུན་འཇགས་མཛད་། དེ་བཞིན་བར་ན་བཀའ་མའི་དཀྱིལ་འཁོར་བཅུ་གསུམ་གྱི་སྒྲུབ་མཆོད་ངོ་མཚར་བ། གར་ཐིག་དབྱངས་རོལ་བཅའ་གཤམ་སོགས་སྒྲིག་ལམ་གྱི་ཕྱག་བཞེས་གསར་དུ་འཛུགས་པར་མཛད་ཅིང་། དེ་ལས་འཕྲོས་ཏེ་རྒྱལ་བ་དཔལ་ཡུལ་པ་དང་རྫ་ཕུག་ཁུང་དགོན་སོགས་མདོ་ཁམས་སྟོད་སྨད་ཀུན་ཏུ་བཀའ་གཏེར་གྱི་བསྟན་པ་ཉིན་བྱེད་གསལ་བ་ལྟར་ཁྱབ་པར་བྱུང་བ་ཡང་སྐྱེས་བུ་དམ་པ་འདིའི་ཕྲིན་ལས་ལས་མ་འདས། སྨད་ན་གཟུངས་སྔགས་ཀྱི་ཆུ་འཁོར་ཆེན་པོ་བཅུ་གསུམ་བཞེངས་ནས་འབྱུང་བ་ཆུ་ཡང་ཆོས་མཛད་ཀྱི་བྲན་དུ་བཀོལ་བས་བགྲངས་ཡས་འགྲོ་བའི་རྒྱུད་ལ་རྣམ་པར་གྲོལ་བའི་ས་བོན་ཐེབས་པར་བྱས། གཞན་ཡང་རྫ་རྒྱུད་དུ་ཕྱག་ཚྭ་དགོན་དང་། སྟག་དགོན་དུ་ཀཿཐོག་དགོན། སྙི་ཁོག་ཏུ་ཡང་ལྷ་ཁང་གསར་བཞེངས་བཅས་ཕྱོགས་སུ་བུ་དགོན་མང་པོ་གསར་འདེབས་དང་དེ་དག་ལ་དངོས་པོའི་མཐུན་རྐྱེན་རྒྱ་ཆེར་བསྩལ་བར་མཛད། རང་དགོན་དུ་སྐྱེས་རབས་ལྷ་ཁང་དང་། ལི་མ་ལྷ་ཁང་། ཞི་ཁྲོའི་ལྷ་ཁང་སོགས་གཙུག་ལག་ཁང་དུ་མ་གསར་བཞེངས་མཛད་ཅིང་། དེ་དག་རྣམས་སུ་སྐུ་རྒྱུ་གཟི་བྱུར་དང་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་ཆེ་ཆུང་མང་པོ་བཞུགས་སུ་གསོལ་བ་དང་། གཞན་གསེར་དངུལ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཁུ་བས་བྲིས་པའི་སྐྱེས་རབས་ལྡེབས་རིས་དང་ཞལ་ཐང་དངོས་གཙང་བ་བརྒྱ་ཕྲག་གི་གྲངས་ལས་བརྒལ་བ་བཅས་སྐུ་རྟེན་དང་། གསུང་རྟེན་དུ་བཀའ་བསྟན་གྱི་ཆོས་དཔེ་སྣ་ཚོགས་པུསྟི་བརྒྱ་ཕྲག་མང་པོ་དང་། ཉིད་ཀྱི་ལྗགས་རྩོམ་ཆོས་སྤྱོད་སོགས་བཀའ་གཏེར་གྱི་དཀྱིལ་འཁོར་མང་པོའི་འདོན་ཆ་དཔར་ཤིང་དུ་བསྐྲུན་པ་ཁོ་ན་ལྡེབ་སྟོང་ཕྲག་དུ་མ་ལས་བརྒལ་བ་སོགས་ཆོས་སྤྱོད་བཅུའི་མཛད་པ་བློ་ཡུལ་ལས་འདས། མཆོག་སྤྲུལ་འདིས་གྲུབ་དབང་གོང་མ་རྣམས་ཀྱི་ཕྱག་བཞེས་བསམ་གཏན་གྱི་སྡེ་སྐྱོང་བ་ཁོ་ནས་མ་ཚད་པར། སྒྲུབ་མཆོད་གར་ཐིག་སོགས་སྤྲོས་བཅས་ཀྱི་མཛད་པ་རྒྱ་ཆེ་བར་བསྐྱངས་པས་གདན་ས་འཕེལ་རྒྱས་སྔར་ལས་ཆེ་བ་བྱུང་། རིག་འཛིན་ཉི་མ་གྲགས་པའི་དག་སྣང་ཐོར་བུའི་ལུང་བྱང་ལས། འགྲོ་དོན་འདི་བྱང་གི་ཕྱོགས་སུ་འབྱུང༔ ཞི་བ་འདི་རྒྱས་པའི་ལས་ལ་འགྲོ༔ དེ་བྱང་ཆུབ་སེམས་ལྡན་རིག་པ་འཛིན༔ པདྨའམ་གྲགས་པོའི་མིང་གིས་སྤེལ༔ ཞེས་དང་། རྗེ་དབོན་རིན་པོ་ཆེའི་བཀའ་ལས། བདག་གི་མཆོག་སྤྲུལ་རིན་པོ་ཆེ་འདི་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་དང་པཎ་ཆེན་བཱི་མ་ཟུང་གི་ཕྲིན་ལས་གཅིག་བསྡུས་ཡིན་པས། བསྟན་འགྲོའི་ཕན་བདེ་སྤེལ་བར་འགྲན་ཟླ་མེད་པ་ཡིད་བཞིན་ནོར་བུ་དང་འདྲ་བ་ཞིག་འབྱུང་ངེས་ཡིན་ཞེས་བཀའ་ལུང་གནང་བ་དོན་སྨིན་དུ་བྱུང་ཞེས་ཀུན་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པ་སྟེ་ཐུན་མོང་ཕྱི་ཡི་རྣམ་ཐར་སྤྱི་དང་། བྱེ་བྲག་ཐུན་མིན་གྱི་རྣམ་ཐར་ལྷག་པའི་ལྷས་ཞལ་གཟིགས་ལུང་བསྟན་ཐོབ་པ། ཆོས་སྐྱོང་བྲན་དུ་བཀོལ་བ། ས་ལམ་གྱི་མངོན་རྟོགས་རྫོགས་ཚུལ་སོགས་གསང་བའི་རྣམ་ཐར་ཤིན་ཏུ་མང་བ་སྟེ། དགུང་གྲངས་བཞི་པར་གདན་སར་ཐོག་མར་ཞབས་འཁོད་ཉིན་ཕོ་བྲང་དབུ་རྩེའི་སྟེང་ན་དཔལ་མགོན་མ་ནིང་དང་སྔགས་སྲུང་མ་བཞུགས་པ་དངོས་སུ་གཟིགས་ཤིང་། དེ་ནས་སྐབས་དང་སྐབས་སུ་དམ་ཅན་སྐུ་ཆུང་ངུ་ཞིག་གིས་སྲུང་མའི་ཚུལ་གྱིས་ཡང་ཡང་སྐོར་བ་བྱེད། ཡོངས་འཛིན་སློབ་དཔོན་པདྨ་མཆོག་ལས་ལྗགས་ཀློག་སྦྱང་སྐབས། གཟིམས་ལམ་དུ་གཞི་བདག་ཀུ་ར་ཡིན་ཟེར་བའི་གཡག་དཀར་ཞོན་པའི་མི་དཀར་བོན་ཞྭ་གྱོན་པ་ཞིག་ཡང་ཡང་འོང་བ་གཟིགས། རྗེ་དབོན་བླ་མར་ཞུས་པས་དེ་ཡུལ་ལྷ་ཡིན་ཞིང་ཁྱེད་ལ་འཁོར་བར་སྣང་ཡང་མི་ལེགས་པས་ངས་ཐབས་བྱའོ་གསུངས་ཏེ་ཐུགས་དམིགས་གནང་བས་དེ་ཕྱིན་འོང་རྒྱུ་མེད་པར་གྱུར། སྐབས་ཤིག་མི་མང་ཚོགས་པའི་ཁྲོམ་གསེབ་ཞིག་ཏུ་འདུག་པ་ལན་གཅིག་གཟིགས་གསུངས། ཡང་སྐབས་ཤིག་དཔལ་མགོན་མ་ནིང་མངོན་རྟོགས་དང་མཐུན་པ་ཞིག་གིས་ཞལ་གཟིགས་པ་དང་། གྲུབ་དབང་པདྨ་བཤེས་གཉེན་ལ་དབང་གསུང་སྐབས་སྨན་ཐོད་ལས་བདུད་རྩི་དངོས་སུ་ཁོལ་བ་དེར་གནས་ཀུན་ཀྱིས་མངོན་སུམ་དུ་མཐོང་། དགུང་གྲངས་ཉེར་གཉིས་དུས་མཚོ་རྒྱལ་དཀར་མོ་ཕྱག་ན་མདའ་དར་དང་ཚེ་བུམ་ཐོགས་པ་ཞིག་གིས་འབྱུང་འགྱུར་ལུང་བསྟན་དང་། ཆོས་བཀའ་མང་པོ་འབེབས་རྒྱུའི་བརྡ་འགྲོལ་བྱུང་ཡང་བདག་གིར་མ་མཛད། ཁྱད་པར་ཨོ་རྒྱན་ཆེན་པོས་ཞལ་གཟིགས་ཐེངས་མང་གནང་བ་དང་། དེ་མཚུངས་པཎ་ཆེན་བཱི་མ་ཏྲ། རླངས་ཆེན་དཔལ་གྱི་སེང་གེ། རྒོད་ཚང་སྣ་ཚོགས་རྣམས་ཀྱིས་ཀྱང་ཞལ་གཟིགས་ཡང་ཡང་ཐོབ་ཅིང་གསུང་གླེང་མང་པོ་མཛད། ལྷ་ལྡན་དུ་ཇོ་བོ་མཇལ་དུས་ཤཱཀྱ་ཐུབ་པ་དངོས་ཞལ་འཛུམ་པར་གཟིགས་ཤིང་འཁོར་གྱི་ལྷ་རྣམས་ཀྱང་དེ་དང་དེར་མངོན་སུམ་དུ་གཟིགས། ཁྲ་འབྲུག་ཏུ་སྒྲོལ་མ་ཞལ་ཟས་མ་ཞལ་འཛུམ་པར་མཛད་པ་དང་། ཁྲོ་བོ་མི་གཡོ་བའི་རལ་གྲི་ལས་མེ་འབར་བ་སོགས་གཟིགས་སྣང་ཁྱད་པར་ཅན་སྣ་ཚོགས་བྱུང་། དེ་བཞིན་གདན་སར་སྒྲུབ་ཆེན་གྱི་ཚོགས་དབུར་བཞུགས་དུས་རྒྱུད་མགོན་ལེགས་ལྡན་དང་ཚེ་རིང་མཆེད་ལྔས་རང་གཟུགས་དངོས་སུ་བསྟན་པ་དང་། རྒྱུན་དུ་མ་གཟའ་དམ་གསུམ། བཙན་རྒོད་ཆེན་པོ་སོགས་སྐུ་མདུན་དུ་མི་དང་མི་བཞིན་འོང་སྟེ་ཅི་བཅོལ་གྱི་ཕྲིན་ལས་སྒྲུབ་པ་སོགས་ངོ་མཚར་བའི་རྣམ་ཐར་མཐའ་ཡས། དེ་ལྟར་ཕྱི་ནང་གསང་བའི་མཛད་པས་བསྟན་འགྲོའི་གཞན་དོན་རྒྱ་ཆེར་བསྒྲུབས་ནས། དགུང་ལོ་སུམ་ཅུ་ལ་སོན་སྐབས་མཁའ་འགྲོས་བསུ་བའི་ལྟས་མང་པོ་རིམ་པར་བྱུང་ཞིང་། རྗེ་ནམ་མཁའ་ཚེ་དབང་མཆོག་གྲུབ་ནས་བསུན་བཟློག་མཛད་པས་མཚམས་རེར་བཟློག་པ་ལྟར་སྣང་ཡང་། སླར་ཡང་སྔར་ལྟར་བྱུང་བར་གསུངས་ཤིང་རེ་ཞིག་གདུལ་བྱ་དེ་ཙམ་དུ་དགོངས་ནས་དགུང་ལོ་སོ་བཞི་པ་ཆུ་ཕོ་བྱི་བའི་ལོར་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། གསུང་ལས་སྐྱེས་པའི་ཞལ་སློབ་ཀྱི་གཙོ་བོ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། འབར་ཆུང་འཇིགས་མེད་གོ་ཆ། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་རྒྱ་མཚོ། སེང་ཕྲུག་པདྨ་བཀྲ་ཤིས། འཇུ་བླ་སངས་རྒྱས་འོད་ཟེར་སོགས་སྒྲུབ་གྲྭའི་འཇའ་ལུས་པ་བཅུ་གསུམ། ཉི་གྲགས་སྤྲུལ་སྐུ་ཨོ་རྒྱན་བསྟན་འཛིན། རབ་འབྱམས་གཉིས་པ་ཀུན་བཟང་རྣམ་རྒྱལ། རྒྱལ་ཚབ་མཆོག་སྤྲུལ། དབོན་སྤྲུལ་བསྟན་པའི་ཉི་མ། གུ་གུ་བླ་མ་བསྟན་འཛིན་སྙིང་པོ། གནས་མདོའི་ཆགས་མེད་སྤྲུལ་སྐུ། རྡོ་བྲག་མཆོག་སྤྲུལ། ཡོལ་མོ་སྤྲུལ་སྐུ། ལྕགས་ལའི་རྒྱལ་སྲས། གྲུབ་ཆེན་པདྨ་བཤེས་གཉེན་སོགས་ས་ཐོབ་ཀྱི་སེམས་དཔའ་མིའི་བརྫུ་ལ་བྱོན་པ་གྲངས་མེད་པས་རྒྱལ་བསྟན་བཤད་སྒྲུབ་ཀྱི་འཁོར་ལོ་མཁས་ཚུལ་གསུམ་གྱི་མཛད་པས་ཇི་སྲིད་བསྐལ་བ་རྒྱ་མཚོར་མི་ཉམས་སྲིད་པའི་བླ་ན་མངོན་པར་མཐོ་བར་མཛད་དོ། །

གདན་རབས་དྲུག་པ། མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་ནི།

དེ་ཡང་རྒྱལ་བ་རྣམས་ནི་གདོད་མ་ནས་བྱང་ཆུབ་མཆོག་གི་གོ་འཕང་བརྙེས་སུ་ཟིན་ཀྱང་། ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱི་སྟོབས་ཟབ་མོས་སྲིད་པའི་གཅོང་རོང་ཡ་ང་བ་དག་ཏུ་སྤྲུལ་པའི་རྣམ་རོལ་སྣ་ཚོགས་པ་འགྲོ་བའི་མགོན་དང་སྐྱབས་སུ་བྱོན་པ་ནི་ཆོས་ཉིད་ཡིན་པ་ལྟར། དམ་པ་འདི་ཡང་སྐྱེ་བའི་ཕྲེང་བ་བསམ་མི་ཁྱབ་པ་ཇི་སྙེད་པའི་རོལ་པར་བྱོན་བྱོན་པའི་མཐར། གཡུ་སྒྲའི་རྣམ་འཕྲུལ་ཏྲེ་ཧོར་བླ་མ་སྐལ་བཟང་འཕེལ་རྒྱས་ཞེས་ཨོ་རྒྱན་གཏེར་བདག་གླིང་པའི་དངོས་སློབ་ཏུ་གྱུར་པ། རྫོགས་ཆེན་མཆོག་སྤྲུལ་དང་། རབ་འབྱམས་སྤྲུལ་སྐུ། རྗེ་དབོན་པདྨ་ཀུན་གྲོལ་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་པོས་གཙུག་ཏུ་བཀུར་ཞིང་གྲུབ་པ་བརྙེས་པའི་སྐྱེས་བུ་དེ་ཉིད་སླར་ཡང་ལྷག་མའི་གདུལ་བྱ་སྐྱོང་བར་དགེ་བའི་བཤེས་གཉེན་གྱི་རྣམ་རོལ་དུ་བྱོན་པ་སྟེ། སྤྱི་ལོ་༡༧༤༤པ་བོད་རབ་བྱུང་བཅུ་གཉིས་པའི་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོར། ཡུལ་མདོ་ཁམས་གླིང་དཀར་གྱི་སའི་ཆ་དགེ་བཅུའི་འབྱོར་བ་རྒྱས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་ཡིད་ལྷུང་ཞེས་གྲགས་པའི་གནས་དེར། ཡབ་ཚོང་དཔོན་ཚེ་རྒྱལ་དང་ཡུམ་ཚེ་རིང་སྒྲོལ་མའི་སྲས་སུ་ངོ་མཚར་བའི་མཚན་ལྟས་བརྒྱ་ཕྲག་དང་བཅས་སྐུ་བལྟམས། གསུང་ངག་ཐོག་མར་བྱེ་བ་ཉིད་ནས་བཛྲ་གུ་རུ་ཞལ་འདོན་གནང་བ་དང་། མགོན་པོ་དོན་འགྲུབ་ཞེས་མིང་དུ་བཏགས་པར་མི་དགྱེས་པའི་ཚུལ་གྱིས་བདག་བླ་མ་སྐལ་བཟང་ཡིན་རྫོགས་ཆེན་ལ་འགྲོ་དགོས་ཞེས་ཡང་ཡང་གསུངས། དེ་བཞིན་སྦྱང་པ་ལ་མ་ལྟོས་པར་དཀོན་མཆོག་སྤྱི་འདུས་ཐུགས་ཐོག་ནས་ཤར་གསུང་ཐུབ་པ་སོགས་སྐྱེས་ཐོབ་ཀྱི་ཤེས་རབ་ཀློང་དུ་བརྡོལ་བས། ཇི་སྐད་དུ། དུ་བ་ལས་ནི་མེ་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་སྐྱེས་བུ་དམ་པ་ཞིག་གི་སྐྱེ་སྲིད་ཡིན་པ་ཀུན་ལ་མངོན་དུ་གྱུར་ཅིང་ཕྱོགས་དེར་རླུང་ལྟར་གྲགས། དེ་ཙམ་ཉིད་ན་སྔོན་སྨོན་དང་རྟེན་འབྲེལ་དུས་སུ་སྨིན་པའི་སྟོབས་ལས་གོང་མའི་ཞལ་སློབ་ས་སྐྱའི་བླ་མ་ཀུན་དགའ་ལྷུན་གྲུབ་ཕྱོགས་དེར་བྱོན་ཞིང་ཞལ་མཇལ་བ་ཙམ་གྱིས་སྔར་འདྲིས་ཀྱི་གྲོགས་པོ་ལྟར་ཕན་ཚུན་ངོ་ཤེས། བླ་མས་ཡབ་ཡུམ་གཉིས་ལ་གོང་མའི་རྣམ་ཐར་བསྙད་པ་དང་བཅས་བྱིས་པ་འདི་རྫོགས་ཆེན་གདན་ས་གོང་འོག་ཞིག་ཏུ་ཆོས་ལ་བཙུད་ན་ལེགས་ཚུལ་གྱི་ཞལ་བསྒོས་གནང་། ཡབ་ཡུམ་གྱིས་ཀྱང་དེ་བཞིན་བློ་ཐག་ཆིག་ཆོད་ཀྱིས་རྒྱ་རོང་དུ་རྗེ་དབོན་བླ་མའི་དྲུང་དུ་ཕུལ། རྗེ་དབོན་དམ་པས་བདག་གི་བླ་མའི་སྐུ་སྐྱེ་ཞེས་མཉེས་པ་ཆེན་པོའི་ཐུགས་བརྩེས་བསྐྱངས་ཤིང་གཙུག་ཕུད་བཞེས་པའི་མཚན་ལ་ནམ་མཁའ་མཆོག་གྲུབ་ཞེས་གསོལ། དེ་མཚམས་ཡོངས་འཛིན་བཤེས་གཉེན་བསྟན་འཛིན་ལས་ཡི་གེའི་སྦྱོར་ཀློག་ནས་རྩིས་དཀར་ནག་སྒྲ་སྙན་སོགས་ཐུན་མོང་གི་རིག་པའི་གནས་ལ་སྦྱང་པ་བྱས་པས་ཚེགས་མེད་པར་མཁྱེན། དགུང་གྲངས་བཅུ་གསུམ་བཞེས་པ་མེ་བྱི་ལོར་ཡུལ་དབུས་ལྷ་ལྡན་ཕྱོགས་སུ་ཕེབས་ཞལ་ཕྱོགས་ཤིང་། དབུས་ཀྱི་བླ་མ་ལྷ་རྟེན་ཆོས་སྡེ་ཡོངས་ལ་མཇལ་ཕྱག་མཆོད་འབུལ་མང་འགྱེད་སོགས་ཐུགས་བཞེད་བཞིན་གྲུབ་ནས་ཕྱིར་ཕེབས། སྐབས་དེར་ཉི་སྤྲུལ་ཀུན་བཟང་ཐེག་མཆོག་རྒྱ་མཚོ་རྫོགས་དགོན་དུ་ཞབས་པད་བཀོད་ནས་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་གནང་བ་ཡོངས་རྫོགས་གསན་བཞེས་མཛད། དེ་མཚུངས་དཔའ་བོ་ལས་རབ་རྩལ་གྱི་ཟབ་མོ་གཏེར་ཆོས་ཀྱི་བདག་པོར་ལུང་གིས་ཟིན་པ་ལྟར་རྗེ་དེ་ལས་ཉིད་ཀྱི་དག་སྣང་ཆོས་སྡེ་མཐའ་དག་གསན་བཞེས་དང་ཆོས་ཀྱི་བདག་པོར་མངའ་གསོལ་བ་བཅས་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལ་གསན་བསམ་མཐའ་རུ་ཕྱིན། ཁྱད་པར་རིགས་བདག་མཚུངས་མེད་རྗེ་དབོན་རིན་པོ་ཆེ་ལས་ཐེག་རྩེ་གསང་བའི་མན་ངག་སྙིང་ཐིག་རྣམ་གཉིས་ཀྱི་ཉམས་ཁྲིད་གཙོས་ཁྲིད་རིགས་མི་གཅིག་པ་སྣ་མང་དང་། ཀུན་མཁྱེན་མཛོད་བདུན། བཀའ་བརྒྱད་བདེ་འདུས། ཞིག་གླིང། བདུད་འདུལ། འཇའ་ཚོན་སོགས་གཏེར་ཆོས་མང་པོའི་དབང་ལུང་གི་རྒྱུན་བཞེས་པ་མཛད། དེ་དག་ཀྱང་གསན་ནས་འཇོག་པ་ཙམ་མ་ཡིན་པར་དུས་དང་རྣམ་པ་ཀུན་ཏུ་བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་ཞིང། ཐ་ན་བྱེས་བྱོན་གྱི་སྐབས་སུའང་བསྙེལ་འབོལ་འཇོག་པ་དང་སྐུ་ཆིངས་ལྷོད་པ་ཙམ་ཡང་མི་མཛད་པར་ཉིན་མཚན་ཀུན་ཏུ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གཞོལ་བས་རྟོགས་པ་ཀློང་དུ་གྱུར་ནས་གྲུབ་པའི་ས་མཐོར་གཤེགས་པ་སྟེ། ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས། རྒྱལ་རོང་བན་རྒན་དེ་ངེད་དང་མ་མཇལ་ཡང་རྟོགས་པ་ངེད་དང་མཉམ་པ་ཡིན་པས་ཀུན་ཀྱིས་ཉམས་ལེན་གྱི་དོགས་གཅོད་ཁོང་ལ་ཕུལ་དང་ཆོག་པ་ཡིན། ཞེས་དང་། རྗེ་དབོན་རིན་པོ་ཆེའི་མནལ་ལམ་ཞིག་ཏུ། རུ་དམ་དགོན་ཕུར་རྣལ་འབྱོར་ཆས་ཅན་གཉིས་དང་། དེ་ནས་རྗེ་དབོན་ཉིད་དང་། དེ་རྗེས་གཅིག་འདུག་པ་རྫོགས་ཆེན་གྱི་ལྟ་གྲུབ་གཙང་མ་འཛིན་པ་དེ་ཙམ་ཞིག་འོང་བའི་བརྡར་གཟིགས་ཤིང་ཕྱི་མ་དེ་རྗེ་འདི་ཉིད་ཡིན་པར་གསུངས་པ་སོགས་ཚད་མའི་སྐྱེས་བུས་ཡང་ཡང་བསྔགས། སྔ་ཕྱིར་གདན་ས་གོང་འོག་ཏུ་སྙིང་ཐིག་གི་ཉམས་ཁྲིད་ལོ་རེར་ཐེངས་འགའ་ཆད་མེད་བསྩལ་ཏེ་འོད་གསལ་སྙིང་པོའི་བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས་བར་མཛད། གཞན་ཡང་འཇིག་རྟེན་མི་ཆོས་ཀྱི་ལུགས་ལ་མཁྱེན་སྒོ་ཡངས་པས་བྱ་བ་ལས་ཀྱི་འཁོར་ལོས་བསྟན་འགྲོའི་འགྲོ་དོན་ཕྱོགས་བརྒྱར་སྤེལ་བར་མཛད་དེ། རྗེ་དབོན་རིན་པོ་ཆེ་ཞིང་དུ་གཤེགས་རྗེས་རྒྱ་རོང་གདན་སའི་བསྟན་འགན་བཞེས་ནས་བླ་བྲང་གཙུག་ལག་ཁང་རྟེན་བརྟེན་པ་བཅས་གསར་བཞེངས་དང་། རྗེ་དབོན་སྔ་མའི་ཡང་སྲིད་ཁྲི་འདོན་མཛད། དེ་བཞིན་གདན་ས་གོང་མ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོ་སྐུ་ཚེ་མཐར་མ་ཕྱིན་པར་གཤེགས་རྗེས་བསྟན་བདག་གདན་རབས་དྲུག་པའི་ཐུགས་འགན་བཞེས་ནས་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་སྤྱི་དང་། དགོན་གྱི་བཅའ་ཁྲིམས་སོགས་གང་ཅིར་ཉམས་རྒུད་ཅུང་ཟད་བྱུང་བ་སྐུ་ཉིད་དངོས་ཀྱིས་དག་ཐེར་སོར་ཆུད་སྔར་སྲོལ་ལྟར་སྦྱོར་འཇགས་ཐོག་ཚེས་བཅུའི་གར་འཆམ་གསར་འཛུགས་དང་། དེ་དག་ལ་དགོས་པའི་མཆོད་རྫས། ཞལ་འབག འཆམ་ཆས། རུས་རྒྱན། ཟངས་འབག རྟེན་ཐང་སོགས་ནས་ཐ་ན་ཉེར་སྤྱོད་གདན་འབོར་ཁྲིའུ་བཅས་གསར་སྐྲུན་ཞིབ་ཚགས་མཛད་པ་དང་། ཁྱད་པར་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་འདན་ཁོག་ཏུ་འཁྲུངས་པ་ངོས་འཛིན་ཁྲི་བཀོད་ཟབ་རྒྱས་གནང་སྟེ་ཡབ་རྗེ་གོང་མ་དག་ལས་བརྒྱུད་པའི་ཆོས་བཀའ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ནས་དོན་བརྒྱུད་ཀྱི་བསྟན་པ་གཏད། སྔ་ཕྱིར་གསུང་ལས་སྐྱེས་པའི་ཐུགས་སྲས་མང་རབ་བྱུང་པ་གཙོ་བོའི་མཚན་ཙམ་སྨོས་ན། རབ་འབྱམས་གསུམ་པ་དང་། ཉི་གྲགས་གསུམ་པ། རྗེ་དབོན་བླ་མའི་ཡང་སྲིད། ཉི་གྲགས་དབོན་སྤྲུལ་ཨོ་རྒྱན་ཉི་མ། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། མཁས་མཆོག་གུ་རུ་བཀྲ་ཤིས། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། རྒྱལ་ཚབ་པདྨ་གསང་སྔགས་བསྟན་འཛིན། མཁས་དབང་ཐུགས་རྗེ་བཀྲ་ཤིས་སོགས་ཕུལ་དུ་བྱུང་བའི་བསྟན་འཛིན་ཆེ་རྒུ་དུ་མ་བྱོན་པ་བཅས་འགྲོ་དོན་མཐའ་རུ་ཕྱིན་ཏེ་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་ཏོ། །

གདན་རབས་བདུན་པ། རྫོགས་ཆེན་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ནི།

འོད་གསལ་བསྟན་པའི་ཤིང་རྟ་ཆེན་པོ་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ནི། ཐེག་རྩེ་མན་ངག་སྙིང་ཐིག་གི་བརྒྱུད་པའི་བཀའ་སྲོལ་ཐམས་ཅད་ཡོངས་སུ་རྫོགས་པ་འཛིན་པའི་གསང་མཛོད་ཆེན་པོ་སྟེ། གོང་དུ་ཞིབ་པར་གསལ་བ་ལྟར་ཨོ་རྒྱན་སངས་རྒྱས་གཉིས་པས་གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་ཆེན་མོར་ཞི་ཁྲོ་དོན་གྱི་དཀྱིལ་འཁོར་གྱི་རང་ཞལ་ཕྱེས་ནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་གཅིག་ལ་རིམ་དགུ་ཐེག་པའི་རྩེ་རྒྱལ་གསང་བ་སྙིང་ཐིག་གི་སྨིན་ཁྲིད་མནོག་ཆོས་སུ་བསྩལ་བ། ཨོ་རྒྱན་ཡབ་ཡུམ་གྱིས་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་དགོངས་ཏེ་ཡི་གེར་ཕབ་ཅིང། ལྷ་ལྕམ་པདྨ་གསལ་ལ་སྨོན་ལམ་གཏད་རྒྱ་དང་བཅས་དྭགས་ལུང་ཁྲ་མོའི་བྲག་ལ་གཏེར་དུ་སྦས་པ། ཕྱིས་སུ་སྨོན་ལམ་ལུང་བསྟན་དུས་སུ་སྨིན་པ་ལྷ་ལྕམ་སྤྲུལ་པ་པདྨ་ལས་འབྲེལ་རྩལ་གྱིས་གཏེར་གནས་ནས་སྤྱན་དྲངས་ཏེ་རྒྱལ་སྲས་ལེགས་ལྡན་རྡོ་རྗེ་ལ་བསྩལ་བ་དང་། དེ་ལས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་རྒྱལ་བ་ཡེ་ཤེས་རབ་འབྱམས་སོགས་བླ་རབས་བརྒྱད་ནས་གྲུབ་དབང་པདྨ་རིག་འཛིན་ལ་བཀའ་བབ། དེ་ལས་དཔོན་སློབ་ནམ་མཁའ་འོད་གསལ། རྗེ་དབོན་པདྨ་ཀུན་གྲོལ། ནམ་མཁའ་ཚེ་དབང་མཆོག་གྲུབ་ནས། མི་འགྱུར་ནམ་མཁའི་རྡོ་རྗེ་ལ་བསྩལ་བའི་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ཐུན་མིན་རང་རྐང་གི་བརྒྱུད་པ་གཅིག་དང་། གཞན་ཡང་ཀུན་མཁྱེན་ཆེན་པོ་ནས་མཁན་ཆེན་ཁྱབ་གདལ་ལྷུན་གྲུབ་སོགས་ལ་རིམ་པར་བརྒྱུད་དེ། ཕྱིས་སུ་སྨིན་གླིང་གཏེར་ཆེན་ནས་ངེས་དོན་བསྟན་འཛིན་བཟང་པོ་སོགས་སུ་བརྒྱུད་པའི་ཐུན་མོང་རིང་བརྒྱུད། ཁྱད་པར་ཀུན་མཁྱེན་ཆེན་པོས་རིག་འཛིན་འཇིགས་མེད་གླིང་པ་ཡེ་ཤེས་སྒྱུ་མའི་སྐུས་ལན་གསུམ་རྗེས་སུ་བཟུང་སྟེ་བསྩལ་བའི་ཉེ་བརྒྱུད་རྡོ་གྲུབ་འཇིགས་མེད་འཕྲིན་འོད་ཟེར་ལས་ཆིག་བརྒྱུད་དུ་གསན་པ་དང་། དེ་བཞིན་མི་འགྱུར་ནམ་མཁའི་རྡོ་རྗེ་ཉིད་མགོན་ཁང་དབང་དྲག་རོལ་བར་དགོངས་པ་འོད་གསལ་གྱི་ཏིང་ངེ་འཛིན་ལ་བཞུགས་སྐབས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཞལ་དངོས་སུ་བསྟན་ནས་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་ཏེ། ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ཁྲིད་གདམས་ངག་དང་བཅས་པ་གནང་བའི་ཟབ་པ་ཤིན་ཏུ་ཉེ་བརྒྱུད་དེ་བརྒྱུད་པའི་ཆུ་བོ་ཆེན་པོ་བཞི་འདུས་ཀྱི་བཀའ་བབ་པ་ཡིན་ལ། གྲུབ་པའི་དབང་ཕྱུག་མཆོག་ཉིད་ཚུར་མཐོང་གདུལ་བྱའི་མོས་ངོར་ཞིང་འདིར་ཇི་ལྟར་བྱོན་པའི་ཚུལ་ནི། སྤྱིར་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ཡེ་ཤེས་རང་སྣང་གི་སྐུ་དང་ཞིང་ཁམས་ལས་ནམ་ཡང་གཡོ་བ་མེད་བཞིན་སྤྲུལ་བའི་རྣམ་རོལ་ཚད་མེད་པ་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བ་བཞིན། བདག་ཉིད་ཆེན་པོ་འདི་ཡང་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་ཁྱབ་བདག་གདོད་མའི་མགོན་པོ་དང་ཐ་མི་དད་པའི་ངོ་བོར་སངས་རྒྱས་སུ་ཟིན་ཀྱང་། སྣ་ཚོགས་འཁྲུལ་བས་བསླུས་པའི་འགྲོ་བ་ལ་ཐུགས་ལྷག་པར་བརྩེ་བ་དང་། ཁྱད་པར་གསང་ཆེན་བླ་ན་མེད་པ་འོད་གསལ་རྫོགས་པ་ཆེན་པོའི་རིང་ལུགས་ཕྱོགས་བརྒྱར་སྤེལ་ཕྱིར་སུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ་དུ་བསམ་བཞིན་སྲིད་པ་བཟུང་བ་སྟེ། ཇི་སྐད་དུ། ཀུན་མཁྱེན་འཇིགས་མེད་གླིང་པའི་རྡོ་རྗེའི་ལུང་བྱང་ལས། གནས་དང་འབྲེལ་བ་གངས་ཀྱི་མཚམས༔ ཤུལ་གསུམ་བགྲོད་ལ་བལྟ་རྟོག་གྱིས༔ ཨེ་ཀ་ཛ་ཊཱིའི་སྐོང་སྟོང་འབུངས༔ ཞེས་དང་། ལྐོག་གྱུར་འདི་དོན་ལྐོག་ཏུ་མ་གྱུར་ཏེ༔ རྡོ་རྗེ་གསུམ་སྤྲུལ་གཉིས་ནི་དབུས་མཐར་གབ༔ འགྲོ་དོན་དུས་བབ་དག་ཆེན་ཐུགས་ཀྱི་སྤྲུལ༔ གནས་དེའི་ནུབ་ཕྱོགས་གནས་དང་ཉེ་བའི་ཆར༔ གངས་རི་ཡིས་མཚན་གསེར་ལྡན་ཀླུང་ཆེན་འགྲམ༔ ཆེ་བཙན་རིགས་བཙུན་གསུམ་ཤུལ་གཙང་མའི་རྒྱུད༔ བསོད་ནམས་ཕ་ལ་ནོར་འཛིན་མ་ཐོགས་པར༔ ཡོད་ཅེས་སྣང་ཤེས་འདྲེས་པའི་ངང་ནས་གོ༔ ཞེས་ཤིན་ཏུ་གསལ་བར་གསུངས་པ་དང་། དེ་མཚུངས་སྐུ་གོང་མ་ངེས་དོན་བསྟན་འཛིན་བཟང་པོའི་ཞལ་ནས། ཁོ་བོ་ཡུན་རིང་འཚོ་དཀའ་ཡང་སྤྲུལ་པ་གསུམ་འབྱུང་བའི་གཉིས་མངའ་རིས་དང་དབུས་ཕྱོགས། གཅིག་ཕྱོགས་འདི་དང་མི་རིང་བའི་སར་ཤིང་སྡོང་ཆེན་པོ་ཡོད་པ་ཞིག་གི་རྩར་འཁྲུངས་ལ། དེ་ཉིད་ཀྱིས་བསྟན་པ་ལ་ཕན་པ་འོང་ཞེས་ཞབས་གྲས་ནང་མ་རྣམས་ལ་གསུང་འཕྲོས་སུ་བསྩལ་བ་ལྟར། གདན་ས་ཆེན་པོ་རུ་དམ་ཨོ་རྒྱན་བསམ་གཏན་གླིང་གི་ནུབ་ཕྱོགས་ཉིན་ཞག་གསུམ་གྱིས་ཆོད་པའི་སའི་ཆ། སྔོན་ཡིག་མཁན་ལྡན་མ་རྩེ་མང་དང། པཎ་ཆེན་སྨྲི་ཏི་ཛྙ་ན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་འཕགས་བོད་ཀྱི་སྐྱེས་བུ་དུ་མས་ཞབས་ཀྱིས་བཅགས་པའི་གནས། དགེ་བཅུ་སའི་དཔྱད་ཡོངས་སུ་རྫོགས་པའི་ལྗོངས་ཆེན་མོ་འདན་ཡུལ་ཞེས་གྲགས་པའི་ནོར་འཛིན་གྱི་ཐིག་ལེ། གཞིའི་བདག་པོ་གངས་རི་མཆེད་བརྒྱད་ཀྱིས་སྐྱོང་བས་གངས་རི་ཞེས་པའི་སའི་མཚམས། གནས་ཆེན་སེང་གེ་གནམ་རྫོང་དང་མཐའ་འདུལ་གྱི་གཙུག་ལག་ཁང་གླང་ཐང་སྒྲོལ་མ་ལྷ་ཁང་ཞེས་གྲགས་པའི་ཉེ་འདབས་གསེར་ལྡན་འབྲི་ཆུའི་ཀླུང་ཆེན་དལ་གྱིས་འབབ་པའི་གཡས་ཟུར། འདན་ར་ཁོ་དཔོན་ཚང་ཞེས་ཆེ་བ་བཙན་གྱི་རིགས་རྒྱུད་མ་ཉམས་ཤིང་དམ་པའི་སྐྱེས་བུ་བརྒྱུད་མར་བྱོན་པའི་ལྷ་ཁྱིམ་ཁང་རྒྱབ་ཏུ་ལྕང་མའི་སྡོང་པོ་ཆེན་པོ་གདུགས་ལྟར་མཛེས་པ་རུ། ཡབ་བསོད་ནམས་རབ་བརྟན་དང་། ཡུམ་ནམ་མཁའ་ནོར་འཛིན་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ནང་ཚན་ཆུ་མོ་གླང་གི་ལོ་སྟེ། སྤྱི་ལོ་༡༧༩༣པར་ངོ་མཚར་བའི་མཚན་ལྟས་དུ་མ་དང་བཅས་སྐུ་བལྟམས། འཁྲུངས་ནས་རིང་པོར་མ་ལོན་པར་རྫོགས་ཆེན་རྫོགས་ཆེན་ཞེས་ཡང་ཡང་གསུངས་པ་དང་། རྔ་བོ་ཆེ་ཞིག་ཡོད་པ་རྡུང་བཞིན་བཛྲ་གུ་རུའི་འཛབ་དབྱངས་སྒྲོག་པ་དང་། དེ་བཞིན་དབང་སྐུར་ཆོས་བཤད་ཀྱི་ཚུལ་མཛད་པ་སོགས་དམ་པའི་བག་ཆགས་གསལ་བར་སད། དགུང་ལོ་ལྔ་ལ་སོན་སྐབས་ཆེ་ཡོས་རིག་འཛིན་ཆེན་མོའམ་དཔའ་བོ་ལས་རབ་རྩལ་ལྡན་ཁོག་ལོ་ཆུང་ནང་དུ་སྡེ་དགེའི་གཉེར་ཆེན་གཤེན་རབ་སྟག་རྒྱལ་གྱིས་གདན་དྲངས་པ་ལྟར་ཕེབས་ནས་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་གྱི་སྒྲུབ་ཆེན་མཛད། དེ་སྐབས་རིག་འཛིན་ཆེན་པོས། ད་རེས་ར་ཁོ་དཔོན་ཚང་གི་བུ་ཆུང་བ་དེ་འདིར་མ་འབྱོར་ཐབས་མེད་ཡིན་ཞེས་ནན་གསུང་གནང་། བཀའ་ལྟར་སྐུ་མདུན་དུ་ཁྲིད་པས་སྒྲུབ་དབང་རྒྱས་པ་སྐུ་རྐྱང་ལ་བསྩལ་བ་དང་། ཚེ་སྒྲུབ་ཀྱི་ཕྱག་དཔེ་ཞིག་ཀྱང་གནང་ནས་ལྗགས་ཀློག་མཁྱེན་པ་དང་ཐུགས་འཛིན་ཞལ་འདོན་ཆད་མེད་གནང་དགོས་ཚུལ་སོགས་ཐུགས་ཤིན་ཏུ་དགྱེས་པས་དོན་གྱི་ངོས་འཛིན་མཛད། དགུང་ལོ་བདུན་བཞེས་པ་ས་མོ་ལུག་གི་ལོར་རྫོགས་ཆེན་གདན་ཚབ་སྤྲུལ་སྐུ་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོ་སོགས་མཆོད་ཡོན་རྣམས་ཀྱི་ཐུགས་དགོངས་ལྟར། རྒྱལ་རོང་སྤྲུལ་སྐུ་བསྟན་པའི་ཉི་མ། དབོན་ཨོ་རྒྱན་བསམ་འགྲུབ། བླ་མ་རིག་འཛིན་བཟང་པོ་སོགས་དབུ་ཆེ་དྲགས་རིམ་དཔོན་སློབ་སུམ་ཅུ་སྐོར་ཡབ་གཞིས་སུ་བྱོན་པ་ན། སྤྲུལ་པའི་སྐུས་སྔོན་གནས་རྗེས་དྲན་དང་དགྱེས་པའི་རྣམ་འགྱུར་དུ་མ་མཛད་པས་བླ་གྲྭ་ཀུན་ཡིད་ཆེས་ཀྱི་ངེས་ཤེས་འཁྲུངས་ཤིང་དད་པའི་མཆི་མ་དབང་མེད་དུ་འཐོར་བ་དང་བཅས་གྲུབ་དབང་རྫོགས་ཆེན་པའི་ཡང་སྲིད་བཞི་པར་ཐུགས་ཐག་ཆོད། དེ་ནས་ཡབ་ཡུམ་སྐུ་འཁོར་དང་ས་དབང་སྡེ་དགེའི་ཆིབས་ཁ་བ་སོགས་དཔོན་འཁོར་སུམ་ཅུའི་ཚོགས་དང་བཅས་པ་དལ་འབབ་གསེར་ལྡན་གྱི་ཆུ་བོ་བརྒལ་ཏེ་རུ་དམ་སྐྱིད་ཁྲམ་ལུང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། རིམ་པར་ཆུ་སྟོད་ཟླ་བའི་ཚེས་བཅུའི་སྔ་ཆ་ཉི་ཤར་གྱི་དུས་སུ། ཞེ་ཆེན། རྒྱལ་རོང་། སྟག་མོ་སྒང་སོགས་རྩ་བའི་དགོན་ལག་ཁག་དང་། སྡེ་གླིང་གི་མི་ཆེན་དཔོན་མགོ་སྐྱ་སེར་བཅས་སྐྱེ་བོའི་འདུ་ཚོགས་ས་གཞི་མི་མངོན་པ་ཙམ་གྱིས། ཆིབས་བསུ་རིང་ཐུང་དང་སེར་ཕྲེང་བཀོད་བཤམས་སོགས་ལྷ་མིའི་དཔལ་གྱི་འབྱོར་བ་བློའི་ར་བ་ལས་འདས་པའི་མཆོད་སྤྲིན་དང་བཅས། གོང་མའི་གདན་ས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཐུབ་བསྟན་ཡོངས་སུ་འདུས་པའི་དགའ་བའི་ཚལ་ཆེན་པོར་ཞབས་སེན་ནོར་བུའི་ཕྲེང་བ་མི་འཇིགས་སྡེར་ལྔས་བཏེག་པའི་ཁྲི་ལ་མངའ་གསོལ། གཙང་ཁང་ཐུབ་ཆེན་གྱི་སྤྱན་སྔར་མཁས་གྲུབ་ཆེན་པོ་ནམ་མཁའ་ཚེ་དབང་མཆོག་གྲུབ་གྱིས་གཙུག་ཕུད་བཞེས་ཏེ་མཚན་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་རྣམ་རྒྱལ་རྡོ་རྗེ་ཞེས་གསོལ། སླར་གསེར་ཁྲིར་ཞབས་པད་བཀོད་པ་དང་ཆབས་ཅིག་ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་བརྟན་བཞུགས་དང་འབྲེལ་རྫོགས་ཆེན་གཞུང་གིས་ཁྲི་འབུལ་དང་། དེ་རྗེས་སྡེ་དགེ་ཆོས་རྒྱལ་ཆེན་པོས་སྐུ་ཚབ་གཉེར་ཆེན་ཆེད་མངགས་ཀྱིས་ཁྲི་འབུལ་ཕུལ། རིམ་པར་རྒྱལ་རོང་། གཡག་ཟེ། ཨོ་གུར་སོགས་ཡུལ་དགོན་ཐམས་ཅད་ནས་ཁྲི་འབུལ་དང་སྦྲགས། རྒྱལ་རོང་དབོན་བསམ་འགྲུབ་ནས་གསུང་བཤད་ཁྲོམ་ཐོག་ཆོད་པ་མཛད། ཕྱི་ཉིན་ཞེ་ཆེན་རིག་འཛིན་དཔལ་འབྱོར་རྒྱ་མཚོ་དབུ་བཞུགས་ཀྱིས་ཚེ་ཆོག་དང་འབྲེལ་ཞབས་བརྟན་ལེགས་འབུལ་རྒྱ་ཆེར་སྤྲོས་པ་དང་ཆབས་ཅིག་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དགུང་ལོ་བཅུ་གསུམ་དུ་སོན་པས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་ལྗགས་བཤད་རྒྱ་ཆེར་སྤྲོས། རྒྱལ་ཚབ་པདྨ་གསང་སྔགས་བསྟན་འཛིན་གྱིས་སྔ་འགྱུར་བསྟན་པའི་བབ་ལུགས་ཀྱིས་དབུ་དྲངས་ཏེ་སྐབས་སུ་བབས་པའི་འབེལ་གཏམ་འབྱམས་ཀླས་པ་གནང་། དེ་འབྲེལ་སྟག་དགོན་གདན་ས་ནས་དབོན་སྤྲུལ་ཨོ་རྒྱན་ཉི་མ་དང་ཁང་དམར་སྤྲུལ་སྐུ་སོགས་དང་རྫོགས་ཆེན་ཕྱོགས་ཀྱི་ཡུལ་སྡེ། གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་འབྲེལ་ཅན། གླིང་ཚང་རྒྱལ་པོ་སོགས་ལྷ་སྡེ་མི་སྡེ་ཀུན་ཀྱིས་ཁྲི་སྟོན་དཔང་བསྟོད་དེ་ཕུལ། ཉིན་གསུམ་པར་སུ་ར་ཏོ་བཅུ་དྲུག་གི་མཆོད་གར་སོགས་དགའ་སྟོན་མཐའ་རྒྱས་ཀྱིས་མཇུག་བསྡུ་བར་མཛད། ཡབ་ཚང་ལ་དངུལ་སྲང་ཉིས་བརྒྱས་གཙོས་རྣམ་གྲངས་སུམ་བརྒྱ་ལྷག་གི་བླུ་ཡོན་གནང་སྐྱེས་དང་། དེ་བཞིན་ཕྱོགས་འབྱོར་ལྷ་མིའི་སྡེ་ཚོགས་ཀུན་ལ་སྟོན་ཆེན་གསོལ་མགྲོན་འབུལ་འགྱེད་སོགས་ཕུན་སུམ་ཚོགས་པའི་མཛད་སྒོ་སྤེལ། དེ་ནས་བཟུང་ཉེ་བར་གནས་པའི་སློབ་དཔོན་དབོན་པོ་ཆོས་གྲགས་བཟང་པོས་མཛད་དེ་བགྲང་བྱ་བཞིའི་བར་དུ་ཡི་གེའི་ཕྱི་མོ་ནས་ཐུན་མོང་རིག་གནས་ལ་བསླབ་སྦྱང་ནན་ཏན་མཛད་པས་མཁས་པར་མཁྱེན། བར་སྐབས་རྣམས་སུ་དབང་ལུང་གསན་བཞེས་དང་བསྙེན་སྒྲུབ་སོགས་ཅི་རིགས་མཛད། དགུང་ལོ་བཅུ་གཅིག་པར་ཡོངས་འཛིན་ཞི་བར་གཤེགས་པའི་ཚབ་ཏུ་མཁས་དབང་ཐུགས་རྗེ་བཀྲ་ཤིས་བཞུགས། འདི་ལོར་རྒྱལ་རོང་དུ་ཆིབས་བསྐྱོད་ནས་ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ་ལས། ལྷ་བཙུན་རིག་འཛིན་སྲོག་སྒྲུབ། ལྔ་པའི་རྒྱ་ཅན་ཉེར་ལྔ། ཉི་གྲགས་ཆོས་སྐོར་ཡོངས་རྫོགས། འཇིགས་གླིང་པོད་དགུ། ཐུགས་མཆོག་རྡོ་རྗེའི་ཎཱ་ག་རཀྵ་སོགས་ཀྱི་དབང་ལུང་ཁྲིད་གསུམ་མ་ལུས་པ་གསན། དགུང་ལོ་བཅུ་གཉིས་པ་ལོ་གསར་ཆོ་འཕྲུལ་ཟླ་བར་ལོ་དར་གྱི་བུམ་སྒྲུབ་ཚེས་བཅུའི་ཚོགས་དབུར་ཕེབས་ཏེ་ཕྱི་ནང་གི་ཞལ་བཀོད་སྟོང་ཐུན་ཤར་མར་ཐུགས་ཐོག་ནས་གནང་བས་མཁན་སྤྲུལ་འདུས་སྡེ་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། དགུང་གྲངས་བཅོ་ལྔ་པར་མཁས་གྲུབ་མཚུངས་མེད་དཔོན་གུར་བླ་མ་ངག་དབང་བློ་གྲོས་གདན་དྲངས་ནས་བཀའ་བརྒྱད་གསང་རྫོགས། ཚེ་བདག་ལྕགས་འདྲ་ལྕགས་སྡིག རྫོགས་ཆེན་སྙན་བརྒྱུད། པད་གླིང་བླ་མ་ནོར་རྒྱམ། དྲི་མེད་ལྷུན་པོའི་དོན་ཏིག་སོགས་དབང་ལུང་གི་རྒྱུན་དཀོན་རིགས་མང་པོ་གསན་བཞེས་གནང་། ལོ་དེར་ཞེ་ཆེན་རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པས་རིག་འཛིན་འགྱུར་མེད་ཀུན་བཟང་ཐེག་མཆོག་བསྟན་འཛིན་དཔལ་བཟང་པོར་མཚན་འབུལ་དང་སྦྲགས་སྟོན་མཆོག་ཤཱཀྱ་སེངྒེའི་རྒྱལ་ཚབ་ཏུ་མངའ་གསོལ། དེ་ནས་བཟུང་སྐུ་ཚེ་གང་པོར་ཕམ་ལྟུང་གི་སྡེ་ཚན་རགས་པས་ལྟ་ཅི་ཐ་ན་ཕྱི་དྲོའི་ཁ་ཟས་སོགས་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་མ་གོས་པར་གནས་བརྟན་འདུལ་འཛིན་ཆེན་པོའི་ངོ་བོར་བཞུགས། གདོད་མའི་མགོན་པོ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཐུན་མིན་རིགས་བདག་ཏུ་བསྟེན་ཏེ་མཁའ་འགྲོ་སྙིང་ཐིག་དང་། གསང་བ་སྙིང་ཐིག རྡོར་སེམས་སྙིང་ཐིག་རྣམས་ཀྱི་ཉམས་ཁྲིད་གསན་ནས་སྔོན་འགྲོའི་ཐུགས་སྦྱོང་མཛད་པས་དད་དང་ངེས་འབྱུང་བྱང་སེམས་རྣམས་བཅོས་མིན་ཐུགས་ལ་འཁྲུངས། ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་སྐབས་སྒོ་གསུམ་སྦྱོང་བ་དང་སེམས་རིག་ཤན་འབྱེད་ལ་རྡོ་རུས་ཐུག་པ་མཛད་པས། དངོས་གཞིའི་ཉམས་ཁྲིད་ལ་མ་ལྟོས་པར་རིག་སྟོང་རྗེན་པར་ངོ་འཕྲོད་དེ་ཀུན་བཟང་གདོད་མའི་རྒྱལ་སར་དབང་བསྒྱུར་བས་མདོ་ཁམས་རྫོགས་ཆེན་པ་ཞེས་གྲགས་པ་དོན་ལྡན་དུ་མཛད། དེ་མཚུངས་དགུང་ལོ་ཉི་ཤུ་བཞེས་པ་ཆུ་བྱ་ལོར་ཡར་ལུང་པདྨ་བཀོད་དུ་ཆེད་ཕེབས་ཀྱིས། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་རྣམ་སྤྲུལ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་ལས་ཀུན་མཁྱེན་ཡབ་སྲས་ཀྱི་བཀའ་གཏེར་དག་སྣང་བསྟན་བཅོས་སྐོར་དང་། སྙན་བརྒྱུད་རྡོ་རྗེ་ཟམ་པ་སོགས་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་གསན། རྗེ་འདི་ཐོག་མར་ཞལ་མཇལ་སྐབས་གཟིམས་ཁང་ཕྱིའི་ཉི་རའི་ནང་དུ་སྐུ་ན་ཤིན་ཏུ་བགྲེས་པའི་བླ་མ་ཞིག་བཞེངས་འདུག་པའི་ཞལ་ནས་ངས་ཁྱོད་ད་བར་བསྒུགས་པ་ཡིན་ཞེས་དགྱེས་ཚོར་ཆེན་པོ་གནང་སྟེ་མི་སྣང་བར་གྱུར། རིམ་པར་གཟིམས་ཁང་དུ་ཕེབས་པ་ན་ད་ཅིའི་བླ་མ་དེ་ཁྲི་མཐོན་པོ་ཞིག་གི་སྟེང་ན་ཆང་ཐོད་པ་གང་གསོལ་བཞིན་ཡོད་པ་མཇལ། ཕྱག་འབུལ་བྱས་ཏེ་སྐུ་དྲུང་དུ་བཅར་བས། དེ་མ་ཐག་ཆང་ཐོད་པ་གང་གནང་ནས་རོལ་ཅིག་གསུངས། ཡོངས་འཛིན་གྱིས་སྤྲུལ་སྐུ་རྟེན་དགེ་ཚུལ་ཡིན་ལགས་ཞུས་པར། དགེ་ཚུལ་ཡིན་ནའང་གསོལ་ཅིག་གསུངས་པས། བཀའ་གསུང་ལྟར་གསོལ་བས་སྐད་ཅིག་དེ་ཉིད་དུ་ཐ་མལ་གྱི་སྣང་ཤེས་ཐམས་ཅད་རང་བཞིན་གྱིས་འགགས་ཏེ། གང་སྣང་བདེ་སྟོང་གི་རོལ་པར་འབྱམས་སུ་ཀླས་ཤིང་བླ་སློབ་དགོངས་པ་གཅིག་ཏུ་འདྲེས་ནས་བྱིན་བརྒྱུད་ཀྱི་རྟོགས་པ་ཅར་ཕོག་ཏུ་འཕོས་པས་མཐོང་ལམ་དོན་དམ་གྱི་བདེན་པ་མངོན་དུ་གྱུར། རྗེ་འདི་གཉིས་བཀའ་དྲིན་འགྲན་མེད་ཀྱི་རྩ་བའི་བླ་མ་ཡིན་ཞེས་རྒྱུན་དུ་དད་གུས་ཚད་མེད་མཛད། གོང་གསལ་སྙིང་ཐིག་རྣམ་གཉིས་ཀྱི་དབང་ལུང་དང་། ཉང་གཏེར་རྟ་ནག མགོན་པོ་ཕྱག་བཞི་སོགས་ཉང་གཏེར་དང་། རྫོགས་ཆེན་ལྟ་བ་ཀློང་ཡངས་སོགས་རྡོར་གླིང་ཆོས་སྐོར། སངས་རྒྱས་གླིང་པའི་དགོངས་འདུས། ཀར་གླིང་ཞི་ཁྲོ། རཏྣའི་ཕུར་པ། དཔའ་བོ་ལས་རབ་རྩལ་གྱི་ཟབ་གཏེར་ཕལ་ཆེར་སོགས་དབང་ཁྲིད་ཀྱི་རྒྱུན་དཀོན་རིགས་རྣམས་གསན་བཞེས་དང་། གཏེར་ཆེན་ཀློང་ཆེན་རོལ་པ་རྩལ་གྱིས་རང་གཏེར་པདྨ་རྒྱལ་པོའི་ཆོས་སྐོར་ཤིན་ཏུ་ཟབ་པ་གཙོ་བོ་གྱུར་པའི་སྨིན་གྲོལ་གྱི་གདམས་པ་བསྩལ་ཅིང་། ལྷག་པར་རྫོགས་ཆེན་སྙིང་ཐིག་གི་ཐུན་མིན་ཁྱད་ཆོས་ཐོད་རྒལ་ཉམས་ཁྲིད་བསྩལ་བ་ཐུགས་ཉམས་སུ་བཞེས་པས་རིག་པ་ཚད་ཕེབས་ཀྱི་རྟགས་སྣང་མངོན་དུ་གྱུར། མཁན་རིག་འཛིན་བཟང་པོའི་མདུན་ནས་ཉང་གཏེར་བཀའ་བརྒྱད། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་རྒྱ་མཚོ་ལས་འདུས་པ་མདོ་དབང་ཆེན་མོ་དང་སྙིང་ཐིག་སྐོར། རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལས་བཀའ་བསྟན་གྱི་ལུང་རྒྱུན་གང་ཡོད་དང་། ཁྱད་པར་སྔ་འགྱུར་རྙིང་མའི་རྒྱུད་གཞུང་རྒྱ་འགྲེལ་གྱི་བཤད་རྒྱུན་འཕགས་བོད་པཎ་གྲུབ་ཀྱི་ཞལ་ཤེས་འཁྲུལ་མེད་རྣམས་གསན། དེ་མཚུངས་ཕྱག་ན་པད་མོ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། འབར་ཆུང་བཀྲ་ཤིས་རྒྱ་མཚོ། ཉི་སྤྲུལ་ཕན་བདེ་རྒྱ་མཚོ། རྒྱལ་དབང་དགུ་པ་ལུང་རྟོགས་རྒྱ་མཚོ། རྒྱལ་ཚབ་དེ་མོ། གྲུབ་མཆོག་འཇིགས་མེད་གོ་ཆ། མཁས་གྲུབ་ཕྲིན་ལས་དར་རྒྱས། ཞིང་སྐྱོང་འཇིགས་མེད་མགོན་པོ། རྨོག་སྟོན་ཆོས་དབྱིངས་རྡོ་རྗེ། ངོར་ཐར་རྩེ་མཁན་ཆེན་སོགས་མདོར་ན་གངས་རིའི་ལྗོངས་འདིར་སྐབས་དེར་འཚོ་གཞེས་ཀྱི་བསྟན་འཛིན་མཁས་གྲུབ་ཡོད་དོ་ཅོག་གི་ཞབས་ལ་གཏུགས་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་མན་ངག་ཆོས་ཚུལ་ཐམས་ཅད་མ་གསན་པ་མེད་པས་གསན་ཡིག་རྐྱང་པ་པོད་ཆེན་གསུམ་ལྷག་བཞུགས། དེ་ལྟར་གསན་བཞེས་གནང་བ་ཐམས་ཅད་རྣམ་གཡེང་དང་ཕྱི་བཤོལ་གྱི་དབང་དུ་མ་སོང་བར་སྐུ་ཚེ་གང་པོར་བསྐྱེད་རྫོགས་ལྟ་སྒོམ་གྱི་ཉམས་ལེན་དང་། བསྙེན་སྒྲུབ་ཏིང་འཛིན་གྱི་རྣལ་འབྱོར་ལས་མི་འདའ་བས་ལྟ་བའི་ཕུ་ཐག་ཆོད་དེ་ཆོས་ཉིད་ཟད་སར་འཁྱོལ། སྒོམ་པ་ཀློང་དུ་གྱུར་པས་འོད་གསལ་ལ་གཡོ་འགུལ་བྲལ། སྤྱོད་པ་ཚད་དུ་ཕྱིན་པས་ཚོགས་དྲུག་རང་སར་གྲོལ། རྟོགས་པས་རང་རྒྱུད་གྲོལ་བས་ཆོས་བརྒྱད་འདོར་ལེན་དང་བྲལ། ཐུགས་རྗེས་གཞན་རྒྱུད་གྲོལ་བས་འབྲེལ་ཚད་དོན་ལྡན་དུ་བྱོན་པ་སྟེ། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས། སྙིགས་དུས་འདིར་རྫོགས་པ་ཆེན་པོའི་སྣང་བཞི་མཐའ་རུ་ཕྱིན་ནས་ཆོས་ཉིད་ཟད་ས་ལ་སྒྲ་ཇི་བཞིན་སྤྱོད་པ་སྐྱེས་མཆོག་འདི་ཉིད་ཁོ་ན་ཡིན་ཞེས། ཉིན་ལྟར་གཤིན་རྗེ་སྒྲུབ་ཕུག་ནས་རྫོགས་དགོན་ལ་ཞབས་ཐང་གིས་ཕེབས་ཏེ་སྐུ་མདུན་རང་དུ་ཕྱག་འབུམ་ཕྲག་གཅིག་འཚལ་བར་མཛད། གཞན་ཡང་རྡུལ་བྲལ་སྟོབས་བཅུ་མངའ་བའི་ཡེ་ཤེས་ཀྱི་གཟིགས་པས་མཐའ་དག་ཤེས་བྱ་རབ་འབྱམས་ཀྱི་ཆོས་ཚུལ་ཐམས་ཅད་མ་འདྲེས་ཅིག་ཅར་ཉིད་དུ་མཁྱེན་ཅིང་ཆུབ་པས། སྐབས་དེའི་མདོ་ཁམས་ཕྱོགས་ཀྱི་ཡང་སྲིད་ངོས་འཛིན་ཐམས་ཅད་རྗེ་འདི་ཁོ་ནས་མཛད་ཅིང། ཐ་ན་དགོན་འདབས་ཀྱི་ཕྱུགས་རྫི་བྱིས་པ་ཚོས་ཀྱང་དགུང་ཁ་གྲུབ་དབང་མཆོག་ལ་དགོངས་བརྟག་ཞུས་ཏེ་ཕྱུགས་འདེད་ལ་འགྲོ་བ་དང་། སྐབས་ཤིག་ཨ་མདོ་བཀྲ་ཤིས་འཁྱིལ་གྱི་སློབ་གཉེར་གྲྭ་གཞོན་གསུམ་དབུས་ཕྱོགས་ལ་མཇལ་སྐོར་དུ་སོང་ནས་ཕྱིར་ལོག་པའི་ལམ་ཞོར་རྫོགས་ཆེན་ལ་སླེབས་ཤིང་། དེ་ལས་གཅིག་གིས་རྫོགས་ཆེན་རིན་པོ་ཆེ་ལ་མངོན་ཤེས་ཆགས་ཐོགས་མེད་ཅེས་ཀུན་ལ་རླུང་ལྟར་གྲགས་འདུག་པས། འུ་ཅག་གི་སྦུད་རྐྱལ་བུག་རལ་འདི་གནས་རོགས་ནད་པ་ཞིག་ཡིན་ཁུལ་གྱིས་ཁོང་ལ་དགོངས་བརྟག་མཛད་རོགས་ཞེས་ཉམས་སད་ཅིག་ཨེ་བྱེད་ཟེར་བར། གཅིག་ཤོས་གཉིས་ཀྱང་མཐུན་ཏེ་ཕྱི་ཉིན་གྲུབ་དབང་རིན་པོ་ཆེའི་སྐུ་མདུན་བཅར་ནས། ངེད་ཚོ་མི་བཞི་ལྷ་སར་སོང་བ་ལས་བཀྲ་ཤིས་ཚེ་རིང་ཟེར་བའི་གནས་གྲོགས་དེ་ཕྱིར་འོང་བའི་ལམ་ཁ་ནས་ནད་ཀྱིས་མནར་ཞིང་། ད་ལྟ་དབུགས་འབྱིན་རྔུབ་ཡང་དཀའ་བ་འདུག་ན་སྨན་དཔྱད་ཇི་དགོས་དང་སྲོག་སྐྱོན་ཡོད་མེད་སོགས་ལ་ཐུགས་བརྟག་ཞིག་གནང་རོགས་ཞེས་ཞུས་པར། ཆོས་ཀུན་ཆུབ་པའི་ཡེ་ཤེས་ལ་མཉམ་རྗེས་རེས་འཇོག་གི་རྩོལ་སྒྲུབ་དང་བྲལ་ཡང་དལ་གཅིག་དགོངས་པ་གཏད་པའི་ཚུལ་དང་བཅས་ཞལ་ནས། བུ་སྦུད་པ་ཚེ་རིང་ནད་ཀྱིས་ཐེབས་པར། སྨན་ལྷ་རྗེ་མི་དགོས་ཁབ་སྐུད་ཚོལ། ཅེས་གསལ་བར་གསུངས་པས་ཁོང་ཚོ་ཡིད་འགྱོད་སྐྲག་སྔངས་དང་བཅས་ཕྱིར་ལོག །གཞན་ཡང་དུས་དེར་ཉག་སྐེད་མགོན་པོ་རྣམ་རྒྱལ་ཞེས་མི་སྲུན་རླང་པོར་སྤྱོད་པ་དད་དང་སྙིང་རྗེའི་རྩ་བ་ཆད་པས་དགོན་སྡེ་དང་དཀོན་མཆོག་གི་རྟེན་གྱ་ཚོམ་དུ་མེར་སྲེག་ཅིང་། ཀུ་རེ་ཙམ་གྱི་ཆེད་དུའང་ཡུལ་མི་གསོད་བཅོམ་བྱེད་པ་སོགས་སྡིག་པའི་ལས་ལ་འཛེམ་མེད་དུ་སྤྱོད་པ་དེ་རྫོགས་ཆེན་དགོན་དུ་འོང་བ་ཐོས་པས་ཐམས་ཅད་འཇིགས་སྐྲག་གིས་མནར་ཞིང། གཉེར་ཆེན་སོགས་ཆེ་རིམ་པ་འགའ་གྲུབ་དབང་མཆོག་གི་སྐུ་དྲུང་དུ་སྔོན་བཅར་བྱས་ཏེ། ད་རེས་དུས་རྒྱུན་ལྟར་གང་བྱུང་འཁྲུལ་ཞིག་གི་བཀའ་གསུང་མི་ཕེབས་པར་མཐུན་འཇུག་མི་ཆོས་ཤིག་མ་མཛད་ཕྱིན་བསྟན་དགོན་ལ་བར་ཆད་ཆེ་ཚུལ་བཅས་བསླབ་ཞུས་ཞིབ་ཕྲ་བྱས། ཕྱི་ཉིན་ཉག་སྐེད་དཔོན་འཁོར་རྣམས་དགོན་ཐོག་ཏུ་འབྱོར་མ་ཐག་མགྲོན་གཉེར་སོགས་ཀྱིས་དར་བཏང་གུས་འདུད་ཀྱིས་སྣ་ལེན་བྱས་པར་གཏམ་ལེན་ཙམ་ཡང་མི་བྱེད་པར་ཤར་རྒྱག་གཟིམས་ཁང་དུ་ཤོར། གྲུབ་དབང་མཆོག་གི་མདུན་དུ་བསྡད་དེ་ང་ཤི་རྗེས་གང་དུ་སྐྱེ་ས་འདུག་ཅེས་དྲིས་པར། ཁྱོད་ཤི་མ་ཐག་དམྱལ་བ་རྡོ་རྗེ་གདན་ལས་འགྲོ་ས་མི་འདུག་ཅེས་བཀའ་ལན་གནང་། འོ་ན་ངའི་དཔུང་གིས་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཕྲོག་ཐུབ་ས་ཨེ་འདུག་ཞུས་པར། ལྷ་ལྡན་ཕར་ཞོག་ཆབ་མདོ་ལའང་སླེབ་ཐུབ་ས་མ་རེད་ཅེས་གསུངས་པས། ཁོ་ཡི་རང་དང་བཅས་བླ་མ་ཟེར་བ་ཆོས་བརྒྱད་མཐུན་འཇུག་དང་བྲལ་བ་ཁྱེད་འདྲ་བ་དགོས། ད་སྔོན་འཕྲད་པའི་བླ་མ་ཐམས་ཅད་ངོ་དགའ་ཁ་ཡག་ཅན་འབའ་ཞིག་ལས་དངོས་དོན་གསུང་མཁན་སུ་ཡང་མ་བྱུང་ཞེས་ཞབས་སྤྱི་བོར་བླངས། ཕྱིན་ཆད་ཁོ་པ་དམྱལ་པར་མི་གཏོང་རྒྱུའི་ཞལ་བཞེས་མ་གནང་ཐབས་མེད་ཡིན་ཞེས་བཙན་གྱིས་ཞུས་པར། འོ་ན་སྐྱེ་རེས་གསུམ་དུ་ངན་འགྲོར་མི་གཏོང་། ཞེས་ཞལ་བཞེས་གནང་བ་སོགས་ངོ་མཚར་བའི་རྣམ་ཐར་བརྗོད་ཀྱིས་མི་ལང་པ་དང་། དེ་ལས་གཞན་བྱ་བ་ལས་ཀྱི་འཁོར་ལོས་བསྟན་འགྲོའི་མཛད་བཟང་ཕྱོགས་བརྒྱར་སྤེལ་བའི་ཚུལ་ནི། སྐུ་ན་ཕྲ་མོའི་དུས་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཐོག་ཚད་བཞེངས་པ་ནས་བཟུང་རྒྱུན་དུ་སྐུ་གསུང་ཐུགས་རྟེན་དང་། དུས་མཆོད་སྒྲུབ་ཁག་གི་མཆོད་རྫས་ཡོ་བྱད་སོགས་ཚད་མེད་པ་གསར་བཞེངས་མཛད། དགུང་གྲངས་ཉེར་གཉིས་པ་ཤིང་ཁྱི་ལོར་དབུས་ཕྱོགས་སུ་ཆིབས་བསྐྱོད་མཛད་དེ་རྩེ་ཤོད་ཆོས་འཁོར་གསུམ་དང་རྡོར་སྨིན་གཉིས་སོགས་སུ་མཆོད་སྤྲིན་རྒྱས་སྤྲོས་དང་། ཁྱད་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་རྒྱལ་མཆོག་དགུ་པ་སྟོན་འཁོར་སྤྱན་དྲངས་ཏེ་མཆོད་པའི་སྤྲིན་ཕུང་སྤྲོས་པ་དང་འབྲེལ་མཎྜལ་ཚོགས་བཤད་རྗེ་ཉིད་ཀྱིས་མཛད་པས་གདན་ས་གསུམ་གྱི་དགེ་བཤེས་འདུས་ཚོགས་ཐམས་ཅད་ཐུགས་ཡིད་འཕྲོག་སྟེ་གྲགས་པའི་རྔ་ཆེན་ཕྱོགས་ཀུན་ལྡིར་བར་བྱས། རྒྱལ་དབང་ལུང་རྟོགས་རྒྱ་མཚོ་འདན་ཡུལ་དུ་འཁྲུངས་ཤིང་ར་ཁོ་ཚང་དང་སྐུ་རིགས་གཅིག་པའི་དབོན་དུ་སོང་བས་ནང་བརྩེའི་གཟིགས་པ་ཚད་མེད་པས་ཧོ་ཐོག་ཐུའི་འཇའ་ས་ཕུལ་བ་དང་བཅས་སྔ་འགྱུར་བསྟན་པའི་བདག་པོར་མངའ་གསོལ། དགུང་གྲངས་ལྔ་བཅུར་ཕེབས་པ་ཆུ་སྟག་དབྱུག་ཟླའི་ཚེས་དྲུག་གི་སྔ་ཆར་བསྟན་པའི་གེགས་ཆག་སྟོབས་སུ་བདོ་བས་ཧོར་ཁོག་ནས་བརྩམས་ཏེ་ས་གཡོས་ཀྱི་འཇིག་པ་ཆེན་པོ་བྱུང་བས་དགོན་གནས་རྨང་མེད་དུ་གྱུར། སྐབས་དེར་རྗེ་ཉིད་སྡེ་དགེའི་རྒྱལ་ཁབ་ཏུ་བཞུགས་ཀྱང་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པས་ཇི་བཞིན་མཁྱེན་པས་ཐུགས་དབྱུང་སྟེ་བྱ་བཏང་སྤོང་བ་པའི་བརྟུལ་ཞུགས་ལ་ཐུགས་གཏད་པ་ན། ཆོས་རྒྱལ་དམ་ཚིག་རྡོ་རྗེས་ཐུགས་གསོའི་ཞུ་བསྐུལ་དང་དགོན་གཞིས་ཉམས་གསོ་སོར་ཆུད་བྱེད་རྒྱུའི་ཁས་ལེན་ནན་ཞུ་ཡང་ཡང་ཕུལ་བས། སླར་གདན་སར་ཞབས་པད་བཀོད་དེ་གཙུག་ལག་ཁང་བླ་བྲང་བཅས་པ་སྔར་ལས་ལྷག་པའི་བཞེངས་བཀོད་གྲུབ། དེ་མཚུངས་ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་སེང་ཕྲུག་པདྨ་བཀྲ་ཤིས་ཟུང་ལ་བཀའ་བགྲོས་ཏེ། དགོན་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་མཁས་པའི་ལྗགས་སམ་ཤེས་རབ་ཀྱི་རལ་གྲིའི་དབྱིབས་དང་མཚུངས་པའི་རི་ཕྲན་གྱི་སྟེང་དུ། གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་ཆོས་གྲྭ་ཆེན་མོ་གཙུག་ལག་ཁང་གྲྭ་ཤག་དང་བཅས་པ་གསར་དུ་བསྐྲུན། ཡུལ་མདོ་སྨད་ཀྱི་ལྗོངས་སུ་བསྟན་རྩ་ཆོས་འདུལ་རིན་པོ་ཆེ་གཞི་གསུམ་གྱི་ཕྱག་བཞེས་གཙང་མའི་སྒོ་འཕར་གསར་དུ་ཕྱེས། གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་རྒྱལ་གསང་བ་སྙིང་པོའི་གཙོས་སྔ་འགྱུར་ཆེ་བ་དྲུག་ལྡན་གྱི་མདོ་སྔགས་དགོངས་འགྲེལ་དང་བཅས་པའི་བཤད་པའི་བཀའ་སྲོལ་ཐོག་མར་ཕྱེས་པས་ད་ལྟའི་བར་དུ་ཆོས་བརྒྱུད་སློབ་ཚོགས་དང་བཅས་པས་ཕྱོགས་ཀུན་ཡོངས་སུ་ཁྱབ་པས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་དང་ཕྲིན་ལས་རྨད་དུ་བྱུང་བ་ཉིད་དོ། །འཕྲོས་དོན་གསུང་གི་བདུད་རྩི་བཞེས་པའི་བསྟན་འཛིན་གྱི་སྐྱེས་བུ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་ལས་གཙོ་བོའི་མཚན་ཙམ་སྨོས་ན། དཔོན་སློབ་སྐུ་ཕྲེང་གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ། བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ། ཀུན་མཁྱེན་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཏེ་སྐྱེས་མཆོག་བསྟན་འཛིན་ཆེན་པོ་གསུམ། ཉི་གྲགས་བཞི་པ་དཀོན་མཆོག་འཇིགས་མེད་རྒྱལ་མཚན། རབ་འབྱམས་བཞི་པ་མི་མཇེད་ཞིང་མགོན། རྒྱལ་ཚབ་མི་བསྐྱོད་མཁས་གྲུབ། རྗེ་དབོན་གསུམ་པ་གར་དབང་ཐུགས་མཆོག་རྡོ་རྗེ། ནམ་སྤྲུལ་གཉིས་པ་ཀུན་བཟང་ཐུགས་མཆོག་རྡོ་རྗེ་སྟེ་བརྒྱུད་འཛིན་གདམས་པའི་གཏེར་མཛོད་འཛིན་པ་ལྔ། རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྤྲུལ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། གླིང་ཚང་གཏེར་སྟོན་པདྨ་འགྲོ་འདུལ། མཆོག་གྱུར་བདེ་ཆེན་གླིང་པ་སྟེ་སྤྲུལ་པའི་གཏེར་ཆེན་རྣམ་གསུམ། སྤྱན་རས་གཟིགས་དབང་རྒྱལ་བའི་མྱུ་གུ། རྡོ་གྲུབ་གཉིས་པ་བསྟན་པའི་རྒྱལ་མཚན། ཨོ་རྒྱན་འཇིགས་མེད་ཕྲིན་ལས་འགྲོ་འདུལ། མཆོག་སྤྲུལ་པདྨ་བདེ་ཆེན་བཟང་པོ་སྟེ་མཁྱེན་བརྩེ་ནུས་ལྡན་གྱི་བརྒྱུད་འཛིན་གསུམ། མཁས་གྲུབ་འཇིགས་མེད་སྐལ་བཟང། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སྟེ་ཀུན་སྤང་རྟོགས་པའི་དབང་ཕྱུག་ཆེན་པོ་གཉིས། མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས། མཁན་ཆེན་པདྨ་བཛྲ་སོགས་རང་དགོན་གྱི་མཁན་རབས་པདྨའི་མཚན་འཆང་ཆེན་པོ་བཅུ། དེ་ལས་པདྨ་འོད་ཟེར་དང་། གླིང་སྤྲུལ་ཐུབ་བསྟན་པདྨ་རྒྱལ་མཚན་ཏེ་ནང་གི་ཐུགས་སྲས་ཐུ་བོ་གཉིས། དགེ་མང་དབོན་པོ་བསྟན་འཛིན་ནོར་བུ་དང་། བཀའ་བབ་བདུན་ལྡན་མཁྱེན་བརྩེའི་དབང་པོ་སྟེ་དགོངས་བརྒྱུད་བྱིན་རླབས་འཕོས་པའི་ཐུགས་སྲས་ཉི་ཟླ་ཟུང་། ཉག་བླ་པདྨ་བདུད་འདུལ། འཇུ་བླ་སངས་རྒྱས་འོད་ཟེར་སོགས་འོད་ལུས་གྲུབ་པ་བཅུ་གསུམ། ཀཿཐོག་ཞིང་སྐྱོང་གོང་འོག་དང་རྨོག་སྟོན་གོང་འོག་སྟེ་བཀའ་གཏེར་གྱི་བསྟན་འཛིན་ཆེན་པོ་བཞི། ཞེ་ཆེན་མ་ཧཱ་པཎ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། མཁས་མཆོག་གུ་རུ་བཀྲ་ཤིས་སོགས་བཤེས་གཉེན་ཆེན་པོ་བཅུ། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ། རྫོགས་ཆེན་འབྲུག་པ་ཆོས་དབྱིངས་རོལ་བའི་རྡོ་རྗེ་སོགས་རྟོགས་གྲོལ་ལུང་ཟིན་གྱི་སྐྱེས་བུ་གསུམ། ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས། ལྷ་རམ་དགེ་བཤེས་ཀུན་བཟང་བསྟན་དར། མི་ཉག་ཀུན་བཟང་བསོད་ནམས་སོགས་མདོ་སྔགས་འཆད་པའི་བཀའ་བབ་ཆེན་པོ་ཉེར་བདུན། མཛོད་ལྔའི་ཤིང་རྟ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ནཱ་ལེནྡྲའི་གཟིམས་འོག་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་སྙན་གྲགས། མཁས་གྲུབ་ཆེན་པོ་ཀྱི་ལིང་ཐུགས་མཆོག་རྡོ་རྗེ་སོགས་ཕྱོགས་ཀྱི་བསྟན་འཛིན་ཆེན་པོ་བཅུ། རིགས་དབོན་འཇིགས་མེད་སོགས་ཕྱག་བཞེས་འཕྲིན་སྒྲུབ་ཀྱི་རྒྱལ་ཚབ་རྩེ་མོ་དགུ། ཁམས་སྤྲུལ་སྒྲུབ་བརྒྱུད་ཉི་མ་གོང་འོག་སྟེ་སྒྲུབ་བརྒྱུད་བསྟན་འཛིན་མཆོག་ཟུང་། མང་བཟའ་བླ་མ་དཔལ་གྱི་སེང་གེ། རོག་བཟའ་དཔལ་དགེ་སོགས་སྒྲུབ་པའི་རྒྱལ་མཚན་འཛིན་པའི་སྤོང་བ་པ་ཆེན་པོ་ཉེར་བདུན། མ་ཅིག་མཁའ་འགྲོས་བྱིན་རླབས་ཐོབ་པ་གཡག་ཟེ་བ་དགོངས་གཅོད་བསོད་ནམས་ནོར་བུ་སོགས་གཅོད་ཡུལ་བཀའ་བབ་ཀྱི་ལུང་ཟིན་སྐྱེས་བུ་བཞི། དགེ་རྒྱས་གཅོད་པ་སོགས་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ཆེན་པོ་བརྒྱད། རས་སྤྲུལ་འཁྲུལ་སྣང་སྣ་ཚོགས་རང་གྲོལ། ཁྱུང་ལུང་རས་པ་དམ་ཚིགས་རྡོ་རྗེ་སོགས་ཕྱོགས་མེད་འགྲོ་དོན་མཛད་པའི་རྣལ་འབྱོར་པ་དགུ། ཉི་གྲགས་དབོན་སྤྲུལ། དཔལ་སྤུངས་དབོན་སྤྲུལ། དཔལ་ཡུལ་དབོན་སྤྲུལ། ཛར་ཀ་དབོན་པོ། གསེར་ཏོག་དབོན་པོ། སྟོང་དཔོན་རྡོར་ལྷུན། ཆོས་སྐོར་ཀློང་གསལ། གཞི་ཆེན་སྤྲུལ་སྐུ་སོགས་ས་ཐོབ་སེམས་དཔའ་ཆེན་པོ་བཅུ། ཁྲོ་ཟུར་གཏེར་སྟོན་སྐྱེ་ཆེན་རང་གྲོལ། གཏེར་སྟོན་ཚེ་དབང་ནོར་བུ་སོགས་ཟབ་གཏེར་བཀའ་བབ་ལྔ། གྲུབ་བརྙེས་རིག་འཛིན་ཆོས་དབྱིངས་སྟོབས་ལྡན་གོང་འོག །ཨ་ལགས་ནམ་མཁའ་རྒྱ་མཚོ་སྟེ་རྡོ་རྗེ་འཛིན་པ་དྲག་སྔགས་བཀའ་བབ་ཆེན་པོ་གསུམ། ཡང་སློབ་ཕུར་ཐོག་སྟོང་དང་དགུ་བརྒྱ། རབ་འབྱམས་ལྔ་པ། སྐུ་ཞབས་གཉིས་པ། གྲུབ་ཆེན་གསུམ་པ། ཀུན་བཟང་སྤྲུལ་སྐུ། འབྲུག་སྤྲུལ་གོང་འོག ནོར་གླིང་སྤྲུལ་སྐུ། གཡག་ཟེ་མཆོག་སྤྲུལ་རྣམ་གཉིས། ལེ་དགོན་སྤྲུལ་སྐུ། འཇུ་སྤྲུལ་པདྨ་བསྟནའཛིན། ཨ་གྲོ་བླ་མ། སྡེ་དགེ་རྒྱལ་སྲས་བླ་མ་སོགས་སྨིན་གྲོལ་ཕྱོགས་བརྒྱར་སྤེལ་བའི་བླ་སྤྲུལ་ལྔ་བཅུ་བཅས་མདོར་ན་དུས་དེར་བོད་ཆེན་པོའི་ལྗོངས་སུ་སྔ་འགྱུར་རྙིང་མ་གཙོ་བོ་གྱུར་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་འཛིན་པའི་བསྟན་འཛིན་སྐྱེས་ཆེན་ཕལ་མོ་ཆེ་རྗེ་འདིའི་ཞལ་མཇལ་ཆོས་འབྲེལ་མ་ནོས་པ་འགའ་ཡང་མེད་པ་ལྟ་བུར་གྱུར་པས་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་ཡངས་པའི་རྒྱལ་ཁམས་ཀུན་ལ་མ་ཁྱབ་པ་མེད་པ་དང་། དེ་བཞིན་བསྟན་པ་སྟོབས་ཀྱིས་འདེགས་པའི་སྦྱིན་བདག་ཀྱང་། སྡེ་དགེ་ཆོས་རྒྱལ་ཡབ་སྲས། ལྕགས་ལ་མི་ཆེན་རྒྱལ་པོ། ཡིད་ལྷུང་ལྷ་རིགས་ཆོས་རྒྱལ། གླིང་ཚང་རྒྱལ་པོ་བཅས་གཙོ་གྱུར་ཐུ་མི་ཁག་ཉི་ཤུ། དེམ་ཕྱི་ཉེར་ལྔར་གྲགས་པ་ཕལ་ཆེར་དང་། གཞུང་ས་དགའ་ལྡན་ཕོ་བྲང་གི་བཀའི་བློན་པོ་འགའ་དང་ཞབས་པད་ས་དབང་ཕུ་ལུང་པ་སོགས་མི་ཆེན་ཐམས་ཅད་ཀྱིས་གུས་པས་སྤྱི་བོས་བཏུད་ཅིང་མི་ཕྱེད་དད་པས་བཀུར་ཞིང་མཆོད་པ་སོགས། མདོར་ན་ལུགས་གཉིས་ཀྱི་སྒོ་ནས་ཕྱི་མའི་དུས་འདིར་རྗེ་འདི་ཁོ་ན་ཕྲིན་ལས་འགྲན་ཟླ་དང་བྲལ་ཞིང་། དགུང་གྲངས་བདུན་ཅུ་རྩ་བརྒྱད་བཞེས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟའི་ལོའི་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་ལ་གཟུགས་སྐུའི་བཀོད་པ་གདོད་མའི་གཞི་དབྱིངས་ནང་གསལ་ཆེན་པོར་བསྡུ་བའི་ཚུལ་བསྟན་ཏོ། །དེ་ལྟར་ཐུན་མོང་མཐུན་སྣང་གི་མཛད་རྣམ་རགས་བསྡུས་འདི་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་གདན་རབས་མཚན་ཐོ་ཕྱོགས་བསྒྲིགས་ལ་གཞི་བྱས་ཐོག་གནའ་བོའི་ངག་རྒྱུན་ཚད་མས་ཟུར་བརྒྱན་ཏེ་བྲིས་པ་དང་། ད་དུང་རྗེ་ཉིད་ཀྱིས་མཛད་པའི་ཐུན་མིན་གསང་བའི་རྣམ་ཐར་དང་། ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱིས་མཛད་པའི་རྗེ་བླ་མའི་རྣམ་ཐར་སྒྲ་དབྱངས་རྒྱ་མཚོ་ཞུ་བ་སོགས་ཡོད་པར་ཐོས་པས་དེ་དག་ཏུ་གཟིགས་ཁྱབ་གནང་བར་ཞུ། །

གདན་རབས་བརྒྱད་པ། ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་ནི།

དེ་ཡང་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་འདི་ནི། ཇི་སྐད་དུ། རྗེ་ཉིད་ཀྱིས་མཛད་པའི་སྐྱེ་ཕྲེང་གསོལ་འདེབས་ཐར་པའི་འཁྲི་ཤིང་ལས། ཁྱད་པར་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་གར། །ཅིར་ཡང་བསྒྱུར་བའི་བྱེ་བྲག་འཕགས་ཡུལ་གྱི། །གསང་ཆེན་བཀའ་བབ་རྒྱལ་པོ་ཛ་ཞེས་པ། །ཨིནྡྲ་བྷུ་ཏི་ཆེན་པོར་གསོལ་བ་འདེབས། །མགོན་ཁྱོད་སྐུ་གསུམ་སྟོན་པའི་གསུང་རབ་ཀུན། །སྡུད་མཛད་སོ་སོའི་རྣམ་པར་སྣང་བ་ལས། །ཞིང་འདིའི་ཐུབ་དབང་དྲུང་དུ་ཀུན་དགའ་བོར། །བསྟན་ཀྱང་ཐ་མི་དད་པར་གསོལ་བ་འདེབས། །གང་ལས་མཁའ་ཟླ་ཆུ་མཚོར་ཤར་བ་བཞིན། །འགྲོ་ངོར་སྣང་བ་འཇམ་དཔལ་བཤེས་གཉེན་དང་། །མདོ་ལུང་འགྲེལ་མཛད་དུར་ཁྲོད་བདེ་བ་གསལ། །ཀུ་ཀཱུ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །དེ་བཞིན་སློབ་དཔོན་དཔའ་བོ་བི་ན་ས། །ཐུ་མི་སམྦྷོ་ཊ་དང་རྣམ་སྣང་མཛད། །དྷརྨ་བྷ་དྲ་ཟུར་ཆེན་ཤཀྱཱ་འབྱུང་། །གླང་ལུང་པར་གྲགས་རྣམས་ལ་གསོལ་བ་འདེབས། །གཞན་ཡང་དབུ་ཕྱག་སྲོལ་འཛིན་ཇི་སྙེད་དང་། །རྡོ་རྗེ་གླིང་སོགས་ཟབ་གཏེར་སྒོ་འབྱེད་པ། །དུ་མའི་གྲངས་མཐར་གཏེར་བདག་གླིང་པ་ཞེས། །ཡོངས་གྲགས་མཆོག་གཟིགས་རྣམས་ལ་གསོལ་བ་འདེབས། །ཞེས་ཉིད་ཀྱི་རྡོ་རྗེའི་གསུང་གིས་ཞལ་བཞེས་མཛད་པ་དང་། དེ་བཞིན་རྗེ་ཉིད་ཀྱི་ཐུགས་སྲས་ཐུ་བོ་མཁས་གྲུབ་པདྨ་བཛྲ་གྱི་ཞལ་སྔ་ནས་མཛད་པའི་རྣམ་ཐར་དུའང་ཇི་སྐད་དུ། རྗེ་འདི་ཉིད་ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཆེན་པོར་མངོན་པར་སངས་རྒྱས་ནས། སླར་ཡང་གདུལ་བྱའི་ཞིང་ཁམས་འཇིག་རྟེན་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་ཚད་མེད་པ་བཀོད་པ་དང་། གཞན་ཡང་བརྒྱ་བྱིན་དང་། འཁོར་ལོས་བསྒྱུར་བ་སོགས་སྤྲུལ་པའི་རྣམ་རོལ་སྒྱུ་མ་ལྟར་རིས་སུ་མ་ཆད་པར་སྣང་བ་ལས། བྱེ་བྲག་ཏུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཐབས་ལ་མཁས་པའི་ཡེ་ཤེས་ཀྱི་རོལ་བ་ཚད་མེད་པས་སྟོན་འཁོར་ཐ་དད་པ་ལྟར་བསྟན་ཀྱང་དོན་ལ་དགོངས་པ་དབྱེར་མི་ཕྱེད་པའི། རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། མཉམ་མེད་ཐུབ་པའི་དབང་པོའི་ཉེ་གནས་མང་དུ་ཐོས་པའི་མཆོག་ཏུ་གྱུར་པ་འཕགས་པ་ཀུན་དགའ་བོ། །གསང་ཆེན་རྒྱུད་སྡེ་ཀུན་གྱི་བདག་པོར་དབང་བསྐུར་བ་ཆོས་རྒྱལ་ལུང་བསྟན་རྡོ་རྗེ། དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་བཀའ་བབས་སློབ་དཔོན་ཀུ་ཀུ་རཱ་ཛ། སེམས་ཕྱོགས་མན་ངག་གི་བདག་པོ་འཇམ་དཔལ་བཤེས་གཉེན། མདོ་ལུང་རྒྱུད་འགྲེལ་གྱི་ཤིང་རྟ་བདེ་བ་གསལ་མཛད་སོགས་དང་། གཞན་ཡང་གངས་ཅན་གྱི་མིག་གཅིག་ལོ་ཙཱ་བ་ཆེན་པོ་ཐོན་ནི་སམ་བྷོ་ཊ། པཎ་ཆེན་བཻ་རོ་ཙ་ན། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། རོང་ཟོམ་ཆོས་ཀྱི་བཟང་པོ། རས་ཆུང་རྡོ་རྗེ་གྲགས་པ། གླང་ལུང་པ་རྒྱལ་བ་དོན་འགྲུབ། འཇམ་དབྱངས་ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་རྡོ་རྗེ་གླིང་བ། ཨོ་རྒྱན་ཀུན་སྐྱོང་གླིང་བ། གྲུབ་ཐོབ་མེ་ལོང་རྡོ་རྗེ། གཏེར་ཆེན་ཤེས་རབ་འོད་ཟེར། རིག་འཛིན་འགྱུར་མེད་རྡོ་རྗེ་སོགས་དུས་རིམ་དང་ཅིག་ཆར་སྣ་ཚོགས་སུ་གཅིག་ལས་དུ་མར་འཆར་བ་ཆུ་ཟླའི་རོལ་བ་ལྟ་བུའི་དག་ཆེན་སྐྱེ་བའི་ཕྲེང་བ་དུ་མར་འབྱམས་ཀླས་པའི་མཐར། དེང་གི་དུས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་དམའ་བར་གྱུར་པའི་སྐབས་འདིར། སྔོན་རབ་དུ་མའི་ཐུགས་བསྐྱེད་དང་སྨོན་ལམ་སྟོབས་སུ་གྱུར་པས། སླར་ཡང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དྲི་མ་མེད་པའི་གྲུབ་མཐའ་གཞི་བཞེངས་སུ་སློང་བའི་ཤིང་རྟ་ཆེན་པོར་བྱོན་པ་འདི་ཉིད་དོ། དེ་ལྟར་ཡང་རིག་འཛིན་འགྱུར་མེད་རྡོ་རྗེའི་གཏེར་ལུང་གབ་རྒྱ་ཅན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེཿ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནིཿ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོནཿ སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡངཿ ཁམས་གསུམ་འགྲོ་བའི་འདྲེན་པར་རྡོ་རྗེ་ཆོསཿ ཤཱཀ་ཐུབ་ཉེ་གནས་ཨཱ་ན་ནྟ་ཞེས་དངཿ རྒྱལ་པོ་ཛ་དང་ཤིནྟཾ་གརྦྷ་དངཿ བོད་དུ་སམ་བྷོ་ཊ་སོགས་དག་པ་ཡིཿ སྐྱེ་བ་དེ་ཙམ་སྣང་གི་མ་དག་པའིཿ སྐྱེ་ཚུལ་བརྗོད་དུ་ལོང་བའི་གནས་མ་ཡིནཿ དེ་ལྟར་དག་པའི་སྐྱེ་བ་དེ་དག་གིསཿ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པའངཿ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིནཿ ཁྱོད་ཀྱང་ཤྲཱི་སེངྷ་ཡེ་ཤེས་མདོཿ པདྨ་྄བདག་སོགས་གཙུག་གི་བླ་མར་བསྟེནཿ གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནསཿ ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པསཿ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིདཿ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིསཿ མཚམས་སྦྱོར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུཿ དབང་ཕྱུག་འབར་དང་ར་ཤག་རྡོ་རྗེ་གླིངཿ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགསཿ པདྨ་བདག་གི་ཟབ་གཏེར་བདག་པོ་དངཿ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལཿ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངསཿ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐརཿ ཞེས་རིམ་པར་ལུང་བསྟན་པ་ལས་ཁྱད་པར་ཆོས་རྒྱལ་གཏེར་བདག་གླིང་པའི་དུས་སུ། བཀའ་གཏེར་སྤྱི་དང་། ཁྱད་པར་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་སྐོར་རྣམས་ལ། རྒྱ་ཆེན་པོ་སྡུད་པ་དང་། ཟབ་མོ་རྣམ་པར་འབྱེད་པ་དང་། འཁྲུགས་པ་གོ་རིམས་སུ་སྡེབས་པ་དང་། སྒྲུབ་པ་ཕྱག་བཞེས་སུ་འདེབས་པ་སོགས་འཛིན་སྐྱོངས་སྤེལ་བའི་ཕྲིན་ལས་རྒྱ་ཆེན་པོ་མཛད་བཞིན་པའི་ངང་ནས། སྐུ་མྱ་ངན་ལས་འདས་ཁར་ཤར་ཕྱོགས་སུ་འགྲོ་དགོས་པར་ཡོད་གསུངས་ཏེ་བཞེངས་ནས་གོམ་པ་བདུན་བོར་བར་མཛད་པའང་། དེ་དུས་ཀྱི་མཛད་པའི་འཕྲོ་རྣམས་ད་ལྟའི་དུས་སུ་ཁམས་ཀྱི་ཕྱོགས་འདིར་རྗེ་འདི་ཉིད་ཀྱིས་སྐྱོངས་པ་ལ་དགོངས་པར་གདོན་མི་ཟ་ཞིང་། དེར་མ་ཟད་ལྐོག་གྱུར་གྱི་ཆོས་རྣམས་ལ་སྒྲིབ་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་རིག་འཛིན་བྱང་ཆུབ་རྡོ་རྗེ་དང་། གཞོན་ནུ་དྲི་མེད་ཟླ་ཤར་སོགས་ཀྱིས་ཀྱང་གཏེར་བདག་གླིང་པའི་སྤྲུལ་པ་འཁྲུལ་མེད་དུ་ལུང་བསྟན། གཞན་ཡང་དམ་པ་འདི་ཉིད། རྩོད་བྲལ་གྱི་གཏེར་སྟོན་པདྨ་འགྲོ་འདུལ་རྩལ་གྱི་གདན་ས་རྒྱབ་སྟོད་བྲག་དཀར་དུ་ཕེབས་པའི་ཚེ། དེའི་ཐོ་རང་ཁར་རྗེ་དེ་ཉིད་ཀྱི་གཟིགས་སྣང་ལ། ཞིང་སྐྱེས་ཀྱི་ཌཱཀྐི་མ་གསལ་འདེབས་ཀྱི་ཚུལ་དུ་སྨྲས་ནས་དེར་འཕྲོ་འཇོག་པ་ཞིག་གསན་པས། གཏེར་ཆེན་གྱི་སྤྲུལ་བར་ཐུགས་ཐག་ཆོད་དེ་སྨིན་གྲོལ་གྱི་གདམས་པའང་མང་དུ་གསན། དེ་དང་མཚུངས་པར་རྫོགས་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེའི་གནས་ཡུལ་གྱི་ལུང་བྱང་ལས་ཀྱང་། གནས་འདིའི་ཉེ་ཕྱོགས་སྤྱིལ་ཆུང་བཀོད་མཛེས་ནང་། །བཻ་རོའི་རྣམ་འཕྲུལ་དྲང་སྲོང་བརྟུལ་ཞུགས་ལ། །ཞུགས་དེས་འབྲེལ་ཚད་བདེ་ཆེན་ཞིང་དུ་འདྲེན། །ཞེས་དང་། བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས་ཀྱང་། དམ་པ་འདི་ཉིད་གང་དུ་ཕེབས་པའི་ཆོས་བརྒྱུད་དང་བཅས་པའང་གསལ་བར་གསུངས་ཏེ། དེ་ལ་ཐོག་མར་སློབ་དཔོན་པདྨ་སམ་བྷ་ཝ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་སོགས་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བས་དོན་བརྒྱུད་ཀྱི་བཀའ་བབས་ཤིང་ཀློང་ཆེན་དགོངས་པའི་གསང་མཛོད་བརྡོལ་བ་གར་གྱི་དབང་ཕྱུག་རིག་འཛིན་འཇིགས་མེད་གླིང་པའམ། རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བླ་མ་དགོངས་པ་འདུས་པའི་ཆོས་ཀྱི་བདག་པོར་ལུང་བསྟན་པ་ནི། ཇི་སྐད་དུ། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུངཿ ཞེས་དང་། རྗེ་དེ་ཉིད་ཀྱི་ཐུགས་སྲས་དམ་པ་མདོ་ཁམས་ཀྱི་ཕྱོགས་སུ་བསྟན་པའི་རྒྱལ་མཚན་འཛིན་པ་གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ཡང་། དེ་ལས། ཤར་ཕྱོགས་འོད་ཟེར་མིང་ཅན་གདུང་ཤུགས་ཅནཿ ཕྲིན་ལས་རྨད་བྱུང་བློ་སྟོབས་ཤེས་རབ་ལྡནཿ ཐུགས་ཀྱི་གསང་མཛོད་རྡོལ་བའི་གདམས་པ་འཛིནཿ བསྟན་པ་སྤེལ་གྲོགས་བྱེད་པའི་སྐལ་ལྡན་འབྱུངཿ ཞེས་ཀློང་ཆེན་བརྡའ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་ཀྱི་བདག་པོ་དང་བསྟན་པ་སྤེལ་བའི་བྱེད་པོར་བསྔགས་པའི་སྐྱེས་བུ་དམ་པ་དེ་ཉིད་ལ་ཆོས་བརྒྱུད་འཛིན་པའི་སློབ་བུ་ཇི་ལྟར་འབྱུང་བའང་། རྩ་བའི་འཁོར་སློབ་གདུང་ཤུགས་ལྡན་པ་ནིཿ བུདྡྷ་མཆེད་དྲུག་རྡོ་རྗེའི་གདུང་བཞི་སྟེཿ ཤར་གྱི་ཕྱོགས་ནས་དུང་དཀར་འཁྱིལ་འདྲ་འབྱུངཿ སྙན་གྲགས་སྒྲོགས་དང་བསྟན་པ་སྤེལ་བར་བྱེདཿ ལྷོ་ཡི་ཕྱོགས་ནས་སློབ་མ་འབྱུང་འགྱུར་ཏེཿ འབྲས་ཀྱི་ཕུང་པོ་སྤུང་པ་ལྟ་བུ་ཡིསཿ འདོད་ཡོན་ཟས་ནོར་ལོངས་སྤྱོད་སྤེལ་བར་བྱེདཿ ནུབ་ནས་པདྨ་དམར་སེར་འཁྲིགས་འདྲ་བའིཿ སྒྲིབ་མེད་སྒྲུབ་ཚུག་འཛིན་པའི་སློབ་མ་འབྱུངཿ བྱང་གི་ཕྱོགས་ནས་ལྕགས་ཕུར་ལྟ་བུ་ཡིཿ མཐུ་རྩལ་ལྡན་པའི་སློབ་མ་འགའ་ཞིག་ནིཿ བསྟན་པ་འཕེལ་བྱེད་ཕྲིན་ལས་སྒྲུབ་པ་འབྱུངཿ ཞེས་སོགས་མང་དུ་གསུངས་པ་ལས། ཁྱད་པར་དུ་གྱུར་པ་རྡོ་རྗེའི་གདུང་ཆེན་བཞིའི་ནང་ཚན། ནུབ་ཕྱོགས་ནས་འབྱུང་བར་ལུང་བསྟན་པ་ནི་རྗེ་འདི་ཉིད་ཡིན་ཏེ། གང་གི་ཚེ་གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་གསང་མཚན་དུ། རིག་པའི་རྡོ་རྗེ་བཻ་རོ་ཙ་ན་རྩལ་ཞེས་འབོད་པས། མཚན་ཟུར་དང་། མཚུངས་དཔེ། འཁྲུངས་ཡུལ་སོགས་གང་གི་སྒོ་ནས་ཀྱང་འཁྲུལ་པའི་གནས་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཚད་མར་གྱུར་པའི་ལུང་གིས་གྲུབ་ཅིང་། གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་སྤྱན་ཅན་དཔྱད་གསུམ་རྣམ་པར་དག་པའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཀྱང་། བསྔགས་བརྗོད་ཀྱི་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་འགྲེམ་ཞིང་། དད་གསུམ་གྱི་རྣམ་འགྱུར་ཅིར་ཡང་ངོམས་པས་གུས་འདུད་ལྷུར་ལེན་པའི་སྐྱེས་བུ་དམ་པ་འདི་ཉིད་ནི། ཞེས་གསུངས་པ་ལྟར་རྗེས་སུ་ཆགས་པའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་ཁམས་དང་ཞིང་ཁམས་སྣ་ཚོགས་པར་སངས་རྒྱས་དང་བྱང་སེམས་ཀྱི་རྣལ་རོལ་བསམ་མི་ཁྱབ་པས་མཐའ་ཡས་པའི་འགྲོ་ཚོགས་སྨིན་པ་དང་གྲོལ་བའི་ས་ལ་བཀོད་ཅིང་། སླར་ཡང་ཡུལ་མདོ་ཁམས་ཀྱི་ལྗོངས་འདིར་གསང་ཆེན་སྙིང་པོའི་བསྟན་པ་སྤེལ་བར་བསམ་བཞིན་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་ཇི་ལྟར་བྱོན་པའི་སྐུའི་འཁྲུངས་ཡུལ་ནི། མདོ་སྨད་གླིང་དཀར་གྱི་སའི་ཐིག་ལེ་རྫ་ཆབ་སྔོན་མོ་དལ་གྱིས་འབབ་པའི་ཉེ་འགྲམ། ཡུལ་སྐྱོང་རྡོ་རྗེ་འཕན་ཕྱུག་གིས་བདག་ཏུ་བཟུང་བའི་གནས་མཆོག །མེ་ཏོག་དང་རྩི་སྨན་གྱིས་བརྒྱན་པའི་སྤང་ཐང་ཉམས་དགའ་བ་དགེ་མང་སྐམ་ཆུང་དུ་གྲགས་པའི་ནོར་འཛིན་གྱི་ལྟེ་བ་རུ། ཡབ་སྨུག་པོ་ལྡོང་གི་རིགས་ལ་བཙན་ཁ་བཞི་ཞེས་གྱེས་པའི་བྱེ་བྲག་དགེ་རྩེའི་ཨ་དོན་ཚེ་དབང་ནོར་བུ་དང་། ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཀརྨ་ཆོས་སྒྲོན་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༨༠༠པ་བོད་རབ་བྱུང་བཅུ་གསུམ་པའི་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར་སྐུ་བལྟམས། གཞོན་ནུ་ཉིད་ནས་དད་བརྩོན་སྙིང་རྗེ་ཤེས་རབ་སོགས་འཕགས་པའི་ཆོས་ཀུན་ལྷན་སྐྱེས་སུ་མངའ་བ་དང་། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གཟིགས་ཤིང་རྡོ་རྗེའི་ཆོས་སྲུང་ལུས་དང་གྲིབ་བཞིན་འགྲོགས་པ་སོགས་སོ་སོའི་སྐྱེ་བོ་ལས་རིང་དུ་འདས་པའི་མངོན་རྟགས་མཐོང་ཆོས་སུ་མངའ། དགུང་གྲངས་གསུམ་ཙམ་ན་དམ་པའི་སྐྱེས་བུ་དུ་མས་སྐྱེ་སྲིད་དུ་ལུང་གིས་བསྔགས་ཤིང་དགོན་པ་འགས་ཐོབ་ཤ་བྱས་ཀྱང་མ་བྱིན། རྗེ་ཉིད་དང་གདུང་རུས་གཅིག་པའི་མཁས་པ་ཆེན་པོ་བླ་མ་སྨོན་ལམ་དར་རྒྱས་པའི་དྲུང་ནས་ཡི་གེ་འབྲི་ཀློག་དང་བོད་ཀྱི་བརྡའ་དག་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་རྩ་འགྲེལ། གཞན་ཡང་སྙན་ངག་མེ་ལོང་དང་དཀར་རྩིས་སོགས་ཐུན་མོང་གི་རིག་གནས་ལ་སྦྱང་པས་སྐྱེས་ཐོབ་ཀྱི་མཁྱེན་རབ་ཁྱད་པར་ཅན་མངའ་བས་ཚེགས་ཆུང་ངུས་མཁྱེན། སྐུ་ན་ཅུང་ཟད་སོན་ཙམ་པའི་སྐབས་ཤིག་ན་ཁྱིམ་གྱི་རྟ་འགའ་ཨར་ཇག་གིས་བརྐུས་པའི་ར་འདའ་ལ་ཕ་ཡབ་རྒྱུག་པ་ལྔ་ལམ་དུ་བཏང་བ་དང་། རྗེ་ཉིད་ཐོག་མ་ནས་འཁོར་བའི་གནས་ལས་ངེས་པར་འབྱུང་བའི་བློ་བཅོས་མིན་མངའ་བ་བཅས་ཀྱིས་རྐྱེན་བྱས་ཏེ་ཕྱོགས་མེད་དབེན་པར་གཤེགས་འདོད་ཁོ་ན་ཐུགས་ལ་འཁྲུངས་པའི་སྐབས་ཙམ་ན། རིག་འཛིན་འཇིགས་མེད་གླིང་པའི་དངོས་སློབ་འཇིགས་མེད་རྒྱལ་བའི་མྱུ་གུས་རྫ་སྟོད་དུ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བ་དང་རྟེན་འབྲེལ་གྱི་སྒོ་འགྲིགས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་སྤྱི་དང་། ཁྱད་པར་སྐྱེས་བུ་ཆེན་པོའི་བློ་སྦྱོང་གི་སྐོར་རྣམས་ཞལ་ཁྲིད་དུ་གསན་པའི་རྐྱེན་གྱིས ་བསྐལ་བ་དུ་མར་བྱང་ཆུབ་ཀྱི་སེམས་ལ་གོམས་པའི་རིགས་ཡོངས་སུ་སད་ཅིང་། འཇིག་རྟེན་སྲིད་པའི་ཕུན་ཚོགས་རྣམས་ལ་ཐུགས་ཞེན་གཏིང་ནས་ལོག་པ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་དང་། སེམས་ཅན་ལ་བརྩེ་བ་ཤུགས་དྲག་པོ་ཐུགས་རྒྱུད་ལ་འཁྲུངས་ཏེ་འདིར་སྣང་མཐུན་འཇུག་གི་བྱ་བ་ཐམས་ཅད་རྒྱབ་ཏུ་དོར་ཏེ། ཚེ་འདིར་སྒྲུབ་པའི་རྒྱལ་མཚན་ཞིག་བཙུགས་ནས་རང་གཞན་གྱི་དོན་གཉིས་ལྷན་གཅིག་ཏུ་འགྲུབ་པ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་གོང་མ་རྣམས་ཀྱི་རྗེས་སུ་སྙོགས་པ་ཞིག་ཅི་ནས་ཀྱང་བྱེད་དགོས་དགོངས་པའི་ཐུགས་དམ་ཡང་དུ་འཁྲུངས། གླིང་གྲུབ་ཆེན་བསོད་ནམས་སྦྱིན་པའི་དྲུང་ནས་བསྟན་པ་ལ་འཇུག་པའི་སྒོ་ཡོངས་རྫོགས་དགེ་བསྙེན་གྱི་ཁྲིམས་གསན་ཞིང་ཕྱིས་སུ་སྨིན་གྲོལ་གྱི་གདམས་པ་མང་དུ་ནོས། དུས་དེ་ཙམ་ན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ་རྡོ་བླ་འཇིགས་མེད་སྐལ་བཟང་ཡུལ་དེར་ཕེབས་པས་ཐུགས་བརྩེ་ཆེན་པོས་རྗེ་གཏེར་བདག་གླིང་པའི་རྣམ་སྤྲུལ་བཀའ་འགྱུར་པ་ཆེན་པོ་མཁས་གྲུབ་བཀྲ་ཤིས་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་ནས་ཁྲི་འདོན་དང་མངའ་གསོལ་མཛད་ནས་ཁྱེད་ཀྱི་བདག་པོ་ཁོ་བོ་ལས་མེད་ཅིང་། མི་རིང་བར་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཞལ་མཇལ་དགོས་པ་དང་རྫོགས་ཆེན་དགོན་དུ་ཕེབས་དགོས་པའི་བཀའ་ལུང་བསྩལ། གཞན་ཡང་མཁས་གྲུབ་འཇིགས་མེད་ངོ་མཚར་ལས་རྙིང་མ་རྒྱུད་འབུམ་དང་། དགེ་མང་རབ་འབྱམས་པ་དགེ་ལེགས་ཡར་འཕེལ་ལས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་གསན། དགུང་གྲངས་བཅུ་དགུ་པ་ས་སྟག་ལོར་དོན་མཐུན་གྱི་གྲོགས་འགའ་ཞིག་དང་བཅས་བྲག་ཆེན་ཡར་ལུང་པདྨ་བཀོད་ཀྱི་སྒྲུབ་སྡེ་རྩ་གསུམ་མཁའ་འགྲོ་འདུ་བའི་གླིང་ཆེན་པོར་ཚེ་རབས་དུ་མའི་རིགས་ཀྱི་བདག་པོ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་མཇལ་དུ་ཕེབས། སྐུ་དངོས་མ་མཇལ་བའི་ལམ་བར་ནས་ཀྱང་འབྲལ་བ་མེད་པའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུས་ཞལ་གཟིགས་ལུང་བསྟན་གནང་བས་དགོངས་བརྒྱུད་ཀྱི་རྟོགས་པ་བརྙེས། གྲུབ་དབང་བླ་མའི་མདུན་དུ་ལོ་ངོ་གསུམ་ལ་བཞུགས་རིང་ཐུགས་ཤིན་ཏུ་བརྩེ་བས་མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་ཟབ་གསང་སྙིང་ཐིག་གོང་འོག་གི་གདམས་ཁྲིད་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཞིང་། བདག་ལ་གཞན་ཕན་བྱང་ཆུབ་སེམས་ཀྱི་བརྒྱུད་པ་ཞིག་ཡོད་པ་འདི་ཁྱོད་ཀྱིས་འཛིན་པར་རེའོ། །ཞེས་གསུངས་ནས་དོན་གྱིས་རྒྱལ་བའི་གདུང་འཚོབ་ཏུ་མངའ་གསོལ་ཞིང་མཚན་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་བཏགས་པ་སྟེ། གྲུབ་རྗེའི་གསུང་ལས། བསྐྱེད་རྫོགས་དང་སྒོམ་བཟླས་གང་བྱསཿ ཕ་རོལ་དུ་ཕྱིན་པ་དྲུག་དངཿ འབྲལ་མེད་དུ་ཉམས་སུ་ལོངས་དངཿ ཁྱོད་རང་ལ་གཞན་ཕན་མཐའ་ཡསཿ ཞེས་བྱ་ཡི་མིང་དོན་མཚུངས་བཞིནཿ ཕན་བདེ་ཡི་རྩ་ལག་ཉིད་འགྱུརཿ ཞེས་འབྱུང་འགྱུར་གྱི་ལུང་བསྟན་དང་བཅས་གསལ་བར་གསུངས། དེ་དག་གི་སྐབས་སུ་བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་ཟབ་མོས་བསྙེན་ཞིང་སྤང་དག་ལན་ལྔ་མཛད་དེ་དངོས་འབྱོར་གྱི་མཆོད་པས་མཉེས་པར་བྱས། དུས་མཚུངས་རྡོ་བླ་འཇིགས་མེད་སྐལ་པ་བཟང་པོ་ལས། དཔལ་གསང་བའི་སྙིང་པོའི་བཤད་པ་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་གདམས་ཁྲིད་ཀྱི་སྐོར་སོགས་མང་དུ་གསན། གཞན་ཡང་ཐུགས་སྲས་ཀྱི་བུ་ཆེན་རྣམས་ལས། གཏུམ་མོ་རྩ་རླུང་གི་སྐོར་འགའ་ཞིག་དང་། ན་རོ་ཆོས་དྲུག །གཅོད་ཡུལ་སོགས་ཟབ་རྒྱས་ཀྱི་གདམས་ངག་མཐའ་ཡས་པ་གསན། ལྕགས་སྦྲུལ་ལོར་གྲུབ་དབང་བླ་མ་ཞིང་དུ་གཤེགས་པས་བྱ་བཏང་རྣལ་འབྱོར་ཆེན་པོའི་སྤྱོད་པ་བསྐྱངས་ཤིང་ངེས་མེད་ཀྱི་རི་ཁྲོད་འགྲིམ་སྟེ་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པ་སྟེ། རྒྱ་རོང་བཻ་རོའི་སྒྲུབ་གནས་དང་། ཁམས་ཀྱི་རྩ་རི་ཏྲའམ་རིགས་ལྔའི་རྫོངས་སུ་གྲགས་པའི་མགུར་ཆུ་ཉི་ཟླ་ཕུག །ག་གོང་སེང་གེ་ཡང་དགོན། ཀ་ཏི་ཤེལ་གྱི་ཕུག་པ། རི་བོ་དན་ཏིག་དང་ཡང་ཏིག་ཏུ་གྲགས་པ་རྣམས་སུ་བཅུད་ལེན་དང་གཏུམ་མོའི་རྣལ་འབྱོར་གྲོགས་སུ་བརྟེན་ནས་ཟབ་གསང་བླ་ན་མེད་པའི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ཉམས་བཞེས་སྤྱི་དང་། འོད་གསལ་རྫོགས་པ་ཆེན་པོའི་གནད་ལ་རྩེ་གཅིག་ཏུ་གཞོལ་བས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་དྲོད་རྟགས་བརྙེས་ཤིང་། ཁྱད་པར་གཉུག་མའི་དེ་ཉིད་མངོན་དུ་གྱུར་པས་སྐབས་འདི་དག་ཏུ་ཉམས་དབྱངས་རྡོ་རྗེའི་མགུར་མ་ཐོལ་བྱུང་དུ་བཞེས། གཞན་ཡང་སོག་པོའི་ཡུལ་གྲུ་མཚོ་སྔོན་གྱི་ཕྱོགས་ཚུན་ཆད་དང་། རྒྱ་ནག་གླང་ཆེན་འགྱིང་རི་ཡན་ཆད་ཀྱི་གནས་རི་དང་སྒྲུབ་གནས་ཐམས་ཅད་དུ་ཕེབས་ཤིང་སྒྲུབ་པ་ཁོ་ན་མཛད་ཅིང་བཞུགས་པའི་བར་སྐབས་རྣམས་སུ་ལས་དང་སྐལ་བར་ལྡན་པའི་བུ་སློབ་འགའ་ལ་སྨིན་གྲོལ་གྱི་གདམས་པ་ཕོག་ཅིང་། དད་འདུས་ཀྱི་ཚོགས་པ་སྤྱི་ལའང་ལས་འབྲས་ཀྱི་ཆོས་མང་དུ་གསུངས་པས་གདུལ་བྱ་རྣམས་ལ་ཕན་འདོགས་པར་མཛད་ཅིང་ཁྱད་པར་རྒྱལ་མོ་རོང་གི་ཕྱོགས་ཚ་ཁོ་དང་མདོ་ཆེན་སོགས་སུ་རྗེ་འདི་ཉིད་ཀྱིས་ཕྱག་འདེབས་མཛད། སྐབས་དེ་ཙམ་ན་སྔར་གྲུབ་དབང་ཆེན་པོའི་འབྱུང་འགྱུར་གྱི་ལུང་བྱང་ལས། དེ་ཕྱིར་ན་རུ་དམ་དབེན་པར། །འདུ་འཛི་ཡི་སྤྲོས་པ་བཅད་བཞིན། །བསྐྱེད་རྫོགས་ལ་བརྩོན་པ་བསྐྱེད་ན། །གཟུགས་ཅན་དང་གཟུགས་མེད་འགྲོ་བ། །ཕལ་མོ་ཆེ་གདུལ་བྱར་འགྱུར་ཞིང་། །རང་གཞན་གྱི་དོན་གཉིས་ལྷན་གཅིག །འགྲུབ་ངེས་པ་པདྨའི་བཀར་མཚུངས། །ཞེས་སོགས་གསུངས་པ་ལ་བརྟེན་ནས། རུ་དམ་གྱི་དབེན་གནས་རྣམས་སུ་སྒྲུབ་པ་རྩེ་གཅིག་མཛད་པར་བཞེད་དེ་ཕྱོགས་འདིར་ཕེབས། རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་གྱི་དོན་ལ་དབང་འབྱོར་པ་གྲུབ་པའི་དབང་ཕྱུག་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མཇལ་ཞིང་འདུས་པ་མདོ་དབང་ཆེན་མོ་དང་། ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་དང་བཅས་པ་ཞིབ་རྒྱས་སུ་གསན། མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས་ཀྱི་ཞལ་སྔ་ནས་བསྟན་པའི་གཞི་མ་འདུལ་བ་སོ་ཐར་གྱི་རབ་བྱུང་གཞི་ཆོག་ལ་བརྟེན་ནས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་པས་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པན་གསོལ། མཁན་ཆེན་བླ་མ་འདི་ཉིད་ལས་དབུ་མ་ལུགས་ཀྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཆོ་ག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བཞེས་པ་དང་། གཞན་ཡང་སྒྱུ་འཕྲུལ་ཞི་ཁྲོ། ཡང་དག །གཤིན་རྗེ་གཤེད་དམར་ནག །ཕུར་པ་རོང་ཟོམ་པའི་ལུགས། དཀའ་འགྲེལ་འབུམ་ནག་ཏུ་གྲགས་པ་རྣམས་དང་། སྔ་ཕྱི་ཅི་རིགས་སུ། འདུས་པ་མདོ་དང་། སེམས་ཀློང་མན་ངག་གི་སྡེ་གསུམ། བཀའ་བརྒྱད་བདེ་གཤེགས་འདུས་པ། བླ་མ་དགོངས་འདུས། འདོད་འཇོ་བུམ་བཟང་སོགས་སྔ་འགྱུར་བཀའ་གཏེར་གྱི་གཞུང་རྒྱ་མཚོ་ལྟ་བུའི་རྒྱུན་ཕལ་ཆེ་བ་གསན། གཤིན་རྗེ་ཕུག་དང་ཚེ་རིང་ཕུག་སོགས་སུ་སྒྲུབ་པ་མཛད་དེ་བཞུགས་པའི་བར་སྐབས་ཤིག་ན་གྲུབ་དབང་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་རྗེ་ཉིད་ལ་གདན་ས་འདིར་བཤད་སྒྲུབ་ཀྱི་སྲོལ་ཀ་རེ་བཏོད་རྒྱུ་བྱུང་ན་ལེགས་ཚུལ་གྱི་གསུང་ནན་ཡང་ཡང་ཕེབས་པར་བརྟེན། དགུང་གྲངས་ཉེར་དགུ་བཞེས་པ་རབ་བྱུང་བཅུ་བཞི་པའི་ས་བྱི་སྟེ་སྤྱི་ལོ་༡༨༢༨པར་ལུང་རྟོགས་བསྟན་པའི་རྩ་ལག་བཤད་པའི་ཆོས་སྡེ་ཞིག་ཕྱག་འདེབས་པར་དགོངས་ཏེ་དགོན་ལས་རྒྱང་གྲགས་གཅིག་གིས་རིང་བའི་མདུན་ཐང་ཆེན་མོའི་དཀྱིལ་དབུས་མཁས་པའི་ལྗགས་སམ་ཤེས་རབ་ར་གྲའི་དབྱིབས་དང་མཚུངས་པའི་གནས་སུ་ཕེབས་ཏེ་ས་བཙལ་བ་ན་རིག་འཛིན་ཤྲཱི་སེང་ཧཱ་དང་མཇལ། སློབ་དཔོན་ཤྲཱི་སེང་ཧཱ་རྡོ་ཕ་ཝང་ཞིག་ཡོད་པའི་སྟེང་དུ་བཞུགས་ཏེ་བྱིན་རླབས་རྗེས་བཟུང་མཛད་ཅིང་མཐར་སྐུ་ལུས་མི་སྣང་བ་རྡོ་ཕ་ཝང་དུ་ཐིམ་པའི་ཤུལ་ན་སྐུ་རྗེས་མངོན་པ་དེང་སང་ཡང་མཇལ་དུ་ཡོད། གནས་འདིར་སློབ་དཔོན་གྱི་མཚན་ལས་ཤྲཱི་སེང་ཧཱའི་ཆོས་གྲྭ་ཞེས་ཐོག་མར་ཕྱག་བཏབ་ཅིང་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས་པ་ནས་གྲུབ་དབང་རྫོགས་ཆེན་པའི་རིང་ལུགས་འཛིན་པའི་ཆོས་སྡེ་ཡོངས་ཀྱིས་གཙོས་མདོ་ཁམས་ཕྱོགས་ཀྱི་སྔ་འགྱུར་བའི་བསྟན་པ་དྭངས་གཙང་པདྨའི་སྦུབས་ལྟར་བྱི་དོར་བྱུང་བ་ནས། དེང་གི་དུས་འདིར་སྔ་འགྱུར་པའི་རིང་ལུགས་འཛིན་པ་ཞེས་མཁན་ཆེན་ཞི་འཚོ་ནས་རྒྱུད་པའི་སྨད་འདུལ་སྡོམ་རྒྱུན་འཛིན་པའི་རབ་བྱུང་གི་སྡེ་ཆེན་པོས་སའི་ཁྱོན་ཡོངས་སུ་ཁེངས་པ་བདག་ཉིད་ཆེན་པོ་འདིའི་བཀའ་དྲིན་ཁོ་ན་ལས་བྱུང་བ་མངོན། རྗེ་ཉིད་ཤྲཱི་སེང་ཆོས་གྲྭའི་མཁན་རབས་གཉིས་པའི་གསེར་ཁྲིར་བཞུགས་ཏེ་གཞི་བྱེས་ཀྱི་བླ་སྤྲུལ་གྲྭ་ཚང་བཅས་བརྒྱ་སྐོར་ཙམ་ལ་མདོ་སྔགས་སྨོན་ལམ། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས་སོགས་མདོ་སྔགས་གཞུང་འགྲེལ་གྱི་འཆད་ཁྲིད་སྤྱི་དང་། ཁྱད་པར་རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་པ་གདུལ་བྱའི་བློ་དང་མཚམས་པར་ལུང་རིགས་ཀྱི་ལམ་ནས་ངེས་པ་འདྲོང་བའི་བཤད་པ་མཛད་པས་སློབ་དང་ཡང་སློབ་ཕྱོགས་བརྒྱར་འཕེལ་ཏེ་ས་བཀའ་རྙིང་གསུམ་གཙོ་བོར་གྱུར་པའི་གངས་ལྗོངས་མཐའ་དབུས་ཀྱི་བསྟན་པའི་མེ་རྩ་ཆེན་མོར་གྱུར་པ་སྟེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་རྣམ་ཐར་གསོལ་འདེབས་བྱིན་རླབས་སྣང་གཏེར་ལས། རྒྱལ་སྲས་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བ། །གཞན་ཕན་ཕ་མཐའ་ཡས་པའི་ཕྲིན་ལས་ཅན། །ཀུན་མཁྱེན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཅེས་དང་། སོ་སོར་ཐར་བ་གཞི་གསུམ་ཕྱག་བཞེས་དང་། །རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་སྲོལ་སོགས། །མདོ་སྔགས་ཤིང་རྟའི་ལམ་ཆེན་རབ་དབྱེ་བས། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས། །དགེ་འདུན་འདུས་སྡེ་ཉམས་གསོ་གསར་སྤེལ་དང་། །གསང་གསུམ་རྟེན་བཞེངས་མཆོད་སྤྲིན་སྤྲོ་བས་མཚོན། །རླབས་ཆེན་བྱ་བ་ལས་ཀྱི་འཁོར་ལོ་ཡིས། །ཕན་བདེའི་དགའ་སྟོན་སྦྱིན་ལ་གསོལ་བ་འདེབས། །ཞེས་སོགས་བསྔགས་བརྗོད་རྒྱ་ཆེར་མཛད། སྤྱིར་རྗེ་འདི་ཉིད་ཟབ་གཏེར་གྱི་སྐལ་བ་ལྡན་པའི་སྐྱེས་བུ་ཡིན་པར་གསུངས་ཏེ། དགུང་ལོ་བརྒྱད་ལ་སོན་སྐབས་དཔལ་གྱི་བསམ་ཡས་ཆོས་སྡེ་ལ་མེའི་འཇིག་པ་ཟློག་ཐབས་ཀྱི་ཟབ་གཏེར་ཁ་བྱང་ཕྱག་ཏུ་འབྱོར་ཡང་ས་ཐག་རིང་བས་ཕེབས་མ་ཐུབ་ཅིང་། ཕྱིས་བསམ་ཡས་གཙུག་ལག་ཁང་ལ་མེ་འཇིག་པ་བྱུང་བ་གསན་པས་ཐུགས་འགྱོད་ཆེན་པོ་གནང་། དེ་བཞིན་ལྷ་སར་ཆུའི་འཇིག་པ་བཟློག་པའི་ལུང་བྱང་ཡོད་པ་གཞན་ལ་སྦས་ཚུལ་གྱིས་ལྷ་ལྡན་དུ་བྱོན་ཏེ་ཕྱག་རྡོར་དྲེགས་འདུལ་གྱི་སྐུ་མཚམས་ལ་བཞུགས་པས་ཆུ་ལོག་ཆེན་པོ་བྱུང་ཡང་གནོད་པ་ཆེན་པོ་མ་ནུས་པ་སོགས་ཀྱི་རྣམ་ཐར་དང་། ཕྱིས་སུ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་ཆབ་ཤོག་གི་ལམ་ནས། སོར་མོས་མ་ཡིན་སྨྱུག་གུས་ལྟ་ཅི། །དགོངས་བརྒྱུད་ཁྲོལ་དཀའ་འཁོར་ལྔའི་མདུད་རྒྱ། །གང་གིས་གཞིག་ནུས་བཅོམ་ལྡན་ལྡན་པ། །གྲུབ་བརྒྱས་བསྟེན་པའི་བཞེས་འཕྲོ་མིན་ནམ། །སྟག་ཤམ་ཐིག་ལེའི་འཛུམ་ཆེན་དགོངས་དང་། །ཟླུམ་པོའི་མཐང་གོས་པུས་མོའི་འཆིང་ཐག །བསླབ་པའི་བཙོན་བུས་སྡོམ་པའི་གྲོགས་ལ། །རོ་མཉམ་རིག་སྔགས་ད་ནི་འདེབས་རན། །རྒྱན་དྲུག་རི་མོའི་འཕྱང་འཕྲུལ་དགོངས་དང་། །ཟླུམ་ཚལ་སྣམ་ཕྲན་རེ་དོགས་འཆིང་ཐག །བླང་འདས་བརྩི་བའི་གུ་དོག་བཙོན་ཁང་། །སྤང་བླང་མེ་སྒྱོག་ད་ནི་བརྡེག་རན། །ཐོར་ཚུགས་འཁོར་ལོའི་མཛེས་པ་དགོངས་དང་། །མགོ་རེག་བརྟུལ་ཞུགས་དཀྱིལ་འཁོར་བརྙས་བཅོས། །གསོ་སྦྱོང་སྒྲིག་བཅད་འཛིན་པའི་བཙོན་སྲུང་། །གཏད་སོའི་སྲོག་དང་ད་ནི་བྲལ་རན། །ཕ་གཅིག་པདྨའི་ཚོམ་བུའི་ཚོགས་སུ། །སྨོན་ལམ་མཐུན་པའི་སྤྱོད་པའི་བོགས་འབྱིན། །རྒྱུད་པ་ཀུན་ལ་བགོ་སྐལ་ལགས་ན། །སྟོན་མོ་རང་སྐལ་ད་ནི་བཞེས་རན། །ཞེས་སོགས་སྔགས་སྤྱོད་མཛད་ན་སྐུ་ཚེ་མཐར་ཕྱིན་པ་དང་ཟབ་གཏེར་གྱི་ཕྲིན་ལས་རྒྱ་ཆེན་འབྱུང་བར་གསུངས་ཀྱང་།ཕྱི་དུས་འདིར་སྔ་འགྱུར་ཆོས་སྡེ་ཆེན་མོར་གྲགས་པ་ཀུན་ལ་འདུལ་བསྟན་རི་མོའི་མར་མེ་ལྟར་གྱུར་ཅིང་། བསྟན་རྩ་ཆོས་འདུལ་རིན་པོ་ཆེ་རྒྱལ་བསྟན་ཡུན་དུ་གནས་པའི་གཞི་མར་དགོངས་ནས་རྗེ་ཉིད་སྐུ་ཚེ་གང་པོར་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་ཉེ་བ་འཁོར་སླར་བྱོན་པ་ལྟ་བུའི་རྣམ་ཐར་བསྐྱངས། བར་ལམ་སྦས་པའི་རྣལ་འབྱོར་འཁོས་ཆུང་གི་རྣམ་ཐར་བསྐྱངས་ཏེ་སྟོད་གངས་རི་ཏི་སེ་ནས་སྨད་རྒྱ་ནག་རི་བོ་རྩེ་ལྔ་ཡན་གྱི་དགོན་གནས་ཆོས་སྡེ་ཁག་དང་དབེན་ཁྲོད་སྒྲུབ་གནས་རྣམས་སུ་མཇལ་སྐོར་དང་གནས་འབྲེལ་ཕེབས། ཁྱད་པར་དབུས་ཕྱོགས་སུ་ལན་གཉིས་ཙམ་ཕེབས་ཤིང་བསམ་ཡས་མཆིམས་ཕུ། སྒྲགས་ཀྱི་ཡངས་རྫོང་། གངས་ཏི་སེ། དཔལ་གྱི་རྩྭ་རི་ཏྲ་སོགས་སུ་སྒྲུབ་པ་ཡུན་རིང་མཛད་ཅིང་དེ་དག་ཏུ་གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དུ་མ་མཇལ་བ་ལས་གསན་བསམ་མཐའ་ཡས་མཛད་པ་སྟེ། རྒྱུད་སྟོད་མཁན་པོ་དགེ་འདུན་དར་རྒྱས་ལས་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རིག་པའི་ཚོགས་དྲུག་སོགས་འཕགས་ཡུལ་མཁས་པའི་གཞུང་ལུགས་ཀྱི་རྒྱུན་ཡོད་དོ་ཅོག་ཐམས་ཅད་དང་། ཨོ་རྒྱན་སྨིན་གྲོལ་གླིང་གི་རྡོར་འཛིན་མཁན་པོ་འགྱུར་མེད་མི་ཕམ་དཔལ་བཟང་པོ་ལས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡོངས་རྫོགས། ལྷ་ལུང་པད་རི་སྤྲུལ་སྐུ་ལས་གཤིན་རྗེ་གདོང་དྲུག་དང་། མི་ཏྲ་བརྒྱ་རྩ་སོགས་ཀྱི་སྐོར། སྨིན་གླིང་ཁྲི་ཆེན་ལས་གཏེར་ཆེན་བཀའ་འབུམ་ཡོངས་རྫོགས། ན་ལེནྟྲའི་གཟིམས་འོག་སྤྲུལ་པའི་སྐུ་ལས་བ་རི་བརྒྱ་རྩ་དང་། སྒྲུབ་ཐབས་རྒྱ་མཚོ། ཡོངས་འཛིན་དམ་བྱམས་པ་འཕྲིན་ལས་ཡོན་ཏན་ལས། ཀྱཻ་རྡོར་རྒྱུད་དབང་དང་། ལམ་འབྲས་ཀྱི་སྐོར་སོགས་གསན་བསམ་ཕྱོགས་མེད་དུ་མཛད་ནས་ཕྱིས་སུ་རུ་དམ་གདན་ས་ནས་རྒྱལ་བའི་བཀའ་འགྱུར་གྱི་ལུང་དང་བསྟན་བཅོས་ཁག་གི་བཤད་པས་མཚོན་མདོ་སྔགས་བཀའ་གཏེར་གྱི་རྒྱུན་ཉག་ཕྲ་བ་རྣམས་ལ་འཆད་སྤེལ་བསྐྱངས་པའི་རྒྱུན་ད་ལྟའི་བར་དཀར་ནག་རྒྱ་ཡི་ཡུལ་གྲུ་ཚུན་ཡོངས་སུ་ཁྱབ་པ་བྱུང་། དུས་དེར་དཔལ་རི་སྤྲུལ་སྐུ་པདྨ་དབང་རྒྱལ་དང་སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ་སོགས་ཀྱི་བཀས་བསྐུལ་བ་ལྟར་སྔ་འགྱུར་གྱི་ཕྲིན་ཆོག་བཞུགས་སོ་འཚལ་ཀུན་ཕྱོགས་སྒྲིག་གནང་བ་སྔ་འགྱུར་བཀའ་མའི་གླེགས་བམ་ཕྱོགས་སྒྲིག་ཐེངས་དང་པོ་ཐེག་དགུའི་གྲངས་ལྡན་པར་དུ་བརྐོས་ཏེ་དབང་ལུང་གི་རྒྱུན་སྤེལ་ཚུལ་མཁན་ཆེན་པདྨ་བཛྲ་གྱི་ཞལ་སྔ་ནས་མཛད་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། སྔར་གྲུབ་དབང་བླ་མའི་གདན་སར་བཞུགས་ཡོད་པའི་སྐབས་ཤིག་ཏུ། མནལ་ལམ་ན་གཞན་ཞིག་གིས་འདི་སློབ་དཔོན་པདྨའི་གསུང་དངོས་ཡིན་ཟེར་ནས་པུ་སྟི་ཞིག་གཏད་བྱུང་བས། ཕྱི་ཉིན་མཆེད་གྲོགས་ཀུན་ལ། དེང་སང་སློབ་དཔོན་ཆེན་པོའི་གསུང་དངོས་བཀའ་མར་གྱུར་པའི་ཡིག་ཆ་ཁུང་ལྡན་འདྲ་འདིར་ཡོད་མིན་སོགས་གླེང་མོལ་མཛད་པས། ཁོང་རྣམས་ནས་མན་ངག་ལྟ་བའི་ཕྲེང་བ་རྩ་འགྲེལ་བཅས་སྔར་ཡོད་ཀྱང་། དེའི་དཔེ་སྟོར་ནས་ཡུན་རིང་སོང་ཡང་རྩད་མ་ཆོད། གཞན་དེ་འདྲ་ཅང་མེད་ཟེར་བ་ལ། རྗེའི་ཞལ་ནས། ཁོ་བོ་ལ་རྨིས་ལྟས་འདི་འདྲ་ཞིག་བྱུང་བས་ད་ལན་དཔེ་མཛོད་དུ་བཙལ་ན་རྙེད་པ་སྲིད་དམ་གསུངས་ནས། ཐམས་ཅད་ཀྱིས་བཙལ་ཀྱང་ཕྱག་དཔེའི་ཁྲོད་ནས་རྙེད་རྒྱུ་མ་བྱུང་ཞིང་། སྔར་ཆོས་ཁྲིའི་འོག་གི་ས་རྡུལ་རྣམས་ལ་གད་བརྒྱབ་པའི་ཁྲོད་ནས་ལྟ་ཕྲེང་གི་དཔེ་ཆ་ཐོན་བྱུང་བ་གཟིགས་པས་ཚིག་དོན་ཕུན་སུམ་ཚོགས་པར་འདུག་པ་ལ་ངེས་ཤེས་ཐུན་མོང་མ་ཡིན་པ་འཁྲུངས་པའི་རྐྱེན་གྱིས། རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར། ཨོཾ་སྭ་སྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །

སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི། །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི། །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི། །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་བར་བརྟེན། ལྷ་གཉེན་ཆེན་པོ་རྡོ་རྗེ་གཡུང་དྲུང་གི་རི་ཞོལ་འོག་མིན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གནྡྷོ་ལའི་ཉེ་གམ། དཔལ་སེང་གེ་རིའི་གདན་ས་འདིར། སྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་ནས་ད་ལྟའི་བར་གྱི་འདས་ལོའི་ཚུལ་ལ་བཞེད་པ་མང་དུ་སྣང་ཡང་། རང་ལུགས་ལོ་ཆེན་དྷརྨ་ཤྲིའི་རྩིས་གཞུང་ཉིན་བྱེད་སྣང་བ་ལྟར་ན། བགྲང་བྱའི་འཁོར་ལོ་ཉིས་སྟོང་དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་འདས་ཤིང་། རྗེ་ཉིད་ཀྱིས་དགུང་ལོ་བཞི་བཅུ་རྩ་གཅིག་བཞེས་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོའི་ཧོར་ཟླ་གསུམ་པ་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་དཔལ་ལྡན་ལྷ་མོ་ནག་པས་ཉ་བའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོ། གཟའ་ལྷག་པ། སྐར་མ་སྣུབས་འཕྲོད་སྦྱོར་རྒྱལ་མཚན་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་དགེ་བ་ལ་བྱ་བ་ལས་ཀྱི་འཁོར་ལོ་ཆེན་པོ་འདིར་དབུ་འཛུག་པར་མཛད་པ་ཡིན་ནོ། ཞེས་གསལ་བ་ལྟར་དང་། གཞན་ཡང་དཔལ་གསང་བ་སྙིང་པོའི་རྒྱུད་འགྲེལ་ཆེན་མོ་རྣམས་དང་ཀུན་མཁྱེན་རོང་ཟོམ་པའི་གསུང་འབུམ་སོགས་ཆེས་ཉམས་པར་ཕངས་པའི་གསུང་རབ་དུ་མ་དབུས་གཙང་གི་ཕྱོགས་ནས་སྐུ་ངལ་ཆེན་པོས་འཚོལ་སྡུད་མཛད་ཅིང་པར་དུ་བརྐོས་ནས་བཤད་ལུང་གི་རྒྱུན་སྤེལ་བ་སོགས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་ལ་སྨན་པའི་མཛད་པ་མཐའ་ཡས་པ་བསྐྱངས་ཚུལ། མཁྱེན་བརྩེའི་དབང་པོས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། ཐུབ་བསྟན་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག །སྔགས་གཞུང་སྤྱི་དང་ཁྱད་པར་སྔ་འགྱུར་ཏེ། དེ་ཉིད་སྤྱི་དང་ཁྱད་པར་བཀའ་མའི་གཞུང་། དྲི་མེད་ཕྱོགས་བརྒྱར་སྤེལ་ལ་གསོལ་བ་འདེབས། ཞེས་ཚད་མར་གྱུར་པའི་གསུང་གིས་བསྔགས་བརྗོད་ཡང་ཡང་མཛད་པ་ལྟར་དང་། ཞལ་སློབ་མཁས་གྲུབ་གཉིས་ལྡན་གྱི་བརྒྱུད་འཛིན་པ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་པདྨ་བཛྲ། ཞེ་ཆེན་མ་ཧཱ་པནྚི་ཏ་མཐུ་སྟོབས་རྣམ་རྒྱལ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ། ལྷ་ལུང་པད་རི་སྤྲུལ་སྐུ། རྒྱལ་རོང་དབོན་སྤྲུལ། པད་གླིང་བརྒྱད་པ་ཀུན་བཟང་བདེ་ཆེན་རྡོ་རྗེ། རྡོ་བྲག་རིག་འཛིན་ཆེན་པོ་སོགས་བགྲངས་ཀྱིས་མི་ལངས་པ་བྱུང་བ་དང་། ཕྱི་རབས་བསྟན་པའི་བཙས་སུ་གསང་བ་སྙིང་པོའི་སྤྱི་དོན་དང་། ཞི་ཁྲོའི་དཀའ་འགྲེལ། སུམ་རྟགས་ཀྱི་འབྲུ་འགྲེལ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་གི་གནས་གསལ་བར་བྱེད་པའི་ལེགས་བཤད་ལྗགས་རྩོམ་མཛད་པ་ཐམས་ཅད་ཐོག་མར་བཀའ་བསྡུ་མ་གྲུབ་པ་དང་དུས་དབང་གིས་འཐོར་བ་སོགས་ཀྱིས་ཚང་བར་མི་བཞུགས་ཤིང་། གང་བཞུགས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བསྟན་པ་སླར་གསོའི་སྐབས་འདིར་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་འཁོད་ཅིང་། དེ་ཉིད་གཞིར་བཞག་ཐོག་གསར་དུ་འབྱོར་བ་ཁག་གིས་ཁ་བསྣོན་དང་བཅས་ཏེ་རྗེ་ཉིད་ཀྱི་གསུང་གི་ཕྲིན་ལས་མི་ནུབ་སྲི་ཞུའི་ལྷག་པའི་བསམ་པས་རང་ཉིད་ཀྱིས་ལན་གྲངས་དུ་མ་ཞུས་དག་དང་སྐོར་ཚོ་བདུན་དུ་ཕྱེས་ཤིང་ཆོས་ཚན་གྱི་གོ་རིམ་འཆོལ་བ་ལེགས་པར་སྒྲིག་ཏེ་ཚར་གྲངས་སྟོང་ཕྲག་འགའ་དཔེ་དེབ་ཏུ་བསྐྲུན་པའི་སྐལ་བ་བྱུང་། དེ་ལྟར་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་སྟེ་ཚུལ་དགུ་ཡོན་ཏན་གྱི་གཏེར་མཛོད། གསང་ཆེན་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་ཞེས་བསྟན་པའི་སྒྲོན་མེ་འགྲོ་བའི་དེད་དཔོན་ཉག་གཅིག་ཏུ་བྱོན་ཡང་སྙིགས་དུས་འགྲོ་བའི་བསོད་ནམས་ཀྱི་མཐུ་ཞན་པས་སྐུ་ཚེ་དང་མཛད་པ་མཐར་མ་ཕྱིན་པར་དགུང་གྲངས་ལྔ་བཅུ་རྩ་དྲུག་བཞེས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ལོར་སྐུ་གཤེགས་སོ། རྗེ་འདི་ཉིད་སྔ་འགྱུར་པའི་བསྟན་པ་སྤྱི་དང་ཁྱད་པར་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ལ་ཐུགས་བསྐྱེད་མཛད་འཕྲིན་འགྲན་ཟླ་དང་བྲལ་ཞིང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཉིད་ཞལ་བཞུགས་སྐབས་གདན་ས་ཆེན་མོའི་མཆོག་གི་རྡོ་རྗེ་སློབ་དཔོན་གྱི་གསེར་ཁྲིར་མངའ་དབང་བསྒྱུར་བར་མཛད་པ་དང་། ཕྱིས་ཀྱི་སྐུ་ཞབས་རིམ་བྱོན་ལ་བསྟན་བདག་མཆོག་སྤྲུལ་རྣམ་གསུམ་ཞེས་གྲགས་པའི་ཡ་གྱལ་གསེར་ཁྲི་གསུམ་པར་འདྲེན་པ་སོགས་རྒྱུ་མཚན་དུ་མས་སྐབས་འདིར་དོན་ཐོབ་ལྟར་གདན་རབས་སུ་བཀོད་པ་ཡིན་ལ། གཞན་ཡང་གྲུབ་དབང་བཞི་པ་ཞིང་དུ་གཤེགས་རྗེས་དཔོན་སློབ་བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ་ནས་བསྟན་སྲིད་ཀྱི་ཐུགས་འགན་བཞེས་པར་གྲགས་ཀྱང་ཕྲིན་ལས་དེ་ཙམ་མ་རྒྱས་ཤིང་། དཔལ་སྤྲུལ་རིན་པོ་ཆེ་དང་མཁན་ཆེན་པདྨ་བཛྲ་རྣམ་གཉིས་ནས་བཤད་སྒྲུབ་ཀྱི་བསྟན་པའི་ཐུགས་འགན་བཞེས་ཏེ་གྲུབ་དབང་ལྔ་པ་སོགས་ལ་མན་ངག་གི་བརྒྱུད་པ་སྤེལ་བའི་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པ་བྱུང་ན་ཡང་། སྐུ་ཚེ་ཧྲིལ་པོར་བྱ་བཏང་དུ་བཞུགས་ཏེ་བསྟན་སྲིད་ལ་གཟིགས་གཏོགས་མ་མཛད་པས་གདན་རབས་སུ་མ་བཀོད་པའི་ཚུལ་ཡང་མཁྱེན་པར་འཚལ་ལོ། །

གདན་རབས་དགུ་པ། རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ནི།

གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བསྟན་འཛིན་འཇིགས་མེད་དབང་པོ་མཆོག་ནི། རྩོད་བྲལ་སྤྲུལ་བའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་ཨོ་རྒྱན་ཆེན་པོའི་གསང་བའི་བརྡ་ལུང་གིས་བསྟན་པ་ཉིད། བཀའ་བབ་བདུན་ལྡན་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་གསལ་བར་བྱས་པ་ལས། བཱི་མ་མི་ཏྲ་ཁམས་ཀྱི་ལྷོ་ཕྱོགས་སུ༔ སྤྲེལ་ལོ་དྷརྨ་བཛྲའི་མིང་ཅན་འབྱུང༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་གྱུར་ན༔ སྙིང་པོའི་བསྟན་ལ་བྱ་བ་མཆོག་ཏུ་བྱེད༔ ཅེས་དང་། ལྐོག་ཡིག་སྙིང་བྱང་ཐུགས་ཀྱི་ཆ་ལག་ལས། སྤྲེལ་ལོར་དྷརྨ་བཛྲ་ཞེས་བྱ་འབྱུང༔ རུ་དམ་ལུང་ལ་བསྟན་པའི་སྲོག་ཤིང་བཙུགས༔ བཤད་དང་སྒྲུབ་པའི་བསྟན་པ་རྒྱ་ཆེར་སྤེལཿ ཞེས་སོགས་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་ལྷ་བླའི་བརྟག་ལུང་ཐམས་ཅད་གཅིག་ཏུ་མཐུན་པར། སྤྱི་ལོ་༡༨༧༢པ་སྟེ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ལོར། སྐུ་ཕྲེང་དང་པོའི་འཁྲུངས་ཡུལ་དང་གཅིག་པར་ཁམས་ཀྱི་རི་བོ་ཆེའི་ཕྱོགས་སུ་ཡབ་མགོན་པོ་རྒྱལ་དང་། ཡུམ་བསོད་ནམས་གཡང་མཚོ་གཉིས་ཀྱི་སྲས་སུ་བཀྲ་ཤིས་ངོ་མཚར་གྱི་མཚན་མ་བརྒྱ་ཕྲག་དང་བཅས་མཚན་དཔེའི་འདབ་སྟོང་གསར་དུ་གྲོལ། ཐོག་མ་ཉིད་ནས་བྱང་ཆུབ་ཀྱི་སེམས་དང་སྐྱེས་ནས་ཐོབ་པའི་ཤེས་རབ་སོགས་རྒྱལ་བའི་སྲས་ཀྱི་མངོན་རྟགས་མཐའ་ཡས་པ་མེ་ཏོག་དང་དྲི་བསུང་བཞིན་ལྷན་སྐྱེས་སུ་མངའ། དགུང་གྲངས་བཞི་ལ་སོན་པ་འཛིན་བྱེད་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་གི་ལོའི། སྟོན་པ་ཐུབ་པའི་དབང་པོས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་མུ་སྟེགས་ཀྱི་སྡེ་ཚོགས་ཕམ་པར་མཛད་པའི་བཀྲ་ཤིས་ཀྱི་ཟླ་བ། ཨོ་རྒྱན་ཆེན་པོས་དཔལ་གྱི་བསམ་ཡས་མཆིམས་ཕུར་ལྷ་སྲིན་དབང་དུ་བསྡུས་ནས་ཟབ་མོ་གཏེར་གྱི་གཉེར་བྱང་གཏད་ཅིང་བོད་ཡུལ་གཏེར་གྱིས་བཀང་བའི་དུས་ཆེན་ཡར་ངོའི་ཚེས་བཅུའི་སྔ་ཆར། ཀུན་ཕན་ཉིན་བྱེད་ཀྱི་དཀྱིལ་འཁོར་ཤར་རིའི་རྩེ་མོར་མངོན་པར་འཕགས་པ་དང་མཉམ་དུ་ཞབས་ཟུང་རྩིབས་སྟོང་གི་འཁོར་ལོ་རུ་དམ་གདན་ས་ཆེན་མོར་ཐོག་མར་བཀོད་ཅིང་། དེ་ན་གནས་པའི་སྐྱེ་བོའི་རུ་ཚོགས་ཕྲེང་བསྒྲིགས་ཤིང་གདུགས་དང་། རྒྱལ་མཚན། འཕན་འཕུར་བཅས་སྣ་ཚོགས་པའི་དར་དང་། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྫས་རྟགས་བརྒྱད་སོགས་མཆོད་པའི་ཡོ་བྱད་མཐའ་ཡས་པ་མ་ཚང་བ་མེད་པ་ཐོགས་ཏེ་གཙུག་ལག་ཁང་ཆེན་མོ་ཐུབ་བསྟན་ཡོངས་སུ་འདུས་པའི་དགའ་ཚལ་དུ་སྤྱན་དྲངས། དཔོན་སློབ་སྐུ་རབས་བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ་དང་། མཁན་ཆེན་པདྨ་བཛྲ། ཞེ་ཆེན་པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་རོང་མཆོག་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ་སོགས་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་དང་། སྡེ་དགེ་ཆོས་རྒྱལ་ཆེན་མོའི་གཉེར་ཆེན་དཔོན་འཁོར། ཆབ་མདོ་རྒྱལ་བ་མཆོག་གི་ཞལ་སྔ་ནས་དྲུང་འཁོར་ལྷན་རྒྱས་གཙོས་ལྷ་མིའི་སྡེ་ཚོགས་ཀུན་ཀྱིས་འཇིགས་མེད་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། ལྔ་རིག་མཁས་པའི་དབང་ཕྱུག་སྡེ་སྣོད་འཛིན་པ་མང་པོས་ཕུན་སུམ་ཚོགས་པ་ལྔ་དང་འབྲེལ་བའི་མནྜལ་གྱི་རྣམ་བཤད་དང་། མདོ་རྒྱུད་གཞུང་ལུགས་ཀྱི་ཚོགས་གཏམ་སྣ་ཚོགས་སྤེལ་ཏེ་མཁས་པའི་བསླབ་གྲལ་མཛེས་པར་བྱས་པ་དང་། དེ་མཚུངས་མང་འགྱེད་དངོས་འབུལ་སོགས་ཕུན་སུམ་ཚོགས་པའི་གཏོང་བའི་སྒོ་འཕར་ཡངས་པོར་ཕྱེས་ཏེ། སྡེ་འབངས་དགྱེས་པའི་སྟོན་ཆེན་ཉིན་འགར་བཤམས་ནས་ཐམས་ཅད་སྤྲོ་དགའི་དཔལ་ལ་བཀོད། དེ་ནས་རིམ་པར་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། གར་དབང་བློ་གྲོས་མཐའ་ཡས་སོགས་ལས་ཐུན་མོང་གི་གཙུག་ལག་སྒྲ་ཚད་བཟོ་གསོ་ནས། ཐུན་མིན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དྲུག་གི་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ་གསན་བཞེས་མཛད། རྗེ་གོང་མའི་ཐུགས་རིག་གསལ་བས་བརྩོན་པ་ཆེན་པོའི་སྦྱང་པ་ལ་མ་ལྟོས་པར་རྟོགས་པའི་ཀློང་བརྡོལ་བས་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་མོར་མངའ་དབང་མཛད། ཁྱད་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གཙུག་གི་རྒྱན་གཅིག་ཏུ་བསྟེན་ནས་སྨིན་གྲོལ་ཉམས་ཁྲིད་ཀྱི་ཟབ་ཆོས་སྤྱི་དང་། བྱེ་བྲག་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཐིག་གོང་འོག་གི་གདམས་གནད་ཐམས་ཅད་ཆིག་རྫོགས་སུ་བསྩལ་བས། ཡིད་དཔྱོད་རྩོལ་ཞེན་གྱི་འཕྲང་ལ་མ་ལྟོས་པར་ས་ལམ་གདན་ཐོག་གཅིག་ཏུ་གཅོད་པའི་གྲུབ་བརྙེས་ཡིད་བཞིན་གྱི་རྒྱལ་སར་ཕེབས་ཏེ། ནམ་མཁར་བྱ་བཞིན་འཕུར་བ་དང་། སྒྲུབ་གཏོར་འོད་དུ་ཞུ་ནས་བདུད་རྩིར་གྱུར་པ། ཐོད་སྣོད་ལས་སྨན་རཀ་ཁོལ་བ། ཉི་མ་རྟོད་ལ་མནན་པ། བུམ་པ་བར་སྣང་དུ་བཞག་པ། བུམ་ཆུ་ཟད་མེད་དུ་བསྒྱུར་བ། ཞབས་རྗེས་རྡོ་ལ་མངོན་པ། སྐུ་གཟན་ཉི་ཟེར་ལ་འགེལ་བ། མྱ་ངམ་གྱི་ཐང་ལས་ཆུ་གཏེར་བཏོན་པ། ཤང་ཁྲག་རས་དཀར་དུ་བྱུགས་ནས་དྲིལ་ཏེ་གནང་བ་ཕྱིས་ཞལ་ཕྱེས་ཚེ་ཨོ་རྒྱན་ཆེན་པོའི་ཐང་སྐུར་གྱུར་ཅིང་རིང་བསྲེལ་གྱིས་གང་བ་སོགས། ངོ་མཚར་གྲུབ་རྟགས་ཀྱི་མཛད་པ་ཕལ་པའི་བློའི་ཡུལ་ལས་རྣམ་པར་འགོང་པ་སྣ་ཚོགས་པ་མཐུན་སྣང་མཐོང་ཆོས་སུ་བསྟན་པ་དང་། དངོས་ཉམས་འོད་གསལ་གྱི་སྣང་ཆར་དཔལ་རི་པདྨ་འོད་གླིང་དུ་རིག་འཛིན་འདུས་པའི་ཚོགས་གྲལ་དུ་ལན་གཉིས་སུ་ཕེབས་པ་སོགས་དག་པའི་སྣང་ཆ་འབའ་ཞིག་འབྱམས་སུ་ཀླས། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གཟིགས་པས་སྐབས་དེའི་མདོ་ཁམས་སྟོད་སྨད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཕལ་མོ་ཆེ་རྡོ་རྗེའི་ལུང་གིས་གཟེངས་སུ་བསྟོད་པ་དང་། རང་དགོན་དུ་བདེ་ཀོང་མཁྱེན་གསུམ་གྱི་ཡང་སྲིད་ངོས་འཛིན་གནང་སྟེ་སྐུ་དྲུང་དུ་སྐུ་བདག་མཛད། དེ་བཞིན་འབྱུང་འགྱུར་གྱི་ཆོས་སྣ་ཚོགས་པ་ཆགས་ཐོག་མེད་པར་མཁྱེན་པའི་སྔོན་ལུང་གནང་བའི་རྣམ་ཐར་བགྲངས་ལས་འདས་པ་དང་། གཞན་འཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ཆེ་ཇི་ལྟར་བསྡུས་པའི་ཚུལ་ནི། དབུས་འགྱུར་ཆོས་ཀྱི་ཞིང་སར་སྔ་ཕྱིར་ལན་གཉིས་ཕེབས་ཤིང་། དེ་དག་གི་སྐབས་སུ་རིས་མེད་ཆོས་སྡེ་ཀུན་ལ་མཆོད་འབུལ་མང་འགྱེད་སོགས་ཟང་ཟིང་གི་དངོས་པོའི་མཆོད་སྦྱིན་རྒྱ་ཆེར་སྤེལ་ཞིང་། དཔལ་གྱི་བསམ་ཡས་སུ་ཕེབས་སྐབས་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་པ་ལ་ཆོས་སྐྱོང་ཐོག་བབ་ཀྱིས་ཅི་བཅོལ་ཕྲིན་ལས་སྒྲུབ་པའི་གཡར་དམ་བཅས་ཤིང་རོལ་ཆེན་པེ་ཧར་དགྱེས་གླུ་རྟེན་སྐལ་དུ་ཕུལ། གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པས་བཀའི་ཆབ་ཤོག་དང་གསེར་ཐམ་སོགས་ཆེན་པོར་འོས་པའི་ཡོ་བྱད་སྣ་ཚོགས་པའི་གནང་སྐྱེས་དང་བཅས་དབུགས་དབྱུང་གཟེངས་བསྟོད་རྨད་དུ་བྱུང་བ་མཛད། དེ་བཞིན་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཀྱི་སྣང་བས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་ཅིང། ཁྱད་པར་གདན་ས་ཆེན་མོ་གང་དུ་སྔར་ཡོད་ཀྱི་སྒྲུབ་སྡེ་པ་བཅུ་གསུམ་དེ་བཅུ་ཕྲག་གསུམ་གྱི་གྲངས་སུ་སྤེལ། དཔྱལ་གྱི་བྲག་དཀར་ལ་ཚེ་སྒྲུབ་རྒྱུན་མཚམས་པ་བཅུ་གསུམ་ཡོད་པའི་སྒྲུབ་སྡེ་གསར་དུ་བཏབ། ཤྲཱི་སེང་གི་ཆོས་གྲྭར་རྒྱུན་བཞུགས་ཀྱི་བཤད་གྲྭ་བ་སྔར་ཡོད་ཀྱི་སྟེང་བཅུ་ཕྲག་ལྔ་རུ་སྤེལ་བ་དང་། གང་གི་ཐུགས་བསྐྱེད་ཀྱི་མཐུས་བསྐུལ་ཏེ་མཁན་ཆེན་གཞན་དགའ་རིན་པོ་ཆེས་གཞུང་ཆེན་བཅུ་གསུམ་རྒྱ་མཆན་གྱིས་འགྲེལ་པ་དང་། འཇམ་མགོན་མི་ཕམ་རིན་པོ་ཆེས་རང་ལུགས་དྲི་མ་མེད་པ་གཙོར་འདོན་གྱིས་དགོངས་འགྲེལ་བསྟན་བཅོས་སྣ་ཚོགས་པ་ལྗགས་རྩོམ་མཛད་ཅིང་དེ་དག་པར་དུ་བསྐྲུན་པ་དགོན་ཡར་མར་གཉིས་སུ་པར་ལྡེབ་ཁྲི་ཕྲག་བཅུ་ལས་མི་ཉུང་བ་གསར་བཞེངས་མཛད། བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་དར་བར་མཛད་པའི་མཐུ་ལས་ཕྱོགས་ཀྱི་བུ་དགོན་ཉིས་བརྒྱ་ལྷག་ཏུ་འཕེལ་ཞིང་། གཉུག་མར་གནས་པའི་འདུས་སྡེ་ཞལ་གྲངས་སྟོང་ཕྲག་ལས་བརྒལ་བར་གྱུར། གཞན་ཡང་སྟོང་མཆོད་ཀུན་བཟང་མཆོད་སྤྲིན་དང་། མགོན་ཁང་དབང་དྲག་རོལ་པ། ལྷ་གསར་ཐོག་བརྩེགས་ལྔ་པ་སོགས་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས། དེ་མཚུངས་ལོ་དར་གྱི་དུས་མཆོད་བཀའ་གཏེར་ཆུ་བོ་ཟུང་འབྲེལ་གྱི་མཆོད་ཁག་བརྒྱད་ཅུ་ཐམ་པ་དང་། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ཚེ་གཡང་ཁ་སྤྲོད་དུ་སྒྲུབ་པ་ལས་ཀྱི་ཁ་ཚར་དང་བཅས་པ། ཕུར་ཆེན་དགྲ་བགེགས་ཀུན་སྒྲོལ་སྨད་ལས་གར་འཆམ་དང་བཅས་པ། མཐའ་དམག་འདུལ་བའི་གཉེན་པོ་འཛམ་གླིང་གེ་སར་རྒྱལ་པོ་དཔའ་ཐུལ་ཕུ་ནུའི་འཁོར་ཚོགས་དགྲ་བླ་རླུང་རྟའི་ལྷ་ཚོགས་དང་བཅས་པའི་གར་འཆམ་གསར་འཛུགས། གསོལ་ཁ་གྲ་ཚང་བརྒྱད་ཅུས་སྔ་དགོང་རྒྱུན་ཆགས་སུ་སྐོང་གསོལ་ཆད་མེད་དང་། མར་མེ་ཚེ་འབར་གྲངས་མེད་རྒྱུན་འཛུགས་གནང་བ་སོགས་རྣམ་དཀར་དགེ་བའི་སྒོ་འཕར་རྒྱ་ཆེ་བ་མང་པོ་གསར་དུ་ཕྱེས། དམ་པ་གང་གི་གསུང་གི་བདུད་རྩིས་དབུགས་དབྱུང་ཐོབ་པའི་ཞལ་སློབ་གྲུབ་པའི་ས་མཐོར་གཤེགས་ཤིང་མཁས་པའི་ཡང་རྩེར་སོན་པ་གྲངས་ལས་འདས་པ་བྱོན་ཞིང་གཙོ་བོའི་མཚན་ཙམ་སྨོས་ན། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ། རྫོང་སར་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས། རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ། རྡོ་གྲུབ་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་། ཀཿཐོག་སི་ཏུ་རིན་པོ་ཆེ། གླག་བླ་བསོད་ནམས་ཆོས་འགྲུབ། གཡག་ཟེའི་འཇའ་ལུས་བསོད་ནམས་རྣམ་རྒྱལ། དིལ་མགོ་མཁྱེན་སྤྲུལ་རབ་གསལ་ཟླ་བ། མི་ཕམ་སྤྲུལ་སྐུ་དགུ་རོང་རྒྱལ་སྲས། ཉི་གྲགས་མཆོག་སྤྲུལ་རིན་པོ་ཆེ། ཀཿཐོག་མཁན་པོ་ངག་ཆུང་། བྱ་བྲལ་སངས་རྒྱས་རྡོ་རྗེ། དཔལ་ཡུལ་གྲུབ་དབང་སྤྲུལ་སྐུ། ཀཿཐོག་རྨོག་ཚ། བ་ཐུར་མཁན་ཆེན་ཐུབ་དགའ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན་དང་ནོར་བུ་བསྟན་འཛིན། རང་དགོན་གྱི་མཁན་སྤྲུལ་བརྒྱད་ཅུ་ལྷག་བཅས་བསྟན་པ་འཛིན་པའི་སྐྱེས་ཆེན། རྟོགས་པ་བརྙེས་པའི་གྲུབ་མཆོག གཞུང་ལུགས་འཆད་པའི་མཁན་པོ་སོགས་གྲངས་ལས་འདས་པ་བྱོན་ཞིང་དེ་དག་རེ་རེས་ཀྱང་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་བསྐྱངས་པས་མི་རིགས་སྐད་རིགས་མི་གཅིག་པའི་འཛམ་གླིང་ཆོས་ལྡན་གྱི་ཡུལ་གྲུ་མང་པོར་གང་གི་ཕྲིན་ལས་ཀྱི་གདུགས་དཀར་ཡངས་པོས་ཁྱབ་པར་གྱུར། མཐར་དགུང་གྲངས་དྲུག་ཅུ་རེ་གཅིག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་རྟག་འཛིན་ཅན་གྱི་སྐྱེ་བོ་དག་མཐའ་བཞིའི་བསྡུས་པའི་ཆོས་ལ་ངེས་པ་འབྱུང་ཕྱིར་སྐུ་ཚེ་དེའི་འགྲོ་དོན་མཐའ་རུ་ཕྱིན་ཏེ་རེ་ཞིག་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །

གདན་རབས་བཅུ་པ། མཁན་ཆེན་པདྨ་བཛྲ་གྱི་ཡང་སྲིད་མཁན་སྤྲུལ་བདེ་མཆོག་རྡོ་རྗེ་ནི།

སྤྱི་ལོ་༡༨༩༨པ་རབ་བྱུང་བཅོ་ལྔ་པའི་ས་ཁྱི་ལོར་བོད་དབུས་གཙང་བྱང་ཁུལ་ནག་ཆུ་ལྷ་རུ་སྒང་དུ། གླིང་དཔའ་ལ་མི་སྤྱང་དཀར་པོའི་རིགས་རྒྱུད་དུ་གྲགས་པ་ལྷ་བླའི་གདུང་རིགས་བར་མ་ཆད་པ་བྱོན་པའི་སྔགས་བཙུན་ཞིག་གི་སྲས་སུ་སྐུ་བལྟམས། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་ཡུལ་དབུས་ལྷ་ལྡན་དུ་ཆིབས་བསྐྱོད་གནང་བཞིན་པའི་ལམ་བར་ནས་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པས་གློ་བུར་དུ་མཁྱེན་པའི་ཚུལ་གྱིས། བདག་གི་བླ་མའི་ཡང་སྲིད་གནས་འདིར་འཁྲུངས་འདུག་ཅེས་རྗེ་ཉིད་ཀྱིས་ལམ་ཁྲིད་མཛད་དེ་འབྲོག་ཁྱིམ་ཞིག་ཏུ་ཕེབས། ཁྱིམ་དེར་བཙས་ནས་རིང་པོར་མ་ལོན་པའི་བྱིས་པ་ལ་མགུལ་དར་བསྒྲོན་ཏེ་མཁན་ཆེན་པདྨ་བཛྲ་གྱི་ཡང་སྲིད་སྐུ་ཕྲེང་གཉིས་པར་ངོས་འཛིན་སྐུ་བདག་མཛད། གྲུབ་དབང་ཉིད་རིམ་པར་དབུས་ཕྱོགས་སུ་ཆིབས་ཞལ་བསྒྱུར་ཅིང་སྤྲུལ་བའི་སྐུ་ཡབ་ཡུམ་དང་ཞབས་འབྲང་པ་འགའ་ཞིག་བཅས་མྱུར་བར་རྫོགས་ཆེན་གདན་སར་ཕེབས་དགོས་པའི་གསུང་བཀོད་དང་བཅས་ཕྱིར་བརྫངས། རིང་མིན་རྗེ་ཉིད་དབུས་ཕྱོགས་ནས་གདན་སར་ཞབས་སོར་འཁོད་པ་དང་རིགས་བདག་བླ་མ་རྣམ་གཉིས་ཀྱི་རྣམ་རོལ་ཏེ། ཡང་སྲིད་འདི་ཉིད་དང་། འཇམ་དབྱངས་མཁྱེན་བརྩེའི་ཐུགས་སྤྲུལ་གུར་དགའ་ཟུང་གསེར་ཁྲིར་མངའ་གསོལ་ནས་རྫོགས་ཆེན་བླ་བྲང་རང་དུ་རྒྱུད་འཛིན་པར་སྐུ་བདག་མཛད། དབུ་སྐྲ་གཙུག་ཕུད་བཞེས་པའི་མཚན་ལ་བདེ་མཆོག་རྡོ་རྗེ་ཞེས་གསོལ། སྡོམ་བརྩོན་དཀོན་མཆོག་གྲགས་པ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ནས་སོ་ཐར་འདུལ་བའི་སྡོམ་རྒྱུན་ཕྱོགས་དང་ཕྱོགས་སུ་སྤེལ་ཞིང་བཙུན་པའི་ཚད་དུ་གྲགས། སྐྱབས་རྗེ་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་གི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་གྱི་དབང་ཁྲིད་མན་ངག་གི་རྒྱུན་གང་བཞུགས་ཐམས་ཅད་མ་ཚང་བ་མེད་པ་གསན་ནས་ཐུགས་ཉམས་སུ་བཞེས། ཕུར་ཚའི་མཁན་པོ་ཨ་དཀོན་དང་། འཇམ་མགོན་མི་ཕམ། མཁན་ཆེན་གཞན་དགའ་སོགས་ཡོངས་འཛིན་དུ་མའི་ཞབས་པད་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་མཛད་པས་མཁན་སྤྲུལ་བདེ་མཆོག་རྡོ་རྗེ་ཞེས་མཚན་དུ་གྲགས་པ་བྱུང་ཞིང་། ཕྱིས་སུ་གཞུང་ལུགས་ཆེན་མོ་ཁག་ལ་འཆད་ཁྲིད་དང་ཚིག་དོན་རྨད་དུ་བྱུང་བའི་ལྗགས་རྩོམ་ཡང་གང་མང་གནང་། གྲུབ་དབང་ལྔ་པ་ཆེན་པོ་དང་བདེ་ཀོང་རྣམ་གཉིས་བཅས་རྣམ་པ་གསུམ་པོ་བླ་བྲང་གཅིག་ཏུ་མཉམ་བཞུགས་མཉམ་བྱོན་གྱིས་སྤྱི་དང་བྱེ་བྲག་གི་བསྟན་པ་མཐའ་རྒྱས་སུ་སྤེལ་བས། མཁན་སློབ་ཆོས་གསུམ་ཞལ་འཛོམས་ལྟ་བུའོ་ཞེས་ཕྱོགས་ཀུན་ཡོངས་སུ་གྲགས། རྗེ་འདི་དགུང་གྲངས་སོ་བརྒྱད་ནས། གྲུབ་དབང་ལྔ་པ་ཞིང་དུ་གཤེགས་པས་བསྟན་སྲིད་ཀྱི་ཐུགས་འགན་ལོ་གྲངས་བདུན་ལྷག་ལ་བཞེས་ཤིང་། དུས་དེར་ཚོགས་ཆེན་ལྷ་ཁང་སོགས་ལ་མེ་འཇིག་ཆེན་པོ་བྱུང་བ་ཐམས་ཅད་བསྐྱར་གསོ་སོར་ཆུད་མཛད་པ་དང་། ཁྲི་དར་རྒྱས་བྱམས་ཆེན་ཆོས་གླིང་སོགས་ཕྱོགས་ཀྱི་བུ་དགོན་ཁག་ལ་ཞབས་ཀྱིས་བཅགས་ཏེ་དབང་ཁྲིད་མན་ངག་གི་རྒྱུན་སྤེལ། དེ་ལྟར་བསྟན་འགྲོའི་ལེགས་མཛད་དར་རྒྱས་སུ་སྐྱོང་བཞིན་པའི་སྐབས། ནག་པོའི་རྩ་ལག་སྟོབས་སུ་བདོ་བའི་ཕྲག་དོག་ངན་སྦྱོར་གྱི་བར་ཆད་ཀྱིས་སྐུ་ཚེ་མཐར་མ་ཕྱིན་པར་རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་ལོར་ཞིང་དུ་གཤེགས་སོ། །རྗེ་འདི་དགོངས་པ་རྫོགས་ནས་སྐུ་རབས་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་གསེར་ཁྲིར་མ་འཁོད་ཀྱི་བར་གྱི་དུས་མཚམས་འདིར་ཕྱག་མཛོད་བཟོད་པ་མཆོག་ནས་བསྟན་སྲིད་ལ་ཞབས་འདེགས་ཟླ་མེད་མཛད་པ་ཙམ་ལས་གདན་ཚབ་སྐྱེས་ཆེན་གཞན་སུའང་མ་བྱུང་བར་མངོན་ནོ། །

གདན་རབས་བཅུ་གཅིག་པ། གྲུབ་དབང་སྐུ་རབས་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ནི།

རྫོགས་ཆེན་སྐུ་རབས་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་ཉིད་ནི། ལྷོ་ཕྱོགས་དཔལ་གྱི་ཙཱ་རི་ཏྲ་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་མཆོག་ཏུ། རྗེ་གོང་མའི་ལུང་བསྟན་ལས། ཁྱད་པར་གནས་མཆོག་དཔལ་གྱི་བསམ་ཡས་ཀྱི། །བྱང་ནས་བྱང་དུ་བསྙེགས་པའི་གྲོང་ཁྱེར་དུ། །ཐབས་ཤེས་ཨི་ཨུར་ཞུགས་པའི་མིང་ཡིག་དང་། །པུནྱ་དྷེ་ཝ་ཞེས་གྲགས་གཙང་མའི་རིགས། །ཞུགས་དང་བལྟམས་པའི་མཚན་ལྟས་གསར་དུ་ངོམས། །སྐྱེ་ཀུན་འབྲེལ་བའི་ལྷ་མཆོག་དྲེགས་པའི་རྗེ། །མཐུ་ཆེན་སྲུང་མའི་དབང་པོ་སྡེ་བཞི་ཡི། །མི་འདའ་རྡོ་རྗེ་ཐ་ཚིག་གཉན་པོ་ཡིས། །མི་རིང་གདན་ས་འཛིན་པའི་དཔལ་དུ་ཤར། །ཞེས་དང་། རྫོགས་ཆེན་སྤྲུལ་སྐུ་དྲི་མེད་སོགས་དམ་པ་དུ་མའི་བསླུ་མེད་རྡོ་རྗེའི་ལུང་བྱང་མང་པོ་ནས་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྔགས་པ་ལྟར། ཡབ་གྲུབ་དབང་གོང་མའི་ཐུགས་སྲས་མཁས་ཤིང་གྲུབ་པ་བརྙེས་པའི་རིག་སྔགས་འཆང་ཆེན་པོ་ཨ་གྲོ་ངག་དབང་ནོར་བུ་དང་། ཡུམ་མཁའ་འགྲོའི་མཚན་ལྡན་དཔལ་གྱི་ཙཱ་རི་ཏྲ་པ་ཚེ་རིང་ཆོས་སྒྲོན་གྱི་རིགས་སྲས་སུ་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་སྐུ་འཁྲུངས། མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ་མངའ་གསོལ། སྐུ་བྱིས་པའི་དུས་ནས་མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་བརྡ་དང་རྟགས་ཙམ་གྱིས་མཁྱེན་ཞིང་། ཡོངས་འཛིན་མཁན་ཆེན་པདྨ་ཚེ་དབང་ཆེད་དུ་བསྐོས་པ་ལས་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པ་དུས་ཡུན་རིང་པོའི་ངལ་བ་ལ་མ་ལྟོས་པར་དགོངས་དབྱིངས་སུ་ཆུབ་པ་བྱུང་། སྐུ་ནར་ཅུང་ཟད་སོན་སྐབས་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འཇིགས་མེད་རྟ་མགྲིན་མགོན་པོ་དུས་ཀུན་འབྲལ་བ་མེད་པར་ཡོངས་འཛིན་དུ་བཞུགས་པའི་ཞལ་སྔ་ནས་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་དང་། ཀློང་ཆེན་མཛོད་བདུན། སྙིང་ཐིག་ཡ་བཞི་སོགས་མན་ངག་ཟབ་ཁྲིད་ཀྱི་སྐོར་གསན་བཞེས་མཛད་དེ་ཉམས་རྟོགས་ཚད་དུ་འཁྱོལ། དགུང་ལོ་བརྒྱད་པར་དམ་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས་ཐོག་མར་དགེ་འདུན་འདུས་པ་སྟོང་ཕྲག་མང་པོ་འཚོགས་པའི་བུམ་སྒྲུབ་ཆེན་མོའི་དབུ་བཞུགས་མཛད་དེ་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་ཤིང་། དགུན་གྲང་བའི་སྒང་ཡིན་ཡང་དབྱར་གྱི་རྔའི་སྒྲ་ལྡིར་ཞིང་ཨུག་ཆོས་མེ་ཏོག་བཞད་པ་སོགས་ལྷར་བཅས་ཆེ་དགུའི་གཙུག་གིས་བཏུད་པའི་ངོ་མཚར་བའི་ལྟས་དུ་མ་དང་བཅས་མཆོག་གི་རྡོ་རྗེ་སློབ་དཔོན་དུ་ཁྲིར་ཕེབས། རྡོ་རྗེ་ཐེག་པ་རང་གཞུང་ནས་ཇི་ལྟར་འབྱུང་བ་བཞིན་དེ་ཉིད་བཅུ་དང་རང་བཞིན་བརྒྱད་སོགས་ཡོན་ཏན་དང་མཚན་ཉིད་ཐམས་ཅད་མ་ཚང་བ་མེད་པས་སྐལ་ལྡན་ལས་ཅན་འདུས་པ་དང་པོའི་འཁོར་གྱི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དགུང་ལོ་བཅུ་ནས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིགས་ཀྱི་བདག་པོར་བཀུར་ཞིང་རྫོང་སར་དུ་སྔ་རྗེས་ཐེངས་བཞིར་ཕེབས་ནས་རྒྱུད་སྡེ་ཕྱི་ནང་དང་སྔ་འགྱུར་བཀའ་གཏེར་གྱི་སྨིན་དབང་མ་ཚང་པ་མེད་པ་གསན། ཉི་སྤྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ་ལས་ཉི་གྲགས་གཏེར་ཆོས་ཆ་ཚང་བ། རྫོགས་ཆེན་གླིང་རྒན་རིན་པོ་ཆེ་ཐུབ་བསྟན་བཤད་སྒྲུབ་ཕྲིན་ལས་རྒྱ་མཚོ་ལས་གྲུབ་དབང་གོང་མ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་བརྒྱུད་པའི་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་དབང་། གཞན་ཡང་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། འཁྲུལ་ཞིག་ཀུན་དགའ་དཔལ་ལྡན། རྒྱ་རོང་ནམ་སྤྲུལ། མཁན་ཟུར་ཐུབ་བསྟན་སྙན་གྲགས། མཁན་ཟུར་པདྨ་ཚེ་དབང་། རྫ་ལྕང་མའི་མཁན་པོ་ཐུབ་དགའ། མུ་ར་པདྨ་ནོར་བུ། དགེ་བའི་བཤེས་གཉེན་ཚུལ་ཁྲིམས་བློ་གྲོས། ཡབ་རྗེ་ངག་དབང་ནོར་བུ། འབྲི་གུང་གཏེར་ཆེན་སོགས་དམ་པ་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས་གསར་རྙིང་རིས་སུ་མ་ཆད་པའི་ཆོས་བཀའ་རྒྱ་མཚོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ཉམས་སུ་བཞེས། ཡི་དམ་སོ་སོའི་བསྙེན་སྒྲུབ་མཐར་ཆགས་སུ་མཛད་པས་སྒྲུབ་རྟགས་མངོན་དུ་གྱུར། སྒོམ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པས་གདུལ་བྱ་ཐུན་མོང་གི་སྣང་ངོར་རྡོ་ལ་ཞབས་རྗེས་བཞག་པ་དང་། ན་བཟའི་དུམ་བུ་ཙམ་གྱིས་ཀྱང་ནད་མཚོན་གྱི་འཇིག་པ་འགོག་པ། གཞན་སྣང་དབང་དུ་བསྡུ་བའི་ཏིང་འཛིན་གྱིས་སྡེ་བརྒྱད་ལས་ལ་འདུ་བས་ཅི་བཅོལ་གྱི་ཕྲིན་ལས་སྒྲུབ་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་ངོ་མཚར་བ་བསམ་གྱིས་མི་ཁྱབ། དགུང་ལོ་བཅུ་བདུན་ནས་བསྟན་སྲིད་ཀྱི་ཐུགས་འགན་བཞེས་ཏེ་རླབས་ཆེན་རྟེན་བཞེངས་ཀྱི་མཛད་པའི་དབུ་བརྩམས། ཆོས་ཁྲིམས་དར་གྱི་མདུད་པ་སྡོམ་གསུམ་གནང་བཀག་གི་བཅའ་ཁྲིམས་ལ་གཞི་བཟུང་བ་སོགས་མཛད་ཕྲིན་ནམ་མཁའི་ཕྱོགས་མཐར་བརྡལ་བས་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་བུ་དགོན་སུམ་བརྒྱར་ཉེ་བ་སྤེལ། དགུང་ལོ་ཉི་ཤུ་པར་དབུས་སུ་ཕེབས་ནས་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་སྐུ་གསུང་ཐུགས་རྟེན་དང་། ལྷ་ཁང་། དགོན་སྡེ། སྒྲུབ་གནས། མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་ལ་སོགས་པར་མཆོད་འབུལ་བརྟན་བཞུགས་དང་འབྲེལ་ཐུབ་བསྟན་དར་ཞིང་རྒྱལ་ཁམས་བདེ་བའི་ཐུགས་སྨོན་མཛད། གོང་ས་ཐམས་ཅད་མཁྱེན་པ་རྒྱལ་མཆོག་བཅུ་བཞི་པ་མཆོག་ནས་མ་ཧཱ་པཎྜི་ཏ་ཨེར་ཏི་ནི་ཧོ་ཐོག་ཐུ་ཞེས་པའི་མཚན་གནས་ཀྱི་ཅོད་པཎ་གསོལ་ཏེ་ཆེན་པོར་འོས་པའི་ཡོ་བྱད་སྣ་ཚོགས་པས་ཆོས་སྲིད་ཀྱི་ཁྲི་འཕང་མཐོན་པོར་གཟེངས་སུ་བསྟོད་པ་བདག་གིར་བཞེས། འདིའི་དུས་ཆོལ་གསུམ་བོད་ཁམས་ཀྱི་དགོན་ཡུལ་བསྟན་འཛིན་ཕལ་མོ་ཆེ་ཞལ་ཕྱི་གླིང་དུ་ཕྱོགས་པའི་སྒང་ཡིན་ཡང་རྒྱལ་དང་སེམས་དཔའི་མཛད་སྤྱོད་དགོས་པ་ཁྱད་པར་ཅན་གཞན་ལ་གཟིགས་ནས་སླར་གདན་ས་རང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། ཕེབས་ལམ་གྱི་གཙང་དབུས་ཁམས་གསུམ་གྱི་དགོན་ཁག་དང་ཆོས་སྡེ་ཚང་མར་སྐུ་འགྱེད་དང་། གསོལ་འདྲེན། རྟེན་བཞག་སོགས་གྱ་ནོམ་པའི་ལེགས་འབུལ་བསྟབས་པ་ལས་གཞན་སྨོན་ལམ་དང་ཐུགས་དམིགས་རྣམ་པར་དག་པས་ཕྱི་ཕྱག་མཛད། གདན་སར་ཞབས་སོར་བཀོད་ནས་སྔར་ཉམས་རྒུད་དུ་ཕྱིན་པའི་རྟེན་གསུམ་དང་དུས་མཆོད་བསྐྱར་གསོ་གནང་། དགུང་ལོ་ཉེར་གཅིག་པར་ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་ཞལ་སྔ་ནས་བསྙེན་པར་རྫོགས་ཏེ་ཕྱི་སོ་སོར་ཐར་པ་འདུལ་བ་རང་གཞུང་ལྟར་ཉེས་ལྟུང་གནང་བཀག་གི་གནས་ཕྲ་མོས་ཀྱང་མ་གོས་ཤིང་། ནང་བྱང་སེམས་རྒྱལ་སྲས་ཀྱི་སྤྱོད་པས་འགྲོ་བ་ཡོངས་ལ་མ་གཅིག་པུའི་བུ་ལྟར་ཐུགས་རྗེའི་འཇུག་པ་མི་འདོར་ཁར། གསང་བ་དམ་ཚིག་རྣམ་པར་དག་པས་རིམ་གཉིས་རྣལ་འབྱོར་གྱི་དབང་ཕྱུག་སྡེ་གསུམ་ཀློང་དགུའི་ཤིང་རྟ་ཆེན་པོར་གྲུབ་པའི་རྒྱལ་སར་གཤེགས། མདོར་ན་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ལེགས་པར་ཕྱུག་ཅིང་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པས། དཀར་ནག་རྒྱ་ཡི་ཡུལ་གྲུ་བརྒལ་བའི་འཛམ་གླིང་ཤར་མཐའི་ས་ཆ་ཚུན་ལ་མཚན་སྙན་གྱི་གྲགས་པས་ཁྱབ་པར་གྱུར་ཏོ། །དེ་ལྟ་ན་ཡང་འབྱོར་བའི་མཐའ་མ་རྒུད་པ་དང་། འདུས་པའི་མཐའ་མ་འབྲལ་བ་སོགས་གཅིག་ཏུ་བརྟན་པ་མིན་པའི་འདུས་བྱས་ཀྱི་ཆོས་ལ་གདུལ་བྱ་མཐའ་དག་སྐྱོ་བ་བསྐུལ་བའི་དགོངས་བཞེས་སྙིང་པོར་བཟུང་སྟེ། དགུང་ལོ་ཉེར་བཞི་པར་གོང་དུ་སྨོས་པའི་བསྟན་པ་སྤྱི་དང་བྱེ་བྲག་གི་སྔ་ཕྱིའི་དོན་ཆེན་ལ་དགོངས་པའི་བསྟན་དགོན་ཉམས་པ་སླར་གསོ་སོགས་ཀྱི་ཕྱག་ལས་གང་འཚམས་གྲུབ་འཕྲོས་ཀྱི་བླ་བྲང་དཀོར་མཛོད་ཀྱི་ནོར་རྣམས་ཆ་བཞིར་བགོས་ཏེ། ཆ་གཅིག་རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་མདོ་སྔགས་ཀྱིས་འཛིན་སྲུང་སྤེལ་བར་བྱེད་པའི་བསྟི་གནས་གང་དུ་འཁོད་པའི་དགེ་འདུན་པ་རྣམས་ལ་བླ་ན་མེད་པའི་བཀུར་སྟིས་བསྙེན་བསྲིང་བའི་ཆ་རྐྱེན་དང་། རྒྱལ་བཀའ་རིན་པོ་ཆེ་དང་གཟུངས་སྔགས་ཁྱད་པར་ཅན་དག་ཉིན་ཞག་མང་པོར་ཐུན་སྦྲེལ་གྱིས་ཞལ་འདོན་དུ་བསྒྲགས་པའི་སྐུ་ཡོན་དུ་ཕུལ། ཆ་གཅིག་མར་མེ་འབུམ་ཕྲག་མང་པོ་གཙོ་བོར་བྱས་པའི་མཆོད་སྤྲིན་རབ་འབྱམས་སྤྲོས་པས་དཀོན་མཆོག་མཆོད་པ་དང་། གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབྲེལ་བའི་ཚོགས་ཀྱི་འཁོར་ལོ་འབུམ་ཕྲག་མང་པོས་ཉམས་ཆགས་བསྐང་ཞིང་སྡིག་སྒྲིབ་སྦྱོང་བའི་ཆོ་གའི་རིམ་པ་སོགས་རྒྱལ་ཁམས་བདེ་བའི་བསྟན་པ་སྤྱིའི་ཞབས་རིམ་སྒྲུབ་པའི་ཆེད་དུ་བཏང་། ཆ་གཅིག་ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་དགེ་འདུན་པར་སྐུ་འགྱེད་དང་། དབུལ་ཕོངས་དང་ནད་པ་མགོན་མེད་རྣམས་ལ་རྒུད་སྐྱོབ་ཏུ་བསྩལ་བས་གཏོང་བ་ཆེན་པོའི་མཆོད་སྦྱིན་གྱི་སྒོ་འཕར་རྒྱ་ཆེན་པོ་དབྱེ་བར་མཛད། ཆ་གཅིག་བཤད་སྒྲུབ་ཀྱི་གྲྭ་ཚང་ཁག་དང་། སྒྲུབ་པའི་མཆོད་ཁག་གི་གསོལ་ཕོགས་དང་མཆོད་རྫས་འཕར་མའི་རྟེན་རྩར་ཞལ་འདེབས་སུ་ཕུལ་ཞིང་། སླར་ཡང་སྐུ་རབས་དྲུག་རིང་གི་འཚོགས་འཛུགས་ཀྱི་རྟེན་རྩའི་ཟང་ཟིང་འབོར་ཆེན་དེ་དག་དགེ་འདུན་པ་ཡོངས་ལ་འོས་བསྟུན་གྱིས་ཕྱིར་བགོ་བཤའ་མཛད། སྔར་མཇལ་བར་དཀའ་བའི་རྟེན་གསུམ་དམ་བསྒྲགས་མ་ཀུན་ཀྱང་འདི་དུས་ཞལ་ཕྱེས་ཏེ་ཁྲོམ་དབང་དུ་བསྐུར། ཆོས་སྲིད་ཀྱི་བཀའ་འབངས་སུ་མཆིས་པའི་སེར་སྐྱ་མཆོག་དམན་ཕོ་མོ་རྒན་གཞོན་ཀུན་བསྡུས་ནས་ཚེ་འདི་དང་ཕྱི་མར་ཕན་པའི་ལུགས་གཉིས་ཀྱི་བསླབ་བྱ་དམ་ཆོས་ཀྱི་སྙིང་པོ་ཅན་དག་རྣ་བའི་བདུད་རྩིར་བསྩལ། གཞོན་པར་ཚེ་འགུག་དང་། རྒན་པར་འཕོ་བའི་གདམས་པ་ཕོག་སྟེ། ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་ཚོགས་པའི་རྟེན་འབྱུང་གིས་ཕྱི་མར་ཚོམ་བུ་གཅིག་ཏུ་མཇལ་བའི་ཐུགས་སྨོན་མཛད། ལོ་དེའི་སྟོན་ཀར་ཆབ་སྲིད་སློབ་སྦྱོང་དུ་བསྙད་དེ་གྲུབ་དབང་མཆོག་གི་དབུས་བླ་སྤྲུལ་ཆེ་གྲས་དཔོན་འཁོར་རྣམས་སྡེ་དགེའི་རྫོང་མཁར་དུ་ཕེབས་ཞུས་ལྟར་ཟླ་བ་བཞི་ལྷག་ལ་བཞུགས། དེ་ནས་ཕྱིར་རྫོགས་ཆེན་དུ་སྐྱོན་འདོན་ངོས་ལེན་གྱི་ཆེད་དུ་ཕེབས་དགོས་པའི་བཀའ་བཀོད་བྱུང་། སྡེ་དགེ་ནས་ཞབས་བཏེགས་པའི་ནང་མོ་བླ་བྲང་གི་གཉེར་གཞོན་ཉེ་གནས་པ་བསོད་རྒྱལ་ལ་ཁྱོད་ཀྱིས་ཕྱིན་ཆད་སྤྲུལ་སྐུ་སྐལ་བཟང་འདི་བདག་སྐྱོང་ལེགས་པོ་བྱོས་དང་འུ་ཅག་མྱུར་དུ་འཕྲད་ཡོང་ཞེས་ཞལ་བགོས་ནན་མོ་མཛད། དེ་ལྟར་སྔོན་དང་ཕྱི་མའི་མཐའ་ལ་གཟིགས་པ་རྣམ་པར་དག་ཅིང་མ་འདྲེས་པའི་རྣམ་ཐར་རྒྱལ་བའི་སྲས་ཀྱི་དགོངས་སྤྱོད་རྨད་དུ་བྱུང་བ་དག་ལ་སྔར་ནས་གོམས་པའི་མཛད་པ་ཉི་མའི་ཟེར་བཞིན་འགག་མེད་རང་ཆས་སུ་གསལ་བཞིན། དགུང་ལོ་ཉེར་ལྔ་པ་རབ་རྒྱལ་ས་ཕག་ཧོར་ཟླ་དང་པོའི་ཚེས་གཅིག་གི་སྲོད་ལ་ཕྱི་རོལ་འགལ་རྐྱེན་གྱི་རྣམ་པར་བརྟེན་པའི་ཚུལ་གྱིས་སྐུ་དངོས་ཀྱིས་གདུལ་བར་བྱ་བའི་མཛད་པ་རེ་ཞིག་རྫོགས་ཏེ་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་བསྡུས། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་དབུས་ཤུལ་ལུས་པ་སྐྱ་སེར་རྣམས་ཀྱིས་རྫ་ཉིན་ཁྲོམ་བཟའི་ས་ཆ་སྒོའི་བྲག་ལུང་མདོར་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ། དུས་དེར་ནམ་མཁའ་མཐིང་ཞུན་ལྟར་གཡའ་དག་པའི་ངོས་ཀུན་ཏུ་སྤྲིན་དཀར་གྱི་འཇའ་རིས་སྲབ་མོའི་སྐུ་གཟུགས་དང་ཕྱག་མཚན་བཀྲ་ལམ་མེ་མངོན་པ་དང་། ཨ་ཡིག་རང་བྱོན་དོད་པའི་དབུ་ཐོད་དང་ཐུགས་ལྗགས་སྤྱན་གསུམ་མེས་མ་རྨས་པར་བསོད་ནམས་ཀྱི་རྟེན་དུ་བསྩལ་ཅིང་། ཡུང་འབྲུ་ལྟ་བུའི་རིང་བསྲེལ་ཀྱང་མང་དུ་བྱོན་པ་བཅས་ཐ་མའི་མཛད་པ་མཐོང་ཞིང་ཐོས་པ་དག་ཀྱང་རྣམ་གྲོལ་ཞི་བའི་གོ་འཕང་ལ་དབུགས་འབྱིན་པའི་ས་བོན་ཐེབ་པར་མཛད། ཟླ་དེའི་ཚེས་བརྒྱད་ཉིན་གྱི་ནུབ་མོ་ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་འོད་གསལ་ཡེ་ཤེས་ཀྱི་སྣང་ཆར། རྗེ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༔ དྲིན་འཁོར་མེད་མཚོ་སྐྱེས་རྡོ་རྗེ་ལ༔ སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས༔ བློ་བསམ་དོན་ཆོས་བཞིན་འགྲུབ་པར་ཤོག༔ ཤར་ཆུ་འཛིན་དཀར་པོའི་འོག་ཤེད་ན༔ སྙིང་དམར་པོའི་དྭངས་བཅུད་ཐིགས་པ་ཞིག༔ མིང་དྷྭ་ཛ་ཏཱ་རེའི་སྐྱེད་ཁྱིམ་དུ༔ ཡ་མཚན་གྱི་ཐིག་ལེར་སྨིན་པའི་ཚུལ༔ སེམས་དགའ་སྐྱོ་འདྲེས་པའི་སྣང་ཉམས་སུ༔ འལ་འོལ་གྱི་ཀུན་རྟོག་ཐོལ་ཐོལ་སྐྱེས༔ སྙིང་དམར་པོའི་བཅུད་དུ་རྒྱས་བཏབ་སྟེ༔ དུས་རེ་ཞིག་སྤིར་གྱི་ཁ་བཞིན་སྡོམས༔ ཞེས་པའི་ཡང་སྲིད་རིན་པོ་ཆེ་ངོས་འཛིན་གྱི་བརྡ་བྱང་ཕྱག་བྲིས་མཛད་དེ་རྗེ་ཉིད་ཀྱི་སྐུ་ཚ་བསོད་ནམས་སྟོབས་ལྡན་གྱི་ལག་ཏུ་གཏད་པར་མཛད་དོ། །

གདན་རབས་བཅུ་གཉིས་པ། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་ནི།

དེ་ཡང་ཨོ་རྒྱན་སངས་རྒྱས་གཉིས་པ་མཚོར་འཁྲུངས་པདྨ་ཀ་ར་ངུར་སྨྲིག་འཛིན་པ་དགེ་སྦྱོང་གི་རྣམ་རོལ་ཏུ་བྱོན་པར་ཚད་མའི་ལུང་གིས་བསྔགས་ཤིང་། དུས་འདིར་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་གཞིར་བཞེངས་སུ་སློང་བ་ལ་ཐུགས་བསྐྱེད་དམ་བཅའི་མཐུ་གྲུབ་པའི་ཕྲིན་ལས་དུས་བབ་ཀྱི་སྐྱེས་བུ་ཆེན་པོ། བདག་ཅག་གི་སྐྱབས་གཅིག་མཚུངས་མེད་སྨིན་གྲོལ་འཁོར་ལོའི་མགོན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའམ་ཆོས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་ནི། བསིལ་ལྡན་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་བོད་ཆེན་པོའི་ལྗོངས་ཀྱི་བྱེ་བྲག་མདོ་ཁམས་སྒང་དྲུག་ལས། འབྲི་རྫ་ཟལ་མོ་སྒང་གི་ཆར་གཏོགས་པ་ལྷ་གཉན་ཆེན་པོ་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་རྩལ་གྱིས་བདག་ཏུ་བཟུང་ཞིང་རྫ་ཆབ་གཡུ་འབྲུག་སྔོན་མོ་ཤར་ཕྱོགས་སུ་དལ་གྱིས་འབབ་པའི་སྟོད་རྒྱུད། སེམས་དཔའ་ཆེན་པོ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁས་པའི་ཁྱུ་མཆོག་འཇམ་མགོན་མི་ཕམ་རྣམ་རྒྱལ་སོགས་མཁས་དང་གྲུབ་པའི་སྐྱེས་མཆོག་བརྒྱུད་མར་བྱོན་ནས་བྱིན་གྱིས་བརླབས་པའི་གནས་བྱང་སྡེ་རྫ་ཆུ་ཁའི་ཡུལ་གྲུ་ལས་དགེ་རྩེ་འགབ་མར་གྲགས་པའི་སའི་ཆ། འབྲོག་ཐང་མེ་ཏོག་གི་དོ་ར་ཉམས་དགའ་བ་ཉི་མའི་གདན་ཐོག་ཏུ་འབོད་པའི་ནོར་འཛིན་གྱི་ཐིག་ལེ་ཡངས་པ་རུ། ཡབ་དཔའ་བོའི་རིགས་རྒྱུད་མ་ཆད་ཅིང་ཕོ་རྩལ་སྣ་དགུ་ལ་བྱང་ཆུབ་པ་ཧོར་ཤུལ་འཇིགས་མེད་དོན་གྲུབ་དང་། ཡུམ་གྲུབ་པའི་རིག་འཛིན་རྫོགས་ཆེན་ཨ་གྲོ་བསོད་ཆོས་ཀྱི་སྲས་མོ་ནོར་གཡང་ཞེས་པ་ལྗགས་ལ་ཨ་ཡིག་རང་བྱོན་ཡོད་པའི་མཁའ་འགྲོའི་མཚན་ལྡན་དེ་ཉིད་ཀྱི་རིགས་སྲས་སུ། བོད་རབ་བྱུང་བཅུ་དྲུག་པའི་ཉི་མ་ཞེས་པ་ཆུ་ལུགས་ཏེ་སྤྱི་ལོ་༡༩༤༣ལོའི་ཟླ་བ་༦པའི་ཚེས་༦ཉིན་ཆབ་ཟངས་འོ་མར་འགྱུར་པ་དང་། བདུད་རྩིའི་སྦྲང་ཆར་སིབ་སིབ་ཏུ་བབ་ཅིང་འཇའ་འོད་ཀྱི་གུར་ཁང་ཕུབ་པ་དང་བཅས་སྐུ་བལྟམས། ཐོག་མར་ལྷུམས་སུ་ཞུགས་པའི་ཚེ་ནའང་སྲུ་མོའི་རྨི་ལམ་དུ་ཤེལ་དཀར་གྱི་མཆོད་རྟེན་འོད་ཟེར་འཕྲོ་བ་ཞིག་སྦྲ་ཐོག་ཏུ་བབ་པ་དང་། ཁོར་ཡུག་ཀུན་ཏུ་སྔར་དུས་མཐོང་མྱོང་མེད་པའི་མེ་ཏོག་གི་ཚོམ་བུ་བཞད་པ་སོགས་དགེ་བའི་མཚན་མ་སྣ་ཚོགས་མངོན་པར་ཤར་ཞེས་ཡུལ་དེར་ཡོངས་སུ་གྲགས། སྐུ་ཞང་མུ་ར་སྤྲུལ་སྐུ་པདྨ་ནོར་བུ་མཆོག་ནས་པདྨ་སྐལ་བཟང་ཞེས་མཚན་གསོལ། དགུང་གྲངས་ལྔ་ལ་སོན་སྐབས་སྐུ་གོང་མ་བདེ་མཆོག་རྡོ་རྗེ་དང་བླ་བྲང་གཅིག་ཏུ་བཞུགས་ཤིང་ཐུགས་ནང་ཤིན་ཏུ་མཐུན་པའི་རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེ་རྫ་ཆུ་ཁར་ཆིབས་བསྐྱོད་གནང་བ་ཧོར་ཤུལ་དཔོན་ཚང་དུ་ཁྱིམ་ཕེབས་མཛད། དེ་དུས་ཆུང་སྲིད་རིན་པོ་ཆེ་ནས་ཀོང་སྤྲུལ་རིན་པོ་ཆེའི་ཞལ་རས་མཇལ་མ་ཐག་སྔར་འདྲིས་ཀྱི་གྲོགས་པོ་ལྟར་སྤྲོ་འཛུམ་དང་བཅས་སྐུ་པང་དུ་བཞུགས་པ་དང་། ཁྱད་པར་གོང་མའི་ཕྱག་ཤན་ཀོང་སྤྲུལ་རིན་པོ་ཆེའི་སྐུ་སྐེད་དུ་དཔྱངས་པ་ངའི་རེད་ཅེས་ངོས་འཛིན་མཛད་པས་དེར་ཡོད་དཔོན་སློབ་ཀུན་ཡ་མཚན་པའི་ངང་ཡང་སྲིད་འཁྲུལ་མེད་དུ་ངེས་ཤེས་རྙེད། དེ་ནས་རིང་པོ་མ་ལོན་པར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། སྤྲུལ་སྐུ་དྲི་མེད་སོགས་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་ཚད་མའི་སྐྱེས་ཆེན་རྣམས་ཀྱི་རྡོ་རྗེའི་བརྟག་ལུང་ལས་བསྟན་པའི་ཡབ་ཡུམ་དང་འཁྲུངས་ཡུལ་གྱི་མཚན་སྒྲ་སོགས་གཅིག་མཐུན་བྱུང་བ་བཞིན་གསང་ཆེན་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲ་རྩལ་གྱི་ཡང་སྲིད་གསུམ་པར་ངོས་འཛིན་གནང་བ་དང་། རྫོགས་ཆེན་བོད་པ་སྤྲུལ་སྐུ་རྫ་ཆུ་ཁར་ཆེད་ཕེབས་མཛད་ནས་ངུར་སྨྲིག་གི་ན་བཟའ་ཐོག་མར་གསོལ་ཏེ་སྐུ་བདག་མཛད། དགུང་ལོ་བདུན་ནས་རྫ་སྟོད་ལྕང་མའི་ཆོས་སྒར་དུ་རྫོགས་ཆེན་མཁན་པོ་ཆོས་འབྱོར་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡིག་རྩིས་ལ་བསླབ་སྦྱང་མཛད་ཚེ་སྐྱེས་ཐོབ་ཀྱི་ཤེས་རབ་ཟླ་དང་བྲལ་བས་ཚེགས་ལ་མ་ལྟོས་པར་མཁྱེན་ཅིང་ཆུབ་པ་བྱུང་། དགུང་གྲངས་བཅུ་ལ་སོན་སྐབས་སྐུ་ཞང་རྫ་མུ་ར་སྤྲུལ་སྐུ་པདྨ་ནོར་བུས་དབུས་ཡབ་ཡུམ་དཔོན་འཁོར་ཉི་ཤུ་ལྷག་དང་བཅས། གསང་ཆེན་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་དྲུག་གི་ཡ་གྱལ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཆིབས་ཞལ་ཕྱོགས་ཤིང་། དུས་དེར་གདན་ས་ཆེན་མོ་ནས་རྟ་ལམ་ཉི་མ་ལྔའི་རིང་ཕེབས་བསུ་རིང་ཐུང་གསུམ་གྱི་བླ་གྲྭ་སེར་སྐྱ་སྟོང་ཕྲག་འགའ་ཡིས་བསུ་མ་དང་། དར་གདུག་རྒྱལ་མཚན་ཐོགས་པའི་སེར་ཕྲེང་གཟབ་རྒྱས་ཀྱིས་མདུན་བསུས་ཏེ་ཕོ་བྲང་ཁམས་གསུམ་ཟིལ་གནོན་གྱི་ཡང་ཐོག་གཟིམ་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་གྱི་ཚོམས་ཆེན་དུ་སྤྱན་དྲངས། བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་གྱི་རྣམ་རོལ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། ལྕེ་བཙུན་སེངྒེ་དབང་ཕྱུག་དང་ཀུན་མཁྱེན་འཇིགས་མེད་གླིང་པ་ཟུང་དུ་འཇུག་པའི་རྣམ་རོལ་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་རྣམ་གཉིས་ཀྱིས་དབུས་མཁན་སྤྲུལ་འདུས་པ་ཡོངས་ཀྱིས་མི་འཇིགས་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་ཀོང་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙུག་ཕུད་བཞེས་ནས་རྫོགས་ཆེན་བླ་བྲང་དུ་སྐུ་བདག་མཛད། ཉིན་དེར་ཉི་ཟླ་སྐར་གསུམ་དུས་གཅིག་ལ་ཤར་བ་དེར་འདུས་ལྷ་མིའི་ཁྲོམ་ཚོགས་ཀུན་ཀྱིས་གསལ་བར་མཐོང་བས་དགེ་ལེགས་བཀྲ་ཤིས་ཀྱི་མཚན་མ་བཟང་པོས་ཟླ་མེད་མཛད་ཕྲིན་གྱི་སྒོ་མོ་ཡངས་པར་ཕྱེས་སོ་ཞེས་ཕྱོགས་ཀུན་ཏུ་ཐམས་ཅད་གླེང་། གདན་སར་ཕེབས་པའི་ཉིན་འགའི་རྗེས་སྐུ་ཞང་མུ་ར་རིན་པོ་ཆེ་ནས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་དོན་གྱི་རྒྱལ་ཚབ་མཁན་པོ་ལྷ་སྒང་ངམ་པདྨ་ཐེག་མཆོག་བློ་ལྡན་ཞེས་སྐུ་ཚེ་གང་པོར་རུ་དམ་གཤིན་རྗེ་སྒྲུབ་ཕུག་ཏུ་རྫོགས་པ་ཆེན་པོ་ཉམས་བཞེས་མཛད་དེ་ཆོས་ཉིད་ཟད་པའི་སར་ཕྱིན་པ་གང་དེའི་མདུན་དྲུང་དུ་ཁྲིད། རྗེ་འདིས་ཐུགས་ཤིན་ཏུ་དགྱེས་ཉམས་ཆེན་པོས་བདག་གི་བླ་མའི་ཐུགས་བསྐྱེད་འགྲོ་དོན་བར་ཆད་ཀྱིས་མཐར་ཕྱིན་པ་མ་བྱུང་ཡང་། ད་རེས་ཡང་སྲིད་འདི་གྲུབ་དབང་རྫོགས་ཆེན་པའི་བསྟན་པར་ཕན་ཐོགས་ཅན་ཞིག་འོང་བར་ངེས་ཞེས་ཕྱི་མཐར་གཟིགས་པའི་གསུང་འཕྲོས་དང་། རྗེ་ཉིད་སྐུ་ན་ཆེས་སྨིན་པས་སྤྱན་གྱིས་མི་གཟིགས་སྟབས་དཔལ་སྤྲུལ་རིན་པོ་ཆེའི་ཞལ་གསུང་མ་བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་བའི་ཐུགས་ཅེས་སོགས་ཀྱི་ཚིགས་སུ་བཅད་པ་ཐུགས་ཐོག་ནས་གསུངས་ཏེ་རྗེས་སུ་འོང་དུས་བློ་རྒྱུགས་འབུལ་དགོས་ཞེས་ཞལ་རྩེད་དང་། ཚིག་གསུམ་གནད་རྡེག་རྩ་བའི་སྟེང་ནས་རྒྱས་ཁྲིད་མཛད་དེ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་དོན་འདིར་མ་འདུས་པ་མེད་ཅེས་ཆིག་བརྒྱུད་དུ་བསྩལ། ཕྱིས་སྐུ་འདའ་ཁར་ཡང་རྗེ་ཉིད་ཀྱི་མཛོད་བདུན་ཕྱག་དཔེ་ཆ་ཚང་བ་པད་རྡོའི་སྤྲུལ་སྐུ་ལ་ཕུལ་ཞེས་ཉེ་གནས་ལ་ཞལ་ཆེམས་གནང་པ་སོགས་ཐུགས་བརྒྱུད་དགོངས་གཏད་མཛད། དེ་ནས་རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་གཟིམས་ཁང་གཅིག་ཏུ་ལོ་གྲངས་དུ་མར་མཉམ་དུ་བཞུགས་ནས་ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ཐུན་མིན་རིགས་བདག་ཏུ་བསྟེན་ཏེ་གསན་སྦྱང་རྒྱ་ཆེར་གནང་བ་སྟེ། གདོད་མའི་མགོན་པོ་མིའི་རྣམ་རོལ་ཏུ་བྱོན་པ་འདི་ཉིད་ཀྱི་ཞལ་སྔ་ནས་སྙིང་ཐིག་ཡ་བཞིའི་དབང་ཁྲིད་དང་། ཆོས་དབྱིངས་མཛོད། གནས་ལུགས་མཛོད། ཡིད་བཞིན་མཛོད། མན་ངག་མཛོད། ཚིག་དོན་མཛོད། སྔོན་འགྲོ་ཀུན་བཟང་ཞལ་ལུང་། ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་དང་བཅས་པ། ལྕེ་བཙུན་སྙིང་ཐིག་གི་དབང་ཁྲིད། འཛིན་པ་རང་གྲོལ་གྱི་དབང་ལུང་ཁྲིད་གསུམ། ཟབ་མོ་ལྟ་ལུགས་ཀྱི་སེམས་བསྐྱེད་འབོག་ཆོག ཚིག་གསུམ་གནད་རྡེག རྗེ་ཉིད་ཀྱི་གསུང་སྐོར་བཅས་ཟབ་ཆོས་ཕལ་མོ་ཆེ་རྫོགས་ཆེན་དྲུག་པ་དང་རྣམ་གཉིས་ཁོ་ན་ལ་མནོག་ཆོས་སུ་བསྩལ་ཏེ་བཀའ་ལུང་གཏད་རྒྱ་མཛད། རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ལས་སྙིང་ཐིག་དུམ་གཉིས་དང་། འདོད་འཇོའི་བུམ་བཟང་། འདུས་པ་མདོ་དབང་། སྒྱུ་འཕྲུལ་ཞི་ཁྲོ་བཅས་ཀྱི་སྨིན་དབང་བཞེས། དགུང་ལོ་བཅུ་གསུམ་བཞེས་པ་ཤིང་ལུག་ལོར་སྡོམ་བརྩོན་འདུལ་བ་འཛིན་པ་ཆེན་པོ་འཇིགས་མེད་ཡོན་ཏན་མགོན་པོས་མཁན་པོ་དང་། མཁས་མཆོག་པདྨ་ཚེ་དབང་གིས་ལས་ཀྱི་སློབ་དཔོན་། དུས་གོ་བ་མཁན་ཆེན་ནོར་གཡང་། གཞན་མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་མཁན་པདྨ་ཆོས་དཔལ་བཅས་བཞུགས་པའི་ཞལ་སྔ་ནས་ཚངས་པར་སྤྱོད་པ་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་། ཕྱིས་སུ་སྙིགས་མའི་དུས་ཀྱི་འདུལ་འཛིན་ཉེ་བ་འཁོར་གཉིས་པར་གྲགས་པ་བཤེས་གཉེན་དམ་པ་མཁན་ཆེན་དབང་རྡིས་རིན་པོ་ཆེའི་དབུས་དགེ་འདུན་གྲངས་ཚང་བའི་ཞལ་སྔ་ནས་སྨད་འདུལ་སྔ་འགྱུར་གྱི་སྡོམ་བརྒྱུད་ལས་བསྙེན་པར་རྫོགས་ཤིང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། གཞན་ཡང་མཁན་ཆེན་ཐུབ་བསྟན་སྙན་གྲགས་ལས་ཐེག་མཆོག་མཛོད་ཀྱི་བཤད་ཁྲིད་དང་། སྐུ་ཞང་མུ་ར་པདྨ་ནོར་བུ་ལས་གྲུབ་ཐོབ་པདྨ་རིག་འཛིན་གྱི་རྫོགས་ཆེན་ཉམས་ལེན་སྤར་བཅང་མ། བར་དོ་དྲུག་ཁྲིད། མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཐར་ལམ་བགྲོད་བྱེད་ཤིང་རྟ་བཟང་པོ་བཅས་དང་། བཤེས་གཉེན་ཆེན་པོ་ཡབ་རྗེ་ངག་དབང་ནོར་བུ་ལས་ཡོན་ཏན་མཛོད་ཀྱི་བཤད་ཁྲིད་དང་། རྙིང་མ་རྒྱུད་འབུམ་གྱི་ལྗགས་ལུང་། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ལས་འཇམ་དཔལ་རྒྱུད་ལུགས་ཀྱི་དབང་། མཁས་དབང་པདྨ་འོད་གསལ་ལས་འཇིགས་གླིང་པོད་དགུའི་ལུང་བཅས་གསན་པ་དང་། རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔར་རྫོགས་སྤྲུལ་དྲུག་པས་དབུས་སྐུ་འཁོར་ལྷན་རྒྱས་ཟླ་བ་གཉིས་གསུམ་ཅན་གྱི་ལན་གྲངས་གསུམ་ལ་ཆེད་ཕེབས་ཀྱིས་སྔ་འགྱུར་བཀའ་མ་དང་། རིན་ཆེན་གཏེར་མཛོད་ཆེན་མོ། རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ཉེར་ལྔ། དཔལ་དུས་ཀྱི་འཁོར་ལོ་སོགས་བཀའ་གཏེར་རྒྱུད་སྡེ་གསར་རྙིང་གི་སྨིན་དབང་ཕལ་མོ་ཆེ་མ་ཚང་བ་མེད་པ་གསན་བཞེས་མཛད་དེ་ཐུགས་རྒྱུད་ཀྱི་བུམ་པ་ཡོངས་སུ་ཁེངས། དགུང་ལོ་བཅུ་གསུམ་གྱི་དུས་སུ་རྫོགས་ཆེན་ཡིད་བཞིན་ནོར་བུའི་དབུས་ལྷན་རྒྱས་དབུས་ཕེབས་མཛད་དེ་རྒྱལ་དབང་ཐམས་ཅད་མཁྱེན་པ་སོགས་དབུས་གཙང་གི་ལྷ་བླ་རྟེན་གནས་གང་མང་གནས་གཟིགས་མཇལ་བསྐོར་གྲུབ་སྟེ་ཕྱིར་གདན་སར་ཞབས་སོར་བཀོད། དགུང་གྲངས་བཅུ་བཞི་ནས་བཅུ་དྲུག་བར་རུ་དམ་ཡང་དབེན་ཚེ་རིང་ལྗོངས་སུ་མཁན་ཆེན་པདྨ་ཚེ་དབང་གཞུང་ཆེན་བཤད་ཁྲིད་ཀྱི་ཡོངས་འཛིན་མཁན་པོར་ཆེད་བསྐོས་གནང་བའི་སྐུ་དྲུང་དུ་གཏན་བཞུགས་མཛད་ནས། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ཡིག་ཆ་རྒྱ་གཞུང་ཆེན་མོ་བཅུ་གསུམ་ཆ་ལག་དང་བཅས་པ། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་བཅས་མདོ་སྔགས་ཀྱི་གཞུང་བཤད་ཆ་ཚང་བ་ཆེད་གཏད་ཀྱིས་གསུང་པ་མ་ཚང་པ་མེད་པ་གསན་ཞིང་། དུས་དེར་ཉིན་རེའི་ཆོས་ཁྲིད་ཀྱི་རྩ་བའི་བློ་རྒྱུགས་དང་འགྲེལ་བའི་བཤད་རྒྱུགས་ནང་མ་རེ་བཞིན་ཚོགས་གྲལ་ནས་ཆགས་ཐོགས་མེད་པར་ཕུལ་བས་མཚུངས་ཟླ་བྲལ་བའི་སྐྱེས་ཐོབ་ཀྱི་རྣམ་དཔྱོད་མངའ་བ་འདི་འདྲ་བ་ཞེས་ཐམས་ཅད་ཡ་མཚན་པ་བྱུང་། དགུང་གྲངས་བཅུ་བདུན་བཞེས་པ་ས་ཁྱི་ལོའི་སྟོན་ཀར་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་མཆོག་ནས་མཁན་ཆེན་ཐུབ་བསྟན་སྙན་གྲགས་སྒྲུབ་གནས་དཔྱལ་གྱི་བྲག་དཀར་དུ་བཞུགས་པའི་ཞལ་སྔར་ཆེད་གཏད་ཀྱིས་ཁྲིད་པར་མཛད་དེ། ད་ནས་མི་རིང་བར་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་གོད་ཆག་བར་ཆད་འབྱུང་བའི་གསུང་འཕྲོས་དང་ད་ཐེངས་ང་ལ་ཐུགས་མི་གཏོད་པར་འདི་ལ་ཐུགས་གཏད་ཀྱིས་ཚེ་དབང་ལོ་གྲངས་ཤིག་གནང་དགོས་ཞེས་སྤྱན་ཆབ་བསིལ་བཞིན་ཞུ་བསྐུལ་མཛད་པ་དེར་ཡོད་འཁོར་སློབ་ཀུན་ཀྱིས་ཐོས། མཁན་རིན་པོ་ཆེ་མཆོག་ནས་དགུང་གྲངས་ལྟར་ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་གྱི་སྨིན་དབང་ཚར་བཅུ་བདུན་བསྩལ་ཏེ་ཐུགས་སྨོན་ཟབ་རྒྱས་གནང་། ལོ་དེའི་ཕྱི་ལོའི་དགུན་ཁར་རྫོགས་ཆེན་རིན་པོ་ཆེ་དང་མཁན་ཆེན་ཡོན་ཏན་མགོན་པོའི་དབུས་ལྷན་རྒྱས་སྐུ་འཁོར་དང་བཅས་པ་ཆབ་སྲིད་སློབ་སྦྱོང་གི་ཆེད་དུ་སྡེ་དགེར་ཡུན་རིང་བཞུགས་དགོས་བྱུང་། བར་སྐབས་རྫོགས་ཆེན་རིན་པོ་ཆེ་དང་ཡོངས་འཛིན་མཁན་ཆེན་རྣམ་གཉིས་སྐྱོན་འདོན་ངོས་ལེན་གྱི་ཕྱིར་དུ་བཙན་གྱིས་རྫོགས་ཆེན་ལ་ཕེབས་བཀོད་ཞུས། དཔོན་སློབ་ཞལ་གྱེས་སྐབས་གྲུབ་དབང་རིན་པོ་ཆེ་མཆོག་ནས་རྫོགས་ཆེན་བླ་བྲང་གི་ཉེ་གནས་གཉེར་གཞོན་བསོད་ནམས་རྒྱལ་མཚན་ལ་ཁྱོད་ཀྱིས་ཕྱིས་སུ་མཆོག་སྤྲུལ་རིན་པོ་ཆེ་འདི་བདག་སྐྱོང་ལེགས་པོ་གྱིས་ཞེས་ཞལ་བསྒོས་ནན་མོ་མཛད། དེ་དུས་ཁོང་གིས་ཡིད་བཞིན་ནོར་བུ་ཚུར་ཕེབས་རིང་གི་ཉིན་གྲངས་ཁ་ཤས་ལ་གསུངས་པ་རེད་སྙམ་པ་ལས་ཕྱི་མཐའ་གཟིགས་པའི་ལུང་བསྟན་ཡིན་པ་ཡིད་ངོར་གཏན་ནས་མ་ཤར་ཞེས་ཟེར། ཕྱིས་སུ་སྐྱབས་རྗེ་རིན་པོ་ཆེ་མཆོག་བཙོན་གྲོལ་བྱུང་ནས་ཚུར་རྫོགས་ཆེན་དུ་བཏང་སྐབས་བླ་བྲང་བན་རྒན་བསོད་རྒྱལ་གྱིས་གྲུབ་དབང་མཆོག་གི་བཀའ་ལུང་ལྟར་བདག་སྐྱོང་བྱས་ཤིང་རྣམ་གཉིས་ཁྱིམ་ཚང་གཅིག་པའི་ཚུལ་དུ་ལྷན་བཞུགས་མཛད། སྐབས་དེར་རིག་གསར་སོགས་དུས་ངན་གྱི་རྒུད་པ་སྟོབས་སུ་བདོ་བའི་ལོ་ངོ་བཅུ་ཕྲག་གཉིས་ཙམ་རིང་ཕྱི་ནང་གསང་གསུམ་ནས་གཙེས་པའི་སྐུ་ཚེགས་འོ་བརྒྱལ་དང་རྐྱེན་ངན་སྣ་ཚོགས་ཆར་ལྟར་འཁྲུགས་ཀྱང་། དམ་པའི་རང་གཤིས་བཙོ་མའི་གསེར་ལྟར་གཅིག་ཏུ་འགྱུར་བ་མེད་པས་སོ་བྱང་སྔགས་གསུམ་གྱི་དམ་སྡོམ་གྱི་ཆ་ཕྲ་མོ་ཙམ་ཡང་ཉམས་པ་མེད་པར་ཡོན་ཏན་མཐའ་དག་གི་གཞི་རྟེན་དུ་བརྟན་ཞིང་། སྤྱི་དང་བྱེ་བྲག་གི་རྒྱལ་བསྟན་རིན་པོ་ཆེ་སླར་གསོ་ཡོང་བར་ཉིན་མཚན་དུས་དྲུག་ཏུ་ཐུགས་སྨོན་མཛད་ཅིང་སྐུ་གསུང་ཐུགས་རྟེན་གྱི་རིགས་ཆག་དུམ་ཙམ་ཞིག་ཕྱག་ཏུ་འབྱོར་བ་ཚུན་ཆད་སྐུ་སྲོག་དང་བསྡོས་ཏེ་སྦས་ཉར་མཛད། སྐུ་ཚེགས་ཆེ་བའི་ཨར་ལས་ཀྱི་ངལ་གསོའི་དུས་ཚོད་ཀྱང་ཆུད་ཟོས་སུ་མི་གཏང་བར་ཡི་དམ་ལྷའི་བསྙེན་སྒྲུབ་དང་། བསྐྱེད་རྫོགས་རྫོགས་ཆེན་གྱི་རྣལ་འབྱོར་ལ་ཉམས་བཞེས་གནང་སྟེ་རྐྱེན་ངན་ལམ་དུ་ཁྱེར་ཞིང་ཐུགས་རྒྱུད་རྟོགས་པའི་བོགས་འདོན་མཛད། དགུང་ལོ་སུམ་ཅུ་ནས་ཡང་དར་རྒྱལ་བསྟན་གྱི་ཉི་མ་བསིལ་ལྡན་བྷོ་ཊའི་ལྗོངས་སུ་སླར་ཡང་འཆར་བར་ཕྱོགས་ཚེ་སྔ་འགྱུར་བསྟན་པའི་ཆུ་འགོ་གདན་ས་ཆེན་མོ་འདི་ཉིད་དུ་བསྟན་རྩ་དགེ་འདུན་འདུ་བའི་སྒོ་གསར་དུ་ཕྱེ་བའི་དབུ་བཙུགས། དགུང་ལོ་སོ་དྲུག་པ་ས་རྟ་ལོར་དབུས་གཙང་གི་རྟེན་གནས་ཕལ་མོ་ཆེ་ལ་ཞབས་ཐང་གིས་ཕེབས་ཏེ་ཤིན་ཏུ་རྩ་ཆེའི་སྐུ་གསུང་ཐུགས་རྟེན་མང་པོ་སྤྱན་དྲངས། སྤྱི་ལོ་༡༩༨༡ལོར་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་སོགས་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཆེན་མོ་རྫོགས་ཆེན་ཤྲཱི་སེང་དུ་ཐོག་མར་དབུ་འཛུགས་པའི་སྣེ་ཁྲིད་དང་ཕྱག་རོགས་བདག་རྐྱེན་མཛད་ནས། གྲུབ་དབང་རྫོགས་ཆེན་པའི་སློབ་བརྒྱུད་གཙོ་བོར་གྱུར་པའི་རིས་མེད་མཁས་དབང་ཆེན་མོ་སྐུ་ན་ཤིན་ཏུ་བགྲེས་པ་དག་གནས་འདིར་སྤྱན་དྲངས་ནས་འཆི་ཁའི་མར་མེ་ལྟར་གྱུར་པའི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་ཚེ་སྲོག་གི་སྣུམ་ཐིགས་གསར་དུ་བསྣན། དུས་མཚུངས་ཕོ་བྲང་ཁམས་གསུམ་ཟིལ་གནོན་སླར་གསོ་མཛད་པའི་དབུ་བཙུགས་ཏེ་ཐོག་བརྩེགས་འོག་མ་ལོ་དེ་རང་དུ་ལེགས་པར་གྲུབ་པར་མཛད། དགུང་ལོ་སོ་དགུ་བཞེས་པ་སྤྱི་ལོ་༡༩༨༢ལོར་རྫོགས་ཆེན་བསྟན་པ་སྤྱི་དོན་དུ་རྒྱ་གར་ལ་ཕེབས་པའི་ལམ་བར་ནས་རླངས་འཁོར་གདོང་ཐུག་གིས་སྐུ་སྲོག་མ་ཤོར་ཙམ་གྱི་བརྡབ་རྨས་དྲག་པོ་བྱུང་བས་སྨན་ཁང་དུ་ལོ་ངོ་གཅིག་ཙམ་ལ་བཞུགས་དགོས་བྱུང་། རྗེ་ཉིད་ཀྱི་ཞལ་ནས། ང་རང་འཆི་ལ་ཐུག་པའི་བར་ཆད་བྱུང་བ་ཐམས་ཅད་ལས་ཐར་ཏེ་རྫོགས་ཆེན་བླ་བྲང་སྟོན་འཁོར་ཐམས་ཅད་ཀྱི་ནང་ནས་ཤུལ་ལུས་མི་སྣ་གཅིག་པུར་གྱུར་པ་དང་། གྲུབ་དབང་རྫོགས་ཆེན་པའི་བསྟན་སྲིད་ཆེས་ཉག་ཕྲ་བའི་དུས་ཀྱི་ཡང་མཐའ་འདིར་བཤད་སྒྲུབ་ལས་གསུམ་གྱི་སྲོག་རྩ་མཐུད་པའི་ཞབས་ཞུ་མི་དམན་ཙམ་བྱུང་བ་ནི་རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་ཐུགས་བསྐྱེད་སྨོན་ལམ་གྱི་བདེན་མཐུ་དུས་སུ་སྨིན་པ་དང་། མཁན་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་མཆོག་ནས་ཐུགས་གཏད་ཟབ་མོས་ཚེ་དབང་ལོ་གྲངས་བསྩལ་བའི་བྱིན་རླབས་ཀྱི་མཐུས་ཡིན་པར་ངེས་ཞེས་གསུང་འཕྲོས་ཡང་ཡང་གནང་། དེ་ནས་སླར་ཡང་ཉམས་པ་མེད་པའི་ཐུགས་སྟོབས་བསྐྱེད་དེ་ཕྱག་འཁར་གཉིས་ལ་བརྟེན་བཞིན་རྒྱ་གར་དུ་ཕེབས་ཤིང་འབྲེལ་ཡོད་བསྟན་དོན་གྱི་ཕྱག་ལས་གནང་བཞིན་འཕགས་བལ་གྱི་གནས་ཆེན་ཁག་ལ་གཟིགས་བསྐོར་དང་འབྲེལ། གོང་ས་ཡིད་བཞིན་ནོར་བུ་མཆོག་དང་ཐུགས་ནང་བརྩེ་བའི་ཞལ་མཇལ་ཐུགས་བཞེད་བཞིན་གྲུབ་སྟེ་ཕྱིར་གདན་སར་ཞབས་པད་བཀོད། དེ་ནས་རྩ་ཆེའི་རྟེན་གསུམ་བསྡུ་རུབ་ཕྱག་ལས་ཀྱི་དབུ་བཙུགས་ཏེ་རྗེ་ཉིད་ཀྱིས་སྐུ་ངལ་སྣ་ཚོགས་བརྒྱུད་དེ་ཉར་སྡུད་གནང་བའི་དབུ་ཞྭ་པདྨ་མཐོང་གྲོལ་དང་། སྣམ་སྦྱར་རྡོ་རྗེའི་གསང་ལམ་ཞེས་གྲགས་པའི་གུ་རུའི་ན་བཟའ་གཏེར་མ། ཐུབ་སྐུ་གཡུ་ཐོད་མ་ཆུང་བ། ཕག་མོ་རྒྱབ་ལུང་མ། དུས་འཁོར་ཧེ་བཛྲ། ཀློང་ཆེན་ང་འདྲ་མ། རོལ་མོ་པེ་ཧར་དགྱེས་གླུ། སྦུབ་ཆེན་གཟི་སྨུག སིལ་སྙན་ཀུན་བཟང་མཆོད་དབྱངས་སོགས་ནང་རྟེན་གལ་ཆེན་བཅུ་ཕྲག་འགའ་དང་། མཆོད་རྫས་འགང་ཆེན་རིགས་རྫོགས་ཆེན་བླ་བྲང་གི་རྟེན་སྒམ་དུ་ཕུལ་བ་དང་། གཞན་ཡང་ཉང་གཏེར་མགོན་པོ་ཕྱག་བཞི། མཆོག་གླིང་གཏེར་བྱོན་སྐུ་ཚབ་སྲིན་ཐོད་མ་སོགས་འཚོལ་སྡུད་ཀྱི་བདག་རྐྱེན་མཛད། དེ་བཞིན་ལྷ་སར་ལྷ་ཁང་ཆེན་མོ་དང་། ཕོ་བྲང་ཁམས་གསུམ་ཟིལ་གནོན་གསར་བཞེངས་ཀྱི་ཐུགས་བཀོད་གཙོ་འགན་བཞེས་ཏེ་སྐུ་དངོས་ཨར་ལས་ཀྱི་ལས་དཔོན་དུ་ཉིན་ལྟར་ཕེབས་པའི་སྐུ་ཚེགས་རྒྱ་ཆེར་གནང་བ་དང་། མི་ལོ་ཉེར་ལྔའི་རིང་སྐུ་སྲོག་དང་བསྡོས་ཏེ་སྦས་ཉར་མཛད་པའི་གྲུབ་དབང་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུ་གདུང་རིན་པོ་ཆེ་སྙིང་པོར་བྱས་ཏེ། གསེར་གཡུ་གཟི་བྱུར་སོགས་རིན་པོ་ཆེའི་ཕྲ་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པའི་གསེར་སྡོང་མཐོང་གྲོལ་ཆེན་མོ་མར་མེ་རྒྱུན་འཛུགས་དང་བཅས་པ་བཞེངས་ནས་ཕྱག་རྫས་སྤང་དག་ལན་གཅིག་མཛད། འདི་སྐོར་ལོ་ལྟར་དགུན་དུས་རྣམས་སུ་ཐུགས་དམ་བཅད་རྒྱ་ཁོ་ན་ལ་བཞུགས། སྤྱི་ལོ་༡༩༨༥པ་ཤིང་གླང་ལོར་ཁམས་མི་ཉག་ཕྱོགས་ཀྱི་དགོན་ལག་ཁག་ལ་ཕེབས་ནས་དབང་ཆོས་ཀྱི་འགྲོ་དོན་རྒྱ་ཆེར་སྤེལ། གྲུབ་དབང་རྫོགས་ཆེན་པའི་གདན་ས་གསུམ་པར་གྲགས་པ་མི་ཉག་རྡོ་ར་དཀར་མོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་ལ་ཟླ་བ་གསུམ་ལྷག་བཞུགས་ཤིང་། སྟག་ལོའི་གནམ་ལོ་གསར་ཚེས་ཀྱི་ཚེས་གསུམ་ཉིན་སྐུ་མཚམས་གྲོལ་བ་དང་དེ་གའི་སློབ་ཆུང་གསར་འཛུགས་ཀྱི་བྱིས་པ་བརྒྱ་ཕྲག་ལྷག་ལ་འཇམ་དབྱངས་བསྟོད་པའི་བཀླག་ལུང་གནང་ཞིང་། གཙུག་ཕུད་བྲེག་ནས་མགུལ་དར་སྒྲོན་སྐབས་དབྱར་རྔའི་སྒྲ་དབྱངས་ཐོག་མར་ལྡིར་བའི་ལེགས་ལམ་བཀྲ་ཤིས་ངོ་མཚར་གྱི་མཚན་མ་བཟང་པོ་མངོན་དུ་གྱུར་ཏེ་འབྱུང་འགྱུར་རྟེན་འབྲེལ་གྱི་སྒོ་མོ་གསར་དུ་ཕྱེས། དེ་ནས་སྤྱི་ལོ་༡༩༨༨པ་བོད་རབ་བྱུང་བཅུ་བདུན་པའི་ས་འབྲུག་ལོར། ཇི་སྐད་དུ། གཡོན་རུ་གཏེར་ཆེན་པདྨ་རྣམ་གྲོལ་གླིང་པའི་ལུང་བྱང་ལས། ཆོས་སྡེ་ཤྲཱི་སེང་ཧ་ཡི༔ མི་འཇིགས་སེང་གེའི་ཁྲི་མཆོག་སྟེང༔ པདྨའི་ཐུགས་སྤྲུལ་པདྨའི་མཚན༔ པད་གཞོན་མང་པོ་འདབ་སྟོང་འཛུམ༔ རྒྱལ་བསྟན་སྤྱི་དང་བྱེ་བྲག་གི༔ དགེ་ལེགས་ཡོན་ཏན་ཉིན་མོར་བྱེད༔ ཅེས་སླུ་མེད་རྡོ་རྗེའི་ལུང་བྱང་གི་བསྟན་དོན་དུས་སུ་སྨིན་ཏེ། གསང་ཆེན་སྔ་འགྱུར་རྙིང་མའི་བཤད་སྒྲུབ་བསྟན་པའི་ཆུ་འགོ་ཤྲཱི་སེང་ཆོས་གྲྭ་ཆེན་མོ་སླར་གསོ་རྒྱ་བསྐྱེད་ཀྱི་དབུ་བཙུགས་ཤིང་གངས་ལྗོངས་མཁས་པའི་འབྱུང་གནས་རུ་དམ་རྫོགས་ཆེན་དཔལ་སེང་གེ་རིའི་ལྔ་རིག་ཆོས་གྲྭ་ཆེན་མོ་ཞེས་པར་མཚན་བསྒྱུར། སྔར་སྐུ་ལུས་བརྡབ་རྨས་བྱུང་བའི་ཁྲག་སྟོང་གུན་བསབ་ཏུ་ཕུལ་བའི་ཕྱག་དངུལ་ཉུང་ངུས་ཐོག་མའི་ས་བོན་བྱས་ཏེ་ཐུགས་སྟོབས་དཀའ་སྤྱད་དྲག་པོས་ཡུན་རིང་འབད་འབུངས་གནང་བ་བརྒྱུད། གནའ་དུས་དགེ་འདུན་ཞལ་གྲངས་ལྔ་བཅུ་བཞུགས་སའི་གླིང་ཁང་རྒྱ་བསྐྱེད་བཏང་ནས་དགེ་སློབ་ལྔ་བརྒྱ་ལྷག་བཞུགས་ཆོག་པའི་གླིང་དབྱིབས་གྲུ་བཞི་ཉིས་ཐོག་ཅན། དཀྱིལ་དབུས་སུ་གཙུག་ལག་ཁང་ཆེན་མོ་དགེ་འདུན་སྟོང་ཕྲག་ཤོང་པ་གསར་བཞེངས་མཛད་ཅིང་སྐབས་དེའི་ཨར་ལས་ལ་རྗེ་ཉིད་སྐུ་དངོས་ཞུགས་ནས་ཕྱག་ལས་གནང་བ་དང་། དུས་མཚུངས་སྔར་བྱོན་དམ་པ་གོང་མ་རྣམས་ཀྱི་སློབ་རྒྱུད་མཁས་པའི་དབང་པོ་འཚོ་ཞིང་གཞེས་པ་ཐམས་ཅད་སྐུ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་སྤྱན་དྲངས་ནས། ཐུབ་བསྟན་སྙིང་པོའི་རིང་ལུགས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་སྡོམ་རྒྱུན་གསར་སྤེལ་གནང་བ་སོགས་བསྟན་རྩ་འདུལ་བའི་བསྟན་པ་རྨང་ནས་གསོས། མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་འཆད་ཉན་གྱི་མེ་ཆེན་སླར་ཡང་སྦར་བས་མི་ལོ་སུམ་ཅུའི་རིང་མུན་ནག་ལུང་སྟོང་དུ་ལུས་པའི་དཔལ་གྱི་སེང་གེ་རིའི་ཁོར་ཡུག་བཤད་དང་སྒྲུབ་པའི་ཆོས་ཀྱི་འོད་སྣང་གིས་ཡོངས་སུ་ཁྱབ། དེ་ནས་ད་ལྟའི་བར་ཆོལ་གསུམ་བོད་ཀྱི་ཡུལ་ནས་ཕེབས་པའི་སྡེ་སྣོད་འཛིན་པ་ཉིས་སྟོང་ལྷག་སྐྱེད་བསྲིང་བྱུང་བས་གྲུབ་དབང་རྫོགས་ཆེན་པའི་བུ་དགོན་རྣམས་ཀྱིས་གཙོས་འཛམ་གླིང་ཡངས་པའི་ས་ཕྱོགས་མང་པོར་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་གྱི་ས་བོན་བསྐྲུན། མ་འོངས་བསྟན་རྒྱུན་འཛིན་པའི་སྐྱེས་བུར་དགོངས་ཏེ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཆོག་སྤྲུལ་རྒྱལ་ཚབ་རྣམ་གསུམ་སྟེ། མཁན་ཆེན་འཇིགས་མེད་བློ་གྲོས་ཀྱི་ཡང་སྲིད་བསྟན་པ་ཡང་དར་གྱི་མཁན་ཆེན་ཁྲི་པ་ཐོག་མ་རྒྱལ་ཚབ་མཆོག་སྤྲུལ་ཨོ་རྒྱན་རིག་འཛིན་རིན་པོ་ཆེ་དང་། མཁན་ཆེན་པདྨ་ཚེ་དབང་མཆོག་གི་ཡང་སྲིད་མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་རིན་པོ་ཆེ་རྣམ་གཉིས་དང་། བྱ་བྲལ་ཀུན་དགའ་དཔལ་ལྡན་གྱི་ཡང་སྲིད་མཆོག་སྤྲུལ་དཀོན་མཆོག་རིན་པོ་ཆེ་བཅས་རྒྱལ་ཚབ་རྣམ་གསུམ་དང་། བསྟན་འཛིན་ཉི་ཟླ་སྐར་གསུམ་སྟེ་མཁས་མཆོག་གཞན་ཕན་སྣང་བའི་ཡང་སྲིད་མཁན་སྤྲུལ་ཐོས་ལྡན་རིན་པོ་ཆེ་དང་། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཡང་སྲིད་མཁན་སྤྲུལ་སྒྲིབ་བྲལ་བསམ་གཏན་རིན་པོ་ཆེ། ད་དུང་ལེགས་ལམ་གྱི་རྟེན་འབྲེལ་དུས་ལས་མ་ཡོལ་ཚེ་མཁས་བཙུན་མཆོག་ལྡན་གྱི་སྐྱེས་ཆེན་གཞན་གཅིག་བྱོན་རྒྱུ་ཡོད་པའི་ཞལ་གསུངས་གནང་བ་བཅས་བསྟན་འཛིན་མཆོག་སྤྲུལ་རྣམ་གསུམ། གཞན་ཡང་རྫོགས་ཆེན་དགོན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་འབྲུག་ཆེན་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་པདྨ་མཐུ་སྟོབས་འཇིགས་མེད་རྣམ་པར་རྒྱལ་བའི་སྡེ་དང་། གླིང་བླ་རིན་པོ་ཆེའི་ཡང་སྲིད་པདྨ་ཉིན་བྱེད་ལུང་རྟོགས་གྲུབ་པའི་རྡོ་རྗེ། མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་གསུམ་པ་ཨོ་རྒྱན་བསྟན་འཛིན། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཡང་སྲིད་མཆོག་སྤྲུལ་པདྨ་འཇིགས་བྲལ་གྲུབ་པའི་རྡོ་རྗེ། མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས་ཀྱི་ཡང་སྲིད་མཁན་སྤྲུལ་ཟླ་བ་བཀྲ་ཤིས་རིན་པོ་ཆེ་བཅས་དང་། མཁན་པོ་ནོར་གཡང་རིན་པོ་ཆེའི་ཡང་སྲིད་ནད་མེད་ཚེ་རིང་སོགས་མངོན་རྟོགས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་། ལུང་སྡེ་སྣོད་རིན་པོ་ཆེ་གསུམ་གྱིས་མངོན་པར་ཕྱུག་པའི་དོན་གྱི་བསྟན་འཛིན་འགྲན་ཟླ་དང་བྲལ་བ་དུ་མ་དམ་པའི་སྐྱེ་སྲིད་དུ་ངོས་འཛིན་མངའ་གསོལ་མཛད། དེ་བཞིན་ཨ་མདོའི་དགུ་རོང་རིན་པོ་ཆེ་དང་། དིང་ཀྱཱ། ཟུར་ཚང་ཧཱུྃ་ནག་མེ་འབར། དགེ་རྒྱལ་རྒྱལ་བླ། ལེགས་དགོན་ཁྱུང་པོ། ལི་ཐང་ཨ་དཀར། གླིང་དཀར་བླ་མ་ཚེ་རིང་མཐར་ཕྱིན་སོགས་དགོན་ལག་ཁག་གི་བླ་སྤྲུལ་སྐྱེས་ཆེན་མང་པོའི་ཡང་སྲིད་ངོས་འཛིན་གནང་ཞིང་། སྤྱིར་འོས་སྤྲུལ་གསར་པ་དག་དགུང་ལོ་ཉེར་ལྔ་མ་སོན་བར་བརྟགས་ཤིང་དཔྱད་དེ་ཉེར་ལྔ་སོན་རྗེས་དམ་པའི་མངོན་རྟགས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ན་གཞི་ནས་ཁྲི་འདོན་བྱ་རྒྱུའི་བཀའ་རྒྱས་བཏབ། རྗེ་ཉིད་དགུན་ཀའི་དུས་ཚོད་ཕལ་མོ་ཆེར་ཤྲཱི་སེང་ཆོས་གྲྭའི་གཟིམས་སྤྱིལ་དུ་བཅད་རྒྱ་དམ་མཚམས་ལ་བཞུགས་ཤིང་། དུས་རྒྱུན་སྔ་དྲོའི་རིང་གསུང་ཐུན་བསྡམས་ཏེ་བསྐྱེད་རྫོགས་བསྙེན་སྒྲུབ་མཐར་ཆགས་སུ་གནང་བ་དང་། སྐབས་དང་སྐབས་སུ་ཕྱོགས་ནས་ཕེབས་པའི་བསྟན་འཛིན་སྐྱེས་བུ་བླ་སྤྲུལ་དགེ་འདུན་པ་ཞལ་གྲངས་ཤིན་ཏུ་མང་པོ་ལ་འདུས་པ་མདོ་དབང་དང་། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་། སྒྱུ་འཕྲུལ་ཞི་ཁྲོ། སྙིང་ཐིག་ཡ་བཞི། སྙིང་ཐིག་དུམ་གཉིས་སོགས་ཀྱི་སྨིན་ཁྲིད་ཚར་གྲངས་དུ་མ་གསུངས། གཞན་ཡང་སོ་སོའི་ངོ་སྐལ་ལྟར་དགོས་རིགས་ཀྱི་དབང་ཁྲིད་གདམས་ངག་ཕྲན་ཚེགས་ཐུགས་ཁོམ་ནམ་ཡོད་ལ་བསྩལ། གྲུབ་དབང་རྫོགས་ཆེན་པའི་དགོན་ལག་ལྷ་སྡེ་ཡོད་པའི་ས་ཕྱོགས་མཚོ་སྔོན་པོའི་གཡས་གཡོན། མགོ་ལོག་སྟོད་སྨད། དགེ་རྒྱལ། འདམ་བླ་ཚང་། རྫ་ཆུ་ཁ་སྟོད་སྨད། རྫ་ཁོག གཡུ་མཁར། མདོ་ཆེན། མི་ཉག་སྟོད་སྨད། ལི་ཐང་། འབའ་ཐང་སོགས་མདོ་དབུས་ཁམས་ཀྱི་དགོན་ལག་ཉིས་བརྒྱ་ལྷག་དང་། དབུས་ཀྱི་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་རྡོར་སྨིན་དཔལ་གསུམ་དང་། ཚེ་རིང་ལྗོངས། དཔལ་གྱི་བསམ་ཡས། འབྲི་གུང་། གཙང་དང་བྱང་གི་དགོན་སྡེ་སོགས་ཆོལ་གསུམ་བོད་ཀྱི་ཆོས་སྡེ་ཡུལ་གྲུ་མང་པོར་ཞབས་ཀྱིས་བཅགས་ནས་སྔ་འགྱུར་བཀའ་གཏེར་གྱི་སྨིན་དབང་ཚར་གྲངས་མང་པོ་བསྩལ་བ་དང་། བཤད་སྒྲུབ་ཀྱི་སྡེ་གསར་དུ་འཛུགས་པའི་མཁན་པོ་དང་དངོས་འབྱོར་གྱི་བདག་རྐྱེན་གནང་ཞིང་བསྟན་རྩ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་སྡོམ་རྒྱུན་སྤེལ། ད་སྔོན་རྗེ་ཉིད་ཀྱི་ཞལ་སྔ་ནས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་སྡོམ་ཆིག་སྟོང་ལ་ཉེ་བ་བྱུང་བ་བཅས་བསྟན་པ་ཡང་དར་གྱི་དུས་འདིར་རང་ལུགས་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་སྤེལ་བ་ལ་བཀའ་དྲིན་དང་ཕྲིན་ལས་འགྲན་ཟླ་བྲལ། དགུང་གྲངས་ང་དྲུག་བཞེས་པ་སྤྱི་ལོ་༡༩༩༨ལོ་ནས་རྫོགས་ཆེན་མཁན་སྤྲུལ་གྲྭ་ཚང་བཅས་པས་རེ་མོས་ཤུག་དྲག་དང་། སྐྱ་སེར་ལྷག་བསམ་ཅན་འདས་བཞུགས་མང་པོའི་ཐུགས་རེ་དང་། འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་ཞལ་ཆེམས་ལ་དགོངས་ཏེ་ལོ་བཞིའི་རིང་བསྟན་སྲིད་སྤྱི་ཁྱབ་བཀོད་འདོམས་པའི་ཐུགས་འགན་ཡང་དུ་བཞེས་རྒྱུའི་ཞལ་བཞེས་གནང་ནས། རུ་དམ་གདན་ས་ཨ་མར་བསྟན་འཛིན་གཙོ་བོ་ཆེ་ལྔ་གསར་དུ་བསྐོས་ཏེ་གཙུག་ལག་ཁང་ཆེན་མོས་གཙོས་ལྷ་ཁང་ཆེན་མོ་ལྔ་ནང་བཞུགས་རྟེན་རྫས་གྲྭ་ཚང་དང་བཅས་པ་གཞི་རྒྱ་ཆེ་བའི་བཞེངས་བསྐྲུན་དང་། སྔར་ཡོད་བཀའ་གཏེར་གསར་རྙིང་གི་སྒྲུབ་འཕྲིན་གར་འཆམ་དབྱངས་རོལ་ཐམས་ཅད་རང་ལུགས་འཁྲུལ་མེད་དུ་སོར་ཆུད་དགོས་པའི་ཐུགས་བཀོད་གནང་ཞིང་། སྐྱབས་རྗེ་མཆོག་སྐུ་སྒེར་གྱིས་མཁན་ཆེན་པདྨ་བཛྲའི་གདན་ས་རྫོགས་ཆེན་ཡང་དབེན་པདྨའི་ཐང་དུ་ལུང་རྟོགས་པདྨའི་དགའ་ཚལ་དུ་གྲགས་པའི་ཆོས་སྡེ་ཆེན་མོ་གསར་དུ་ཕྱག་བཏབ་མཛད་ནས། ངོ་མཚར་གངས་རྒྱན་གསེར་གྱི་པདྨའི་ལྷ་ཁང་རྟེན་དང་བརྟེན་པ་རིན་ཆེན་དང་པོའི་རྒྱ་ཕིབས་གྱིས་མངོན་པར་མཛེས་པ་བཅས་ལེགས་པར་གྲུབ་ཟིན་ཏེ། རབ་བྱུང་བཅུ་བདུན་པའི་ཆུ་མོ་ལུག་གི་ལོ་འདི་ནས་བཟུང་འོད་གསལ་རྫོགས་པ་ཆེན་པོ་མན་ངག་གསང་བ་སྙིང་ཐིག་གི་སྨིན་ཁྲིད་རྒྱུད་བཤད་ཆོས་ཀྱི་འཁོར་ལོས་སྐལ་ལྡན་གདུལ་བྱ་མང་པོ་རྗེས་སུ་བཟུང་བ་བཅས། མདོར་ན་བདག་ཉིད་ཆེན་པོ་འདིའི་ལྗགས་དབུགས་ཀྱི་རྒྱུ་བ་ཚུན་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་ལ་སྨན་པའི་ཐུགས་བསྐྱེད་ཟབ་མོ་གནང་བཞིན་འཚོ་ཞིང་གཞེས་པ་ནས། ཇི་སྲིད་བསྐལ་པ་རྒྱ་མཚོར་ཞབས་པད་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་བསྟན་འགྲོའི་བཞེད་དོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། །

སྨྲས་པ།

བགྲང་མེད་བསྐལ་མང་འདས་པའི་སྔོན་རོལ་ནས། །བདེ་གཤེགས་རིན་ཆེན་གཙུག་ཏུ་སངས་རྒྱས་ཀྱང་། །བརྩེ་ཆེན་ཐུགས་རྗེའི་ཉམ་ཐག་གདུལ་བྱའི་ངོར། །སྐྱེས་རབས་ངོ་མཚར་ཕྲེང་བ་བློ་ལས་འགོང་། །རྨད་བྱུང་མཁས་བཙུན་གྲུ༵བ་པའི་ཡོན་ཏན་འབུམ། །མ་ལུས་བདག་གིར་ཐོ༵བ་པའི་སྙེམས་པ་ཡིས། །བསྟན་འཛིན་རྐང་འཐུངས་ཚལ་ན་པ༵དྨ༵་ལྟར། །མངོན་པར་འཕགས་པའི་རི༵ག་འཛི༵ན་མཆོག་གཅིག་རྒྱལ། །ཀུན་ཁྱབ་འགྱུ༵ར་མེ༵ད་འོད་གསལ་སེམས་ཀྱི་གཤིས། །མངོན་སུམ་ངོ་སྤྲོད་ཐེ༵ག་མཆོ༵ག་རྫོགས་པ་ཆེའི། །བསྟ༵ན་པའི་སྲོག་འཛི༵ན་ཆོས་ཀྱི་རྒྱལ་པོ་ཡི། །སྤྲུལ་བའི་རྣལ་རོལ་ངོ་མཚར་རྨད་དུ་བྱུང་། །ཐེག་པའི་ཡང་རྩེ་ངེ༵ས་དོ༵ན་སྙིང་པོའི་ཆོས། །གསང་རྒྱུད་བསྟ༵ན་པ་བཀའ་གཏེར་དག་སྣང་གི། །རིང་ལུགས་མི་ཉམས་འཛི༵ན་སྲུང་སྤེལ་བ་ལ། །གཞན་དྲིང་མི་འཇོག་བཟ༵ང་པོ༵འི་མཛད་པ་མང་། །མི༵་འགྱུ༵ར་དག་པ་སྟོང་ཆེན་ཆོས་ཀྱི་དབྱིངས། །སྤྲོས་མཚན་ཀུན་བྲལ་ན༵མ་མཁ༵འི་རྣལ་འབྱོར་ལ། །དགོངས་པ་འུབ་ཆུད་རྡོ༵་རྗེ༵འི་ཐུགས་ལྡན་པ། །འོད་གསལ་བསྟན་པའི་ཤིང་རྟ་མཆོག་ཏུ་གྲུབ། །ཐུ༵བ་བསྟ༵ན་སྙིང་པོ་གསང་ཆེན་སྔ་འགྱུར་པ། །ཆེ་བ་དྲུག་ལྡན་ཆོ༵ས་ཀྱི༵་རྒྱལ་ཐབས་ཀྱི། །བསྟན་པའི་གཙུག་རྒྱན་རྡོ༵་རྗེ༵་སློབ་དཔོན་གྱི། །ཆོས་སྲིད་མཛད་རྗེས་དཔོག་པའི་མཐའ་མ་རིག །འཇི༵གས་བྲ༵ལ་ཐུགས་བསྐྱེད་སྨོན་པ་རྒྱ་མཚོའི་སྟོབས། །དུས་སུ་སྨིན་པའི་རླུང་གིས་ཉེར་བསྐུལ་བས། །མ་ལུས་འགྲོ་ཀུན་བྱ༵ང་ཆུ༵བ་ཆེན་པོའི་སར། །མངོན་པར་སྦྱོར་བ་རྡོ༵་རྗེ༵འི་བླ་མར་ཤར། །འཕགས་ཆེན་དམ་པའི་སྤྲུལ་རབས་མུ་ཏིག་གི། །ཕྲེང་བ་བསྟར་ལ་བརྒྱུས་འདྲའི་དོ་ཤལ་འདི། །མཁས་བཙུན་བཟང་པོའི་ལང་ཚོ་མ་ཉམས་བཞིན། །རྒྱལ་བསྟན་མཆོད་སྡོང་མཛེས་པའི་རྒྱན་དུ་ངོམས། །རྨད་བྱུང་ཕན་བདེའི་འདབ་མ་ལྷུན་རྫོགས་པའི། །ཐུབ་བསྟན་ཀུན་ད་སྐྱོང་ལ་ཟླ་བྲལ་བ། །མཁྱེན་བརྩེའི་དཀྱིལ་འཁོར་ཡོངས་རྫོགས་ཉ་གང་ཟླ། །བསྟན་འཛིན་རྒྱུ་སྐར་ཚོགས་པའི་དབུས་ན་མཛེས། །ལེགས་བྱས་བསོད་ནམས་བརྒྱ་བའི་ཤིང་རྟ་ཡིས། །མངོན་པར་དྲངས་པའི་གསང་གསུམ་སྒྱུ་འཕྲུལ་གར། །དུ་མའི་སྐྱེས་རབས་ཡིད་བཞིན་དབང་གི་རྒྱལ། །སྔ་འགྱུར་བསྟན་པ་རྒྱ་མཚོའི་གཙུག་ན་མཐོ། །ཟླ་མེད་ཕྲིན་ལས་དོན་ཡོད་ཞགས་པ་ཡིས། །བསྟན་འགྲོའི་དགེ་མཚན་ཕྱོགས་སུ་སྡུད་མཛད་པའི། །ཆོས་ཀྱི་རྒྱལ་པོ་གདན་རབས་རིམ་བྱོན་གྱི། །ལེགས་མཛད་འོད་སྣང་ས་འདིར་ཕྱོགས་མེད་ཤར། །

ཞེས་བྱ་བ་ནི་ལུགས་གཉིས་ཆོས་སྲིད་ཀྱི་མངའ་བདག་བསྟན་བདག་གདན་རབས་རིམ་བྱོན་གྱི་རྟོགས་པ་བརྗོད་པའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། ལུགས་གཉིས་ཆོས་སྲིད་ཀྱི་མངའ་བདག་བསྟན་བདག་གདན་རབས་རིམ་བྱོན་གྱི་རྟོགས་པ་བརྗོད་པའི་སྐབས་སྟེ་སརྒ་བཅུ་གཉིས་པ་རྫོགས་སོ།། །།

ཞར་བྱུང་ཆོས་སྡེ་ཆེན་མོའི་བསྟན་འཛིན་སྐྱེས་ཆེན་སྤྱིའི་སྐུ་རབས་རྣམ་ཐར་བཤད་པ།

[༡] དཔོན་སློབ་སྐུ་ཕྲེང་རིམ་བྱོན།

ཞར་བྱུང་ཆོས་སྡེ་ཆེན་མོའི་བསྟན་འཛིན་སྐྱེས་ཆེན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམས་ཀྱི་སྐུ་རབས་རྣམ་ཐར་བཤད་པ་ནི། བསྟན་བདག་མཆོག་སྤྲུལ་རྣམ་གསུམ་ཞེས་གྲགས་པའི་དང་པོ་གྲུབ་དབང་སྐུ་རབས་རིམ་བྱོན་གྱི་རྣམ་ཐར་གོང་དུ་གདན་རབས་ཀྱི་སྐབས་སུ་རྒྱས་པར་སོང་། གཉིས་པ་དཔོན་སློབ་རིམ་བྱོན་ནི། སྐུ་ཕྲེང་དང་པོ་རྗེ་ནམ་མཁའ་འོད་གསལ་ཏེ་ནག་ཤོད་དུ་སྐུ་འཁྲུངས། གྲུབ་དབང་པདྨ་རིག་འཛིན་གྱི་ཞབས་པད་བསྟེན་པས་མཁས་བཙུན་གྲུབ་པའི་རྩེ་མོར་ཕྱིན། གདན་རབས་གཉིས་པའི་བསྟན་འགན་བཞེས་པ་སོགས་རྣམ་ཐར་རྒྱས་པ་གོང་དུ་སོང་། །

དཔོན་སློབ་སྐུ་ཕྲེང་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་ནི། དེ་ཡང་གྲུབ་དབང་རྫོགས་ཆེན་པའི་ཐུགས་སྲས་ཡོངས་ཀྱི་ཐུ་བོ་དཔོན་སློབ་ནམ་མཁའ་འོད་གསལ་གྱི་སྐྱེ་བའི་ཕྲེང་བ་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་ནི། སྤྱི་ལོ་༡༧༣༢པ་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ཕག་གི་ལོར། ལྷ་གཉེན་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ་གྱིས་སྲུང་བའི་གནས་མཆོག་རུ་དམ་གདན་ས་དང་མི་རིང་བའི་ས་ཕྱོགས་སྨན་ལྗོངས་ཉམས་དགའ་བ་ཞིག་ཏུ། ཡབ་དགེ་འཕེལ་ཞེས་པའི་རིགས་རུས་ལས་དཔའ་རྩལ་སྟོབས་གསུམ་འཛོམས་པ་བསམ་འཕེལ་དུ་གྲགས་པའི་སྲས་སུ་སྐུ་བལྟམས། ཆུང་དུས་ནས་ཤ་ཁྲག་གི་དྲི་ཙམ་ཡང་མི་མཛའ་བ་སོགས་བྱང་སེམས་ཀྱི་མངོན་རྟགས་ལྷན་སྐྱེས་སུ་མངའ། རྗེ་དབོན་མཆོག་དང་རྫོགས་སྤྲུལ་རིན་པོ་ཆེའི་བཀས་དཔོན་སློབ་ཀྱི་ཡང་སྲིད་དུ་ངོས་བཟུང་སྟེ་གདན་སར་སྤྱན་དྲངས། ཁྲི་འདོན་ལེགས་འབུལ་སོགས་རྟེན་འབྲེལ་གྱི་སྒོ་འཕར་རྒྱ་ཆེར་ཕྱེས་ཤིང་གཙུག་ཕུད་བཞེས་པའི་མཚན་ལ་པདྨ་གསང་སྔགས་བསྟན་འཛིན་དུ་གསོལ། དགུང་གྲངས་བཅུ་ལ་སོན་པ་ལྕགས་སྤྲེལ་ལོར་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་ལྷན་དུ་དབུས་ལྗོངས་སུ་ཆིབས་ཞལ་བསྒྱུར། རྡོ་རྗེ་བྲག་ཞབས་དྲུང་ལས་དགེ་ཚུལ་གྱི་བསླབ་སྡོམ་བཞེས་ཤིང་། སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང་། ལྷོ་བྲག་ཐུགས་སྲས་མཆོག་གྲུབ་འབར། དཔལ་རི་སྤྲུལ་སྐུ་བློ་བཟང་པདྨ་སོགས་ལས་བཀའ་ཆོས་མང་དུ་གསན། ཁྱད་པར་རྫོགས་སྤྲུལ་གཉིས་པ་ལས་ཟབ་གསང་རྫོགས་པ་ཆེན་པོའི་དབང་ཁྲིད་མན་ངག་ཐམས་ཅད་གསན་ནས་སྒྲུབ་པ་ཉམས་ལེན་མཛད་དེ་སྟན་ཐོག་གཅིག་ལ་ལོ་བཅུ་གཉིས་ཙམ་བཞུགས་པས་རྟོགས་པའི་ཡེ་ཤེས་ཕ་མཐའ་བྲལ་བ་བརྙེས། ལོ་ལྟར་ཉམས་ཁྲིད་ལན་གཉིས་གསུམ་རེ་གནང་ཏེ་ཞལ་སློབ་རྣམས་བསམ་གཏན་ཁོ་ནར་གཞོལ་བར་མཛད། མངོན་པར་ཤེས་པ་ཐོགས་མེད་མངའ་བས་ཀུན་ཀྱིས་དཔོན་སློབ་ཀྱི་གསུང་བརྟག་ཅེས་ཚད་མར་འཛིན་པ་དང་། ཚེ་འབུམ་སུམ་མདོའི་མ་ཎི་ཧ་ལ་མ། །འདི་ཡང་བླ་མ་ང་ཡི་བཞེངས་པ་ཡིན། །ཅེས་དང་། རང་གི་ཕོར་བ་རང་གིས་ཕྱི་ནང་བརྗེས། །འདི་ཡང་བླ་མ་ང་ཡི་གྲུབ་རྟགས་ཡིན། །སོགས་བློ་འདས་ཆོས་ཟད་ཀྱི་རྒྱལ་སར་གཤེགས་པའི་རྟགས་སུ་ཐོལ་བྱུང་མ་བཅོས་པའི་གསུང་དུ་མ་བྱོན་པས་དཔོན་སློབ་བླ་གླེན་མ་ཞེས་ཀུན་ལ་གྲགས། རྗེ་གོང་མ་དག་གི་ཕྱག་སྲོལ་ལ་ཐུགས་ཞེན་ཐལ་ཆེ་བས་སྒྲུབ་མཆོད་སོགས་སྤྲོས་བཅས་ཀྱི་ཚོགས་སྒྲུབ་གསར་འཛུགས་ལ་ཐུགས་གཉེར་ཆུང་བ་དང་། དགོངས་པ་དབྱིངས་ཆེ་བས་དགོན་གྱི་བཅའ་ཁྲིམས་སྒྲིག་བཞག་སོགས་ལའང་ཐུགས་བརྩོན་གཏན་ནས་མི་མཛད་པས། རྗེ་འདིའི་སྐུ་རིང་ལ་རྗེ་དབོན་པདྨ་ཀུན་གྲོལ་དང་ནམ་མཁའ་ཚེ་དབང་མཆོག་གྲུབ་རྣམ་གཉིས་ཀྱིས་རྒྱལ་ཚབ་གདན་རབས་ཀྱི་ཐུགས་འགན་བཞེས་པར་མཛད། ཕྱོགས་དང་ཕྱོགས་ཀྱི་སྐྱེ་བོ་ཐམས་ཅད་དད་ཅིང་གུས་པས་ཟང་ཟིང་གི་འདུ་བ་དབྱར་མཚོ་རྒྱས་པ་ལྟར་འབད་མེད་དུ་བྱུང་ཞིང་དད་རྫས་རྣམས་ཆུད་ཟོས་སུ་མི་གཏོང་བར་སྐུ་གསུང་ཐུགས་རྟེན་ཡོན་གྱིས་བསླུ་བ་དང་། རྗེ་བླ་མ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་འདས་མཆོད་ཉིན་འཚོགས་རྒྱུན་འཛུགས་མཛད་པ། གཞན་སཙྪ་འདེབས་པ་དང་མ་ཎི་བརྐོ་བ་སོགས་སྤྲོས་བཅས་ཀྱི་དགེ་བ་ལོ་ལྟར་ཆག་མེད་མཛད་ཅིང་། ཚེ་འབུམ་སུམ་མདོར་གཟུངས་སྔགས་ཀྱི་རིགས་ས་ཡ་ཕྲག་ལྔ་བཞུགས་པའི་རྡོ་འབུམ་དང་མཆོད་རྟེན་བཞེངས་པ་སོགས་བསྟན་འགྲོའི་འགྲོ་དོན་མཐའ་རུ་ཕྱིན་ནས། སྤྱི་ལོ་༡༨༠༥པ་དགུང་གྲངས་དོན་བཞི་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ལོར་ངོ་མཚར་བའི་ལྟས་མཚན་དང་བཅས་རུ་དམ་གདན་ས་རང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྱུར་ཏོ། །

དཔོན་སློབ་གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་པའི་མགོར་སྐུ་འཁྲུངས། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ངོས་འཛིན་སྐུ་བདག་མཛད་དེ་གདན་སར་ཞབས་པད་འཁོད་ཀྱང་། དགུང་གྲངས་ལོ་བཅོ་ལྔ་ལས་མ་བཞུགས་པར་སྐུ་གཤེགས་སོ། །

དཔོན་སློབ་བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ་ནི། རུ་དམ་གདན་སའི་ཉེ་ཕྱོགས་སུ་རྒྱ་ཀོང་བཤད་སྒྲུབ་ཚང་ལ་སྐུ་འཁྲུངས། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ངོས་འཛིན་སྐུ་བདག་མཛད། རྫ་སྨད་ནས་དཀོན་མཆོག་བརྒྱད་ཅུའི་མཚན་ཅན་གྱི་གྲྭ་ཚོགས་བསྡུས་པ་སོགས་གདན་ས་ཆེན་མོའི་བསྟན་སྲིད་ཀྱི་ཐུགས་ཁུར་བཞེས། སྒྲ་དྲུག་འགྱུར་གྱི་ལྗགས་ཀློག་དང་ལྡན་པ་བཅས་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་གྲགས་སོ། །

དཔོན་སློབ་ལྔ་པ་དཀོན་མཆོག་བསྟན་པའི་ཉི་མ་འཇིགས་མེད་འོད་གསལ་རྡོ་རྗེ་ནི། གདན་ས་ཆེན་མོ་དང་མི་རིང་པའི་ས་ཆར་རྒྱ་ཀོང་དཔལ་ལྡན་ཚང་ལ་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་ནས་ངོས་འཛིན་སྐུ་བདག་མཛད། འཕོ་བ་ལ་རང་དབང་ཐོབ་པ་སོགས་གྲུབ་པའི་རྣམ་ཐར་ངོ་མཚར་བ་དུ་མ་མངའ། དགུང་གྲངས་ཉེར་བདུན་པ་ལ་སྐུ་གཤེགས་སོ། །

དཔོན་སློབ་དྲུག་པ་ཐུབ་བསྟན་འཇིགས་བྲལ་ཚེ་དབང་རྡོ་རྗེ་བཤད་སྒྲུབ་འཕྲིན་ལས་དཔལ་བཟང་པོ་ནི། སྤྱི་ལོ་༡༩༢༥པ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ལོར་འདན་ཨ་ཐུབ་ཚང་དུ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེའི་གཅུང་དུ་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རྫོགས་ཆེན་དཔོན་སློབ་ཀྱི་ཡང་སྲིད་སྐུ་ཕྲེང་དྲུག་པར་ངོས་འཛིན་མཚན་གསོལ་མཛད་དེ་རུ་དམ་གདན་སར་ཞབས་པད་བཀོད། མཁན་ཆེན་ཐུབ་བསྟན་སྙན་གྲགས་ཡོངས་འཛིན་དུ་བསྐོས་པ་ལས་ཐུན་མོང་ཐུན་མིན་གྱི་རིག་གནས་ལ་མཁས་པར་སྦྱངས། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་རིགས་བདག་ཏུ་བསྟེན་པའི་ཞལ་སྔ་ནས་གསང་བ་སྙིང་ཐིག་གི་ཟབ་ཁྲིད་གསན། རྗེ་ཉིད་གདན་ས་འདིར་ཕེབས་པ་ཙམ་ནས་སྐུ་སྙུན་བཞེས་པ་སོགས་བར་ཆད་ཅུང་ཆེ་སྟབས་འདན་གྱི་པདྨ་རི་མཐོ་དང་། རྒྱལ་དབང་ཀརྨ་པའི་གདན་ས་འཚུར་ཕུ་སོགས་སུ་སྐུ་མཚམས་བཅད་རྒྱ་མཛད་དེ་སྒྲུབ་པར་ཡུན་རིང་བཞུགས། དུས་འགྱུར་ཆེན་མོའི་སྐབས་སུ་གཅེན་རྒྱལ་དབང་ཀརྨ་པ་སྐུ་འཁོར་དང་ལྷན་དུ་འབྲས་ལྗོངས་ལ་ཕེབས་ནས་བསྟན་འགྲོའི་ལེགས་མཛད་རྒྱ་ཆེར་བསྐྱངས། དགུང་གྲངས་སོ་བདུན་པ་སྤྱི་ལོ་༡༩༦༢རྒྱ་གར་འབྲས་ལྗོངས་རུམ་སྟེགས་སུ་སྐུ་གཤེགས་སོ། །

[༢] སྐུ་ཞབས་དགེ་མང་སྐུ་ཕྲེང་རིམ་བྱོན།

གསུམ་པ་སྐུ་ཞབས་དགེ་མང་རིམ་བྱོན་ནི། སྐུ་རབས་དང་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་གོང་དུ་རྒྱས་པར་སོང་།

སྐུ་ཕྲེང་གཉིས་པ་ཐུབ་དབང་བསྟན་པའི་ཉི་མའམ་རྒྱལ་སྲས་གཞན་ཕན་ཆོས་ཀྱི་སྣང་བ་ནི། རབ་བྱུང་བཅུ་བཞི་པའི་སྨད་དུ་ཡུལ་དབུས་ལྷ་ལྡན་ཆོས་ཀྱི་ཞིང་སར་གཞུང་ཞབས་སྡེ་བ་མཐོན་པོའི་རིགས་སུ་སྐུ་འཁྲུངས། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་སྐུ་ཞབས་སྐུ་ཕྲེང་གཉིས་པར་ངོས་བཟུང་སྟེ་རུ་དམ་གདན་སར་སྤྱན་དྲངས་ནས་གསེར་ཁྲིར་བཀོད། སྐུ་གཞོན་པའི་དུས་ནས་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན་པ་སོགས་འཕགས་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ། རྗེ་གོང་མའི་ཐུགས་སྲས་ཐུ་བོ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ་རྣམ་གཉིས་གཙོ་བོར་གྱུར་པའི་བཤེས་གཉེན་བཅུ་ཕྲག་ལྷག་གཙུག་རྒྱན་དུ་བསྟེན་པ་ལས་ཐུན་མོང་སྒྲ་ཚད་བཟོ་གསོ་ནས་ཐུན་མིན་ནང་དོན་རིག་པའི་བཀའ་པོད་གཞུང་ཆེན་དང་བཅས་པར་གསན་སྦྱང་དཔྱིས་ཕྱིན་པ་གནང་། ཁྱད་པར་སྔ་འགྱུར་བཀའ་གཏེར་གསར་རྙིང་གི་དབང་ལུང་གདམས་ཁྲིད་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ཐུགས་དམ་ཉམས་བཞེས་གནད་སྨིན་མཛད། སྐུ་ན་གཞོན་སྐབས་རྒོད་བག་གི་རྣམ་པ་ལྟ་བུ་བྱུང་བས་དཔལ་སྤྲུལ་རིན་པོ་ཆེས་བཀའ་བཀྱོན་གྱི་གསུང་བྲིས་བསྩལ་བར་རྟེན་ཐུགས་རྒྱུད་ཤིན་ཏུ་དུལ་བ་བྱུང་། དགུང་གྲངས་ཉི་ཤུ་སྐོར་མཁན་ཆེན་པདྨ་བཛྲ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས་པ་ནས་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་མ་གོས་པའི་འདུལ་འཛིན་བསྟན་པའི་གཙུག་རྒྱན་དུ་བཞུགས་ཤིང་། ཕྱིས་སུ་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་རྒྱལ་མཚན་རྗེ་འདི་ཉིད་ཀྱི་ཞལ་སྔ་ནས་བསྙེན་པར་རྫོགས་ཏེ་སྡོམ་རྒྱུན་སྤེལ་བ་དེང་སང་གི་བར་བར་མ་ཆད་པས་སྔ་འགྱུར་སོ་ཐར་སྡོམ་བརྒྱུད་དུ་བཞུགས། དགུང་ལོ་ཉེར་ལྔ་ཙམ་ནས་བསྐྱེད་རྫོགས་རྫོགས་ཆེན་གྱི་ཐུགས་དམ་ཉམས་བཞེས་ལ་གནད་དུ་བསྣུན་ནས་སྐུ་ཚེ་གང་པོར་སྒྲུབ་སྒོ་འདག་སྦྱར་མཛད་ཅིང་། ཕྱོགས་དང་ཕྱོགས་ནས་ཡོང་བའི་མཇལ་ཕྱག་ཆོས་འབྲེལ་ཞུ་མཁན་རྣམས་ལ་རབ་གསལ་གྱི་ཕྱི་རོལ་ནས་བྱིན་བརླབས་ཐུགས་སྨོན་གནང་བར་གྲགས། དད་འབུལ་གྱི་དངོས་རྫས་ཅི་འབྱོར་ཐམས་ཅད་ཀྱིས་གསེར་ཟངས་ཀྱི་སྐུ་བརྙན་དང་ཞལ་ཐང་དངོས་གཙང་ལ་རྒྱུ་སྤུས་བཟང་བ་བརྒྱ་ཕྲག་ལྷག་བཞེངས་པ་དང་། གསུང་རབ་སྣ་ཚོགས་པ་གསེར་བྲིས་དང་ཤིང་པར་དུ་བསྐོས་པ་ཡང་བགྲངས་ཀྱིས་མི་ལང་། ཁྱད་པར་རྗེ་འདི་ཉིད་ཀྱི་ཐུགས་བསྐྱེད་བདག་རྐྱེན་གྱི་གསུང་བསྐུལ་ལ་བརྟེན་ཏེ་འཇམ་མགོན་མི་ཕམ་རིན་པོ་ཆེས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་བཀའ་འབུམ་ཞུ་དག་མཛད་དེ་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་བསྐྲུན་པ་སོགས་བསྟན་པའི་སྲོག་རྩར་སྨན་པའི་ཕྲིན་ལས་རྒྱ་ཆེ། མདོར་ན་འཁོར་ལོ་གསུམ་གྱི་མཛད་པས་སྤྱི་དང་བྱེ་བྲག་གི་བསྟན་འགྲོའི་ལེགས་ཚོགས་མཐར་རྒྱས་སུ་སྤེལ་བ་བསམ་གྱིས་མི་ཁྱབ་ཅིང་། རེ་ཞིག་ཞིང་འདིའི་འགྲོ་དོན་རྫོགས་པ་ན་ཕྱི་ནང་གསང་བའི་གྲོལ་རྟགས་ངོ་མཚར་བ་མཐུན་སྣང་དུ་བྱུང་བ་དང་བཅས་གཟུགས་སྐུ་ཞི་བར་གཟིམས་པའི་ཚུལ་བསྟན་ཏོ། །

སྐུ་ཞབས་གསུམ་པ་གར་དབང་ལས་རབ་གླིང་པ་ནི། སྤྱི་ལོ་༡༩༣༠པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལ་ཡབ་དགེ་སྡེའི་ཆོས་རྒྱལ་ཆེན་པོའི་མདུན་ན་འདོན་སྔོ་ཁྱོའི་ཐུབ་བསྟན་དང་། ཡུམ་བསོད་ནམས་ལྷ་མོ་ཞེས་པའི་སྲས་སུ་ཁམས་སྡེ་དགེའི་ཡུལ་དུ་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་མཛད་ཅིང་གསེར་ཁྲིར་བཀོད། བྱ་བྲལ་ཀུན་དགའ་དཔལ་ལྡན་དང་། ཨ་བུ་ལྷ་རྒྱལ། ཉི་སྤྲུལ་དྲུག་པ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་སོགས་གཙུག་རྒྱན་དུ་བསྟེན་ཏེ་བཀའ་གཏེར་དག་སྣང་གི་དབང་ལུང་གདམས་ངག་མ་ཚང་བ་མེད་པ་གསན་བཞེས་མཛད། རྗེ་ཉིད་ཀྱི་ཡོངས་འཛིན་མཁན་པོ་པདྨ་ཆོས་དཔལ་ལས་ཐུན་མོང་གཙུག་ལག་གི་གནས་དང་། ཐུན་མིན་དབུ་ཕར་འདུལ་མཛོད་ཀྱི་གཞུང་ཆེན་ཁག་ལ་གསན་སྦྱང་ཅི་རིགས་མཛད་ཅིང་། སྐྱེས་ནས་ཐོབ་པའི་རྣམ་དཔྱོད་གཞན་མཚུངས་བྲལ་བས་སྨན་དང་ལྷ་བྲིས་སོགས་ལ་བསླབ་སྦྱང་མ་མཛད་ཀྱང་ཐོག་མ་ཉིད་ནས་མཁྱེན་ཅིང་ཆུབ་པར་གྲགས། དངོས་ཉམས་རྨི་ལམ་ཅི་རིགས་པར་སློབ་དཔོན་ཆེན་པོས་ཞལ་གཟིགས་རྗེས་གནང་བསྩལ་ཅིང་སྙིང་ཐིག་རྩ་གསུམ་དང་། མཚོ་རྒྱལ་དཀར་མོའི་སྒྲུབ་ཐབས་སོགས་དགོངས་གཏེར་དུ་མའི་བརྡ་བྱང་བཀྲོལ་བར་མཛད་པ་དང་། རྒྱལ་ཁམས་སྤྱིའི་མ་འོངས་ལུང་བསྟན་དང་གང་ཟག་སྒེར་གྱི་ཚེ་ཚད་གསུངས་པ་སོགས་ལ་ཐོགས་པ་མེད་པའི་མངོན་མཁྱེན་མངའ་ཞིང་ཐམས་ཅད་ཐོག་ཏུ་མ་ཁེལ་བ་མེད་པས་སྐུ་ཞབས་པའི་གསང་ལུང་འདྲ་ཞེས་དཔེར་གླེང་བ་བྱུང་། དེ་བཞིན་རྫས་གཏེར་ཀྱང་རུ་དམ་ཞབས་ཆུང་ལུང་ཕུ་ནས་དུང་དཀར་སྨན་སྒྲུབ་ཀྱིས་གང་བ་ངོ་མཚར་བ་དང་། རུ་དམ་ཚེ་རིང་ལྗོངས་ནས་རྡོ་རྗེ་འཆང་གི་ལི་སྐུ་མཐོ་གང་བ། ཧོར་ལྭ་དཀར་སྒང་རི་ཕུག་བྲག་རི་གཡང་མཁར་ནས་སྟོན་པ་ཐུབ་པའི་དབང་པོའི་སྐུ། རུ་དམ་གདན་སའི་ཡར་ཕྱོགས་ཆུ་མགོ་ནས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན། ཡར་ལུང་ཁོག་ནས་སློབ་དཔོན་ཆེན་པོའི་སྐུ་ཚབ་བྱེ་མའི་ཨ་ཀྲོང་བཅས་ཁྲོམ་གཏེར་དང་གསང་གཏེར་ཅི་རིགས་པ་བཞེས། ལྷ་ལྡན་དུ་ཕེབས་སྐབས་བསམ་ཡས་སུ་གནས་ཆུང་ཆོས་རྒྱལ་བྱིན་ཕེབས་པ་དང་ཁེལ་བས་སྐུ་རྟེན་པས་ཁྲོམ་ཚོགས་ཀྱི་དཀྱིལ་ནས་སྤྱན་དྲངས་ཏེ་རྒྱ་ཁྲིར་བཞུགས་སུ་གསོལ་ཞིང་། ཤྲཱི་སེང་ཆོས་གྲྭའི་བླ་རྟེན་བཙན་མཁར་སྐྱར་གསོ་མཛད་རྒྱུ་དང་སྤྱི་བྱེའི་ཞབས་རིམ་ལ་ཕུར་པ་ཁང་བརྩེགས་བཞེངས་དགོས་པའི་ལུང་བསྟན་གནང་ཞིང་སྐུ་ཆས་གསེར་དངུལ་གྱི་མེ་ལོང་དང་རྒྱ་གསེར་གྱི་པང་ཁེབས་བཀྲོལ་ཏེ་ཕུལ། ཤྲཱི་སེང་ཆོས་གྲྭར་བཞུགས་པའི་ཕྱོགས་འདུས་ཀྱི་གྲྭ་སློབ་ཡོངས་ལ་སྐབས་དང་སྐབས་སུ་བཀའ་གཏེར་གསར་རྙིང་གི་དབང་ཁྲིད་ལུང་རྒྱུན་བསྩལ་བ་སོགས་ཆོས་མཛད་ཀྱི་མཛད་པ་རྒྱ་ཆེན་བསྐྱངས། དགུང་གྲངས་ཉེར་དགུ་པར་དར་མདོའི་ཁྲིམས་ཁང་དུ་ཟླ་ངོ་གཅིག་ཙམ་སོང་བའི་ནུབ་གཅིག་ན་བཟའ་ཐམས་ཅད་བསལ་ཏེ་སྐུ་མཉམ་བཞག་གིས་བཞུགས་པའི་དེ་མ་ཐག་སྐུ་གཤེགས། ཉིན་འགའི་རིང་ལ་ཕྱོགས་དེར་འཇའ་འོད་ཀྱི་གུར་ཁང་ཕུབ་པ་སོགས་ཡ་མཚན་གྱི་མངོན་རྟགས་མཐོང་ཆོས་སུ་བྱུང་བས་བཙོན་གྲོགས་ཐམས་ཅད་ངོ་མཚར་བར་གྱུར་ཏོ། །

[༣] མཁན་ཆེན་པདྨ་བཛྲ་སྐུ་རབས་རིམ་བྱོན།

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་དུས་ཀྱི་ཐུགས་ཟིན་གྱི་རྒྱལ་ཚབ་བདེ་ཀོང་མཁྱེན་གསུམ་ཞེས་གྲགས་པ་ལས། བདེ་དགའ་རིན་པོ་ཆེའི་སྐུ་རབས་དང་པོ་མཁན་ཆེན་པདྨ་བཛྲའི་རྣམ་ཐར་འོག་ཏུ་མཁན་རབས་ཀྱི་སྐབས་སུ་འབྱུང་བ་དང་། སྐུ་རབས་གཉིས་པ་མཁན་སྤྲུལ་བདེ་མཆོག་རྡོ་རྗེ་དང་སྐུ་ཕྲེང་གསུམ་པ་སྐྱབས་རྗེ་པདྨ་སྐལ་བཟང་རྣམ་གཉིས་ཀྱི་རྣམ་ཐར་གོང་དུ་གདན་རབས་ཀྱི་སྐབས་སུ་རྒྱས་པར་སོང་ཟིན།

[༤] རྫོགས་ཆེན་ཀོང་སྤྲུལ་སྐུ་རབས་རིམ་བྱོན།

རྫོགས་ཆེན་ཀོང་སྤྲུལ་སྐུ་རབས་དང་པོ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ནི། ས་སྐྱོང་སྡེ་དགེའི་ཡུལ་དུ་ཆོས་རྒྱལ་ཆེན་པོའི་བཀའི་མདུན་ན་འདོན་བརྒྱུད་མར་བྱུང་བའི་གདུང་རིགས་གྱང་ཁང་ཞེས་གྲགས་པའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རྗེ་ཉིད་ཀྱི་བླ་མ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཕྲིན་ལས་ཀྱི་སྤྲུལ་བར་ངོས་བཟུང་ནས་རྫོགས་ཆེན་བླ་བྲང་དུ་སྐུ་བདག་མཛད། མཆོག་སྤྲུལ་བདེ་དགའ་རིན་པོ་ཆེ་དང་ལྷན་དུ་སྐུ་ཚེ་གང་པོར་གཟིམས་ཁང་གཅིག་ཏུ་བཞུགས་ཤིང་ཐུགས་སྣང་ཤིན་ཏུ་གཤིན། གྲུབ་དབང་ལྔ་པ་ཆེན་པོ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། མཁན་ཆེན་གཞན་དགའ་སོགས་དུས་དེའི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་ཞལ་སྔ་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད། དམ་པ་འདི་ཐུགས་ཤིན་ཏུ་སྒམ་ཞིང་སྐུ་ཚེ་གང་པོར་ཐུགས་དམ་བསྙེན་སྒྲུབ་ཁོ་ན་ལ་བརྩོན་པ་ལས་གཞན་པའི་བསྟན་སྲིད་ཀྱི་ཐུགས་འགན་བཞེས་པར་མི་མཛད་པས། གྲུབ་དབང་ལྔ་པ་ཆེན་པོ་དང་མཆོག་སྤྲུལ་བདེ་དགའ་རིན་པོ་ཆེ་ཞིང་དུ་གཤེགས་རྗེས་བླ་བྲང་གི་བསྟན་སྲིད་ཕལ་མོ་ཆེ་ཕྱག་མཛོད་རྣམས་ཀྱིས་གཟིགས་རྟོག་མཛད་པར་གྲགས། གྲུབ་དབང་སྐུ་རབས་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་གསེར་ཁྲིར་བཀོད་ཅིང་རང་ལུགས་ཀྱི་ཆོས་རྒྱུན་ཅི་རིགས་བསྩལ་བ་སོགས་སྐུ་ཚེ་དང་འགྲོ་དོན་མཐའ་རུ་ཕྱིན་པའི་ངང་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །

ཀོང་སྤྲུལ་སྐུ་རབས་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ་ནི། སྤྱི་ལོ་༡༩༥༣པ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་ལོར་ཡབ་རྒྱ་མགར་གྲགས་མགོན་ཞེས་པའི་བསྐྱེད་ཁྱིམ་དུ་རུ་དམ་གདན་ས་ལས་མི་རིང་བའི་ས་ཕྱོགས་རྒྱ་སྟོད་ཞེས་པར་སྐུ་འཁྲུངས། གྲུབ་དབང་སྐུ་རབས་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེས་ངོས་འཛིན་ཁྲི་གསོལ་མཛད། དགུང་གྲངས་དགུ་ལ་སོན་སྐབས་དུས་འགྱུར་གྱི་རྒུད་པ་སྟོབས་སུ་བདོ་བས་སྐུ་ན་མ་སྨིན་པར་གཤེགས། །

[༥] རྫོགས་ཆེན་མཁྱེན་བརྩེ་སྐུ་རབས་རིམ་བྱོན།

རྫོགས་ཆེན་མཁྱེན་བརྩེ་སྐུ་རབས་དང་པོ་གུ་རུ་ཚེ་དབང་ནི། སྤྱི་ལོ་༡༨༩༦པ་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་ལོར་ཀོང་པོའི་ཕྱོགས་སུ་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དབུས་ཕེབས་ཀྱི་ལམ་བར་ནས་རྗེ་ཉིད་ཀྱི་རིགས་བདག་ཐུན་མིན་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཐུགས་སྤྲུལ་དུ་ངོས་འཛིན་མཛད། སྐུ་འཁོར་ཞབས་འབྲིང་པ་གུར་འགའ་མཆོག་སྤྲུལ་འདི་ཉིད་དང་བདེ་དགའ་ཟུང་རུ་དམ་གདན་སར་སྤྱན་འདྲེན་པར་ཕྱིར་བརྫངས། རྗེ་ཉིད་དབུས་ཕེབས་གྲུབ་ནས་གདན་སར་ཞབས་སོར་བཀོད་འཕྲལ་ཡང་སྲིད་རྣམ་གཉིས་གསེར་ཁྲིར་བཀོད་དེ་རྫོགས་ཆེན་བླ་བྲང་རང་དུ་སྐུ་བདག་མཛད། མཁས་གྲུབ་དམ་པ་དུ་མ་ཡོངས་འཛིན་དུ་བསྟེན་ཏེ་ཐུན་མོང་ཐུན་མིན་གྱི་རིག་པའི་གནས་ལ་ཐོས་བསམ་མཛད་པས་སྐྱེས་སྦྱང་གི་མཁྱེན་དཔྱོད་རབ་ཏུ་ཡངས་པར་གྲགས། ཁྱད་པར་གྲུབ་དབང་ལྔ་པ་རིན་པོ་ཆེའི་ཞལ་སྔ་ནས་བཀའ་གཏེར་གསར་རྙིང་གི་སྨིན་ཁྲིད་མ་ལུས་པ་གསན་ཏེ་ཉམས་བཞེས་མཛད། དམ་པ་འདི་ཉིད་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཀྱི་སྐྱེས་བུ་ཞིག་འོང་བའི་ཚོད་དུ་སྣང་ཡང་བར་ཆད་ཀྱིས་སྐུ་ཚེ་མ་བརྟན་པར་དགོངས་པ་རྫོགས་པར་གྲགས་སོ། །

མཁྱེན་བརྩེ་གཉིས་པ་གཞོན་ནུ་བློ་གྲོས་ནི། སྤྱི་ལོ་༡༩༣༧པ་རབ་བྱུང་བཅུ་དྲུག་པའི་མེ་གླང་ལོར་ཡབ་འོད་གསལ་རྡོ་རྗེ་དང་ཡུམ་འཇམ་དབྱངས་སྒྲོལ་མ་གཉིས་ཀྱི་སྲས་སུ་རུ་དམ་འབྲོག་རུ་སྡེ་བར་སྐུ་འཁྲུངས། སྤྲུལ་སྐུ་དྲི་མེད་ཀྱིས་ཐོག་མའི་ངོས་འཛིན་གྱི་ས་བོན་ལ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཐུགས་ཐག་བཅད་པ་ལྟར་ཁྲི་གསོལ་སྐུ་བདག་མཛད། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་དང་། གླིང་སྤྲུལ་རིན་པོ་ཆེ་སོགས་དུས་དེའི་མཁས་གྲུབ་ཀྱི་བཤེས་གཉེན་ཇི་སྙེད་ཅིག་བཞུགས་པ་དག་ལས་དབང་ཁྲིད་མན་ངག་གི་ཟབ་ཆོས་མཐའ་ཡས་པ་གསན་བསམ་མཛད། སྐྱེས་ཐོབ་ཀྱི་ཤེས་རབ་མཆོག་ཏུ་མྱུར་བ་སོགས་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྨད་དུ་བྱུང་བར་གྲགས་ཀྱང་སྐུ་ཚེ་མཐར་མ་ཕྱིན་པར་དགུང་གྲངས་ཉེར་གཉིས་བཞེས་པ་དུས་འགྱུར་ཆེན་མོའི་སྐབས་སུ་སྐུ་གཤེགས་སོ། །

[༦] འབྲུག་པ་སྐུ་རབས་རིམ་བྱོན།

གྲུབ་དབང་རྫོགས་ཆེན་པའི་བསྟན་སྲིད་ལ་མཛད་རྗེས་རྨད་དུ་བྱུང་བའི་བསྟན་འཛིན་ཆེན་མོ་ཀུན་འབྲུག་གླིང་གསུམ་ཞེས་གྲགས་པ་ལས། གྲུབ་དབང་སྐུ་རབས་གཉིས་པའི་དུས་སུ་བྱོན་པའི་འབྲུག་པ་སྐུ་ཕྲེང་དང་པོ་འབྲུག་པདྨ་རྣམ་རྒྱལ་ནི། སྤྲུལ་གཞི་འཕགས་པའི་ཡུལ་གྱི་པཎ་ཆེན་ན་རོ་པ་བསམ་བཞིན་སྤྲུལ་པའི་ཟློས་གར་བསྒྱུར་པ་གྲུབ་བརྙེས་ཆེན་པོ་འབྲུག་པ་ཀུན་ལེགས་དང་། དེའི་ཡང་སྤྲུལ་ལྷོ་ཁམས་པ་སྒར་གྱི་འབྲུག་པ་སྐུ་ཕྲེང་སོགས་དཔལ་མཉམ་མེད་བཀའ་བརྒྱུད་པའི་དམ་པའི་སྐྱེས་ཆེན་དུ་མའི་སྐྱེ་བ་བཞེས་པའི་མཐར། ཁམས་པ་འབྲུག་པའི་ཡང་སྲིད་དེ་མ་ཐག་པ་རྫོགས་སྤྲུལ་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་མཆེད་དུ་སྐུ་བལྟམས། རྫོགས་ཆེན་དགོན་དུ་སྐུ་བདག་བྱས་ཏེ་ཕྱིས་སུ་བླ་བྲང་ཡང་ཟུར་དུ་ཆགས། གྲུབ་དབང་སྐུ་རབས་གཉིས་པའི་སྐབས་སུ་ཕྱི་ནང་གསང་བའི་བསྟན་སྲིད་ལ་མཐུན་འགྱུར་ཞབས་ཞུ་ཚད་མེད་གནང་བ་སོགས་འགྲོ་དོན་མཐར་ཕྱིན་ངང་སྐུ་གཤེགས་སོ། །

སྐུ་ཕྲེང་གཉིས་པ་འབྲུག་ཐུབ་བསྟན་ཚུལ་ཁྲིམས་ནི། མདོ་ཁམས་རྫ་རྒྱུད་གད་ཐོག་ཅེས་པའི་འབྲོག་སྡེར་སྐུ་འཁྲུངས། སྐུ་གཞོན་ནུའི་སྐབས་འདབ་ཆག་ནམ་མཁར་འཕུར་བ་བསད་ནས་གསོ་ནུས་པ་སོགས་གྲུབ་སྨྱོན་གྱི་སྤྱོད་པ་ཅན་ཞིག་སྟེ་སྐུ་ཚེ་མཐར་མ་ཕྱིན་པར་དགུང་གྲངས་གཞོན་དུས་སྐུ་གཤེགས། །

སྐུ་ཕྲེང་གསུམ་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་ནི། རྫ་རྒྱུད་སྟག་དགོན་ཞེས་པའི་སྡེ་བར་སྐུ་འཁྲུངས། གྲུབ་དབང་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ངོས་འཛིན་སྐུ་བདག་མཛད། ལུགས་གཉིས་ཀྱི་གཟིགས་པ་ཡངས་པས་གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཕྱག་རོགས་གནང་སྟེ་རྫོགས་ཆེན་དགོན་གྱི་བསྟན་པའི་ཐུགས་འགན་བཞེས། སྐུ་ཚེའི་སྨད་དུ་ཐུགས་དམ་ཉམས་བཞེས་ཀྱི་གནས་ལ་རྩེ་གཅིག་ཏུ་བརྩོན་པས་ལྟ་དགོངས་ཀྱི་རྩེ་མོར་སོན་པ་བཅས་དོན་གཉིས་ལྷུན་གྲུབ་ངང་སྐུ་གཤེགས་སོ། །

སྐུ་རབས་བཞི་པ་སྨིན་གྲོལ་འཁོར་ལོའི་མགོན་པོ་བདག་ཅག་གི་འདྲེན་མཆོག་དམ་པ་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉི་མ་མཆོག་ནི། སྤྱི་ལོ་༡༩༢༩པ་སྟེ་རབ་བྱུང་བཅུ་དྲུག་པའི་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོར་རུ་དམ་གདན་ས་ཆེན་མོའི་ཉེ་འདབས་སུ། ཡབ་བཟོ་རིག་ལ་མཁས་པ་དབང་རྒྱལ་དང་ཡུམ་ནོར་ལྷ་ཟུང་གི་བསྐྱེད་ཁྱིམ་དུ་ངོ་མཚར་བའི་མཚན་ལྟས་དང་བཅས་སྐུ་བལྟམས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་འབྲུག་པའི་ཡང་སྲིད་བཞི་པར་ངོས་བཟུང་སྟེ་ཐུབ་བསྟན་ཉི་མ་ཞེས་མཚན་གསོལ། དགུང་གྲངས་བདུན་ནས་མཁན་པོ་དཀོན་མཆོག་བཟང་པོས་ལྗགས་ཀློག་ཕུལ་བས་ཚེགས་མེད་དུ་མཁྱེན། དགུང་ལོ་དགུའི་ཐོག་རྫོགས་ཆེན་དགོན་དུ་ཞབས་པད་ཁྲི་ལ་བཀོད་དེ་མངའ་གསོལ་བྱས། མཁན་པོ་ཚེ་རིང་ནོར་དགའ་ཡོངས་འཛིན་དུ་བསྐོས་པ་ལས་སྤྱོད་འཇུག་དང་། སྡོམ་གསུམ། དཔལ་སྤྲུལ་བཀའ་འབུམ། གཞན་ཕན་མཐའ་ཡས་བཀའ་འབུམ། པད་རྡོའི་བཀའ་འབུམ་རྣམས་དང་། ཐུན་མོང་གི་རིག་གནས་དང་མཐོང་བརྒྱུད་ཀྱི་ཕྱག་བཞེས་སོགས་ལ་གསན་སྦྱངས་མཛད། དགུང་གྲངས་བཅུ་གཅིག་ནས་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་ནམ་ཨ་བུ་ལྷ་སྒང་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ནས། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་དང་། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོ་ཐར་ལམ་དཀར་པོའི་ཁྲིད་སོགས་གསན་ཞིང་། དབེན་པའི་གནས་སུ་བཅད་མཚམས་ཀྱིས་འབུམ་ལྔ་དང་བླ་མའི་རྣལ་འབྱོར་འབུམ་ཕྲག་དྲུག་ཅུ། སྐུ་གསུམ་བསྙེན་པ་ས་ཡ། ལུས་སྦྱིན་འབུམ་བཅས་གྲུབ་པར་མཛད། དེ་ནས་རྫོགས་པ་ཆེན་པོའི་དངོས་གཞིའི་ཁྲིད་ཀྱི་སྐབས་གཞི་དབྱིངས་ཀ་དག་གི་རིག་པ་བདེ་བླག་ཏུ་ངོ་འཕྲོད་པས་བླ་མ་རིན་པོ་ཆེ་ཐུགས་དགྱེས་པ་ཆེན་པོས་གཅིག་ཆར་པའི་རིགས་ཅན་དུ་བསྔགས་བརྗོད་གནང་། དགུང་གྲངས་བཅོ་ལྔའི་དུས་ཨ་བུ་ལྷ་རྒྱལ་རིན་པོ་ཆེས་མཁན་པོ་དང་། མཁན་འཇིགས་མེད་བློ་གྲོས་ཀྱིས་ལས་སློབ། གཞན་མཁན་ཟུར་པདྨ་ཆོས་དཔལ་དང་། མཁན་པདྨ་ཚེ་དབང་། ཡོངས་འཛིན་ཚེ་རིང་ནོར་དགའ་བཅས་བཞུགས་པའི་མདུན་ནས་རབ་བྱུང་གི་སྡོམ་པ་བླངས་ཏེ་དམ་ཆོས་འདུལ་བ་ལས་བྱུང་བའི་སྤང་བླང་གི་གནས་མཐའ་དག་འགལ་མེད་དུ་སྤྱོད། རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ལས། ཟབ་གསང་རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞི་དང་། དུམ་གཉིས་སོགས་ཀྱི་སྨིན་གྲོལ་གདམས་པ་བཅས་གསན། ཉི་སྤྲུལ་དྲུག་པ་ཐུབ་བསྟན་བཤད་སྒྲུབ་བསྟན་པའི་ཉི་མ་ལས་གྲུབ་དབང་རྫོགས་ཆེན་པ་སྐུ་ཕྲེང་རིམ་བྱོན་གྱི་གསུང་ཆོས་རྣམས་དང་། ཉི་གྲགས་ཆོས་སྐོར་ཡོངས་རྫོགས། ཆེ་ཡོལ་རིག་འཛིན་ཆེན་མོའི་ཆོས་སྐོར་བཅས་ཀྱི་དབང་ལུང་གསན། གླིང་སྤྲུལ་ཐུབ་བསྟན་བཤད་སྒྲུབ་ཕྲིན་ལས་རྒྱ་མཚོའི་དྲུང་ནས་སྔ་འགྱུར་བཀའ་མ་ཡོངས་རྫོགས་དང་། རིན་ཆེན་གཏེར་མཛོད། འཇིགས་གླིང་པོད་དགུ་སོགས་དང་། མཁན་ལྷ་རྒྱལ་ལས་ཀློང་ཆེན་མཛོད་བདུན་དང་། ཚིག་གསུམ་གནད་བརྡེག རྒྱ་ཆེན་སྤྱོད་སྲོལ་གྱི་བྱང་སྡོམ། མི་ཕམ་བཀའ་འབུམ་གསན། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་མདུན་ནས་མཛོད་ཆེན་བདུན་དང་། འཛིན་པ་རང་གྲོལ་གྱི་དབང་ལུང་། ཟབ་མོ་ལྟ་བའི་ལུགས་ཀྱི་བྱང་ཆུབ་སེམས་སྡོམ། མཁན་ཆེན་ཐུབ་བསྟན་སྙན་གྲགས་ལས་རྒྱུད་གསང་བ་སྙིང་པོའི་སྐོར་དང་། ཡབ་རྒན་ངག་དབང་ནོར་བུ་ལས་གསང་འགྲེལ་མུན་སེལ་སྐོར་གསུམ། རྙིང་མ་རྒྱུད་འབུམ། ཡོན་ཏན་མཛོད་རྩ་འགྲེལ། རྒྱལ་རོང་ནམ་སྤྲུལ་ལས་དགོངས་པོད་བཅུ་གསུམ་གྱི་དབང་ལུང་གིས་མཚོན་གསན་བསམ་རྒྱ་ཆེར་མཛད་ཅིང་། དེ་ལྟར་གསན་པ་ཙམ་དུ་མ་བཞག་པར་རུ་དམ་ཚེ་རིང་ལྗོངས་དང་གཤིན་རྗེ་སྒྲུབ་ཕུག་སོགས་དབེན་པའི་གནས་རྣམས་སུ་ལོ་ཟླ་བསྟུད་མར་སྒོམ་སྒྲུབ་ཀྱིས་ཉམས་སུ་བླངས་པའི་ཚུལ་ནི། དཀོན་མཆོག་སྤྱི་འདུས། བཀའ་བརྒྱད། རྡོར་སེམས། རྒྱུད་ཕུར། རཏ་ཕུར། སྙིང་ཐིག་རྩ་གསུམ། འཛིན་གྲོལ། ཁྲོས་མ། ཡུམ་ཆེན་མོ། ཞི་ཁྲོ་སོགས་ཀྱི་བསྙེན་པ་བཞི་འགྱུར་དང་ལས་རུང་སོགས་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་བྱས་པས་དངོས་ཉམས་རྨི་ལམ་རྣམས་སུ་ལྷ་དང་བླ་མ་མཇལ་ནས་ཁྲིད་དང་གདམས་ངག་གནང་བ་དང་། ཁྱད་པར་ཐོད་རྒལ་གྱི་འཆར་སྣང་རྟེན་ལ་མ་ལྟོས་པ་རྩོལ་མེད་བྱུང་བ་སོགས་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་འཁྲུངས། ནད་པ་དང་སྨྱོ་འབོག་སོགས་ལ་གཅོད་ཀྱི་ལུས་སྦྱིན་དང་། ཁྲུས་དང་། བཀའ་བསྒོ་གནང་བ་ཙམ་གྱིས་ནད་གདོན་ལས་གྲོལ་བ་སོགས་ནུས་མཐུ་དང་བྱིན་རླབས་ཚད་མེད་པ་བརྙེས། སྐུ་ན་ཆུང་དུས་སུ་མཁན་རིན་པོ་ཆེ་ལྷ་རྒྱལ་ལས་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་ཟབ་ལམ་འཕོ་བའི་གདམས་པ་གསན་ཏེ་ཁྲིད་སྦྱངས་གནང་བས་ཞག་བདུན་ནས་རྟགས་ཐོན། མཁན་རིན་པོ་ཆེས་དམ་པ་འདི་ཉིད་འཕོ་བ་ལ་བྱང་ཆུབ་པའི་ཚད་དུ་འཛིན་ཅིང་གསོན་གཤིན་གང་ཡིན་རུང་ཁོང་ལས་འཕོ་བ་ཞུས་ན་ལེགས་ཚུལ་གྱི་བསྔགས་བརྗོད་རྒྱ་ཆེར་གནང་། ཕྱིས་སུ་མགོ་ལོག་དང་། ཁྲོམ་ཐར་སོགས་ནས་འཕོ་བ་གསུང་སྐབས་གཤིན་པོར་སྐྲ་རྟགས་དང་། གསོན་པོ་རྟོག་མེད་དུ་འགྲོ་བ་སོགས་ངོ་མཚར་བའི་གྲུབ་རྟགས་མང་དུ་བྱུང་། གཞན་ཡང་གཞག་སར་ཁོག་ཞི་དར་དགོན་དུ་སེར་སྐྱ་བརྒྱ་སྟོང་མང་པོ་ལ་ཁྲོམ་དབང་གནང་སྐབས་བུམ་ཆུ་ཟད་མེད་དུ་བསྒྱུར་བ་དང་། རུ་དམ་གདན་ས་ནས་བདག་ཅག་འདུས་པ་སྟོང་ཕྲག་ལྷག་ལ་རིན་ཆེན་གཏེར་མཛོད་ཀྱི་སྨིན་དབང་གནང་སྐབས་ཉི་ཟླ་ནོར་བུའི་གཟུགས་མཁའ་ལམ་དུ་ཆེས་གསལ་བར་ཤར་བ་དང་། ཐོད་པའི་གསང་ཡེའི་རྫས་བདུད་རྩིར་དངོས་སུ་གྱུར་པ་སོགས་གྲུབ་པའི་རྟགས་མཚན་ཤིན་ཏུ་མང་། དུས་འགྱུར་གྱི་བདུད་ལས་སྣ་ཚོགས་པས་ཇི་ལྟར་གཙེས་ཀྱང་བཙོ་མའི་གསེར་བཞིན་དམ་པའི་རང་གཤིས་གཞོམ་གཞིག་བྲལ་ཞིང་། གདུལ་བྱ་མཆོག་དམན་ཡོངས་ལ་ངོ་སྲུང་ཚུལ་འཆོས་མེད་པར་བུ་གཅིག་པུའི་མ་ལྟར་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པ་སོགས་དམ་པའི་རྣམ་ཐར་མཐའ་ཡས། བསྟན་པ་ཡང་དར་གྱི་སྐབས་སུ་བཀའ་གཏེར་དུས་མཆོད་ཆེན་མོ་རྣམས་ཀྱི་དཀྱིལ་འཁོར་རྡུལ་ཚོན་ནས་གར་འཆམ་དབྱངས་རོལ་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཆེ་ཕྲ་ཀུན་རང་ལུགས་འཁྲུལ་མེད་དུ་རང་རྐང་ཚུགས་པའི་ཉམས་གསོ་ཕྱག་ཁྲིད་མཛད་པ་དང་། སྒྱུ་འཕྲུལ་ཞི་ཁྲོ། སྙིང་ཐིག་ཡ་བཞི། ཀར་གླིང་ཞི་ཁྲོ། ཆེ་ཡོལ་ཆོས་སྐོར། སྔ་འགྱུར་བཀའ་མ། རིན་ཆེན་གཏེར་མཛོད་ཆེན་མོ། དགོངས་འདུས་གསེར་པོད། ཉི་གྲགས་ཆོས་སྐོར། སྙིང་ཐིག་དུམ་གཉིས། བར་དོ་དྲུག་ཁྲིད་སོགས་ཀྱི་སྨིན་ཁྲིད་བསྩལ་ཏེ་བསྟན་རྒྱུན་མི་ནུབ་པར་སྤེལ། དེ་བཞིན་ལྷ་སར་ལྷ་ཁང་དང་། ཕོ་བྲང་ཆེན་མོ་སོགས་དགོན་གྱི་བླ་སྤྲུལ་རྣམས་དང་ལྷན་དུ་བསྐྱར་བཞེངས་དང་། སྔ་ཕྱིར་ཚེ་སྒྲུབ་ཆེན་མོ་སོགས་དགོན་གྱི་དུས་མཆོད་རྣམས་ཀྱི་སྤྱི་པ་ལོ་སུམ་ཅུ་ལྷག་མཛད། སྤྱི་ལོ་༡༩༩༩ལོར་བསྟན་འགྲོ་སྤྱིའི་ཞབས་རིམ་དང་ས་གནད་ཀྱི་མེ་བཙར་གཟིགས་ཏེ་མཐོང་གྲོལ་སྒྲོལ་མ་ལྷ་ཁང་རྒྱུ་སྤུས་ཤིན་ཏུ་ལེགས་པ། ནང་རྟེན་དུ་སྒྲོལ་མའི་སྐུ་བརྙན་ཐོག་བརྩེགས་གཉིས་པ་གཡས་གཡོན་དུ་རྡོར་སེམས་དང་འཇམ་དབྱངས་བཅས་གསེར་ཟངས་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་བྱོན་ལེགས། མཐའ་སྐོར་དུ་སྒྲོལ་མ་ཉེར་གཅིག་གི་སྐུ་བརྙན་རྒྱ་ནག་གི་བཟོ་བོས་ལུགས་སུ་བླུགས་པ་བཅས་ངོ་མཚར་བ་གསར་བཞེངས་གནང་བ་དང་། ལོ་འདིར་ཚོགས་ཆེན་ལྷ་ཁང་བསྐྱར་བཞེངས་བྱུང་བའི་ནང་རྟེན་གཙོ་བོ་སྟོན་པ་ཐུབ་པའི་དབང་པོ་དང་། སློབ་དཔོན་ཆེན་པོ། རྡོ་རྗེ་སེམས་དཔའ་བཅས་ཀྱི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཤ་སྟག་བཞེངས་གནང་མཛད་པ་བཅས་བསྟན་འགྲོ་སྤྱིའི་དཔལ་མགོན་དུ་སྐུ་འཚོ་ཞིང་གཞེས་པ་དང་། ད་དུང་ཕྱི་མའི་དུས་སུ་ཇི་སྲིད་སྐལ་བ་རྒྱ་མཚོར་ཞབས་པད་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་གདུལ་བྱ་སྨིན་ཅིང་གྲོལ་བའི་ས་ལ་དགོད་པར་ཞུ་ཞེས་གསོལ་བ་འདེབས་པ་ལགས་སོ། །

[༧] གླིང་བླ་སྐུ་རབས་རིམ་བྱོན།

གྲུབ་དབང་སྐུ་རབས་གསུམ་པའི་སྐབས་སུ་བྱོན་པའི་གླིང་བླ་སྐུ་ཕྲེང་དང་པོ་གླིང་གྲུབ་ཐོབ་བསོད་ནམས་སྦྱིན་པ་ནི། བོད་རབ་བྱུང་བཅུ་གསུམ་པའི་དཀྱིལ་ཙམ་ལ་རྫ་རྒྱུད་ཁྲོ་ཤུལ་དུ་གླིང་ཚང་ཟེར་བའི་དུད་ཁྱིམ་ཞིག་ཏུ་སྐུ་འཁྲུངས་པར་གྲགས། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ཏེ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་དང་། གྲུབ་དབང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། དཔོན་སློབ་གསང་སྔགས་བསྟན་འཛིན་སོགས་བླ་མར་བསྟེན་ཏེ་བཀའ་གཏེར་ཀྱི་ཆོས་སྐོར་སྤྱི་དང་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཟབ་ཁྲིད་མན་ངག་རྣམས་གསན་བཞེས་མཛད། གདན་ས་འདིའི་སྒྲུབ་གནས་དབེན་ཁྲོད་རྣམས་སུ་ཐུགས་དམ་ཉམས་བཞེས་ལ་གནད་དུ་བསྣུན་པས་གྲུབ་བརྙེས་རིག་འཛིན་ཆེན་པོ་གླིང་གྲུབ་ཐོབ་ཅེས་གྲགས་པ་དོན་ལྡན་གྱི་རྟོགས་པའི་དབང་ཕྱུག་ཆེན་པོར་གྱུར། བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་ཏེ་སྐུ་ན་མཐོན་པོར་སོན་པའི་སྐབས་སུ་དགོངས་པ་རྫོགས་སོ། །

སྐུ་ཕྲེང་གཉིས་པ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་གྱི་རྣམ་ཐར་འོག་ཏུ་མཁན་རབས་ཀྱི་སྐབས་སུ་རྒྱས་པ་འབྱུང་ངོ་། །

སྐུ་ཕྲེང་གསུམ་པ་ཐུབ་བསྟན་སྐལ་བཟང་རྒྱ་མཚོའམ་འཇིགས་མེད་ཚེ་དབང་ཕྲིན་ལས་རྒྱ་མཚོ་ནི། མདོ་ཁམས་སྡེ་དགེའི་རྒྱལ་ཁམས་སུ་སྐུ་འཁྲུངས་ཤིང་རུ་དམ་གདན་སར་གསེར་ཁྲིར་བཀོད། མཁན་ཆེན་པདྨ་བཛྲ་དང་། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དག་གི་ཞབས་པད་བཏུད་དེ་གསན་བསམ་རྒྱ་ཆེར་མཛད་ཀྱང་། སྐུ་ཚེ་དང་ཕྲིན་ལས་མཐར་མ་ཕྱིན་པར་སྐུ་ན་གཞོན་པའི་སྐབས་སུ་དགོངས་པ་རྫོགས། །

སྐུ་ཕྲེང་བཞི་པ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་པའི་དཀྱིལ་དུ་འདན་ཆོས་འཁོར་གྱི་ཉེ་ཕྱོགས་རྣམ་རྒྱལ་གླིང་དུ་ཡབ་རིག་འཛིན་རྡོ་རྗེ་དང་། ཡུམ་རིག་འཛིན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་ནས་གླིང་བླ་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་སྐུ་བདག་མཛད། མཁས་མཆོག་གཞན་ཕན་སྣང་བ་དང་། བྱ་བྲལ་ཀུན་དགའ་དཔལ་ལྡན། མུ་ར་པདྨ་བདེ་ཆེན་བཟང་པོ། ཨ་གྲོའི་མཁན་ཆེན་བསོད་ནམས་ཆོས་འཕེལ་སོགས་ཡོངས་འཛིན་བཤེས་གཉེན་དུ་མ་གཙུག་རྒྱན་དུ་བསྟེན་ཏེ་ཐུན་མོང་ཐུན་མིན་གྱི་རིག་པའི་གནས་ལ་གསན་བསམ་མཛད། ཁྱད་པར་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཞལ་སྔ་ནས་སྔ་འགྱུར་བཀའ་མ་དང་། རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་མ་ཚང་བ་མེད་པ་གསན་ཏེ་རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། བདག་ཅག་གི་བླ་མ་དམ་པ་འབྲུག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་ཉི་མ་སོགས་ལ་བསྩལ་བའི་བསྟན་རྒྱུན་ཕྱི་མའི་མཐར་ཡང་ཉམས་པ་མེད་པ་འདི་བཞིན་བྱུང་། རྗེ་འདི་དགུང་གྲངས་ཉི་ཤུ་རྩ་སྟོད་ཙམ་ན་གྲུབ་དབང་ལྔ་པ་ཞིང་དུ་གཟིགས་ཤིང་གཙུག་ལག་ཁང་ཆེན་མོ་ལ་མེ་དགྲ་བྱུང་བ་དང་། དུས་མཚུངས་དཔོན་སློབ་དང་དགེ་མང་སྐུ་ཞབས། ཀུན་འབྲུག་གཉིས་སོགས་བསྟན་འཛིན་གཞན་དག་ཀྱང་ཞི་བར་གཤེགས་ཤིང་ཡང་སྲིད་འཁྲུངས་པ་རྣམས་ཀྱང་སྐུ་ན་ཆེས་གཞོན་པ་བཅས་གདན་ས་ལ་གོད་ཆགས་ཆེན་མོ་སྟབས་གཅིག་ཏུ་བྱུང་། དུས་དེར་གདན་རབས་བཅུ་པའི་བསྟན་སྲིད་ཀྱི་ཐུགས་འགན་མཆོག་སྤྲུལ་བདེ་དགའ་རིན་པོ་ཆེས་བཞེས་པ་ལ་དམ་པ་འདིས་ཕྱག་རོགས་རྒྱ་ཆེར་མཛད་ཅིང་། ཡར་མར་འབུལ་སྡུད་ལ་ཕེབས་སྐབས་དངོས་རྫས་ཆེ་ཕྲ་ཅི་ཡོད་ཐམས་ཅད་ཚོགས་པའི་གྲལ་ནས་དགོན་གཞུང་ལ་འབུལ་ཏེ་ང་རང་གི་ཁོངས་སུ་ཅུང་ཟད་ཀྱང་སོང་བ་མེད་ཅེས་འགག་མཛད་པར་གྲགས། རྗེ་འདི་བྱ་བཏང་ཁོ་ན་ལ་ཐུགས་དགྱེས་ཤིང་དད་པས་ཕུལ་བའི་སྐུ་རྫས་རྣམས་སྔ་ཕྱིར་ལན་གྲངས་གསུམ་དུ་སྤང་དག་མཛད། སྐུ་ཚེའི་སྨད་དུ་དཔོན་སློབ་སྐུ་ཡི་སྤྲུལ་བ་རྒྱ་ཟིལ་སྤྲུལ་སྐུ་ལ་གླིང་བླ་སྐུ་ཆུང་དུ་མཚན་གསོལ་ནས་བླ་བྲང་གི་བརྒྱུད་འཛིན་པར་བཞག་ཅིང། རྗེ་ཉིད་ཤྲཱི་སེང་ཆོས་གྲྭའི་རི་ངོགས་ཀྱི་སྔར་དུས་མི་ཕམ་སྒྲུབ་ཕུག་ཏུ་འབོད་པ་དེར་བྱ་བྲལ་སྒོ་གཅིག་པའི་ཚུལ་གྱིས་སྐུ་མཚམས་ལ་གཏན་བཞུགས་མཛད་པས་ཕྱིས་སུ་གླིང་བླའི་སྒྲུབ་ཕུག་ཏུ་གྲགས་པ་བྱུང་། དུས་འགྱུར་ཆེན་མོའི་སྐབས་སུ་བཙོན་ཁང་དུ་ཉིན་འགར་བཞུགས་རྗེས་ཟབ་ལམ་འཕོ་བའི་ཉེ་ལམ་ལ་བརྟེན་ཏེ་དགོངས་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །

[༨] འབྲུག་པ་སྐུ་ཆེན་སྐུ་ཕྲེང་རིམ་བྱོན།

གྲུབ་དབང་སྐུ་རབས་བཞི་པའི་སྐབས་སུ་བྱོན་པའི་འབྲུག་ཆེན་སྐུ་རབས་དང་པོ་ཆོས་དབྱིངས་རོལ་བའི་རྡོ་རྗེ་ནི། སྤྱི་ལོ་༡༨༥༨པ་རབ་བྱུང་བཅུ་བཞི་པའི་དོན་གྲུབ་ཅེས་པ་ས་ལུག་ལོར་མདོ་ཁམས་རུ་དམ་གཡས་ལུང་དབང་ཆེན་རྟ་ཡི་ལུང་པའམ་རྟ་མཛེས་པད་མོ་རོང་ཞེས་པའི་ས་ཆར། ཡབ་ཕྱག་ཚྭའི་སངས་རྒྱས་འོད་ཟེར་ཞེས་དམ་པ་མང་པོས་གཏེར་སྟོན་ཚད་མར་བསྔགས་པའི་རིག་སྔགས་འཆང་ཆེན་པོ་དེ་ཉིད་དང་། ཡུམ་མཁའ་འགྲོའི་མཚན་ལྡན་ཉི་མ་སྐྱིད་གཉིས་ཀྱི་སྲས་སུ་ཆུ་ཟངས་འོ་མར་འགྱུར་པ་སོགས་ངོ་མཚར་བའི་མཚན་ལྟས་དང་བཅས་སྐུ་འཁྲུངས། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་སྨིན་གླིང་རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་གྱི་ཡང་སྲིད་དུ་ངོས་འཛིན་མངའ་གསོལ་མཛད། སྐུ་ན་ཆེས་གཞོན་པའི་སྐབས་ནས་རབ་ཏུ་བྱུང་བ་དང་ཡི་གེའི་འབྲི་ཀློག་ལ་བསླབས་པས་སྐྱེས་ཐོབ་ཀྱི་མཁྱེན་རབ་འགྲན་ཟླ་དང་བྲལ་བར་གྲགས། མཁན་ཆེན་པདྨ་བཛྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་སོ་ཐར་འདུལ་བའི་གནང་བཀག་གི་གནས་ཕྲ་མོ་ཙམ་ལ་ཡང་ཐུགས་ཡེངས་མི་མཛད་པས་སྐུ་བཙུན་པའི་ཚད་དུ་འཛིན། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་རྣམ་རྒྱལ། གླིང་སྤྲུལ་གཉིས་པ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་སོགས་དུས་དེའི་གྲུབ་དབང་རྫོགས་ཆེན་པའི་མཁས་གྲུབ་བཤེས་གཉེན་ཆེན་མོ་དག་ལས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་དཔྱིས་ཕྱིན་པ་མཛད་པས་མཁས་པའི་ཡང་རྩེར་བསྙེགས། ཁྱད་པར་གྲུབ་དབང་རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཐུན་མིན་རིགས་བདག་ཏུ་བསྙེན་པའི་ཞལ་སྔ་ནས་རང་ལུགས་ཀྱི་ཕ་ཆོས་ཟབ་མོ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྨིན་ཁྲིད་ཆིག་རྫོགས་སུ་གསན་པས་དོན་བརྒྱུད་བསྟན་པའི་བདག་པོར་དབུགས་དབྱུང་། རྗེ་འདི་དགུང་གྲངས་ཉི་ཤུའི་སྐོར་ནས་དགོངས་པ་རྫོགས་པའི་བར་སྐུ་ཚེ་ཧྲིལ་པོར་རུ་དམ་དབེན་ཁྲོད་པདྨའི་ཐང་དང་། དེ་ལས་ཀྱང་གོང་དུ་འཛེགས་པའི་ཡང་དབེན་གཡུ་འབྲུག་ནམ་མཁའ་རྫོང་བཅས་སུ་སྐུ་མཚམས་བཅད་རྒྱ་ཁོ་ནས་ཐུགས་དམ་ཉམས་བཞེས་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་བརྙེས་ཀྱི་རིག་འཛིན་ཆེན་པོར་གྱུར། བཱི་མའི་རྣམ་རོལ་མཁན་ཆེན་ངག་དབང་དཔལ་བཟང་དང་གཏེར་སྟོན་བསོད་རྒྱལ་སོགས་ལ་སྨིན་གྲོལ་མན་ངག་གི་ཉམས་ཁྲིད་གནོག་ཆོས་སུ་བསྩལ་བར་མཛད་པས་བསྟན་རྒྱུན་ཕྱོགས་བརྒྱར་འཕེལ། རྗེ་འདི་ཉིད་ཀྱིས་ལྟ་མགུར་ཞལ་གདམས་སྐོར་གྱི་གསུང་རྩོམ་གླེགས་བམ་གསུམ་ཙམ་མཛད་པར་གྲགས་ཀྱང་དེང་དུས་ཕལ་ཆེར་མི་བཞུགས། དེ་ལྟར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོར་བྱོན་ནས་མཐར་དགུང་གྲངས་ཞེ་བཞི་ཙམ་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པར་སྣང་ངོ་། །

སྐུ་ཕྲེང་གཉིས་པ་ཐུབ་བསྟན་བཤད་སྒྲུབ་ཕྲིན་ལས་རྒྱ་མཚོ་ནི། རྨ་ཀླུང་རིང་མོ་དལ་གྱིས་འབབ་པའི་འགྲམ་ངོགས་བྱང་ཕྱོགས་མགོ་ལོག་ཨ་སྐྱོང་གི་སའི་ཆ་ཡངས་པ་རུ། ཡབ་གད་ཐོག་བཀྲ་རྡོ་དང་བསྐྱེད་ཡུམ་གཙང་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་རྟ་ལོར་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་སྐུ་བདག་མཛད་དེ་རུ་དམ་གདན་སར་སྤྱན་དྲངས། རྗེ་དེ་ཉིད་ལས་བཀའ་གཏེར་གསར་རྙིང་གི་སྨིན་ཁྲིད་མཐའ་ཡས་པ་གསན་པ་དང་། ཡོངས་ཀྱི་བཤེས་གཉེན་ཆེན་པོ་བྱ་བྲལ་ཀུན་དགའ་དཔལ་ལྡན་དང་མཁན་ལྷ་རྒྱལ་རྣམ་གཉིས་ལས་ཐུན་མིན་རྫོགས་ཆེན་སྐོར་གྱི་སྨིན་ཁྲིད་གསན་ནས་སྔོན་འགྲོ་ནས་དངོས་གཞིའི་ཆོས་སྐོར་གྱི་ཉམས་བཞེས་མཐར་སྐྱེལ་གནང་། རྗེ་འདི་སྐུ་ཚུགས་ཤིན་ཏུ་བཙུན་ཞིང་མཆོག་དམན་ཡོངས་ལ་ཐུགས་རྒྱུད་བྱམས་པས་མཇལ་བ་ཙམ་གྱིས་མོས་གུས་ཀྱི་མཆི་མ་འཁྲུགས་པ་སོགས་དམ་པའི་རྣམ་ཐར་མཐའ་ཡས། གྲུབ་དབང་དྲུག་པ་སྐུ་ན་གཞོན་སྐབས་ནས་གདན་ས་ཆེན་མོའི་བསྟན་སྲིད་ཀྱི་ཐུགས་འགན་བཞེས་པའི་ཕྱག་རོགས་རྒྱ་ཆེར་མཛད། མཐར་དགུང་གྲངས་ང་བཞི་བཞེས་པ་སྤྱི་ལོ་༡༩༥༩ལོའི་དུས་འགྱུར་ཆེན་མོའི་སྐབས་སུ་སྐུ་མྱ་ངན་ལས་འདས་སོ། །

[༩] ཀུན་བཟང་སྐུ་རབས་རིམ་བྱོན།

གྲུབ་དབང་སྐུ་རབས་ལྔ་པའི་སྐབས་སུ་བྱོན་པའི་ཀུན་བཟང་སྐུ་ཕྲེང་དང་པོ་མདོ་སྔགས་བཤད་སྒྲུབ་རྒྱ་མཚོ་ནི། བོད་རབ་བྱུང་བཅུ་བཞི་པའི་སྨད་དུ་དགེ་རྩེ་ཧོ་ར་མའི་ནང་དུ་སྐུ་འཁྲུངས་ཤིང་རྫོགས་ཆེན་ཀུན་བཟང་རྒྱ་ར་མ་ཞེས་གྲགས། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་སྐུ་ཚེའི་སྨད་ཀྱི་ཞལ་སློབ་ཏུ་གྱུར་པ་དང་དུས་དེར་བླ་བྲང་ཡང་ཟུར་དུ་ཆགས། ལུགས་གཉིས་ཀྱི་མཁྱེན་སྒོ་ཡངས་པས་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐབས་སུ་མགྲོན་གཉེར་ཕྱག་མཛོད་ཆེན་མོའི་ཚུལ་གྱིས་རྫོགས་ཆེན་བླ་བྲང་གི་སྒར་པ་གར་བྱོན་ལ་ཕེབས། སྐབས་ཤིག་གྲུབ་དབང་སྐུ་འཁོར་ཧོར་ཁོག་ལ་གདུལ་བྱ་ཕེབས་ཤིང་དར་རྒྱས་དགོན་པའི་མདུན་དུ་ཆིབས་ལས་མ་བབ་པས་གྲྭ་དམག་མང་པོས་རྡོ་དབྱུག་ཐོགས་ཏེ་རྗེས་འདེད་བྱས། ཀུན་བཟང་རྒྱ་ར་མས་དེར་རང་འཐག་གི་ཁང་ཆུང་ཞིག་ཡོད་པའི་ནང་དུ་རྫོགས་ཆེན་རིན་པོ་ཆེ་བཞུགས་སུ་བཅུག་སྟེ། ཁོང་ཉིད་སྐུ་སྟོབས་ཤིན་ཏུ་ཆེ་བས་ཁང་པའི་འགེབས་ཤིང་གདུང་མ་ཞིག་ཤར་གྱིས་ཤབ་པ་ན་ཐམས་ཅད་དཔའ་ཞུམ་སྟེ་ཕྱིར་བྲོས་པར་གྲགས། གཞན་ཡང་མགོ་རྫོགས་བར་གྱི་འགལ་དོན་བྱུང་སྐབས་ཀྱང་ཕོ་སྒོ་ཡངས་ཤིང་སྨྲ་བརྗོད་བདེ་བ་ཞེས་ཀུན་ལ་གྲགས་པ་བྱུང་། བཀའ་གཏེར་གྱི་སྒྲུབ་མཆོད་ཆེན་མོའི་སྐབས་སུ་རྗེ་འདི་ཀར་གླིང་ཞི་ཁྲོའི་མཆོད་ཁག་གི་དབུ་བཞུགས་པ་དང་། སྨིན་གླིང་རྡོར་སེམས་ཀྱི་དབུ་བཞུགས་པ་འབྲུག་པ་རིན་པོ་ཆེས་མཛད་ཅེས་ཟེར། སྐུ་ཚེའི་སྨད་དུ་ཀུན་བཟང་བླ་བྲང་གཟིམས་ཁང་དང་བཅས་པ་རྫོགས་ཆེན་མཁྱེན་བརྩེ་གཉིས་པ་གཞོན་ནུ་བློ་གྲོས་ལ་ཕུལ་ཏེ་རྗེ་ཉིད་དབེན་ཁྲོད་པདྨའི་ཐང་དུ་སྐུ་མཚམས་ལ་ཡུན་རིང་བཞུགས་པའི་མཐར་ཞི་བར་གཤེགས་སོ། །

སྐུ་རབས་གཉིས་པ་ཀུན་བཟང་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་ནི། མདོ་ཁམས་སྡེ་དགེའི་ཆོས་རྒྱལ་ཆེན་མོའི་རྒྱལ་ས་དང་ཆེས་ཉེ་བའི་ས་ཕྱོགས་སྒ་ལེན་སྟེང་ཞེས་གྲགས་པའི་ཡུལ་གྲུ་རུ། ས་སྐྱོང་སྡེ་དགེའི་ཆོས་རྒྱལ་གྱི་མངའ་ཁོངས་སུ་དངོས་འབྱོར་གྱིས་ཕྱུག་པའི་གདམ་དུད་ཉེར་ལྔའི་ཡང་རྩེ་ཟག་ཚའི་གཞི་ཁྱིམ་དུ་བསྐྱེད་ཡབ་དཀོན་མཆོག་བློ་གྲོས་དང་། ཡུམ་སྡེ་དགེའི་རྨ་ལྷོ་ཚང་གི་བུ་མོ་བཀྲ་ཤིས་དཔལ་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་མེ་གླང་སྤྱི་ལོ་༡༩༣༧ལོར་སྐུ་འཁྲུངས་པ་སྟེ། སྔོན་འཁོར་མདོ་ཆོས་རྗེ་ནས་མ་ཡུམ་ལ་ཁྱོད་ལ་བུ་སྐྱེ་བ་མཐོན་པོ་ཞིག་འཁྲུངས་རྒྱུ་ཡོད་ཅེས་ལུང་བསྟན་པར་གྲགས། རྗེ་འདི་སྐུ་ན་ཕྲ་མོ་ནས་དམ་པའི་རིགས་སད་ཅིང་ཕལ་པ་ལས་ཁྱད་དུ་འཕགས་པའི་ཡོན་ཏན་གྱི་ཚོགས་མངོན་དུ་གྱུར་པ་ཞིག་བྱུང་། དགུང་ལོ་བཞི་ལྔ་ཙམ་གྱི་དུས་རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེས་རྫོགས་ཆེན་ཀུན་བཟང་སྐུ་ཕྲེང་གཉིས་པར་ངོས་འཛིན་མཛད་དེ་གདན་སར་བཀོད། ཨ་བོའི་མཁན་པོ་འཇིགས་བློ་ཡོངས་འཛིན་དུ་བསྐོས་པ་ལས་བོད་ཡིག་འབྲི་ཀློག་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན། དེ་ནས་རིམ་པར་གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། ཨ་བུ་ལྷ་རྒྱལ། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ། མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁན་ཟུར་པདྨ་ཚེ་དབང་། མཁན་ནོར་གཡང་། མུ་ར་པདྨ་ནོར་བུ། ཡབ་ཆེན་ངག་དབང་ནོར་བུ་སོགས་མཁན་སྤྲུལ་སྐྱེས་ཆེན་རྣམས་ལས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་ཆེན་མོ་རྣམས་ཀྱི་བཤད་ཁྲིད་དང་། སྔ་འགྱུར་བཀའ་གཏེར་གྱི་སྨིན་དབང་། སྙིང་ཐིག་གསར་རྙིང་གི་ཟབ་ཁྲིད། རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་བཅས་གསན་བསམ་རྒྱ་ཆེར་མཛད། སྤྱི་ལོ་༡༩༥༨ལོའི་དུས་འགྱུར་སྐབས་ནས་ལོ་ངོ་ཉེར་གཉིས་ལ་ཁྲིམས་ཆད་ཕོག་སྡེ་ངལ་རྩོལ་སྒྱུར་བཀོད་ལ་ཡུན་རིང་བཞུགས་དགོས་བྱུང་། སྤྱི་ལོ་༡༩༧༩ལོའི་ཟླ་བ་༡༡པར་བཙོན་གྲོལ་ཐོབ་སྟེ་ཕྱིར་རྫོགས་ཆེན་དུ་ཕེབས། དུས་དེར་ས་འདིའི་མི་ཁ་ཤས་ལ་ད་དུང་གཡོན་ཕྱོགས་ཀྱི་བསམ་བློ་ཤུགས་ཆེན་ཡོད་སྟབས་ཁོང་ལ་ལྟ་སྣང་སྡུག་པོ་བྱེད་ཀྱིན་ཡོད་ཅེས་གསུངས། སྤྱི་ལོ་༡༩༨༠ལོར་རྒྱལ་བསྟན་ཡང་དར་གྱི་ཆོས་སྒོ་ཐོག་མར་ཕྱེས་པ་ནས་མཐར་དགོངས་པ་མ་རྫོགས་ཀྱི་བར་དུ། དམ་པ་འདི་ཉིད་ཀྱིས་གདན་ས་ཆེན་མོ་བསྐྱར་གསོ་ལ་བསྟན་འཛིན་སྐྱེས་བུ་གཞན་དག་རྣམས་དང་ལྷན་དུ་སྐུ་ཚེགས་ཆེན་པོས་ཕྱག་ལས་མཛད་པ་སྨོས་ཀྱིས་མི་ལང་པ་སྟེ། ཁོང་གི་ཞལ་ནས། ང་ལ་རྫོགས་ཆེན་ཚང་གིས་སྤྲུལ་སྐུའི་མིང་བཏགས་པ་འདི་བསྟན་པ་དང་སེམས་ཅན་ལ་ཕན་ཅུང་ཟད་ཨེ་ཐོགས་དགོངས་པ་ཡིན་ཡང་། ད་སྔོན་ང་རང་དུས་ཀྱི་དབང་གིས་བཙོན་ཁང་དུ་འདུག་དགོས་བྱུང་བས་རྫོགས་ཆེན་ཚང་གི་བསྟན་པ་ལ་ཞབས་ཕྱིི་མ་འགྲུབ། ད་ཕྱིན་ཚེ་མཇུག་འདིར་རྫོགས་ཆེན་ཚང་གི་བསྟན་པ་ལ་ཞབས་འདེགས་ཅུང་ཟད་མི་སྒྲུབ་པར་ངལ་གསོ་བྱས་ཏེ་སྡོད་ཐབས་ཇི་ལྟར་ཡོད་ཅེས་པའི་གསུངས་བྱོན། རྗེ་འདིའི་འགྲན་ཟླ་དང་བྲལ་བའི་ལྷག་བསམ་ལ་ཡུལ་མི་ཕལ་བ་རྒན་གཞོན་ཀུན་ཀྱིས་བསྔགས་པར་བརྗོད་པ་བྱུང། སྐུ་ཉིད་ཀྱི་ཕྱག་རྫས་ཁོ་ནས་རྟེན་བཞེངས་མཛད་པ་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་སྐུ་དུས་སུ་ཐོག་མར་བཞེངས་པར་གྲགས་པའི་དགོན་གྱི་ཡར་ཤོག་དུང་འཁོར་དང་། ལྷ་གསར་ལྷ་ཁང་གི་རྟེན་གཙོ་ཟངས་གསེར་ལས་གྲུབ་པའི་གུ་རུའི་སྐུ་མཐོ་ཚད་གོང་མཐོ་ཉེར་བདུན་ཅན་གསེར་ཁྲི་རྒྱབ་ཡོལ་དང་བཅས་པ། དེའི་མདུན་དུ་གསེར་དངུལ་བཀྲ་མའི་མཎྜལ་ཆེ་ལེགས་དང་ཀོང་བུ་ཚེ་འབར་གྱི་རྟེན་ཐོ་སོགས་སྦྱོར་འཇགས་མཛད་པ་བཅས་བསྟན་འགྲོའི་ལེགས་མཛད་མཐར་རྒྱས་སུ་བསྐྱངས། དེ་ནས་དགུང་གྲངས་ང་བརྒྱད་བཞེས་པ་སྤྱི་ལོ་༡༩༩༥ལོར་སྙུན་གཞི་བཞེས་པས་ཁྲིན་ཏུ་སོགས་སྨན་ཁང་གང་སར་ཕེབས་ཀྱང་དྲག་སྐྱེད་མ་བྱུང་བས་ཕྱིར་གདན་སར་ཞབས་སོར་བཀོད། ལོ་དེའི་ཟླ་བ་བཞི་པའི་ཚེས་དྲུག་གི་ནམ་སྨད་ན་ཞབས་དཀྱིལ་ཀྲུང་གིས་བཞུགས་ཏེ་ཞལ་ཤར་ལྷོའི་ཕྱོགས་སུ་གཟིགས། སྐུ་དྲང་པོར་བསྲངས་ཏེ་ཧིཀ་ཀ་གཅིག་འཕངས་པ་དང་མཉམ་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །

[༡༠] གླིང་བླ་སྐུ་ཆུང་།

གླིང་བླ་སྐུ་ཆུང་རྒྱ་ཟིལ་སྤྲུལ་སྐུ་ཐུབ་བསྟན་ལུང་རིགས་རྒྱ་མཚོ་ནི། ཡབ་རྒྱ་ཟིལ་ཁྱི་ལུ་དགེ་དང་ཡུམ་ཚོང་དཔོན་སྐལ་ལྷ་གཉིས་ཀྱི་བསྐྱེད་ཁྱིམ་དུ་རྫ་རྒྱུད་ཨ་རིག་སྡེ་བའི་ས་ཆར་སྐུ་འཁྲུངས། ཐོག་མར་ཡུམ་གྱི་ལྷུམས་སུ་ཞུགས་སྐབས་ཨོ་རྒྱན་ཆེན་པོའི་མཚན་ནས་ལན་འགར་བོས་པ་སོགས་གསུང་བྱོན། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོས་དཔོན་སློབ་གསུང་གི་སྤྲུལ་བར་ངོས་བཟུང་ནས་རྗེ་ཉིད་ཀྱི་བླ་བྲང་དུ་སྐུ་བདག་མཛད། སེམས་ཅན་གྱི་ཤ་ཁྲག་མི་གསོལ་བ་སོགས་ལྷན་སྐྱེས་ཀྱི་ཡོན་ཏན་མངའ། གྲུབ་དབང་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། ཉི་སྤྲུལ་དྲུག་པ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ། ཡབ་རྗེ་ངག་དབང་ནོར་བུ་སོགས་བཤེས་གཉེན་ཆེན་མོ་དག་ལས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་ཁྲིད་རྒྱུད་ལུང་དང་བཅས་མ་ཚང་བ་མེད་པ་གསན་བཞེས་མཛད། ཕྱིས་སུ་གླིང་སྤྲུལ་རིན་པོ་ཆེ་བྱ་བཏང་བ་མཛད་དེ་དབེན་ཁྲོད་དུ་གཤེགས་སྐབས་བླ་བྲང་གི་ཕྱི་ནང་གསང་གསུམ་ཐམས་ཅད་མཆོག་སྤྲུལ་འདི་ཉིད་ལ་གཏད། དགུང་གྲངས་ཉི་ཤུའི་སྐོར་དུས་འགྱུར་གྱི་ཡོ་ལང་སྟོབས་སུ་བདོ་བས་སྐུ་ཚེ་མཐར་མ་ཕྱིན་པར་གཤེགས་སོ། །

[༡༡] སྲས་སྤྲུལ་སྐུ་རབས་རིམ་བྱོན།

སྲས་ཚ་སྤྲུལ་སྐུ་སྐུ་རབས་ལས། སྐུ་ཕྲེང་དང་པོ་སངས་རྒྱས་དགེ་ལེགས་ནི། ཡབ་ཁང་གསར་བསོད་ནམས་དོན་འགྲུབ་དང་ཡུམ་ཚོང་དཔོན་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རུ་དམ་བ་ཁོག་ཏུ་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་འོ་བྲན་དཔལ་གྱི་དབང་ཕྱུག་གི་རྣམ་རོལ་སྡེ་དགེའི་སྲས་བླ་མའི་སྐུ་སྐྱེར་ངོས་འཛིན་མཛད། རུ་དམ་གདན་སར་ཞབས་པད་བཀོད་དེ་ལུགས་གཉིས་ཀྱི་མཛད་པ་མཐར་རྒྱས་ངང་སྐུ་གཤེགས་སོ། །

སྲས་སྤྲུལ་གཉིས་པ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནི། སྤྱི་ལོ་༡༩༢༣པ་སྟེ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ལོར་རུ་དམ་བ་ཁོག་ཏུ་ཡབ་སངས་རྒྱས་སྐྱབས་དང་ཡུམ་ཡ་སྤྲུག་གཉིས་ཀྱི་སྲས་སུ་སྐུ་བལྟམས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་སྲས་སྤྲུལ་གཉིས་པར་ངོས་འཛིན་མཛད་དེ་རུ་དམ་གདན་སར་མངའ་གསོལ། གྲུབ་དབང་རིན་པོ་ཆེ་དང་། མཁན་པོ་བདེ་དགའ། ཨ་བུ་ལྷ་སྒང་། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་སོགས་ཡོངས་འཛིན་བཤེས་གཉེན་དུ་མའི་ཞབས་པད་ལ་བསྟེན་ཏེ་བཀའ་གཏེར་དག་སྣང་གི་སྨིན་ཁྲིད་མཐའ་ཡས་པ་གསན་བཞེས་མཛད། གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སྐུ་ན་གཞོན་སྐབས་ནས་བསྟན་སྲིད་ཀྱི་ཐུགས་འགན་བཞེས་པའི་ཕྱག་རོགས་མཛད། དུས་འགྱུར་ཆེན་མོའི་སྐབས་སུ་བཙོན་ཁང་དུ་ཡུན་རིང་བཞུགས་ཤིང་གློད་བཀྲོལ་ཐོབ་རྗེས་དགོན་འདབས་སུ་ལོ་འགར་བཞུགས། སྐབས་ཤིག་གྲུབ་དབང་དྲུག་པ་དང་ཡོངས་འཛིན་མཁན་པོ་རྣམ་གཉིས་ཟངས་མདོག་དཔལ་རི་ཡིན་སྙམ་པ་ལྟ་བུའི་དག་པའི་ཞིང་དུ་བཞུགས་པ་དང་མཇལ་ཞིང་། ད་ནས་མི་རིང་བར་ཁྱོད་ཀྱང་དུས་ངན་གྱི་འོག་ནས་ཐར་ཐུབ་པ་འོང་ཞེས་བཀའ་གནང་བྱུང་བས་ད་ནས་ང་རང་ཡུན་རིང་མི་སྡོད་པ་འདྲ་ཞེས་ཞལ་འཕྲོས་བསྩལ་པ་ལྟར་ཟླ་བ་གཅིག་ཙམ་ནས་སྐུ་གཤེགས་སོ། །

[༡༢] རྟོགས་ལྡན་སྐུ་རབས་རིམ་བྱོན།

རྟོགས་ལྡན་སྐུ་རབས་རིམ་བྱོན་ལས། སྐུ་ཕྲེང་དང་པོ་ཕུ་གུའི་བླ་མ་རྟོགས་ལྡན་ནི། མདོ་ཁམས་གསེར་རྟ་ཕུ་གུ་ཞེས་གྲགས་པའི་སྡེ་བར་སྐུ་འཁྲུངས། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ་སོགས་ཀྱི་ཞབས་པད་ལ་བཏུད་དེ་འོད་གསལ་རྫོགས་པ་ཆེན་པོ་གཙོ་བོར་གྱུར་པའི་མན་ངག་གི་ཟབ་ཁྲིད་མཐའ་ཡས་པ་གསན། སྐུ་ཚེ་ཧྲིལ་པོར་རུ་དམ་གདན་སར་བཞུགས་ཏེ་ཐུགས་དམ་ཉམས་བཞེས་ལ་རྩེ་གཅིག་ཏུ་གཞོལ་བས་ཉམས་རྟོགས་ཀྱི་རྩེ་མོར་སོན་ནས་རྟོགས་ལྡན་བླ་མ་ཞེས་མཚན་དུ་གྲགས་པ་བྱུང་། མཐར་ཕྱི་ནང་གི་གྲོལ་རྟགས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །

སྐུ་ཕྲེང་གཉིས་པ་མཁན་སྤྲུལ་རྟོགས་ལྡན་རིན་པོ་ཆེ་ཐུབ་བསྟན་རང་རིག་རྒྱ་མཚོའི་རྣམ་ཐར་འོག་ཏུ་མཁན་རབས་ཀྱི་ཚོམས་ལས་འབྱུང་ངོ་། །

རྟོགས་ལྡན་གསུམ་པ་ཨོ་རྒྱན་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནི། སྤྱི་ལོ་༡༩༤༣པ་སྟེ་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ཉིན་རུ་དམ་གདན་སའི་ཉེ་འདབས་ཀྱི་སྤང་ཐང་ཉམས་དགའ་བ་ན་གཞུང་ཁོག་ཏུ་གྲགས་པའི་ས་ཆ་རུ། ཡབ་ཁང་གསར་ངག་དབང་རྒྱལ་མཚན་དང་ཡུམ་ཚེ་རིང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་རྫོགས་ཆེན་སྤྲུལ་སྐུ་དྲི་མེད་རྣམ་གཉིས་ཀྱི་ཐུགས་བརྟགས་དགོངས་ལུང་གཅིག་མཐུན་ལྟར་རྟོགས་ལྡན་སྐུ་རབས་གསུམ་པའི་ཡང་སྲིད་དུ་ངོས་འཛིན་མངའ་གསོལ་མཛད། གྲུབ་དབང་སྐུ་རབས་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེས་གཙུག་ཕུད་བཞེས་པའི་མཚན་ལ་ཨོ་རྒྱན་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་གྲངས་ལྔའི་སྟེང་སྐུ་ཞང་བློ་གསལ་རྡོ་རྗེ་ལས་ཡི་གེ་འབྲི་ཀློག་ནས་མཐོང་རྒྱུད་ཆོ་གའི་ཕྱག་ལེན་ལ་བསླབ་སྦྱང་མཛད་པས་ལོ་ངོ་གཉིས་ཀྱིས་ཆགས་ཐོགས་མེད་པར་ཐུགས་སུ་ཆུད། དགུང་གྲངས་བརྒྱད་ལ་སོན་སྐབས་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་ཞལ་སྔ་ནས་མདོ་རིན་པོ་ཆེ་དང་། གཟན་དཀར་རིན་པོ་ཆེ། མཆོག་སྤྲུལ་འདི་ཉིད་བཅས་རྣམ་པ་གསུམ་གྱིས་ལྷན་དུ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས། གཞན་ཡང་ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལས་སྔ་ཕྱི་རྣམས་སུ་སྔོན་འགྲོ་ཀུན་བཟང་ཞལ་ལུང་དང་། ཀློང་ཆེན་མཛོད་བདུན་སོགས་མན་ངག་གི་ཟབ་ཁྲིད་མཐའ་ཡས་པ་གསན། སྐུ་ཞབས་དགེ་མང་རིན་པོ་ཆེའི་མདུན་ནས་ཉི་གྲགས་གཏེར་ཆོས་ཀྱི་དབང་ལུང་ཆ་ཚང་བ་དང་ཆོས་སྐྱོང་གི་སྲོག་གཏད་ཡོངས། འཛིན་པ་རང་གྲོལ་གྱི་དབང་ལུང་ཁྲིད་གསུམ། ཆགས་མེད་དཀར་བཅོད། སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་ཁྲིད་སོགས་ཟབ་ཆོས་གང་མང་དང་། གསོ་བ་རིག་པའི་སྐོར་དཔལ་ལྡན་རྒྱུད་བཞི་དང་། མན་ངག་བྱེ་བ་རིང་བསྲེལ། ཤེལ་གོང་ཤེལ་ཕྲེང་རྣམ་གཉིས། མི་ཕམ་སྨན་སྦྱོར་སོགས་གསོ་དཔྱད་སྨན་གྱི་བསྟན་བཅོས་ཆེན་མོ་དག་གི་བཤད་རྒྱུན་ལག་ཁྲིད་དང་བཅས་པ་གསན་ཞིང་ཕྱག་ལེན་དུ་ཐེབས་པའི་སྦྱང་པ་མཐར་ཕྱིན་མཛད། འབྲུག་པ་སྐུ་ཆེན་ཐུབ་བསྟན་བཤད་སྒྲུབ་ཕྲིན་ལས་རྒྱ་མཚོ་ལས་སྙིང་ཐིག་ཡ་བཞི་དང་། དུམ་གཉིས། འདུས་པ་མདོ་བཅས་ཀྱི་སྨིན་དབང་བཞེས་པ་དང་། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་ལས་ཀར་གླིང་ཞི་ཁྲོ་དང་། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་སོགས་ཀྱི་སྨིན་དབང་གསན། མཁན་རིན་པོ་ཆེ་ཨ་པཎ་ཆོས་དཔལ་ཡོངས་འཛིན་དུ་བསྐོས་པའི་ཞལ་སྔ་ནས་རོང་ཟོམ་བཀའ་འབུམ་དང་པདྨ་བཛྲའི་བཀའ་འབུམ་གྱི་ལུང་གསན། གཞན་ཡང་གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། མཁན་ནོར་གཡང་། ཡབ་ཆེན་ངག་དབང་ནོར་བུ་སོགས་བཤེས་གཉེན་དུ་མའི་དྲུང་ནས་དབང་ལུང་གདམས་ཁྲིད་མཐའ་ཡས་པ་གསན་ཏེ་ཐུགས་ཉམས་སུ་བཞེས། སྤྱིར་དམ་པ་འདི་དགུང་ལོ་བརྒྱད་ནས་བཅུ་དྲུག་བར་དམིགས་བསལ་གྱི་དུས་མཆོད་ཆེན་མོ་ཁག་དང་དབང་ལུང་གསན་བཞེས་ཀྱི་སྐབས་མ་གཏོགས་སྐུ་མཚམས་ལ་རྒྱུན་བཞུགས་མཛད་དེ། འཇམ་དབྱངས་སྨྲ་སེང་། རིག་འདུས། དཔལ་ཆེན། ཡུམ་ཀ རྡོར་སེམས། རྣམ་འཇོམས། སྨེ་རྩེགས། ཁྲོས་མ། གུར་དྲག རྟ་མགྲིན་དྲེག་ཟིལ། ཕུར་པ་རྒྱུད་ལུགས། ཀར་གླིང་ཞི་ཁྲོ་བཅས་ཀྱི་བསྙེན་ཚད་ཚར་གཉིས་རེ་བསགས་ཤིང་དེ་དག་གི་སྐབས་སུ་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་རྟགས་མཚན་དུ་མ་བྱུང་། སྐུ་གཞོན་ནུའི་དུས་ནས་ཕྱག་མོ་དགོངས་བརྟགས་གསུང་པ་ལ་ཐོགས་པ་མི་མངའ་ཞིང་ཐམས་ཅད་འཁྲུལ་བ་མེད་པ་དངོས་ཐོག་ཏུ་ཁེལ་བས་ཀུན་གྱིས་རྗེ་འདི་ཁོ་ན་ལ་ཐུགས་བརྟག་ཞུ་བ་དང་། དངོས་ཉམས་འོད་གསལ་གྱི་སྣང་ཆར་དག་མ་དག་པའི་གཟིགས་སྣང་བསམ་གྱིས་མི་ཁྱབ་ཅིང་རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེའི་ཡང་སྲིད་གསུམ་པ་མཆོག་སྤྲུལ་ཨོ་རྒྱན་མགོན་པོ་ངོས་འཛིན་ཐུགས་ཐག་བཅད་པ་སོགས་གསང་བ་བསམ་མི་ཁྱབ་པའི་རྣམ་ཐར་མཐའ་ཡས། དམ་པ་ཉིད་དགུང་ལོ་བཅུ་དྲུག་ནས་དུས་འགྱུར་གྱི་ཁྲོད་དུ་རྡེག་འཚོག་གི་སྐུ་ཚེགས་བསམ་ཡུལ་ལས་འདས་པ་ཐེངས་མང་བྱུང་ཡང་བསྟན་འགྲོའི་དཔལ་དུ་སྐུ་འཚོ་བར་མཛད། དེ་ནས་ཡང་དར་བསྟན་པའི་ཉི་མ་གསར་དུ་ཤར་ཚེ་བསྟན་འཛིན་གཞན་དག་རྣམས་དང་ལྷན་དུ་གདན་ས་སྐྱར་གསོའི་ཕྱག་ལས་ལ་ཞུགས་ཤིང་། ཁྱད་པར་སྐུ་ཉིད་གཅིག་པུས་ཕུར་ཆེན་དང་སྒྲུབ་མཆོད་ཀྱི་སྤྱི་པའི་ཐེབས་རྩ་གསར་འཛུགས་གནང་བ་དང་། དགོས་དབང་ཁྱད་པར་བ་ལ་གཟིགས་ཏེ་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་དུས་སུ་ཡོད་པའི་རྟ་བསང་ཆེན་མོ་སྐྱར་གསོ་གནང་། ཉེ་བའི་ཆར་གདན་ས་འདིར་མ་འོངས་པའི་བསྟན་རྒྱུན་དང་རིག་གནས་དར་སྤེལ་ལ་དགོངས་ཏེ་སློབ་ཁང་ཐོག་བརྩེགས་གསུམ་ཅན་བཟོ་བཀོད་རྒྱུ་སྤུས་ཤིན་ཏུ་ལེགས་པ། སྟེང་ཁང་དུ་རྡོར་སེམས་ལྷ་ཁང་རྟེན་དང་བརྟེན་པ་བཅས་གསར་འཛུགས་མཛད་ཅིང་དེར་བཞུགས་དགེ་སློབ་ཀུན་ལ་གསོལ་ཕོགས་ཆད་མེད་བསྩལ་བཞིན་པ་བཅས་བསྟན་འགྲོར་སྨན་པའི་མཛད་ཕྲིན་མཐར་རྒྱས་ངང་སྐུ་འཚོ་ཞིང་གཞེས་པ་ལགས་སོ། །

[༡༣] དབོན་པོ་སྐུ་རབས་རིམ་བྱོན།

རྫོགས་ཆེན་དབོན་པོ་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་ལས། སྐུ་ཕྲེང་དང་པོ་མཐུ་སྟོབས་རྣམ་པར་རྒྱལ་བའི་སྡེ་ནི་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་དབོན་པོ་རུ་སྐུ་འཁྲུངས་ཤིང་མཁན་ཆེན་བྷོ་དྷི་ས་ཏྭའི་རྣམ་རོལ་ཏུ་བསྔགས། སྐུ་ཚེ་གང་པོར་བསྙེན་སྒྲུབ་ཁོ་ནས་དུས་འདའ་བར་མཛད་དེ་དགོན་གྱི་མར་ཕྱོགས་སུ་བཞུགས་པས་མར་ཕྱོགས་དབོན་རྒན་མར་གྲགས། རྗེ་བཙུན་སྒྲོལ་མས་ཞལ་གཟིགས་ཤིང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་བཞེས་ལ་གནད་དུ་བསྣུན་པས་གྲུབ་པའི་ལྟ་དགོངས་མཐོན་པོར་སོན། སྐུ་ན་མཐོན་པོར་སོན་རྗེས་གཟོད་ཞིང་དུ་གཤེགས་ཤིང་ཕྱི་ནང་གསང་བའི་གྲོལ་རྟགས་ངོ་མཚར་བ་མཐོང་ཆོས་སུ་བྱུང་ངོ་།

སྐུ་ཕྲེང་གཉིས་པ་དབོན་སྤྲུལ་འཇིགས་མེད་རིན་པོ་ཆེ་ནི། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་དབོན་དུ་འཁྲུངས་པས་སྐུ་ཚ་དབོན་པོར་གྲགས། སྐུ་ན་ཆུང་ངུ་ནས་བསྟན་སྒོར་ཞུགས་ཏེ་ཆོས་སྤྱོད་ཆོ་གའི་ཕྱག་བཞེས་ཕྲ་རགས་ལ་མཁས་པར་སྦྱངས། གྲུབ་དབང་ལྔ་པ་གང་དུ་ཕེབས་པའི་ཞབས་གྲལ་དུ་བྱོན་པ་སོགས་གདན་ས་ཆེན་མོའི་བསྟན་སྲིད་ལ་ཐུགས་ཁུར་མཐུན་འགྱུར་ཚད་མེད་མཛད་དེ་ཞི་བར་གཤེགས་སོ། །

སྐུ་ཕྲེང་གསུམ་པ་དབོན་སྤྲུལ་ཕྱོགས་ལས་རྣམ་རྒྱལ་ནི། སྤྱི་ལོ་༡༩༤༨པ་རབ་བྱུང་བཅུ་དྲུག་པའི་ས་བྱི་ལོར་གོང་མའི་ཕྱག་མཛོད་ཁང་གསར་འོད་ཟེར་ཟླ་བ་དང་། མ་ཡུམ་དཀོན་མཆོག་ཆོས་སྒྲོན་གཉིས་ཀྱི་བསྐྱེད་ཁྱིམ་དུ་སྦྲ་གུར་འོད་ཀྱིས་ཁྱབ་པ་དང་། བྱ་རོགས་ཞིག་གིས་དུས་རྒྱུན་འབྲལ་མེད་དུ་སྲུང་བ་སོགས་ངོ་མཚར་བའི་མཚན་རྟགས་དང་བཅས་སྐུ་འཁྲུངས། སྐུ་གོང་མ་འདའ་ཁར་ཕྱག་མཛོད་ལ་ང་རང་ལ་སྐྱེ་འཆིའི་རང་དབང་ཞིག་ཡོད་ཕྱིན་ཁྱོད་མ་གཏོགས་འགྲོ་ས་མེད་ཅེས་གསུངས་པ་དང་། མཁན་པོ་ནོར་གཡང་ཁྱིམ་དེར་ཕེབས་སྐབས་བྱིས་པ་འདི་བཙོག་མ་བཅུག་དང་བདག་པོ་ཞིག་བུད་ཡོང་གསུངས་པ་ལྟར། དགུང་གྲངས་བརྒྱད་ཀྱི་དུས་གྲུབ་དབང་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། སྤྲུལ་སྐུ་དྲི་མེད། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་བཅས་ཀྱི་དགོངས་ལུང་གཅིག་མཐུན་གྱིས་དབོན་པོ་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་སྟེ། མི་ཕམ་འགྱུར་མེད་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མཚན་གསོལ་ཁྲི་འདོན་མཛད། དགུང་ལོ་བཅུ་ནས་ཡི་གེ་འབྲི་ཀློག་དང་ཆོ་གའི་ཕྱག་ལེན་སོགས་ལ་བསླབ་སྦྱང་ནན་ཏན་མཛད་ཅིང་། དུས་བར་རྣམས་སུ་གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། ཡོངས་འཛིན་མཁན་ཆེན་ཡོན་ཏན་མགོན་པོ། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ། རྫ་མུ་ར་པདྨ་ནོར་བུ་སོགས་བཤེས་གཉེན་དུ་མའི་ཞལ་སྔ་ནས་དབང་ཁྲིད་གདམས་ངག་མཐའ་ཡས་པ་གསན་བཞེས་གནང་སྟེ་ཐུགས་དམ་ཉམས་འོག་ཏུ་ཆུད་པར་མཛད། སྔ་ཕྱིར་གདན་ས་ཆེན་མོའི་བསྟན་སྲིད་ལ་ཐུགས་ཁུར་མཐུན་འགྱུར་རྒྱ་ཆེན་གནང་ཞིང་། ཁྱད་པར་གསེར་ཟངས་ལས་གྲུབ་པའི་མཁན་ཆེན་ཞི་འཚོའི་སྐུ་བརྙན་ཐོག་བརྩེགས་གཉིས་པ་མཆོད་རྫས་གསེར་དངུལ་ཀྱི་མཎྜལ་ཀོང་བུ་དང་བཅས་པ། གུ་རུ་གཙོ་འཁོར་གསུམ་དང་འོད་དཔག་མེད་ཀྱི་གོས་ཐང་ཆེན་མོ་སོགས་བཞེངས་བསྐྲུན་གནང་དང་གནང་བཞིན་པ་ནས། སླད་ཆར་སྐུ་ཚེ་ཡུན་དུ་བརྟན་ཏེ་བསྟན་འགྲོར་སྨན་པའི་བཞེད་དོན་མཐའ་དག་གེགས་མེད་འགྲུབ་པའི་སྨོན་འདུན་ཞུ།

དེ་ལས་གཞན་རྫོགས་སྤྲུལ་བཞི་པའི་དབོན་ཆུང་ཕྲིན་ལས་རིན་པོ་ཆེའི་ཡང་སྲིད་ཨ་སྐྱོང་ནང་འཁྲུངས་པ་སྐལ་བཟང་དབོན་པོ་སྤྲུལ་སྐུ། དེའི་ཡང་སྲིད་འབར་ཆུང་དུ་འཁྲུངས་པ་སྐུ་ཕྲེང་གསུམ་པ་འབར་ཆུང་དབོན་པོ་བཅས་སོ། །

གཞན་ཡང་དཔོན་སློབ་རིན་པོ་ཆེའི་ཕྲིན་ལས་ཀྱི་རྣམ་རོལ་བུ་རྒྱུད་སྤྲུལ་སྐུ་དང་། མཁན་ཆེན་གཞན་དགའི་ཡང་སྲིད་ཐེག་མཆོག་གོ་ཆ། མདོ་མཁྱེན་བརྩེའི་ཐུགས་སྤྲུལ་རྫོགས་ཆེན་བོད་པ་སྤྲུལ་སྐུ། མདོ་མཁྱེན་བརྩེའི་ཉེ་གནས་འོད་ཟེར་མཐའ་ཡས་ཀྱི་རྣམ་རོལ་སྤྲུལ་སྐུ་དྲི་མེད་འོད་ཟེར། ཕུར་ཚའི་མཁན་པོ་ཨ་དཀོན་གྱི་ཡང་སྲིད་ཕུར་ཚ་སྤྲུལ་སྐུ། མཁན་ཡེ་ཤེས་རྒྱ་མཚོའི་ཡང་སྲིད་ལྷ་རྗེ་སྤྲུལ་སྐུ། རོང་པོ་བདེ་ཆེན་གླིང་པའི་རྣམ་རོལ་མཆོག་སྤྲུལ་པདྨ་རྒྱལ་མཚན། མཁན་ཐུབ་བསྟན་ཆོས་འཕེལ་གྱི་ཡང་སྲིད་བསྟན་འཕེལ་སྤྲུལ་སྐུ། གཏོ་རུ་མཁན་པོ་སྐལ་ལྡན་རྒྱ་མཚོའི་ཡང་སྲིད་གཏོ་རུ་མགོན་སྲུང་། མཁན་ཆེན་དགེ་ལེགས་རྣམ་རྒྱལ་གྱི་ཡང་སྲིད་ལ་ཤུལ་སྤྲུལ་སྐུ་སོགས་བསྟན་འགྲོའི་དཔལ་མགོན་མཆོག་གི་སྤྲུལ་པའི་སྐུ་བཅུ་ཕྲག་འགའ་གདན་ས་འདིར་ངོས་འཛིན་སྐུ་བདག་མཛད་པས་གནའ་དུས་སུ་རྫོགས་ཆེན་སྤྲུལ་བརྒྱ་མ་ཞེས་ཕྱོགས་སུ་རླུང་ལྟར་གྲགས་པ་བྱུང་ངོ་། །

སྨྲས་པ།

སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་ཆུ་ཤེལ་ལས། །བྱུང་བའི་གསང་གསུམ་སྒྱུ་འཕྲུལ་ག་བུར་རྡུལ། །

བསྟན་འགྲོའི་ཨུཏྤལ་དར་བའི་རྩེ་དགའ་རུ། །སྨིན་ཚེ་ས་འདི་རྫོགས་ལྡན་དཔལ་ལ་འཁུ། །སྔར་ཞིག་གསང་ཆེན་ཆོས་ཀྱི་རྒྱལ་ཐབས་འདིར། །སྐབས་གསུམ་འཆི་མེད་བདག་པོའི་མདུན་ས་བཞིན། །བསྟན་འཛིན་དམ་པའི་སྐྱེ་སྤྲུལ་ལྷུན་ཆགས་པས། །ལྷ་བརྒྱའི་གྲལ་གྱི་དགའ་ཚལ་མཛེས་ཞེས་ཐོས། །གང་ཚེ་ཀུན་ཉོན་ལས་དང་ལུས་ཅན་གྲངས། །སྲིད་པའི་འཁོར་བ་མ་སྟོང་དེ་སྲིད་དུ། །རྨད་བྱུང་འཕྲིན་ལས་དུས་ལས་མི་ཡོལ་བའི། །འཇུག་པ་ཆུད་མི་ཟ་བ་རྒྱལ་རྣམས་གཤིས། །དེ་ཕྱིར་འདི་ན་བསླབ་གསུམ་ནོར་བུའི་གཏེར། །མ་ལུས་རྒྱན་འཆང་སྡེ་སྣོད་རྒྱུད་སྡེ་ལ། །མངོན་པར་བྱང་ཆུབ་བསྟན་པའི་རྩ་ལག་ཏུ། །བསམ་བཞིན་སྲིད་པ་བཟུང་བའི་མཁས་སྤྲུལ་མང་། །ཀྱེ་མ་དུས་འདིར་སྙིགས་སྤྱོད་མུན་པ་ཡིས། །བསྟན་པའི་སྲོག་རྩ་འཇོམས་ལ་སྟོབས་རྒྱས་པས། །འཁྲུལ་བྲལ་སྤྲུལ་པའི་ཟླ་བ་གསར་བའི་ཚོགས། །མཁས་བཙུན་བཟང་པོའི་སྣང་བ་འགྱེད་ལ་རན། །གང་ན་འཚོ་ཞིང་གཞེས་པའི་སྐྱེས་མཆོག་རྣམས། །སྐུ་ཚེ་མི་ཤིགས་ཆོས་བདུན་ལྟར་བརྟན་ཞིང་། །རྨད་བྱུང་ཕྲིན་ལས་སྣང་བ་དཀར་པོའི་འོད། །བསྟན་འགྲོའི་དཔལ་དུ་དུས་ཀུན་ནུབ་མེད་ཤོག །

ཅེས་བྱ་བ་ནི་བསྟན་འཛིན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམས་ཀྱི་སྐྱེས་རབས་རྣམ་ཐར་བརྗོད་པའི་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། ཞར་བྱུང་ཆོས་སྡེ་ཆེན་མོའི་བསྟན་འཛིན་སྐྱེས་ཆེན་སྤྱིའི་སྐུ་རབས་རྣམ་ཐར་བཤད་པའི་སྐབས་ཏེ་སརྒ་བཅུ་གསུམ་པ་རྫོགས་སོ།། །།

གཉིས། བཤད་སྒྲུབ་བསྟན་པའི་སྲོག་འཛིན་མཁན་རབས་ནོར་བུའི་ཕྲེང་བ་ཚར་དུ་དངར་བ་དག་གི་རྣམ་ཐར་བཤད་པ།

གཉིས་པ་བཤད་སྒྲུབ་བསྟན་པའི་སྲོག་འཛིན་མཁན་རབས་ནོར་བུའི་ཕྲེང་བ་ཚར་དུ་དངར་བ་དག་གི་རྣམ་ཐར་བཤད་པ་ནི།

མཁན་རབས་དང་པོ། སེང་ཕྲུག་པདྨ་བཀྲ་ཤིས་སམ་ཤེས་རབ་བཟང་པོ་ནི།

སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བའི་ཡུལ་གྲུ་མདོ་ཁམས་རུ་དམ་སྐྱིད་ཁྲམ་ལུང་དུ་ཚོང་དཔོན་ཞེས་གྲགས་པའི་རིགས་སུ་རབ་བྱུང་བཅུ་གསུམ་པའི་སྨད་ཙམ་ལ་སྐུ་བལྟམས། སྐུ་ཆུང་ངུ་ནས་དམ་པའི་རིགས་སད་པས་ཡོན་ཏན་གསན་སྦྱང་ལ་དོན་གཉེར་ཆེ་ཞིང་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཚོགས་ཞུགས་མཛད། རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་། དཔོན་སློབ་གཉིས་པ་པདྨ་གསང་སྔགས་བསྟན་འཛིན། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་རྒྱལ་བའི་མྱུ་གུ། འབར་བླ་བཀྲ་ཤིས་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་དུ་མའི་ཞབས་པད་ལ་བསྙེན་ནས་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ། མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད། ཐེག་རྩེ་རྫོགས་ཆེན་གྱི་གདམས་ངག་བཅས་ལུས་པ་མེད་པར་གསན་པས་མཁས་པའི་དབང་ཕྱུག་སེང་ཕྲུག་པདྨ་བཀྲ་ཤིས་ཞེས་གྲགས། དགུང་གྲངས་ཉི་ཤུ་ལྷག་སྐོར་དབུས་གཙང་གི་གདན་ས་རྣམས་སུ་མཆོད་མཇལ་གནས་འབྲེལ་དུ་ཕེབས་ཤིང་། སྐབས་དེར་སྨིན་གླིང་རྒྱལ་སྲས་རིག་འཛིན་བཟང་པོ་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཁྲིར་བཞུགས་པ་ལས་བསྙེན་པར་རྫོགས། སླར་རང་དགོན་གདན་སར་ཕེབས་ནས་དགུང་གྲངས་ལྔ་བཅུ་སྐོར་ལ་ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་དཔལ་སེང་གེ་རིའི་ཆོས་སྡེ་གསར་དུ་ཕྱག་བཏབ་མཛད་པའི་མཁན་རབས་དང་པོའི་གསེར་ཁྲིར་བཞུགས་ནས་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་ཞིང་། ལྷག་པར་ཆོས་འདུལ་བསྟན་པའི་སྙིང་པོ་མདོ་སྨད་ཀྱི་ལྗོངས་འདིར་ཐོག་མར་འདྲེན་པའི་ཕྲིན་ལས་འགྲན་ཟླ་དང་བྲལ་བའི་སྒོ་མོ་གསར་དུ་ཕྱེས་ཚེ། གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་ནས། ད་རེས་མཁན་རབས་དང་པོའི་མཚན་ལ་སེང་ཕྲུག་པདྨ་བཀྲ་ཤིས་ཞེས་གྲགས་པ་འདིས། ཕྱིས་འབྱུང་གདན་ས་འདིའི་མཁན་རབས་ཐམས་ཅད་འཆད་རྩོད་རྩོམ་གསུམ་གྱི་ལུས་སྟོབས་རབ་ཏུ་རྒྱས་ཤིང་། འཇིགས་བྲལ་ལུང་དང་རིགས་པའི་གད་རྒྱང་གིས་རྟོག་གེའི་ཝ་ཚོགས་ཟིལ་གྱིས་གནོན་པ་ལ་གཅན་གཟན་གྱི་རྒྱལ་པོ་སེང་གེའི་ཕྲུ་གུ་ལྟར་འགྲན་ཟླ་མེད་པ་ཤ་སྟག་འབྱུང་ངོ་ཞེས་རྡོ་རྗེའི་བདེན་གསུང་གིས་ལུང་བསྟན་དབུགས་དབྱུང་མཛད། ཕྱོགས་འདུས་ཀྱི་སློབ་ཚོགས་ལ་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད་དང་། རབ་བྱུང་བསྙེན་རྫོགས་ཀྱི་བསླབ་སྡོམ་གནང་བ་སོགས་མཁས་བཙུན་བཟང་པོའི་ཕྱག་རྗེས་ཉམས་མེད་བཞག་ཅིང་། ཐུགས་སྲས་ཞལ་སློབ་ཀྱི་གཙོ་བོ་ནི། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་བྱོན། སྐུ་ཚེའི་སྨད་དུ་རུ་དམ་ཡང་དབེན་རྫ་ཁྲོད་བྱ་སྐྱིབས་ཤིག་ཏུ་བཞུགས་ཤིང་གནས་དེར་ཕྱིས་སུ་སེང་ཕྲུག་ཕུག་ཏུ་གྲགས་པ་བྱུང་། ཡུན་རིང་ཐེག་མཆོག་སྙིང་པོའི་ཉམས་བཞེས་ལ་བཞུགས་པས་གྲུབ་པའི་རྒྱལ་སར་གཤེགས། དེ་ལྟར་བསྟན་འགྲོའི་དགེ་མཚན་ཕྱོགས་བཅུར་སྤེལ་ནས་རེ་ཞིག་གདུལ་བྱ་རྫོགས་པའི་དབང་གིས་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་བསྡུ་བར་མཛད་དོ། །

མཁན་རབས་གཉིས་པ། ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་ནི།

རྗེ་འདིའི་རྣམ་ཐར་རྒྱས་པ་གོང་དུ་གདན་རབས་ཀྱི་སྐབས་སུ་སོང་ཞིང་འདིར་རང་རྣམ་ཚིགས་བཅད་མ་བཞུགས་པའང་ཚད་ཐུབ་ཁུངས་ལུང་གི་ཚུལ་དུ་བཀོད་པ་ནི།

༈ རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་འབོད་པའི་སྤྱོད་ཚུལ་མདོར་བསྡུས་ཚིགས་བཅད་མ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ མི་དུག་ལྔའི་ནད་ཀྱིས་གདུང་བ་ལ། །ཆོས་བདུད་རྩིའི་སྨན་མཆོག་སྩོལ་མཛད་པའི། །རྗེ་སྨན་པའི་རྒྱལ་པོ་བླ་མ་རྣམས། །དེང་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །མི་བདག་འདྲའི་སྒོ་གསུམ་འདུ་བྱེད་ལ། །རྣམ་ཐར་དུ་སྒྲོ་འདོགས་བགྱིས་ན་ཡང་། །དོན་ལྡན་གྱི་དགོས་པ་མ་མཐོང་ཕྱིར། །སྔར་བརྗོད་འདོད་ཡིད་ལ་མ་མཆིས་མོད། །ད་འོན་ཀྱང་རྔ་ལ་དབྱུ་གུ་བཞིན། །ཁྱེད་དོན་གཉེར་ཆེན་པོས་བསྐུལ་ལགས་ན། །སྦ་གསང་ཡང་བྱ་དོན་མ་མཆིས་པས། །འཛེམ་མེད་དུ་བརྗོད་ལ་སྙན་གསོན་ཅིག །བདག་ཐོག་མེད་དུས་ནས་ད་བར་དུ། །ལས་ཉོན་གྱི་གྲོགས་ངན་གྱིས་བསླུས་ནས། །སྲིད་འཁོར་བ་འདི་རུ་འཁྱམས་པ་ལ། །གྲངས་བསྒྲངས་པས་ཟད་པ་མ་མཆིས་ཀྱང་། །དུས་ད་ལྟའི་སྐྱེ་བའི་སྲིད་པ་འདི། །ཡུལ་གང་དུ་བཟུང་བའི་ཚུལ་སྨོས་ན། །ཤར་མདོ་ཁམས་འཛིན་མའི་ལྟེ་བ་ན། །མི་ཆོས་ལྡན་རྒྱལ་པོས་བསྲུང་བའི་ཕྱོགས། །ལྷ་རྣམ་མང་ཐོས་པའི་སྲས་པོ་ཡི། །གནས་ལྷུན་སྟུག་རྫ་རི་མཐོན་པོ་ཡོད། །རིའི་ཉེ་འཁོར་སྤངས་ལྗོངས་མཛེས་པ་ལ། །སྨན་མེ་ཏོག་ཚལ་གྱིས་བཀྲ་བ་དེའི། །མིང་བརྗོད་ན་རྫ་རྒྱལ་འཕན་ཕྱུག་ཅེས། །ཆབ་ཆུ་ཀླུང་གཡོན་ནས་འབབ་པ་ཡོད། །དེའི་ཤར་ནས་ཤར་དུ་ས་འཛིན་གྱི། །རྒྱུན་དར་ཡོལ་བྲེས་འདྲ་གསུམ་གྱི་སྣ། །ཀླུང་ཉལ་འགྲོའི་བུ་མོས་བཟུང་འདྲའི་མདུན། །ཐང་རིན་ཆེན་བྱེ་མ་བརྡལ་འདྲ་ཡོད། །དེའི་གཡས་ལུང་ལམ་གསུམ་ཆུ་བོ་ཡི། །རྒྱུན་སྐམ་པའི་མིང་གིས་བཏགས་པའི་ས། །སྐམ་ཆེ་ཆུང་ཞེས་བྱའི་ཕྱི་མ་རུ། །ལོ་དྲག་པོ་ལྕགས་སྤྲེལ་ཤར་བའི་ཚེ། །བོད་མི་བུ་རུས་དྲུག་ཅེས་བྱའི་གྲས། །ལྡོང་སྨུག་པོའི་རིགས་ལ་བཙན་ཁ་བཞིར། །ཡོངས་གྱེས་པའི་བྱེ་བྲག་དགེ་རྩེ་ཡི། །ཡུལ་དགེ་མང་ཨ་དོན་རུས་རྒྱུད་ལ། །མི་འབྱོར་ལྡན་ཆོས་བཟང་བྱ་བ་བྱུང་། །དེའི་ཚ་བོ་ཚེ་རིང་ནོར་བུ་དང་། །མ་ཀརྨ་སྒྲོན་གྱི་བུ་རུ་སྐྱེས། །རྟེན་དལ་བའི་མྱུ་གུ་གསར་པ་དང་། །མཁའ་དབང་པོའི་གཞུ་རིས་ལྷན་ཅིག་མཐོང་། །རྗེ་དགེ་བའི་བཤེས་གཉེན་འགའ་ཞིག་གིས། །འདི་སྤྲུལ་བའི་སྐུ་ཞིག་ཡིན་ཞེས་བསྒྲགས། །གཏམ་རྒྱུ་མཚན་མེད་པའི་འུད་གོག་དེས། །མི་ཀུན་ཀྱིས་སྤྲུལ་སྐུར་སྒྲོ་འདོགས་བྱས། །དེའི་རྐྱེན་གྱིས་དམ་པ་འགའ་ཞིག་གིས། །སྐྱེ་སྲིད་དུ་ཐོབ་ཤ་བྱེད་པ་བྱུང་། །དེ་ཡིན་ཡང་སྔོན་སྨོན་དགེ་བའི་མཐུས། །ཆུང་སྐྱེས་ནས་ཆོས་ཀྱིས་བསྲུང་མཛད་ཅིང་། །ལོ་གསུམ་ནས་དགེ་བའི་བཤེས་དང་མཇལ། །སྔོན་བསྟེན་གྱི་སྲུང་མ་འགའ་ཡང་མཐོང་། །སྔོན་སྦྱང་གི་བག་ཆགས་ར་རི་དང་། །ལྐོག་གྱུར་གྱི་གཏམ་འགའ་འབྲེལ་མེད་སྨྲས། །རྗེ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། །གླིང་གྲུབ་ཆེན་སོགས་ཀྱི་རྗེས་སུ་བཟུང་། །སྐབས་དེ་ཚེ་ཨར་ཇག་མ་རུངས་བས། །རྟ་འགའ་ཞིག་བརྐུས་པའི་ར་མདའ་ལ། །ཕ་དེ་ཉིད་བརྒྱུགས་པ་ལྔ་ལམ་བཏང་། །ནོར་འབྱོར་བ་རྣམས་ཀྱང་རིམ་བཞིན་བྲི། །ཚུལ་དེ་འདྲའི་རང་བཞིན་མཐོང་ཙ་ན། །ནོར་བསགས་པ་སྲོག་གི་གཤེད་མར་གྱུར། །དཔལ་འབྱོར་པ་དབྱར་ཆུ་སྐམ་པ་འདྲ། །ཚེ་རྩ་རྩེའི་ཟིལ་བ་ལྟར་མཐོང་ནས། །ང་བསམ་བཞིན་མཚན་ལྡན་བླ་མ་དྲན། །གནས་དབེན་པ་ཞིག་ཏུ་ནམ་སླེབས་སྙམ། །མགོན་དམ་པ་གོང་མའི་རྣམ་ཐར་ལ། །ཉིན་མཚན་དུ་ཡིད་སྨོན་བྱེད་སྐབས་དེར། །རྗེ་གཞོན་ནུ་ཆོས་ཀྱི་བློ་གྲོས་དེ། །ཆོས་སྒོ་སྐྱེལ་ཚུལ་གྱིས་ཡུལ་དེར་ཕེབས། །མི་བདག་ལ་དམིགས་ཀྱིས་བཀར་ནས་སུ། །ཁྱེད་གྲུབ་དབང་བླ་མ་མཇལ་དགོས་དང་། །གནས་རྫོགས་ཆེན་དགོན་དུ་འགྲོ་དགོས་སོགས། །གསུང་བདུད་རྩིས་དབུགས་དབྱུང་གཟེངས་བསྟོད་ནས། །མི་ཁྱེད་ཀྱི་བདག་པོ་ངེད་ཡིན་ཞེས། །ཁྲི་མཐོན་པོར་མངའ་གསོལ་དང་བཅས་མཛད། །གཞན་རྩོད་པ་བྱེད་པའི་མི་ཀུན་ཀྱང་། །གཏམ་བརྗོད་པ་ཟད་པའི་ངང་ཚུལ་བཟུང་། །དུས་དེ་ནས་མཚུངས་བྲལ་དགེ་བའི་བཤེས། །རྗེ་འཇིགས་མེད་ངོ་མཚར་རྒྱ་མཚོ་དང་། །ཁོང་རྗེ་དབོན་བསྟན་འཛིན་ནོར་བུ་སོགས། །མགོན་དམ་པ་དུ་མའི་ཞལ་སྔ་ནས། །ཆོས་བདུད་རྩིིའི་ཟིལ་མངར་མང་དུ་མྱོང་། །ཉམས་ལེན་ཀྱང་ཅི་ནུས་བྱེད་ཁུལ་བགྱིས། །གདམས་ཁྲིད་ཀྱི་ལག་ལེན་དེ་དག་ཀྱང་། །གོང་འོག་གི་གོ་རིམ་མ་འཁྲུལ་བར། །གནད་སྨིན་གྱི་ཚུལ་དུ་ལན་འགའ་བསྐྱར། །མཚམས་བཅད་ཀྱི་གཟུགས་བརྙན་འགའ་ཡང་བྱས། །ཁྱད་པར་དུ་རྗེ་བཙུན་བླ་མ་མཆོག །གཅེན་སྔགས་རམ་སྨོན་ལམ་དར་རྒྱས་ལས། །ཡིག་རྩིས་དང་ཡི་གེའི་བརྡའ་སྤྲོད་སོགས། །ཐུན་མོང་གི་རིག་གནས་འགའ་ཞིག་དང་། །སྡོམ་གསུམ་དང་མཛོད་ཀྱི་བཤད་པ་སོགས། །རྗེ་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི། །གཞུང་བཟང་གི་ཆུ་བོ་ཀུན་བཏུང་པས། །བློ་ཆོས་ཀྱི་མུ་གེའི་འཕྲང་ལས་གྲོལ། །རང་བགྲང་བྱ་བཅུ་དགུར་སླེབས་ཙ་ན། །དུས་ཚེ་རབས་གཏན་གྱི་སྐྱབས་མགོན་མཆོག །ཕ་གྲུབ་དབང་ཆོས་ཀྱི་རྒྱལ་པོ་དེའི། །མཚན་གྲགས་སྙན་ཐོས་ནས་ཚུགས་ཐབས་མེད། །ཉིན་འཇིག་རྟེན་བྱ་བས་མི་གཡེང་ཞིང་། །མཚན་གཏི་མུག་གཉིད་ལས་བཤོལ་བཏབ་སྟེ། །རྗེ་གང་དང་ནམ་ཞིག་མཇལ་འགྱུར་ཞེས། །ཡིད་དད་པའི་མེ་ལྕེས་སྲེག་བཞིན་མཆིས། །དུས་དེ་ཚེ་དོན་མཐུན་གྲོགས་འགའ་དང་། །ལྷན་གཅིག་ཏུ་ཕྱི་བཤོལ་མེད་པར་ཐེགས། །ལམ་བཤུལ་ཐག་རིང་པའི་རྐང་ཚེགས་དང་། །རླུང་ལྷག་པའི་ངལ་བ་ཁྱད་དུ་བསད། །དགྲ་འཇིགས་པའི་འཕྲང་ལས་ཐར་དཀའ་ཡང་། །རྗེ་ཉིན་བྱེད་དབང་པོ་དྲན་བཞིན་དུ། །ཤར་ཉིན་བྱེད་དབང་པོ་ཐོད་དུ་བཅིང་། །ལུས་གཡོ་བའི་བརྩོན་པ་དང་དུ་བླངས་། །དུས་ནམ་ཞིག་ཤར་རིའི་ཕྲག་པ་ནས། །སྐྱབས་ཆོས་རྗེའི་གདན་ས་མཐོང་བའི་མོད། །གྲོགས་གཞན་དག་ཕྱག་འཚལ་གསོལ་བ་འདེབས། །ངས་དབང་བཞི་བླངས་ནས་ཐུགས་ཡིད་བསྲེས། །སེམས་གཉུག་མའི་ངང་ལ་བཞག་ཙ་ན། །མགོན་གསང་བདག་དཔའ་བོའི་སྣང་བརྙན་མཇལ། །སླར་རྗེ་བཙུན་དངོས་དང་མཇལ་བའི་ཚེ། །སྐུ་དམར་སྨུག་བརྗིད་པའི་ཕྱག་གཡས་ཀྱིས། །ཤིང་རྦ་ལྕགས་རིང་མོ་བསྣམས་པའི་རྩེར། །མགོན་རྡོ་རྗེ་འཛིན་པའི་གཟུགས་སྐུ་ཞིག །དར་སྔོན་མོའི་ཅོད་པན་གྱིས་བསྡམས་ནས། །ངེད་སྐལ་བ་ལྡན་པའི་སྤྱི་བོར་བསྩལ། །ཐུགས་གཡོ་མེད་དགོངས་པ་གཏད་བཞིན་དུ། །སྤྱན་ཧུར་རེ་གཟིགས་ནས་འདི་སྐད་དུ། །ཁྱོད་རིགས་བཟང་ཡིན་པའི་སྒྲོ་འདོགས་ལ། །མི་ཁོ་བོའི་རྟོགས་པ་ཤེས་སམ་གསུངས། །ངས་ཡིད་ལ་མེད་པའི་རྒྱུ་མཚན་དེས། །ལུས་འཇིགས་པ་སྤུ་ལོང་གཡོ་བ་དང་། །ཡིད་ལྐོག་གྱུར་མངོན་དུ་མཁྱེན་པ་ཡི། །གཏམ་དོན་ལྡན་སྙམ་པ་ལྷན་ཅིག་བྱུང་། །དུས་དེ་ནས་ཉིན་མཚན་དབྱེར་མེད་པར། །ཕ་རྡོ་རྗེ་འཆང་དེའི་ཞབས་བསྟེན་ནས། །ཆོས་ཟབ་མོ་གསང་སྔགས་ཐབས་ལམ་ཞུས། །ལམ་རྩ་ཐིག་རླུང་ལ་གནད་དུ་བསྣུན། །ནོར་རིན་ཐང་ཆེ་བ་མ་མཆིས་ཀྱང་། །སེམས་དག་པས་སྤོང་དག་ལན་ལྔ་ཕུལ། །རྗེ་ཇི་ཙམ་བཞུགས་པར་བསྟེན་འདོད་ཀྱང་། །སྤྲང་བསོད་ནམས་དམན་པས་ལོ་གསུམ་ན། །ཕ་འོད་གསལ་ཆོས་སྐུར་གཟིམས་པ་ཡི། །དུས་ཐ་མའི་མཛད་པ་མཇལ་བ་བྱུང་། །སེམས་སྐྱོ་བ་ལ་ཚད་བཟུང་མ་མཆིས་ཀྱང་། །གནས་དབེན་པར་སྒྲུབ་པའི་དམ་བཅའ་བཟུང་། །རྗེ་ཉིད་ཀྱི་ལུང་བསྟན་གནང་དོན་ལྟར། །སྔོན་པཎ་ཆེན་བཻ་རོས་བྱིན་བརླབས་པའི། །གནས་རྒྱལ་མོ་རོང་གི་ས་ཕྱོགས་སོགས། །ཡུལ་ངེས་མེད་ཀུན་ཏུ་འཁྱམས་ཤིང་བསྒོམ། །སྐབས་ལ་ལར་དད་ལྡན་འདུས་ཚོགས་ལ། །ཆོས་ཟབ་མོའི་འབྲེལ་འཇོག་ཉིད་ཀྱང་བགྱིས། །སྤྱིར་བོད་ལྗོངས་དུམ་བུ་གསུམ་གྱི་ཆའི། །མཐའ་དཀར་ནག་རྒྱ་ལ་ཐུག་པ་ཚུན། །སྔོན་ལས་དབང་བཙན་པོས་ཡང་ཡང་བསྐོར། །མི་དད་ལྡན་ཀུན་ལ་ཅི་ཕན་བྱས། །ཁྱད་པར་དུ་རུ་དམ་དབེན་གནས་སུ། །མགོན་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི། །སྐུའི་སྐྱེ་སྲིད་བཞི་པའི་ཞབས་རྡུལ་དང། །རྗེ་མཁན་ཆེན་པདྨ་མངྒ་ལ། །ཁོང་གླིང་སྲས་གཏེར་ཆེན་འགྲོ་འདུལ་རྩལ། །མགོན་དེ་སོགས་དམ་པ་དུ་མའི་ཞབས། །གནས་བདེ་ཆེན་འཁོར་ལོར་བསྟེན་བྱས་ནས། །ཆོས་བཀའ་གཏེར་གདམས་པའི་མཛོད་ཀུན་བླངས། །ཡུལ་དབུས་གཙང་ཕྱོགས་ན་གྲགས་ཆེ་བའི། །དགའ་ལྡན་དང་ས་རྙིང་བཀའ་བརྒྱུད་ཀྱི། །ཁོང་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། །བཀའ་བསྟན་འགྱུར་གྱིས་མཚོན་ཆོས་མང་ཞུས། །དེ་ཀུན་ཀྱང་ཞུས་ལོ་ཙམ་མིན་པར། །དབུས་གཙང་དང་ཁམས་ཕྱོགས་ཀུན་ཏུ་སྤེལ། །སྤྱིར་དེ་སྔོན་གཙང་དབུས་ལན་གསུམ་བསྐོར། །གནས་ཁྱད་འཕགས་རྣམས་སུ་སྒྲུབ་པ་བྱས། །རྟེན་ཁྱད་འཕགས་རྣམས་ལ་ཁྲི་མཆོད་སོགས། །ཕྱག་སྐོར་དང་སྒྲིབ་སྦྱོང་གང་ནུས་བགྱིས། །མགོན་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན། །སྤྱིར་ཁམས་དབུས་ཀུན་ཏུ་ཅི་རིགས་སྤེལ། །དགོས་རུ་དམ་བསམ་གཏན་ཆོས་གླིང་གི། །རྟེན་བརྟེན་པའི་མཐུན་གྲོགས་གང་འོས་བསྒྲུབས། །དགོན་གནས་དང་གྲྭ་སའི་འཛིན་སྐྱོང་ལ། །རང་སྔོན་ནས་སྤྲོ་བ་མ་ལགས་ཀྱང་། །བཤད་སྒྲུབ་ཀྱི་བསྟན་པའི་སྲོལ་འཛིན་པའི། །དགོན་ཆུང་དང་རི་ཁྲོད་འགའ་ཡང་ཆགས། །གཞི་གསུམ་གྱིས་ལག་ལེན་གྱིས་མཚོན་པའི། །མདོ་ཕྱོགས་དང་རྒྱུད་ཀྱི་བཤད་སྲོལ་བཙུགས། །གནས་མཁའ་སྤྱོད་དཔལ་གྱི་ཙཱ་རི་ནས། །རིའི་རྒྱལ་པོ་གངས་རི་ཏི་སེ་སོགས། །མ་མཁའ་འགྲོ་འདུ་བའི་གནས་རྣམས་སུ། །ཚོགས་མེ་མཆོད་འབུམ་ཕྲག་འགའ་ཡང་བསགས། །གནས་བསྐོར་བའི་དད་ལྡན་ཕོ་མོ་ལ། །རྩམ་སུན་དང་ཇ་སུན་གྱིས་མཚོན་པའི། །བཟའ་བཏུང་དང་གོས་ཀྱི་སྦྱིན་གཏོང་སོགས། །ཡུལ་གང་ལ་གང་འོས་ཀྱི་ཕན་པ་བསྒྲུབས། ཁམས་དབུས་ཀྱི་དགོན་གནས་འགའ་ཞིག་གི །བཤད་སྒྲུབ་ཀྱི་སྲོལ་ཁ་ཉམས་པ་དང་། །ལོངས་སྤྱོད་ཀྱི་གཏོང་སྒོ་ཆད་པའང་གསོས། །སོ་བྱང་དང་སྔགས་ཀྱི་དམ་སྡོམ་ཀུན། །རང་གང་ནུས་སྲུང་བ་གཞིར་བཞག་ནས། །གཞན་རྣམས་ཀྱང་སྡོམ་པ་གསུམ་ལ་བསྐུལ། །ཁོང་པད་སྤྲུལ་པདྨ་དབང་རྒྱལ་དང་། །རྗེ་ཁྲི་ཆེན་སངས་རྒྱས་ཀུན་དགའ་སོགས། །བསྟན་འགྲོ་ལ་ཕན་བཞེད་ཆེ་རྣམས་ཀྱི། །བཀས་བསྐུལ་དོན་ཇི་བཞིན་སྔ་འགྱུར་གྱི། །གཞུང་ཕྲིན་ཆོག་རྒྱུན་བཟང་བཞུགས་སོ་འཚལ། །ཕྱོགས་གཅིག་ཏུ་བསྡུས་ནས་སྤར་དུ་བསྒྲུབས། །སྤྱིར་སྒོ་གསུམ་བྱ་བ་ཆེ་ཕྲ་ཀུན། །བསྟན་འགྲོ་ལ་སྨན་པའི་རྒྱུར་བསྔོས་ནས། །གཞན་བྱས་པ་དྲིན་དུ་མི་བཟོ་བའི། །མི་དེ་དག་རྣམས་ལ་ཁྲོ་སྤངས་ཏེ། །བཟོད་པ་དང་སྙིང་རྗེས་རྗེས་སུ་བཟུང་། །མ་འགྲོ་ལ་ཕན་པའི་ལྷག་བསམ་གྱིས། །ཆོས་བྱང་ཆུབ་སེམས་གཉིས་ལེགས་བསྒོམས་ཏེ། །ཁོང་རྒྱལ་བའི་སྲས་ཀྱི་འཇུག་ངོགས་མཆོག །ལམ་ཕྱིན་དྲུག་བསླབ་པ་རྣམ་གསུམ་དུ། །ཡོངས་བསྡུས་ནས་ཉམས་སུ་གང་ལོངས་བགྱིས། །སྤྱིར་དགེ་བ་ངོམས་པར་མི་བྱ་ཞིང་། །སྡིག་པ་རྣམས་བཅབ་པར་མི་བྱ་ཞེས། །མགོན་ཐུབ་པའི་དབང་པོས་གསུངས་ལགས་ཀྱང་། །འདིར་མོས་ལྡན་དགེ་ལ་བསྐུལ་ཕྱིར་བྲིས། །གཞན་འགྲོ་བའི་ལས་ལ་ཟད་མེད་ཕྱིར། །ཕྱི་གནས་ཡུལ་འགྲིམ་པའི་ལམ་ཡིག་དང་། །ནང་བྱང་སེམས་བསྐྱེད་པའི་བློ་སྦྱང་དང་། །གསང་རིམ་གཉིས་སྒོམ་པའི་རྟོགས་བརྗོད་སོགས། །ཚིག་མང་པོའི་སྤྲོས་པ་མ་བྱས་པར། །དོན་སྙིང་པོ་དྲིལ་ཏེ་བརྗོད་པ་ཡིན། །འདི་རང་ལོ་བཅུ་ཕྲག་ལྔ་ཡན་གྱི། །ལེགས་སྤྱོད་ཀྱི་ངོས་ནས་སྨོས་པ་ལས། །མི་བདག་འདྲ་སྐྱོན་གྱི་གོང་བུ་ཡི། །སྐྱོན་བརྗོད་ན་ཟད་མཐའ་མ་མཆིས་མོད། །གཏམ་སྒྲོ་སྐུར་སྤངས་ནས་བརྗོད་པ་འདི། །ཁོང་ཆགས་སྡང་གདོན་གྱིས་སྨྱོས་པ་འགའི། །སེམས་ཕྲག་དོག་རྒྱུ་རུ་མི་འགྱུར་བར། །ཡིད་ཆོས་ལ་བསྐུལ་བའི་རྒྱུར་གྱུར་ཅིག ། ཅེས་པའང་དད་དམ་ལ་གཅེས་ནོར་དུ་འཛིན་པའི་བླ་མ་ཤེས་རབ་རྒྱ་མཚོ་ནས་དོན་གཉེར་ཆེན་པོས་བསྐུལ་བའི་བཞེད་སྐོང་དུ་བཙུན་པ་རང་ཉིད་ཀྱིས་ཡེར་པ་ལྷ་རི་སྙིང་པོའི་མགུལ་ནས་སྤྲིངས་པའི་ཡི་གེ་པ་ནི་རང་སློབ་བླ་མ་ཐེག་མཆོག་བསྟན་འཛིན་ནོ། །

མཁན་རབས་གསུམ་པ། ཉི་གྲགས་རིག་འཛིན་བཟང་པོ་ནི།

གངས་ཅན་བོད་ཀྱི་ཡུལ་གྲུ་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ནག་ཤོད་ཡར་ཐང་ཞེས་པའི་ས་ཆ་རུ། རབ་བྱུང་བཅུ་བཞི་པའི་སྟོད་དུ་གཏེར་ཆེན་རིག་འཛིན་ཉི་མ་གྲགས་པའི་ཆོས་རྒྱུད་ལྷ་སྡེ་ཞིག་ཏུ་སྐུ་འཁྲུངས། ཆུང་ངུ་ནས་འཁོར་བ་ལ་འཇིགས་པའི་བློ་ངེས་འབྱུང་བཅོས་མིན་མངའ་བས་ཆགས་རི་འོད་གསལ་སྒྲུབ་སྡེར་ཆོས་བྲོས་སུ་བྱོན་ནས་རབ་ཏུ་བྱུང་། དེ་ནས་ཁམས་པའི་གནས་སྐོར་བ་འགའ་དང་འགྲོགས་ཏེ་མདོ་ཁམས་རུ་དམ་ཆོས་སྡེར་ཐོས་བསམ་ལ་ཕེབས་ནས་མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས་སོགས་ལས་རྒྱ་བོད་གཞུང་ཆེན་ཁག་གི་བཤད་ཁྲིད་གསན་ཏེ་ཐོས་བསམ་གྱི་མཐའ་རྒྱ་བཅད། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་བསྙེན་པར་རྫོགས་ཤིང་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་དུ་མ་དང་རྒྱལ་བཀའ་རིན་པོ་ཆེའི་ཀླག་ལུང་སོགས་གསན། མཚམས་པ་འཇིགས་མེད་རྒྱལ་བུའི་མྱུ་གུ་དང་། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་རྣམ་གཉིས་ལས་གསར་རྙིང་ཆོས་བཀའ་རྒྱ་མཚོའི་གདམས་ཁྲིད་སྤྱི་དང་། རྫོགས་ཆེན་རང་རྐང་གི་མན་ངག་གྲུབ་དབང་པདྨ་རིག་འཛིན་སོགས་ལས་བརྒྱུད་པའི་མཁའ་འགྲོ་སྙིང་ཐིག་དང་། རྩ་གསུམ་གསང་བ་སྙིང་ཐིག་སོགས་མནོག་ཆོས་དུ་མ་བཞེས་པས་ཐུགས་རྒྱུད་ཀྱི་བུམ་པ་ཡོངས་སུ་ཁེངས། དགུང་གྲངས་ལྔ་བཅུའི་སྐོར་ལ་དཔལ་སེང་གེ་རིའི་ཆོས་སྡེའི་མཁན་རབས་གསུམ་པའི་གསེར་ཁྲིར་བཞུགས་ཏེ་དབུ་ཕར་འདུལ་མཛོད་ཀྱི་ཊཱི་ཀ་རང་འགྲེལ་གཙོ་བོར་བྱས་པའི་རྒྱ་གཞུང་ཁོ་ནའི་སྟེང་ནས་འཆད་ཁྲིད་ཡུན་རིང་བསྐྱངས་པས་རྒྱུད་པ་ཟིན་ངེས་ཀྱི་ཞལ་སློབ་མཁས་པའི་དབང་པོ་དུ་མ་བྱོན། གཏེར་ཆེན་ཉི་མ་གྲགས་པའི་གདན་ས་སྟག་མོ་སྒང་སོགས་སུ་ཕེབས་ནས་འཆད་རྒྱུན་སྤེལ་བ་བཅས་ཕྲིན་ལས་རྒྱ་ཆེ། དགུང་གྲངས་དྲུག་ཅུའི་སྐོར་ས་ལམ་མཐོན་པོར་གཤེགས་པའི་གྲོལ་རྟགས་དང་བཅས་ཞི་བར་གཟིམས་པར་མཛད་དོ། །

མཁན་རབས་བཞི་པ། རྒྱལ་རོང་མཁན་པོ་པདྨ་ཤེས་བྱ་ནི།

ཡུལ་མདོ་ཁམས་རྒྱལ་མོ་ཚ་བའི་རོང་གི་སའི་ཆར་གཏོགས་པ་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་གནས་ཀྱི་ཉེ་འདབས་ཞིག་ཏུ་སྐུ་འཁྲུངས། སྐུ་གཞོན་ནུ་ནས་འཁོར་བའི་ཕུན་ཚོགས་ལ་ངེས་པར་འབྱུང་བའི་བློ་བཅོས་མིན་གྱིས་རབ་ཏུ་བྱུང་བར་འདོད་ཀྱང་ཡབ་ཡུམ་གྱིས་མ་གནང་། རེ་ཞིག་ན་བློ་ཐག་ཆིག་ཆོད་ཀྱིས་ཐུགས་རྗེ་ཆེན་པོའི་གནས་རིའི་ཉེ་འདབས་ཀྱི་སྒྲུབ་ཁང་ཞིག་ཏུ་སུས་ཀྱང་མི་མཐོང་བར་མཛད་དེ་ཡིག་དྲུག་གི་བསགས་སྦྱང་ཁོ་ན་མཛད། བར་སྐབས་སུ་རྒྱལ་སྲས་གཞན་ཕན་མཐའ་ཡས་གནས་དེར་ཕེབས་ཏེ་ཡུན་རིང་ཐུགས་དམ་ལ་བཞུགས་ནས་ཆོས་འཁོར་བསྐོར་བའི་སྙན་པ་གསན་པས་ཞབས་དྲུང་དུ་བཅར། ཐུགས་དགྱེས་པ་ཆེན་པོས་རྗེས་འཛིན་མཛད་རྗེས་ད་གཟོད་ཀློག་ནས་བསླབ་དགོས་བྱུང་ཡང་བརྩོན་པ་ཆེ་ཞིང་རྣམ་དཔྱོད་ཡངས་པས་ཚེགས་མེད་པར་མྱུར་བར་མཁྱེན། དེ་ནས་བཟུང་རྗེ་དེ་ཉིད་དང་འབྲལ་བ་མེད་པར་སྐུ་རྗེས་སུ་འབྲངས་ཏེ་སྨད་རྒྱ་ནག་གླང་ཆེན་འགྱིང་རི་ནས་དབུས་གཙང་གི་གནས་རྟེན་རྣམས་ལ་ཞབས་སྐོར་དུ་ཕེབས་ཤིང་། ལམ་བར་རྣམས་སུ་ཡབ་རྗེ་བླ་མའི་ཞལ་སྔ་ནས་མདོ་སྔགས་རིག་གནས་དང་བཅས་པའི་གསན་སྦྱང་རྒྱ་ཆེར་མཛད་པ་དང་། ཕྱིས་སུ་རུ་དམ་གདན་སར་ཞབས་པད་བཀོད་དེ་ཤྲཱི་སེང་ཆོས་གྲྭར་གཏན་བཞུགས་ཀྱིས་ཆོས་འཁོར་སྐོར་སྐབས་ཡང་དུ་ཐོས་བསམ་མཐར་ཕྱིན་གནང་བས་མཁས་པའི་ཡང་རྩེར་སོན། མཁན་ཆེན་པདྨ་བཀྲ་ཤིས་སམ་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་མཚན་ལ་པདྨ་ཤེས་བྱར་གསོལ། གཞན་ཡང་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སོགས་དམ་པའི་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་དབང་གྲོལ་ཁྲིད་དང་བཅས་པ་མནོག་ཆོས་སུ་བཞེས། དགུང་གྲངས་བཞི་བཅུའི་སྐོར་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་བཞི་པའི་ཆོས་ཁྲིར་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་རྒྱ་ཆེར་བསྐྱངས། བསྟན་རྩ་ཆོས་འདུལ་རིན་པོ་ཆེའི་གནང་བཀག་གི་གནས་ཕྲ་རགས་མཐའ་དག་ཕྱག་ལེན་དུ་ཐེབས་པ་ལ་ཉེ་བ་འཁོར་གཉིས་པ་ལྟ་བུར་བྱོན། རྒྱུན་དུ་དོན་གཉེར་ཅན་སུ་ཡོད་ལ་སྐུ་ཚེགས་འཛེམས་མེད་ཀྱི་ཆོས་སྦྱིན་རྒྱ་ཆེར་སྤེལ་བ་སོགས་དམ་པའི་རྣམ་ཐར་མཐའ་ཡས། སྐུ་ཚེའི་སྨད་དུ་རུ་དམ་ཡང་དབེན་གཤིན་རྗེ་སྒྲུབ་ཕུག་སོགས་གྲུབ་རིག་གོང་མའི་གདན་ས་བསྙེགས་ཏེ་ཚེ་དང་སྒྲུབ་པ་མཐར་ཕྱིན་པའི་ངང་སྐུ་གཤེགས་སོ། །

མཁན་རབས་ལྔ་པ། དཔལ་སྤྲུལ་སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོ་ནི།

དེ་ཡང་འཕགས་མཆོག་མིག་མི་འཛུམ་པ་མངོན་སུམ་དགེ་བའི་བཤེས་ཀྱི་རོལ་གར་དུ་བྱོན་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ནི། ཇི་སྐདདུ། མཁྱེན་བརྩེ་ཧེ་རུ་ཀའི་ཞལ་ནས། ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤྭ་བ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དང་། གྲུབ་ཆེན་ཤྭ་བ་རི། གངས་ཅན་བོད་ཡུལ་དུ་ཨ་རོ་ཡེ་ཤེས་འབྱུང་གནས་ལ་སོགས་པའི་འཁྲུངས་རབས་ཀྱི་ཕྲེང་བ་དུ་མ་ཞིག་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་གཏེར་འགྲོ་འདུལ་འཕགས་པ་སེམས་ཉིད་ངལ་གསོའི་ཆོས་སྐོར་ན་གསལ་བ་དང་། གཞན་ཡང་ཚད་མའི་སྐྱེས་ཆེན་དུ་མའི་རྡོ་རྗེའི་གསུང་ལས། རིག་འཛིན་འཇིགས་མེད་གླིང་པའི་སྐུ་ཡི་སྤྲུལ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གསུང་གི་སྤྲུལ་པ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཐུགས་ཀྱི་སྤྲུལ་བ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། ཡོན་ཏན་གྱི་སྤྲུལ་པ་མི་འགྱུར་ནམ་མཁའི་རྡོ་རྗེ། ཕྲིན་ལས་ཀྱི་སྤྲུལ་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་བཅས་བྱོན་པ་ལས་རྗེ་འདི་གསུང་གི་རྣམ་སྤྲུལ་དུ་བསྔགས་པ་དང་། རྗེ་དབོན་བསྟན་འཛིན་ནོར་བུས་པད་དཀར་ནང་བཞུགས་སྐབས་རྗེ་ཉིད་ལ་དྲི་བ་ཞུས་ཚེ། ཁོང་རིག་འཛིན་འཇིགས་མེད་གླིང་པ་ཡིན་པའི་མངོན་རྟགས་གསལ་ལོ་ཞེས་ཞལ་གྱིས་བཞེས་པ་སོགས་གཅིག་དང་དུ་མའི་རོལ་གར་བསམ་གྱིས་ཁྱབ་པའི་སྒྱུ་འཕྲུལ་རོལ་གར་ཚད་མེད་པ་སྣང་བ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལ། རེ་ཞིག་མཐུན་སྣང་ཐུན་མོང་པའི་སྣང་ངོ་ལྟར་ན་བྱང་རྒྱུད་རྫ་ཆུའི་སྟོད་ཕྱོགས་ཀྱི་བླ་མ་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྐུ་ཕྲེང་གསུམ་པ་སྟེ། བཤེས་གཉེན་དེ་ནི་འཕགས་པ་འཇམ་དཔལ་དབྱངས་ཐུགས་དམ་གྱི་ལྷར་མཛད་ཅིང་མཚན་བརྗོད་འབུམ་ཕྲག་ལྷག་ཞལ་འདོན་གནང་བ། ཡུལ་ཁམས་ཀུན་དགེ་བའི་ལས་ལ་བསྐུལ་ཏེ་དཀར་པོར་བསྒྱུར་པ་དང་། ཁྱད་པར་དུ་རྨོག་གྲུབ་ཐོབ་ནམ་མཁའ་ཆོས་དབང་རྫ་སྟོད་མ་མོའི་ཐང་དུ་ཕེབས་སྐབས་ས་ཕྱོགས་འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཞིག་བྱོན་ནས་ཡི་གེ་དྲུག་མའི་རྡོ་འབུམ་ངོ་མཚར་ཅན་བཞེངས་པར་འགྱུར་ཞེས་ལུང་བསྟན་པ་ལྟར། དཔལ་དགེའི་རྡོ་རིང་མར་གྲགས་པའི་རྟེན་བཞེངས་ཆེན་པོ་མཛད་དེ་མཐོང་ཐོས་དྲན་རེག་གི་འགྲོ་བ་དཔག་ཏུ་མེད་པ་ཐར་དང་རྣམ་མཁྱེན་གྱི་ས་ལ་འགོད་པར་མཛད་པ་པོ་དེ་ཉིད་སྐུ་རབས་དང་པོ་དང་། དེའི་ཡང་སྲིད་རྒྱ་སྡེའི་ནང་ར་ལོ་ཚང་ལ་འཁྲུངས་པ་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོས་ངོས་འཛིན་མཛད་དེ་གོང་མའི་གདན་ཁྲིར་བཀོད། དམ་པ་དེས་ཁྲོམ་བཟའ་གོང་མའི་ནང་ཁྲོམ་དབང་ཞིག་གནང་སྐབས་བུ་མོ་ཆུང་ཆུང་ཞིག་གི་པང་དུ་དབུ་ཞྭ་ལྷུང་བས་སྐྱེ་བ་ཕྱི་མར་ང་འདིའི་བུར་སྐྱེ་ཞེས་གསུངས་པ་དང་། ཡང་དགུང་ལོ་ཉེར་ལྔའི་སྐབས་ལྷ་ལྡན་དུ་ཕེབས་ལམ་ནས་རྒྱལ་ཐོག་ཚང་སར་ཕེབས་སྐབས་མཆོད་ཆ་ཞིག་ལུས་པ་ཡར་ཕུལ་ཚེ། ད་སྐབས་ང་ལ་མི་དགོས་ཞེས་གསུངས་ནས་མ་བཞེས། དེ་ཉིད་དབུས་ཕྱོགས་སེ་ལེ་རྒོད་ཚང་གི་ཉེ་འདབས་སུ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་གཤེགས་སོ། །དེ་ནས་སྐུ་རབས་གསུམ་པ་ཆོས་རྗེ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ནི། རྫ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་ཉེ་འགྲམ་ལྷ་གཉན་ཆེན་པོ་རྡོ་རྗེ་འཕན་ཕྱུག་རྩལ་གྱིས་བསྲུང་བའི་ཡུལ་གྲུ། སྤང་ཐང་མེ་ཏོག་གི་དོ་ར་ཉམས་དགའ་བ་དཀར་ཆུང་ཀོ་མོ་འོར་ལུ་ཞེས་གྲགས་པའི་ནོར་འཛིན་གྱི་ཐིག་ལེར། སྤྱི་ལོ་༡༨༠༨པ་སྟེ་རབ་བྱུང་བཅུ་བཞི་པ་གསར་ཚེས་ཀྱི་རབ་ཡིད་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོར། བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་སྨུག་པོའི་རིགས་ཀྱི་བྱེ་བྲག་དགེ་རྩེའི་རྒྱལ་ཐོག་ལྷ་དབང་ཟེར་བ་བསྐྱེད་ཡབ་དང་། ཡུམ་ཁྲོམ་བཟའ་རྗེས་དངོས་བུ་མོ་སྒྲོལ་མ་ཟེར་བའི་སྲས་སུ་མཚན་དཔེའི་མེ་ཏོག་གསར་དུ་བཞད། ཐོག་མར་སྐུ་འཁྲུངས་པའི་ཚེ་འཇའ་འོད་དཀར་པོ་ཞིག་གིས་ཁྱིམ་ཡོངས་སུ་ཁྱབ་པ་དང་། དེ་ནུབ་ཞལ་ནས་ཨ་དང་ཨོ་ཆ་མ་ཆོད་པ་འགའ་དང་། ཨོཾ་ངོ་མ་ཡང་འགའ་རེ་གསུངས་ཤིང་ཕྱི་ནུབ་ནས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་གསལ་བར་གསུངས་པ་དང་། ཕྱག་སྐེ་ལ་མ་ཎི་འབྲུ་དྲུག་གསལ་བར་དོད་པ། ལྗགས་ལ་དྷཱིཿཡིག་དམར་པོ་རང་བྱུང་དུ་ཡོད་པ་ཕྱིས་སུའང་མཇལ་དུ་ཡོད་པ་སོགས་ངོ་མཚར་བའི་རྟགས་སྣང་མཐའ་ཡས་ཀྱང་བསྐྱེད་ཡུམ་གྱིས་མ་ཁ་མཁས་མའི་བུ་སྤྲུལ་སྐུ་ཞེས་པའི་དཔེ་ལྟར་འགྱུར་དུ་དོགས་ནས་སུ་ལའང་མ་སྨྲས་པར་གྲགས། རྗེའི་ཞལ་ནས། ང་རང་གི་ཨ་མ་དེ་ནི་ཆོས་ལ་དཀར་བ་དང་། ངང་རྒྱུད་བཟང་ཞིང་ཁོག་ཡངས་ལ་ཚིག་བཙུན་པ། ང་དང་པོ་ཆོས་ལམ་ལ་ཞུགས་པ། བར་དུ་བླ་ཆེན་དང་དཀོར་ལ་མི་འབགས་པ། ཐ་མ་འགྲོ་དོན་ལ་བར་ཆད་མི་བྱེད་པ་སོགས་དྲིན་ཆེན་མ་ཞིག་ཡིན་གསུངས། སྐུ་ཆུང་ངུ་ནས་སྐྱེ་མཆེད་དྭངས་ཤིང། སྨྲ་བརྗོད་བདེ་བ། རིག་པ་གསལ་པ། སྙིང་རྗེ་ཆེ་བ། སྤོབས་པའི་གཟེངས་མཐོ་བ་སོགས་ཡོན་ཏན་གྱི་འབྱོར་བ་ཚད་མེད་པས་ཕྱུག་པ་ཞིག་བྱུང་། ཅུང་ཟད་ནར་སོན་པའི་ཚེ་རྡོ་བླ་མཁས་གྲུབ་ཆེན་པོ་འཇིགས་མེད་སྐལ་བཟང་གིས་དཔལ་དགེའི་ཡང་སྲིད་དུ་ངོས་བཟུང་ཞིང་། གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་དེ་ཚུལ་ཞུས་པས། ཁོང་གི་ཞལ་ནས་ཀྱང་། དེ་ཁྱེད་ཀྱིས་ངོས་འཛིན་བྱས་པ་ལྟར་ཡིན་ངེས། ངས་ཀྱང་ཀློང་ཆེན་སྙིང་ཐིག་གི་བསྟན་པ་ཡོངས་རྫོགས་དགོངས་གཏད་སྨོན་ལམ་དང་བཅས་དེ་ལ་གཏད་ཅིང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོར་མཚན་གསོལ་བ་ཡིན་ཞེས་ཕྱི་མཐའ་གཟིགས་པའི་ལུང་བསྟན་བསྩལ། དེ་ནས་དཔལ་དགེའི་དབོན་པོ་དཀོན་མཆོག་གིས་བླ་བྲང་དུ་སྤྱན་དྲངས་ཏེ་གོང་མའི་གདན་ཁྲིར་མངའ་གསོལ། སྐྱེས་ཐོབ་ཀྱི་མཁྱེན་རབ་ཕུལ་དུ་བྱུང་བ་དང་། ལྷག་པའི་ལྷས་བྱིན་རླབས་རྗེས་བཟུང་གི་མཐུས་ཡོངས་འཛིན་བཤེས་གཉེན་དག་ལས་དམ་པའི་ཆོས་ཀྱི་བདུད་རྩི་ཐོབ་པ་རྣམས་ཚེགས་ཆུང་ངུས་མཁྱེན་ཞིང་། ཁྱད་པར་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་བཀའ་ཕལ་མོ་ཆེ་དང་། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཟབ་ཁྲིད་ཁོ་ན་ཚར་ཉི་ཤུ་རྩ་ལྔ་གསན་བཞེས་མཛད་ཅིང་ཁྲིད་སྦྱང་ཡང་དེ་སྙེད་གྲུབ་པར་མཛད། གཞན་ཡང་རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་སོགས་འོད་གསལ་སྙིང་པོའི་ཆོས་སྐོར་རྣམས་གདམས་པའི་གཏད་རྒྱ་དང་བཅས་ལྷག་མེད་བུམ་པ་གང་བྱོས་སུ་རྫོགས་པར་གནང་ནས་དོན་བརྒྱུད་འཛིན་པའི་རྒྱལ་ཚབ་ཏུ་དབང་བསྐུར། དམ་པ་དེ་ཉིད་ཀྱི་ཞལ་ནས་ཀྱང་། ཁོ་བོ་རྫ་ཆུ་ཁར་སྡོད་པ་དཔལ་དགེ་སྤྲུལ་སྐུ་གཅིག་པོ་འདིའི་དོན་ཡིན་ཞེས་སློབ་རྒན་སངས་རྒྱས་དཔལ་བཟང་ལ་གསུངས། གཞན་ཡང་། རྗེ་བླ་མ་འཇིགས་མེད་ངོ་མཚར་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇིགས་མེད་སྐལ་བཟང་སོགས་ལས་ངལ་གསོ་སྐོར་གསུམ་དང་། སྤྱོད་འཇུག རྩ་རྒྱུད་གསང་བ་སྙིང་པོ། རིག་གནས་སྐོར་འགའ་ཞིག་དང་། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་ལས་བཀའ་འགྱུར་གྱི་ལུང་དང་སྒྲ་རིག་གསན། དེ་ལྟར་གང་གསན་ཐམས་ཅད་ལན་རེ་ཙམ་གྱིས་ཐུགས་སུ་ཆུད་པའི་མཁྱེན་རབ་ཀྱི་རྩལ་འབར་ཞིང་། གཙོ་བོ་བཀའ་བསྟན་འགྱུར་རོ་ཅོག་དང་ཀུན་མཁྱེན་ཡབ་སྲས། རྗེ་ཙོང་ཁ་པ་ས་པཎ་སོགས་རིས་མེད་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་ལ་དཔེ་གཟིགས་རྟག་འགྲུས་སུ་མཛད་པས་ཉིན་རེ་བཞིན་མཁྱེན་རྟོགས་ཟླ་བ་ཡར་ངོ་ལྟར་གོང་འཕེལ་དུ་གྱུར། ཐ་ན་འཇིག་རྟེན་གྱི་ཕོ་སྒོའང་འགྲན་ཟླ་མེད་པ་ཞིག་སྟེ། སྐུ་ན་ཤིན་ཏུ་ཆུང་བའི་དུས་ཤིག་དཔལ་དགེ་དབོན་པོར་བཙན་པོས་གཉའ་གནོན་ལྟ་བུའི་ཁ་མཆུ་ཞིག་ཕོག་པས་སྡེ་དགེའི་སྐུ་ཚབ་རྩར་གཏུག་གཤེར་བྱེད་སྐབས། བྱང་སྡེ་རྫ་ཆུ་ཁ་ན་ཕོ་རྒོད་ཡ་མེད་དུ་གྲགས་པའི་འབུམ་ཤུལ་མཐུ་སྟོབས་མགོན་པོ་བྱ་བ་དེ་ལན་གཅིག་མིན་པར་ཤགས་ཀྱིས་ཕམ་པར་བྱས་ནས་རྒྱལ་ཁ་བླངས་པས། དཔལ་དགེ་དབོན་པོ་མགུ་སྟེ་སྤྲུལ་སྐུ་ཡིན་རུང་མིན་རུང་ངོ་མ་ལོ་སྤྱད་ཅིག་རེད་ཅེས་སྨྲས། མདོ་མཁྱེན་བརྩེ་འཇིགས་མེད་ཡེ་ཤེས་རྡོ་རྗེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་ཕེབས་སྐབས། རྗེ་འདིའི་ཉེ་སྐོར་དུ་བྱོན་ནས་དཔལ་དགེ་ཞེས་བོས་ཏེ། ཁྱེད་དཔའ་སྙིང་ཅི་འདྲ། བཟང་ན་འདིར་ཤོག་གསུངས་པར། སྐུ་རྩར་ཕྱིན་པ་དང་སྐྲ་ནས་བཟུང་སྟེ་ས་ལ་བརྡབས་ཤིང་དྲུད་དེ་བྱོན་པས་མཚམས་ཤིག་ན་ཆང་གི་དྲི་མ་ཞིག་ཆིལ་གྱིས་བྱུང་། དཔལ་སྤྲུལ་རིན་པོ་ཆེའི་ཐུགས་དགོངས་ལ་ཁོང་གིས་ཆང་གསོལ་ཡོད་པ་འདྲ་གྲུབ་ཐོབ་ཆེན་པོ་འདི་འདྲ་ཡིན་ཡང་ཆང་བཟིའི་འཆོལ་སྤྱོད་མཛད་ན། བཅོམ་ལྡན་འདས་ཀྱིས་ཆང་གི་ཉེས་དམིགས་མང་པོ་བཀའ་སྩལ་པ་ཐོག་ཏུ་བབ་སྙམ་པའི་ཚེ་ཕྱག་གིས་བཏང་སྟེ་ཁྱོད་རྟོག་གེ་བྱ་བ་འདི་འདྲའི་རྣམ་རྟོག་ངན་པ་འཆར་བ་ཕའུ། ཁྱོད་ཁྱི་རྒན་རེད་ཅེས་གདོང་ལ་ཞལ་མཆིལ་བཏབ། མཛུ་གུ་ཆུང་བསྟན་ནས་ཕེབས། དེ་འཕྲལ་ག་རེ་ང་རེ་འཁྲུལ། དེ་ངོ་སྤྲོད་ཅིག་ཡིན་པར་འདུག་སྙམ་ནས་ལུས་གནད་བཅོས་ཏེ་བཞུགས་པས་ཟང་ཐལ་གྱི་རིག་པ་ནམ་མཁའ་གཡའ་ཐག་ཆད་པ་ལྟ་བུ་ཞིག་མངོན་དུ་གྱུར་ཏེ། སྔོན་འཇིགས་མེད་རྒྱལ་བའི་མྱུ་གུས་རིག་ངོ་སྤྲད་པ་དེ་ནམ་ལངས་པའི་སྟེང་དུ་ཉི་མ་ཤར་བ་བཞིན་སོང་ཞེས་དང་། ཕྱིས་སུ་ཡང་ཁྱི་རྒན་ཟེར་བ་འདི་སྐུ་ཞབས་མཁྱེན་བརྩེས་ང་ལ་གསང་མིང་བཏགས་པ་ཡིན་ཞེས་ཞལ་རྩེད་གནང་། སྦས་པའི་རྣལ་འབྱོར་ཆེན་པོ་བསོད་ནམས་དཔལ་དགེ་དང་ལྷན་ཅིག་ཀློང་སྙིང་རྩ་རླུང་གི་ཁྲིད་སྦྱང་ཤིན་ཏུ་རྒྱུན་རིང་བསྐྱངས། དཔལ་དགེ་དབོན་པོ་འདས་ནས་གཤེགས་རྗེས་ཀྱི་བྱ་བ་རྣམས་རྫོགས་འཕྲལ་བླ་བྲང་བསྡུས་ནས་ཀུན་སྤང་བྱ་བཏང་གི་རྣལ་འབྱོར་པ་མཛད་དེ་མདོ་ཁམས་རྫོགས་ཆེན་དུ་ཕེབས། མཁན་ཆེན་ཤེས་རབ་བཟང་པོའམ་སེང་ཕྲུག་པདྨ་བཀྲ་ཤིས་ལས་རབ་ཏུ་བྱུང་བས་འཇིགས་མེད་དགེ་བའི་འབྱུང་གནས་ཞེས་མཚན་གསོལ་བ་དང་། དམ་པ་འདི་ལས་བཀའ་མའི་དབང་ལུང་ཡོངས་རྫོགས་གསན་པས་མཁན་པོ་བདེ་གཤེགས་ཚང་ཞེས་གསུངས་ཏེ་ཐུགས་རྩིས་ཆེན་པོ་མཛད། གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཡབ་སྲས་ལས་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་དུ་མ་དང་། རྫོགས་ཆེན་སྙིང་ཐིག་གོང་འོག་གི་གདམས་ཁྲིད་ཡང་དུ་གསན་ནས་རྟོགས་པའི་བོགས་འབྱིན་མཛད། རུ་དམ་གཤིན་རྗེ་སྒྲུབ་ཕུག་དང་། ཚེ་རིང་ཕུག ཤྲཱི་སེང་རི་ངོགས་ཀྱི་དཔལ་སྤྲུལ་ཕུག་པ་སོགས་སུ་ལོ་ངོ་བཅུ་ཕྲག་ལྷག་ཏུ་བཞུགས་ནས་བྱང་ཆུབ་ཀྱི་སེམས་གཉིས་དང་། རང་བཞིན་རྫོགས་པ་ཆེན་པོ་ལ་ཐུགས་དམ་ཉམས་བཞེས་རྩེ་གཅིག་ཏུ་གཞོལ་བས་གནས་ལུགས་ཀྱི་རྟོགས་པ་ནམ་མཁའ་དང་མཉམ་པ་བརྙེས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་ཞལ་ལུང་དང་། ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་སོགས་ལེགས་བཤད་ཀྱི་རྩོམ་པའང་མང་དུ་མཛད། དགུང་ལོ་སུམ་ཅུའི་སྐོར་ཨ་མདོ་བ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་སྙན་པ་གསན་པས་ཅིས་ཀྱང་མཇལ་བར་བྱེད་དགོས་དགོངས་ཏེ་ཤར་ཁ་ཕྱོགས་སུ་བྱོན། ལམ་བར་ཞིག་ནས་རྗེ་དེ་ཉིད་ཞིང་ཁམས་གཞན་དུ་གཤེགས་པའི་སྐད་ཆ་གསན་པས་གདུང་དབྱངས་ཀྱི་ཚིགས་བཅད་འགའ་མཛད་དེ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཞབས་གྲལ་དུ་གསེར་ཐར་ཡར་ལུང་པདྨ་བཀོད་དུ་ཕེབས། དེར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསང་བ་སྙིང་པོའི་རྒྱུད་བཤད་གནང་བའི་ཁྲིད་དཔོན་མཛད། དེ་རྗེས་ལོ་གཉིས་ཙམ་ལ་དེ་གར་བཞུགས་ནས་ཞག་ཞེ་ལྔ་རེའི་རིང་རྒྱུད་བཤད་ཤིན་ཏུ་རྒྱས་པ་རེ་གནང་བ་སོགས་སྙིང་པོའི་ཆོས་ཆར་ཕབས་པས། ཡུལ་གསེར་སྟོད་དུ་སྙིང་པོའི་བསྟན་པ་དར། ཞེས་པའི་ལུང་བསྟན་ཐོག་ཏུ་ཁེལ་ལོ་ཞེས་ཕྱོགས་ཀུན་ཡོངས་སུ་གྲགས་པ་བྱུང་། གཞན་ཡང་གསེར་རྟ་ཚོ་མ་ལག་བཅོ་བརྒྱད་ཀྱི་སྐྱ་སེར་ཀུན་ལ་སྤྱོད་འཇུག་དང་། མ་ཎི་བཀའ་འབུམ། བདེ་སྨོན་སོགས་ཀྱི་ཆོས་སྦྱིན་བསྩལ་ཅིང་བདེ་སྨོན་དང་ཡི་གེ་དྲུག་མའི་ཕྲིན་ལས་ཁྱབ་བརྡལ་དུ་སྤེལ། གསོན་རིམ་དང་གཤིན་ཆོག་ལ་སྐམ་ལུག་མང་པོ་བསད་དེ་དགེ་འདུན་ལ་དམར་སྟོན་བྱེད་པའི་སྲོལ་ངན་རྒྱུན་བཅད་ཅིང་ཇག་རྒྱ་རྐུན་ཁྲིམས་བཞག་སྟེ་ཡུལ་ཁམས་དཀར་པོར་བསྒྱུར། དེ་ནས་ཤུག་ཆུང་དགོན་སོགས་སུ་ཆོས་བཀའ་ཅི་རིགས་གསུངས་ནས་ཕེབས་ཤིང་། ཤུག་ཆེན་དགོན་དུ་རྒྱལ་བཀའ་རིན་པོ་ཆེ་ཞིབ་གཟིགས་མཛད་ནས་ཡུན་རིང་བཞུགས་པས་དེ་སྐབས་མདོ་སྡེ་མང་པོ་ཐུགས་ལ་ཟིན་པ་བྱུང་གསུངས། ཨ་རིའི་ནགས་སམ་དྷི་ཆུང་ནགས་སུ་ཡུན་རིང་བཞུགས་ཤིང་དེ་དུས་ཞལ་སློབ་སྨྱོ་ཤུལ་ལུང་རྟོགས་དང་ཁོང་རྣམ་གཉིས་ལ་གསོལ་ཚིགས་རྩམ་པ་ཁུག་མ་གང་ཡོད་པ་ཉིན་པར་ལྗོན་ཤིང་གི་ཡལ་ག་ལ་གཏགས། ཨ་བུ་ཚང་གིས་ལྭ་བ་དཀར་པོ་ཞིག་ཡོད་པ་མནབས་ཏེ་དབྱུག་པ་རིང་པོ་ཞིག་ཐོགས་ནས་ཧ་ཧ་ཞེས་གསུང་སྒྲ་ཆེན་པོ་མཛད་ནས་ནགས་ནང་དུ་བྱོན། ཉིན་གུང་སྨྱོ་ཤུལ་ལུང་རྟོགས་ལ་སྤྱོད་འཇུག་ཚིག་བཞི་རེ་གསུངས་པར་མཛད། དེ་འཕྲལ་འཛི་ཀར་དུ་ཕེབས་ནས་མ་ཎི་བཀའ་འབུམ་སོགས་གསུངས་ཤིང་ཡིག་དྲུག་གི་ཕྲིན་ལས་རྒྱས་པར་མཛད། ཛམ་ཐང་ཆོས་སྡེ་རུ་ཀུན་མཁྱེན་དོལ་བོའི་འགྲེལ་བའི་སྟེང་ནས་རྒྱུད་བླ་རྒྱས་ཁྲིད་མཛད་པས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས་ཤིང་བསྡུས་དོན་ཡང་བརྩམས། སྦས་པའི་རྣལ་འབྱོར་གཙང་པ་དགེ་སློང་ངག་དབང་ཆོས་འབྱོར་ལས་སྦྱོར་དྲུག་གསན་ནས་ཉམས་བཞེས་མཛད། ཕྱོགས་དེའི་སྨར་ཁོག་སྟོད་སྨད་དུ་ཡང་དམ་པའི་ཆོས་ཆར་ཕབ་སྟེ་བ་གླང་ལྟ་བུའི་བླུན་པོ་རྣམས་ལའང་ཐར་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན། དད་པ་དང་སྙིང་རྗེ་ཆུང་བ་དཀར་ཕྱོགས་ལ་སྡང་ཞིང་སྡིག་ལ་འཛེམ་མེད་དུ་སྤྱོད་པའི་མི་དཔོན་དང་ཇག་དཔོན་ང་རྒྱལ་ཅན་ཤིན་ཏུ་གདུལ་དཀའ་བ་རྣམས་ཀྱང་སྙིང་རྗེའི་དཀའ་ཐུབ་གྲུབ་པའི་གསུང་གི་མཚམས་ལས་འདའ་བར་མ་ནུས་ཏེ་རྐུན་རྒྱ་ཇག་ཁྲིམས་དང་རྔོན་པ་མང་པོའི་སྡིག་འཕྲོ་བཅད་པ་སོགས་ཀྱི་སྒོ་ནས་ཡུལ་ཁམས་དཀར་པོར་བསྒྱུར། སྨར་རོང་ཞེས་གྲགས་པའི་མཐའ་འཁོབ་དེར་ཡིག་དྲུག་འདོན་པ་ལྟ་ཅི་བགྲང་འཕྲེང་འཛིན་པའི་སྲོལ་ཙམ་ཡང་མེད་པར་མ་ཎི་འདོན་པའི་སྲོལ་ལམ་ཆེན་པོ་བཏོད་པས་མཚོན་གདུལ་དཀའ་འདུལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ། དེ་བཞིན་མི་ཉག་གི་ཡུལ་དུ་བྱོན་ནས་རྒྱལ་ཁམས་ཆོས་ལ་བཙུད་ཅིང་རྒྱལ་འཕགས་རི་ཁྲོད་སོགས་སུ་ཡུན་རིང་སྒྲུབ་ལ་བཞུགས། འདྲ་བ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་ལ་ཕར་ཕྱིན་སྐོར་གྱི་དྲི་བ་མང་པོ་ཞུས་པས་ཁྱོད་སུ་ཡིན་གང་ནས་འོང་གསུངས་པར། དཔལ་དགེ་ཟེར་བ་ཁམས་རྫ་ཆུ་ཁ་པ་ཞིག་ཡིན་ཞུས། ཕྱིར་ཕེབས་རྗེས་དགེ་བཤེས་ཆེན་པོ་དེས་ཉེ་གནས་ལ་དེ་སུ་ཡིན། ཁོ་དཔལ་དགེ་བྱ་བ་ཡིན་ཟེར་ཏེ་རྒྱལ་ཁམས་ན་ཡོངས་སུ་གྲགས་པའི་མཁས་པ་ཞིག་ཡིན་པའི་འོས་སུ་འདུག་གསུངས། སླར་རྡོ་ཡུལ་དུ་བྱོན་ནས་དྷི་ཆུང་ཕུག་ཏུ་བཞུགས་སྐབས་སྐུ་ཞབས་མཁྱེན་བརྩེ་རིན་པོ་ཆེའི་སྒར་པ་དར་རྩེ་མདོ་ཕྱོགས་ནས་བཏེགས་ཏེ་གཉན་པོ་གཡུ་རྩེའི་གནས་མདུན་སྔོ་མཚོའི་ཁར་ཕེབས་པ་གསན་པས་དེར་ཆེད་གཏད་ཀྱིས་བྱོན། སྐུ་ཞབས་ཐུགས་ཤིན་ཏུ་དགྱེས་ནས་ཆོས་ཀྱི་གསུང་གླེང་མང་དུ་མཛད། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་དབང་ཞིག་གནང་བར་ཞུས་པས། དེ་ངས་གསང་རྒྱས་བཏབ་ནས་སུ་ལའང་མ་བྱིན་པར་ལོ་མང་སོང་བ་ཡིན་ཏེ། ད་རེས་ཁྱེད་ལ་སྟེར་ཞེས་དགྱེས་བཞིན་གནང་། དགུང་གྲངས་བརྒྱད་ཅུར་འཚོ་བའི་ལུང་བསྟན་དང་འབྲེལ་ཚད་དོན་ལྡན་གྱི་དབུགས་དབྱུང་བ་སོགས་ཕྱི་ནང་གསང་བའི་བཀའ་ལུང་མང་པོ་ཐོབ་ནས་སླར་རྡོ་ཡུལ་དུ་ཆགས་ཕེབས། དེ་ནས་གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་རྣམ་གཉིས་ཀྱི་བཀའ་གསུང་ལྟར་རུ་དམ་རྫོགས་ཆེན་དུ་ཕེབས། དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་མོའི་མཁན་རབས་གསུམ་པའི་གསེར་ཁྲིར་བཞུགས་ནས་མདོ་སྔགས་གཞུང་ལུགས་ཆེན་མོ་སྤྱི་དང་། མངོན་རྟོགས་རྒྱན། རྩ་བ་ཤེས་རབ། འཇུག་པ། མདོ་སྡེ་རྒྱན། རྒྱུད་བླ་མ། མངོན་པ་མཛོད། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས་སོགས་ཀྱི་རྒྱས་ཁྲིད་དང་། ཕར་ཕྱིན་ཐེག་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ལམ་གནད་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་དང་། རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་སྙིང་པོ་གཉིས་ལ་ཐུན་མིན་རྩལ་འདོན་གྱི་འཆད་ཁྲིད་རྒྱ་ཆེར་གནང་བས། སྤྱོད་འཇུག་མཆོད་པའི་སྐབས་སུ་ཕྱོགས་འདིའི་རི་ལུང་ཀུན་ཏུ་མེ་ཏོག་སེར་ཆེན་འདབ་མ་བརྒྱ་ཕྲག་ནས་ལྔ་བཅུའི་བར་ཅན་སྔར་མེད་པ་མང་དུ་སྐྱེས་པ་སྤྱོད་འཇུག་མེ་ཏོག་ཏུ་གྲགས། སྐབས་དེའི་གསུང་སྐྱེས་ཞལ་སློབ་ཀྱི་གཙོ་བོ་མཁན་ཆེན་པདྨ་བཛྲ་དང་། གཏོ་རུ་མཁན་པོ་སྐལ་ལྡན་རྒྱ་མཚོ། འཇམ་མགོན་མི་ཕམ་རྣམ་རྒྱལ། མི་ཉག་ཀུན་བཟང་བསོད་ནམས། ཨོ་རྒྱན་བསྟན་འཛིན་ནོར་བུ། སྨྱོ་ཤུལ་ལུང་རྟོགས། མཁན་ཆེན་དཀོན་མཆོག་འོད་ཟེར་སོགས་རྒྱུད་པ་ཟིན་ངེས་ཀྱི་ཐུགས་སྲས་དུ་མ་བྱུང་། ཆོས་མཚམས་ཐུན་གསེང་རྣམས་སུ་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་དང་། ཚིག་འགྲེལ། སྒོམ་རིམ། གཞུང་ཆེན་ཁག་གི་འཆད་ཐབས་དང་ས་བཅད། ཡོན་ཏན་མཛོད་ཀྱི་དཀའ་འགྲེལ་སོགས་འགྲན་ཟླ་དང་བྲལ་བའི་གཞུང་ཊིཀ་དུ་མ་བརྩམས་ཏེ་ཆོས་སྡེ་འདིའི་ཕྱི་རབས་ཀྱི་བསྟན་པའི་བགོ་སྐལ་དུ་བཞག་པར་མཛད་པ་འདི་བཞིན་ལགས་ན་། རང་རེ་རྗེས་སུ་འཇུག་པའི་གྲལ་མཐར་སྐྱེས་པ་དག་གིས་འཆད་ཉན་ཐོས་བསམ་གྱིས་འཛིན་སྐྱོང་སྤེལ་བ་ཅིས་ཀྱང་འོས་སུ་ཆེ་བར་སེམས་སོ་ཞེས་ཆོས་ཀྱི་མཆེད་པོ་དག་ལ་ནང་ལུགས་སུ་སྐུལ་བའོ། །གཞན་ཡང་ནགས་ཆུང་རི་ཁྲོད་དང་། པདྨའི་ཐང་། གཤིན་རྗེ་སྒྲུབ་ཕུག་སོགས་སུ་ལོ་ངོ་བཅུ་ཕྲག་ལྷག་བཞུགས་ནས་ཆོས་འཁོར་རྒྱ་ཆེར་བསྐོར་བས་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་ཞེས་མཚན་དུ་གྲགས། གཤིན་རྗེ་སྒྲུབ་ཕུག་ཏུ་སྨྱོ་ཤུལ་ལུང་རྟོགས་སོགས་སྣོད་ལྡན་དུ་མ་ལ་རྫོགས་པ་ཆེན་པོའི་སྔོན་འགྲོ་དང་དངོས་གཞིའི་ཁྲིད་སྦྱང་ཐེངས་མང་མཛད་པ་དང་། དེར་ཕ་བོང་ཞིག་གི་རྩར་སླེབ་ཚེ་བྱང་ཆུབ་ཀྱི་སེམས་དྲན་དགོས་ཞེས་དྲན་རྟེན་དུ་བཞག་ནས་ཕ་བོང་དེའི་སྟེང་བཞུགས་ནས་ཆོས་ཁྲིད་གསུངས་སྐབས་རླུང་དང་རྫི་ཆར་དྲག་པོ་ཇི་ལྟར་བྱུང་ཡང་སྐུ་སྒུལ་སྐྱོད་ཙམ་ཡང་མི་མཛད། ཉིན་གུང་གི་སྐབས་སྐུ་ལུས་གཅེར་བུར་ཕྱུང་ནས་སྦྲང་མ་ལ་ལུས་སྦྱིན་མཛད་པ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ་དཀའ་བ་དུ་མ་དང་དུ་བཞེས། དེ་སྐབས་ཤིག་ན་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་རུ་དམ་དུ་ཕེབས་ཏེ་རྗེ་འདིའི་སྒྲུབ་ཕུག་གི་ཕྱི་རོལ་ནས་སྐུ་ཕྱག་འཚལ་བཞིན་ཕྱི་ལྟར་རྒྱལ་བའི་སྲས་པོ་སོགས་ཀྱི་གསོལ་འདེབས་ཚིགས་བཅད་མ་དེ་ཞལ་གསུང་གནང་ཚེ། རྗེ་འདིས་སྒྲུབ་ཕུག་ནང་ནས་གསན་མ་ཐག་ཏུ་མངོན་རྫོགས་ཞིང་ན་ཁྲག་འཐུང་ཧེ་རུ་ཀ་སོགས་ཀྱི་གསོལ་འདེབས་ཚིག་བཞི་གསུང་ལན་དུ་མཛད། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཞིང་དུ་གཤེགས་ནས་ཡང་སྲིད་གདན་སར་མ་འཁོད་བར་རྗེ་འདི་དང་མཁན་ཆེན་པདྨ་བཛྲ་རྣམ་གཉིས་ཀྱིས་རྫོགས་ཆེན་གདན་སའི་བསྟན་སྲིད་ཀྱི་ཐུགས་འགན་ཆེར་བཞེས་མཛད་པ་སོགས་རང་རེའི་བསྟན་པ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ། སྡེ་དགེའི་ལྷ་སྲས་འཆི་མེད་རྟག་པའི་རྡོ་རྗེ་སྐུ་མཆེད་ཉག་སྐེད་པའི་འོག་ནས་ཐར་ཏེ་རྒྱལ་སར་འཁོད་དུས་རྫོགས་ཆེན་བླ་བྲང་ནས་གདན་ཞུས་དགའ་སྟོན་ཕུལ་ཞིང་། ཡུམ་སྲས་མདུན་བློན་དང་བཅས་པར་རྗེ་འདིས་བཟང་པོ་སྤྱོད་པའི་ཆོས་འབྲེལ་གྱིས་རྗེས་བཟུང་བྱིན་རླབས་གནང་། འདི་དུས་མཆོག་གྱུར་བདེ་ཆེན་གླིང་པའང་རྫོགས་དགོན་དུ་བྱོན་ཏེ་རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྐོར་དང་རིགས་གསུམ་སྙིང་ཐིག་སོགས་གཏེར་གནས་ནས་སྤྱན་དྲངས་ཏེ་རྗེ་འདི་ཆོས་བདག་ཏུ་ངོས་འཛིན་གནང་། རྗེ་འདིས་ཀྱང་ཐུགས་དད་ཆེན་པོས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་མནོག་ཆོས་སུ་གསན། སླར་ཡང་དགེ་འདུན་སྟོང་ཚོགས་ལ་དགོངས་འདུས་སྒྲུབ་ཐབས་སྐོར་གྱི་ལུང་གནང་བར་རྗེ་འདིས་གསོལ་བ་བཏབ་ནས་དེ་བཞིན་བསྩལ་བ་མཇུག་རྫོགས་མཚམས་སུ་གསུང་གསང་མཐོན་པོས། འོ་དེ་རིང་རང་རེ་རྣམས་ཀྱིས་གཏེར་སྟོན་སངས་རྒྱས་གླིང་པའི་མདུན་ནས་བླ་མ་དགོངས་འདུས་ཐོབ་པའི་སྐལ་བཟང་བྱུང་བ་རེད་པས་ཀུན་ཀྱིས་བསྙེན་སྒྲུབ་རེ་གྱིས་ཞེས་ཐུགས་དགྱེས་དགྱེས་མཛད། བར་ལམ་སྦས་ཚུལ་གྱི་བརྟུལ་ཞུགས་སུ་ཡིན་ངོ་ཐག་མི་ཆོད་པ་མཛད་ནས་ཀཿཐོག་རྡོ་རྗེ་གདན་དུ་ཞབས་ཀྱིས་བཅགས། དམ་གཙང་བྱམས་གསུམ་གྱི་གདུང་འབུམ་ལ་ཕྱག་སྐོར་མང་དུ་མཛད་ཅིང་བཞུགས། རེ་ཞིག་ན་དཔལ་སྤྲུལ་རིན་པོ་ཆེ་ཡིན་པ་གོ་ཐོས་བྱུང་བས་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་བསྙེན་བཀུར་མཛད་ཅིང་། གསོལ་བ་བཏབ་པ་ལྟར་གཙུག་ལག་ཁང་ཆེན་མོར་འདུས་སྡེ་ཡོངས་ལ་སྤྱོད་འཇུག་རྒྱས་པར་གསུངས། ཞིང་སྐྱོང་རིན་པོ་ཆེས་ཀྱང་ཆོས་ཐུན་གཅིག་ཙམ་གསན། གཞན་ཡང་དགེ་རྩེ་སེར་ཤུལ་དགོན། ལབ་ཁྲི་འདུ་དགོན། ཆུ་ཧོར་དགོན་སོགས་རི་བོ་དགེ་ལྡན་པའི་དགོན་ཆེན་མང་པོར་བྱོན་ནས་སྤྱོད་འཇུག་སོགས་ཀྱི་བཤད་པ་རྒྱ་ཆེར་བསྩལ། དེ་དག་གི་ཚེ་གསར་རྙིང་གི་གྲུབ་མཐའི་ཕྱོགས་འཛིན་དང་དགག་བཞག་གི་ཟེར་སྒྲོས་ཚུན་ཆགས་སྡང་གི་རྒྱུར་འགྲོ་བའི་གཏམ་རྣམས་ཆ་ཤས་ཙམ་ཡང་མ་འདྲེས་པར་འགྲེལ་བ་མཁན་པོ་རང་རང་གི་ལུགས་ལྟར་བཤད་པ་ཁ་གསལ་ལ། རྒྱས་བསྡུས་འཚམས་པ། དོན་གྱི་གནད་ཐོག་ཏུ་དྲིལ་བ་ཉམས་ལེན་དང་སྦྱར་ནས་གསུངས་པས་ལྷ་ལྡན་སྨོན་ལམ་རབ་འབྱམས་པ་མང་པོས་ཀྱང་ཡི་རང་གི་མེ་ཏོག་འཐོར་ཞིང་གུས་པས་བཏུད། རུ་དམ་དུ་བཞུགས་སྐབས་ཧོར་ཁང་གསར་སྐྱབས་མགོན་བྱོན་ནས་གདོལ་བའི་དྲང་སྲོང་གི་གཏམ་དུ་གྲགས་པ། གང་གིས་ཁམས་གསུམ་ཁམས་ཟས་སུ། །ཞེས་པའི་དབུ་ཅན་དེ་བཤད་ཁྲིད་ཀྱི་ལུགས་སུ་གསུང་བར་ཞུས་པས་སྤྱི་དོན་བཀོད་ནས་བཀྲལ་ཏེ་གསུངས་པས་ངོ་མཚར་བར་གྱུར། འདན་པདྨ་རི་མཐོའི་ཤེལ་དཀར་ཟླ་བའི་ཕུག་ཏུ་བཞུགས་སྐབས་སྡེ་དགེའི་གཟིམ་དཔོན་བཀྲ་ཤིས་དགེ་ལེགས་ཀྱིས་ཞུས་ངོར་ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བ་ཡ་མཚན་ཅན་དེ་དང་། སྐུ་ཞབས་མཁྱེན་བརྩེའི་གསོལ་འདེབས་བཀྲ་ཤིས་དགེ་ལེགས་མཛད་། སྔ་ཕྱིར་ལྗགས་རྩོམ་མཛད་པའི་ཆོས་ཚན་གྱི་རྣམ་གྲངས་ཀྱང་དགུང་གྲངས་ཉི་ཤུའི་ཡན་སྡེ་དགེ་ནས་བཟང་ཇ་བག་བརྒྱད་ཀྱིས་ཉོས་པའི་ཤོག་སྲབ་ལ་འདྲ་མིན་སྣ་ཚོགས་བྲིས་ནས་ཟད་སོང་གསུངས་པས་མཚོན་བསམ་གྱིས་མི་ཁྱབ་པ་ཡོད་པར་མངོན་ཡང་། རྗེ་ཉིད་ཀྱིས་ཐུགས་གཙིགས་མི་མཛད་པར་ནམ་རྒྱུན་མེ་ལ་སྲེག་ཅི་ཐུབ་མཛད་པ་དང་། ཞལ་སློབ་དག་གིས་ཕྱོགས་དང་ཕྱོགས་སུ་ཁྱེར་བ་རྣམས་དད་རྟེན་དུ་ཉར་ནས་གཞན་ལ་གཡར་སྟོན་སོགས་མི་བྱེད་པ་བཅས་ཀྱིས་མང་དག་ཅིག་དཔེ་རྒྱུན་ཉམས་པས་ད་ལྟ་མི་བཞུགས་ཀྱང་། ཨོ་རྒྱན་བསྟན་འཛིན་ནོར་བུས་བསྡུ་རྩོལ་མཛད་ནས་ཤྲཱི་སེང་གདན་སར་པར་དུ་བརྐོས་པའི་བཀའ་འབུམ་གླེགས་བམ་ཕྱིན་དྲུག་གི་གྲངས་དང་ལྡན་པ་ད་ལྟའང་བསོད་ནམས་ཀྱི་དཔལ་དུ་བཞུགས་ཤིང་། དེ་དག་གི་ཚིག་དོན་གྱི་ཆ་གང་ནས་ཀྱང་འཕགས་བོད་གཉིས་ན་འགྲན་ཟླ་དང་བྲལ་བའི་ལེགས་པར་བཤད་པ་ཤ་སྟག་སྟེ། མཁྱེན་བརྩེའི་དབང་པོས་མཛད་པའི་སྐུ་བསྟོད་ལས། གང་གི་སྙིང་རྗེས་བརྩམས་པའི་བསྟན་བཅོས་ནི། །ཆ་ཙམ་རྣ་བར་སོན་དང་ཆབས་ཅིག་པར། །ངེས་འབྱུང་ཡིད་ཀྱིས་ཐར་ལམ་ལ་བརྩོན་པ། །རབ་དགའི་ཚུལ་འདི་རྒྱལ་གསུང་ལས་ཀྱང་ལྷག །ཅེས་གསུངས་པ་ལྟར་མཁས་པས་བརྟག་ན་དོན་བཟང་བ། བླུན་པོས་ཉན་ཡང་གོ་སླ་བ། གནད་འདུས་ལ་འཛིན་བདེ་བ། རན་ལ་འབྲེལ་ཆགས་པ། སྙན་ལ་རོ་ཉམས་ལྡན་པ། མཚར་ལ་བཞད་གད་ཐོན་པ། འཇམ་ལ་འཇིགས་ཟིལ་ཆེ་བ་བཅས་ངག་གི་སྒྲིབ་པ་སྤང་པའི་ཚངས་པའི་དབྱངས་ཀྱི་ཡན་ལག་མ་ལུས་པ་ཡོངས་སུ་རྫོགས། སྐུ་ཚེའི་སྨད་དུ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་གདན་ས་རྫ་རྒྱལ་དགོན་དུ་བཞུགས་ནས་བྱམས་ཆོས་སྡེ་ལྔ་དང་། རྩ་ཤེས། བུད་དྷ་པ་ལི་ཏ། སྤྱོད་འཇུག ཡོན་ཏན་མཛོད། བཟང་སྤྱོད་སོགས་ཅི་རིགས་པའི་ཆོས་སྦྱིན་གནང་། དཔལ་དགེ་སྐུ་ཕྲེང་གོང་མ་རྣམ་གཉིས་ཀྱི་མཛད་རྒྱུན་མ་ཎི་རྡོ་འབུམ་ཆེན་མོ་སྔར་ལས་ལྷག་པའི་ཞལ་གསོས་རྒྱ་ཆེན་མཛད། རྫོགས་ཆེན་མཆོག་སྤྲུལ་ལྔ་པ་དང་། མཁན་ཆེན་པདྨ་བཛྲ། དགེ་མང་སྐུ་ཞབས་སྤྲུལ་སྐུ། མཁན་དཀོན་མཆོག་འོད་ཟེར་སོགས་ཀྱིས་གསང་བ་སྙིང་པོའི་རྒྱུད་བཤད་གསན་ནས་ཕྱིར་ཕེབས་སྐབས་རྡོ་འབུམ་ལ་རབ་གནས་མཛད། སླར་ཡང་འཇམ་དབྱངས་མཁྱེན་བརྩེའི་མདུན་དར་དང་དངུལ་རྟ་མིག་གི་ཞུ་རྟེན་བཅས་ཕུལ་ནས་རབ་གནས་མཛད་པའི་ཞུ་ཕྲིན་ཕུལ་ཚེ། ཆུ་སྟོད་ཟླ་བའི་ཚེས་བཅུར་རབ་གནས་མཛད་རྒྱུའི་ཞལ་བཞེས་ལྟར་རྡོ་འབུམ་གྱི་སྟེང་ཤོད་བར་གསུམ་ཡོངས་རྫོགས་སུ་ལྷག་པར་གནས་པའི་མེ་ཏོག་གིས་ཁྱབ་པའི་ངོ་མཚར་བསྟན། རྫ་ཁྲ་མ་ལུང་དུ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་སྣོད་ལྡན་འགའ་ཞིག་དང་ལྷན་ཅིག་འཁོར་འདས་རུ་ཤན་ནས་བཟུང་། རྫོགས་ཆེན་ཐུན་མིན་གྱི་སྔོན་འགྲོ་དང་དངོས་གཞི་ཁྲེགས་ཆོད་ཐོད་རྒལ་ཡོངས་རྫོགས་ཀྱི་ཁྲིད་སྦྱང་ཡུན་རིང་དུ་གནང་བས། དབོན་རིན་པོ་ཆེའི་ཞལ་ནས། སྔོན་ཆད་ངེད་ཚོས་རྫོགས་ཆེན་གོ་ལོ་ཐོས་ལོ་ངང་བཤད་འདོགས་བྱས་ཚད་ཚིག་སྤྱི་ཡམ་མེ་བ་ཙམ་ལས་ཆེར་ཤེས་མ་བྱུང་། ཁྲ་མ་ལུང་དུ་ཉམས་ཁྲིད་བཀའ་དྲིན་བསྐྱངས་པ་ནས་བཟུང་ཆོས་འདི་ལ་གོ་རྟོགས་མཐིལ་ཕྱིན་པ་ཞིག་ཐོབ་སྙམ་བྱུང་གསུངས། ཆོས་རྗེའི་ཞལ་ནས། རྫོགས་ཆེན་ལམ་སྒྲུབ་པ་པོ་རིག་པ་རང་སྣང་གི་བློ་ཅན་ཡིན་ཡང་བརྟུལ་ཞུགས་རུ་ཤན་གྱི་སྤྱོད་པ་དང་མོས་གུས་བླ་མའི་རྣལ་འབྱོར་སྦྲེལ་ནས་ཉམས་སུ་བླངས་ན་ཤིན་ཏུ་བོགས་ཆེ་ཞེས་གསུངས་པ་དང་། རྗེ་ཉིད་རུ་དམ་དུ་བཞུགས་སྐབས་གངས་ཁྲོད་དང་ཉེ་བའི་རྫ་གསེབ་ཏུ་རུ་ཤན་རྟག་པར་མཛད་པ་དང་། ཕྱིས་སྐུ་ན་མཐོན་པོར་ཕེབས་སྐབས་ཀྱང་མཚན་མོའི་རིང་ཀློང་སྙིང་བླ་མའི་རྣལ་འབྱོར་ལ་ཐུགས་དམ་མཛད་དེ་སྲོད་དང་ནམ་གུང་རྣམས་སུ། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན། ཞེས་གདུང་དབྱངས་མཛད་པ་སོགས་སྐད་ཅིག་ཙམ་ཡང་གཡེངས་པ་མེད་པར་ཉམས་བཞེས་ཁོ་ན་མཛད་དོ། །དེ་ལྟར་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་ལ་བློ་འབྱོངས་ཤིང་། གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་ལམ་གྱི་གདེང་ཚད་མཐར་ཕྱིན། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་ནས་ཆོས་ཟད་བློ་འདས་ཀྱི་རྒྱལ་སར་ཕྱིན་ཚུལ། རྗེ་ཉིད་གསང་བ་བསྲུང་བ་ལ་ཐུགས་སྒམ་ཞིང་གཏིང་དཔོག་དཀའ་བས་ཇི་བཞིན་གསུང་བར་མི་མཛད་ཀྱང་སྐབས་སྐབས་སུ་གསུང་འཕྲོས་ལས་ཅུང་ཟད་བྱུང་བ་ནི། ཐུགས་ཟིན་གྱི་ཞལ་སློབ་སྨྱོ་ཤུལ་ལུང་རྟོགས་ལ། ལུང་གཅེས་ཁྱོད་ཀྱིས་བླ་མ་སུ་ལ་གསོལ་བ་འདེབས་ཀྱིན་ཡོད་གསུངས་པར། གསོལ་འདེབས་ཀྱང་ཆེར་ཐུབ་མི་འདུག་ཞུས་པས། མི་ཐུབ་དུས་དེར་ཟད། ཐུབ་དུས་སུ་ལ་འདེབས་གསུངས་། ཁྱེད་ལ་གསོལ་བ་རེ་འདེབས་པ་ཡིན་ཞེས་འཇིགས་བཞིན་གཅོམ་ཆུང་ངུས་ཞུས་པར། རྒྱལ་ཁམས་ན་བླ་མ་འདིའི་མང་ཉུང་ལ་ང་ལ་གསོལ་བ་འདེབས་པ་ཅི་ཡིན་གསུངས། རང་ལ་དགེ་སེམས་སྐད་ཅིག་མ་རེ་སྐྱེས་སྐབས། འདི་ཅི་ལས་བྱུང་བསམ་ཙ་ན་ཁྱེད་ཀྱིས་ཆོས་རེ་བཤད་བསྡད་པའི་མཐུ་ཁོ་ན་རེད་འདུག་པས་དྲིན་ཆེ་སྙམ་པ་ལགས་ཞུས་པས། དེ་ཡིན་ན་ཨ་ཐོ་བདེན་ཐང་ད་ནི་གསོལ་བ་རེ་བཏབ་ཀྱང་རུང་བ་འདྲ། ངའི་རྒྱུད་འདི་ན་ཉོན་མོངས་ཟེར་རྒྱུ་དེ་ཚོ་གཏན་ནས་སྐྱེ་རྒྱུ་མི་འདུག་ཅེས་གསུང་མཐོན་པོ་བྱོན་པ་དང་། དེ་བཞིན་བསྐྱེད་རྫོགས་དང་རྩ་རླུང་ལ་རང་དབང་འབྱོར་བའི་རྟགས་སུ་གསུང་འཕྲོས་ལས། ངས་རྟ་བབ་ཞོན་གྱི་ཡུན་ཙམ་ལ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་བདུན་བརྒྱ་ཉེར་ལྔ་སྐད་ཅིག་དྲན་རྫོགས་སུ་གསལ་ནུས་ཀྱང་། དེ་བསྐྱེད་རིམ་ཡིན་སྙམ་ཡིད་ལ་མེད། རླུང་ཁུག་རེའི་ཡུན་ལ་རིག་འཛིན་འཕྲུལ་འཁོར་སོགས་ཀློང་སྙིང་འཕྲུལ་འཁོར་རྣམས་ཆ་ཚང་རེ་རྫོགས་པར་བྱེད་ནུས་ཀྱང་། དེ་རླུང་གི་ཚད་ཡིན་སྙམ་ཡིད་ལ་མེད་ཅེས་སོགས་དང་། ཤར་ཛམ་ཐང་དུ་དུས་འཁོར་སྦྱོར་དྲུག་སྒོམ་སྐབས། རྟགས་བཅུའི་སྟོང་གཟུགས་ཚད་དུ་འཁྱོལ་བས་སྟོང་གཟུགས་ཀྱི་ལྷ་མོ་རྣམས་སྣ་བུག་ནས་དྲངས་ཆོག་པ་རེ་བྱུང་ཡང་། འདི་རྫོགས་རིམ་ཡིན་སྙམ་ཡིད་ལ་མ་ཤར་ཁྱེད་རྣམས་བསྐྱེད་རྫོགས་ལ་མཐར་ཕྱིན་པ་རེ་གྱིས་གསུངས། ཡང་ངས་མི་ཉག་དང་ལི་ཐང་སོགས་སུ་གཉན་ས་འགྲིམ་སྐབས་ཆོ་འཕྲུལ་སྣ་ཚོགས་ཀྱི་འཚུབ་ལྷོང་ཚད་མེད་པ་རེ་བྱུང་། དེ་དུས་འོད་གསལ་སྙིང་ཐིག་གི་རིག་འཛིན་བརྒྱུད་པ་སྤྱི་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་གསོལ་བ་བཏབ་པས་འཚུབ་སློང་རང་མལ་དུ་ཞི་ནས་བྱིན་རླབས་ཀྱི་རྟོགས་པ་ཞིག་རྙེད་པ་ཡིན། དེ་ཚུལ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ལ་ཞུས་པས། ཁྱོད་ཀྱི་བདུད་བཞི་ཅིག་ཆར་དུ་ཆོད་ནས་མཆོག་གི་དངོས་གྲུབ་བརྙེས་པ་རེད་གསུངས། དེ་ཚུན་ང་ལ་དགེ་མི་དགེའི་རྟོག་པ་ཆེར་སྐྱེས་མ་མྱོང་གསུངས། ཡང་ཉིན་ཞིག་ལུང་གཅེས། ངས་ད་ཙམ་ན་ངན་སོང་གསུམ་གྱི་སྡུག་བསྔལ་གཏན་ནས་བསམ་མི་ཕོད་པ་འདུག བློ་སྦྱོང་དུས་མཐོ་རིས་ཀྱི་སྡུག་བསྔལ་ཙམ་བསམ་པ་ཡིན་ཞེས་དོན་དུ་ངེས་འབྱུང་གི་བློ་འབྱོངས་པའི་ཚད་དུ་གསུངས། དེ་བཞིན་རུ་དམ་གཤིན་རྗེའི་སྒྲུབ་ཕུག་འོག་མར་བཞུགས་སྐབས། ཕུག་པ་གོང་མའི་ནང་དུ་རྒྱལ་མོ་རོང་པའི་ཆོས་པ་གླེན་པ་ཞིག་ཡོད་པར། ཉིན་གཅིག་རྗེའི་ཞལ་ནས། འདི་ལྟར་དབེན་པའི་གནས་སུ་དགེ་སྦྱོར་བྱས་ཏེ་བསྡད་ན་རྣམ་གཡེང་མེད་ཅིང་རིག་པ་ངང་གིས་དྭངས་པས་སྔོན་གནས་རྗེས་དྲན་སོགས་འོང་བ་ལ་ཚེགས་མེད། ཁྱོད་ལ་དེ་འདྲ་ཅི་ཨེ་བྱུང་གསུངས་པར། ཁོས་ཅི་ཡང་མ་བྱུང་ཟེར། ངས་ནི་རེས་འགའ་སྔ་མའི་ཚེ་རབས་བརྒྱ་ཕྲག་ལྷག་པ་ཡང་དྲན་བྱུང་། སྔོན་དུས་གྲུབ་ཆེན་ནག་པོ་སྤྱོད་པ་གྲོང་ཁྱེར་དུ་བྱོན་དུས་ཤིག་ང་རང་གྲོང་ཁྱེར་གྱི་སྨད་འཚོང་མར་གྱུར་བས་གསེར་གྱི་གདུ་བུ་ཞིག་ཕུལ་བ་དེ་ཚུན་ཆད་དུ་བླུན་རྨོངས་ཕག་འཐོམ་ལྟ་བུར་ནམ་ཡང་མ་སྐྱེས་པ་དྲན་ཞེས་གསུངས། དེ་བཞིན་མངོན་པར་ཤེས་པ་མངའ་བའི་གསུང་སྒྲོས་སུ་གཏོགས་པ་རྡོ་སྟོད་ཀྱི་སའི་ཆ་དྷི་ཆུང་ཕུག་ཏུ་བཞུགས་དུས་ཤིག བོད་ཆུང་རྟ་ཤུལ་གྱི་རྒད་པོ་ཞིག་ཚོང་ལ་འགྲོ་བའི་ལམ་དུ་ཆུས་ཁྱེར་ནས་ཤི་བ། ཟླ་བོ་རྣམས་ཀྱིས་རོ་བཀལ་ནས་ཕུག་པ་དང་ཉེ་བའི་ཕྱོགས་སུ་ཕྱིན་ཏེ་འཕོ་བ་ཞུས་པས་ཆོས་ཞུ་ཞལ་སློབ་མང་པོ་དང་བཅས་པས་འཕོ་བ་གསུངས། མཚམས་ཤིག་ནས་རྗེ་བླ་མ་ཉིད་ཧ་བགད་མཛད་དེ་འཕོ་ལུང་གསུང་འཕྲོར་ལུས་ཀྱང་འཁོར་རྣམས་ཀྱིས་མཇུག་རྫོགས་པར་བཏོན། དེ་སྐབས་ཅི་ཡང་མ་གསུངས་ཀྱང་། ཕྱིས་རྫ་སྟོད་དུ་བཞུགས་སྐབས་འཁོར་འགའ་ལ་དེའི་ལོ་རྒྱུས་གསུངས་ནས། དེ་དུས་རྒད་པོ་ཤི་བ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་ལྷའི་བྱིས་པའི་གཟུགས་ཀྱིས་སླེབས་པ་ཞིག་མཐོང་ནས། མདུན་དེར་རྒད་པོ་རོ་མགོ་སེ་རེ་པ་འདུག་པ་ལ་བལྟས་པས། རྒད་པོ་སེ་བོ་འདིའི་མགྱོགས་པ་ལ་ཨང་སྙམ་ནས་ང་དགོད་ཁ་ཤོར་ཏེ་འཕོ་ལུང་འདོན་འཕྲོ་ཆད་པ་ཞིག་བྱུང་ཞེས་གསུངས། ཡང་སྔོན་ང་རང་གཤིན་རྗེའི་ཕུག་པར་འདུག་སྐོར་ཞིག་ལ་གཞན་འགའ་རེས་ཁྱོད་ཀྱི་ཤ་མདོག་སོགས་ལ་བལྟས་ན་མཛེ་ནད་ཀྱི་དོགས་པ་ཞིག་འདུག་ཟེར། རང་ལའང་ཀླུ་གདོན་གྱི་རྟགས་མཚན་འགའ་རེ་བྱུང་བར། རཏྣ་གླིང་པའི་གཏེར་ཁའི་རྟ་ནག་དེའི་བསྒོམ་བཟླས་བྱས་པས་རང་གི་ལུས་ལས་སྦྲུལ་ཆེན་པོ་ཕྱིར་ཐོན་པ་རལ་གྲིས་དུམ་བུར་བཅད་པ་སོགས་རྨི་ལྟས་ཡ་མཚན་ཆེ་བ་དང་བཅས་ཞག་བདུན་ཁོ་ནས་ནད་དེ་ཡུལ་བུད་སོང་གསུངས། ཡང་མཆོག་གྱུར་གླིང་པའི་རིགས་གསུམ་སྙིང་ཐིག་གི་འཇམ་དཔལ་རྫོགས་ཆེན་དེ་ལ་ངས་བསྙེན་སྒྲུབ་ཅིག་བྱས་པས་དེའི་གཞུང་ནས་བཤད་པའི་རྨི་ལྟས་ཚོ་གསལ་པོ་བྱུང་། མཆོག་གྱུར་བདེ་ཆེན་གླིང་པ་དེ་གཏེར་སྟོན་བདེན་པ་ཞིག་རེད་ཅེས་གསུངས་པས་མཚོན་གྲུབ་པའི་རྩེ་མོར་སོན་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། དུས་ནམ་དུ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁོ་ན་ཐུགས་དམ་དགེ་སྦྱོར་ཐམས་ཅད་ཀྱི་རྩ་བར་འཛིན་ཅིང་། སྐྱེ་བོ་མཆོག་དམན་ཐམས་ཅད་ལ་བསམ་པ་བཟང་པོ་རེ་གྱིས་དང་འདི་ལས་གལ་ཆེ་བ་མེད་ཅེས་དང་། བསྙེན་སྒྲུབ་བྱེད་པ་དང་། སྡེ་སྣོད་མང་པོ་ཤེས་པ། སྟོང་ཉིད་ཀྱི་ལྟ་བ་སྒོམ་པ། ལྷ་བསྒོམ་སྔགས་བཟླས་ཀྱིས་ལོ་ཟླ་མང་པོ་སོང་བ་སོགས་ཀྱང་བསམ་པ་ངན་པའི་དབང་གིས་གདུག་འདྲེར་སྐྱེས་པ་མང་། སྙིང་རྗེ་ཡི་དམ་གྱི་མཐིལ་དུ་འཛིན་པ་ལ་གདུག་འདྲེར་སྐྱེས་པ་གཅིག་ཀྱང་མི་སྲིད་པས་འདི་ཁོ་ན་གད་མེད་གཡང་མེད་ཀྱི་ཆོས་ཡིན་གསུངས། རྒྱུན་དུ་ཆོས་གང་གསུང་ཡང་མཁས་ངོམས་གྱི་སྤྲོས་པ་གང་མང་ཙམ་མིན་པར་གདུལ་བྱའི་བློ་ཚོད་དང་བསྟུན་ནས་ཕན་གང་ཆེ་མཛད་པས། འཇམ་རྩུབ་ཇི་ལྟར་བཤད་ཀྱང་གདམས་ངག་གི་རོ་གཅིག་ཏུ་མཐུན་པར་བྱུང་བས་མཁས་བླུན་བར་མའི་སྐྱེ་བོ་མཐའ་དག་གི་ཡིད་འཕྲོག །དགུང་གྲངས་བདུན་ཅུ་སྐོར་ཞིག་ཏུ་རྫ་སྟོད་མ་མོའི་ཐང་དུ་ཁྲོམ་ཚོགས་སྟོང་ཕྲག་ལ་བདེ་སྨོན་གྱི་ཁྲིད་རྒྱས་པ་ཞིག་བསྩལ། དེ་ཕྱིན་ཆོས་ཆེར་མ་གསུངས་ཤིང་ཆོས་ཞུར་འོང་བ་རྣམས་དབོན་རིན་པོ་ཆེ་བསྟན་འཛིན་ནོར་བུའི་དྲུང་དུ་གཏོང་ཞིང་། རྗེ་ཉིད་ཀྱིས་བསྟུད་མར་ལོ་ལྔ་ལྷག་ལ་མཚམས་པ་རིན་པོ་ཆེའི་སྐུ་གདུང་གི་དྲུང་དུ་དོང་སྤྲུགས་ཀྱི་སྒྲུབ་མཆོད་རྒྱུན་ཆགས་སུ་མཛད་དེ་གདུལ་བྱ་དཔག་མེད་བྱང་གྲོལ་ལ་བཀོད་དོ། །དེ་ནས་རབ་ཚེས་ཐམས་ཅད་འདུལ་ཞེས་པ་མེ་ཕག་ལོའི་ལོ་སྟོད་སྐུ་ཁམས་ཅུང་ཟད་རྙོག་ཚུལ་བསྟན། དེ་སྐབས་བསྙུན་གཡོག་ལ་གླིང་བླའི་དཔོན་པོ་འཇམ་དཔལ་ཟེར་བའི་སྨན་པ་དེ་དྲངས་པས། དེས་ཨ་བུ་ཚང་ལགས། ཁྱེད་ཀྱི་སྔ་ཕྱིའི་གསུང་སྒྲོས་གང་ལ་བསམ་ཀྱང་ངེད་རང་ཚོས་ཚེ་ཕྱི་མའི་དོན་དུ་སྨོན་ལམ་འདེབས་པའི་མཐིལ་ནུབ་ཕྱོགས་བདེ་བ་ཅན་ཁོ་ན་ལ་གཏད་དགོས་པ་ཨེ་ཡིན་ཞུས་པས། ཅུང་ཟད་བཞུགས་ནས། འོ་ཁྱོད་ནུབ་ང་ཤར་རེད་ཅེས་བཀའ་སྩལ། ཡང་སྔོན་དུས་སྤྱོད་འཇུག་གསུང་བའི་ཞོར་དུ་བདེ་བ་ཅན་གྱི་ཞིང་གི་ཆེ་བ་བཤད་པའི་འཕྲོས་སུ། དག་པའི་ཞིང་ཁམས་ཡོན་ཏན་མཐའ་ཡས་ཀྱང་སྨོན་ལམ་བཏབ་ན་སྐྱེ་སླ་བ་ཞིག་ལ་ཤར་ཕྱོགས་མངོན་པར་དགའ་བ་འགྲན་ཟླ་མེད། དེའི་འོག་ན་བདེ་བ་ཅན་ཁྱད་པར་དུ་འཕགས་ཞེས་གསུངས། ཡང་ནངས་མོ་ཞིག་ལ་གསུང་འཕྲོས་སུ། སྔར་དུས་ངེད་ཚོས་གཞན་ལ་བདེ་སྨོན་བཤད་ཅིང་རང་གིས་ཀྱང་དག་པའི་ཞིང་ཁམས་དེར་སྨོན་ལམ་འདེབས་མདོག་བྱས་པ་ཡིན་ཡང་། ཁྱེད་ཅག་ནི་ཨེ་སྐྱེ་མི་ཤེས། ང་རང་ནི་མི་སྐྱེ་ངོ་མ་རེད། མདང་སུམ་ནགས་དང་ཁང་པ་མང་པོ་རྨིས་པ་དང་། ཀོ་མོ་འོར་ལུ་ན་སྔར་དུས་བཞིན་བསྡད་ཡོད་པའི་ཉིང་འཁྲུལ་ཁོ་ནས་མཚན་ཐོག་ཐག་ཡོལ་བ་བྱུང་བས་ད་དུང་ཡང་དེར་ལན་གཅིག་ཡོང་དགོས་པ་མིན་ནམ་གསུངས། ཡང་སྐབས་དེར་ཐུགས་སྲས་འགས་སྐུ་མདུན་ནས་གནས་བརྟན་ཕྱག་མཆོད་ཞབས་བརྟན་དུ་གསུང་སྐབས་ཞལ་ནས། ད་རེས་ང་གཉིད་སྣང་ཤར་ཡང་སངས་རྒྱུ་ཞིག་འདུག ཁྱེད་ཅག་གིས། འཕགས་པའི་གནས་བརྟན་ཡན་ལག་འབྱུང་། །ཞེས་པའི་ཚིགས་མཚམས་སུ། ང་རང་གི་རྣ་ལམ་ནས་ཨ་བུའི་གདུལ་བྱ་ཤར་ན་ཡོད་ཅེས་གྲག་ཤིང་། དེ་མིན་འགའ་ཞིག་ཀྱང་གྲག་གསུངས། ཅི་ཡིན་ན་ཞུས་པར། ཇི་ག་ཡིན་གསུངས། ང་འདྲ་བ་ལ་གདུལ་བྱ་ཞིག་ཅི་ག་ཡོད་གསུངས། ལོ་དེའི་ས་གའི་ཚེས་བཅུ་བདུན་ཉིན་གསོལ་ཚིགས་མཛད་ནས་བཤགས་རྒྱུད་གསུངས་ཏེ་རྐྱང་ཕྱག་ཁ་ཤས་ཕུལ། རྩ་རླུང་གི་ཡན་ལག་ལྔ་སྦྱངས་དང་སྙིང་གི་རྩ་མདུད་གྲོལ་བའི་འཕྲུལ་འཁོར་ཞིག་མཛད། ཚེས་བཅོ་བརྒྱད་ཉིན་གྱི་སྔ་མོ་ཞོག་ཇ་གསོལ་ནས་ཉི་དྲོས་ཀྱི་ཆ་ལ་གཟིམས་མལ་ནས་བཞེངས། སྐུ་གཅེར་བུར་ཕྱུང་ཞིང་ཞབས་སྐྱིལ་ཀྲུང་། ཕྱག་གཉིས་ཀྱིས་པུས་མོ་བཀབ་སྟེ་བཞུགས། ཅུང་ཙམ་ནས་སྤྱན་གཉིས་ཆོས་སྐུའི་ལྟ་སྟངས་དང་། ཕྱག་གཉིས་སེ་གོལ་ཞིག་མཛད་ནས་ཀ་དག་གདོད་མའི་གཞི་དབྱིངས་ནང་གསལ་ཆེན་པོར་རེ་ཞིག་གཟིམས་པར་མཛད་དོ། །དམ་པ་འདིའི་ཐུགས་སྲས་ཀྱི་གཙོ་བོ་ནི། རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་ལྟར་རང་ལས་ལྷག་པའི་སློབ་མ་བཞི་སྟེ། ལྟ་བ་རང་ལས་ལྷག་པ་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ། བཤད་པ་རང་ལས་ལྷག་པ་ཨོ་རྒྱན་བསྟན་འཛིན་ནོར་བུ། ཚད་མ་རང་ལས་ལྷག་པ་རས་པ་བསྟན་འཛིན་གྲགས་པ། སྤྱོད་པ་རང་ལས་ལྷག་པ་མི་ཉག་ཀུན་བཟང་བསོད་ནམས་བཅས་འགྲན་ཟླ་དང་བྲལ་བའི་སྐྱེས་བུ་བཞི་དང་། གཞན་ཡང་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཁན་ཆེན་པདྨ་བཛྲ། ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། འཇམ་མགོན་མི་ཕམ་རྣམ་རྒྱལ། རྒྱལ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། རྡོ་གྲུབ་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་དྲི་མེད་གྲགས་པ། རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ། མུ་ར་པདྨ་བདེ་ཆེན་བཟང་པོ། རྒྱལ་སྲས་བདེ་ཆེན་རིག་པའི་རལ་གྲི། ཀུན་བཟང་ཐེག་མཆོག་རྡོ་རྗེ། མཁས་མཆོག་གཞན་ཕན་སྣང་བ། མཁན་དཀོན་མཆོག་འོད་ཟེར། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ། གཏེར་སྟོན་ལས་རབ་གླིང་པ། སེར་ཤུལ་ལྷ་རམས་པ་ཐུབ་བསྟན་རྒྱལ་མཚན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར། འཇུ་བླ་གྲགས་པ་རྒྱལ་མཚན། མཁན་ཆེན་ཡོན་ཏན་རྒྱ་མཚོ། མཁན་ཀུན་བཟང་དཔལ་ལྡན་སོགས་རྒྱལ་བསྟན་རིས་མེད་ཀྱི་བསྟན་འཛིན་ཆེན་པོ་དུ་མ་བྱོན་ནས་དམ་པ་གང་གི་བཤད་སྒྲུབ་ཀྱི་ཕྲིན་ལས་ཇི་སྲིད་བར་ཉམས་པ་མེད་པའི་ས་ལ་བཀོད་པར་མཛད་དོ། །

མཁན་རབས་དྲུག་པ། འབྲུག་ཡུལ་མཁན་པོ་བསོད་ནམས་དགེ་ལེགས་ནི།

བོད་རབ་བྱུང་བཅུ་བཞི་པའི་མེ་གླང་ལོར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ལས་ཀུན་མཁྱེན་ཀློང་ཆེན་པའི་གདན་ས་འབྲུག་ཐར་པ་གླིང་གི་ཉེ་ཕྱོགས་སུ་སྐུ་བལྟམས། སྐུ་གཞོན་དུས་ནས་རབ་ཏུ་བྱུང་སྟེ་ཕྱོགས་དེའི་བཀའ་རྙིང་གི་བླ་མ་བཤེས་གཉེན་དུ་མ་ལས་དབང་ལུང་ཟབ་ཆོས་ཅི་རིགས་པ་གསན། དགུང་གྲངས་ཉི་ཤུའི་སྐོར་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་སྙན་པ་གསན་པས་ཐུགས་བརྩོན་ཆེན་པོས་བོད་ཡུལ་ཁམས་ཕྱོགས་སུ་ཞབས་ཐང་གིས་ཕེབས། རིགས་བདག་མཚུངས་མེད་གྲུབ་དབང་མཆོག་གི་ཞལ་རས་མཇལ་བ་ཙམ་གྱིས་ཐ་མལ་གྱི་སྣང་ཤེས་དེ་ཉིད་དུ་འགགས་ཏེ་རིག་སྟོང་སྐྱེ་མེད་ཀྱི་རང་ངོ་ཟིན། རྗེ་འདི་ཉིད་ཀྱི་ཞབས་དྲུང་ནས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྙན་བརྒྱུད་སོགས་ཟབ་ཆོས་དུ་མ་གསན་ནས་ལྟ་དགོངས་ཉམས་ལེན་གྱི་ཕུ་ཐག་བཅད། གཞན་ཡང་ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། དཔལ་སྤྲུལ་སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་ལྔ་རིག་མཁས་པའི་དབང་ཕྱུག་དུ་མ་ལས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་མཐར་ཕྱིན་མཛད་པས་མཁྱེན་རབ་ཕྱོགས་མེད་དུ་རྒྱས། རྫོགས་ཆེན་བཞི་པའི་བཀའ་ལུང་ལྟར་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་མཁན་རབས་དྲུག་པའི་ཆོས་ཁྲིར་བཞུགས་ནས་འཆད་ཁྲིད་རྒྱ་ཆེར་གནང་། དེ་བཞིན་ཕྱོགས་ཀྱི་བུ་དགོན་ཆེན་མོ་འགའ་ལ་ཕེབས་ནས་དབྱར་ཚུལ་ཆེན་མོ་སོགས་གཞི་གསུམ་གྱི་ཕྱག་བཞེས་སྤེལ། སྐུ་ཚེའི་སྨད་དུ་རུ་དམ་སྒྲུབ་མཚོ་བར་མའི་གུ་རུའི་སྒྲུབ་ཕུག་སོགས་སུ་དཀའ་སྤྱད་འབད་རྩོལ་ཆེན་པོས་སྙིང་པོའི་སྒྲུབ་པ་ལྷུར་བཞེས་ངང་སྐུ་གཤེགས་སོ། །

མཁན་རབས་བདུན་པ། མཁས་བཙུན་གྲུབ་པའི་དབང་ཕྱུག་གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་ནི།

མདོ་ཁམས་སྡེ་དགེའི་མངའ་ཁོངས་སུ་སྐུ་འཁྲུངས། གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེ་མཆོག་གིས་གླིང་གྲུབ་ཐོབ་བསོད་ནམས་སྦྱིན་པའི་ཡང་སྲིད་དུ་ངོས་འཛིན་སྐུ་བདག་མཛད། གདན་ས་ཆེན་མོར་ཞབས་པད་བཀོད་ནས་ཆོས་སྤྱོད་ཆོ་གའི་ཕྱག་ལེན་སོགས་ལ་སྦྱངས་པ་མཛད་པས་ཚེགས་མེད་པར་མཁྱེན། གྲུབ་དབང་བཞི་པ་མཆོག་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་རིན་པོ་ཆེ། མཆོག་གྱུར་བདེ་ཆེན་གླིང་པ་སོགས་ལས་སྔ་འགྱུར་བཀའ་གཏེར་གྱི་ཆོས་ཚུལ་རྒྱབ་རྟེན་དང་བཅས་པ་གསན་ཞིང་། ཁྱད་པར་རྗེ་གཞན་ཕན་མཐའ་ཡས་འོད་ཟེར་ལས་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་པས་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་ཞེས་མཚན་གྱི་ཅོད་པན་དཔྱངས། དཔལ་སེང་གེ་རིའི་ཆོས་སྡེའི་མཁན་རབས་བདུན་པའི་གསེར་ཁྲིར་བཞུགས་ནས་མདོ་སྔགས་ཀྱི་འཆད་ཁྲིད་དང་། གཞི་གསུམ་གྱི་ཕྱག་བཞེས་སྤེལ་བ་སོགས་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་མེད་མཐར་རྒྱས་སུ་བསྐྱངས། སྐབས་དེར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཆེན་ཁྲི་པ་ཚུལ་ཁྲིམས་རྡོ་རྗེ་ཁམས་སུ་ཕེབས་ནས་རྗེ་འདི་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། དམ་པ་དེ་ལས་རྡོར་འཛིན་མཁན་པོ་འགྱུར་མེད་ངག་དབང་ནོར་བུ། དེའི་མཁན་བུ་གཅུང་འགྱུར་མེད་ཆོས་གྲགས། དེའི་མཁན་བུ་དེང་གི་དུས་སུ་འཕགས་ཡུལ་དུ་ཞལ་བཞུགས་པ་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ་ངག་དབང་ཆོས་ཀྱི་བཟང་པོའི་བར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་སོགས་དབུས་གཙང་དུ་སྡོམ་རྒྱུད་ཡར་མཆེད་པ་སོགས་སྔ་འགྱུར་གྱི་བསྟན་པ་ལ་མཛད་རྗེས་དང་ཕྲིན་ལས་འགྲན་ཟླ་བྲལ། ཕུར་ཚའི་མཁན་པོ་ཨ་དཀོན་དང་། གཏོ་རུ་མཁན་པོ་སྐལ་ལྡན། སྡོམ་བརྩོན་དཀོན་མཆོག་གྲགས་པ་སོགས་རྒྱུད་པ་ཟིན་ངེས་ཀྱི་ཞལ་སློབ་དུ་མ་བྱུང་ཞིང་། མཐར་ས་ལམ་གྱི་རྟོགས་པ་མཐོན་པོར་གཤེགས་པའི་རྟགས་སྣང་དང་བཅས་དགོངས་པ་གཞན་དོན་དུ་གཤེགས་པར་མཛད་དོ། །

མཁན་རབས་བརྒྱད་པ། གསང་ཆེན་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲ་རྩལ་ནི།

བོད་རབ་བྱུང་བཅུ་བཞི་པའི་དཀྱིལ་སྟོད་དུ་མདོ་ཁམས་རུ་དམ་གདུང་ནང་དུ་གླིང་སྨུག་པོ་ལྡོང་གི་རུས་ལས་ཆད་པར་གྲགས་པའི་རྐང་ཚ་ཞེས་པའི་རིགས་སུ་སྐྱེ་སྲིད་བཞེས། བྱིས་པའི་དུས་ནས་དངོས་མེད་ལྷ་འདྲེའི་འཕྲུལ་གཟུགས་གཟིགས་ཤིང་དམ་ལ་བཞག་པ་སོགས་གྲུབ་པའི་རྟགས་མཚན་ལྷན་སྐྱེས་སུ་མངའ། དམ་པའི་སྐྱེས་ཆེན་དུ་མས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་སྤྲུལ་དུ་ལུང་གིས་བསྔགས། སྐུ་ན་ཆེས་གཞོན་པའི་སྐབས་ནས་གྲུབ་དབང་རྫོགས་ཆེན་དགོན་དུ་ཚོགས་ཞུགས་མཛད་ཅིང་། སྐྱེས་ཐོབ་ཀྱི་མཁྱེན་རབ་ཟླ་དང་བྲལ་བས་སྒྲུབ་འཕྲིན་ཆོ་གའི་ཕྱག་ལེན་སོགས་ལ་བསླབ་ཙམ་ཉིད་ཀྱིས་མཁྱེན་པ་སོགས་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད། རིམ་པར་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། འཇིགས་མེད་རྒྱལ་བའི་མྱུ་གུ། རྒྱལ་སྲས་གཞན་ཕན་མཐའ་ཡས། སེང་ཕྲུག་པདྨ་བཀྲ་ཤིས་སོགས་མཁས་གྲུབ་སྐྱེས་ཆེན་དུ་མ་ལས་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད། བཀའ་གཏེར་སྨིན་གྲོལ་གྱི་ཉེ་བརྒྱུད། མན་ངག་སྙན་བརྒྱུད་ཀྱི་ཞལ་ཤེས་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་པས་མཁས་གྲུབ་ཀྱི་རྒྱལ་ས་མཐོན་པོར་གཤེགས། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་པས་དོན་བརྒྱུད་རྟོགས་པའི་དྲོད་ཚད་བརྙེས་ཏེ་འོད་གསལ་གསང་བ་སྙིང་ཐིག་གི་བཀའ་བབ། སྐུ་ཚེའི་སྟོད་དུ་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྱབ་བདག་པ་ཆེན་པོའི་གསེར་ཁྲིར་བཞུགས་ཏེ་མདོ་སྔགས་གཞུང་ལུགས་ཀྱི་འཆད་ཁྲིད་སྤྱི་དང་། རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བའི་བཤད་པ་མཛད་པས་ཕུར་ཚའི་མཁན་པོ་ཨ་དཀོན་དང་། ཨོ་རྒྱན་བསྟན་འཛིན་ནོར་བུ། འཇམ་མགོན་མི་ཕམ་རྣམ་རྒྱལ། སྡོམ་བརྩོན་དཀོན་མཆོག་གྲགས་པ་སོགས་རྒྱུད་པ་ཟིན་ངེས་ཀྱི་བསྟན་འཛིན་སྐྱེས་ཆེན་དུ་མ་བྱུང་། གྲུབ་དབང་དམ་པ་གང་གི་སྐུ་ཚེའི་སྨད་དུ་རྫོགས་ཆེན་པདྨའི་ཐང་དུ་གདན་སའི་མཐིལ་མཛད་དེ་རྒྱུད་ལུང་མན་ངག་རྒྱ་མཚོའི་འཁོར་ལོའི་སྒྱུར་རྒྱལ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོར་བཞུགས་པས། ཕྱོགས་ཀྱི་སློབ་ཚོགས་ནམ་མཁའི་སྐར་ཚོགས་བཞིན་བརྡོལ་བ་དང་། སྐབས་དེའི་རིས་མེད་བསྟན་འཛིན་ཆེན་པོ་དག་གིས་གཙུག་རྒྱན་དུ་བསྙེེན་ནས་སོ་བྱང་སྔགས་ཀྱི་སྡོམ་རྒྱུན་དང་། བཀའ་གཏེར་སྨིན་གྲོལ་གྱི་དབང་ལུང་། མན་ངག་སྙིང་ཐིག་གི་གདམས་ཁྲིད་ཀུན་རྗེ་འདི་ལས་གསན་བཞེས་མཛད་པ་སྟེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་དུ། མེ་སྦྲུལ་ལོར་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་མཁན་པདྨ་བཛྲ་ལས་འདུས་མདོའི་དབང་གསན་སྐབས། དབང་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོར་ཤར། དེ་ནུབ་སོ་ཡེ་ཤེས་དབང་ཕྱུག་མཇལ་ནས་འདུས་མདོའི་སྨིན་གྲོལ་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ཐོབ། ཅེས་དང་དེ་བཞིན་ཞེ་ཆེན་རྒྱལ་ཚབ་བཞི་པས་ཐུན་མིན་རིགས་བདག་ཏུ་བསྙེན་ཞིང་རབ་ཏུ་བྱུང་བའི་མཚན་ལ་འགྱུར་མེད་པདྨ་རྣམ་རྒྱལ་ཞེས་རྗེ་འདིས་གསོལ་བ་དང་། རྒྱལ་ཚབ་མཆོག་གི་བཀའ་འབུམ་ལས། མཁན་ཆེན་ཐམས་ཅད་མཁྱེན་པ་པདྨ་བཛྲ་ཞེས་དང་། བླ་མ་རྒྱང་འབོད་བྱིན་རླབས་མྱུར་འཇུག་ཏུ། རབ་འབྱམས་རྩ་གསུམ་རྒྱལ་བའི་ཡེ་ཤེས་ཀྱི་སྤྱི་གཟུགས། །ཐེག་གསུམ་ལུང་རྟོགས་བསྟན་པ་རིན་ཆེན་གྱི་བང་མཛོད། །མཐའ་ཡས་སྐྱེ་དགུའི་འདྲེན་པ་ཟླ་མེད་ཀྱི་བཤེས་གཉེན། །སྐྱབས་ཀུན་འདུས་ཞལ་པདྨ་བཛྲ་དེ་མཁྱེན་ནོ། །མཐའ་ཡས་ཤེས་བྱ་ཀུན་མཁྱེན་འཇམ་དཔལ་གྱི་གཞོན་ནུ། །བརྩེ་ཆེན་ཐུགས་རྗེའི་གཏེར་གཅིག་གངས་ཅན་གྱི་མགོན་པོ། །ནུས་མཐུའི་རྩལ་རྫོགས་བཛྲ་པཱ་ཎི་དང་དབྱེར་མེད། །བསྟན་འགྲོའི་དཔལ་མགོན་པདྨ་བཛྲ་དེ་མཁྱེན་ནོ། །ཕྱི་རུ་འདུལ་ཁྲིམས་རྣམ་དག་ཉན་ཐོས་ཀྱི་དགེ་སྦྱོང་། །ནང་དུ་བྱང་ཆུབ་སེམས་འབྱོང་ཐེག་ཆེན་གྱི་རྒྱལ་སྲས། །གསང་བ་རིམ་གཉིས་རྩལ་རྫོགས་སྔགས་སྤྱོད་ཀྱི་རྣལ་འབྱོར། །འཇིག་རྟེན་མིག་གཅིག་པདྨ་བཛྲ་དེ་མཁྱེན་ནོ། །ཆོས་བརྒྱད་ཞེན་པ་རང་གྲོལ་བྱ་བཏང་གི་རྒྱལ་པོ། །འདུ་འཛིའི་གཡེང་བ་རྒྱང་བསྲིང་སྒྲུབ་བརྩོན་གྱི་དབང་ཕྱུག །སྣང་སེམས་རོ་མཉམ་རྟོགས་པ་འཁྲུལ་ཞིག་གི་སྒོམ་ཆེན། །སྙིང་པོའི་བསྟན་འཛིན་པདྨ་བཛྲ་དེ་མཁྱེན་ནོ། །ཐོག་མར་བསྟན་སྒོར་འཇུག་མཛད་སོ་ཐར་གྱི་མཁན་པོ། །བར་དུ་བྱང་སྡོམ་འབོགས་པ་ཐེག་ཆེན་གྱི་སློབ་དཔོན། །ཐ་མར་སྨིན་གྲོལ་མཆོག་སྩོོལ་གསང་སྔགས་ཀྱི་བླ་མ། །བཀའ་དྲིན་འཁོར་མེད་པདྨ་བཛྲ་དེ་མཁྱེན་ནོ། །ཞེས་སོགས་གསོལ་འདེབས་བསྔགས་བརྗོད་རྒྱ་ཆེར་མཛད། དེ་བཞིན་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དང་། རྡོ་གྲུབ་བསྟན་པའི་ཉི་མ། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱིས་དཔལ་གསང་བ་སྙིང་པོའི་རྒྱུད་བཤད་རྗེ་འདི་ལས་གསན་ཞིང་རིམ་པར་བརྒྱུད་པའི་རྒྱུན་བཟང་ད་ལྟའི་བར་དུ་མ་ཉམས་པར་བྱུང་བ་དང་། ཨ་འཛོམས་འབྲུག་ཆེན་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལ་ཟབ་གསང་སྙིང་པོའི་མན་ངག་བླ་མ་ཡང་ཏིག་བསྩལ་ཅིང་ལྷ་བཙུན་ནམ་མཁའ་འཇིགས་མེད་ལྟ་བུའི་རྣལ་འབྱོར་པའི་མཛད་པ་སྐྱོང་དགོས་པའི་ལུང་བསྟན་གནང་། དེ་མཚུངས་རྫོགས་སྤྲུལ་ལྔ་པ་དང་། ཟེ་ཆེན་རབ་འབྱམས་ལྔ་པ། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། སྤྲུལ་བའི་གཏེར་ཆེན་ལས་རབ་གླིང་པ། བདུད་འཇོམས་རོལ་པ་རྩལ་སོགས་སྐྱེས་ཆེན་དུ་མ་ལ་བཀའ་གཏེར་གྱི་སྨིན་ཁྲིད་མཐའ་ཡས་པ་བསྩལ་བ་སོགས་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས། ཕྱི་རབས་གདུལ་བྱའི་བགོ་སྐལ་དུ་མཚན་ཉིད་ཀྱི་གཞུང་འགྲེལ་དང་གསར་རྙིང་གི་རྒྱུད་བཤད་སོགས་གླེགས་བམ་དྲུག་ལྷག་ལྗགས་བརྩམས་མཛད་ཀྱང་། ཐོག་མ་ནས་པར་དུ་མ་འཁོད་པ་དང་དུས་འགྱུར་གྱི་གོད་ཆག་སྐབས་འཐོར་བརླག་ཏུ་སོང་སྟབས། ད་ལྟ་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་འཁོད་པ་གླེགས་བམ་གཅིག་ཁོ་ན་ཙམ་མཇལ་དུ་ཡོད་པ་བཅས། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་ནས་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་ཞིང་འདིའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། །

མཁན་རབས་དགུ་པ། གཏོ་རུ་མཁན་པོ་སྐལ་ལྡན་རྒྱ་མཚོ་ནི།

གྲུབ་དབང་པདྨ་རིག་འཛིན་དང་སློབ་བུ་ཉི་ཟླ་སྐར་གསུམ་ཐོག་མར་རུ་དམ་ལུང་དུ་ཞབས་པད་བཀོད་ཚེ་གཏོ་རུ་ཨ་དགེ་ཚང་ཞེས་དུད་ཁྱིམ་ཆེན་པོ་ཞིག་གིས་སྦྱིན་བདག་ཞབས་ཞུའི་མཐུན་འགྱུར་གནང་བར་གྲགས་པ་དེ་ཉིད་ཀྱི་རིགས་རྒྱུད་དུ། བོད་རབ་བྱུང་བཅུ་བཞི་པའི་དཀྱིལ་དུ་གདན་ས་ཆེན་མོ་བསམ་གཏན་ཆོས་གླིང་དང་ཉེ་བའི་ས་ཕྱོགས་སུ་སྐུ་འཁྲུངས། ཆུང་ངུ་ནས་ཆོས་ལ་འཇུག་པའི་བློ་བཅོས་མིན་མངའ་བས་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་དྲུང་དུ་གཙུག་ཕུད་ཕུལ། སྐྱེས་ཐོབ་ཀྱི་རྣམ་དཔྱོད་མཁའ་ལྟར་ཡངས་པས་འབྲི་ཀློག་སོགས་བརྡའ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད། སྐུ་ན་སོན་ནས་མཁན་ཆེན་པདྨ་བཛྲ་ལས་རབ་ཏུ་བྱུང་སྟེ་གདན་ས་ཆེན་མོར་ཚོགས་ཞུགས་མཛད། ཉི་གྲགས་རིག་འཛིན་བཟང་པོ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་བཅས་ཀྱི་ཞལ་སྔ་ནས། སྤྱོད་འཇུག སྡོམ་ཊཱིཀ དབུ་མ། ཕར་ཕྱིན། འདུལ་བ། མངོན་པ་གོང་འོག ཚད་མ། གསང་བ་སྙིང་པོ་སོགས་མདོ་སྔགས་ཀྱི་གཞུང་བཤད་དུ་མའི་རྒྱས་ཁྲིད་མནོས་ནས་ཐོས་བསམ་འཆད་རྩོད་ཀྱིས་སྒྲོ་འདོགས་བཅད་པས་མཁས་པའི་གྲགས་པ་ཕྱོགས་ཀུན་ཁྱབ། ཁྱད་པར་དུ་ཐུན་མིན་རིགས་ཀྱི་བདག་པོ་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་རྣམ་གཉིས་གཙུག་རྒྱན་དུ་བསྟེན་པ་ལས་རྫོགས་ཆེན་རང་རྐང་གི་གདམས་ཁྲིད་སྙིང་ཐིག་གོང་འོག་གཙོ་བོར་གྱུར་པའི་སྨིན་ཁྲིད་མ་ལུས་པ་གསན་པས་འོད་གསལ་རིག་པ་གཅེར་མཐོང་དུ་ངོ་འཕྲོད་ཅིང་། བྱར་མེད་མཉམ་བཞག་གི་ཏིང་ངེ་འཛིན་ལ་རྡོ་རུས་ཐུག་པའི་ཉམས་ལེན་གནང་ཞིང་། ལྷག་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་ལ་ཉིན་མཚན་དབྱེར་མེད་དུ་བརྩོན་པ་མཛད་པས་བསྐྱེད་རྫོགས་རྫོགས་ཆེན་གྱི་ལྟ་དགོངས་ལ་རང་དབང་འབྱོར་ཏེ་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། དགུང་གྲངས་བཞི་བཅུ་ལྷག་ཏུ་སོན་སྐབས་དཔལ་སེང་གེ་རིའི་ཆོས་སྡེ་ཆེན་མོའི་མཁན་རབས་དགུ་པའི་ཆོས་ཁྲིར་བཞུགས་ཏེ་རྒྱ་བོད་མཁས་པའི་གཞུང་ཆེན་ཁག་གི་བཤད་ཁྲིད་ཡུན་རིང་བསྩལ། དུས་དེའི་ཞལ་སློབ་མཁས་པའི་དབང་ཕྱུག་མི་ཉག་ཀུན་བཟང་བསོད་ནམས་དང་། རྗེ་དབོན་ཨོ་རྒྱན་བསྟན་འཛིན། རྒྱལ་སྲས་རིག་པའི་རལ་གྲི། དགུ་རོང་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་སོགས་མཁས་པའི་ཡང་རྩེར་སོན་པ་དུ་མ་བྱོན། སྐུ་ཚེའི་སྨད་དུ་གངས་ཁྲོད་བདེ་བ་ཆེན་པོའི་སྒྲུབ་གནས་ཀུན་ཏུ་གཡོ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བཞུགས་ནས་ཞི་བའི་དབྱིངས་སུ་གཤེགས་པར་མཛད་དོ། །

མཁན་རབས་བཅུ་པ། རྐང་ཚའི་མཁན་པོ་རྡོ་རྗེ་རབ་བརྟན་ནི།

བོད་རབ་བྱུང་བཅུ་བཞི་པའི་ཆུ་སྟག་ལོར་རུ་དམ་འབྲོག་རུ་སྡེ་བར་རྐང་ཚའི་རིགས་ལས་མཁན་ཆེན་པདྨ་བཛྲའི་དབོན་ཆུང་དུ་སྐུ་བལྟམས། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གཙུག་ཕུད་ཕུལ་ནས་རུ་དམ་ཆོས་སྡེར་ཚོགས་ཞུགས་མཛད། རྗེ་དེ་ཉིད་ལས་འཇའ་ཚོན་དཀོན་སྤྱི་དང་། སྙིང་ཐིག་རྩ་གསུམ། ཟབ་པ་པོད་བཞི་བཅས་ཀྱི་སྨིན་དབང་གསན། མཁན་ཆེན་པདྨ་བཛྲ་ལས་བསྙེན་པར་རྫོགས་ནས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་མཐའ་དག་དང་། སྔ་འགྱུར་བཀའ་གཏེར་གྱི་སྨིན་ཁྲིད་དུ་མ། རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་སོགས་གསན་བཞེས་མཛད། གནས་ལྔ་རིག་པའི་པཎ་ཆེན་མཐུ་སྟོབས་རྣམ་རྒྱལ་དང་། ཉི་གྲགས་མཁན་པོ་རིག་འཛིན་བཟང་པོ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་ལས་ཐུན་མོང་གི་རིག་གནས་རྩིས་དཀར་ནག་དང་། སྒྲ་སྙན་སྡེབ་སྦྱོར་སོགས་ནས་མདོ་སྔགས་ཀྱི་བཤད་ཁྲིད་མཐའ་ཡས་པ་གསན་པས་གཙུག་ལག་གི་གནས་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་རྩལ་རྒྱས་ཤིང་། ཁྱད་པར་གསང་ཆེན་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲའི་ཞབས་དྲུང་དུ་ཉེ་གནས་པའི་ཚུལ་གྱིས་ལོ་མང་བཞུགས་པ་ལས་གསར་རྙིང་རྒྱུད་ཀྱི་བཤད་པ་དུ་མ་དང་། བསྐྱེད་རྫོགས་རྩ་རླུང་གི་ཆོས་སྐོར་མཐའ་ཡས་པ་དམར་ཁྲིད་ཕྱག་ལེན་དུ་བཏབ་ནས་གསན་བཞེས་མཛད་པས། གཏོར་མའི་བཅའ་བཟོ། དཀྱིལ་འཁོར་གྱི་ཐིག་རྡུལ། གར་འཆམ་རོལ་དབྱངས་སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ཆེ་ཕྲ་ཐམས་ཅད་རྒྱུད་སྡེའི་དགོངས་དོན་ལྟར་གཏན་ལ་ཕབ་ཅིང་མཁས་པར་སྦྱངས། དམ་པ་འདི་མཐོང་བརྒྱུད་ཀྱི་ཕྱག་ལེན་ལ་མཁས་པའི་ཚད་དུ་འཛིན་ཅིང་ཕྱིས་སུ་གདན་ས་ཆེན་མོའི་ཕྱག་ལེན་ཆེ་ཕྲ་ཐམས་ཅད་རྗེ་འདིས་མཛད་པའི་ཟིན་བྲིས་ཆེན་མོ་རྡོ་རབ་ཟིན་རྒན་མ་ཞེས་གྲགས་པར་ཁུངས་བཅོལ། ཤྲཱི་སེང་ཆོས་གྲྭ་ཆེན་མོའི་མཁན་རབས་བཅུ་པའི་གསེར་ཁྲིར་ལོ་མང་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་སྤེལ་བས་དུས་དེའི་ཞལ་སློབ་ཨ་གྲོའི་མཁན་ཆེན་བསོད་ནམས་ཆོས་འཕེལ་དང་། དཔལ་ཡུལ་རྒྱ་སྤྲུལ་པདྨ་གསང་སྔགས་བསྟན་འཛིན་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་མང་པོ་བྱོན། གྲུབ་དབང་རྫོགས་ཆེན་པའི་ཕྱོགས་ཀྱི་བུ་དགོན་ཁག་ལ་ཞབས་སོར་བཀོད་ནས་གཞི་གསུམ་གྱི་ཕྱག་བཞེས་དང་སྒྲུབ་འཕྲིན་མཐོང་རྒྱུད་ཀྱི་ཕྱག་ལེན་རྒྱ་ཆེར་སྤེལ་བ་དང་། ཁྱད་པར་རྒྱལ་བ་དཔལ་ཡུལ་པ་དང་རྫ་བརྒྱུད་ཕུག་ཁུང་དགོན་སོགས་སུ་ཕེབས་ནས་སྔ་འགྱུར་བཀའ་མའི་སྒྲུབ་འཕྲིན་གྱི་ཕྱག་བཞེས་བཙུགས་པ་སོགས་སྔ་འགྱུར་སྒྲུབ་སྡེའི་བསྟན་པ་ལ་མཛད་རྗེས་ཆེ། དེ་ལྟར་འཁོར་ལོ་གསུམ་གྱི་མཛད་པ་མཐར་ཕྱིན་པའི་ཚུལ་གྱིས་དགུང་གྲངས་དྲུག་ཅུའི་སྐོར་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་བསྡུས་སོ། །

མཁན་རབས་བཅུ་གཅིག་པ། ཕུར་ཚའི་མཁན་པོ་ཨ་དཀོན་ནམ་དཀོན་མཆོག་འོད་ཟེར་ནི།

བོད་རབ་བྱུང་བཅུ་བཞི་པའི་དཀྱིལ་ཙམ་ལ་གྲུབ་དབང་རྫོགས་ཆེན་པའི་གདན་ས་དང་ཆེས་ཉེ་བའི་ལྷ་སྡེ་འབྲོག་རུ་ཁོག་ཏུ་ཕུར་ཚ་ཞེས་གྲགས་པའི་རིགས་སུ་སྐུ་བལྟམས། ཆུང་ངུའི་དུས་ནས་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གཙུག་ཕུད་ཕུལ་ཏེ་ངུར་སྨྲིག་གི་རྒྱལ་མཚན་ཐོག་མར་གསོལ། དགུང་ལོ་བརྒྱད་དགུ་ནས་ཡི་གེ་འབྲི་ཀློག་དང་། དབྱངས་རོལ་གར་འཆམ་སོགས་མཐོང་བརྒྱུད་སྒྲུབ་ཆེན་གྱི་ཕྱག་ལེན་རྣམས་ལ་མཁས་པར་སྦྱངས་ཏེ་རུ་དམ་གདན་སར་ཚོགས་ཞུགས་མཛད། སྔ་འགྱུར་བསྟན་པའི་གསལ་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་རབ་ཏུ་བྱུང་བ་དང་ཕྱིས་སུ་མཁན་ཆེན་པདྨ་བཛྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་གྲངས་ཉི་ཤུའི་སྐོར་ཙམ་ན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཤྲཱི་སེང་ཆོས་གྲྭའི་མཁན་ཁྲིར་བཞུགས་ཏེ་འཆད་ཁྲིད་སྐྱོང་བཞིན་པའི་ཞལ་སྔ་ནས་སྤྱོད་འཇུག་རྒྱ་བོད་ཀྱི་འགྲེལ་ཆེན་ཁག་འགའ་དང་། འཇུག་པ་དང་། མངོན་པ་མཛོད། བྱམས་ཆོས་སྡེ་ལྔ། དབུ་མའི་རིགས་ཚོགས། མངོན་པ་ཀུན་བཏུས། སོར་མདོ། མདོ་རྩ་བཅས་ཀྱི་འགྲེལ་ཆེན་རྒྱ་གཞུང་ཆེན་མོ་ཁག་དང་། གཞན་ཡང་ལེགས་བཤད་གསེར་ཕྲེང་། རོང་སྟོན་པའི་མདོ་སྡེ་རྒྱན་དང་འབྱེད་གཉིས་ཀྱི་ཊཱི་ཀ །རྒྱུད་བླ་དོལ་ཊཱིཀ །གསང་འགྲེལ་ཕྱོགས་བཅུའི་མུན་སེལ། རོང་ཟོམ་དཀོན་མཆོག་འགྲེལ། གཡུང་ཊཱིཀ་རྒྱན་གྱི་མེ་ཏོག །ཀློང་ཆེན་མཛོད་བདུན། ཡོན་ཏན་མཛོད་ཀྱི་རང་འགྲེལ་སོགས་རྒྱ་བོད་ཀྱི་གཞུང་ལུགས་རྣམས་ལ་གསན་སྦྱང་མཐར་ཕྱིན་གནང་བས་རྣམ་དཔྱོད་ཀྱི་རྩལ་འབར་ཏེ་མཁས་པའི་གྲགས་པ་རྒྱས། གཞན་ཡང་མཁན་ཆེན་པདྨ་བཛྲ་དང་། སྐུ་ཞབས་དགེ་མང་གཉིས་པ་རྒྱལ་སྲས་གཞན་ཕན་ཆོས་ཀྱི་སྣང་བ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་སོགས་དུས་དེའི་མཁས་གྲུབ་བཤེས་གཉེན་དུ་མ་ལས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཤད་ཆེ་ཕྲ་སྣ་ཚོགས་དང་། བཀའ་གཏེར་གསར་རྙིང་གི་མན་ངག་སྨིན་ཁྲིད་མཐའ་ཡས་པ་མནོག་ཆོས་སུ་གསན་ཏེ་ཉམས་བཞེས་མཛད། དགུང་གྲངས་སུམ་ཅུ་ནས་སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་པའི་ཆོས་ཁྲི་ལ་ལོ་བཞི་བཞུགས་ནས་མདོ་སྔགས་གཞུང་ཆེན་ཁག་གི་བཤད་ཁྲིད་རྒྱ་ཆེར་སྤེལ་བས་ཞལ་སློབ་མཁས་པའི་རྩེར་སོན་འབམ་མདའ་དགེ་ལེགས་རྒྱ་མཚོ། མི་ཉག་མཁན་པོ་ཨ་དཔལ། མཁན་ཡེ་ཤེས་རྒྱལ་མཚན། ཨ་གྲོའི་མཁན་ཆེན་བསོད་ཆོས། མཁན་པདྨ་ཐེག་མཆོག་བློ་ལྡན་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་བྱོན། སྐུ་ཚེའི་སྨད་དུ་ཡབ་རྗེ་གོང་མ་རིམ་བྱོན་གྱི་རྣམ་ཐར་བདག་གིར་བཞེས་ནས་ཐུགས་དམ་ཉམས་བཞེས་ལ་རྩེ་གཅིག་ཏུ་བཞུགས་པས་ལྟ་དགོངས་ཀྱི་རྩེ་མོར་ཕྱིན་ཅིང་ཉམས་རྟོགས་ཀྱི་ཡོན་ཏན་ཚད་དུ་འཁྱོལ། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་བའི་མཐར་དགུང་གྲངས་དྲུག་ཅུ་སྐོར་ལ་དགོངས་པ་ཀ་དག་ཆོས་སྐུའི་དབྱིངས་སུ་ཉེ་བར་བསྡུ་བར་མཛད་དོ། །

མཁན་རབས་བཅུ་གཉིས་པ། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོ་ནི།

དེ་ཡང་རྒྱལ་བ་ཀུན་ཀྱི་མཁྱེན་རབ་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་རྗེ་བཙུན་འཇམ་དཔལ་དབྱངས་ངུར་སྨྲིག་འཛིན་པའི་རྣམ་རོལ་ཏུ་དངོས་སུ་བྱོན་པ། ཡུལ་གངས་རིའི་ལྗོངས་ཀྱི་མཁས་དང་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་བླ་མ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་མཚན་སྙན་གྱི་བ་དན་སྲིད་པའི་ཁྱོན་ན་ཡོངས་སུ་གཡོ་བའི་བདག་ཉིད་ཆེན་པོ་གང་ནི། དཔལ་ལྡན་འཛམ་བུ་གླིང་པའི་ས་ཆེན་པོའི་ཁྱོན་ན་རྒྱ་ཕིབས་ལྟར་མངོན་པར་འཕགས་པའི་ཞིང་ཁམས། རབ་དཀར་ཀེ་ལ་ཤ་ཡི་ལྷུན་པོ་ཚར་དུ་དངར་བའི་ཕྲེང་བས་ཕྱོགས་སུ་བསྐོར་བའི་ཡུལ་གྲུ་རྒྱ་ཡངས་ཤིང་མཐའ་ཀླས་པ་ལས། ཡན་ལག་བརྒྱད་ལྡན་གྱི་ཉལ་འགྲོ་རྫ་ཀླུང་རིང་མོ་དལ་གྱིས་འབབ་པའི་འགྲམ་ངོགས། ཡུལ་སྐྱོང་ཟོ་དོར་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གིས་བདག་ཏུ་བཟུང་ཞིང་རྒྱལ་སྲས་རིགས་གསུམ་མགོན་པོའི་རྣམ་རོལ་རྒྱུན་མི་ཆད་པར་བྱོན་པས་བྱིན་གྱིས་བརླབས་པའི་གནས་མཆོག སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བའི་ཡུལ་འབྲོག་ཆེན་མོ་རྫ་ཆུ་ཁའི་སའི་བྱེ་བྲག་ཡ་ཆུའི་དིང་ཆུང་ཞེས་གྲགས་པའི་ནོར་འཛིན་གྱི་ཐིག་ལེར། སྤྱི་ལོ་༡༨༤༦པ་བོད་རབ་བྱུང་བཅུ་བཞི་པའི་ཟིལ་གནོན་ཞེས་པ་མེ་ཕོ་རྟ་ཡི་ལོ། རེས་གཟའ་བདུད་རྩིའི་ཐིག་ལེ་དང་རྒྱུ་སྐར་ཆུ་སྟོད་རྩེན་པའི་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན། ཡབ་འོད་གསལ་ལྷ་ཡི་གདུང་རྒྱུད་གནམ་གྱི་རྨུ་ཐག་ལ་འཇུས་ཏེ་བབ་པས་འཇུ་ཞེས་གྲགས་པའི་གཙང་མའི་རིགས་ཀྱི་ཐིག་ལེས་མཛེས་ཤིང་། གྲུབ་པའི་རྒྱལ་ཐབས་ལ་མངའ་དབང་འབྱོར་པ་འཇུ་བླ་གསང་སྔགས་བསྟན་འཛིན་དང་། ཟབ་ལམ་གཅོད་ཡུལ་གྱི་བཀའ་བབ་པདྨ་ཆོས་དབྱིངས་རྡོ་རྗེ། དྲག་སྔགས་ཕྲིན་ལས་ལ་རང་དབང་འབྱོར་པ་འཇུ་ཨ་མྱེ་དཔལ་ཆེན་ཡེ་ཤེས་དང་། འཇུ་བླ་མདོ་སྡེ་སོགས་ཟབ་ལམ་མཐར་སོན་གྱི་རྣལ་འབྱོར་པ་བརྒྱུད་མར་བྱོན་པའི་གདུང་ལས་ཡབ་ཚེ་རིག་འཛིན་པ་འཇུ་མགོན་པོ་དར་རྒྱས་ཞེས་མི་ཆོས་དྲ་མའི་ཡང་རྩེར་སོན་པ་དེ་དང་། ཡུམ་སྨུག་པོ་གདུང་གི་མི་རྒྱུད་དགེ་བཅུའི་དཔལ་གྱིས་མངོན་པར་ཕྱུག་པས་དགེ་རྩེ་ཞེས་གྲགས་པའི་རུས་ལས་དཔོན་རུ་དཔོན་པོ་ཆོས་དར་གྱི་བུ་མོ་སྲིང་ཆུང་དུ་འབོད་པའི་བསྐྱེད་ཁྱིམ་དུ་ངོ་མཚར་བའི་དགེ་མཚན་དུ་མ་དང་བཅས་སྐུ་བལྟམས། དུས་མཚུངས་སུ་རྟ་མཆོག་རྐྱང་བུ་ངོ་མཚར་ཅན་ཞིག་ཀྱང་བཙས་ཤིང་། ཕྱིས་ཡབ་ཚང་ཁག་གཉིས་སུ་གྱེས་ཚེ་འཁྲུངས་ཁྱིམ་དུ་རྟ་དེ་བཞག་པ་ལས་ཟུར་དུ་བཏང་མི་ཉན་གསུངས་པས་རྗེ་ཉིད་ཀྱི་ཞལ་བདག་མཛད་པ་ཞིག་ཀྱང་བྱུང་། ཁུ་དབོན་སྒྲུབ་བརྩོན་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་མཚན་གྱི་ཅོད་པཎ་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཐེག་པ་ཆེན་པོའི་རིགས་ཀྱི་ཡོན་ཏན་དད་དང་སྙིང་རྗེ་བཅོས་མིན་དང་། སེའུ་སྐྱེས་པ་ཚུན་ཐུགས་ལ་བརྗེད་པ་མེད་པར་གསལ་ལེར་དྲན་པའི་སྐྱེས་ཐོབ་ཀྱི་ཤེས་རབ་མངའ། ཡབ་ཚང་གི་རུ་འགེལ་དུས་ཀོ་སྒྲོམ་དུ་བཞུགས་སྐབས་ཀྱང་ཕྱག་གིས་དབྱུ་གུ་ཞིག་ཐོགས་ཏེ་རྔ་རྡུང་གྱེར་འདོན་གྱི་ཚུལ་མཛད། སྐུ་ན་ཕྲ་མོའི་དུས་ཉིད་ནས་ཡི་དམ་འཇམ་དཔལ་ཞི་དྲག་དང་ཆོས་སྐྱོང་གེ་སར་གཉིས་ལས་བསམ་རྒྱུ་གཞན་མེད་པ་ཞིག་ཡོད་ཅེས་གླེང་། དགུང་ལོ་དྲུག་ལ་སོན་སྐབས་བླ་མ་གྲགས་པ་རྒྱལ་མཚན་ལས་སྡོམ་གསུམ་རྣམ་ངེས་ཀྱི་བཤད་པ་གསན་ཅིང་ཐུགས་འཛིན་མཛད། ཁུ་བོ་པདྨ་དར་རྒྱས་ལས་རྩིས་དཀར་ནག་གི་སྔོན་འགྲོ་བསླབས་པས་དཔྱིས་ཕྱིན་པར་མཁྱེན། དགུང་ལོ་བདུན་སྐོར་ནས་མདོ་སྔགས་གཉིས་ཀྱི་དགོངས་གནད་བསྡུས་པའི་བསྟན་བཅོས་ངེས་ཤེས་སྒྲོན་མེ་སོགས་ལྗགས་རྩོམ་ཅི་རིགས་གནང་སྟེ་རྩེད་མོའི་ཞོར་དུ་རྡོ་ལེབ་ཀྱི་སྟེང་དུ་ཡི་གེར་བཀོད་པ་འཇུ་བླ་རིན་ཆེན་མགོན་པོས་ཤོག་ཐོག་ཏུ་ཕབ་པར་མཛད། དགུང་གྲངས་བཅུ་གཉིས་པའི་སྟེང་འཇུ་མོ་ཧོར་གསང་སྔགས་བཤད་སྒྲུབ་ཆོས་གླིང་དུ་གྲྭ་བཙུན་དཀྱུས་མའི་ཚུལ་དུ་ཞུགས་ཤིང་སྒྲུབ་འཕྲིན་གྱི་རིགས་ཀུན་ལ་བྱང་ཆུབ་པས་བཙུན་ཆུང་མཁས་པ་ཞེས་བསྔགས་པའི་གནས་སུ་གྱུར། དགུང་གྲངས་བཅོ་ལྔ་ན་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་གཟིགས་ཏེ་འཇམ་དཔལ་ལ་གསོལ་བ་བཏབ་པས་མ་ལུས་པ་མཁྱེན་པ་དང་། འཇུ་ཉུང་རི་ཁྲོད་དུ་ཟླ་བ་བཅོ་བརྒྱད་ལ་འཇམ་དཔལ་སྨྲ་སེང་བསྒྲུབས་ཤིང་རིལ་བུའི་ལས་སྦྱོར་མཛད་པས་འཇམ་དཔལ་བློ་གཏེར་རྣོན་པོས་ཞལ་མངོན་སུམ་དུ་གཟིགས་ཤིང་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཞིག་བྱུང་བ་རྗེ་ཉིད་ལ་ཐིམ། དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པ་མ་བསླབས་པར་མཁྱེན་ཅིང་གཞུང་ལུགས་ཐམས་ཅད་བཤད་ལུང་ཙམ་ལས་བསླབ་སྦྱང་གི་ངལ་བ་ཅུང་ཟད་ཀྱང་མཛད་དགོས་པ་མ་བྱུང་ཞེས་གསུངས། དགུང་གྲངས་བཅུ་བདུན་སྐབས་ཉག་རོང་དམག་ཟིང་གིས་ཡབ་གཞིས་ཀྱི་འབྲོག་སྡེ་མགོ་ལོག་ཏུ་འགྲོ་དགོས་བྱུང་སྟབས་རྗེ་ཉིད་ཀྱང་དེར་བྱོན། དགུང་གྲངས་བཅུ་དགུའི་དུས་སུ་སྐུ་ཞང་འགྱུར་བཟང་དང་མཉམ་དུ་ལྷ་ལྡན་ཕྱོགས་སུ་གནས་སྐོར་ལ་ཕེབས་ཤིང་འབྲོག་རི་བོ་དགའ་ལྡན་གླིང་དུ་ཟླ་བ་གཅིག་ཙམ་ལ་བཞུགས། དེ་ནས་ལྷོ་གནས་རྒྱས་པར་བྱོན་ཞོར་ལྷོ་བྲག་མཁར་ཆུར་ཕེབས་ཚེ་ཐ་མལ་གྱི་སྣང་ཤེས་བདེ་སྟོང་དུ་ཤར་ནས་བདེ་དྲོད་ཀྱི་ཉམས་ཞག་ཁ་ཤས་ལ་བྱུང་བ་གནས་དེའི་བྱིན་རླབས་ངེས་ཞེས་ཕྱིས་སུ་ཉེ་གནས་ལ་ཞལ་འཕྲོས་སུ་གསུངས། བྱང་ལམ་དུ་ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་ཞེས་པའི་གླེགས་བམ་ཕྱག་ཏུ་འབྱོར་བའི་དག་སྣང་བྱུང་ཚུལ་གཞུང་དེའི་མཇུག་ན་གསལ་བ་དང་། དེ་ནས་ཕྱིར་ཕེབས་ལམ་ནས་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་མཇལ་ཞིང་མ་ཏིའི་འཇམ་དཀར་གྱི་རྗེས་གནང་དང་གེ་སར་སྲོག་གཏད་སོགས་གསན་པས། སྐྱབས་མགོན་ཉིད་ལ་འཇམ་དཔལ་མཚན་ཅན་གྱི་སློབ་མ་བཞི་ཡོད་པ་ལས་གཅིག་ཁྱེད་ཉིད་ཡིན་ཞེས་དབུགས་དབྱུང་གནང་ཞིང་། སྐུ་ཚེའི་སྨད་དུ་རྒྱ་ནག་གི་ཡུལ་དུ་བྱོན་རྒྱུ་ཞིག་བྱུང་ན་ཆོས་ནོར་གཉིས་ཀའི་འགྲོ་དོན་བསམ་གྱིས་མི་ཁྱབ་པ་འབྱུང་ཞེས་ལུང་བསྟན། རྗེ་ཉིད་ཀྱི་སྒྲུབ་གནས་རྫུ་འཕྲུལ་ཕུག་ཞེས་པ་རུ་འཇམ་དཔལ་དང་། རྟ་མགྲིན་ཡང་གསང་གི་བསྙེན་སྒྲུབ་མཛད་པས་གཞུང་ནས་བཤད་པའི་གྲུབ་པའི་རྟགས་མཚན་མངོན་དུ་གྱུར། དགུང་གྲངས་ཉེར་གཉིས་པར་གསང་ཆེན་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་དུ་རང་ཡུལ་གྱི་ཟླ་གྲོགས་འགའ་ཞིག་དང་མཉམ་དུ་ཐོས་བསམ་ལ་ཕེབས་ཤིང་ཐོག་མར་སྣང་བཞི་མཐར་ཕྱིན་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཞལ་མཇལ་ཞུས། གཞན་རྣམས་ཀྱིས་ཚེ་ཚད་སོགས་ལུང་བསྟན་མང་ཞིག་ཞུས་པ་ལ་སོ་སོར་བཀའ་ལན་བསྩལ་བའི་མཐར། རྗེ་ཉིད་ནས་ཆེད་དུ་མ་ཞུས་ཀྱང་། ཁྱོད་ཀྱིས་དཔལ་ཆེན་འདུས་པ་གཙོ་བོར་གྱུར་པའི་ལྷག་པའི་ལྷ་དྲག་པོ་ཞིག་གི་བསྙེན་སྒྲུབ་ཞིག་མཛོད་དང་། ཁམས་གསུམ་དབང་དུ་སྡུད། སྲིད་གསུམ་ཟིལ་གྱིས་གནོན་པ་ཞིག་འབྱུང་། ཚེ་འདིར་བདེ་སྡུག་འདྲེས་མ་འོང་། དགུང་གྲངས་བརྒྱད་ཅུ་ཐུབ་ཅེས་སོགས་ལུང་བསྟན་མང་དུ་གསུངས་པ་ལས་ཕྱིས་རྐྱེན་དབང་གིས་དགུང་གྲངས་དེ་ཙམ་མ་བཞུགས་པ་ལས་གཞན་ཐམས་ཅད་འཁྲུལ་མེད་དུ་བྱུང་། དེ་སྐབས་སྤྲུལ་བའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཟིལ་ཁྲོམ་གནས་སྒོ་ཐོག་མར་འབྱེད་པ་དང་ཁེལ་ཞིང་། རུ་དམ་གངས་ཁྲོད་བདེ་བ་ཆེན་པོའི་རྩེ་སྐོར་ལ་ཕེབས་པས་སྨན་རྒྱལ་ཨ་རུ་རའི་ཆར་བབ་པ་ཐུ་བ་གང་ཙམ་ཕྱག་ཏུ་འབྱོར། དེ་ནས་དཔལ་སེང་གེ་རིའི་ཆོས་གྲྭར་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་མཁན་རབས་བཞི་པའི་གསེར་ཁྲིར་བཞུགས་པ་ལས་སྤྱོད་འཇུག་ཤེར་ལེའུ་དང་བྱམས་ཆོས་ཀྱིས་མཚོན་པའི་གཞུང་ཆེན་ཁག་གི་བཤད་ཁྲིད་གསན་པས་ཚིག་དོན་གྱི་གནད་མཐའ་དག་ཐུགས་སུ་ཆུད། རྗེ་གང་གི་གསུང་རྒྱུན་ལྟར་སྔ་འགྱུར་རྙིང་མའི་གྲུབ་མཐའི་ཟབ་ཁྱད་རྩལ་འདོན་གནང་བའི་འགྲེལ་བཤད་ངོ་མཚར་ཅན་མཛད། ཕྱིས་སུ་གསར་ཕྱོགས་ཀྱི་ཆོས་སྡེ་ཆེན་མོ་ཁག་ནས་བརྒལ་བརྟག་སྣ་ཚོགས་བྱུང་སྟབས་ཡབ་སྲས་རྣམ་གཉིས་རྫ་སྟོད་ཀོ་མོ་འོར་དུ་བཞུགས་སྐབས་ཤིག་ལ། འཇམ་མགོན་བླ་མས་སྒྲུབ་ཕུག་ཕྱི་རོལ་ནས་ཤེར་འགྲེལ་མེ་ལ་སྲེག་གྲབས་མཛད་ཚེ་དཔལ་སྤྲུལ་རིན་པོ་ཆེས་དགོངས་ཏེ། ཨ་རོ་མི་སྡིས་ཁྱོད་ཀྱིས་ཅི་བྱེད་གི་ཡོད་གསུངས། ངས་བསྟན་བཅོས་བརྩམས་པ་འདི་དེང་སང་གསར་རྙིང་ཀུན་ལ་ཆགས་སྡང་སློང་བྱེད་དུ་གྱུར་འདུག་པས་མེ་ལ་སྲེག་གི་ཡོད་ཞུས་པས། ཁྱོད་ལ་མ་དགོས་ན་ང་རང་ལ་ཚུར་སྤྲོད། ལར་ངས་རྫོགས་ཆེན་ནས་ཁ་བཤད་བྱས་པ་རྣམས་ཁྱོད་ཀྱི་ཡི་གེར་ཕབས་པ་ཙམ་ལས་ཅི་ཡང་མི་འདུག འདིའི་འགྲོ་དོན་ད་དུང་ཕྱི་མཐར་འཕེལ་རྒྱུ་ཡོད་གསུངས་ཏེ་རྗེ་ཉིད་ཀྱིས་སྐུ་ཚགས་མཛད། དེ་མཚུངས་རྫོགས་ཆེན་མཁན་རབས་དྲུག་པ་མཁས་གྲུབ་པདྨ་བཛྲ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོས་མཚོན་གསང་ཆེན་རྒྱུད་སྡེ་དུ་མའི་བཤད་པ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཕྱོགས་བསྒྲིགས་གནང་བའི་སྔ་འགྱུར་བཀའ་མ་པོད་དགུའི་དབང་ལུང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གསུང་འབུམ་གྱི་འཆད་ཁྲིད་སོགས་ཆོས་བཀའ་དུ་མ་གསན། སྔ་ཕྱིར་རུ་དམ་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་པའི་གསེར་ཁྲིར་བཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་རྒྱ་ཆེར་གནང་བ་དང་། དེ་བཞིན་རྫོགས་ཆེན་བླ་བྲང་། ནགས་ཆུང་རི་ཁྲོད། པདྨའི་ཐང་། རྒྱབ་ཤིས་བྲག་དཀར། ཤྲཱི་སེང་ཉེ་འདབས་ཀྱི་མི་ཕམ་སྒྲུབ་ཕུག་ཏུ་གྲགས་པ་རྣམས་སུ་གདན་ས་མཛད་དེ་ལོ་གྲངས་མང་པོར་བཞུགས་ཏེ་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱང་ཚུལ་ཉིད་མཛད་བསྟན་བཅོས་ཁག་གི་མཛད་བྱང་ལས་གསལ་བ་ལྟར་དང་། སྐབས་ཤིག་དཔལ་སྤྲུལ་རིན་པོ་ཆེས་དབུས་འཇམ་མགོན་མི་ཕམ་དང་། མི་ཉག་ཀུན་བསོད། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཀུན་དཔལ་རྣམས་ནགས་ཆུང་རི་ཁྲོད་དུ་བཞུགས་སྐབས། ཉིན་བཞིན་ཕྱི་དྲོ་ཉིན་ཁུག་ཏུ་བྱོན་ནས་རྩོད་པ་མཛད་པས་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། ང་ལ་རང་རེ་རྣམས་དཔལ་ནཱ་ལེནྡྲའི་སྒོ་ཁྱམས་ན་ཡོད་པའི་བག་ཆགས་ཀྱི་སྣང་བ་ཤར་གི་འདུག་ཅེས་གསུངས་པ་དང་། གཞན་ཡང་གནས་དེར་བཞུགས་སྐབས་གསར་ཕྱོགས་ཀྱི་གཞུང་ལ་མཁས་པ་འཇའ་པ་དགེ་བཤེས་མདོ་སྔགས་ཀྱིས་སྤྱོད་འཇུག་ཤེར་ཊྲིཀ་ལ་མི་འཐད་པའི་ཆ་བརྗོད་པར། དཔལ་སྤྲུལ་རིན་པོ་ཆེ་དཔང་པོར་བཞག་ནས་ཞག་དུ་མར་བགྲོ་གླེང་གནང་ཚེ། དེར་ཡོད་ཕལ་གྱིས་མཁས་པའི་དབང་པོ་རྣམ་གཉིས་རང་རང་གི་གྲུབ་མཐའ་བཟུང་བ་ཙམ་ལས་རྒྱལ་ཕམ་གྱི་ཤན་འབྱེད་མ་ནུས་པས། བླ་མ་རིག་མཆོག་ནས་དཔལ་སྤྲུལ་རིན་པོ་ཆེ་ལ། ཁོང་རྣམ་གཉིས་གང་རྒྱལ་སོང་ཞུས་པར། ངས་ནི་རྗེས་གཅོད་མི་ཤེས། ཚར་གཅོད་མི་ཤེས་ཏེ། འཇིག་རྟེན་གྱི་ཁ་དཔེར་བུ་ཕ་བསྟོད་མི་དགོས་དགྲས་བསྟོད། བུ་མོ་མ་བསྟོད་མི་དགོས་གནས་ཀྱིས་བསྟོད་ཟེར་བ་ལྟར། མདོ་སྔགས་ཀྱི་གྲྭ་པ་རྣམས་ཀྱིས་ང་ལ། རྩོད་པ་སྔ་མའི་སྐབས་བླ་མ་མི་ཕམ་གྱི་ཐུགས་དམ་རྟེན་འཇམ་དབྱངས་སྐུ་དེའི་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་སྟེ་བླ་མའི་ཐུགས་ཀར་འབྲེལ་འདུག་པ་གསལ་བར་མཐོང་ཟེར་བས། དེའི་ནང་དུ་དོན་ཐམས་ཅད་འདུས་འདུག་གསུངས། དེ་མཚུངས་དཔལ་སྤྲུལ་རིན་པོ་ཆེས། མདོ་སྔགས་ཀྱིས་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས་ཞེས་པ་ལ་འགྲེལ་པ་བྲིས་འདུག་པ་ལ། ལ་ལས་དགག་པ་དང་ལ་ལས་སྒྲུབ་པ་གོ་བས་འདི་ཐད་ནས་ཀྱང་བགྲོ་གླེང་ཞིག་མཛོད་ཅེས་བཀའ་ཕེབས་བཞིན་མཛད་པས་རྗེ་ཉིད་རྒྱལ་བ་ན་རྒོལ་བ་པོས་ཞབས་པད་སྤྱི་བོར་བླངས་ཏེ་ཆོས་འབྲེལ་ཞུས་ནས་རྒྱུད་ལུང་མན་ངག་གི་བཤད་འགྲེལ་རྩོམ་པར་བསྐུལ། བར་སྐབས་ཞིག་ན་རྗེ་ཉིད་དང་ཚེ་རབས་ལས་སྨོན་གྱིས་འབྲེལ་བའི་རིགས་ཀྱི་བདག་པོ་བཀའ་བབ་བདུན་གྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས་དྲུང་དུ། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཉེ་གནས་ཉིད་དང་སྐུ་ཡུལ་གཅིག་པའི་བླ་མ་པདྨས་ཕྱག་བྲིས་བསྩལ་བ་ལྟར་དེར་ཕེབས། ཐོག་མར་ཞལ་མཇལ་བ་ཙམ་ནས་ཐུགས་རྒྱུད་རྟོགས་པའི་ཡེ་ཤེས་ཡོངས་སུ་འཕོས་ཏེ་བླ་སློབ་དགོངས་པ་དབྱེར་མེད་དུ་གྱུར་ཀྱང་། ཐུན་མོང་གི་སྣང་ངོར་ཞབས་པད་མཉེས་པ་གསུམ་གྱིས་ཡུན་དུ་བསྙེན་ཏེ་སློབ་དཔོན་མ་ཏིའི་ལུགས་ཀྱི་འཇམ་དཔལ་དཀར་པོའི་རྗེས་གནང་གིས་དང་པོའི་ཆོས་སྒོ་ཕྱེས་པ་ནས་བཟུང་སྔོན་རྗེས་ཅི་རིགས་པར་ཐུན་མོང་ཐུན་མིན་གྱི་གཙུག་ལག་གི་སྒོ་དུ་མའི་བཤད་པ་དང་། ཉེ་བརྒྱུད་དུ་བྱོན་པའི་མཁན་ཆེན་ཞི་འཚོའི་དབུ་མ་རྒྱན། རྒྱལ་ཚབ་བྱམས་མགོན་གྱི་འབྱེད་གཉིས། པཎ་ཆེན་བཱི་མ་ལའི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་འགྲེལ་བ། སློབ་དཔོན་པདྨའི་མན་ངག་ལྟ་ཕྲེང་གི་འགྲེལ་པས་མཚོན་བཀའ་བབ་བདུན་གྱི་གསང་མཛོད་ལས་བྱོན་པའི་ཆོས་སྐོར་ཡོངས་རྫོགས་ཀྱི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་བརྟེན་གྱི་ལུང་། མན་ངག་གི་ཕྱག་བཞེས་བཅས་ལྷག་ལུས་མེད་པར་བུམ་པ་གང་བྱོའི་ཚུལ་དུ་དགྱེས་པ་ཆེན་པོས་བསྩལ། དུས་ཚེས་དགེ་བའི་ཉིན་ཞིག་ལ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཟང་རྒྱུན་གང་དཀོན་དང་གནད་གང་ཆེའི་གླེགས་བམ་རྣམས་མཆོད་སྟེགས་སུ་བཞུགས་སུ་གསོལ་ནས་མཆོད་འབུལ་རྒྱས་པ་གནང་། དེའི་མདུན་དུ་གབ་རྩེའི་གདན་མཐོ་བར་འཇམ་མགོན་བླ་མ་བཞུགས་སུ་གསོལ་ནས་པུསྟི་འདི་རྣམས་ཀྱི་བཀའ་ཁྱེད་ལ་གཏད་པ་ཡིན་པས། ཕྱིན་ཆད་འཆད་པ་དང་རྩོད་པ་རྩོམ་པ་གསུམ་གྱི་སྒོ་ནས་མི་ཉམས་པར་ཟུངས་ལ་འཇིག་རྟེན་ཁམས་འདིར་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་གནས་པར་གྱིས་ཤིག་ཅེས་ཆོས་ཀྱི་བདག་པོར་དབང་བསྐུར་ནས། སྒྲོལ་དཀར་གྱི་ཞལ་ཐང་ཤིན་ཏུ་ལེགས་པ་ཞིག་གི་རྒྱབ་ཏུ། ཨོཾ་སྭ་སྟི་ཛ་ཡནྟུ། མི་ཕམ་མགོན་པོའི་དགོངས་དོན་ཇི་བཞིན་རྟོགས། །འཇམ་དཔལ་དབྱངས་བཞིན་ཤེས་བྱ་ཀུན་ལ་མཁས། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པ་ལྟར། །སྙན་པས་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག །ཅེས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ། ཞེས་དོན་གྱི་རྒྱུ་མཚན་བཞི་དང་འབྲེལ་ཞིང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞེས་གསལ་བའི་མཚན་གྱི་ཅོད་པན་དང་། སྐུ་གསུང་ཐུགས་རྟེན་འགངས་ཆེ་བ། དབང་རྟགས་སུ་རྗེ་ཉིད་ཀྱི་པཎ་ཞུ་རྣ་རིང་བཅས་བསྩལ་ནས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། དེ་བཞིན་འཇམ་མགོན་བློ་གྲོས་མཐའ་ཡས་ལས་སྒྲ་ཙནྡྲ་པ་དང་དངུལ་ཆུ་བཙོ་བཀྲུའི་ལག་ལེན་སོགས་ཐུན་མོང་རིག་གནས་དང་། འཇམ་དཔལ་ཚེ་བདག་ལྕགས་འདྲ་ལྕགས་སྡིག་སོགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་གྱི་རིགས་སོགས་གསན། གཞན་གསར་རྙིང་གི་དགེ་བའི་བཤེས་གཉེན་དུ་མ་ལས་སོ་སོའི་བརྒྱུད་པ་ལས་བྱུང་བའི་ཆོས་ཚུལ་རྣམས་ཀྱི་བཤད་ཁྲིད་ཀྱི་ལུང་ཙམ་ཐོབ་པ་གཙོ་བོར་མཛད་ནས་གསན་པའི་ཚུལ་ཙམ་མཛད་པ་ལས་བརྩོན་པ་དྲག་པོས་གསན་སྦྱང་གི་གནས་ལ་ཆེ་ཐང་དུ་མ་འབད་ཚུལ་རྗེ་ཉིད་ཀྱི་ཞལ་ནས། ཕྲན་ཆུང་ངུའི་དུས་སུ་གསར་རྙིང་གི་དགེ་བའི་བཤེས་གཉེན་བཟང་ལ་མང་བ་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ཡིན་ཡང་། རང་ནས་དཔལ་སྤྲུལ་རིན་པོ་ཆེའི་མདུན་ནས་སྤྱོད་འཇུག་ཤེར་ལེ་ཙམ་ལས་གཞན་ཆེར་འབད་པས་སྦྱང་པ་བྱ་མ་མྱོང་ལ། བླ་མ་དང་ལྷག་པའི་ལྷའི་བཀའ་དྲིན་གྱིས་དཔེ་ཀློག་ཙམ་བྱས་པས་དེ་དག་གི་དཀའ་གནད་རྣམས་ཁྲོལ་བར་བྱུང་། དེ་ཡང་བསླབ་གཉེར་གསར་བའི་དུས་གསར་ཕྱོགས་ཀྱི་དཔེ་རྣམས་ཤེས་སླ་བ་བྱུང་ཞིང་སྔ་འགྱུར་གྱི་གཞུང་རྣམས་གོ་དཀའ་བ་བྱུང་ཡང་། རང་གིས་མ་གོ་བ་མ་གཏོགས་རིག་འཛིན་བརྒྱུད་པའི་གཞུང་ཟབ་མོ་འདི་རྣམས་ལ་དོན་གྱི་གོ་བའི་གནད་ཆེན་པོ་རེ་ཡོད་ངེས་སྙམ་པ་ལས་ཐེ་ཚོམ་ནི་སྐད་གཅིག་ཙམ་ཡང་སྐྱེས་མ་མྱོང་། དེའི་རྟེན་འབྲེལ་གྱིས་རང་གི་ཤེས་རབ་ཡོངས་སུ་སྨིན་པར་གྱུར་ཏེ་ཕྱིས་བལྟས་དུས་ཟབ་གནད་མཐའ་དག་སྔ་འགྱུར་གྱི་བརྒྱུད་པ་རིན་པོ་ཆེ་ལས་བརྒྱུད་པའི་ཆོས་ཚུལ་ཁོ་ན་ལ་ཡོད་པར་མཐོང་ཞིང་ངེས་ཤེས་ལྷག་པར་སྐྱེས་པ་ཡིན། ཞེས་དང་། འཇུ་དབོན་འཇིགས་མེད་རྡོ་རྗེ་ལས་མདོ་སྡུད་པའི་ལུང་ཙམ་གསན་ནས་དེ་འཕྲལ་ཕར་ལ་ཟླ་བ་གཅིག་ལ་བཤད་པ་མཛད་པ་དང་། འབུམ་གསར་དགེ་བཤེས་ངག་དབང་འབྱུང་གནས་ལས་དབུ་མ་འཇུག་པ་བཤད་ལུང་ཙམ་ལས་འོ་བརྒྱལ་མི་དགོས་ཞུས་པས་བཤད་ལུང་གྲུབ་འཕྲལ་དགེ་བཤེས་ཀྱིས། ད་ཉིད་ནས་རྒྱུགས་ཤིག་ཕུལ་དང་གསུངས་པར། འཇུག་པའི་དབུ་ཞབས་ཀྱི་དོན་རྣམས་བསྡུས་ཏེ་བཤད་པ་མཛད་པས། ཕྲན་ལ་དགེ་བཤེས་ཀྱི་མིང་ཐོགས་ནའང་འདིའི་བློ་གྲོས་ཀྱི་ཆ་ཤས་ཙམ་ཡང་མ་མཆིས་སོ་ཞེས་འཁོར་གྱི་དབུས་སུ་བསྔགས་པར་མཛད། དཔོན་སློབ་བློ་གཏེར་དབང་པོ་ལས་ཚད་མ་རིགས་གཏེར་དང་། གསོལ་དཔོན་པདྨ་ལས་བྱམས་ཆོས་དང་བྱང་སའི་བཤད་ལུང་སོགས་གསན་ཙམ་མཛད་ནས་ཕར་ལ་བཤད་པ་རྒྱ་ཆེར་མཛད་པ་སོགས་ཡ་མཚན་པའི་རྣམ་ཐར་མཐའ་ཡས་པ་མངའ་བ་ནི། ཇི་སྐད་དུ་མདོ་རྒྱ་ཆེར་རོལ་པ་ལས། བརྗེད་པ་མེད་པ་དྲན་པའི་གཏེར་དང་། བློ་གྲོས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང་། ཆོས་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང་། དམ་པའི་ཆོས་ཡོངས་སུ་བསྲུངས་པས་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་ཀྱི་གཏེར་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་སྒྲུབ་པའི་གཏེར་ཏེ་གཏེེར་ཆེན་པོ་བརྒྱད་པོ་དེ་དག་ཐོབ་པར་གྱུར་ཏོ། །ཞེས་གསུངས་པའི་ཆོས་གཏེར་ཆེན་པོ་བརྒྱད་ཡོངས་སུ་གྲོལ་བའི་འབྲས་རྟགས་སུ་གྲུབ་ཅིང་། དེ་བཞིན་དཔལ་འཛིང་དགོན་དུ་བཞུགས་སྐབས་བླ་མ་རིག་མཆོག་གིས་གླེགས་བམ་སྐྱེལ་ལེན་པ་མཛད་དེ་བསྟན་འགྱུར་དཔེ་གཟིགས་སྐབས་ཉིན་གསུམ་རེར་དུམ་པ་བཅུ་གཉིས་ལྷག་གཟིགས་གྲུབ་པ་བྱུང་། ཉེ་གནས་ཀྱིས་པུསྟི་དེ་ཙམ་ཐུགས་སུ་ཆུད་དམ་ཞུས་པས། ཚིག་མཐར་ཆགས་སུ་ཟིན་པ་མ་བྱུང་ཡང་། དོན་རྣམས་མ་ལུས་པ་ཡིད་ལ་ཆུབ་པ་བྱུང་གསུངས་ཤིང་སྔ་ཕྱིར་བཀའ་བསྟན་ལ་ཚར་བདུན་ཙམ་གཟིགས་པ་དང་། རྫོགས་ཆེན་ཡིད་བཞིན་ནོར་བུའི་གཟིམས་སྤྱིལ་ཉི་འོད་འཁྱིལ་བ་ནས་ཚེས་བཅུའི་གར་འཆམ་ལ་གཟིགས་ཞོར་དུ་ནང་རྒྱུད་ཡོ་ག་གསུམ་ལ་བསྔགས་པའི་ཀུན་བཟང་འཁོར་ལོ་འཆམ་སྣ་གཅིག་གི་ཡུན་ལ་བརྩམས་པ་དང་། དུས་འཁོར་འགྲེལ་ཆེན་རྩོམ་སྐབས་ཉིན་གུང་གི་ཐུན་ཐུང་གཅིག་གི་ཚེ་ཤོག་ལྡེབ་ཉིས་བརྒྱ་ལྷག་བྲིས་པས་མཚོན་བསྟན་བཅོས་རྩོམ་པ་ཀུན་མིག་འཕྲུལ་ལས་ཀྱང་མྱུར་བ་སོ་སོའི་མཛད་བྱང་རྣམས་ལས་གསལ་བ་ལྟར་ལ། དེ་ལྟར་བདག་ཉིད་ཆེན་པོ་འདིའི་མཁྱེན་པའི་རྣམ་དཔྱོད། སྤོབས་པའི་བློ་གྲོས། རིགས་པའི་འཕྲུལ་སྒོ་སོགས་སྒོ་ཀུན་ནས་ཕལ་བ་སོ་སྐྱེས་ཀྱི་ཆོས་ཉིད་ལས་རིང་དུ་འདས་ཤིང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་བརྒྱ་ཕྲག་ལ་མངའ་དབང་འབྱོར་བའི་ས་ཆེན་སེམས་དཔའི་རྣམ་ཐར་ཁོ་ན་ལས་མ་འདས་པས། གངས་རིའི་ལྗོངས་ཀྱི་མཁས་དང་གྲུབ་པའི་ཁྱུ་མཆོག་ཆེན་པོ་རྣམས་ཀྱིས་བསྔགས་པའི་རོལ་མོ་སྙན་འཇེབས་དབྱངས་ཀྱི་ཡན་ལག་ཡོངས་སུ་རྫོགས་པ་བརྒྱུད་མར་ཕུལ་བ་སྟེ། བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་འཛིན་པ་ལ་འགྲན་པའི་ཟླ་དང་བྲལ་བའི་བྱང་ཕྱོགས་དཔའ་རིས་མཁས་མཆོག་བློ་བཟང་རབ་གསལ་དང་འཇམ་མགོན་བླ་མ་རྣམ་གཉིས་རྩོད་ཡིག་སྐུར་རེས་བྱས་མཐར་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ། བློ་བཟང་རབ་གསལ་གྱི་ཞལ་ནས། ཁྱད་པར་རྣམ་དཔྱོད་རྩོམ་པའི་མཐུ་ལྡན་ཞིང་། །མང་ཐོས་ཉམས་སུ་ལེན་པའི་ཀུ་སཱ་ལི། །ཟབ་དོན་འཚོལ་བའི་ངལ་བ་མང་བསྟེན་པ། །ང་ཡི་མཛའ་ཆེན་མི་ཕམ་བཤེས་གཉེན་བསྔགས། །ཞེས་དང་། ཟབ་རྒྱས་གསང་བའི་གཏེར་ཆེན་མཛོད་ཀྱི་གཏམ། །བཀྲེན་པས་ཕོངས་པ་བདག་ལ་ཅི་ཆ་ཡང་། །མི་ཕམ་བཤེས་གཉེན་ཚིག་གི་ཕོ་ཉ་ཡིས། །བསྐུལ་བའི་འཕྲིན་ལན་ཇི་བཞིན་དེང་འདིར་བསྒྲགས། །སྐྱོན་བྲལ་པདྨ་དཀར་པོ་ཕྲེང་བསྟར་བས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མི་ཟད་པར། །ཟབ་རྒྱས་གདམས་པའི་དེ་ཉིད་ལྡོན་མཁས་པའི། །མི་ཕམ་རྣམ་རྒྱལ་མཆེད་དུ་གྱུར་ཅིག་གུ། །ཅེས་རྗེ་བླ་མ་རྣམ་གཉིས་དག་པའི་ཞིང་ཁམས་གཅིག་ཏུ་འཚོགས་ནས་རྒྱལ་བའི་གསང་མཛོད་འཛིན་པའི་ཆོས་ཀྱི་དགའ་སྟོན་མཉམ་དུ་སྤེལ་བའི་སྨོན་ལམ་ཟབ་མོ་མཛད་པ་དང་། རྩོད་ལན་རྗེས་མའི་སྐབས་སུ། ཆོས་འབྱོར་སྤྲིན་གྱི་ཕུང་པོ་འཁྲིགས་པའི་ཀློང་། །ཁམས་ཞེས་གྲགས་པའི་གསེར་ལྡན་དཀྱིལ་འཁོར་དུ། །གྲགས་སྙན་ལྷ་ཡི་རྔ་ཆེན་ལྡིར་བ་ཡི། །ངེས་དོན་ཆོས་ཀྱི་རྒྱལ་པོ་ཡིད་རེ་དགའ། །ཀུན་རྟོག་རྩ་སྦུར་མཆེད་པའི་མེ་སྟག་གིས། །རེག་པའི་ཉེས་ལྟུང་སྙིང་ནས་འཆགས་པའི་ཕྱིར། །དྲི་མེད་ལྷ་རྫས་སྤྲིན་དཀར་བླ་རེ་འདི། །གང་སྐུ་ས་འཛིན་དབང་པོའི་མཁའ་ལ་བྲེས། །ཞེས་སྤྲིངས་པར་མཛད་པ་དང་། རྗེ་ཉིད་ཀྱི་ཞལ་སློབ་འགའ་ལ་གསུང་འཕྲོས་སུ། ཁམས་རྫོགས་ཆེན་མཁས་མཆོག་མི་ཕམ་རྣམ་རྒྱལ་དང་། རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་གཉིས་བྱོན་པའི་དུས་སྔ་ཕྱི་དང་རྩོད་པའི་རིགས་ལམ་ལ་བྱང་མ་བྱང་ཙམ་ལས། ཟབ་རྒྱས་ཀྱི་གསང་བ་འབྱེད་པའི་མཁྱེན་རབ་ཀྱི་རྩལ་རྣོ་མྱུར་དང་། ལེགས་བཤད་ཀྱི་དོན་གནད་མཐའ་དག་ལ་བཟང་ངན་ཁྱད་པར་རྡུལ་ཙམ་ཡང་མི་མངའ་བས། ཆོས་རྗེ་དེ་ནི་འཇམ་དཔལ་གཞོན་ནུ་དངོས་སོ་གསུངས། དེ་བཞིན་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེའི་དགེ་བཤེས་ཁང་དམར་བློ་བཟང་ཆོས་འཕེལ་གྱི་ཞལ་ནས། ཁྱད་པར་རྗེ་འདིས་རང་ཉིད་གང་དུ་ཞུགས་པའི་སྔ་འགྱུར་པའི་བསྟན་པའི་ཞབས་འདེགས་སུ་དམིགས་ནས་དགག་བཞག་སྤང་གསུམ་དང་བཅས་ལུང་རིགས་དུ་མས་བརྒྱན་པའི་བསྟན་བཅོས་ངོ་མཚར་ཅན་མང་དུ་བརྩམས་པའི་ཚེ། རང་ལུགས་བརྗོད་པའི་ཞར་ལ་གཞན་གྱི་བཞེད་པ་དང་མི་མཐུན་པ་ཅུང་ཟད་རེ་བྱུང་བ་ལ། དགེ་ལྡན་པའི་མཁས་པ་འགའ་ཞིག་གིས་དེ་འགོག་པའི་བསྟན་བཅོས་རེ་གཉིས་བྱུང་བ་ན། དམ་པ་འདིས་ཀྱང་སླར་ཡང་ལུང་དང་རིགས་པ་བརྒྱ་ཕྲག་གི་སྒོ་ནས་སུན་འབྱིན་རྒྱས་པར་གནང་བ་དག་ནི། རི་དྭགས་ཚོགས་ལ་མི་འཇིགས་སེང་གེའི་ང་རོ་བཞིན་གྱུར། སླར་རིགས་པས་འཕུལ་ནས་ལན་འདེབས་པ་ལས་དངོས་ལན་བཟློག་པར་དཀའ་བས་དགག་པ་གནད་དུ་སོང་བ་ཤ་སྟག་གོ། །ཞེས་བསྔགས་བརྗོད་མཛད། གཞན་ཡང་མཁན་ཆེན་བཀྲ་ཤིས་འོད་ཟེར་ནས་ཁང་དམར་དགེ་བཤེས་ལ་རྗེ་བླ་མའི་བརྒལ་ལན་སྔ་ཕྱི་རྣམས་ཕུལ་ཏེ། ཁྱེད་ཀྱིས་འདི་དག་གི་དོན་ལ་དཔྱད་པ་དཔྱིས་ཕྱིན་པ་ཞིག་བྱས་ནས་མཚུངས་མེད་རྒྱལ་བའི་དགོངས་དོན་འབྱེད་པ་ལ་ཤིང་རྟ་ཆེན་པོར་གྲགས་པ་དོན་ལ་གནས་པའི་མཁས་མཆོག་སྨྲ་བའི་སེང་གེ་རུ་འདུག་ན་བསྔགས་བརྗོད་ཅིག་རྩོམས་ཞེས་བསྐུལ་བས་དགེ་བཤེས་དེ་ཉིད་ཀྱི་ཞལ་ནས། མཁས་མཆོག་མི་ཕམ་རྣམ་རྒྱལ་ལ་ཐུགས་བཞེད་བཞིན་དོན་ལྡན་གྱི་བསྔགས་བརྗོད་མདོར་བསྡུས་ཤིག་བརྗོད་པར་བྱ་བ་ལ། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པ་ལྟར། མཁས་པའི་དབང་ཕྱུག་མི་ཕམ་རྣམ་པར་རྒྱལ་བའི་ཞབས་ཀྱི་སྡེ་འདི་ཉིད་གཞོན་ནུའི་དུས་ཉིད་ནས་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མའི་མགོན་ལ་བརྟེན་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་ཞིང་། ནང་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཚོགས་རིན་པོ་ཆེའི་དཔལ་གྱི་བང་མཛོད་ལ་འདོད་དགུར་དབང་བསྒྱུར་བ་མདོ་དབུས་གཙང་གསུམ་གྱི་མཁས་གྲུབ་བྱེ་བའི་རལ་བའི་ཅོད་པན་གྱི་རྩེ་མོར་ཞབས་ཀྱི་པད་མོ་ངལ་གསོ་ཐོབ་པའི་བསྟན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མི་ཕམ་རྣམ་པར་རྒྱལ་བ་ཞེས་ཡོངས་སུ་གྲགས་ཤིང་། འདི་ཉིད་ངེས་པའི་དོན་དུ་རྒྱལ་བའི་སྲས་མཆོག་འཇམ་དཔལ་དཔའ་བོའི་ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ་བ་ལས་ཉི་མའི་དཀྱིལ་འཁོར་དང་དེའི་འོད་ཟེར་བཞིན་སྤྲོས་ཏེ། སྙིགས་མ་ལྔ་བདོ་བའི་དུས་སུ་རང་ཅག་འགྲོ་བ་རྣམས་དང་རིས་མཐུན་པའི་དགེ་བའི་བཤེས་གཉེན་གྱི་གཟུགས་སུ་ཤར་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་རྨད་དུ་བྱུང་བ་མཛད་པའི་ཚུལ་ལ་བསམ་ན། འཇམ་མགོན་ས་སྐྱ་པཎྜི་ཏས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་སྦྱངས། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མར་འདྲིས་པའི་དོན་ལ་བརྩོན་པས་བསྒོམས། །དུས་གསུམ་རྒྱལ་བ་ཀུན་ཀྱི་གཤེགས་ཤུལ་ཡིན། །ཞེས་གསུངས་པ་ལྟར། དམ་པ་འདིས་དེ་དག་ལག་ལེན་དུ་ལེགས་པར་བསྟར་བའི་ཕྱིར་རོ། །ཞེས་དང་། སྐུ་དངོས་རྩོད་པར་ཕེབས་ཚེ་མཁྱེན་པའི་རྣམ་དཔྱོད་ལ་འགྲན་ཟླ་མ་རྙེད་ནས་དཔལ་ཕྱོགས་གླང་ཆོས་གྲགས་ཡབ་སྲས་འཁོད་པའི་སེང་གེའི་ཁྲི་ལ་མཁས་པའི་དབང་པོ་འདི་ཉིད་བཞུགས་སུ་གསོལ་བར་འོས་སོ་ཞེས་མཁས་དབང་ཚོགས་པའི་གྲལ་ནས་ཡང་ཡང་གླེང་བར་མཛད། དེ་བཞིན་རང་ལུགས་ཀྱི་མཁས་པའི་དབང་ཕྱུག་གནས་ལྔ་རིག་པའི་པཎ་ཆེན་དཔལ་སྤྲུལ་སེམས་དཔའ་ཆེན་པོའི་ཞལ་ནས། རྗེ་འདིའི་མཁྱེན་རབ་ནི་རྒྱལ་སྲས་འཇམ་དཔལ་དབྱངས་དང་བློ་གྲོས་མི་ཟད་པ་སོགས་དང་ཐ་མི་དད་པ་ཡིན་ཞེས་བསྔགས་བརྗོད་དང་འབྲེལ་རབ་དཀར་ཨ་ཤེའི་མགུལ་དར་ཕུལ་ཞིང་དབུགས་དབྱུང་གཟེངས་བསྟོད་གནང་བ་དང་། ཟབ་གསང་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲ་གྱི་ཞལ་ནས། ཐོས་པས་རང་རྒྱུད་གྲོལ་ཟེར་བ་བླ་མ་མི་ཕམ་རེད། སྐུ་ན་ཆུང་ངུའི་དུས་རྒྱུད་འཁྱོག་པོ་ལྟ་བུ་ཞིག་ཡོད་ཀྱང་། ད་ལྟ་ནི་ཕྱེ་ཐུག་ལ་ཟོ་མར་ཐེབས་པ་བཞིན་ཐུགས་རྒྱུད་ཞི་དུལ་དང་ལྡན་ཞིང་མོས་གུས་ཆེ་བ་སོགས་ཆོས་དང་མཐུན་པ་འདིའོ་ཞེས། ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་ཕྱུང་བར་མཛད་ལ། ཀུན་མཁྱེན་རོང་ཀློང་གཉིས་དང་རྣམ་དབྱེར་མེད་པའི་ཐུགས་ངེས་ཀྱིས་ཡིད་བཞིན་མཛོད་ཀྱི་འགྲེལ་ཆེན་པདྨ་དཀར་པོ་དང་རོང་ཟོམ་བཀའ་འབུམ་ཞུ་དག་མཛད་པར་བསྐུལ་བ་དང་། གསང་སྙིང་སྤྱི་དོན་དང་དབུ་མ་རྒྱན་འགྲེལ་སོགས་ལྗགས་རྩོམ་གནང་བའི་གསུང་བསྐུལ་ཡང་ཟབ་ནན་དུ་བསྩལ། དེ་མཚུངས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་འཕྲོས་སུ། ད་ལྟ་སའི་སྟེང་ན་བླ་མ་མི་ཕམ་ལྟ་བུའི་མཁས་པ་མེད། ཁོང་གི་སྐྱེས་རབས་དང་ཡོན་ཏན་གྱི་ཆེ་བ་ཞིག་བཤད་ན་གླེགས་བམ་ཤེར་ཕྱིན་པུསྟི་ཙམ་ཞིག་ཡོད་ཀྱང་ད་ལྟ་ཁོང་མི་མཉེས་པ་འདུག་ཅེས་གསུངས། མཛོད་ལྔའི་ཤིང་རྟ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ཚད་མ་རྣམ་འགྲེལ་དང་བཀའ་བརྒྱད་རྣམ་བཤད་སོགས་ཉིད་མཛད་བསྟན་བཅོས་དུ་མའི་བཤད་ལུང་གསན་པས་ཕ་མཐའ་ཡས་པའི་མཁྱེན་དཔྱོད་ཀྱིས་ཐུགས་འཕྲོག་ནས་མ་ཧཱ་པཎྜི་ཏ་མི་ཕམ་རྣམ་རྒྱལ་ཞེས་དང་། ཟབ་གསང་རྒྱུད་སྡེའི་མངའ་བདག་སྤོབས་པ་བསམ་མི་ཁྱབ་པ་གསང་བདག་དགའ་རབ་གཉིས་པ་རེད་ཅེས་སོགས་གསུངས་པས་མཚོན། ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ཀྱི་ཁྱོན་ཡོངས་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཀུན་ཏུ་འཐོར་བའི་མཁས་མང་རྒྱུ་སྐར་གྱི་དབུས་སུ་ཟླ་བ་གཞོན་ནུའི་དཀྱིལ་འཁོར་ལྟར་མངོན་པར་འཕགས་སོ། །གཞན་ཡང་ཟབ་དོན་ཉམས་བཞེས་ཀྱི་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་གྲུབ་པའི་རྒྱལ་སར་མཐོན་པོར་རྩོད་མེད་དུ་གཤེགས་ཤིང་མཆོག་ཐུན་ལས་བཞིའི་ཕྲིན་ལས་ལ་མངའ་དབང་འབྱོར་བའི་ཚུལ་ནི། མདོ་ཁམས་སྨན་ཤོད་དཀར་མོ་སྟག་ཚང་བདུད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཁོ་ནར་ལོ་ངོ་བཅུ་གསུམ་ལྷག་ལ་ཉིན་རེར་གསོལ་ཇ་ཐེངས་གཉིས་དང་སྲོད་ལ་མནལ་ཡུན་ཐུང་ངུ་ཙམ་ལས་མ་མཛད་པར་བསྙེན་སྒྲུབ་འབའ་ཞིག་ལ་གཞོལ། དེ་བཞིན་སྔ་ཕྱི་ཀུན་ཏུ་རུ་དམ་ཡང་དབེན་འཇིགས་བྱེད་དུས་དགྲའི་དབང་པོའི་ཕོ་བྲང་དང་། ནགས་ཆུང་རི་ཁྲོད་པདྨ་བསམ་གཏན་གླིང་། འཇུ་ཉུང་རི་ཁྲོད་འཆི་མེད་མཆོག་གྲུབ་གླིང་། རྫོང་མགོའི་རི་ཁྲོད་ཆོས་འབྱུང་ཡང་སྟེང་། དིལ་མགོའི་རི་ཁྲོད་བཀྲ་ཤིས་དཔལ་འབར་གླིང་སོགས་སུ་ཡུན་རིང་བཞུགས་པ་དང་། དེ་དག་གི་སྐབས་སུ་འདུ་འཛིའི་སྤྲོས་པ་དང་ཆོས་བརྒྱད་ཀྱི་སྒྲོབ་ལྡིར་སྤངས་ཏེ་སྦས་པའི་རྣལ་འབྱོར་འཁོས་ཆུང་བྱ་བྲལ་བའི་ཚུལ་མཛད་ཅིང་ཕལ་ཆེར་གསུང་ངག་ཀྱང་བཅད་དེ་བཞུགས། རྗེ་ཉིད་ཀྱི་ཞལ་ནས། ཕྲན་ནས་སློབ་གཉེར་བྱེད་དུས་དཔྱད་པ་དཔྱིས་ཕྱིན་པ་ཞིག་དང་། ཡི་དམ་ཀྱི་བསྙེན་མཚམས་བྱེད་དུས་བསྐྱེད་རིམ་མཐར་ཕྱིན་པ་ཞིག་ཨེ་ཐོན་ལྟ་གི་ཡོད་གསུངས། དེ་ལྟར་ཡི་དམ་ཞི་དྲག་སྣ་ཚོགས་ཀྱི་བསྙེན་ཚད་ཐམས་ཅད་ཚད་དུ་མ་འཁྱོལ་བ་གཅིག་ཀྱང་མེད་ཅིང་རྟེན་འབྲེལ་སྙིང་པོ་ཁོ་ནའང་འབུམ་ཕྲག་བཅུ་གསུམ་བཟླས་པ་སོགས་ཞིབ་པར་བརྗོད་ཚེ་སྐུ་ཚེ་ཧྲིལ་པོར་བསྙེན་སྒྲུབ་ཁོ་ན་ལས་ཅི་ཡང་མ་མཛད་པ་ལྟ་བུ་དང་། དེ་བཞིན་སྐུ་ཚེ་གང་པོར་གཡོ་མེད་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞུགས་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དག་མཉམ་བདེ་བ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་སུ་ཀླས་པའི་ཐབས་བསྐྱེད་པའི་རིམ་པ་དང་ཤེས་རབ་རྫོགས་པའི་རིམ་པ་ཟུང་དུ་འཇུག་པ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལས་མི་འདའ་བ་དང་། རྡོ་རྗེའི་ལུས་ལ་གནད་དུ་སྣུན་པའི་མཚན་བཅས་ཀྱི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་སོགས་ཉམས་སུ་བསྟར་བས། ལས་རླུང་གི་རྒྱུ་བ་ཕལ་ཆེར་དབུ་མའི་དབྱིངས་སུ་དག་སྟེ་བདེ་སྟོང་དགའ་བཞི་དང་སྟོང་བཞིས་དྲངས་པའི་དཔེ་དང་དོན་གྱི་འོད་གསལ་གཉུག་མ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོ་མངོན་དུ་གྱུར། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་བཞེས་མཐར་ཕྱིན་པས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་ཚད་ལ་ཕེབས་ཏེ། སྣང་སྤྱོད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་སྣང་ལོངས་སྐུའི་ཞིང་ཁམས་དག་པ་རབ་འབྱམས་ཀྱི་གཟིགས་མོ་འབའ་ཞིག་འབྱམས་སུ་ཀླས། ནང་གི་རྩ་ཁམས་ཡི་གེ་སྤྲིན་གྱི་འཁོར་ལོར་ཡོངས་སུ་དག་པའི་སྟོབས་ཀྱིས་སྒོམ་བྱུང་གི་མཁྱེན་རབ་ཀློང་བརྡོལ་ཏེ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་བསྟན་བཅོས་ཀྱི་ཚོགས་མཐའ་ཡས་པ་རིག་རྩལ་དགོངས་པའི་ཀློང་ལས་རང་བྱུང་བ་དང་། སྐྱེ་དགུ་ཐུན་མོང་གི་མཐུན་སྣང་ངོར་གྲུབ་པའི་རྟགས་མཚན་དུ་མར་རང་དབང་འབྱོར་བ་སྟེ། རྒྱབ་ཤིས་བྲག་དཀར་ལ་བཞུགས་སྐབས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབས་པའི་ཤྭ་རྡེལ་ཕྱག་སོར་གྱིས་ནམ་མཁར་བཏེགས་པས་ས་ཆེན་པོ་དྲག་ཏུ་གཡོས། རླུང་ཆེན་གྱི་འཚུབ་མ་དྲག་ཏུ་བསྐྱོད་ནས་བྲག་རི་ཕལ་ཆེར་ཉིལ། ཆུ་བྲག་མང་པོ་གཏོར་ཞིང་ཉི་མའི་འོད་ཀྱང་མོག་མོག་ཏུ་གྱུར་། སླར་ས་ལ་བཞག་ནས་ཐུགས་དམིགས་ལྷོད་པས་ཆོ་འཕྲུལ་རང་སར་ཞི་བ་དང་། ཤྲཱི་སེང་ཆོས་གྲྭ་ན་བཞུགས་སྐབས་ཉམས་མཚར་དུ་འཇག་མའི་སྒྱོགས་ཤིག་བསྟར་ཏེ་ལུག་གི་རིལ་མའི་སྒྱོགས་རྡོའི་འཕྲུལ་འཁོར་འཕང་བས་ཐལ་རྡུལ་གྱི་ཕུང་པོ་ཆེན་པོ་ཞིག་ཡོད་པ་རྨང་མེད་དུ་གཏོར། རུ་དམ་གཤིན་རྗེ་སྒྲུག་ཕུག་ཏུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་སྒྲུབ་ལ་གཞོལ་དུས། སྙིང་དབུས་ཐུགས་སྲོག་གི་ས་བོན་འཁོར་བ་ལ་ཐུགས་བཟུང་བས་རླུང་སེམས་ཀྱི་རྒྱུ་བ་གཞི་ལ་ཐིམ་སྟེ་ཞག་བཅུ་ཙམ་དུ་སྐུ་ལུས་ཀྱི་བཞུགས་ཚུལ་དང་སྤྱན་གྱི་ལྟ་སྟངས་སོགས་གཞན་དུ་མ་འགྱུར་བར་ཏིང་ངེ་འཛིན་གྱི་ཟས་ཀྱིས་སྐུ་གསོས་ཏེ་བཞུགས། དེ་མཚུངས་སྡེ་བརྒྱད་དང་ཐེའུ་རང་བྲན་དུ་བཀོལ་ནས་འཛམ་གླིང་ན་ཡོད་པའི་སྨན་རིགས་ཐམས་ཅད་ཐུན་ཡུན་གཅིག་ལ་འཐུ་བཅུག་པ་ཀུན་ལ་མཐུན་སྣང་དུ་བྱུང་བ་དང་། གཞན་ཡང་གྲུབ་མཐའི་ཆགས་སྡང་གིས་རྒྱུད་འཁྲུགས་པའི་རྨོངས་པ་འགས་དབང་ཡོད་ཀྱིས་གདན་ས་གསུམ་གྱི་དགེ་འདུན་པ་འཚོགས་ནས་དྲུག་ཅུའི་ལྕགས་མཁར་སོགས་སྔགས་གཞུང་རྣམས་ལས་བསྟན་པའི་དྲག་ལས་མང་པོ་དང་། ཟབ་མདོའི་བཟློག་པ་སོགས་མདོ་ཕྱོགས་ནས་བསྟན་པའི་རྩུབ་སྤྱོད་རྣམས་ལག་ལེན་དུ་བསྟར་ནས་རྗེ་འདིའི་སྐུ་ལ་གནོད་པ་བརྩམས་ཀྱང་ཅི་ཡང་མ་གནོད་པར། རང་གཤེད་རང་ལ་བབ་པས་འགའ་ཞིག་འགག་གྲིར་ཤི་བ་དང་། ཁ་ཅིག་སྨྱོ་ལྐུག་བརྒྱལ་བ་སོགས་ཀྱིས་དཔའ་བཀོང་བར་བྱས་ཚེ། གནས་ཆུང་ཆོས་སྐྱོང་གིས་རྒྱུ་རྐྱེན་བསྙད་པས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་བང་ཆེན་མང་པོ་བརྫངས་ནས་བཟོད་གསོལ་མཛད་ཅིང་། རྗེ་ཉིད་ཀྱིས་ཉེ་གནས་འོད་གསལ་ལ། ཁོ་བོ་འཇིགས་བྱེད་དུས་དགྲའི་དབང་པོས་མངོན་སུམ་རྗེས་སུ་བཟུང་བའི་མཐུ་ཡིས་རྦོད་གཏོང་གང་གིས་བརྫི་བར་མི་ནུས་པ་ཡིན་གྱི། གཞན་དུ་དགེ་འདུན་མང་འཚོགས་དེ་འདྲའི་ངན་སྔགས་ཀྱིས་རི་དབང་ལྷུན་པོ་ཡིན་ཡང་རྨང་ནས་གཏོར་བར་ངེས་ཞེས་གསུངས་པ་ངག་རྒྱུན་དུ་གྲགས། །ལྡན་ཁོག་ཏུ་བཞུགས་སྐབས་འབྲི་ཆུའི་འགྲམ་དུ་བྱོན་ནས་གངས་ལྗོངས་ས་བཅུད་གསོ་བའི་རྟེན་འབྲེལ་དུ་རིན་ཆེན་འབྲི་སྨན་དཀོར་ཆའི་རིགས་ཀླུ་གཏེར་དུ་སྦ་བར་མཛད་པའི་རྗེས་ཐོག་ཏུ། ཕྱག་མདའ་དར་མཚོན་གྱིས་བརྒྱན་པ་ཆུ་དཀྱིལ་དུ་བཙུགས་ཏེ་ཆུ་འགྲམ་ནས་ཡར་ཕེབས་པའི་ཞོར་ལ་བོད་ཡུལ་བདེ་བའི་སྨོན་ལམ་གསུངས་པས། མདའ་དར་ཡང་རླུང་གིས་སྐྱོད་བཞིན་ཆུ་ངོགས་ནས་བྲོ་འཁྲབ་པ་ལྟར་བྱས་ནས་མཐར་རྗེ་ཉིད་ཀྱི་དྲུང་དུ་ལྷགས་པ་དེར་ཡོད་ཀུན་ལ་མཐུན་སྣང་དུ་བྱུང་། གཏེར་ཆེན་ལས་རབ་གླིང་པ་ལ་ངེད་རང་ལམ་ལ་གསར་དུ་སློབ་པའི་སོ་སྐྱེ་ཡིན་ཡང་ནུས་པ་འདི་ལྟ་བུ་ཡོད་གསུངས་ནས། གཤིན་རྗེའི་ཤྭ་རྡེལ་ཉི་གྲིབ་མཚམས་སུ་སྔ་དྲོ་ཞིག་ལ་བཞག་ནས་ཉི་མ་འགྲོ་དབང་མེད་པ་བྱས་ཏེ། ཁྱེད་གཏེར་སྟོན་ཚོ་ལ་གྲུབ་རྟགས་ཅི་འདྲ་ཡོད་ཅེས་ཞལ་རྩེད་གནང་བ་སོགས་ཡ་མཚན་གྲུབ་པའི་མཛད་སྤྱོད་ཀྱིས་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད་པར་བྱས། དེ་ལྟར་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་གསང་ཆེན་སྔ་འགྱུར་པའི་རིང་ལུགས་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སླར་ཡང་དངོས་སུ་བྱོན་པ་ལྟ་བུའི་བཀའ་དྲིན་གྱིས་བསྐྱངས་ནས་མཐར་སྤྲུལ་བའི་གཟུགས་སྐུ་ཞི་བ་ཆོས་ཀྱི་དབྱིངས་སུ་ཇི་ལྟར་བསྡུས་པའི་ཚུལ་ནི། དགུང་གྲངས་རེ་བདུན་པ་ཆུ་བྱི་ཟླ་བ་དང་པོའི་ཚེས་སྐོར་དིལ་མགོའི་རི་ཁྲོད་དུ་སྐུ་མཚམས་བཞུགས་པ་ལས་གྲོལ་བ་དང་། ཟླ་དེའི་ཚེས་བཅོ་བརྒྱད་ཉིན་འགྲུལ་ངན་ཞིག་འོང་བའི་ཐུགས་སུན་ལྟ་བུའི་རྐྱེན་གྱིས། ན་མོ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་ཡཿ མངོན་དགའ་ལ་སོགས་དག་པའི་ཞིང་རྣམས་སུ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་ཐོབ་ནས། །མཁའ་ཁྱབ་འགྲོ་ལ་སྙིང་རྗེ་ཆེན་པོའི་སེམས། །ནམ་མཁའ་ཇི་སྲིད་འཛིན་པར་དམ་བཅའ་འོ། །ལས་ཀྱིས་མནར་བའི་སྙིགས་དུས་ཆོས་སྨྲ་བདག །མི་ལོ་བཅུ་བདུན་ནང་རྩའི་ནད་དྲག་པོས། །བར་མེད་སྡུག་བསྔལ་ཆེ་ཡང་ད་བར་དུ། །སྒྱུ་ལུས་གཟེབ་ལ་བརྟེན་ནས་ཞིང་འདིར་བསྡད། །ད་ནི་ཤི་ལ་དགའ་བའི་འདུ་ཤེས་ཀྱིས། །ཐ་མའི་གཏམ་ཚིག་ཡི་གེའི་རིས་སུ་བྲིས། །ཞེས་པ་ནས། ད་ནི་སྒྱུ་ལུས་ནད་མནར་འདིའི་ནང་སྡོད་མི་སྤྲོ་བ་སོགས་ཀྱིས་འཕོ་བའི་འདུན་པ་གཏད་པ་ཡིན། ཞེས་སོགས་ཞལ་ཆེམས་ཕྱག་བྲིས་ཆོས་སྐྱོང་གི་རྟེན་གྱི་ཐུགས་ཀར་སྦས་ཏེ་བཞག ཟླ་བ་གཉིས་པའི་ནང་མི་འཁྲུགས་པའི་གཟུངས་འབུམ་ཕྲག་གཉིས་ཙམ་གསུངས། ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་ཉེ་གནས་འོད་གསལ་ལ་ཁྱོད་ཉིད་དཀར་མོ་སྟག་ཚང་དུ་ཐོག་མར་ཡོང་བ་ནས་བཟུང་ད་བར་རང་གི་བསྙེན་སྒྲུབ་དང་བསྟན་བཅོས་རྩོམ་རིགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཉིན་རེ་བཞིན་ཆག་ཕྲི་མེད་པར་ལན་གསུམ་རེ་རང་རེ་གཉིས་ཐུན་མོང་བགྱིས་ཏེ་གཞན་དོན་བྱང་ཆུབ་ཆེན་པོར་བསྔོས་པས། ད་ནི་སྨོན་ལམ་ཐམས་ཅད་ལེགས་པར་གྲུབ་པའི་རྟགས་མཚན་མཐའ་དག་མངོན་དུ་གྱུར་པས། ཁྱོད་མ་འོངས་པ་ན་རྗེ་བཙུན་འཇམ་དཔལ་དབྱངས་དང་ཁྱད་མེད་དུ་འགྱུར་ངེས་པ་སེམས་གསོ་ཙམ་མིན་པས་དགའ་བར་གྱིས། ཉམས་ལེན་སྐོར་ལ་ཐེ་ཚོམ་མ་ཆོད་པ་འདྲ་ཡོད་ན་དེ་རིང་ཆོད། རྒྱུན་རིང་ཨེ་སྡོད་མི་ཤེས་སྤྱིར་རང་རེ་དཔོན་སློབ་འདི་ནས་བྱང་ཆུབ་བར་དུ་འབྲལ་བ་མེད་ཅེས་ཞལ་བསྒོས་མཛད། དེ་འཕྲལ་བསྟན་འགྲོའི་དཔལ་མགོན་དུ་ཞབས་པད་བརྟན་དགོས་པའི་བཞུགས་ཞུས་ལན་གྲངས་དུ་མར་ཕུལ་བར། ད་ནི་དུས་དང་ནད་ཁམས་སོགས་ཅི་ཐད་ནས་སྡོད་སྤྲོ་མེད་ཅིང་། བསྡད་ཀྱང་དོན་ཡོད་པ་དཀའ། དེ་བས་ཁྱེད་རང་རི་ཁྲོད་སོགས་སུ་ཉམས་ལེན་སྐྱོང་ཅི་ནུས་མཛོད། ད་ཕན་གདམས་ངག་དང་བླ་མ་གཞན་ལ་རེ་དགོས་ནི་མེད། སྐྱེ་འཆི་བར་དོའི་གནས་སྐབས་ཀུན་ཏུ་འཕྲད་ཡོང་། ཕྱི་མར་དག་པའི་ཞིང་དུ་སྐད་ཅིག་ཙམ་ཡང་འབྲལ་བ་མེད་གསུངས། ཟླ་བ་བཞི་པའིི་ཚེས་བརྒྱད་ཉིན་མཁན་ཀུན་དཔལ་ཀཿཐོག་ནས་དུས་འཁོར་དཔར་ཕུད་པོད་ཆེན་བསྣམས་ཏེ་བྱོན་བྱུང་བས། བླ་མ་འོད་གསལ་ལ་། སྤྱིར་དེང་སང་བདེན་པར་བཤད་ན་ཉན་མཁན་ནི་མེད། རྫུན་པ་བཤད་ན་ཐམས་ཅད་བདེན་པར་འཛིན་པས། དེ་སྔོན་སུ་ལའང་སྨྲ་མ་མྱོང་། ཕྲན་སོ་སྐྱེས་ཐ་མལ་པ་ཞིག་མིན། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་པ་ཞིག་ཡིན། ད་རེས་རྟེན་འདིར་ན་ཟུག་ཆེར་བྱུང་བ་འདི་ལས་ཀྱི་ལྷག་མ་ཡིན། ད་ཕན་ཆད་ལས་སྒྲིབ་གཏན་ནས་མྱོང་མི་དགོས། ད་རེས་རྟེན་འབྲེལ་གྱི་ཁྱད་ཆེན་པོ་ཡོད་པས་མཁན་ཀུན་དཔལ་གྱིས་དེ་རིང་ནས་དབུ་ཚུགས་ལ་དུས་འཁོར་གྱི་བཤད་ལུང་གྱིས། སྤྱིར་རྒྱུད་བཤད་མ་མཐའ་ཞག་བཅུ་དགོས་པ་སོགས་གཞུང་ནས་གསལ་ཀྱང་། ད་རེས་ཉིན་བརྒྱད་ཀྱི་ཁོངས་སུ་འགྲུབ་ངེས་གྱིས། དཔར་ཡིག་བརྐོ་བཙུགས་ཞིབ་ཆ་མ་གྲུབ་སྟབས་ཅུང་གསལ་མིན་ཡོད་འདུག་ཀྱང་བདག་ལ་བྱིན་རླབས་ནུས་པའི་མཐུ་ཡོད་པས་ཁྱེད་གཉིས་བྱིན་གྱིས་བརླབས་པ་ཡིན་གསུངས། ཡང་བར་སྐབས་རྣམས་སུ་གསུང་འཕྲོས་ལ། ཕྲན་ནམ་མཁའ་མ་སྟོང་བར་སེམས་ཅན་སྒྲོལ་བའི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན། ད་རེས་ཀྱི་རྟེན་འདིར་བསྟན་འགྲོ་སྤྱི་དང་ཁྱད་པར་སྔ་འགྱུར་པའི་བསྟན་པ་ལ་ཕན་ཆེན་ཞིག་འདོགས་དགོས་མོད་ཀྱང་། སྤྱིར་རྙིང་མ་པ་རྣམས་བསོད་ནམས་དམན་པས་བར་ཆད་ཀྱི་འཚེ་བ་ཆེ་བ་དང་། རྟེན་འབྲེལ་གྱི་གནད་ཁ་འགའ་ཞིག་ལ་བརྟེན་ནས་ནད་ཚབས་ཆེ་བ་སོགས་གང་ཅིས་ཕན་ཐོགས་བསམ་པ་བཞིན་མ་བྱུང་། འོན་ཀྱང་འགྲེལ་ཊིཀ་སོགས་ཅི་རིགས་གྲུབ་སོང་། ད་དུང་དབུ་མའི་སྤྱི་དོན་ཟབ་རྒྱས་ཤིག་འབྲི་འདུན་ཡོད་ཀྱང་མ་གྲུབ་མོད། དེ་གྲུབ་མ་གྲུབ་ཁྱད་ཆེན་པོ་མེད་ཅིང་གཉུག་སེམས་སྐོར་དེ་མཐའ་ཕུད་ཅིག་བྱུང་ན་རིས་མེད་བསྟན་པ་ཡོངས་ཀྱི་སྲོག་ཏུ་འགྱུར་བས་ཨེ་འགྲུབ་སྙམ་ཡང་ད་རེས་མ་གྲུབ་ལ། ད་ནི་དུས་ཀྱི་ཐ་མ་མཐའ་འཁོབ་ཀླ་ཀློ་སོགས་ཀྱིས་བསྟན་ཞབས་སྡུད་ལ་ཉེ་བས་གང་ཅིའི་ཐད་སྐྱེ་བ་དངོས་ལེན་པ་ལ་ཕན་ཐོགས་ཅི་ཡང་མི་འདུག སྔོན་སྨིན་གླིང་སྐུ་མཆེད་བཞུགས་པའི་དུས་ཙམ་ཞིག་ཡིན་ན་བསྟན་འགྲོ་ལ་ཕན་པ་ཅི་རིགས་འབྱུང་སྲིད་མོད། ད་ནི་དུས་དབང་གིས་དེ་འདྲར་དཀའ་གཤིས་འདི་འོག་མ་དག་པའི་ཞིང་དུ་སྐྱེ་བ་གཏན་ནས་ལེན་རྒྱུ་མིན། དག་པའི་ཞིང་ཁམས་རྣམས་སུ་བསྡད་ནས་སྨོན་ལམ་གྱི་དབང་གིས་གང་འདུལ་སྤྲུལ་བའི་རོལ་གར་འཕགས་པ་རྣམས་ལ་དུས་འཁོར་བའི་མཐའ་བར་རྒྱུན་མི་ཆད་པ་ཅི་ཡང་འབྱུང་བ་ནི་ཆོས་ཉིད་ཡིན་ནོ་གསུངས། ཉི་ཤུ་གཉིས་གསུམ་ནས་ད་ནི་འདུ་འཁྲུགས་ཀྱི་ནད་སོགས་གཏན་ནས་དྲག་ཟིན། ད་ཕན་སྡུག་བསྔལ་གྱི་ཚོར་བ་གཏན་ནས་མེད། ཉིན་མཚན་ཐམས་ཅད་ཐོད་རྒལ་གྱི་སྣང་བ་འཇའ་ཟེར་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་འབའ་ཞིག་ཤར་འདུག་གསུངས། ཉེར་ལྔའི་ཉིན་དིལ་མགོ་ཚང་སོགས་ཡོན་བདག་དང་། རྡི་སྤྲུལ་སོགས་ཕྱོགས་ཀྱི་མཇལ་མི་ཐམས་ཅད་ཤོག་གསུངས་ནས་སྨོན་ལམ་མཛད། དེ་སྐབས་རྡི་སྤྲུལ་སོགས་ནས་བཞུགས་ཞུས་ཕུལ་བས། ད་ནི་མི་སྡོད་ངེས་ཅན་ཡིན། སྐྱེ་བ་ཡང་མི་ལེན་བྱང་ཤམ་བྷ་ལར་ཕེབས་རྒྱུ་ཡིན་སོགས་གསུངས་ཏེ་ཐུགས་ཐག་བཅད། དེ་རྗེས་བླ་མ་འོད་གསལ། མཁན་ཡོན་དགའ། ཀུན་དཔལ་གསུམ་གྱིས་གསོལ་བ་བཏབ་ངོར་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་དུ་བྱིན་གྱིས་བརླབས་ཏེ་ཉིན་གསུམ་ལ་བཞུགས་ནས་གསུང་འཕྲོས་ཅི་རིགས་དང་། ལྷག་པར་ནམ་མཁའི་ཁམས་ཐམས་ཅད་ཡིག་འབྲུ་འབའ་ཞིག་གིས་གང་འདུག་གསུངས། དེ་སྐབས་ཉེ་གནས་འོད་གསལ་ནས་ཕྱག་བྲིས་བརྡ་ཡིག་ཕུལ་བ་ལྟར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། ཞེ་ཆེན་རྒྱལ་ཚབ་སོགས་ཐུགས་སྲས་ཐུ་བོ་མགྱོགས་འགྲོས་ཀྱིས་ཕེབས་པ་རྣམས་རི་ཁྲོད་དུ་འབྱོར། ཚེས་ཉེར་དགུའི་གཟའ་པ་སངས་དང་། སྐར་མ་སྣར་མའི་ཉིན་ཞབས་སེམས་སྐྱིལ། ཕྱག་མཉམ་བཞག་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཅས་ཉི་མ་ནུབ་པ་དང་མཉམ་དུ་འོད་གསལ་གདོད་མའི་ནང་དབྱིངས་སུ་སྙོམས་པར་ཞུགས། ཟླ་བ་ལྔ་པའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཚེས་གསུམ་ལ་རྫོགས་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་དབུས་ཐུགས་སྲས་ཀྱི་ཐུ་བོ་ལྷན་རྒྱས་པས་བློ་འདས་ནང་གསལ་གཞོན་ནུ་བུམ་སྐུ་ལས་ཕྱིར་གསལ་གྱི་ཡེ་ཤེས་ལོངས་སྐུའི་རྣམ་པར་བཞེངས་ཏེ་རང་སྣང་མཁའ་ཁྱབ་ཀྱི་སྒྲོན་མ་བཀོད་པར་བསྐུལ་བའི་ཕྱིར་སྨེ་བརྩེགས་དང་རྣམ་འཇོམས་སྒྲུབ་པའི་ཁྲུས་ཆབ་གསོལ་ཞིང་། སྐུ་གདུང་རིན་པོ་ཆེ་དག་པར་བཀྲུས་ཏེ་དྲི་བཟང་གི་ཕུར་མས་བྱུགས་ནས་དབུ་རྒྱན་ཐོར་ཚུགས་རྡོར་དྲིལ་བཅས་ཕུལ་ཏེ་དཀྱིལ་འཁོར་དུ་བཞུགས་སུ་གསོལ། མཆོད་པའི་ཡོ་བྱད་ཀྱི་སྤྲིན་བསམ་མི་ཁྱབ་པ་སྤྲོས་པའི་མདུན་ནས་དབང་བཞིའི་བྱིན་རླབས་ལེན་པ་དང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱིས་སྒྲིབ་པ་སྦྱངས་ཤིང་། ཁྱད་པར་རྫོགས་སྤྲུལ་རིན་པོ་ཆེ་མཆོག་གིས་ཞེ་ཆེན་རྒྱལ་ཚབ་དང་། མཁན་ཀུན་དཔལ། བླ་མ་འོད་གསལ། སངས་རྒྱས་མཉན་སྤྲུལ་བཅས་ལ་གདུང་མདུན་ནས་དར་ཐག་བཅས་གསུང་རྩོམ་ཡོངས་རྫོགས་ཀྱི་བཀའ་གཏད་གནང་སྟེ། བཤད་ཁྲིད་ཀྱི་རྒྱུན་སྤེལ་བ་དང་བཀའི་བསྡུ་བ་མཛད་དགོས་པའི་གསུང་བཀའ་བསྩལ། ཞག་འགའི་རྗེས་ཀྱི་གཟའ་སྐར་དགེ་བ་ལ་རྗེ་ཉིད་ཀྱི་ཞལ་གསུང་ལྟར་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་ཚེ། ཐུགས་ལྗགས་སྤྱན་གསུམ་མེས་མ་རྨས་པར་མཐིང་སྨུག་རྡོ་རྗེ་ལྟར་མི་ཤིགས་པའི་རང་བཞིན་དུ་གྱུར་པ་ལ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྐུ་བྱོན་ལེགས་པའི་མཐའ་སྐོར་དུ་རིང་བསྲེལ་གྱི་ཕྲེང་བས་བསྐོར་བ་བྱུང་བ་དང་། ནམ་མཁའི་དབྱིངས་ཀུན་ཁྱབ་པའི་འཇའ་འོད་ཀྱི་གུར་ཁྱིམ་དང་། སྒྲ་ཆེན་པོ་རྒྱུན་མི་ཆད་པར་གྲག་པ། ས་གཡོ་བ་སོགས་གྲུབ་པའི་རྒྱལ་སར་གཤེགས་པའི་ལམ་རྟགས་ཐུན་མིན་མདོ་རྒྱུད་ནས་བསྟན་པ་ལྟར་མཐོང་ཆོས་སུ་བྱུང་། སྐུ་གཤེགས་ནས་ཞག་བརྒྱ་སོང་མཚམས་ཐོ་རེངས་སུ་བླ་མ་འོད་གསལ་ལ་རྗེ་ཉིད་ཀྱི་སྐུའི་བྱད་སྔོན་ལྟར་ལ་པཎ་ཞུ་རྣ་རིང་གསོལ་བ་ཞིག་གིས་ཞལ་གཟིགས། གླེགས་བམ་ཞིག་ཡུད་ཙམ་གྱིས་ཕྱག་བྲིས་མཛད་དེ་བསྩལ་བྱུང་བ་དང་། དེ་ལ་གཟིགས་པས་ཡིག་འབྲུ་ཐམས་ཅད་འཇའ་འོད་བཀྲ་ལམ་མེར་གྱུར་ཅིང་སྤྱན་གྱིས་ནོན་དཀའ་བ་ཙམ་ན་གཤམ་དུ་ནན་གྱིས་གཟིགས་པས། འཇའ་ལུས་རྡོ་རྗེ་ཞེས་ཡིག་གཟུགས་གསལ་བར་གཟིགས་ཤིང་། གསང་བའི་ལུང་བསྟན་དུ་མ་བསྩལ་བའི་མཐར་ཐུགས་ཀར་སྡིགས་མཛུབ་ལྟ་སྟངས་དང་བཅས། ཞལ་ནས་འཇའ་ལུས་རྡོ་རྗེ་ཞེས་གསུང་ཆེན་པོ་ལན་གསུམ་བྱོན་མཐར་ཕཊ་ཅེས་དྲག་ཏུ་བརྗོད་པ་དང་གཏན་མེད་དུ་ཡལ། དེ་བཞིན་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། གཏེར་ཆེན་ལས་རབ་གླིང་པ་རྣམ་གཉིས་ལ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་བཞེངས་ཏེ་ཞལ་བསྟན་པ་བཞིན་སོ་སོའི་བླ་སྒྲུབ་རེ་མཛད་པས་ཚིག་དོན་ཡང་ཤིན་ཏུ་འདྲ་བ་བྱུང་། ཨ་འཛོམས་འབྲུག་ཆེན་རིན་པོ་ཆེས་ཉམས་སྣང་འོད་གསལ་དུ་ཞལ་མཇལ་བས་བསྐལ་པ་མང་གི་ཚོགས་དུས་གཅིག་ལ་འདུམས་པ་བྱུང་བས་བཀའ་དྲིན་གཟོ་སླད་དུ་གསུང་ཆོས་མང་པོ་དཔར་དུ་བསྐྲུན། གཞན་ཡང་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་བརྒྱུད་འཛིན་གྱི་སྐྱེས་བུ་འགའ་ལ་ཞལ་གཟིགས་ལུང་བསྟན་གྱིས་རྗེས་བཟུང་མཛད་པའི་རྣམ་ཐར་ཀྱང་མཐའ་ཡས། བདག་ཉིད་ཆེན་པོ་འདིའི་སྐུ་དངོས་ཀྱི་ཞལ་སློབ་གཙོ་བོར་གྱུར་པ་ནི། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཀཿཐོག་སི་ཏུ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། རྡོ་གྲུབ་བསྟན་པའི་ཉི་མ། གཏེར་ཆེན་ལས་རབ་གླིང་པ། ཨ་འཛོམས་འབྲུག་ཆེན། དཔལ་ཡུལ་པདྨ་ནོར་བུ། ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཡོན་ཏན་རྒྱ་མཚོ། མཁན་ཀུན་དཔལ། འཇམ་དབྱངས་བློ་གཏེར་དབང་པོ། སངས་རྒྱས་མཉེན་སྤྲུལ། དགུ་རོང་མཆོག་སྤྲུལ། གླག་བླ་ཆོས་འགྲུབ། སྨྱོ་ཤུལ་ལུང་རྟོགས། རྫོགས་ཆེན་མཁན་པོ་བསོད་ཆོས་དང་། མཁན་པོ་ལྷ་རྒྱལ། མཁན་བློ་ཁོ། གླིང་རྗེ་དྲུང་། རྟོགས་ལྡན་ལྷག་བསམ། ཚོགས་ཤུལ་བླ་མ་སོགས་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ། བསླབ་པ་གསུམ་ལྡན་གྱི་མཁན་པོ། རིམ་གཉིས་རྣལ་འབྱོར་ལྡན་པའི་སྔགས་པ། ཚེ་བློས་བཏང་བའི་བྱ་བྲལ་སོགས་ས་དགེ་བཀའ་རྙིང་གི་བསྟན་འཛིན་བགྲངས་ཀྱིས་མི་ལང་པ་བྱོན་ཏེ་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་ཕྱི་མའི་མཐར་ཡང་ཉམས་པ་མེད་པར་སྤེལ་བར་མཛད་དོ། །དེ་ལྟར་འཇམ་མགོན་བླ་མའི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་འདི་ནི་གནའ་དེང་གི་རྣམ་ཐར་ཡིག་ཆ་དུ་མར་ཁུངས་སུ་བཅོལ་ཞིང་ཚད་ལྡན་ཞལ་རྒྱུན་དག་གིས་ཟུར་བརྒྱན་ཏེ་ཉུང་ངུའི་ངག་གིས་བརྗོད་པ་ཡིན་ལ། ད་དུང་དེ་ལས་ཞིབ་པར་མཁྱེན་པར་བཞེད་ཚེ་ཨཀྵ་མི་དྲས་མཛད་པའི་རྣམ་ཐར་སྙིང་པོ་བསྡུས་པ་དང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་རྣམ་ཐར་ངོ་མཚར་བདུད་རྩིའི་སྣང་གཏེར་སོགས་མང་དུ་བཞུགས་པས་དེ་དག་ལ་སྤྱན་རས་གཡོ་བར་ཞུ། །

མཁན་རབས་བཅུ་གསུམ་པ། མཛོ་བའི་མཁན་པོ་དགེ་ལེགས་རྣམ་རྒྱལ་ནི།

མདོ་ཁམས་རུ་དམ་བ་ཁོག་ཏུ་གྲགས་པའི་ནོར་འཛིན་གྱི་ཐིག་ལེ་ཡངས་པ་རུ་ཡབ་མཛོ་བའི་ཚེ་རིང་རྣམ་རྒྱལ་དང་། ཡུམ་བཅུ་དཔོན་བུ་མོ་ཚེ་དགའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་སྨད་དུ་སྐུ་བལྟམས། བྱིས་པའི་དུས་ནས་བག་ཡོད་ཚུལ་དང་ལྡན་ཞིང་དཀར་ནག་གི་ལས་འབྲས་ལ་བླང་དོར་ཕྲ་ཞིབ་ནས་མཛད་པ་སོགས་དམ་པའི་སྤྱོད་པ་ལྷན་སྐྱེས་སུ་མངའ། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གཙུག་ཕུད་ཕུལ་ནས་གདན་ས་ཆེན་མོར་ཚོགས་ཞུགས་མཛད་ཅིང་། བཅའ་དབྱངས་འདོན་རྟ་སོགས་ཆོ་གའི་ཕྱག་ལེན་ལ་བསླབ་སྦྱང་མཛད་པས་ཐམས་ཅད་བྱང་ཆུབ་པ་བྱུང་། དེ་ནས་ཤྲཱི་སེང་ཆོས་གྲྭ་ཆེན་མོར་སློབ་གཉེར་ལ་ཞུགས་ཤིང་སྐབས་དེའི་མཁན་ཆེན་ཁྲི་པ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ་རྣམ་གཉིས་སོགས་ལས་མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་། འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་སྨིན་ཁྲིད་རྒྱབ་ཡིག་དང་བཅས་པ་གསན་པས་མཁས་པའི་དབང་ཕྱུག་ཏུ་གྱུར། དགུང་གྲངས་སུམ་ཅུ་ལྷག་སྐོར་གྲུབ་དབང་ལྔ་པ་ཆོས་ཀྱི་རྡོ་རྗེའི་བཀའ་ལུང་ལྟར་ལས་ཐོག་མཁན་ཆེན་ཁྲི་པའི་ཐུགས་འགན་བཞེས། དམ་པ་གོང་མ་རྣམས་ཀྱི་ཕྱག་སྲོལ་ལྟར་ཐོག་མའི་ལོ་ངོ་བཞི་ཚན་དང་པོ་ལ་གདན་སའི་སྒྲུབ་ཆེན་ཁག་གི་རྡོ་རྗེ་སློབ་དཔོན་དང་། དབྱར་ཚུལ་ཆེན་མོ་དང་སློབ་རྒན་མའི་མཁན་པོར་ལོ་བཞིར་བཞུགས། དེ་ནས་ཤྲཱི་སེང་ཆོས་གྲྭའི་ཆོས་ཁྲིར་ལོ་བཞིར་བཞུགས་ནས་ཐུན་མོང་རིག་གནས་དང་བཅས་པའི་གཞུང་ཆེན་ཁག་ནས། ཐུན་མིན་གསང་ཆེན་རྒྱུད་སྡེའི་དགོངས་གནད་བར་དཔྱད་གསུམ་རྣམ་པར་དག་པའི་ཚད་མས་གཏན་ལ་ཕབ་ནས་འཆད་ཁྲིད་མཛད། སྐུ་ཚེའི་སྨད་དུ་གངས་ཁྲོད་བདེ་བ་ཆེན་པོ་སོགས་སྒྲུབ་གནས་རྣམས་སུ་སྙིང་པོའི་ཉམས་བཞེས་ལ་བཞུགས་ཤིང་། མཐར་ཐེག་རྩེ་གསང་བའི་ཉེ་ལམ་ནས་ཀ་དག་ཆོས་སྐུའི་རྒྱལ་སར་མངོན་པར་གཤེགས་སོ། །

མཁན་རབས་བཅུ་བཞི་པ། མཁས་བཙུན་དམ་པ་ཚེ་རིང་ནོར་བུ་ནི།

རུ་དམ་འབྲོག་རུ་ལྷ་སྡེ་རུ་མཚན་དཔེའི་མེ་ཏོག་འཁྲུངས་ཤིང་ཆུང་ངུའི་དུས་ནས་དགེ་འདུན་གྱི་སྡེ་དང་དགོན་གནས་སོགས་མཇལ་བ་ཙམ་གྱིས་རབ་ཏུ་སྤྲོ་བ་ཆེན་པོས་ཕྱིར་འབྲོག་ཁྱིམ་དུ་ལོག་པར་མི་འདོད་པའི་འཕྲེང་སེམས་ཀྱིས་ངུ་བ་སོགས་དགེ་བའི་བག་ཆགས་ལྷན་སྐྱེས་སུ་མངའ། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གཙུག་ཕུད་ཕུལ་བས་ཚེ་རིང་ནོར་བུར་མཚན་གསོལ། གདན་ས་ཆེན་མོའི་གྲྭ་ཁོངས་སུ་མཚན་བཀོད་མཛད་ཅིང་ཁུ་བོ་བླ་མ་བློ་གསལ་ལས་འབྲི་ཀློག་ལེགས་པར་སྦྱངས། གྲྭ་ཆུང་གཞན་དག་ལས་རྣམ་དཔྱོད་ཀྱི་རྩལ་སྒོ་ཡངས་པས་ཐམས་ཅད་ཀྱིས་དཔེ་ཆ་བསླབ་སྦྱང་ལ་བསྐུལ་བ་ལྟར་དགུང་གྲངས་བཅུ་བདུན་ནས་ཤྲཱི་སེང་ཆོས་གྲྭར་བཞུགས། ཕུར་ཚའི་མཁན་པོ་ཨ་དཀོན་དང་། འཇམ་མགོན་མི་ཕམ་རྣམ་རྒྱལ། རྐང་ཚའི་མཁན་པོ་རྡོ་རྗེ་རབ་བརྟན་སོགས་མཁས་གྲུབ་བཤེས་གཉེན་དུ་མ་གཙུག་རྒྱན་དུ་བསྟེན་པ་ལས་གཞུང་ཁྲིད་ཀྱི་བཤད་པ་ལོ་འགར་གསན་པས་མཁས་པར་མཁྱེན། དགུང་གྲངས་ཉེར་ལྔ་ནས་བཟུང་མཁན་ཆེན་པདྨ་བཛྲ་དབེན་ཁྲོད་པདྨའི་ཐང་དུ་རྒྱུན་བཞུགས་མཛད་པའི་ཞབས་དྲུང་དུ་ཉེ་གནས་པའི་ཚུལ་གྱིས་བཅར་ཏེ་མདོ་སྔགས་གཞུང་ཆེན་སྤྱིའི་དཀའ་གནད་དོགས་བཅོད་དང་བཅས་པར་དཔྱད་པ་དཔྱིས་ཕྱིན་པ་གནང་བས་མཁས་པའི་ཡང་རྩེར་སོན། རྗེ་འདི་ཉིད་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས་པ་དང་། འོད་གསལ་རྫོགས་པ་ཆེན་པོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ལྷག་མེད་བུམ་པ་གང་བྱོའི་ཚུལ་དུ་གསན་པས་བཀའ་དྲིན་ཟླ་བྲལ་གྱི་གཙུག་ནོར་གཅིག་པུར་འཛིན། དགུང་གྲངས་སོ་ལྔ་ནས་བསྟུད་མར་ལོ་བཞིའི་རིང་ཤྲཱི་སེང་ཆོས་གྲྭའི་མཁན་རབས་བཅུ་བཞི་པའི་ཆོས་ཁྲིར་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་རྒྱ་ཆེར་བསྩལ། སྐུ་ཚེའི་སྨད་དུ་སྒྲུབ་མཚོ་གོང་འོག་སོགས་དབེན་ཁྲོད་རྣམས་སུ་ཐུགས་དམ་ཉམས་བཞེས་ལྷུར་ལེན་གྱིས་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས་ནས་སྐུ་མྱ་ངན་ལས་འདས་སོ། །

མཁན་རབས་བཅོ་ལྔ་པ། སྡོམ་བརྩོན་དཀོན་མཆོག་གྲགས་པའམ་བློ་གསལ་བསྟན་སྐྱོང་ནི།

རབ་བྱུང་བཅུ་བཞི་པའི་དཀྱིལ་སྨད་ཙམ་ལ་མདོ་ཁམས་རུ་དམ་དུ་ཡབ་ཁྲོ་བ་ཨ་སྟག་དང་ཡུམ་དུང་སྨན་ཞེས་པའི་རིགས་སུ་སྐུ་བལྟམས། ཡི་དམ་རྩ་གསུམ་ཞི་ཁྲོ་དང་མ་མོ་ཀཽ་རིའི་ལྷ་ཚོགས་ཀྱིས་ཞལ་གཟིགས་བྱིན་བརླབས་ཐོབ། དགུང་ལོ་ཆུང་དུས་ནས་རྣམ་དཔྱོད་ཀྱི་རྩལ་སྟོབས་རྒྱས་པ་ཞིག་ཡོད་པས་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། དེ་སྐབས་ཁྱིམ་གྱིས་བཤའ་ལུག་ཞིག་སྒོ་ཁར་བཏགས་ནས་ཤན་པ་འབོད་དུ་སོང་ཚེ། དུད་འགྲོས་ཀྱང་གསོད་བྱེད་ཀྱི་གྲི་ཆུང་ཡན་ལག་གིས་ས་འོག་ཏུ་སྦ་བཞིན་མིག་ནས་མཆི་མའི་ཆར་རྒྱུན་བབ་པ་གཟིགས། རྐྱེན་དེས་སྐྱོ་ཤས་ཚད་མེད་ཀྱི་ངང་ནས་འཁོར་བར་རྒྱབ་ཀྱིས་ཕྱོགས་ཏེ་མཁས་གྲུབ་པདྨ་བཛྲའི་མདུན་དུ་ཆོས་བྲོས་སུ་ཕྱིན་ནས་རབ་ཏུ་བྱུང་། རྗེ་འདི་ལས་སོ་བྱང་སྔགས་ཀྱི་བསླབ་སྡོམ་ནོད་ཅིང་མདོ་སྔགས་ཀྱི་བཤད་ཁྲིད་སྤྱི་དང་། གསང་བ་སྙིང་ཐིག་གི་མན་ངག་རྫོགས་པར་གསན་པས་ཐུན་མིན་གྱི་རིགས་བདག་མཆོག་གཅིག་ཏུ་འཛིན། གཞན་ཡང་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་དང་། དབོན་པོ་བསྟན་འཛིན་ནོར་བུ། འཇམ་མགོན་མི་ཕམ། རྫོགས་སྤྲུལ་ལྔ་པ་སོགས་སྐྱེས་ཆེན་དུ་མ་ལས་བཀའ་གཏེར་གྱི་སྨིན་གྲོལ་དང་། གཙུག་ལག་གཞུང་བཤད་སོགས་ཆོས་ཚུལ་རྒྱ་མཚོར་གསན་སྦྱང་མཛད་པས་མཁས་དང་གྲུབ་པའི་ཡང་རྩེར་སོན། དགུང་ལོ་བཞི་བཅུ་ཙམ་ན་སྐྱབས་མགོན་རྫོགས་སྤྲུལ་ལྔ་པས་མཁན་རབས་གསེར་རིའི་ཕྲེང་བའི་བཞུགས་ཁྲིར་བཀོད་དེ་བགྲང་བྱ་བརྒྱད་ལ་འཆད་རྩོད་རྩོམ་པའི་མཛད་བཟང་ཕྱོགས་མེད་དུ་སྤེལ་བ་དང་། ཁྱད་པར་རྗེ་ཉིད་ཕྱི་ནང་གསང་བའི་དམ་སྡོམ་ལ་ཉེས་ལྟུང་ཕྲ་མོས་ཀྱང་གོས་པ་མེད་པར་འདུལ་འཛིན་ཀུན་ཀྱི་གཙུག་ན་མངོན་པར་འཕགས་པ་ཉེ་བ་འཁོར་ལྟར་བཞུགས་ཤིང་། གྲུབ་དབང་རྫོགས་ཆེན་པའི་དགོན་མ་ལག་ཡོངས་ལ་སྡོམ་ཁྲིམས་གཙང་མའི་སྲོལ་རྒྱུན་ནན་ཟབ་ཏུ་སྤེལ་བས་སྡོམ་བརྩོན་དཀོན་མཆོག་གྲགས་པ་ཞེས་ཡོངས་སུ་གྲགས། རང་ལུགས་སྙིང་ཐིག་བླ་བརྒྱུད་དང་སོ་ཐར་སྡོམ་བརྒྱུད་སོགས་སུའང་། སྡོམ་གསུམ་གནང་བཀག་སྐྱོན་བྲལ་རྡོ་རྗེ་འཛིན། ཞེས་སོགས་གསལ་བ་ལྟར་མཁས་གྲུབ་ཡོངས་ཀྱིས་ཆེས་ཆེར་བཀུར་ཞིང་ཡང་ཡང་བསྔགས་པའི་ཡུལ་དུ་གྱུར། སྐུ་ཚེའི་སྨད་དུ་རུ་དམ་ཚེ་རིང་ལྗོངས་སུ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་ཁོ་ན་མཛད་ནས་གཏན་བཞུགས་གནང་བས་འབྲས་བུའི་དྲོད་ཚད་མཐོན་པོ་བརྙེས། ཐུན་མཚམས་རྣམས་སུ་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རབ་གཙོ་བོར་གྱུར་པའི་མན་ངག་གི་བཤད་ཁྲིད་བསྩལ་བས་གྲུབ་པའི་རིག་འཛིན་ཆེན་པོ་བྱ་བྲལ་ཀུན་དགའ་དཔལ་ལྡན་དང་། གླག་བླ་ཆོས་འགྲུབ། མུ་ར་པདྨ་བདེ་ཆེན་བཟང་པོ། བོད་པ་སྤྲུལ་སྐུ། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ། རྨེ་བ་ཚེ་དབང་རིག་འཛིན་སོགས་རྒྱལ་བསྟན་བཤད་སྒྲུབ་ཀྱིས་སྤེལ་བའི་སྙིང་པོའི་བསྟན་འཛིན་དུ་མ་བྱོན། གཞན་ཡང་ཕྱིན་དྲུག་བསྡུ་བཞིའི་ལམ་བཟང་དང་མ་བྲལ་བར་མུ་མེད་ལུས་ཅན་རྣམས་ལ་བཅོས་མིན་སྙིང་རྗེའི་ངང་ནས་འབྲེལ་ཚད་དོན་དང་ལྡན་པར་མཛད། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་ཕྱིན་ནས་མཐར་དགུང་གྲངས་བརྒྱད་ཅུ་ཙམ་གྱི་སྐབས་འོད་གསལ་གདོད་མའི་གཞི་ཀློང་དུ་མངོན་པར་གཤེགས་པའི་ཚུལ་བསྟན་ཏོ། །

མཁན་རབས་བཅུ་དྲུག་པ། ཨ་གྲོའི་མཁན་ཆེན་བསོད་ནམས་ཆོས་འཕེལ་ལམ་བཤད་སྒྲུབ་ཆོས་ཀྱི་སྣང་བ་ནི།

རབ་བྱུང་བཅུ་བཞི་པའི་སྨད་དུ་རུ་དམ་འབྲོག་རུ་སྡེ་བར་ཡབ་ཨ་གྲོའི་རིགས་ལས་བློ་གྲོས་ཆོས་འཕེལ་དང་། སྐྱེད་ཡུམ་འབར་ཆུང་རིག་ལྷ་ཞེས་པའི་སྲས་སུ་སྐུ་བལྟམས། དགུང་ལོ་གཉིས་གསུམ་གྱི་དུས་སུ་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གཙུག་ཕུད་ཕུལ་བས་བྱིས་པ་འདི་ནར་སོན་སྐབས་རྫོགས་ཆེན་དགོན་དུ་ཚོགས་ཞུགས་བྱས་ཏེ་སྡེ་སྣོད་གཞུང་ཆེན་ལ་ཐོས་བསམ་བྱེད་དགོས་ཞེས་བཀའ་ལུང་བསྩལ། དགུང་གྲངས་བདུན་བརྒྱད་ལ་སོན་སྐབས་མཁན་ཆེན་པདྨ་བཛྲ་ལས་རབ་ཏུ་བྱུང་ནས་ཡི་གེ་འབྲི་ཀློག་དང་ཆོ་གའི་ཕྱག་ལེན་ཆེ་ཕྲ་ལ་སྦྱང་བརྩོན་མཛད་པས་མཁས་པར་མཁྱེན། དེ་ནས་དཔལ་སྤྲུལ་སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་རྣམ་རྒྱལ། ཕུར་ཚའི་མཁན་ཆེན་ཨ་དཀོན། ཨོ་རྒྱན་བསྟན་འཛིན་ནོར་བུ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། སྡོམ་བརྩོན་དཀོན་མཆོག་གྲགས་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་དག་ཡོངས་འཛིན་དུ་བསྟེན་པའི་ཞལ་སྔ་ནས་སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་གི་རིག་པའི་གནས་ཆེ་ཕྲ་ཀུན་དང་། ཐུན་མིན་ནང་དོན་རིག་པ་དབུ་ཚད་འདུལ་མངོན་ཕར་ཕྱིན་བཅས་ཀྱི་ཊཱི་ཀ་རྒྱ་གཞུང་ཆེན་མོ་ཕལ་ཆེ་བ་དང་། གཞན་ཡང་རྗེ་བཙུན་ཙོང་ཁ་པ་ཡབ་སྲས། འཇམ་མགོན་ས་སྐྱ་པཎ་ཆེན། རོང་སྟོན། གོ་རམས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། རང་ལུགས་ཀུན་མཁྱེན་རོང་ཀློང་གི་ཡིག་ཆ་སོགས་གསར་རྙིང་གི་གྲུབ་མཐའི་གཞུང་འགྲེལ་ཆེན་མོ་རྣམས་ལ་གསན་བསམ་སྦྱངས་པ་མཐར་ཕྱིན་མཛད་པས་མདོ་སྔགས་གཞུང་ལུགས་ལ་ཆགས་ཐོགས་བྲལ་བའི་མཁས་པའི་གྲགས་པ་ཕྱོགས་བཅུར་རྒྱས། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་མུ་ར་པདྨ་བདེ་ཆེན་བཟང་པོ་རྣམ་གཉིས་ཐུན་མིན་རིགས་བདག་ཏུ་བསྙེན་པའི་ཞལ་སྔ་ནས་བཀའ་གཏེར་གསར་རྙིང་གི་དབང་ལུང་སྤྱི་དང་། ཁྱད་པར་རང་ལུགས་བརྒྱུད་པའི་མན་ངག་རྫོགས་ཆེན་སྙིང་ཐིག་གོང་འོག་གི་ཟབ་ཁྲིད་མན་ངག་དང་བཅས་པ་ཐུགས་རྒྱུད་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་གྲངས་སུམ་ཅུའི་སྐོར་གྲུབ་དབང་ལྔ་བའི་བཀས་ཤྲཱི་སེང་ཆོས་གྲྭའི་མཁན་ཁྲིར་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་རྒྱ་ཆེར་བསྐྱངས། དུས་དེའི་ཞལ་སློབ་མཁས་པའི་དབང་ཕྱུག་ཀཿཐོག་མཁན་ཆེན་ངག་དབང་དཔལ་བཟང་དང་གླག་བླ་ཆོས་འགྲུབ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་བྱོན། དགུང་གྲངས་བཞི་བཅུའི་སྐོར་ནས་སྐུ་ཚེ་གང་པོར་འཇམ་མགོན་མི་ཕམ་པའི་གདན་ས་ནགས་ཆུང་རི་ཁྲོད་དུ་ཐུགས་དམ་བསྙེན་སྒྲུབ་ལ་རྒྱུན་བཞུགས་གནང་བས་ཉམས་རྟོགས་ཀྱི་ཀློང་བརྡོལ་བའི་གྲུབ་བརྙེས་རིག་འཛིན་ཆེན་པོར་གྱུར། དེ་དག་གི་ཚེ་ཐུན་བར་རྣམས་སུ་ཕྱོགས་འདུས་ཀྱི་སློབ་ཚོགས་རྣམས་ལ་རྫོགས་པ་ཆེན་པོ་སྔོན་འགྲོ་ནས་དངོས་གཞིའི་བར་གྱི་མན་ངག་རྒྱབ་ཆོས་དང་བཅས་པའི་ཟབ་ཁྲིད་ཆད་མེད་བསྩལ། དགུང་གྲངས་དྲུག་ཅུའི་སྐབས་མཁན་ཆེན་བདེ་དགའ་རིན་པོ་ཆེའི་ལྕམ་སྲིང་འདས་ལོག་མ་དཔལ་སྒྲོན་ཞེས་མཁའ་འགྲོའི་རིགས་ལྡན་དེ་ཉིད་ཕྱག་རྒྱ་མར་བཞེས་པའི་སྲས་སུ། རྗེ་ཉིད་ཀྱི་ཐུན་མིན་རིགས་བདག་མུ་ར་པདྨ་བདེ་ཆེན་བཟང་པོའི་ཡང་སྲིད་རྫ་མུ་ར་པདྨ་ནོར་བུ་སྐུ་འཁྲུངས། དམ་པ་འདིའི་སྐུ་ཚེ་གང་པོར་བྱ་བཏང་བའི་ཚུལ་གྱིས་བཞུགས་ཤིང་ལྟ་སྒོམ་གྱི་ཉམས་རྟོགས་མཐོན་པོར་སོན་པའི་རྣམ་ཐར་ཤིན་ཏུ་མང་། དགུང་གྲངས་དྲུག་ཅུ་རེ་སྟོད་སྐོར་རྫོགས་པ་ཆེན་པོའི་རང་གཞུང་ལས་གསུངས་པའི་གྲོལ་རྟགས་ཐམས་ཅད་མཐུན་སྣང་དུ་བྱུང་བ་དང་བཅས་ཞི་བར་གཤེགས་སོ། །

མཁན་རབས་བཅུ་བདུན་པ། མཁན་སྤྲུལ་རྟོགས་ལྡན་རིན་པོ་ཆེ་ཐུབ་བསྟན་ཚུལ་ཁྲིམས་རྒྱ་མཚོ་ནི།

མདོ་ཁམས་གླིང་དཀར་གྱི་ས་ཆ་རྫ་སྨད་དིལ་ཡ་ཞེས་པའི་ཞིང་གྲོང་ཞིག་ཏུ་ཡབ་ཁྲོ་མཁན་ངག་དབང་དང་ཡུམ་བཀྲ་ཤིས་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཕུ་གུ་བླ་མ་རྟོགས་ལྡན་གྱི་ཡང་སྲིད་དུ་ངོས་འཛིན་སྐུ་བདག་མཛད། ཆུང་ངུ་ནས་ཡི་གེ་འབྲི་ཀློག་སོགས་ཐུན་མོང་རིག་གནས་ལ་སྦྱངས་པ་མཛད་པས་ཕལ་པ་ལས་འདས་པའི་རྣམ་དཔྱོད་ཀྱི་རྩལ་ཡངས། རིམ་པར་ཤྲཱི་སེང་ཆོས་གྲྭར་སློབ་ཞུགས་མཛད་དེ་མཁན་ཆེན་པདྨ་བཛྲ་དང་། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། དགེ་མང་སྐུ་ཞབས་གཉིས་པ། སྡོམ་བརྩོན་དཀོན་མཆོག་གྲགས་པ། ཕུར་ཚའི་མཁན་ཆེན་ཨ་དཀོན་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་བཀའ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྡོ་རུས་ཐུག་པ་གནང་བས་གཞུང་ཆེན་ཁག་གི་དཀའ་གནད་ལ་རྣམ་དཔྱོད་ཀྱི་རྩལ་རྒྱས། དགུང་གྲངས་སུམ་ཅུའི་སྐོར་དཔལ་གྱི་ན་ལེནྡ་གཉིས་པ་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་མཁན་ཁྲི་ལ་ཞབས་སེན་བཀོད་དེ་གཞུང་བཤད་རྒྱ་ཆེར་མཛད་པས་མཁས་པའི་གྲགས་པ་རྒྱས། སྐུ་ཚེའི་སྨད་དུ་དམ་པ་གོང་མའི་ཕྱག་སྲོལ་ལྟར་དབེན་ཁྲོད་རྣམས་སུ་སྤོང་བ་པའི་ཚུལ་གྱིས་ཐུགས་དམ་བསྙེན་སྒྲུབ་ལ་གཞོལ་བཞིན་སྐུ་གཤེགས་སོ། །

མཁན་རབས་བཅོ་བརྒྱད་པ། རྟ་བའི་མཁན་པོ་དཀོན་མཆོག་བཟང་པོ་ནི།

བོད་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ལོར་ཡབ་ཟླ་བ་རྒྱལ་མཚན་དང་ཡུམ་ཁྲོ་བའི་སྒྲོན་ལྷ་གཉིས་ཀྱི་སྲས་སུ་མདོ་ཁམས་རུ་དམ་དུ་སྐུ་བལྟམས། ཆུང་ངུའི་དུས་སུ་རྨི་ལམ་གྱི་སྣང་ཆར་ཨོ་རྒྱན་རིན་པོ་ཆེ་ཡང་ཡང་མཇལ་ཞིང་བྱིན་གྱིས་བརླབས་པ་སོགས་ཀྱི་གསུང་འཕྲོས་སྣ་ཚོགས་བྱུང་བས། ཡབ་ཡུམ་གཉིས་ནས་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞབས་དྲུང་དུ་ཁྱེར་ཏེ་དེ་ཚུལ་ཞུས་པས་རྗེས་སོར་རབ་ཏུ་བྱུང་དགོས་གསུངས་ནས་གཙུག་ཕུད་བཞེས། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་དཀོན་མཆོག་སྤྱི་འདུས་ཀྱི་སྨིན་དབང་སོགས་ཟབ་ཆོས་ཅི་རིགས་གསན། དགུང་ལོ་བརྒྱད་ཀྱི་ཚེ་མཁན་ཆེན་པདྨ་བཛྲ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་གདན་ས་ཆེན་མོའི་ཚོགས་སུ་ཞུགས་ནས་འབྲི་ཀློག་བརྡ་དག་ལ་བསླབ། བཤེས་གཉེན་དེ་ཉིད་ཐུན་མིན་རིགས་བདག་ཏུ་བསྟེན་པ་ལས་མཚན་ཉིད་ཀྱི་གཞུང་བཤད་དང་རྒྱུད་སྡེའི་སྨིན་ཁྲིད་སོགས་ཀྱི་བཀའ་སྲོལ་ཇི་བཞུགས་ཐམས་ཅད་ཐུགས་མཚོར་བསྐྱིལ་བས་མཁས་པའི་རྩེ་མོར་སོན། གཞན་ཡང་དཔལ་སྤྲུལ་སེམས་དཔའ་ཆེན་པོ་དང་། ཕུར་ཚའི་མཁན་ཆེན་ཨ་དཀོན། འཇམ་མགོན་མི་ཕམ། མཁན་རིན་པོ་ཆེ་བློ་གསལ་བསྟན་སྐྱོང་། ཨ་གྲོའི་མཁན་ཆེན་བསོད་ཆོས་སོགས་དུས་དེར་གདན་ས་འདི་ཉིད་དུ་བཞུགས་པའི་མཁས་གྲུབ་ཐམས་ཅད་ལས་གསན་བསམ་ཐོས་པའི་ཕ་རོལ་དུ་སོན་པར་མཛད། དགུང་གྲངས་སོ་དགུའི་སྐབས་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་ལས་ཐོག་མཁན་ཆེན་ཁྲི་པའི་ཆོས་ཁྲི་ལ་མངའ་གསོལ་ནས་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་བཤད་ཁྲིད་མཛད་ཚེ་ཕྱོགས་ཀྱི་མཁས་དབང་ཆེན་པོ་དག་གིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། དེ་ལྟར་མཁས་ཚུལ་གསུམ་གྱི་མཛད་པས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་ཁྱབ་པར་སྤེལ་བཞིན་ཞི་བར་གཤེགས་སོ། །

མཁན་རབས་བཅུ་དགུ་པ། རྒྱ་ཀོང་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་ནི།

དེ་ཡང་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་རོལ་གཞན་དགའ་རྡོ་རྗེ་འཆང་ངམ་མཁས་མཆོག་གཞན་ཕན་སྣང་བ་ནི། མི་འགྱུར་ནམ་མཁའི་རྡོ་རྗེའི་ལུང་བསྟན་བཀའ་རྒྱ་མ་ལས། རུ་དམ་ལུང་དུ་ལུག་གི་ལོ་པ་འབྱུང༔ དེ་ཡི་རིལ་མ་ཐམས་ཅད་གསེར་དུ་འགྱུར༔ ཞེས་གསལ་བར་བསྟན་པ་ལྟར། སྤྱི་ལོ་༡༨༧༡པ་སྟེ་རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་ལོར་དལ་འབབ་རྫ་ཆུའི་སྟོད་རྒྱུད་ཀྱི་ཁ་ནར་ཞེས་པའི་འབྲོག་སྡེ་རུ། རིགས་རུས་ཕུན་ཚོགས་པས་མངོན་པར་མཐོ་བ་རྒྱ་ཀོང་དཔོན་ཚང་དུ་དཀོན་མཆོག་རྣམ་རྒྱལ་གྱི་སྲས་སུ་སྐུ་བལྟམས། སྐུ་བྱིས་པའི་དུས་ཡབ་ཀྱི་རུམ་ན་ཡོད་པའི་ནུབ་མོ་ཞིག་ལ་བུད་མེད་དམར་མོ་རུས་པའི་རྒྱན་ཅན་ཞིག་འོངས་ནས་ཨོ་རྒྱན་མཁའ་འགྲོའི་གླིང་གི་ཚོགས་སྐལ་ཡིན་ཟེར་ནས་ཤ་དུམ་ཞིག་བྱིན། སོས་ཆོད་པ་རྣམས་བཞེས་ཤིང་མ་ཆོད་པའི་ཤུན་པ་ཤུལ་དུ་ལུས་པ་ནང་པར་ཕས་མཐོང་ཚེ་མིའི་ལག་མཐིལ་གྱི་པགས་ཤུན་ཞིག་ཏུ་འདུག་པ་བུ་ལ་འདི་ཅི་ཡིན་ཞེས་དྲིས་པར། མདང་གི་མཐོང་སྣང་རྣམས་དྲང་པོར་བཤད་པས་ཐམས་ཅད་ངོ་མཚར་ནས་ཐ་མལ་གྱི་བྱིས་པ་ཞིག་མ་ཡིན་ཞེས་གླེང་། འོན་ཀྱང་དཔོན་རྒྱུད་འཛིན་པའི་རེ་བས་ཕ་ཡབ་ནས་ཕན་བདེ་རྣམ་རྒྱལ་ཞེས་མིང་བཏགས་ཤིང་དགུང་གྲངས་བཅོ་བརྒྱད་བར་ཕ་གཞིས་ཀྱི་ཁྱིམ་དུ་བཞུགས་ཏེ་དགྲ་འདུལ་གཉེན་སྐྱོངས་ཀྱི་བྱ་བ་ཞུགས་པས་སྨྲ་བརྗོད་བདེ་ཤིང་ཕོ་རྩལ་འཛོམས་པའི་གྲགས་པ་ཐོབ། དགུང་གྲངས་བཅུ་བདུན་པར་ཟི་ལིང་སྟོད་རྒྱའི་ཇག་དམག་གིས་ཁ་ནར་སྡེ་བའི་རྟ་ཁྱུ་དེད་པའི་ར་མདར་ཞང་པོ་རྒྱ་ཀོང་དབང་ཆེན་རྣམ་རྒྱལ་སོགས་རྗེས་འདེད་དུ་རྒྱུགས་པའི་གྲོགས་སུ་ཕེབས། ཉིན་འགའི་རྗེས་ཇག་དམག་གི་རྗེས་ཟིན་ནས་གཡུལ་འཐབ་ལས་རྣམ་པར་རྒྱལ་བའི་ངང་རྟ་ཁྱུ་རྣམས་ཚུར་དེད། འོན་ཀྱང་མི་བསད་འཁོན་ལན་སློག་པར་ཇག་དམག་གིས་ཚུར་རྗེས་འདེད་བྱེད་དུ་དོགས་པས་ཉིན་མཚན་ལྟོས་མེད་ཀྱིས་ལམ་དུ་ཞུགས་སྐབས་རྟ་ཁྱུ་ལས་རྒོད་མ་རྟེའུ་ཁོག་ཏུ་ཡོད་པ་ཞིག་འགྲོ་མ་ཐུབ། དེད་ན་འགྲོས་འགྱང་དང་བཞག་ན་རྗེས་འདེད་པའི་ལམ་རྟགས་སུ་དོགས་ཏེ་མི་རྒན་རྣམས་སྡིག་ལས་ཡོལ་ཆེད་ལོ་ཆུང་ཞིག་གིས་གསོད་རྒྱུའི་གྲོས་འཆམ་པ་ལྟར་དམ་པ་འདིས་གྲལ་གྲི་བཏབ་སྟེ་གྲོད་པ་ཕྱེད་བཤག་ཏུ་བཏང་བས་རྟེའུ་སར་ལྷུང་། རྒོད་མ་སར་འགྱེལ་ཡང་འཚེར་ལྷང་དང་བཅས་རྟེའུ་ལྕེས་བལྡགས་ཏེ་བྱམས་བརྩེའི་མིག་གིས་བལྟ་བཞིན་དབུགས་ཀྱི་རྒྱུ་བ་ཆད། རྐྱེན་དེས་སྐྱེ་བར་གོམས་པའི་སྙིང་རྗེ་ཆེན་པོའི་རིགས་ཡོངས་སུ་སད་པས་སྐུ་ཚེ་འདིར་ཆགས་སྡང་དགྲ་གཉེན་གྱི་བྱ་བ་ཡོངས་སུ་སྤང་ཏེ་རང་གཞན་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་ཐབས་ལ་བརྩོན་པའི་ཐུགས་དམ་མཛད། ཕྱིར་རང་ཡུལ་དུ་ཕེབས་འཕྲལ་སྡེ་དཔོན་འགོ་གཙོ་རྣམས་ལ་ཁོང་ཉིད་འཆི་བ་སྲོག་བབས་ཀྱང་ཁྱིམ་ཐབ་དང་དཔོན་རྒྱུད་འཛིན་རྒྱུ་མི་ཡོང་ཞེས་ནན་མོས་གསུངས། དམ་པ་ཉིད་འཕྲལ་མར་དཔལ་སྤྲུལ་རིན་པོ་ཆེའི་མདུན་དུ་ཆོས་ཞུར་ཕེབས་རྒྱུའི་ཐུགས་མདུན་བྱུང་ཡང་ཨ་བུ་རིན་པོ་ཆེ་དགུང་ལོ་བགྲེས་པས་སློབ་མ་གསར་པ་མི་སྐྱོང་བའི་གཏམ་ཐོས་པ་དང་ཁུ་དབོན་རྣམས་ནས་བཤོལ་འདེད་བྱས་པས་རེ་ཞིག་ཁྱིམ་གཞིས་སུ་ལུས། ཕྱི་ལོ་དེའི་དབྱར་དུས་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཕྱོགས་དེར་གདུལ་བྱར་ཕེབས་པའི་སྣེ་ཤན་ཞབས་ཞུ་ཉིན་འགར་བྱས་ཤིང་ལས་དང་སྨོན་ལམ་གྱིས་མཐུ་སད་པས་བླ་སློབ་ཕན་ཚུན་ཐུགས་བརྩེ་གཅིག་འདྲེས་སུ་གྱུར། གྲུབ་དབང་མཆོག་ཕེབས་ཁར་ཡབ་གཞིས་དཔོན་ཚང་ནས་གོས་ཕྲུག་རྟ་ནོར་སོགས་འབུལ་བ་གཟབ་རྒྱས་ཕུལ་བར། རྗེའི་ཞལ་ནས་འདི་རྣམས་ང་རང་ལ་མི་དགོས་ཀྱང་དགོས་རྒྱུ་ཞིག་འདུག་པ་ཁྱོད་ཀྱིས་སྦྱིན་ནམ་གསུངས། གྲུབ་དབང་རིན་པོ་ཆེའི་བཀའ་གསུང་ཅི་གནང་དང་ལེན་ལས་ཕོད་པ་མི་སྲིད་ཅེས་ཞུས་ཚེ། འོ་ན་ང་ལ་དགོས་རྒྱུ་ཁྱེད་ཅག་ཚང་གི་བུ་འདི་ཡིན་ཞིང་ཁོང་སོ་སྐྱེས་ཐ་མལ་པ་ཞིག་མ་ཡིན་པས་དཔོན་པོ་བྱེད་པ་ལས་རབ་ཏུ་བྱུང་ན་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་འབྱུང་ཕྱིར་སང་ཉིན་ནས་ངའི་གྲྭ་བ་བྱས་ཏེ་འགྲོ་རྒྱུ་ཐོན་པར་གྱིས་གསུངས་ནས་གཙུག་ཕུད་བཞེས། སྐབས་དེར་ཞབས་གྲྭ་བན་རྒན་བསོད་དར་སོགས་ཀྱིས་གྲུབ་དབང་རིན་པོ་ཆེས་དཔོན་ཚང་ལ་ངོ་དགའ་མཛད་པ་མ་གཏོགས་ཕོ་གསར་འདི་འདྲ་གྲྭ་པ་ཡག་པོ་བྱེད་མི་ཡོང་བ་ཐག་ཆོད་ཅེས་་ལྐོག་ལབ་ཀྱང་བྱས། ཕྱི་ཉིན་དམ་པ་མཆོག་ནས་རལ་བ་བྲེགས་ཅིང་དངུལ་གྱི་རྣ་ཀོར་དོར་ཏེ་ངུར་སྨྲིག་གི་མནབ་གོས་བཞེས་པས་བསླབ་ལྡན་བག་ཡོད་ཀྱི་དགེ་སྦྱོང་དུས་རིང་པོ་ལོན་པ་ཞིག་དང་ཚུལ་མཚུངས་པ་བྱུང་བས་ཐམས་ཅད་ཡ་མཚན་པ་བྱུང་། གྲུབ་དབང་སྐུ་འཁོར་མར་ལམ་དགེ་མང་རི་ཁྲོད་དུ་ཆེད་དུ་ཕེབས་ནས་དེར་ཚེ་རབས་ལས་ཀྱི་བླ་མ་རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་ལ་བཅོལ་གཏམ་མཛད་ནས་བཞག །དབོན་རིན་པོ་ཆེའི་ཞལ་ནས་མདང་ནུབ་རྨི་ལམ་དུ་སྔགས་སྲུང་མས་གསེར་གྱི་རྡོ་རྗེ་ཞིག་བསྩལ་བ་རྨིས་པས་སློབ་མ་གོ་ཆོད་ཅིག་འོང་བར་ངེས་གསུངས་ནས་ཐུགས་རྩིས་ཆེན་པོས་རྗེས་སུ་བཟུང་ཞིང་སོ་བྱང་སྔགས་ཀྱི་སྡོམ་པ་གནང་བ་དང་། རབ་ཏུ་བྱུང་བའི་མཚན་ལ་གཞན་ཕན་ཆོས་ཀྱི་སྣང་བ་ཞེས་གསོལ་ཏེ་རྗེ་ཉིད་ཀྱི་ཁུ་བོ་རྒྱལ་སྲས་གཞན་མཐའ་ཡས་ཀྱི་རྣམ་རོལ་ཏུ་དོན་གྱིས་ངོས་འཛིན་མཛད་པ་དང་། དུས་རྒྱུན་དབོན་རིན་པོ་ཆེའི་མདུན་ཆོས་ཞུར་ཕེབས་སྐབས་ཀྱང་རྗེ་དབོན་བླ་མས་དབུ་ཞྭ་ཕུད་དེ་ཆེས་གུས་པས་དཔེ་ཁྲིད་མཛད་པ་སློབ་མ་ཞིག་གིས་ཅིའི་ཕྱིར་ཞེས་བཀའ་འདྲི་ཞུས་པས། གཞན་དགའ་ཁོང་ངའི་རྩར་འོང་དུས་བདག་ལ་རྒྱལ་སྲས་གཞན་ཕན་པ་ཕེབས་སོང་སྙམ་པའི་ཚོར་སྣང་རེ་ཡོང་གི་འདུག་པས་ཡིན་གསུངས།དགེ་མང་རི་ཁྲོད་དུ་ཐོག་མར་ཡི་གེ་འབྲི་ཀློག་ནས་འགོ་བཙུགས་ཏེ་བསླབ་སྦྱང་གི་གནས་ལ་འབད་པ་མཛད་ཚེ་ཆོས་གྲོགས་བློ་མ་དུལ་བ་རེ་འགས། འོ་འདིར་རྒྱ་ཀོང་ཚང་གི་ཕོ་གཞོན་གྱིས་ཀ་ཁ་ནས་ཀློག་སློབ་འགོ་འཛུགས་པ་ལ་ལྟོས་དང་། འདིའི་མིང་ལ་བྱིས་པ་རྒན་པོ་ཞེས་འདོགས་འཚལ་ཞེས་འཕྱ་སྨོད་བྱས། སྐབས་དེ་དག་ཏུ་ཉིན་མཚན་དབྱེར་མེད་པར་ཐོས་བསམ་ལ་བརྩོན་པ་རྒྱ་ཆེར་མཛད་པ་དང་། ཁྱིམ་གཞིས་ས་ཐག་རིང་སྟབས་ཆོས་རྒྱགས་མ་འབྱོར་བ་སོགས་རྗེ་བཙུན་མི་ལའི་རྣམ་ཐར་དང་མཚུངས་པའི་དཀའ་སྤྱད་དང་དུ་བཞེས་པ་སྟེ། དགེ་མང་བླ་བྲང་གི་མར་ལྐོགས་རྙིང་པ་དོར་བ་ལས་སེན་མོས་མར་སྣུམ་བཞར་ཏེ་རླུང་ནོན་མཛད་པ་དང་། ཆུ་ལེན་དུ་ཕེབས་སྐབས་རླུང་གིས་སྐུ་གཟུགས་འཁྱོར་བ་སོགས་བླ་མས་གཟིགས་ཚེ་ལས་ཅན་གྱི་སློབ་མ་བྱ་བ་འདི་འདྲ་ཡིན་དགོངས་ཏེ་ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་ཕྱུང་། དང་པོ་ཁོང་ལ་འཚོ་བའི་མཐུན་རྐྱེན་ཞིག་གནང་དགོས་དགོངས་པར་སླར་ཐུགས་བསམ་བཞེས་ཏེ་རང་གི་ཕྱག་ལ་བཟུང་ནས་བན་རྒན་ཁྱོད་སྡོད། ཁྱོད་སྡོད། ཁྱོད་ཁ་རོག་སྡོད། གཞན་དགའ་ཆོས་ཕྱིར་དཀའ་སྤྱད་བྱང་སེམས་དཔའི་བྱ་དཀའི་སྤྱོད་པ་ལ་སྤྱད་པ་ལ་བར་ཆད་མ་གཏང་གསུངས་ནས་མི་གཟིགས་པའི་ཚུལ་མཛད་ནས་བཞུགས། རེ་ཞིག་ན་བླ་མས་ད་ཁྱོད་ཀྱིས་སློབ་གཉེར་ཅུང་ཟད་ཞོག་ལ་ལྷག་ལྷ་དབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལ་འདུག་དགོས་གསུངས་ནས་དབང་སོགས་གནང་། དེ་ལྟར་མཛད་པས་ཞག་བདུན་ཕྲག་གཉིས་ན་དབྱངས་ཅན་དཀར་མོས་ཞལ་གཟིགས་ཏེ། ཀྱཻ་དབྱངས་ཅན་མ་ཁྱེད་མཁྱེན་ནོ་ཞེས་ལན་གྲངས་དུ་མར་སྐད་གསང་མཐོན་གསོལ་འདེབས་མཛད་པ་སྒྲུབ་ཕུག་གི་ཕྱི་རོལ་ནས་ཀུན་གྱིས་ཐོས་པ་བྱུང་བས། ལ་ལས་གཞན་དགའ་ཚང་ལ་འཕགས་མ་དབྱངས་ཅན་མས་ཞལ་གཟིགས་པར་ངེས་ཞེས་དད་གུས་བྱས་པ་དང་། ལ་ལས་རྒྱ་ཀོང་བུ་སྒོམ་སྨྱོན་བྱུང་བ་མིན་ནམ་ཞེས་སྙད་འདོགས་པ་བྱུང་། དེ་ནས་བཟུང་སྐྱེས་ཐོབ་ཀྱི་ཤེས་རབ་མེ་ལྟར་འབར་ཞིང་སྔོན་སྦྱངས་ཀྱི་རིགས་སད་པས་བླ་མས་གང་གསུངས་པའི་ཆོས་ཐམས་ཅད་སྐད་ཅིག་རེར་ཐུགས་སུ་ཆུད་པའི་གཟུངས་སྤོབས་བློ་གྲོས་ཀྱི་དཔལ་འབར་ཞིང་། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པས་མཁན་ཡོན་ཏན་རྒྱ་མཚོ་སོགས་མཆེད་གྲོགས་རྙིང་པ་སུས་ཀྱང་འགྲན་ཟླ་མེད་པར་གྱུར། སྐབས་རེར་ཞལ་སློབ་རྙིང་པ་འགའ་རེས་འཁོར་གསུམ་རེ་བསྐོར་ཐུབ་ཚེ་ལག་པ་དབུ་ཐོག་ཏུ་གཡུག་པ་ན། བླ་མས་འོ་དེ་འདྲ་མ་བྱེད། དེ་འདྲ་མ་བྱེད། གཞན་དགའི་དབུར་ལག་པ་མ་ཁྱེར་བར་རང་གར་ཞོག་ཅེས་ལན་མང་གསུངས། ཉིན་ཞིག་ཞལ་སློབ་རྙིང་པ་ཞིག་གིས་བླ་མ་རིན་པོ་ཆེ་ལགས། ཁྱེད་ལ་ཉེ་རིང་མེད་སྙམ་ཡང་སློབ་མ་གསར་པ་ཕྱུག་པོའི་བུ་གཞན་དགའ་འདིའི་རྒྱབ་གཉེར་རྟག་ཏུ་གནང་གི་འདུག་པས་བླ་མས་སློབ་མ་ལ་ཐུགས་ཉེ་རིང་གནང་བ་རིགས་སམ་ཞུས་པར། འོ་ངའི་གཞན་དགའི་རྒྱབ་གཉེར་བྱས་པ་མིན་ཁྱེད་ཅག་སྣང་བ་མ་དག་པ་རེ་བླུན། གཞན་དགའ་འདི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཞེས་མདོ་ལས་འབྱུང་བ་དེ་འདྲ་ཡིན། འདི་ལ་འགོམ་ཡུག་དང་མགོ་ལ་ལག་པས་བསྐོར་བ་སོགས་མ་གུས་པར་བྱས་ན། རྫ་རྒྱུད་ཡུལ་བའི་གཅེས་མིང་ལ་ཀུན་འདྲིས་ཡོན་འདྲིས་ཞེས་གྲགས་པ་འདི་ཚོས་མ་འོངས་པར་ཆོས་སྟོན་པའི་འགྲོ་དོན་དང་ཕྲིན་ལས་ལ་གནོད་འོང་། ངས་སློབ་མ་རྙིང་པ་ཚོའི་རྒྱབ་གཉེར་བྱེད་ཀྱི་ཡོད་གསུངས། དེ་ནས་བཟུང་ཆོས་སྒར་ལ་གནས་པ་ཀུན་ཀྱིས་བླ་མའི་བཀའ་བཞིན་རྗེ་འདི་ལ་བླ་མ་བཞིན་གུས་པས་བཀུར། རྒྱུན་དུ་ཐོས་བསམ་འཆད་ཉན་གྱི་ཞོར་དུ་རྩ་གསུམ་ལྷའི་བསྙེན་སྒྲུབ་གནང་ཞིང་དེ་དག་གི་སྐབས་སུ་གྲུབ་པའི་རྟགས་མཚན་དུ་ཞལ་གཟིགས་ལུང་བསྟན་གྱི་དངོས་གྲུབ་དཔག་མེད་ཐོབ་པ་དང་། ཁྱད་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་མི་ཕྱེད་པའི་དད་གུས་ཀྱིས་གསོལ་བ་བཏབ་པས་ཞལ་མངོན་སུམ་དུ་མཇལ་ཞིང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བས་དོན་བརྒྱུད་ཀྱི་རྟོགས་པ་མངོན་དུ་གྱུར་པས་ཀུན་མཁྱེན་བསྟོད་པའང་མཛད། རྗེས་ཐོབ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་རྒྱས་པས་མདོ་སྔགས་བཀའ་བསྟན་གྱི་གནད་གང་འདྲ་ཞིག་དྲིས་ཀྱང་། ཕྱག་དཔེ་གཟིགས་པ་སོགས་ལ་མི་ལྟོས་པར་ལན་ཐོགས་མེད་དུ་གསུངས་ཤིང་གླེགས་བམ་གང་གི་ཐིག་ཕྲེང་གང་དུ་ཡོད་པ་ཚུན་མ་ནོར་བར་གསུང་བ་བཅས་གཞུང་ལུགས་རབ་འབྱམས་ཐུགས་ལ་མངའ། བླ་མས་ཀྱང་ཞལ་སློབ་རྣམས་ལ་ཐེ་ཚོམ་དོགས་དཔྱོད་གང་དགོས་ཐམས་ཅད་གཞན་དགའ་ཚང་ལ་དྲིས་དང་ཁོ་བོ་དང་མཉམ་པ་ཡིན་ཞེས་གསུངས། རྗེ་འདིའི་ཞབས་པད་ལ་སྔ་ཕྱིར་མི་ལོ་བཅུ་གསུམ་གྱི་བར་མཉེས་པ་གསུམ་གྱིས་བཏུད་དེ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་སོགས་གྲུབ་དབང་རྫོགས་ཆེན་པའི་མཁས་གྲུབ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་བའི་སྤྱོད་འཇུག་དང་། རྩ་ཤེར་སོགས་རིགས་ཚོགས། འཇུག་པ། བཞི་བརྒྱ་པ། མདོ་རྒྱན། ཤེར་ཕྱིན། རྒྱུད་བླ། འབྱེད་གཉིས། ཀཱ་རི་ཀ་ཆེ་ཆུང་། མདོ་རྩ། སྡོམ་གསུམ། མངོན་པ་གོང་འོག ཚད་མ་རིགས་གཏེར། སྡོམ་པ་ཉི་ཤུ་པ། ལམ་གཙོ་རྣམ་གསུམ། ཕྱག་ཆེན་ལྔ་ལྡན། ཞེན་པ་བཞི་བྲལ། ཀུན་མཁྱེན་མཛོད་བདུན། ངལ་གསོ་སྐོར་གསུམ། སྙིང་ཐིག་ཡ་བཞི། ཡོན་ཏན་མཛོད། གསང་སྙིང་འགྲེལ་ཆེན་ཁག །ཡེ་ཤེས་བླ་མ་སོགས་ནས། སྒྲ་སྙན་སྨན་རྩིས་སོགས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ལ་ལན་གྲངས་དུ་མར་གསན་སྦྱང་མཛད་པ་དང་། ཁྱད་པར་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་ཉེ་བརྒྱུད་དུ་བྱོན་པའི་བླ་མ་ཡང་ཏིག་གི་གྲོལ་ཁྲིད་ཆིག་བརྒྱུད་ཀྱི་ཚུལ་དུ་བཀའ་གཏད་མཛད་ནས་འོད་གསལ་གསང་བ་སྙིང་ཐིག་གི་བསྟན་པའི་བདག་པོར་མངའ་གསོལ། རྗེ་ཉིད་ཀྱི་ཕྱག་དཔེ་གཞུང་ཆེན་བཅུ་གསུམ་གཙོ་བོར་གྱུར་པའི་འགྲེལ་ཆེན་བསྟན་འགྱུར་དུ་གང་བཞུགས་ཐམས་ཅད་གནང་སྟེ་འདི་དག་ལ་རྩལ་འདོན་གྱི་འཆད་རྩོམ་རེ་གྱིས་དང་། བརྒྱུད་འཛིན་གྱི་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་བྱོན་ནས་རྒྱལ་བསྟན་རིན་པོ་ཆེ་ཉིན་མོའི་སྣང་བ་ལྟར་གསལ་བར་བྱེད་ཅེས་ལུང་བསྟན་ཏེ་བརྒྱུད་འཛིན་བཤད་པའི་བཀའ་བབ་ཏུ་དབུགས་དབྱུང་། དེ་ལྟར་རྗེ་འདི་ལས་སྔ་འགྱུར་བཀའ་གཏེར་འགྲེལ་ཊིཀ་སྙན་བརྒྱུད་དང་བཅས་པའི་ཟབ་རྒྱས་ཀྱི་ཆོས་ཚུལ་ཚང་ལ་མ་ནོར་བ་ཐུགས་བརྒྱུད་བུམ་པ་གང་བྱོའི་ཚུལ་དུ་ཡོངས་སུ་ཐོབ་པས། ཉིད་ཀྱི་ཞལ་ནས། ཡོངས་འཛིན་བཤེས་གཉེན་མང་རུང་མ་མང་རུང་། །ངའི་བླ་མ་ཨོ་རྒྱན་བསྟན་འཛིན་ནོར་བུ་ཡིན། །ཞེས་དང་། ཨོ་རྒྱན་བསྟན་འཛིན་ནོར་བུ་རིགས་བདག་ཏུ་ཐོབ་པ། །ཁོ་བོ་ལས་འཕྲོ་མི་དམན་སྐལ་བ་རེ་བཟང་ངོ་། །ཞེས་སོགས་ཐུགས་བློ་ཁེངས་པའི་གསུང་ཡང་ཡང་བྱོན། བླ་མ་ཞིང་དུ་གཤེགས་རྗེས་རབ་སྒྲུབ་པའི་མཆོད་པར་དགོངས་ཏེ་ལོ་གྲངས་འགར་རྒྱལ་ཚབ་མཛད་དེ་ཕྱོགས་ཀྱི་སློབ་ཚོགས་རྣམས་ལ་མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་ཚུལ། རྗེ་ཉིད་ཀྱིས་མཛད་པའི་ཨོ་རྒྱན་བསྟན་འཛིན་ནོར་བུའི་རྣམ་ཐར་དུ། ཁོ་བོས་ཀྱང་བླ་མ་བཀའ་དྲིན་ཅན་དེ་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཕྱིར་གདན་ས་དེར་ལོ་གསུམ་གྱི་བར་དུ་ཕྱོགས་ནས་འོང་བའི་ཆོས་འདོད་ཀྱི་གང་ཟག་སུམ་ཅུ་སྐོར་ལ། འདུལ་བ་མདོ་རྩ། སུམ་བརྒྱ་པ་གཉིས། ཚད་མ་རིགས་གཏེར། དབུ་མ་རྩ་བ་ཤེས་རབ། བཞི་བརྒྱ་པ། འཇུག་པ། སྤྱོད་འཇུག །བྱམས་ཆོས་སྡེ་ལྔ། ཡོན་ཏན་མཛོད། སྡོམ་གསུམ། ཡིད་བཞིན་མཛོད། གསང་སྙིང་རྣམས་དང་། སུམ་རྟགས། སྒྲ་མདོའི་འགྲེལ་པ་གསལ་ལྡན། སྡེབ་སྦྱོར་རིན་ཆེན་འབྱུང་གནས། གསོ་བ་རིག་པའི་རྒྱུད་བཞི་སོགས་དང་། གཞན་ཡང་མཁས་བྱའི་གནས་དྲུག་སོགས་གཞུང་ཕྲན་རྣམས་དང་བཅས་ངལ་དུབ་སོགས་ལ་མ་འཛེམས་པར་ལྷག་བསམ་རྣམ་པར་དག་པས་བཤད་ཁུལ་བྱས་པ་ཡིན་ལ། སྤྱིར་སྡིག་དང་ཉེས་པ་བཅབས་ཤིང་། དགེ་དང་ཡོན་ཏན་བསྒྲགས་ཏེ་རང་ཆེ་འདོན་པ་སོགས་ལ་དགོས་པ་མེད་པས་མ་ཚད་ཉེས་པ་དང་ལྡན་པར་བཤད་མོད། འོན་ཀྱང་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་མཛད་བཟང་ཀྱི་འཕྲོ་ཅུང་ཟད་སྐྱོང་རྒྱུ་བྱུང་བས་འདིར་མདོ་ཙམ་སྨོས་སོ། ཞེས་གསུངས་པ་དང་། དེ་བཞིན་སྒ་མ་བླ་འཇམ་དབྱངས་རྒྱལ་མཚན་གྱི་རྣམ་ཐར་དུ། རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་ལོར་བླ་མ་འཇམ་རྒྱལ་གྱིས་ལབ་ཁྲི་འདུ་སྐལ་བཟང་དགོན་དུ་ཇོ་བོའི་སྐུ་བྱིན་རླབས་ཅན་ཞིག་ལ་ཞབས་བསྐོར་མཛད་སྐབས། དེར་བན་རྒན་ཡག་པོ་ཞིག་བསྐོར་བ་གསོག་བཞིན་བཞུགས་འདུག་པ་ལ། ཁྱེད་གང་ནས་ཡིན་དྲིས་པས། ང་རྫ་ཆུ་ཁ་དགེ་མང་རི་ཁྲོད་ནས་ཡིན་ཞེས་ཟེར། འོ་ན་བླ་མ་ཨོ་རྒྱན་བསྟན་འཛིན་ནོར་བུ་གཤེགས་ཟིན་པ་ཐོས་པས་དེང་སང་ཁོང་གི་གདན་སར་བླ་མ་སུ་བཞུགས་དང་ཆོས་འཆད་ཉན་ཡོད་མེད་ཅེས་དྲིས་གནང་བས། བན་རྒན་ཞལ་འཛུམས་མདངས་དང་བཅས། ཧ་ཧ། གསེར་གྱི་ཉི་མ་ནུབ་ཀྱང་དུང་གི་ཟླ་བ་ཤར་ཟེར་བའི་དཔེ་ལྟར། བླ་མ་ཨོ་རྒྱན་བསྟན་འཛིན་ནོར་བུས་ང་དང་ཁྱད་མེད་ཅེས་བསྔགས་བརྗོད་ལུང་བསྟན་པ། སྔར་ནས་གདན་ས་དགེ་མང་རི་ཁྲོད་བསྐྱོངས་བར་བསྐོས་པའི་ཐུགས་སྲས་ཞལ་སློབ་མཁན་པོ་གཞན་དགའ་ཚང་གིས་ད་ལྟ་ཆོས་ཀྱི་ཆར་བ་འབེབ་བཞིན་བཞུགས་པས་སྐལ་པ་བཟང་པོ་ཚེས་ཡོད་ཅེས་ལན་ཕུལ། བླ་མ་འཇམ་རྒྱལ་གྱིས་མཁན་པོ་གཞན་དགའ་ཞེས་མཚན་ཐོས་པ་ཙམ་གྱིས་དད་མོས་དྲག་པོ་ཐུགས་ལ་འཁྲུངས་ཏེ་དགེ་མང་རི་ཁྲོད་དུ་ཡང་བསྐྱར་ཕེབས་རྒྱུའི་ཐུགས་ཐག་བཅད། དེ་ནས་རིང་པོར་མ་ལོན་པར་དགེ་མང་རི་ཁྲོད་དུ་ཕེབས་ཏེ་བླ་མ་གཞན་དགའ་རིན་པོ་ཆེ་མཇལ་བ་དང་ཞལ་ནས། ང་ལ་རྗེ་བླ་མ་ཨོ་རྒྱན་བསྟན་འཛིན་ནོར་བུས། ཐག་ལུང་དགོན་པའི་གྲྭ་པ་གོ་རིག་བཟང་བ་ཞིག་ཡོད་རབས་གསུང་མྱོང་བ་དེ་ཁྱེད་ཡིན་པ་འདྲ་གསུང་ནས་ཐུགས་བརྩེ་ཆེན་པོས་རྗེས་སུ་བཟུང་། འདི་སྐབས་དགེ་མང་རི་ཁྲོད་དུ་དཔེ་ཆ་བལྟ་མཁན་ཕྱོགས་ཀྱི་གྲྭ་པ་མང་པོ་དེ་ཙམ་མི་འདུག་པ་མ་གཏོགས་གཞན་བན་རྒན་གྱིས་བཤད་པ་ཐམས་ཅད་དོན་ལ་གནས་པ་འདུག་ཅེས་གསུངས། བླ་མ་འཇམ་རྒྱལ་དགེ་མང་རི་ཁྲོད་ནས་ཕྱིས་སུ་རྫོགས་ཆེན་ཤྲཱི་སེང་ལ་ཕེབས་ཏེ་མཁན་ཆེན་གཞན་དགའི་མདུན་ལོ་ངོ་ལྔ་ལྷག་ལ་བཞུགས། རབ་བྱུང་བཅོ་ལྔ་པའི་མེ་རྟ་ལོར་རྫོགས་ཆེན་ནས་ཡར་ཕེབས་རན་ཁར། དེང་སང་དཔལ་ལྡན་ས་སྐྱའི་བསྟན་པ་འདི་ཧ་ཅང་ཉག་ཕྲ་ན་བསྟན་པ་རྒྱས་ཐབས་སུ་ཅི་བྱས་ན་དྲག་ཅེས་བཀའ་འདྲི་ཞུས་པ་ན། མཁན་ཆེན་གཞན་དགས་ཉིན་གྲངས་འགའ་ལ་དགོངས་པ་བཞེས་མཐར་གསུངས་དོན། ཀུན་མཁྱེན་གོ་རམས་པས་ས་སྐྱའི་རྗེ་བཙུན་གོང་མ་རྣམས་ཀྱི་བཞེད་ཚུལ་རྩལ་དུ་བཏོན་ནས་བཀྲལ་བའི་མདོ་སྔགས་ཀྱི་གཞུང་འགྲེལ་ཕུལ་དུ་བྱུང་བ་མང་པོ་ཡོད་པས། དེ་དག་ཆ་ཚང་ཞིག་པར་དུ་བརྐོ་ཐུབ་ན་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ས་སྐྱའི་བསྟན་པ་ངེས་པར་དུ་རྒྱས་ཡོང་ཞེས་བཀའ་ལུང་བསྩལ་བ་ཐུགས་ལ་མནག་ནས་མེ་ལུག་ལོར་བླ་མ་འཇམ་རྒྱལ་སྡེ་དགེར་ཕེབས་ཏེ་ལོ་ངོ་བཞིའི་རིང་ཐུགས་བརྩོན་ཆེན་པོས་ཀུན་མཁྱེན་གོ་རམས་པའི་གསུང་འབུམ་པོད་བཅུ་གསུམ་རྩད་འཚོལ་དང་ཤིང་པར་དུ་འཁོད་པ་ནས་རིང་ལུགས་འདིའི་བསྟན་པ་ཉིན་བཞིན་ཡར་ཟླ་བཞིན་རྒྱས་པ་བྱུང་། རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོ་ཙམ་ན་གྲུབ་དབང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་གསུང་བཀོད་ལྟར་དགེ་མང་རི་ཁྲོད་དུ་མཁན་ཡོན་ཏན་རྒྱ་མཚོ་དང་ཀུན་བཟང་དཔལ་ལྡན་རྣམ་གཉིས་ཀྱིས་བསྐྱོངས་རྒྱུ་དང་། གཞན་དགའ་རིན་པོ་ཆེ་རུ་དམ་གདན་སར་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ན་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱིས་བསྟན་འགྲོའི་དོན་རྒྱ་ཆེར་འབྱུང་ཞེས་བསྐུལ་བ་ལྟར་ཞལ་སློབ་འགའ་དང་བཅས་ཤྲཱི་སེང་ཆོས་གྲྭར་ཞབས་པད་བཀོད། ཆོས་སྡེ་ཆེན་མོའི་མཁན་རབས་བཅུ་དགུ་པའི་ཆོས་ཁྲིར་བཞུགས་ཏེ་ལོ་གྲངས་བརྒྱད་ལྷག་རིང་། རྒྱ་གཞུང་ཆེན་མོ་བཅུ་གསུམ་སྟེ། མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད། །མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད། །རྩ་འཇུག་བཞི་སྤྱོད་ཟབ་མོ་དབུ་མའི་གཞུང་། །བྱམས་ཆོས་སྡེ་ལྔ་རྒྱ་ཆེན་མདོ་སྡེའི་གཞུང། །ཆ་ལག་དང་བཅས་རྒྱ་གཞུང་པོད་བཅུ་གསུམ། །ཞེས་ཡོངས་སུ་གྲགས་པ་ལྟར་གཙོ་ཆེར་འཕགས་ཡུལ་མཁས་པའི་ལེགས་བཤད་དྲི་མ་མེད་པ་རྩ་བ་རང་འགྲེལ་རྣམས་དང་། འགྲེལ་ཆེན་གྲགས་ཆེ་བ་དག་གིས་གཞུང་བསྲང་ཐོག །བོད་ཡུལ་གྲུབ་མཐའ་ཆེན་མོ་བཞིའི་མཁས་པ་དག་གི་འགྲེལ་བཤད་གྱིས་ཟུར་བརྒྱན་ཅིང་། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། དཔལ་སྤྲུལ་སེམས་དཔའ་ཆེན་པོ། མཁན་ཆེན་པདྨ་བཛྲ་སོགས་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་གོང་མ་རྣམས་ཀྱི་ཞལ་རྒྱུན་མ་ཉམས་པ་རང་ལུགས་སུ་བཞག་སྟེ་འཆད་རྩོད་རྩོམ་གསུམ་གྱི་སྣང་བས་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་པས་ཀུན་མཁྱེན་གཞན་ཕན་པ་དང་སངས་རྒྱས་གཞན་ཕན་པ་ཞེས་ཡོངས་སུ་གྲགས། སྐབས་དེར་སྟོད་རྒྱ་གར་ཁུ་ནུ་དང་ལྷོ་འབྲུག་གི་ཡུལ་ནས་སྨད་རྒྱ་སོག་ཚུན་གྲུབ་མཐའ་རིས་མེད་ཀྱི་ཐོས་བསམ་པ་དབྱར་མཚོ་ལ་ངང་པ་བཞིན་ཕྱོགས་དང་ཕྱོགས་ནས་འདུས་པ་སྟེ། ཞལ་སློབ་གསེར་ཁ་ཆོས་གྲགས་ནས་བླ་མ་རིན་པོ་ཆེར་ཞུས་པ། ཁྱེད་ཀྱི་དྲུང་དུ་སྟོད་མངའ་རིས་ནས་སྨད་དར་རྩེ་མདོ་ཡན་ཆད་ཀྱི་ཞལ་སློབ་མང་པོ་ཉིན་ལྟར་འདུ་བ་འདི་ལ་བལྟས་ན། བླ་མ་རིན་པོ་ཆེའི་མགུར་གྭབ་ནང་དུ་དབང་བསྡུད་འཁོར་ལོ་འདྲ་ཡོད་དམ་ཞུས་པར། ཕྱོགས་ཀྱི་སློབ་མ་འདི་དག་བདག་གི་རྩར་དད་པས་ཆོས་ཞུར་འོང་པ་ལས། ངས་གདན་འདྲེན་ཞུས་པ་དང་དབང་བསྡུད་འཁོར་ལོ་སྒྲུབ་པ་སོགས་གང་ཡང་བྱེད་མ་མྱོང་ཞེས་གསུངས་ཚུལ་ངོར་མཁན་ཆེན་དམ་པ་རིན་པོ་ཆེའི་རྣམ་ཐར་དུ་གསལ་བ་ལྟར་དང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཞལ་ནས། ཁོ་བོས་གཞུང་འགྲེལ་བརྩམས་པ་རྣམས་སྔ་འགྱུར་པའི་བསྟན་པ་ཕྱི་རབས་སུ་ཡུན་དུ་གནས་པའི་ཆེད་དུ་ཡིན་ལ། དཔལ་ལྡན་ཟླ་གྲགས་དང་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་དགོངས་པ་སྲོག་ཏུ་བཟུང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་ཀུན་སྤེལ་བ་ལ་གཞན་དགའ་རིན་པོ་ཆེར་བཀའ་བབ་པ་འདི་རྒྱལ་སྲས་གཞན་ཕན་པའི་ཐུགས་སྨོན་དང་སྐྱེ་སྤྲུལ་ཡིན་པའི་དབང་གིས་ཡིན་ཞེས་བསྔགས་པའི་མེ་ཏོག་འཐོར་བར་མཛད། རྗེ་འདིས་སྤྱོད་འཇུག་དང་འཇུག་པ་སོགས་འཆད་ཁྲིད་གནང་བའི་ཚེ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །ཞེས་སོགས་ཀྱི་སྐབས་ཐུགས་མཉམ་པར་བཞག་པ་ཙམ་གྱིས་རྫོགས་ཆེན་ཀ་དག་གི་དགོངས་པ་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པ་མངོན་སུམ་རང་ངོ་འཕྲོད་པའི་ཞལ་སློབ་གྲངས་ཀྱིས་མི་ལང་པ་བྱུང་པ་དང་། ཆོས་ཐུན་གྱི་ཚེ་སློབ་མའི་རྒྱུད་ལ་བྱིན་བརླབས་འཕོས་ཏེ་དད་པ་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ངང་གིས་འཁྲུངས་པའི་ཚུལ། སྡེ་གཞུང་སྤྲུལ་སྐུ་ཨ་འཇམ་གྱི་རྣམ་ཐར་དུ། དང་པོར་བདག་གིས་རྫོགས་ཆེན་དུ་བླ་མ་གཞན་དགའ་རིན་པོ་ཆེ་ལས་སྤྱོད་འཇུག་ཞུ་སྐབས། དཔྱིད་ཀ་དྲོད་ཅུང་བབ་པའི་དུས་ཡིན་ལ་ནང་མོ་ཆོས་ཐུན་ཡར་འཚོགས་དུས་ཁ་བ་མཐོ་གང་ཙམ་བབས་འདུག་པ་ཆོས་ཁྲིད་གྲོལ་ཙ་ན་ཁ་བ་རྣམས་རྗེས་མེད་དུ་སོང་འདུག །དེ་ཙམ་གྱི་ཡུན་ལ་མཆན་འགྲེལ་ལྡེབ་གཉིས་རེ་འགྲེལ་བཤད་ཞིབ་ཅིང་རྒྱས་པ། རྒྱལ་སྲས་དཔལ་སྤྲུལ་རིན་པོ་ཆེའི་གསུང་རྒྱུན་ལྟར་ཚིག་རེ་རེའི་སྟེང་དུའང་བདེན་གཉིས་བྱང་ཆུབ་ཀྱི་སེམས་ཆ་མཉམ་དུ་སྟོན་པའི་མན་ངག་ངོ་མཚར་ཅན་འཕྲོས་དོན་དང་བཅས་པ་བསྩལ་བས། བདག་ཡིད་དབང་མེད་དུ་འཕྲོག་སྟེ། འ་འི་ངེས་པར་སེམས་ཆུབ་སེམས་དཔའ་བྱ་བའི་བླ་མ་དང་དེའི་ཉམས་སུ་བཞེས་རྒྱུའི་ཆོས་འདི་རང་ཡིན་པར་འདུག་སྙམ་ཞིང་། ཆོས་དང་བླ་མ་ལ་དད་པ་གཏིང་ནས་བྱུང་བས་ཉིན་རེ་བཞིན་ཆོས་ཐུན་ལ་མ་ངུས་པ་མེད་པ་ལྟ་བུ་ཡིན་གསུངས། འདི་དག་གི་སྐབས་སུ་བླ་སློབ་རྣམས་མཁས་གྲུབ་གོང་མའི་རྣམ་ཐར་བཞིན་བྱ་བཏང་གི་རྣམ་ཐར་ཁོ་ན་བསྐྱོངས་སྟེ་དབྱར་གནས་སོགས་ཀྱི་ཚེ་དབེན་ཁྲོད་དུ་བཞུགས་ཡོད་པའི་ཚུལ། ངོར་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་ཀྱི་རྣམ་ཐར་དུ། རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ལོར་ཞབས་གྲྭ་དང་ལྷན་དུ་རྟ་དྲེལ་གསུམ་ལ་ཆོས་རྒྱགས་རྣམས་བཀལ་ཏེ་རྫོགས་ཆེན་དགོན་དུ་ཕེབས། དབྱར་དུས་དེར་མཁན་ཆེན་གཞན་དགའ་བླ་སློབ་རྣམས་རྫོགས་ཆེན་གངས་ཁྲོད་ཀྱི་ཉེ་འདབས་དབྱར་གནས་མཚེར་དུ་བཞུགས་ཡོད་པ་ཐོས། རི་མགོའི་རྫ་ཁྲོད་དེར་རྟ་དྲེལ་ཐར་དཀའ་བས་རྫོགས་ཆེན་དགོན་ནས་ཁལ་མ་གསུམ་དང་ལམ་སྟོན་བཅས་གྲ་སྒྲིག་བྱུང་བ་ལྟར་ཕྱིན་ཅིང་ཤིན་ཏུ་མཐོ་བའི་རྫ་ཁྲོད་ནས་དུ་བ་སྔོ་བུན་ནེ་བྱེད་པ་མཐོང་བས། ལམ་ཁྲིད་པས་རྫ་གསེབ་ཕར་གིར་མཁན་ཆེན་གཞན་དགའ་བླ་སློབ་རྣམས་བཞུགས་ཡོད་པ་རེད་ཟེར། དེ་ནས་ཡར་ཙམ་ཕེབས་པས་རྐང་གླིང་གི་སྒྲ་ལྟ་བུ་ཞིག་ཐོས་ཤིང་། འདི་ནི་ཆོས་ཐུན་འཚོགས་དུས་རི་དྭགས་ཀྲྀ་ཥྞའི་རྭ་ཞིག་ཆོས་དུང་གི་ཚབ་མཛད་ཅིང་ཡོད་པ་དེའི་སྒྲ་ཡིན་པ་རྗེས་སུ་ཤེས། མཁན་སློབ་རྣམས་ཀྱིས་ཆོས་གོས་སྣམ་སྦྱར་གསོལ་ཏེ་སེར་ཕྲེང་བཅས་བསུ་བ་མཛད་པ་ལྟར་བྱོན་བཞིན་ཡོད་པ་མཐོང་བས་ཐུགས་ལ་མི་ཕྱེད་པའི་དད་པ་དང་སྤྲོ་བ་བསམ་གྱིས་མི་ཁྱབ་པ་སྐྱེས། དེ་ཡང་དམ་པ་རིན་པོ་ཆེ་ཕེབས་པའི་སྔ་ནུབ་ཏུ་གཞན་དགའ་རིན་པོ་ཆེའི་གཟིམས་ལམ་དུ། བུད་མེད་རིན་པོ་ཆེའི་རྒྱན་ཅན་ལག་ན་བུམ་པ་ཐོགས་པ་ཁ་དོག་མི་འདྲ་བ་ལྔས་མགྲིན་གཅིག་ཏུ་འདི་ལྟར། ཐེག་པ་གསུམ་པ་གྲུབ་མཐའ་རྣམ་པ་བཞི། རྒྱུད་སྡེ་བཞི་དང་སོ་སོའི་དབྱེ་བ་བཅས། ཆོས་ཉིད་དང་མཉམ་ཆོས་ཅན་མ་ལུས་པ། ས་ཆེན་གནས་པའི་འཕགས་ཆེན་སྤྱོད་ཡུལ་ཡིན། ཞེས་བུམ་པ་ལྔ་པོ་ཕུལ་བྱུང་བར། ཕྱི་ཉིན་བླ་མས་ཞལ་སློབ་རྣམས་ལ་མདང་སུམ་བདག་གི་རྨི་ལྟས་དེ་ང་ལ་མི་ལྟ། དེ་རིང་སློབ་མ་གསར་པ་སུ་ཡོང་ན་དེ་ས་ཆེན་པོ་ན་གནས་པའི་འཕགས་པ་ཡིན་པའི་རྟགས་རེད་གསུངས། གཞན་ཡང་སྡེ་གཞུང་ཨ་འཇམ་རྣམ་ཐར་དུ། དང་པོ་རྫོགས་ཆེན་བཤད་གྲྭ་ལ་སླེབ་སྐབས་ཧ་ཅང་ནང་རྒྱུས་མེད་སྟབས་མཁན་ཆེན་གཞན་དགའ་ཚང་ལ་གསོལ་ཆས་ཀྱིས་ཕོངས་ཚུལ་གཏན་ནས་མ་ཤེས་ལ། རྗེས་སུ་ཟེར་དུས་མཁན་ཆེན་དམ་པ་འདི་ལ་འཚོ་ཆས་དཀོན་པོ་ཡིན་པ་གཞི་ནས་ཤེས་ཀྱང་། ངས་དེ་དུས་ཆེར་ཕུལ་རྒྱུ་མ་བྱུང་ཞེས་ཐུགས་འགྱོད་དང་བཅས་གསུངས། དེ་ལྟར་རྗེ་ཉིད་ཀྱིས་སྐུ་ཚེ་གང་བོར་འདོད་ཆུང་ཆོག་ཤེས་འཕགས་པའི་རྣམ་ཐར་ཁོ་ན་བསྐྱངས་པས་བརྒྱུད་འཛིན་ཞལ་སློབ་ཐམས་ཅད་ཀློག་པ་ཐོས་བསམ་དང་སྤང་བ་བསམ་གཏན་གྱིས་དུས་འདའ་བ། རྒྱལ་བསྟན་བཤད་དང་སྒྲུབ་པས་འཛིན་ཅིིང་དབེན་རིར་ཚེ་དང་སྒྲུབ་པ་མཉམ་པ་ཤ་སྟག་བྱུང་བ་འདི་གཅིག་པུས་ཀྱང་འཕགས་ཆེན་དམ་པ་བསམ་བཞིན་བསྟན་འགྲོའི་རྒུད་པ་གསོ་ཕྱིར་བྱོན་པ་གདོན་མི་ཟ་བ་ཚུར་མཐོང་གིས་ཀྱང་ཤེས་པར་ནུས་ཤིང་། རྫོགས་ཆེན་གྲུབ་དབང་ལྔ་པས་དཔལ་ལྡན་ཟླ་གྲགས་པའི་རྣམ་རོལ་ཡིན་ཞེས་སླུ་མེད་རྡོ་རྗེའི་གསུང་གིས་ལུང་བསྟན་པ་དང་། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྣམ་གཉིས་ཀྱིས་དཔལ་ལྡན་ཟླ་བ་གྲགས་པའི་རྣལ་རོལ་ཏུ་བསྔགས། ཐལ་འགྱུར་པའི་དགོངས་པ་གཏན་ལ་འབེབས་པ་ལ་ཟླ་བ་གྲགས་པ་གཉིས་པ་བྱོན་པ་ལྟ་བུ་ཡིན་ཞེས་རིས་མེད་མཁས་དབང་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས། རྒ་སྟོད་ངག་དབང་ལེགས་པས་ཁོ་བོའི་རྨི་ལམ་དུ་འཇམ་མགོན་ས་སྐྱ་པཎ་ཆེན་ཡུལ་འདིར་ཕེབས་པར་རྨིས་པ་གཞན་དགའ་རིན་པོ་ཆེ་འདི་ཡིན་འདུག་ཅེས་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་རྣམ་འཕྲུལ་དུ་བསྔགས་པ་སོགས་མཐའ་ཡས། དེ་ལྟར་ཤྲཱི་སེང་ཆོས་གྲྭའི་ལས་ཐོག་མཁན་པོའི་ཐུགས་འགན་རྫོགས་རྗེས་རབ་བྱུང་བཅོ་ལྔ་པའི་ས་བྱ་ལོར་སྡེ་དགེ་དགོན་ཆེན་དང་འབྲེལ་བའི་སེར་སྒང་རི་ཁྲོད་དུ་ཕེབས་ནས་འཇམ་མགོན་བློ་གཏེར་དབང་པོ་ལས་དུས་འཁོར་གྱི་དབང་དང་ལམ་འབྲས་ཀྱི་གདམས་པ་ཐམས་ཅད་རྫོགས་པར་གསན་ཞིང་། ཁྱད་པར་དུས་འཁོར་དབང་གི་སྐབས་ཡེ་ཤེས་པ་ཕེབས་པ་ནས་དབང་མཇུག་མ་རྫོགས་བར་བློ་གཏེར་དབང་པོ་ཉིད་དུས་ཀྱི་འཁོར་ལོར་དངོས་སུ་མཐོང་གསུངས་པ་དང་། དེ་ནས་བཟུང་རྨི་ལམ་དུ་དམ་པ་འདི་ནམ་མཇལ་སྐབས་མི་སྔོན་པོ་སྦྲུལ་གྱི་ག་ཤལ་ཅན་ཞིག་འདུག་པས་གསང་བའི་བདག་པོ་དངོས་སུ་འདུག་ཅེས་སྤྲུལ་ཨ་འཇམ་ལ་ཞལ་འཕྲོས་སུ་གསུངས། རྗེ་འདིས་ཕར་འཇམ་མགོན་བློ་གཏེར་དབང་པོ་ལ་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་སྨིན་ཁྲིད་གནང་བ་བཅས་ཕན་ཚུན་བླ་སློབ་ཏུ་གྱུར། གཞན་ཡང་སྐབས་དེར་དགོན་ཆེན་དགོན་པའི་ཤར་བྱང་གི་བླ་མ་མཁན་པོ་གཙོས་ཕྱོགས་འདུས་ཀྱི་སློབ་ཚོགས་རྣམས་ལ་སྤྱོད་འཇུག་དང་། མངོན་པ་གོང་འོག །འདུལ་བ་སོགས་གཞུང་ཆེན་དུ་མའི་འཆད་ཁྲིད་མཛད་ཅིང་མངོན་པ་གོང་འོག་གི་མཆན་འགྲེལ་ཡང་འདི་དུས་མཛད། དེའི་ཕྱི་ལོ་ལྕགས་ཁྱི་ལོའི་དབྱར་སྟོད་བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག་རྒྱལ་པོའི་ཡོངས་འཛིན་དང་དཔལ་སྤུངས་དགོན་དུ་བཤད་གྲྭ་གསར་འཛུགས་ཆེད་གདན་ཞུས་བཞིན་ཕེབས་ཏེ་སྔ་ཕྱིར་ལོ་བདུན་ལྷག་གདན་ས་དེར་བཞུགས་པ་སྟེ། ས་ཕག་ལོར་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཞིང་དུ་གཤེགས་ཁར་ཞལ་ཆེམས་སུ། རང་རེའི་སྐུ་ཞབས་སི་ཏུ་རིན་པོ་ཆེ་གཞུང་རིག་ལ་མཁྱེན་རྒྱ་ཆེ་བ་ཞིག་འོང་དགོས་པས་བླ་མ་དགེ་བའི་བཤེས་རྣམས་མཇལ་འཕྲད་དང་གསན་སྦྱང་གི་ཐུགས་འགན་མཁན་ཆེན་བཀྲ་ཤིས་འོད་ཟེར་ཉིད་རང་གིས་བཞེས་དགོས་ཞེས་བཀའ་གནང་། ས་བྱ་ལོར་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱིས་བང་མི་ཆེད་མངགས་ཀྱིས་མཁན་ཆེན་གཞན་དགའ་དཔལ་སྤུངས་སུ་གདན་ཞུ་ནན་ཏན་མཛད་ཀྱང་དགོན་ཆེན་དུ་དབང་ཆོས་ཀྱི་མཇུག་མ་རྫོགས་པས་ཕེབས་པར་མ་གྲུབ། ཕྱི་ལོའི་དཔྱིད་ཁར་མཁན་ཆེན་བཀྲ་ཤིས་འོད་ཞི་བར་གཤེགས་ཉེའི་སྐབས་སི་ཏུ་རིན་པོ་ཆེ་སྐུ་མདུན་དུ་ཕེབས་ཤོག་གསུངས་ཏེ་མཇལ་འཕྲད་སྐབས་གསུངས་དོན། བླ་མ་གཞན་དགའ་རིན་པོ་འདི་ཉིད་མཁས་བཙུན་བཟང་གསུམ་འཛོམས་ཤིང་ཐུགས་བསྐྱེད་སྨོན་ལམ་དག་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་པ་ཁོང་གི་སློབ་མ་བཟང་ལ་མང་བ་འདི་ཁོ་ནས་ཀྱང་ངེས་ཐུབ་པས། སྐུ་ཞབས་རིན་པོ་ཆེ་ཁྱེད་ལ་སྐུ་ཡོན་འབུལ་མཁན་དུ་གདན་མ་དྲངས་ཐབས་མེད་ཡིན་ལ། ཁྱད་པར་དཔལ་སྤུངས་དགོན་པ་ནི་བཀའ་རྒྱུད་པའི་གདན་ས་ཆེན་པོ་ཞིག་ལ་མདོ་སྔགས་འཆད་ཉན་གྱི་བཤད་གྲྭ་མེད་པ་འདི་མིང་དོན་གཉིས་ཞན་གྱི་གནོང་ཆེན་པོ་འདུག་པས་བཤད་གྲྭ་གསར་འཛུགས་དང་། འདུལ་ཊིཀ་སོགས་པར་བརྐོ་རྒྱུ་ཤིན་ཏུ་གལ་ཆེ། རྒྱུ་མཚན་མི་ཤེས་པ་རྣམས་ཀྱིས་པར་བརྐོ་རྒྱུ་འདི་རྟེན་བཞེངས་ཀྱི་གྲས་སུ་མི་བཞག་ཀྱང་། རྟེན་བཞེངས་གཞན་རིགས་མ་ཐོན་ནའང་ནོར་འཛོལ་མི་ཆེ། བཤད་གྲྭ་དང་པར་གཉིས་བསྟན་རྩ་ལ་ཐུག་ཡོད་པས་ཁྱེད་ནས་ཞུམ་མེད་ཀྱི་ཐུགས་སྟོབས་བསྐྱེད་དེ་བཞེངས་བསྐྲུན་གནང་རོགས་ཞུ། ཡོངས་འཛིན་བླ་མ་ཨོ་རྒྱན་དང་། མཁན་པོ་ཚེ་དབང་དཔལ་འབྱོར་སོགས་ཀྱིས་དེ་དོན་ཐུགས་བཞག་གིས་འཛེམ་མེད་ཞུ་བསྐུལ་དང་། ཞབས་ཞུ་ཧྲིལ་བསྒྲིམས་མ་འཁྱུགས་པ་གྱིས་ཞེས་ཞལ་ཆེམས་ནན་མོ་བཞག །དམ་པ་འདི་ཞི་བར་གཤེགས་ནས་རིང་པོ་མ་ལོན་པའི་དུས་སུ་མཁན་པོ་ཚེ་དཔལ་དང་། མཁས་དབང་པདྨ་རྣམ་རྒྱལ་དཔོན་སློབ་མཁན་ཆེན་གཞན་དགའི་མདུན་དུ་ཆེད་ཕེབས་ཀྱི་གདན་འདྲེན་ཞུ་སྐབས། རྗེའི་ཞལ་ནས་མདང་སུམ་བདག་ལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་གསུང་བསྐུལ་གནང་བའི་ཉམས་སྣང་བྱུང་བས་ད་ལན་དཔལ་སྤུངས་དུ་འགྲོ་རྒྱུའི་དུས་ལ་བབ་འདུག་གསུངས་ནས་ཐུགས་དགྱེས་ཉམས་དང་བཅས་ཞལ་བཞེས་གནང་། ལོ་དེའི་དབྱར་སྟོད་དཔལ་སྤུངས་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་ཕེབས་བསུ་རྒྱ་ཆེན་པོས་གདན་དྲངས། སི་ཏུ་རིན་པོ་ཆེ་དགུང་ལོ་ཉེར་ལྔ་ལ་སོན་པའི་དབུས་ཟུར་མང་པདྨ་རྣམ་རྒྱལ་དང་། འབོ་གངས་དཀར་སྤྲུལ་སྐུ། དབོན་སྟོད་མཁྱེན་རབ། ཟུར་མང་བསྟན་འཛིན་སྤྲུལ་སྐུ་སོགས་གཞི་བྱེས་ཀྱི་བསླབ་གྲྭ་བ་རྣམས་ལ་སྤྱོད་འཇུག་ནས་དབུ་བརྩམས་ཏེ་སྔ་ཕྱིར་ལོ་ངོ་བརྒྱད་ཙམ་རིང་གཞུང་ཆེན་ཁག་གི་ཆོས་འཁོར་བསྐོར། དམ་པ་ཉིད་ཐོག་མར་སྒྲུབ་གླིང་དུ་ཐོག་ཅིག་བཞུགས་ཤིང་རིམ་པས་བཤད་གྲྭ་གསར་བཞེངས་བྱུང་བས་མཁན་རབས་དང་པོའི་ཆོས་ཁྲིར་བཞུགས། གདན་ས་འདི་ནས་སྤྱོད་འཇུག་དང་། དབུ་མ་འཇུག་པ། ཕར་ཕྱིན་གྱི་མཆན་འགྲེལ་སོགས་གསུང་ཆོས་ཕལ་མོ་ཆེ་བརྩམས་པར་མཛད་ཅིང་ཕྱིས་སུ་གཞུང་ཆེན་བཅུ་གསུམ་ཆ་ཚང་དགོན་འདིར་ཤིང་པར་འཁོད་པ་བྱུང་། ཞལ་སློབ་མཁས་དབང་སྟོབས་བཅུ་རབ་རྒྱས་དང་དབོན་སྟོད་མཁྱེན་རབ་སོགས་བསྐྱེད་སྲིང་བྱུང་བས་གདན་ས་འདིའི་མཁན་རབས་གཉིས་པ་དང་གསུམ་པའི་ཐུགས་འགན་བཞེས་ཏེ་བཀའ་རྒྱུད་པའི་བསྟན་པ་མཐར་རྒྱས་སུ་བསྐྱངས་ཚུལ་བྱམས་མགོན་སི་ཏུའི་རྣམ་ཐར་དུ་རྒྱས་པར་གསལ། བར་བྱུང་བཅོ་ལྔ་པའི་ས་རྟ་ལོར་རྗེ་ཉིད་མཁྱེན་བརྩེ་ཆོས་ཀྱི་བློས་ཀྱིས་བཤད་གྲྭ་གསར་འཛུགས་ཀྱི་ཆེད་དུ་གདན་ཞུས་ལྟར་རྫོང་སར་བཀྲ་ཤིས་ལྷ་རྩེར་ཕེབས། གདན་ས་དེར་ཞབས་པད་བཀོད་པའི་སྔ་ནུབ་ཉ་ལྷུང་ཞེས་པའི་ས་རུ་ཞག་ཚུགས་མཛད་སྐབས་རྗེ་ཉིད་ཀྱི་གཟིམས་ལམ་དུ། འཕགས་པའི་གནས་བརྟན་བཅུ་དྲུག་འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་རྫོང་སར་ཕྱོགས་སུ་ཕེབས་པ་གཟིགས་པས་རྒྱལ་བསྟན་དར་རྒྱས་ཡུན་གནས་ཀྱི་རྟེན་འབྲེལ་བྱུང་ཞེས་གསུངས། དེ་སྐབས་ཁམས་བྱེ་བཤད་གྲྭ་གསར་བཞེངས་བྱེད་བཞིན་པར་བརྟེན་ཕལ་ཆེར་ལོ་གཅིག་ཙམ་ལ་རྩེའི་ལྷ་ཁང་གི་ཡང་ཐོག་གཟིམས་སྐྱིལ་དུ་བཞུགས་ཤིང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དབུས་སློབ་ཚོགས་ལ་བྱང་ཆུབ་སྤྱོད་འཇུག་གི་དབུ་བཙུགས་ཏེ་ཟབ་རྒྱས་མདོ་སྔགས་ཀྱི་ཆོས་འཁོར་བསྐོར། རིམ་པས་སྔོན་འཇམ་དབྱངས་བརྩེ་དབང་པོས་བོད་ཁམས་བསྟན་འགྲོའི་བདེ་ཐབས་སུ་གཙུག་ལག་ཁང་ཞིག་བཞེངས་པའི་དགོངས་བཞེད་བཞིན། འཇམ་མགོན་ཀོང་སྤྲུལ་ཀྱིས་ཁམས་ཀྱི་བྱེ་མ་ཐང་དུ་ས་མིག་ཆེད་བཙལ་གྱིས་གནས་དེར་གཙུག་ལག་ཁང་དང་རིག་གསུམ་གྱི་སྐུ་བཞེངས་ན་མཁྱེན་བརྩེ་ནུས་གསུམ་ལྡན་པའི་བསྟན་འཛིན་གྱི་སྐྱེས་བུ་མང་པོ་འབྱུང་ཞེས་ལུང་བསྟན་པའི་སར། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་བསྐྱེད་ལས་ས་རྟ་ལོར་རིག་གསུམ་ལྷ་ཁང་བཤད་སྒྲུབ་དར་རྒྱས་གླིང་གསར་བཞེངས་གྲུབ་པའི་ཐོག་མའི་མཁན་ཁྲིར་རྗེ་འདི་ཉིད་བཞུགས་ཏེ་གཞུང་བཤད་འཆད་ཁྲིད་མཛད་པའི་ཞལ་སློབ་དབོན་སྟོད་མཁྱེན་རབ་དང་། ར་ཧོར་ཆོས་བྲག །བྲག་གཡབ་བློ་གྲོས། བྲག་གཡབ་ཐུབ་བསྟན། གཙང་སར་མཆོག་སྤྲུལ། གཙང་སར་ཀུན་དགའ་བློ་གྲོས། ཀླུ་ཕུག་གཞན་ཕན་ལེགས་གྲུབ །བྲག་གཡབ་བྱང་ཆུབ་སོགས་བྱུང་ཞིང་། ཐུགས་སྲས་དབོན་སྟོད་མཁྱེན་རབ་མཁན་རབས་གཉིས་པའི་ཆོས་ཁྲིར་བཞུགས་ནས་འཆད་ཁྲིད་ཡུན་རིང་མཛད་པས་སློབ་དང་ཡང་སློབ་མཁས་པའི་རྩལ་ཐོན་པ་མང་པོ་དར་ཞིང་དཔལ་ས་སྐྱའི་ཕྱོགས་སུ་གཞུང་བཤད་ཀྱི་སྲོལ་ཉམས་པ་སླར་གསོ་དར་རྒྱས་སུ་བྱུང་བའི་ཕྲིན་ལས་ཉིན་མོའི་འོད་བཞིན་རྒྱས་པ་བྱུང་། རབ་བྱུང་བཅོ་པའི་ལྕགས་སྤེལ་དང་ལྕགས་བྱ་ལོ་ནས་རིམ་པས་ཐུགས་སྲས་ཟུར་མང་པདྨ་རྣམ་རྒྱལ་གྱིས་གདན་ཞུས་ལྟར་ཟུར་མང་རྣམ་རྒྱལ་རྩེའི་བཤད་གྲྭ་དང་། སྒ་བླ་མ་འཇམ་དབྱངས་རྒྱལ་མཚན་སོགས་ཀྱིས་གདན་ཞུས་ལྟར་ཁྲི་འདུ་སྐལ་བཟང་དགོན། འཇམ་དབྱངས་བློ་གཏེར་དབང་པོས་གསུངས་བསྐུལ་ལྟར་སྐྱེ་དགུ་དོན་གྲུབ་གླིང་སོགས་སུ་ཕེབས་ནས་མཁན་རབས་དང་པོའི་གསེར་ཁྲིར་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་སྤྱི་དང་། ཉིད་མཛད་རྒྱ་གཞུང་ཆེན་མོ་བཅུ་གསུམ་གྱི་མཆན་འགྲེལ་གྱི་འཆད་སྲོལ་བཙུགས་པས་དེ་དག་ཏུ་ཞལ་སློབ་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་བྱུང་ནས་བཤད་པའི་རྒྱུན་ཚུགས། གཞན་འབྲི་གུང་ཆེ་ཚང་སྐྱབས་མགོན་སྐུ་ཕྲེང་དྲུག་པ་དཀོན་མཆོག་བསྟན་འཛིན་ཐུབ་བསྟན་ཞི་བའི་བློ་གྲོས་ཀྱིས་གཟིམས་དཔོན་སྐལ་བཟང་ཆེད་མངགས་ཀྱིས་གདན་ཞུའི་ཆབ་ཤོག་ཕུལ་བར་སྐུ་དངོས་ཕེབས་པ་མ་ཐུབ་ཀྱང་། ཐུགས་སྲས་ཉག་རོང་གུ་རུ་སྤྲུལ་སྐུ་འཇམ་དབྱངས་དབང་རྒྱལ་དང་ར་ཧོར་ཆོས་གྲགས་ཕེབས་ཏེ་འབྲི་གུང་ཉི་མ་ལྕང་རྭར་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་བཏབ་པ་སོགས་ཞལ་སློབ་མཁས་པའི་དབང་པོ་རྣམས་ཀྱིས་ཕྱོགས་དང་ཕྱོགས་སུ་བཤད་གྲྭ་བརྒྱ་ཕྲག་ལ་ཉེ་བས་བཙུགས་པས་བོད་ཡུལ་ཙམ་དུ་མ་ཟད་འབྲས་འབྲུག་སོགས་ཕྱི་ཡི་རྒྱལ་ཁབ་ཁག་དང་། ས་དགེ་དཀའ་རྙིང་གི་གྲུབ་མཐའ་འཛིན་པའི་ཆོས་སྡེ་ཡོངས་ལ་ཁྱབ་ཚུལ་གོང་དུ་ཤྲཱི་སེང་ཆོས་གྲྭའི་ལོ་རྒྱུས་ཀྱི་སྐབས་སུ་རྒྱས་པར་བཀོད་ཟིན་པ་ལྟར་ལ། སྐུ་ཚེའི་སྨད་དུ་རུ་དམ་གངས་ཁྲོད་གོང་མ་དང་རྒྱ་བོ་གནས་ཕུ་སོགས་དབེན་པའི་རི་ཁྲོད་རྣམས་སུ་ཀུན་སྤང་བྱ་བྲལ་གྱི་རྒྱལ་པོ་རྗེ་བཞད་པ་རྡོ་རྗེའི་རྣམ་ཐར་བཞིན་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་སྙིང་པོའི་ཉམས་བཞེས་ལ་གཞོལ་བ་དང་། ཐུན་མཚམས་རྣམས་སུ་ཀུན་མཁྱེན་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། ཡེ་ཤེས་བླ་མ། སྙིང་ཐིག་ཡ་བཞི་སོགས་འོད་གསལ་རྫོགས་པ་ཆེན་པོའི་སྨིན་ཁྲིད་རྒྱུན་མི་ཆད་པར་བསྩལ་ཞིང་། ཁྱད་པར་ཐུགས་སྲས་ཉེ་གནས་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལ་མི་འགྱུར་ནམ་མཁའི་རྡོ་རྗེ་ནས་ཨོ་རྒྱན་བསྟན་འཛིན་ནོར་བུ་དང་། དེ་ལས་རྗེ་ཉིད་ལ་ཆིག་བརྒྱུད་གདམས་གཏད་མཛད་པའི་བླ་མ་ཡང་ཏིག་གི་ཟབ་ཁྲིད་ཆིག་བརྒྱུད་དུ་བསྩལ་ཏེ་དོན་གྱི་རྒྱལ་ཚབ་ཏུ་དབུགས་དབྱུང་། སྤྱིར་རྗེ་འདིས་རྫོགས་སྐོར་གྱི་སྨིན་ཁྲིད་བསྩལ་སྐབས་སློབ་མ་ཇི་ལྟར་མང་ཡང་བདུན་ཚན་གསུམ་ལས་མི་མང་བ་དང་སྔོན་འགྲོ་བསགས་སྦྱང་སྐུ་མདུན་ནས་ངེས་པར་གྲུབ་དགོས་པ་སོགས་ཆོས་སྒོ་ཤིན་ཏུ་དམ་ནའང་། གཞུང་ཆེན་བཅུ་གསུམ་ལ་ཐོས་བསམ་དཔྱིས་ཕྱིན་པ་སྔོན་དུ་སོང་ཕྱིན་འབུམ་ལྔའི་བསགས་སྦྱང་མ་གྲུབ་ཀྱང་དེ་བས་ལྷག་པའི་བློ་སྦྱོང་མི་དགོས་ཞེས་དངོས་གཞིའི་དམར་ཁྲིད་ཀྱང་འདེབས་པར་མཛད། སྔ་ཕྱི་ཀུན་ཏུ་བསྟན་པ་ཡུན་གནས་ཀྱི་བཙས་སུ་དགོངས་ཏེ་ཞལ་གསུང་བསྟན་བཅོས་ཀྱི་སྐོར་དུ་མ་མཛད་པ་སྟེ། སྤྱོད་འཇུག བཞི་བརྒྱ་པ། འཇུག་པ། རྩ་ཤེས་སོགས་རིགས་ཚོགས། ཀཱ་རི་ཀ་ལྔ་བཅུ་པ་དང་སུམ་བརྒྱ་པ། སོར་མདོ། མདོ་རྩ། མངོན་པ་གོང་འོག བྱམས་ཆོས་སྡེ་ལྔ། གསང་བ་སྙིང་པོ་བཅས་ཀྱི་མཆན་འགྲེལ་དང་། དབུ་མ་རྒྱན་འཇུག་པ་དང་མངོན་པ་མཛོད་ཀྱི་རང་འགྲེལ་ལ་འགྲེལ་མཆན། མཁས་བྱའི་གནས་དྲུག་གི་བསྟན་བཅོས། ཐོག་མཐའ་བར་དགེའི་གཏམ་གྱི་འབྲུ་འགྲེལ། ཨོ་རྒྱན་བསྟན་འཛིན་ནོར་བུའི་རྣམ་ཐར་ཚིགས་བཅད་མ། གཞན་བསྟོད་ཚོགས་དང་ཞལ་གདམས་ཉམས་མགུར་བཅས་སྔར་མེད་འགྲན་ཟླ་དང་བྲལ་བའི་བསྟན་བཅོས་དུ་མ་མཛད་ནས་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་དཔལ་ལ་བཀོད། མདོར་ན་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་ལས་གསུམ་གྱིས་མཛད་པས་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་སྤེལ་བ་ལ་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་གྲུབ་པའི་སྐྱེས་བུ་འདི་ལྟ་བུ་ཕྱོགས་དུས་གང་དུའང་མ་བྱོན་པ་མངོན་སུམ་མཐོང་ཆོས་སུ་གྲུབ་ཅིང་། རྗེ་ཉིད་ཀྱི་ཞལ་ནས་སྐུ་ཚེའི་མཛད་འཕྲིན་ཕྱོགས་སུ་སྡོམ་པ་མགུར་དབྱངས་དུ་བཞེས་པ་ལས་ཀྱང་། ངོ་ལྐོག་མེད་པའི་བློ་གཏད་ཆིག་དྲིལ་གྱི་ངང་ནས། །དྲིན་ཆེན་བླ་མའི་ཞལ་ལུང་ཉམས་མེད་དུ་བཟུང་སྟེ། །སྔོན་དུས་འཕགས་པའི་ཡུལ་ནས་གངས་ཅན་དུ་དྲངས་པའི། །ལེགས་བཤད་གཞུང་ལ་ཐོས་བསམ་ཕྱོགས་མེད་ཅིག་བྱས་ཡོད། །འགའ་ཞིག་བསྟོད་ཀྱང་ཁེངས་པའི་དྲེགས་པས་ནི་མ་བྱས། །ལ་ལས་སྨད་ཀྱང་དམ་བཅའི་མི་མོ་དེ་མ་དོར། །བདེ་སྡུག་སྣ་ཚོགས་སྔོན་གྱི་ལས་དབང་ལ་བསམ་སྟེ། །བག་ཡངས་ངང་ནས་ཞེན་མེད་བརྟུལ་ཞུགས་ལ་སྤྱོད་ཡོད། །མདོ་མེད་ནོར་རྩིས་ཆུང་ཞེས་ཕལ་པ་ཡིས་གླེང་ཡང་། །སྒྱུ་མའི་ནོར་ལ་ཆགས་ཞེན་གསོག་བསྲུང་ནི་མ་མོས། །ཤུགས་འབྱུང་རྫས་ལས་འཚོ་བའི་ལྟོ་གོས་དག་སྦྱར་ཏེ། །འབྲེལ་ཚད་དོན་དུ་རྣམ་དག་སྨོན་ལམ་ལ་རེམ་ཡོད། །བསིལ་ལྡན་ཁ་བ་ཅན་གྱི་རྒྱལ་ཁམས་སུ་སྐྱེས་ཀྱང་། །རྒྱ་གར་མཁས་པའི་ལེགས་བཤད་འཁྲུལ་མེད་དུ་བཟུང་ནས། །དམ་ཆོས་མཛོད་ཀྱི་སྒོ་འཕར་ཡངས་པོ་རུ་ཕྱེས་ཏེ། །རེ་སྟོས་ཅན་གྱི་སྐལ་བཟང་གདུལ་བྱ་ལ་བྱིན་ཡོད། །ས་ཆེན་སེམས་དཔའི་ཡེ་ཤེས་སྒྱུ་འཕྲུལ་གྱི་རོལ་བ། །ལྔ་བདོའི་འགྲོ་བའི་སྣང་ངོར་མི་གཟུགས་སུ་བྱོན་པའི། །དམ་པའི་སྐྱེས་མཆོག་འགའ་ལ་འཕགས་ཡུལ་གྱི་ལེགས་བཤད། །རྣམ་དག་ལུང་རིགས་ཇི་བཞིན་སྙན་སྒྲོན་དུ་ཕུལ་ཡོད། །ད་ནི་མི་ཚེའི་ལྷག་མ་སྒོམ་སྒྲུབ་ལ་དྲིལ་ནས། །དབེན་པའི་གནས་མཆོག་སྔོན་བྱོན་གྲུབ་བརྙེས་ཀྱི་གདན་སར། །གང་བྱུང་དེས་ཆོག་འཚོ་བ་བྱ་ཚོལ་ལ་བརྙེན་ནས། །ཡ་ང་མེད་པའི་སྨྱོན་པའི་བརྟུལ་ཞུགས་ལ་སྨོན་ནོ། །ཡབ་མེས་རིག་འཛིན་བརྒྱུད་པའི་རྣམ་ཐར་གྱི་རྗེས་སུ། །ཚེ་དང་སྒྲུབ་པ་མཉམ་པའི་རྟེན་འབྲེལ་ཞིག་ཞུ་ན། །མཐུན་འགྱུར་ཆོས་ཀྱི་དབྱིངས་ནས་རྒྱལ་ཀུན་གྱིས་མཛོད་ཅིག །ཅེས་སྨྲས་ནས་དམ་བཅའ་བརྟན་པར་བྱའོ། ཞེས་ཐུགས་བློ་ཚིམས་པའི་གསུངས་བྱོན། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་ཞིང་རྒྱ་བོ་ཕུའི་རི་ཁྲོད་དུ་རྫོགས་ཆེན་ཁྲེག་ཆོད་ཐོད་རྒལ་གྱི་ཉམས་བཞེས་ཉིན་མཚན་ཁོར་ཡུག་ཏུ་བསྐྱངས་ཏེ་བཞུགས་པའི་དགུང་གྲངས་ང་དྲུག་པ་མེ་སྟག་ལོའི་མཇུག་ཙམ་ན་སྐུའི་སྙུན་གཞི་ལྕི་རུ་སོང་བའི་ཚུལ་བསྟན། ཕྱོགས་ཀྱི་དགོན་སྡེ་ཁག་དང་ཞལ་སློབ་རྣམས་ནས་ཞབས་བརྟན་རྒྱས་པ་ཕུལ་བས་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་སྙུན་གཞིའི་རྣམ་པ་ཅུང་ཟད་ཀྱང་མེད་པ་ལྟ་བུར་གྱུར། དེ་དུས་ཀཿཐོག་ཕྱོགས་ཀྱི་སྐྱེས་བུ་དམ་པ་ཞིག་ལ་ཞིང་ཁམས་ཀྱི་སྣང་བ་ཁོ་ན་ཤར་ནས་མཐར་སྐུ་གཤེགས་ཚུལ་འཁོར་སློབ་རྣམས་ཀྱི་ཞུས་ཚེ། འོ་ང་རང་ལའང་དེ་འདྲའི་སྣང་བ་བར་མེད་དུ་ཤར་ནས་ཞག་འགའ་ཐལ་གསུངས། སློབ་ཚོགས་རྣམས་ཀྱིས་བླ་མ་ཞིང་ཁམས་གཞན་དུ་ཐུགས་གཏད་པ་མིན་ནམ་སྙམ་པའི་སེམས་ངལ་དང་བཅས་གནས་པའི་སྐབས་ཏེ། སྤྱི་ལོ་༡༩༢༧པ་རབ་བྱུང་བཅུ་དྲུག་པའི་ཐོག་མའི་མེ་ཡོས་ཟླ་བ་དང་པོའི་ཚེས་བཞི་ལ་སྙུན་གཞིའི་རྣམ་པ་ཅུང་ཟད་ཀྱང་མེད་པར་གློ་བུར་དུ་ཕྱི་གསལ་གཟུགས་སྐུའི་བཀོད་པ་ནང་དབྱིངས་ཀ་དག་ཆེན་པོར་མངོན་པར་བསྡུ་བར་མཛད། ཉེ་གནས་ཐུགས་སྲས་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་སོགས་ཞལ་སློབ་རྣམས་ཀྱིས་བདུན་ཕྲག་གཅིག་རིང་ཐུགས་དམ་གསང་རྒྱ་ངང་རྫོགས་སྤྲུལ་རིན་པོ་ཆེ་དང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོ་བཅས་ཀྱི་དྲུང་དུ་བང་མི་བཏང་། སྐབས་དེར་རྒྱ་བོ་རི་ཁྲོད་དུ་ཁ་བ་ཆེན་པོ་བབ་ཀྱང་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་སོགས་སྐྱེས་ཆེན་རྣམས་ཀྱིས་གཙོས་ཞལ་སློབ་ཉེ་ཕྱོགས་སུ་གནས་པ་རྣམས་ཕྱོགས་ནས་འཛོམས། ཞག་འགར་གདུང་མཇལ་མཆོད་འབུལ་ཕུལ་བའི་རྗེས་སྐུ་གདུང་རིན་པོ་ཆེ་ཞུགས་སྦྱངས་མཛད་པས་ཁྲུ་གང་བ་ཙམ་ལས་མ་ལུས་པ་ཆུང་ངུར་ཕྱིན། ཐེག་པ་མཆོག་གི་གསང་ལམ་ནས་རིགས་ལྔའི་དབྱིངས་སུ་མངོན་སངས་རྒྱས་པའི་རྟགས་མཚན་དུ་གདུང་ཤ་རཱི་རམ། ཆུ་རཱི་རམ། ཉ་རཱི་རམ། བ་རཱི་རམ། བསེ་རཱི་རམ་སྟེ་འབྱུང་བའི་གནོད་པ་དང་བྲལ་བའི་གདུང་ཆེན་ལྔ་དང་རིང་བསྲེལ་ཕྲ་མོ་གྲངས་མེད་པ་ཕེབས་པ་དང་། ནམ་མཁའ་མཐིང་ཞུན་གྱི་མདངས་ལྟར་དག་པའི་ངོས་སུ་འཇའ་འོད་སྣ་ཚོགས་ཀྱི་གུར་ཁྱིམ་འཁྲིགས་ཤིང་། མེ་ཏོག་གི་དབྱིབས་སུ་མངོན་པའི་ཁ་བའི་འདབས་མ་བབ་པ་བཅས་གདུལ་བྱ་དད་པའི་ས་ལ་བཀོད་པའི་ཡ་མཚན་གྱི་རྟགས་སྣང་མཐའ་ཡས་པ་བྱུང་ངོ་། ཞལ་སློབ་མཁས་གྲུབ་ཀྱི་སྐྱེས་བུ་ས་ཆེན་པོའི་ཁྱོན་ཀུན་ཁྱབ་པ་ཙམ་བྱུང་ཞིང་དེ་ལས་གཙོ་བོའི་མཚན་ཙམ་སྨོས་ན། རྒྱལ་བསྟན་རིས་མེད་བསྟན་འཛིན་སྐྱེས་ཆེན་རྣམ་གཉིས་ཏེ། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཐུགས་སྲས་བུ་ཆེན་རྣམ་གཉིས་ཏེ། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་དང་། མཁན་འཆི་མེད་ཡེ་ཤེས། མཁས་དབང་ཆོས་གྲགས་རྣམ་གཉིས་ཏེ། ར་ཧོར་ཆོས་གྲགས་དང་། གསེར་ཁ་ཆོས་གྲགས། གྲུབ་པ་ཐོབ་པའི་སྐྱེས་ཆེན་རྣམ་གཉིས་ཏེ། ཨ་གྲོའི་མཁན་པོ་ཡེ་ཤེས་རྒྱ་མཚོ་དང་། མཁན་ཆེན་བློ་ལྡན། རྣམ་དཔྱོད་ཕུལ་དུ་བྱུང་བའི་རབ་འབྱམས་པ་རྣམ་གཉིས་ཏེ། མཁན་ཆེན་པདྨ་ཚེ་དབང་དང་། རྫོང་སར་བཤད་གྲྭའི་མཁན་རབས་གཉིས་པ་དབོན་སྟོད་མཁྱེན་རབ། དྲག་སྔགས་ནུས་ལྡན་གྱི་སྐྱེས་བུ་གཉིས་ཏེ། མཁན་ནོར་དབྱངས་དང་། ཨ་པཎ་ཆོས་དཔལ། གཞན་ཡང་ཁམས་བྱེའི་མཁན་རབས་གསུམ་པ་བླ་མ་འཇམ་དབྱངས་རྒྱལ་མཚན། མཁན་རབས་ལྔ་པ་སྡེ་གཞུང་ཆོས་འཕེལ་ཀུན་དགའ། ངོར་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། ས་སྐྱའི་མཁན་ཆེན་ཐུབ་བསྟན་བྱང་ཆུབ། འབོ་གངས་དཀར་སྤྲུལ་སྐུ། ཟུར་མང་པད་མ་རྣམ་རྒྱལ། སྡེ་གཞུང་མཆོག་སྤྲུལ། རྫོང་སར་མཁན་རབས་བཞི་པ་བྲག་ཡབ་བློ་གྲོས། སྡེ་གཞུང་མཆོག་སྤྲུལ་ཨ་འཇམ། ཁང་དམར་རིན་ཆེན། མདོ་སྲིབ་ཐུབ་བསྟན། ཁྲི་ཚོ་རིན་ཆེན། མི་ཉག་མཁན་ཆེན་དམ་ཆོས། བ་ཐུར་མཁན་ཆེན་ཐུབ་དགའ། ཉག་རོང་གུ་རུ་སྤྲུལ་སྐུ། རྟ་ནག་ཐུབ་བསྟན་གླིང་གི་མཁན་པོ་གཞན་ཕན་ལེགས་གྲུབ། དཀར་མཛེས་བུ་རམ་སྣ་བ་བློ་བཟང་བསྟན་འཛིན། ལྷོ་འབྲུག་མཁན་ཆེན་བསྟན་པ་རིན་ཆེན། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན། དིལ་མཁྱེན་རབ་གསལ་ཟླ་བ། དགེ་བཤེས་རིན་ཆེན་རྡོ་རྗེ། དགེ་བཤེས་པདྨ་ཚེ་རིང་། དགེ་བཤེས་ཚུལ་ཁྲིམས་དཔལ་བཟང་། དགེ་བཤེས་རྣམ་རྒྱལ་དཔལ་བཟང་། མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁན་ཆེན་ངག་དབང་ནོར་བུ། ལུག་རུ་མཁན་ཆེན། ཅབ་ར་མཁན་ཆེན། སྒྲུབ་རྒྱུད་རིན་པོ་ཆེ་སོགས་སྐབས་དེའི་མདོ་སྨད་ཀྱི་མཁས་པ་ཐམས་ཅད་ཀྱིས་རྗེ་འདིའི་གསུང་གི་བདུད་རྩི་མ་བཞེས་པ་མེད་པ་ལྟ་བུར་མངོན་ཞིང་། དེ་དག་སློབ་བརྒྱུད་ཡང་སློབ་དང་བཅས་པས་ཤར་ནུབ་འཛམ་གླིང་གི་ས་ཆེན་པོའི་ཁྱོན་ཀུན་ཡོངས་སུ་ཁྱབ་པ་བྱུང་ངོ་། །

མཁན་རབས་ཉི་ཤུ་པ། ཨ་བུ་ལྷ་སྒང་ངམ་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན།

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་བུ་སྒང་ངམ་པདྨ་ཐེག་མཆོག་བློ་ལྡན་དུ་གྲགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གང་ནི། མི་འགྱུར་ནམ་མཁའི་རྡོ་རྗེའི་ལུང་བསྟན་བཀའ་རྒྱ་མ་ལས། བ་ཡི་ཕྱོགས་སུ་གསེར་གྱི་མེ་ཏོག་འཐོར། །ཞེས་མཁན་རབས་གསེར་གྱི་མེ་ཏོག་ཚར་དུ་དངར་བ་ལྟ་བུ་གནས་འདིར་འཁྲུངས་ཞེས་ལུང་ལས་གསལ་བར་བསྟན་པ་ལྟར། མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སའི་ཉེ་འཁོར། རུ་དམ་སྐྱིད་ཁྲམ་ལུང་གི་གནས་ལག་བ་ཁོག་ཞེས་གྲགས་པའི་རྩྭ་ལྗང་མེ་ཏོག་གིས་ཕྱུར་བུར་བརྒྱན་པའི་འབྲོག་ཐང་ཉམས་དགའ་བའི་དོ་ར་རུ། ཡབ་བ་ཁོག་དཀར་ལོག་དང་། ཡུམ་གད་ཐོག་ཨ་ཆོས་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༨༧༩པ་སྟེ་རབ་བྱུང་བཅོ་ལྔ་པའི་མྱོས་ལྡན་ཞེས་པ་ས་ཡོས་ལོར་ཆབ་ཟངས་འོ་མར་གྱུར་པ་དང་། ས་ཆེན་པོ་ལན་གསུམ་དུ་གཡོས་ཤིང་འབྱུང་བའི་རང་སྒྲ་ལྡིར་བ་སོགས་སྐྱེས་བུ་ཆེན་པོ་བསམ་བཞིན་སྲིད་པར་བཟུང་བའི་རྟགས་མཚན་དང་བཅས་སྐུ་བལྟམས། ཆུང་ནས་ཐེག་པ་མཆོག་གི་རིགས་སད་པས་དམ་པའི་རྣམ་ཐར་ལྷན་སྐྱེས་སུ་མངའ་ཞིང་ཆོས་སྡེ་ཆེན་པོའི་བསྟན་སྒོར་ཞུགས། ཡི་གེའི་སྦྱོར་ཀློག་དང་ཆོ་གའི་ཕྱག་ལེན་སོགས་ཉེ་བར་མཁོ་བའི་གཙུག་ལག་གི་གནས་ཀུན་ལ་སྦྱངས་པ་མཛད་པས་བློ་གསར་ཕལ་པ་རྣམས་ལས་ཁྱད་དུ་འཕགས་པ་བྱུང་། དེ་ནས་གངས་ལྗོངས་མཁས་པའི་འབྱུང་གནས་དཔལ་སེང་གེ་རིའི་ཆོས་གྲྭར་བཞུགས་ཏེ་ཕུར་ཚའི་མཁན་པོ་ཨ་དཀོན་དང་། མཁས་མཆོག་གཞན་ཕན་ཆོས་ཀྱི་སྣང་བ། མཁན་ཆེན་བསོད་ནམས་ཆོས་འཕེལ་སོགས་ཡོངས་འཛིན་མཁས་གྲུབ་གཉིས་ལྡན་དུ་མའི་ཞབས་པད་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་མཛད། དུས་དེར་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གཟིགས་སྣང་དུ། པཎ་ཆེན་བཱི་མ་ལའི་སྤྲུལ་བ་རེ་ལོ་བརྒྱ་རེའི་མཚམས་ན་བོད་དུ་བྱོན་པ་བཱི་མ་ལ་ཉིད་ཀྱིས་ཞལ་གྱིས་བཞེས་པ་ལྟར། ད་ལྟ་རྫོགས་ཆེན་ཤྲཱི་སེང་ན་གྲྭ་ཆུང་དཀྱུས་མའི་ཚུལ་གྱིས་ཤོ་ཀ་ལ་ཞིག་བསྣམས་ནས་སློབ་གཉེར་གྱི་ཚུལ་དུ་བཞུགས་འདུག་གསུངས་པ། མཁས་གྲུབ་ཀྱི་སྐྱེས་བུ་དུ་མས་དུས་སྐབས་དང་སྦྱར་ན་ཨ་བུ་ལྷ་སྒང་ཡིན་པར་ངེས་ཞེས་གསུངས། གཞན་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་རྣམ་རྒྱལ། སྨྱོ་ཤུལ་ལུང་རྟོགས། མཁན་ཆེན་ཡོན་ཏན་རྒྱ་མཚོ། བྱ་བྲལ་ཀུན་དགའ་དཔལ་ལྡན། འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེ། མཚམས་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ། འཇིགས་མེད་བསྟན་པའི་ཉི་མ་སོགས་སར་གནས་ཀྱི་སེམས་པ་ཆེན་པོ་བསམ་བཞིན་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པ་དག་གི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་གྱིས་མཚོན་དབང་ཁྲིད་མན་ངག་རྒྱུད་བཤད་བཅས་ཚང་ལ་མ་ནོར་བའི་ཟབ་ཆོས་སྤྱི་དང་། མདོ་སྔགས་རིག་གནས་དང་བཅས་པའི་གཙུག་ལག་གི་གནས་ཆེ་ཕྲ་ཀུན་ལ་གསན་སྦྱང་མཐར་ཕྱིན་གནང་བས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ་དང་། ཁྱད་པར་སྡེ་བདུན་མདོ་དང་བཅས་པའི་རྩ་འགྲེལ་ཐུགས་ཐོག་ལ་ངེས་ཤིང་ཚད་མ་ལ་ཤིན་ཏུ་མཁས་པར་གྲགས། དགུང་ལོ་ཉེར་ལྔའི་དུས་གྲུབ་དབང་ལྔ་པ་ཆེན་པོས་མཁན་རབས་ནོར་བུའི་ཕྲེང་བ་ཚར་དུ་དངར་བའི་གསེར་ཁྲིར་བཀོད་པས། སྔོན་བྱོན་གོང་མའི་ཕྱག་སྲོལ་ལྟར་ཐོག་མའི་ལོ་ངོ་བཞིའི་རིང་རུ་དམ་གདན་སའི་མཁན་ཆེན་ཁྲི་པ་མཛད་དེ་ཆོས་སྡེ་ཆེན་མོའི་བཅའ་ཁྲིམས་སོགས་བསྟན་སྲིད་ཀྱི་མཛད་པ་སྤྱི་དང་བཀའ་བརྒྱད་སོགས་སྒྲུབ་ཆེན་ཁག་གི་རྡོ་རྗེ་སློབ་དཔོན་མཛད། དེ་ནས་ཐ་མའི་ལོ་ངོ་བཞི་ལ་དཔལ་སེང་གེ་རིའི་ཆོས་སྡེར་གཞུང་ཆེན་བཅུ་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་མཛད་དེ་རྒྱལ་བསྟན་བཤད་སྒྲུབ་ཀྱི་བསྟན་པ་མཐར་རྒྱས་སུ་བསྐྱངས། སྔ་ཕྱིར་ངོ་ལོ་བརྒྱད་ཀྱི་ལས་ཐོག་མཁན་པོའི་ཐུགས་འགན་རྫོགས་མ་ཐག་ཏུ་འདུ་འཛིའི་བྱ་བ་ཀུན་རྒྱང་དུ་བསྲིངས་ཏེ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་སོགས་གྲུབ་རིགས་གོང་མའི་གདན་ས་གཤིན་རྗེ་སྒྲུབ་ཕུག་ཏུ་ཕེབས་ནས། དགུང་གྲངས་དོན་བདུན་པར་དགོངས་པ་གཞན་དོན་དུ་གཤེགས་པའི་བར་མི་ལོ་ཞེ་དྲུག་གི་རིང་ཐེངས་གཅིག་བྱ་བྲལ་ཀུན་དགའ་དཔལ་ལྡན་གྱིས་ནན་ཞུས་ངོར་ཤྲཱི་སེང་དུ་སྤྲེལ་ཟླའི་ཚོགས་འཁོར་ལ་མ་ཕེབས་ཐབས་མེད་དུ་བྱུང་བ་ལས་གཞན། རྒྱང་གྲགས་ཀྱིས་ཆོད་པའི་རྫོགས་ཆེན་རང་དགོན་དུའང་མ་ཕེབས་པར་སྐུ་ཚེ་དང་སྒྲུབ་པ་མཐར་ཕྱིན་པར་མཛད་ནས་སྙིང་པོའི་ཉམས་བཞེས་འབའ་ཞིག་གནང་། སྒྲུབ་ལ་བཞུགས་པའི་ཐོག་མའི་ལོ་འགར་སུས་ཀྱང་སྣང་འཇོག་མ་བྱས་པས་འཚོ་བར་དཀའ་ཁག་ཆེན་པོ་བྱུང་ཡང་ཤི་ཕུག་བྲག་ཁུང་སྐམ་པོ་ལ་གཏད་པའི་དམ་བཅའ་མ་ལྷོད་པར་བཞུགས། ཉིན་ཞིག་གྲུབ་དབང་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཡེ་ཤེས་ཀྱི་གཟིགས་པས་མཁྱེན་ཏེ་ཕྱག་མཛོད་སོགས་གྲྭ་འཁོར་རྣམས་ལ། ཨ་རོགས་ཚོ་མཁན་ལྷ་རྒྱལ་འཚོ་བ་མ་འབྱོར་ནས་དགོན་ཕུར་གཤེགས་ན་ཁོང་ལ་ཧ་ལས་རྒྱུ་མེད་ཀྱང་རྫོགས་ཆེན་ཡུལ་དགོན་གཉིས་ངོ་མི་ཚའམ་གསུངས་ནས་སྒྲུབ་རྒྱགས་སྐྱེལ་དུ་གཏོང་སྐབས་། རྗེ་ཉིད་ཆུ་རྐྱང་ཁོ་ན་གསོལ་ནས་ཉིན་འགའ་སོང་འདུག་པ་སོགས་དཀའ་སྤྱད་ཀྱི་རྣམ་གྲངས་དཔག་ཏུ་མེད་པར་མཛད། ཉིད་ཀྱི་ཞལ་ནས་ཀྱང་། ངའི་བླ་མ་གྲུབ་དབང་ལྔ་པ་རིན་པོ་ཆེ་ཡོན་ཏན་གྱི་ངོས་ནས་ཐམས་ཅད་མཁྱེན་པ་དངོས་སུ་བྱོན་པ་སྨོས་མ་དགོས་ལ་བཀའ་དྲིན་གྱི་ངོས་ནས་ཀྱང་ལྟོ་གོས་ཆོས་གསུམ་གྱིས་བསྐྱངས་པས་ཀུན་དང་མཚུངས་པ་མེད་པ་ཞིག་སྟེ། ཁོང་གིས་སྒྲུབ་རྒྱགས་གནང་བ་དེ་ཕྱིན་ཆད་འཚོ་བ་ལ་དཀའ་ཁག་ཅི་ཡང་མ་བྱུང་བ་ནམ་མཁའ་མཛོད་ཀྱི་གཏེར་སྒོ་ཕྱེས་པ་ལྟར་བྱུང་གསུངས་ནས་ཕྱག་ཐལ་མོ་སྦྱར་བར་མཛད། དེ་རྗེས་ཡུལ་མི་ཞིག་སྒྲུབ་རྒྱགས་འབུལ་བར་འགྲོ་སྐབས་ནགས་གསེབ་སྒྲུབ་ཕུག་གི་ཉེ་འདབས་སུ་སྒ་ཆས་ལེགས་པའི་རྟ་འགའ་བཏགས་འདུག་པས་དེར་ཡིབས་ནས་ལྐོག་བལྟ་བྱས་ཏེ་བསྡད་པར། ཅུང་ཟད་ནས་ལུས་བོང་ཆེ་ཞིང་ངོ་ཐག་མི་ཆོད་པའི་མི་འགའ་བྱུང་སྟེ་རྟ་ལ་ཞོན་ནས་བུད་སོང་བ་དང་ཡུད་ཙམ་གྱིས་གར་སོང་ཆ་མེད་དུ་གྱུར། འཕྲལ་མར་གཟིམས་ཕུག་ཏུ་ཕྱིན་ནས་ཨ་བུ་ལགས་དེ་རིང་ཁྱེད་ལ་མགྲོན་པོ་དཔོན་ཆེན་མང་པོ་ཞིག་སླེབས་པ་སུ་རེད་ཞུས་པར། སུ་ཡང་མ་བྱུང་ཁྱོད་ཀྱིས་ཅིག་མཐོང་ངམ་གསུངས། ཐབ་ཟུར་གྱི་ཟངས་ཆུང་ནང་དུ་དྲོད་གཏན་ནས་མ་ཡལ་བའི་ཞོ་ཞིག་འདུག་པ་འདི་སུས་ཁྱེར་བྱུང་ཞེས་ཞུས་པས། ཨ་ཅི་ཟེར་ཁ་མ་གྲགས་ཞོ་རེ་ཁྱེར་ཡོང་མཁན་ལོས་ཡོད་གསུངས། དེ་ཕྱིན་རྒྱུན་དུ་མི་མ་ཡིན་གྱིས་འཚོ་བ་འབུལ་བ་དང་ཆོས་ཞུར་འགྲོ་བ་སོགས་ཞལ་སློབ་མང་པོས་མངོན་སུམ་དུ་མཐོང་ཡང་རྗེ་ཉིད་གསང་བ་སྲུང་པ་ལ་ཐུགས་སྒམ་པས་ཞལ་ཟུར་ཙམ་ཡང་གསུང་བར་མི་མཛད། དེ་ལྟར་སྐུ་ཚེ་ཧྲིལ་པོར་ཐེག་རྩེ་ཨ་ཏིའི་གསང་ལམ་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་བཞེས་ལ་གནད་དུ་བསྣུན་པས་སྣང་བཞིའི་ཡེ་ཤེས་མཐའ་རུ་ཕྱིན་ཏེ་ལྷུན་གྲུབ་རིག་འཛིན་གྱི་ས་ལ་དངོས་སུ་གཤེགས། འཁོར་འདས་ཀྱི་སྣང་ཆ་གཞི་ལ་དག་པས་ཉིན་མཚན་ཁོར་མོ་ཡུག་ཏུ་འོད་གསལ་གྱི་ཏིང་ངེ་འཛིན་ལས་གཡོ་བ་མི་མངའ་བ་སྟེ། ཞབས་དཀྱིལ་ཀྲུང་གིས་བཞུགས་པ་རང་འགྲིགས་སུ་ཡོད་པའི་གཟིམས་ཁྲི་གྲུ་བཞི་མ་ཞིག་ཏུ་གཟིམས་ཐུལ་མནབས་ཏེ་བཞུགས་པ་ལས་སྐུ་ཆིངས་གཏན་ནས་དཀྲོལ་མ་མྱོང་། སྐུ་ཚེའི་སྟོད་དུ་མཚན་མོ་ཟླ་འོད་ཀྱི་རིང་རྡོ་ཕ་ཝང་ཞིག་གི་སྟེང་དུ་རྩ་རླུང་གི་འཕྲུལ་འཁོར་ལ་སྦྱངས་པས་རྡོ་དེའང་ཟད་པའི་ཉམས་དོད་ནས་ཡོད། སྐབས་ཤིག་ཉིན་ཉི་ཤུ་ཙམ་ལ་ཐ་མལ་གྱི་སྒྱུ་ལུས་ཡེ་ཤེས་ཀྱི་སྐུ་རུ་བཞེངས་པས་ཚུར་མཐོང་ཤའི་མིག་གིས་མཇལ་བ་མེད་པར་གྱུར་ནས་སླར་ཡང་གདུལ་བྱའི་མོས་ངོར་སྔར་ལྟར་སྣང་བར་མཛད་ཅིང་། རྒྱུན་དུ་གདོས་བཅས་ཀྱི་ལུས་འོད་སྐུར་གྲོལ་བའི་རྟགས་སུ་སྐུ་ལུས་ལ་གྲིབ་མ་མི་མངའ་བ། དེ་བཞིན་མཆོག་གི་གཏུམ་མོ་གྲུབ་ཅིང་ལས་རླུང་དྷུ་ཏིར་ཚུད་པས་སྐུ་ལུས་ཤིང་བལ་ལྟར་ཡངས་ཤིང་མདངས་པདྨ་ལྟར་གསལ་བ། དབུ་སྐྲ་དང་སྨ་ར་སྔར་དཀར་པོ་ཡིན་པ་ལ་ཕྱིས་བུང་བ་ལྟར་གནག་ཅིང་སྣུམ་པ། དགུན་ཤིན་ཏུ་གྲང་བའི་སྐབས་ཀྱང་སྒྲུབ་ཕུག་ཏུ་ཡོན་ཆབ་མི་འཁེང་པ། ཚུལ་ཁྲིམས་ཀྱི་བསླབ་པ་པདྨའི་སྦུབ་ལྟར་གཙང་བས་མདའ་རྒྱང་གང་ཙམ་བཞུགས་པའི་ཉེ་ཕྱོགས་སུ་ཚུལ་ཁྲིམས་ཀྱི་དྲི་བཟང་འཐུལ་བ་སོགས་ལམ་རྟགས་ཀྱི་ཡོན་ཏན་ཚད་མེད་པ་མངོན་དུ་གྱུར། ཡང་ཕ་ཡུལ་དར་རྩེ་མདོ་ནས་ཡིན་པའི་རྒྱའི་ཞལ་སློབ་ཞིག་གིས། རྗེ་ཉིད་སྔ་དྲོ་ཤྭ་བ་ཞིག་ལ་ཆིབས་ཏེ་གཞོན་ནུའི་ཚུལ་གྱིས་འཇའ་འོད་ཀྱི་ཀློང་ན་ནམ་མཁར་འགྲོ་བ་དང་། ཕྱི་དྲོ་རྒས་པའི་ཚུལ་གྱིས་སྒྲུབ་ཕུག་ན་བཞུགས་པ་མཐོང་བ་སོགས་དང་། སྐབས་ཤིག་རྒྱལ་འདྲེ་ཞིག་གིས་བར་ཆད་བརྩམ་ཚེ་བླ་མ་རིག་འཛིན་དྲག་པོའི་ཐུགས་དམིགས་ཀྱིས་གཟིར་བས་ལུས་ཕུང་སྲིན་བྱ་ཞིག་ཏུ་གྱུར་ཏེ་མདུན་དུ་ལྷུང་བ་བཀའ་རྟགས་ཕྱག་རྒྱས་དམ་ལ་བཞག་པ་བཅས་ལས་བཞིའི་ཕྲིན་ལས་ལ་མངའ་དབང་འབྱོར། དབྱར་དུས་སུ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ལུས་སྦྱིན་གཏོང་སར་གྲགས་པའི་རྡོ་ལེབ་ཞིག་ཡོད་པ་དེའི་སྟེང་དུ། རྗེ་འདིས་ཀྱང་ཡབ་རྗེ་གོང་མའི་རྣམ་ཐར་བདག་གིར་བཞེས་ནས་ཉིན་ལྟར་ཕྱི་དྲོའི་དུས་སུ་སྐུ་གཅེར་བུར་ཉལ་ཏེ་ནགས་ཀྱི་སྦྲང་བུ་ཁྲག་འཐུང་བ་དག་ལ་ལུས་སྦྱིན་མཛད་པས་སྐུ་ལུས་ཀྱི་ཆ་ཅུང་ཟད་ཀྱང་མཐོང་བ་མེད་པར་དུག་སྦྲང་གིས་གཡོགས་ཀྱང་། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་བདེན་སྟོབས་ཟབ་མོའི་མཐུ་ལས་རྨ་དང་སྐྲང་པ་སོགས་ཅི་ཡང་མཐོང་བ་མེད་པ་བཅས་རྒྱལ་སྲས་སེམས་དཔའི་རྣམ་ཐར་ལ་རང་བྱན་ཆུད། གཞན་ཡང་རྒྱལ་བསྟན་ཡང་དར་གྱི་དུས་འདིར་གྲུབ་དབང་རྫོགས་ཆེན་པའི་བསྟན་སྲིད་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་བ། བདག་ཅག་གི་སྐྱབས་རྗེ་བླ་མ་པདྨ་སྐལ་བཟང་རིན་པོ་ཆེ་དགུང་གྲངས་བདུན་གྱི་སྟེང་རྫོགས་ཆེན་གདན་སར་ཐོག་མར་སྤྱན་དྲངས་ནས་གསེར་ཁྲིར་བཀོད་པའི་ཉིན་འགའི་རྗེས། སྐུ་ཞང་མུ་ར་པདྨ་ནོར་བུ་མཆོག་གིས་གཤིན་རྗེ་སྒྲུབ་ཕུག་ཏུ་རྗེ་འདིའི་ཞལ་སྔར་ཁྲིད་སྐབས་ཤིན་ཏུ་དགྱེས་པ་ཆེན་པོས་ཐུགས་སྨོན་བཀའ་གཏད་མཛད་ནས་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་གཞིར་བཞེངས་སུ་སློང་མཁན་ཞིག་བྱེད་དགོས་སོགས་འབྱུང་འགྱུར་ལ་དགོངས་པའི་གསུང་འཕྲོས་ཞལ་བསྒོས་དུ་མ་མཛད་པ་དང་། སྐུ་འདའ་ཁར་གྲུབ་དབང་དྲུག་པ་དང་ཁོང་དཔོན་འཁོར་རྫོང་སར་དུ་དབང་ལུང་གསན་དུ་ཕེབས་པས་མི་བཞུགས་སྟབས། ཉེ་གནས་ལ་ཞལ་ཆེམས་སུ་མཛོད་བདུན་ཕྱག་དཔེ་ཆ་ཚང་འདི་མཁན་པད་རྡོའི་སྤྲུལ་སྐུའི་ཕྱག་ཏུ་འབུལ་དགོས་ཞེས་དོན་བརྒྱུད་སྙིང་པོའི་བསྟན་པ་གཏད་པ་བཅས་ཕྱི་མཐར་གཟིགས་པའི་མཁྱེན་པ་མངའ་བ་སོགས་ཐུན་མིན་གྱི་རྣམ་ཐར་མཐའ་ཡས། མདོར་ན་ཕྱི་མའི་དུས་སུ་མདོ་ཁམས་ཀྱི་ལྗོངས་འདིར་བཱི་མ་ལ་དངོས་སུ་བྱོན་པའོ་ཞེས་ཀུན་ལ་ཡོངས་སུ་གྲགས་པ་ལྟར་རང་བསྟོད་ཀྱི་ཆེ་བརྗོད་ཙམ་མིན་པར་རྫོགས་པའི་སངས་རྒྱས་དང་གཉིས་སུ་མེད་པ་མངོན་སུམ་དུ་བྱོན། རྒྱུན་པར་ཐུན་མཚམས་རྣམས་སུ་ལས་ཅན་གྱི་གདུལ་བྱ་ཕྱོགས་ནས་ཕེབས་པ་དག་ལ་མཛོད་ཆེན་བདུན་དང་། ངལ་གསོ་སྐོར་གསུམ། ཡེ་ཤེས་བླ་མ། བར་དོ་དྲུག་ཁྲིད། སྙིང་ཐིག་ཡ་བཞི་སོགས་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རབ་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས་། ཐུགས་སྲས་མཁས་གྲུབ་ཀྱི་སྐྱེས་བུ་གྲངས་མེད་བྱོན་པ་ལས་གཙོ་བོའི་མཚན་ཙམ་སྨོས་ན། གྲུབ་དབང་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། སྐྱབས་རྗེ་པདྨ་སྐལ་བཟང་། འབྲུག་སྤྲུལ་ཐུབ་བསྟན་ཉི་མ་སོགས་གདན་ས་འདིའི་མཁན་སྤྲུལ་སྐྱེས་ཆེན་ཡོངས་དང་། མུ་ར་པདྨ་ནོར་བུ་དང་། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན་ཏེ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་རྣམ་གཉིས། བདག་གི་རིགས་བདག་མཚུངས་མེད་རྟོགས་ལྡན་བློ་གྲོས་རྒྱ་མཚོ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། ཀཿཐོག་མཁན་ཆེན་ངག་ཆུང་། མི་ཕམ་སྤྲུལ་སྐུ་དགུ་རོང་རྒྱལ་སྲས། ཁུ་ནུ་བླ་མ་བསྟན་འཛིན་རྒྱ་མཚོ། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། ཨ་འཛོམས་འབྲུག་སྤྲུལ། རྨེ་བ་ཤེར་ཕྲེང་སྤྲུལ་སྐུ། མཁན་ནོར་བུ་བསྟན་འཛིན། ཡེ་ཤེས་དར་རྒྱས། ཉེ་གནས་རྨེ་བ་ཨོ་རྒྱན། གོ་འཇོ་མཁར་ལེགས་མཆོག་སྤྲུལ། མཁན་འཇམ་དཔལ། མཁན་དཀོན་མཆོག་རིན་ཆེན། ཨ་སེ་མཆོག་སྤྲུལ་འགྱུར་མེད་རྡོ་རྗེ། རྒྱ་རོང་ནམ་སྤྲུལ། ཨ་མདོའི་ཨ་ལགས་རྫོང་སྔོན་སོགས་མཁན་སྤྲུལ་ཇོ་བཙུན་མི་དཔོན་བཅས་གྲངས་ཀྱིས་མི་ལང་པ་བྱུང་། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་མཐའ་རུ་ཕྱིན་ནས་དགུང་གྲངས་དོན་བདུན་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ལུག་ལོ་སྟེ་སྤྱི་ལོ་༡༩༥༥ལོའི་དཔྱིད་ཁར་ཐུགས་རིག་སྟོང་ཆོས་སྐུའི་ཡེ་ཤེས་ནང་དབྱིངས་ཀ་དག་གདོད་མའི་གཞི་ཀློང་དུ་བསྡུས་ཤིང་། སྣང་བཅས་གཟུགས་སྐུའི་ཕུང་པོ་ལས་ཉིན་གྲངས་དུ་མར་འཇའ་འོད་འཕྲོ་ཞིང་དྲི་ཞིམ་གྱི་ངད་པས་ཁོར་ཡུག་ཁྱབ་སྟེ་རིམ་བཞིན་ཆུང་ངུར་གྱུར་ནས་ལྷག་མ་མེད་པར་གྱུར་ལ་ཉེ་སྐབས། ཞལ་སློབ་རྣམས་ཀྱིས་གསོལ་བ་བཏབ་པ་ལྟར་དད་པའི་རྟེན་དུ་ཁྲུ་གང་བ་ཙམ་ལུས་པ་བཞུགས་གནས་གཤིན་རྗེ་སྒྲུབ་ཕུག་གི་མཆོད་ཁྲིའི་རྩིགས་ངོས་སུ་དམར་གདུང་དུ་སྦས་པར་བྱས་སོ། །

མཁན་རབས་ཉེར་གཅིག་པ། ཨ་བོའི་མཁན་ཆེན་འཇིགས་མེད་བློ་གྲོས་ནི།

མདོ་ཁམས་རུ་དམ་ལྷ་ལུང་ཡར་ཕུ་རུ་ཨ་བོའི་རིགས་སུ་ཡབ་བསོད་ནམས་དང་། ཡུམ་བཟང་མོར་འབོད་པའི་སྲས་སུ་སྐུ་འཁྲུངས། བྱིས་པ་ཆུང་ངུའི་དུས་ནས་སེམས་ཅན་ལ་བཅོས་མིན་གྱི་སྙིང་རྗེ་དང་སྐུ་རྩེད་སྐབས་ཀྱང་ཆོས་འཆད་བསྐྱེད་སྒོམ་གྱི་སྟངས་ཀ་བྱེད་པ་སོགས་དམ་པའི་སྤྱོད་ཚུལ་གྱི་བག་ཆགས་མངའ་ཞིང་རྒྱལ་སྲས་ཞི་བ་ལྷའི་རྣམ་རོལ་དུ་གྲགས། མཁན་ཆེན་པདྨ་བཛྲ་དང་། རྫོགས་སྤྲུལ་ལྔ་པ། འཇམ་མགོན་མི་ཕམ། མཁན་དཀོན་མཆོག་གྲགས་པ། ཐུབ་དབང་བསྟན་པའི་ཉི་མ་སོགས་བཤེས་གཉེན་ཡོངས་འཛིན་དུ་མ་གཙུག་རྒྱན་དུ་བསྟེན་ནས་ཐུན་མོང་རིག་གནས་ནས་མདོ་རྒྱུད་ཀྱི་བཤད་ཁྲིད་ཡོངས་དང་། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་མན་ངག་གི་གདམས་ཁྲིད་བཅས་གསན་བསམ་མཐར་ཕྱིན་མཛད་པས་བཅུ་ཕྲག་རིག་པའི་གནས་ལ་ཆགས་ཐོགས་བྲལ་ཞིང་། ཉམས་མྱོང་རྟོགས་པའི་གདེང་ཚད་བརྙེས་པའི་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོར་གྱུར་པ་དང་། ཁྱད་པར་ཚེ་རབས་དུ་མར་ཡི་དམ་དཔལ་ཆེན་རྡོ་རྗེ་ཕུར་པའི་ལས་རབ་འབྱམས་ལ་མངའ་དབང་འབྱོར་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྟེ། གྲུབ་དབང་རྫོགས་ཆེན་ལྔ་པའི་ཞལ་སྔ་ནས་རྒྱུད་ལུགས་ཕུར་པའི་དབང་གསན་སྐབས་སོགས་སྔ་ཕྱིར་ཕུར་པའི་ཞལ་གཟིགས་ལན་བཞིར་ཐོབ། གདན་སའི་ལས་ཐོག་མཁན་པོ་འགར་མཐུ་གཏད་ཀྱི་བར་ཆད་བརྒྱུད་མར་བྱུང་ཚེ། སྐྱབས་རྗེ་ལྔ་པས་རྗེ་འདི་ཉིད་ལ་ཁྱེད་ནི་ཕུར་པའི་རྣལ་འབྱོར་པ་ཆེན་པོའོ་ཞེས་བཀས་དབུགས་དབྱུང་གནང་ནས་ལས་ཐོག་མཁན་པོར་བསྐོས། དུས་དེར་ཁོང་གི་གཟིམས་ཁང་ཐོག་ཁེབས་དང་། སྐུ་པང་སོགས་སུ་མཐུ་གཏད་ཀྱིས་འཕང་བའི་ཟངས་ཕྱེ་ལག་པས་ཕྱགས་རྒྱུ་ཡོད་པ་བྱུང་ཡང་གནོད་པས་ཅུང་ཟད་ཀྱང་མ་ཚུགས། སྒྲུབ་ཆེན་བཀའ་བརྒྱད་ཀྱི་དབུ་བཞུགས་མཛད་སྐབས་དཔལ་དགུའི་གཏོར་ཟོར་གྱི་རྩེ་ནས་མེ་སྟག་གི་ཚྭ་ཚྭ་འཕྲོས་ཏེ་རྔམ་པའི་རྐན་སྒྲ་བསྒྲགས་པ་སོགས་ལས་བཞི་འགྲུབ་པའི་རྟགས་མཚན་མཐོང་ཆོས་སུ་བྱུང་། ཤྲཱི་སེང་ཆོས་ཁྲིར་བཞུགས་སྐབས་འོད་ཀྱི་གོང་བུའི་དབུས་ན་ལྷ་སྔགས་ཤར་བ་གཟིགས་པ་དང་། ལྷག་པའི་ལྷས་བྱིན་རླབས་ཐོབ། ཉིད་ཀྱི་ཞལ་ནས་གྲུབ་དབང་རིན་པོ་ཆེས་ཐུགས་རྗེས་མདོ་སྔགས་གང་ཞིག་འཆད་དགོས་ཀྱང་ཞུམ་པ་མི་འདུག་ཅེས་འཁོར་ཚོགས་ཀྱི་དབུས་སུ་མི་འཇིགས་སེང་གེའི་སྒྲ་བསྒྲགས། མཁས་རློམ་རྟོག་གེའི་སྡེ་ཚོགས་ཀྱི་ང་རྒྱལ་བཅོམ་ཕྱིར་ཕར་མངོན་སོགས་གཞུང་ཆེན་ཁག་གི་ཚིག་དོན་མཐའ་དཔྱད་དང་བཅས་པ་ཐུགས་ཐོག་ནས་གསུངས་པས་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད། རྩོད་འདོད་ཀྱིས་འོང་བ་འགས་ཆོས་ཁྲིད་སྐབས་སྒོ་ཤུབས་ནས་ཉན་རྣ་བྱས་པས་ལེགས་པར་བཤད་པའི་གསུང་གིས་ཡིད་དབང་འཕྲོག་ཅིང་རྒོལ་འདོད་ཀྱི་འདུན་པ་བོར་ནས་ཞལ་སློབ་ཏུ་བཏུད། དེ་ལྟར་བསྟན་པའི་ཁུར་ཆེན་ལོ་གྲངས་དུ་མ་བཞེས་པའི་ཐུགས་འགན་རྫོགས་འཕྲལ། ཡབ་མེས་གོང་མའི་གདན་ས་རུ་དམ་དབེན་ཁྲོད་དུ་ཕེབས་ནས་ཆོས་བརྒྱད་འཇིག་རྟེན་གྱི་བྱ་བ་རྒྱང་དུ་དོར་ཏེ་བསྐྱེད་རྫོགས་རྫོགས་ཆེན་གྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་ནས་སྐུ་ཚེ་འདའ་བར་མཛད་པ་དང་། བར་གསེང་རྣམས་སུ་ཕྱོགས་འདུས་ཀྱི་སློབ་ཚོགས་སྣོད་ལྡན་རྣམས་ལ་རྒྱུད་གཞུང་མན་ངག་གི་ཟབ་ཁྲིད་ཆད་མེད་དུ་གནང་སྟེ་དུས་དང་རྣམ་པ་ཀུན་ཏུ་མི་རྟག་སྙིང་རྗེས་ཐུགས་འབྱོང་བའི་གསུང་ཁོ་ན་བྱོན། ཁྱད་པར་སྐུ་ཚེའི་སྨད་དུ་མཇལ་བ་སུ་ཡོང་ཀུན་ལ་ནོར་མ་གསོག་ཡར་མཆོད་མར་སྦྱིན་རེ་བྱོས་མ་གཏོགས་མི་འདོད་བཞིན་གཞན་གྱིས་ལོངས་སྤྱོད་དུ་འགྱུར་ཞེས་ཕྱི་མཐའ་གཟིགས་པའི་ཞལ་བསྒོས་ལུང་བསྟན་ཡང་ཡང་གནང་། དེ་ལྟར་ལྗོངས་འདིར་རྒྱལ་བསྟན་བཤད་སྒྲུབ་ཀྱིས་སྤེལ་བའི་མཛད་པ་མུ་མེད་དུ་བརྡལ་ནས་གཟུགས་སྐུ་ཞི་དབྱིངས་སུ་ཐིམ་པར་དགོངས་ཚེ། གྲུབ་དབང་དྲུག་པས་ས་ལེར་མཁྱེན་པས་ཡོངས་འཛིན་ཡོན་ཏན་མགོན་པོ་དང་རྣམ་གཉིས་གློ་བུར་དུ་དབེན་ཁྲོད་གཟིམས་ཁང་ལ་ཕེབས། དེ་མ་ཐག་རྗེ་འདིས་སྐུ་མདའ་ལྟར་བསྲངས་ནས། ཕྱག་མཉམ་པར་བཞག སྤྱན་ནམ་མཁར་གཟིགས་ཏེ་གཞི་དབྱིངས་ཀ་དག་གི་ཀློང་དུ་རབ་ཆོས་སྐུའི་འཕོ་བའི་གསང་ལམ་ནས་མངོན་པར་གཤེགས་པར་མཛད། རྫོགས་སྤྲུལ་རིན་པོ་ཆེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། བོད་པ་སྤྲུལ་སྐུས་དབུས་སློབ་ཚོགས་བརྒྱ་ཕྲག་དུ་མས་གདུང་སྦྱང་མཛད་པས། རང་བཞིན་ཆོས་སྐུར་གྲོལ་བའི་མཚན་རྟགས་སུ་ཕྱི་དབྱིངས་ཀྱི་ནམ་མཁའ་གཡའ་དག་སྟེ་གདུང་ཆེན་ལྔ་སོགས་རིང་བསྲེལ་མང་པོ་དད་པའི་རྟེན་སྐལ་དུ་བཞག་པར་མཛད་དོ། །

མཁན་རབས་ཉེར་གཉིས་པ། ཨ་གྲོའི་མཁན་པོ་ཡེ་ཤེས་རྒྱ་མཚོ་ནི།

རབ་བྱུང་བཅོ་ལྔ་པའི་ས་བྱི་ལོར་ཡབ་ཨ་གྲོ་བློ་ཆོས་དང་ཡུམ་འབར་ཆུང་རིག་ལྷ་གཉིས་ཀྱི་སྲས་སུ་མཚན་དཔེའི་མེ་ཏོག་བཞད། སྐུ་བལྟམས་པའི་ཚེ་འབྲུག་སྒྲ་གྲགས་ཤིང་སྦྲ་ཐོག་ཏུ་ཁ་བའི་མེ་ཏོག་བབ་ཅིང་འཇའ་འོད་འཁྲིགས་པ་སོགས་ངོ་མཚར་བའི་མཚན་ལྟས་དུ་མ་བྱུང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་རྣམ་གཉིས་ཀྱིས་རོང་པ་ཆོས་ཀྱི་བཟང་པོའི་རྣལ་རོལ་ཏུ་བསྔགས་ཤིང་། སྐྱེས་ཐོབ་ཀྱི་རྣམ་དཔྱོད་འགྲན་ཟླ་དང་བྲལ་བས་ཉིན་རེར་ཤོག་ལྡེབ་མདའ་ཚད་མ་རྒྱ་ཁབ་གང་རེའི་འཐུག་ཚད་ཅན་ཐུགས་འཛིན་མཛད་པས་ཨ་གྲོའི་ཡིག་རྒོད་མ་ཞེས་མཚན་དུ་གྲགས། སྐུ་ན་ཆུང་ངུའི་སྐབས་སུ་མཁན་ཆེན་པདྨ་བཛྲ་དང་འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེ་སོགས་བཤེས་གཉེན་འགའ་ལས་རྫོགས་ཆེན་སྐོར་གྱི་སྨིན་ཁྲིད་དུ་མ་གསན་པས་རིག་པ་གཅིག་ཆར་བའི་གང་ཟག་ཡིན་པར་གསུངས། ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཞལ་སྔ་ནས་བཀའ་གཏེར་གྱི་དབང་ཆོས་དུ་མ་གསན་ཞིང་། རྗེ་དེ་ཉིད་ཀྱིས་མཁན་ཆེན་གཞན་དགའ་རིན་པོ་ཆེ་ཤྲཱི་སེང་ཆོས་གྲྭར་བཞུགས་པའི་མདུན་དུ་གསན་སྦྱང་ལ་ཆེད་བསྐུལ་མཛད་པ་ལྟར་དེར་ཕེབས། གཞན་དགའ་རིན་པོ་ཆེ་ཐུགས་དགྱེས་པ་ཆེན་པོས་ཉིན་ལྟར་ཚོགས་མང་གི་དབུས་སུ་དམ་པ་འདིའི་རྣམ་དཔྱོད་ཀྱི་རྩལ་འདྲ་བ་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་ལ་ཡོད་ན་མ་གཏོགས་དེང་སང་བོད་ཡུལ་ལ་ཡོད་པ་དཀོན་ཞེས་བསྔགས་བརྗོད་མཛད། དགུང་གྲངས་ཉི་ཤུའི་སྐབས་སུ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཆེན་མོ་རྣམས་ཀྱི་རྩ་བ་དང་རྒྱ་བོད་ཀྱི་འགྲེལ་པ་ཆེ་ཆུང་ཐམས་ཅད་ཐུགས་ཐོག་ཏུ་མི་བཞུགས་པ་མེད་ཅིང་། རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་མ་དབྱངས་ཅན་མས་མི་དང་མི་ལབ་པ་ལྟ་བུའི་ཞལ་གཟིགས་ལན་གྲངས་དུ་མ་མཛད། གཞན་ཡང་འཇམ་མགོན་མི་ཕམ་རྣམ་རྒྱལ་དང་། ཕུར་ཚའི་མཁན་ཆེན་ཨ་དཀོན། མཁན་ཆེན་ཡོན་ཏན་རྒྱ་མཚོ་སོགས་མཁས་དབང་ཆེན་པོ་དག་གི་ཞབས་པད་ལ་བཏུད་དེ་གཞུང་བཤད་གདམས་ཁྲིད་མཐའ་ཡས་པ་གསན་པས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས། དགུང་ལོ་ཉེར་གཉིས་པར་གྲུབ་དབང་ལྔ་པ་དང་གཞན་དགའ་རིན་པོ་ཆེའི་བཀའ་ཡིས་བསྐུལ་བ་ལྟར་ཤྲཱི་སེང་ཆོས་གྲྭའི་ལས་ཐོག་མཁན་རབས་ཉེར་གཉིས་པའིི་ཆོས་ཁྲི་ལ་བཞུགས་ནས་འཆད་ཁྲིད་སྤེལ་བས་ལོ་ངོ་གཉིས་ཙམ་ནས་བར་ཆད་ཀྱིས་གློ་བུར་དུ་སྐུ་གཤེགས། དུས་དེར་གཞན་དགའ་རིན་པོ་ཆེའི་ཞལ་ནས། ཁོང་སྐུ་ཚེ་དང་འགྲོ་དོན་མཐའ་རུ་ཕྱིན་པ་བྱུང་ན་འཛམ་གླིང་ལ་གྲགས་པའི་མཁས་པའི་ཁྱུ་མཆོག་ཞིག་འབྱུང་བར་ངེས་ཀྱང་རང་རེ་སྔ་འགྱུར་པ་སྤྱིའི་བསོད་ནམས་ཀྱིས་མ་ཆུམ་པ་ཡིན་ཞེས་ཐུགས་མུག་ཡུན་རིང་མཛད་པར་གྲགས། ཉིན་འགའི་རྗེས་སུ་ལྷག་མའི་སྐུ་གདུང་ཅུང་ཟད་ཀྱང་མ་ལུས་པར་འོད་དུ་ཡལ་ཞིང་སྐྲ་སེན་རྣམས་བུམ་གཏེར་ཆུང་ངུ་ཞིག་ཏུ་བཞུགས་སུ་གསོལ་ཏེ་རུ་དམ་ཚེ་རིང་ལྗོངས་ཀྱི་རྡོ་འབུམ་གྱི་དཀྱིལ་དུ་སྦས་པར་མཛད་དོ། །

མཁན་རབས་ཉེར་གསུམ་པ། གནས་ལྔ་རིག་པའི་པཎ་ཆེན་མཁན་ཆེན་ཐུབ་བསྟན་སྙན་གྲགས་ནི།

རྫོགས་ཆེན་ཡིད་བཞིན་ནོར་བུ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་བཀའ་ལུང་དང་མཐུན་པར་མདོ་སྨད་རུ་དམ་རྫོགས་ཆེན་གྱི་སའི་ཆར་གཏོགས་བ་ཁོག་ཅེས་གྲགས་པའི་ཡུལ་དུ། ཡབ་སྨུག་པོ་ལྡོང་གི་རིགས་ལས་ཆད་པར་གྲགས་པའི་གཡག་ཚའི་རུས་ལས་བ་ཁོག་ལྷ་ཁོ་དང་། ཡུམ་གཡག་བཟའ་བ་ཇ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ལོར་སྐུ་བལྟམས། ཆུང་ངུ་ནས་སྐྱེས་ཐོབ་ཀྱི་ཤེས་རབ་གཞན་མཚུངས་དང་བྲལ་བས་ཡི་གེའི་སྦྱོར་ཀློག་ཕྱུགས་རྫིའི་ཞོར་དུ་རང་སྦྱོང་མཛད་པས་ཚེགས་མེད་དུ་མཁྱེན་པའི་རྣམ་དཔྱོད་མངའ། གངས་ཅན་བསྟན་པའི་ཉི་མ་མཁན་ཆེན་ཞི་བ་འཚོ་དང་། སྡེ་སྣོད་རིགས་པའི་བཀའ་བབ་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྣམ་རོལ་ཏུ་ཚད་མའི་སྐྱེས་ཆེན་དུ་མའི་ལུང་གིས་བསྔགས། རུ་དམ་བསམ་གཏན་ཆོས་གླིང་དུ་ཚོགས་ཞུགས་མཛད་ནས་གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་ཀྱིས་རབ་བྱུང་གི་སྡོམ་པ་གནང་ཞིང་གཙུག་ཕུད་བཞེས་པའི་མཚན་ལ་ཐུབ་བསྟན་སྙན་གྲགས་རྒྱ་མཚོ་ཞེས་གསོལ། དེ་ནས་སྒྲ་སྙན་སྨན་རྩིས་ནས་ཡི་གེའི་འབྲི་གཟུགས་སྣ་ཚོགས་པའི་བར་ཐུན་མོང་རིག་པའི་གནས་ལ་སྦྱང་པ་མཐར་ཕྱིན་མཛད་ཅིང་། ཁྱད་པར་དུ་འཕགས་པའི་རྣམ་དཔྱོད་ཀྱི་རྩལ་རྫོགས་པས་གྲུབ་དབང་ལྔ་པ་ཆེན་པོའི་མདུན་འཁོར་དྲུང་ཡིག་ཆེན་མོ་བ་མཛད་ནས་ལོ་འགར་བཞུགས། སྐབས་དེ་དག་ཏུ་རྫོགས་ཆེན་ལྔ་པ་རིན་པོ་ཆེ་ལས་ཐུན་མོང་ཐུན་མིན་གྱི་དབང་ལུང་ཟབ་ཁྲིད་མཐའ་ཡས་པ་གསན་པ་དང་། ཕྱིས་སུ་རྗེ་དེ་ཉིད་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པས་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཞེས་མཚན་གསོལ། དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་མོར་བཞུགས་ནས་མཁས་མཆོག་གཞན་ཕན་སྣང་བ་དང་། མཁན་ཆེན་རཏྣ་ཀིརྟི། ཨ་གྲོའི་མཁན་ཆེན་བསོད་ཆོས་སོགས་མཁས་དབང་དུ་མའི་ཞབས་པད་བསྟེན་ནས་རྒྱ་གར་མཁས་པའི་ལེགས་བཤད་དྲི་མ་མེད་པ་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ཆ་ལག་དང་བཅས་པ་ཡོངས་དང་། རེ་མདའ་བའི་འཇུག་འགྲེལ། ཕར་ཕྱིན་གཡག་ཊཱིཀ མངོན་པ་མཆིམས་ཆེ་ཆུང་། འདུལ་བ་མཚོ་ཆེ་ཆུང་། རྗེ་དགེ་འདུན་གྲུབ་ཀྱི་འདུལ་ཊཱིཀ རོང་སྟོན་ཕར་ཊཱིཀ གོ་རམས་སྦས་དོན་རབ་གསལ། སྦས་དོན་ཟབ་མོ། རྒྱལ་ཚབ་རྣམ་དཔྱད་སྙིང་རྒྱན། མཁས་གྲུབ་རྗེའི་དབུ་མའི་སྟོང་ཐུན། རྗེའི་ལེགས་བཤད་གསེར་ཕྲེང་། ས་པཎ་ཚད་མ་རིགས་གཏེར་སོགས་བོད་འགྲེལ་ཆེན་མོ་རྣམས་དང་། དཔལ་གསང་བ་སྙིང་པོའི་འགྲེལ་ཆེན་སྤར་ཁབ་དང་། གཡུང་ཊཱིཀ ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ། སངས་རྒྱས་གསང་བའི་ལམ་རིམ་ཆེ་ཆུང་། ཕྱོགས་བཅུའི་མུན་སེལ། དཀོན་མཆོག་འགྲེལ། གསང་བདག་ཞལ་དགོངས་རྣམ་གཉིས། འཇམ་མགོན་བླ་མའི་སྤྱི་དོན་འོད་གསལ་སྙིང་པོ། རྡོ་གྲུབ་སྤྱི་དོན་མཛོད་ལྡེ་སོགས་རྒྱ་བོད་མཁས་པའི་གཞུང་འགྲེལ་ཕལ་མོ་ཆེའི་བཤད་ཁྲིད་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། མཁན་ཆེན་པདྨ་བཛྲ་ཡབ་སྲས་ལས་བརྒྱུད་པའི་བཀའ་སྲོལ་ཁྱད་དུ་འཕགས་པ་ཀུན་གསན་ཞིང་། དེ་ལས་གསང་བདག་དགོངས་རྒྱན་དང་རྡོ་གྲུབ་སྤྱི་དོན་གཉིས་ཀྱི་ཚིག་དོན་མཐར་ཆགས་སུ་ཐུགས་ཐོག་ལ་མངའ་བ་སྟེ། ཞེ་ཆེན་རབ་འབྱམས་དྲུག་པ་ཁྲི་གསོལ་སྐབས་གྲུབ་དབང་རྫོགས་ཆེན་ལྔ་པ་ཆེན་པོས་ཐུབ་སྙན་ནས་ཚོགས་བཤད་ཅིག་གྱིས་ཞེས་གློ་བུར་དུ་བཀའ་ཕེབས་པར། རྗེ་འདིས་དེ་མ་ཐག་གསང་བ་སྙིང་པོའི་སྤྱི་དོན་གྱི་བཤད་པ་ཐུགས་ཐོག་ནས་མཛད་པས་དེར་བཞུགས་མཁས་པའི་དབང་པོ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་མཛད། གཞན་ཡང་འཇམ་མགོན་མི་ཕམ་རིན་པོ་ཆེ། མཁན་ཆེན་ཡོན་ཏན་རྒྱ་མཚོ། བྱ་བྲལ་ཀུན་དགའ་དཔལ་ལྡན། མི་ཉག་ཨ་དཔལ་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་སྤྱིའི་ཆོས་བཀའ་ཅི་རིགས་པ་གསན་པ་བཅས་ཀྱིས་མཁས་པའི་ཡང་རྩེར་སོན། ཁྱད་པར་ཐུན་མིན་གྱི་བླ་མ་གྲུབ་དབང་ལྔ་པ་ཆེན་པོ་དང་། གཞན་ཕན་ཆོས་ཀྱི་སྣང་བ། མུ་ར་པདྨ་བདེ་ཆེན་བཟང་པོ། ཨ་འཛོམས་འབྲུག་ཆེན་འགྲོ་འདུལ་དཔའ་བོ་རྡོ་རྗེ་རྣམས་ཏེ། རྗེ་འདི་དག་རྣམས་ལས་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རབ་རིན་པོ་ཆེ་མཛོད་ཆེན་བདུན་དང་། ངལ་གསོ་སྐོར་གསུམ། པོད་དགུ། སྙིང་ཐིག་ཡ་བཞི། རྒྱུད་བཅུ་བདུན་སོགས་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་ཆོས་ཚུལ་སྙན་བརྒྱུད་དམར་ཁྲིད་དང་བཅས་པ་གསན། དགུང་གྲངས་སུམ་ཅུ་པར་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ལུང་གིས་མཁན་རབས་ནོར་བུའི་ཕྲེང་བ་ཚར་དུ་དངར་བའི་གསེར་ཁྲིར་བཀོད། ཐོག་མའི་ལས་ཐོག་ལོ་ངོ་བཞིའི་རིང་རྩ་བའི་གདན་སར་དབྱར་གནས་ཀྱི་མཁན་པོ་དང་། སྒྲུབ་ཆེན་བཀའ་བརྒྱད་ཀྱི་རྡོ་རྗེ་སློབ་དཔོན། སློབ་རྒན་མའི་གཞུང་ཁྲིད་མཁན་པོ་བཅས་སྔར་སྲོལ་ལྟར་མཛད། དེ་ནས་ཤྲཱི་སེང་དུ་ལོ་ངོ་བཞི་ལ་མདོ་སྔགས་ཀྱི་བཤད་ཁྲིད་རྒྱ་ཆེར་མཛད་པས་སྐབས་དེའི་ཞལ་སློབ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་འཆད་རྩོད་རྩོམ་པ་ལ་འགྲན་ཟླ་དང་བྲལ་བའི་མཁས་པ་དུ་མ་བྱོན། དེ་ལྟར་བགྲང་བྱ་བཞི་ཚན་གཉིས་ཀྱི་བསྟན་འགན་རྫོགས་འཕྲལ་རུ་དམ་དབེན་ཁྲོད་ཀྱི་སྒྲུབ་ཕུག་ཞིག་ཏུ་ཕེབས་ནས་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་བཞེས་ལ་གཞོལ་ཏེ་ཆོས་ཁྲིད་སོགས་ཅི་ཡང་མ་གསུང་པར་གཅིག་པུར་ཡུན་རིང་བཞུགས་པར་མཛད། སྐབས་ཤིག་གྲུབ་དབང་རིན་པོ་ཆེའི་སྐུ་དྲུང་དུ་འབྲུག་པ་རྒྱལ་པོས་བང་མི་བཏང་ནས་སྐུ་ཉིད་ཕེབས་རྒྱུ་བྱུང་ན་རབ་དང་། དེ་ལྟར་མ་བྱུང་ཚེ་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་སོགས་རྫོགས་པ་ཆེན་པོ་ཉམས་ཁྲིད་གནང་མཁན་མཚན་ལྡན་གྱི་བཤེས་གཉེན་ཞིག་སྐུ་ཚབ་ཏུ་གཏོང་བར་བསྐུལ་བ་ལྟར། སྐྱབས་རྗེ་ཡིད་བཞིན་ནོར་བུས་རྗེ་འདི་ཉིད་མ་ཕེབས་ཐབས་མེད་ཀྱི་བཀའ་གསུང་གནང་བ་བཟློག་པར་མ་ནུས་ཏེ་དེར་ཕྱོགས་སུ་སྔ་ཕྱིར་ཐེངས་གཉིས་ལ་ཆིབས་ཞལ་བསྒྱུར། དུས་དེར་ཨ་འཛོམས་འབྲུག་ཆེན་རིན་པོ་ཆེས་ཆོས་ཁྲིད་གསུང་བཞིན་པའི་སྐབས་ཡེ་ཤེས་ཀྱི་གཟིགས་པས་མཁྱེན་ཏེ་། ཨ་ཨ་མཁན་པོ་ཐུབ་སྙན་ལ་བར་ཆད་ཅུང་ཙམ་བྱུང་སོང་ཞེས་གློ་བུར་དུ་གསུངས། མདུན་འཁོད་རྣམས་ཀྱིས་ཅི་ལགས་ཞུས་ཚེ། བར་ཆད་ཟེར་དགོས་སམ། ཁོང་བཞུགས་ས་དེར་ཡུན་རིང་ཙམ་བཞུགས་ན་ཕུང་པོ་འཇའ་ལུས་འགྲུབ་ནས་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པས་གདོད་མའི་སར་སྦྱོར་བར་ངེས་ཀྱང་། ད་བཞུགས་རྒྱུ་རེད་མ་སོང་། འོན་ཀྱང་སེམས་ཅན་སུམ་སྟོང་ལས་ལྷག་པ་ལ་ཕན་ཐོགས་པའི་འགྲོ་དོན་རྒྱ་ཆེན་འབྱུང་རྒྱུ་རེད་གསུངས། ཡར་ལམ་གསུང་རབ་ཀྱི་གླེགས་ཤིང་ཟུང་གིས་སྐུའི་མདུན་རྒྱབ་བཅིངས་ནས་ཆོས་སྡེ་ཆེན་པོ་སེ་འབྲས་དགའ་གསུམ་སོགས་དབུས་གཙང་གི་ཆོས་གྲྭ་ཀུན་ལ་གྲྭ་སྐོར་མཛད་ཅིང་། རྗེ་འདི་སྔོན་སྦྱང་གི་ལས་འཕྲོ་སད་པས་རི་བོ་དགེ་ལྡན་པའི་གྲུབ་མཐའ་དང་ཡིག་ཆ་ཀུན་ལ་རང་བྱན་ཆུད་ཅིང་མཚན་ཉིད་ཀྱི་བཤད་པའང་ལུགས་འདི་མཛད་པར་ཐུགས་དགྱེས་པས། མཁས་པའི་གྲགས་པ་ལྡན་པའི་དགེ་བཤེས་མང་པོ་དང་དགེ་ལྡན་ཡིག་ཆའི་སྟེང་ནས་བརྩད་པས་ཀུན་ལས་རྣམ་པར་རྒྱལ་ཏེ། རྙིང་མ་ལའང་འདི་འདྲའི་མཁས་པ་ཡོད་པ་སྲིད་དམ་ཞེས་བསྔགས་པ་བརྗོད་བཞིན་ཆོས་ཀྱི་དགའ་སྟོན་སྤེལ་རེས་མཛད། དབུ་ཐོད་དུ་སྐྲ་དཀར་ཨ་ཡིག་གི་དབྱིབས་ཅན་ཞིག་ཡོད་པས་ཁམས་ཀྱི་མཁས་པ་འཛི་རིས་ཞེས་ཡོངས་སུ་གྲགས་པ་བྱུང་། ལྷ་ལྡན་དུ་རྒྱལ་བ་ཙོང་ཁ་པས་དངོས་སུ་ཞལ་གཟིགས་ནས་བྱིན་རླབས་ཀྱི་རྗེས་གནང་ཐོབ། རྒྱུན་དུ་དབུ་ཞྭ་དང་ཐུལ་བ་སོགས་དགེ་ལྡན་པ་ལྟར་ཁ་དོག་སེར་པོ་མཛད་པ་དང་། གཟིམ་ཁང་མཆོད་ཁྲིའི་ཡང་ཐོག་ཏུ་ཀུན་མཁྱེན་ཆེན་པོའི་གསུང་རབ་མཛོད་ཆེན་བདུན་སོགས་ཀྱི་ཕྱག་དཔེ་རྣམས་སྔ་འགྱུར་རྙིང་མའི་ཕ་ཆོས་ཡིན་ཞེས་བཞུགས་སུ་གསོལ་བ་དང་། དེ་འཕྲོས་རྗེ་ཡབ་སྲས་གསུམ་གྱི་བཀའ་འབུམ་བཞུགས་སུ་གསོལ་བ་སོགས་ལུགས་འདི་ཐུགས་རྩིས་ཆེན་པོ་མཛད། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནས་ཆིབས་བསུའི་རྣམ་གྲངས་བློའི་ར་བ་ལས་འགོང་བས་མདུན་བརྡལ་ཏེ་ཕོ་བྲང་ཆེན་པོར་ཞབས་སོར་བཀོད། ཆོས་རྒྱལ་ཆེན་པོ་འཇིགས་མེད་དབང་ཕྱུག་དང་བཙུན་མོ་ཕུན་ཚོགས་ཆོས་སྒྲོན། རྒྱལ་སྲས་འཇིགས་མེད་དབང་ཕྱུག་རྡོ་རྗེ་ཡུམ་སྲས་མདུན་འཁོར་དང་བཅས་པས་དད་གུས་ཚད་མེད་པས་དབུ་བླར་བཀུར་ཞིང་། རྒྱལ་པོའི་གཙོས་སྣོད་རུང་ཉུང་ཤས་ལ་ཐོག་མར་སྒྱུ་འཕྲུལ་ཞི་ཁྲོ་དང་། དུམ་གཉིས། ཡ་བཞི་བཅས་ཀྱི་དབང་དང་། དེ་ནས་ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། མཛོད་ཆེན་བདུན། སྙིང་ཐིག་ཡ་བཞི། གསུང་ཐོར་བུ་བཅས་དང་། རྗེས་སུ་ཡེ་ཤེས་བླ་མ་དང་བླ་མ་ཡང་ཏིག་གཉིས་བཅས་ཟབ་ཆོས་ཀྱིས་རེ་བ་ཡིད་བཞིན་དུ་བསྐངས། གཞན་ཀུན་མཁྱེན་གདན་ས་བུམ་ཐང་ཐར་པ་གླིང་སོགས་དགོན་སྡེ་དུ་མར་དཔལ་སྤྲུལ་སྔོན་འགྲོའི་ཁྲིད་སྦྱང་དང་། པོད་དགུའི་ལུང་སོགས་གནང་ནས་ཕྱིར་རུ་དམ་གདན་སར་ཕེབས། ནགས་ཆུང་དབེན་ཁྲོད་དུ་རྫོགས་ཆེན་དཔོན་སློབ་དང་མདོ་མཁྱེན་བརྩེའི་རྣམ་རོལ་བོད་པ་སྤྲུལ་སྐུ་ཟུང་གི་ཡོངས་འཛིན་དུ་ལོ་འགར་བཞུགས། སླར་ཡང་གདན་ཞུས་ལྟར་འབྲུག་ཏུ་ཕེབས་ནས་རྒྱལ་པོའི་ཉམས་ལེན་སྐོར་ལ་དོགས་སེལ་བོགས་འདོན་མཛད་དེ་ཕྱིར་རང་དགོན་དུ་ཞབས་པད་བཀོད། དེ་འཕྲལ་རུ་དམ་གནས་ལག་དཔྱལ་གྱི་བྲག་དཀར་དུ་གདན་ས་མཛད་ནས་བཞུགས་ཤིང་། གནས་དེར་མདོ་སྔགས་རིགས་གནས་དང་བཅས་པའི་འཆད་ཁྲིད་མཛད་ནས་ཐེག་རྩེ་རྫོགས་ཆེན་གྱི་ཉམས་ཁྲིད་བར་གྱི་ཆོས་འཁོར་རྒྱ་ཆེར་བསྐོར་བ་སྟེ། ཉིན་རེར་མ་མཐའ་ཡང་ཆོས་ཁྲིད་གསུམ་བཞི་གསུངས་པས་ཕྱོགས་འདུས་ཀྱི་སློབ་ཚོགས་བརྒྱ་ཕྲག་ཁ་ཤས་བྱུང་སྟེ་བཤད་སྒྲུབ་ཟུང་འབྲེལ་གྱི་ཆོས་སྡེ་ཞིག་གསར་དུ་ཆགས། མཁན་ཆེན་གཞན་དགའི་ཕྱག་སྲོལ་ལྟར་གཞུང་ཆེན་བཅུ་གསུམ་ལ་ཐོས་བསམ་སྔོན་དུ་སོང་བའམ་འབུམ་ལྔའི་བསགས་སྦྱང་གྲུབ་པ་ཡིན་ཚེ་ཡེ་ཤེས་བླ་མའི་སྨིན་ཁྲིད་གནང་བ་དང་། ཉིད་ཀྱི་མདུན་ནས་ཁྲིད་ཁ་ཐམས་ཅད་རྫོགས་པར་བཞག་པ་ལ་བླ་མ་ཡང་ཏིག་གསུང་པར་མཛད་ཀྱང་། དེ་ཡང་ཞུ་མཁན་བདུན་ལས་མང་བ་ལ་གསུང་པ་རིག་འཛིན་གོང་མའི་བཀའ་སྲོལ་ལ་མེད་ཅེས་ཆོས་སྒོ་ཤིན་ཏུ་དམ་པར་མཛད། བར་སྐབས་རྣམས་སུ་ཁམས་མི་ཉག་སོགས་ཡུལ་གྲུ་དུ་མར་ཞལ་སློབ་རྣམས་ཀྱིས་གདན་ཞུས་ལྟར་ཕེབས་ཤིང་ཡུལ་ཕྱོགས་དེ་དག་ཏུ་བཤད་སྒྲུབ་ཐོས་བསམ་གྱི་སྡེ་གསར་དུ་བཙུགས་པ་དང་། ཡུལ་ཁམས་ཀུན་ཏུ་རྐུན་ཇག་དམར་སྟོན་གྱི་སྲོལ་བསྣུབས་པ་བཅས་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད། མདོར་ན་རྗེ་འདི་སྐུ་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བ་ལས་དུས་ཐུང་སྐད་ཅིག་ཙམ་ཡང་ཆུད་ཟོས་མི་མཛད་པར་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གཞོལ་བ་སྟེ། མཚན་མོ་སྐུ་ཆིངས་བཀྲོལ་བ་གཏན་ནས་མི་སྲིད་ཅིང་ནམ་ལང་ཁར་ཐུན་ཐུང་ཞིག་གི་ཡུན་ལ་ཐུལ་བ་དབུ་ཐོག་ཏུ་འཐེན་ཏེ་སྐུ་བསྙེལ་ཙམ་མཛད་པ་ལས་བྱོན་བཞུགས་ཀུན་ཏུ་ཉིན་སྣང་མཚན་སྣང་མཉམ་པར་ཉམས་ལེན་ཁོ་ན་མཛད། ལས་རླུང་དྷུ་ཏིར་ཚུད་པས་སྐུ་བགྲེས་ཉམས་དང་བྲལ་ཞིང་ཕྱག་ཞབས་བརྐྱངས་བསྐུམས་སོགས་གཞོན་ནུ་ལྟར་མཉེན་པས་དགུང་གྲངས་བདུན་ཅུའི་སྐོར་ཀྱང་རྩ་རླུང་གི་ཁྲིད་དཔོན་ཉིད་ཀྱིས་མཛད། ཐེངས་མ་གཉིས་ཙམ་ལ་ཆིབས་རྟ་འདྲོག་སྐབས་ས་ཐོག་ཏུ་སྐྱིལ་ཀྲུང་གིས་བབ་ཅིང་སྐུ་ལུས་ལ་བརྡབས་སྐྱོན་ཅུང་ཟད་ཀྱང་མ་བྱུང་བ་དང་། རླུང་གི་ཁུག་པའི་གྲངས་ཚད་དང་འབེབས་སོགས་ལ་གཞལ་ན་བུམ་པ་ཅན་གྱི་ཚད་ལ་སླེབས་ཡོད་ཅེས་ཀུན་ལ་གྲགས། གཞན་ཡང་ཐུན་མིན་གྱི་རྣམ་ཐར་མི་མ་ཡིན་པ་ཆོས་ཞུར་འོངས་ཤིང་བསྙེན་བཀུར་བྱས་པ་དང་། ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པའི་ཡེ་ཤེས་མངའ་ཚུལ་སོགས་ངག་རྒྱུན་དུ་མ་ཡོད་ཀྱང་མཁས་དང་གྲུབ་པའི་རྩེར་སོན་གྱི་སྐྱེས་བུ་འདི་ལྟ་བུ་ལ་དེ་ཙམ་ཁྱད་ཆོས་སུ་འགྱུར་བར་མ་སེམས་པས་འདིར་ཞིབ་པར་བཀོད་པའི་ངལ་བ་ལྷུར་མ་བླངས། ཞལ་གསུངས་བསྟན་བཅོས་ཀྱི་སྐོར་ལ། སྤྱོད་འཇུག་མཚན་དོན་གྱི་འགྲེལ་བ། གཅོད་ཀྱི་བསྡུས་དོན་ཆོས་བརྒྱད་འཁྲུལ་བའི་སྦུབ་བཤིག་བསེ་རུ་ལྟ་བུའི་སྤྱོད་པ། ཤེར་ཕྱིན་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ། དག་ཡིག་ངག་སྒྲོན་གྱི་འགྲེལ་བ་ཨུཏྤལ་གཞོན་ནུའི་ཕྲེང་བ། ཤྲཱི་སེང་དུ་མཛོད་བདུན་པར་བསྐྲུན་བྱས་པའི་དཀར་ཆག སྒྲ་ཊཱིཀ་ཆེན་མོ། བསྐྱེད་རྫོགས་ཟིན་བྲིས། །གཞན་བསྟོད་ཚོགས་དང་ཞལ་གདམས་སོགས་ཐོར་བུའི་སྐོར་བཅས་པོད་གྲངས་དུ་མ་མཛད་ཀྱང་དུས་འགྱུར་གྱི་སྐབས་སུ་འགའ་ཞིག་ཁ་འཐོར་ཏུ་སོང་ཞིང་འགའ་ཞིག་དེང་སང་ཡང་མཇལ་དུ་བཞུགས་པ་ལགས་སོ། །དེ་བཞིན་གསུང་ལས་སྐྱེས་པའི་ཞལ་སློབ་ཀྱི་ཚོགས་ནི་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། བདག་ཅག་གི་སྐྱབས་རྗེ་བླ་མ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཨ་འཛོམས་འབྲུག་སྤྲུལ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། བྲག་དཀར་སྤྲུལ་སྐུ། རྫོགས་ཆེན་མཁན་ཆེན་ཨ་པད་ཚེ་དབང་དང་། འོད་ལུ། ཆོས་ཚ། ཆོས་འབྱོར་སོགས་དང་། ར་སྐོར་ཐུབ་ནོར། ཨ་རིག་མཁན་ཆེན་པདྨ་ཚེ་དབང་། ཇ་ཆུ་སྤྲུལ་སྐུ། གཡག་ཟེའི་ཚེ་འགྱུར། རྗེ་བཙུན་མ་ཟླ་གསལ་དབང་མོ། སྦྲ་ནག་རབ་དགའ། སྤེས་རབ་ཐོར་ཅོག སྐུ་ནུབ་མཁན་པོ་འོད་ཟེར། འཛིང་པ་རྡོ་རྗེ། ཚ་བ་ཐུབ་བསྟན་སོགས་མཁས་པ་དུ་མ་བྱོན་ནས་འཆད་རྩོད་རྩོམ་པའི་སྣང་བས་རྒྱལ་བསྟན་ཕྱོགས་ཀུན་གསལ་བར་མཛད། དགུང་གྲངས་དོན་གསུམ་པའི་སྐབས་མནབ་ཆས་ཕྲན་བུ་ཙམ་དང་གསོལ་བ་ཅུང་ཟད་ལས་མ་བཞག་པར་སྐུ་ཆས་ཐམས་ཅད་སྤང་དག་གིས་ཤྲཱི་སེང་ཆོས་གྲྭའི་གཙུག་ལག་ཁང་ཉམས་གསོའི་ཆ་རྐྱེན་དུ་གནང་ཞིང་། མཆོད་ཆས་དང་ཕྱག་དཔེ་སོགས་ཀྱང་ཆོས་གྲྭར་རྟེན་བཞག་མཛད་ནས་རྒྱལ་བསྟན་ཡུན་གནས་བྱུང་ན་མཁན་རབས་ཕྱི་མ་རྣམས་ལ་རིམ་པར་རྩིས་སྤྲོད་དང་། གལ་ཏེ་མ་བྱུང་ཀྱང་སྐྱེ་བ་ཕྱི་མ་རྣམས་སུ་གླིང་འདིར་འོང་ནས་འཆད་རྩོད་རྩོམ་གསུམ་བྱེད་པའི་རྟེན་འབྲེལ་དང་སྨོན་ལམ་ཡིན་སོགས་འབྱུང་འགྱུར་གསལ་བའི་གསུང་དུ་མ་གནང་། ཁྲིད་སྦྱང་སོགས་ཆོས་ཁྲིད་ཐམས་ཅད་རྒྱས་པ་མཛད་ཅིང་མཇུག་ཏུ་བསྔོ་སྨོན་ཟབ་མོ་མཛད་ནས་ད་ནས་བཤད་ཁྲིད་བྱེད་རྒྱུ་ཨེ་ཡོང་མི་ཤེས་ཞེས་ཡང་ཡང་གསུངས། མཐར་དགུང་གྲངས་དོན་བདུན་བཞེས་པ་སྤྱི་ལོ་༡༩༥༩པ་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར། ཇི་སྐད་དུ། ན་ལུང་གྲུབ་ཆེན་གྱི་ཞལ་ནས། དོན་བདུན་པ་ལ་རིག་པའི་ཁྱེའུ་འཕུར། །ཤམ་བྷ་ལ་རུ་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་གསུངས་པ་ལྟར་དུས་འགྱུར་ཆེན་མོའི་སྐབས་སུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་སོ། །

མཁན་རབས་ཉེར་བཞི་པ། ཉག་ཤུལ་མཁན་པོ་འགྱུར་མེད་འོད་གསལ་ནི།

ཡུལ་མདོ་སྨད་འབྲོག་ཁུལ་གྱི་ས་ཆ་ཞིག་ཏུ་དཔའ་འཛངས་ལྡན་པ་ཉག་ཤུལ་ཅེས་པའི་རིགས་སུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ཁུ་བོ་རྣམས་དང་ལྷན་དུ་རུ་དམ་གདན་སར་ཆོས་མཇལ་ཕེབས་ཚེ་བཟློག་ཏུ་མེད་པའི་ངེས་འབྱུང་དྲག་པོས་རབ་ཏུ་བྱུང་བར་འདོད་པ་བཞིན་ཆོས་སྡེ་ཆེན་མོའི་གཞུང་གྲྭར་མཚན་ཐོ་བཀོད་དེ་ཚོགས་ཞུགས་མཛད། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གཙུག་ཕུད་བཞེས་ཤིང་དགྱེས་བརྩེ་ཆེན་པོས་ཁང་ས་སོགས་གནང་སྦྱིན་མཛད། རྗེ་གང་ཉིད་ཀྱི་ཞལ་སྔ་ནས་ཐོག་མར་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས་པ་ནས་སོ་བྱང་སྔགས་ཀྱི་དམ་སྡོམ་མ་ལུས་པ་ལེགས་པར་ནོད་ཅིང་། སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་ཆིག་རྫོགས་སུ་བཞེས་པས་གཙུག་གི་རྒྱན་གཅིག་ཏུ་འཛིན། གཞན་ཡང་མཁས་མཆོག་གཞན་ཕན་སྣང་བ་དང་། ཨ་གྲོའི་མཁན་པོ་བསོད་ཆོས། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་སོགས་ཡོངས་འཛིན་བཤེས་གཉེན་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱངས་མཛད། དགུང་གྲངས་སུམ་ཅུའི་སྐོར་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མི་མངའ་བའི་རྣམ་དཔྱོད་ཀྱི་རྩལ་རྒྱས་པས་དཔལ་སེང་གེ་རིའི་ཆོས་སྡེའི་མཁན་ཁྲིར་བཞུགས་ཏེ་འཆད་ཁྲིད་རྒྱ་ཆེར་སྐྱོང་བཞིན་པའི་སྐབས་བར་ཆད་ཀྱིས་སྐུ་ཚེ་མཐར་མ་ཕྱིན་པར་ཞི་བར་གཤེགས། །

མཁན་རབས་ཉེར་ལྔ་པ། མཁས་གྲུབ་ངག་དབང་ནོར་བུ་ནི།

སྤྱི་ལོ་༡༨༨༦པ་རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ལོར་མདོ་ཁམས་རུ་དམ་གདན་ས་དང་ཉེ་བའི་འདབས་རོལ་དུ་ཡབ་ཨ་གྲོའི་བློ་གྲོས་ཆོས་འཕེལ་དང་ཡུམ་འབར་ཆུང་རིག་ལྷ་ཞེས་པའི་སྲས་སུ་སྐུ་འཁྲུངས། སྐྱེས་ཐོབ་ཀྱི་རྣམ་དཔྱོད་འགྲན་ཟླ་དང་བྲལ་བས་འབྲི་ཀློག་སོགས་བརྡའ་བསྟན་པ་ཙམ་གྱིས་ཐུགས་འཛིན་ནུས་པ་དང་། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ཞལ་གཟིགས་རྗེས་བཟུང་སོགས་དག་པའི་གཟིགས་སྣང་འབྱམས་སུ་ཀླས་པ་བཅས་ཕལ་བའི་བྱིས་པ་གཞན་ལས་ཁྱད་དུ་འཕགས་པའི་རྣམ་ཐར་མཐའ་ཡས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་གཙུག་ཕུད་ཕུལ་པའི་མཚན་དུ་ཐུབ་བསྟན་ངག་དབང་ནོར་བུར་གསོལ། མཁན་ཆེན་པདྨ་བཛྲ་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་བསླབ་སྡོམ་བཞེས་ཤིང་། རྗེ་འདི་ཉིད་རྣམ་གཉིས་ལས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་ཁྲིད་རྒྱུད་ལུང་དང་བཅས་པའི་རྒྱུན་བཞེས། ཁྱད་པར་བཀའ་དྲིན་ཟླ་བྲལ་གྱི་གཙུག་རྒྱན་དམ་པ་རྒྱ་ཀོང་མཁན་ཆེན་གཞན་ཕན་སྣང་བ་ལས་ཉིད་མཛད་རྒྱ་གཞུང་བཅུ་གསུམ་གྱི་མཆན་འགྲེལ་གཙོས་མདོ་རྒྱུད་གཞུང་ཆེན་ཁག་གི་འགྲེལ་ཆེན་སྤྱི་དོན་དོགས་གཅོད་དང་བཅས་པའི་རྒྱས་ཁྲིད་དང་། གསང་བ་སྙིང་ཐིག་གོང་འོག་གི་གདམས་ངག་མཐའ་དག་དམར་ཁྲིད་ཀྱི་ཚུལ་དུ་གསན་པས་རྟོགས་པ་དོན་བརྒྱུད་ཀྱི་རྩ་བའི་བླ་མ་ཡིན་ཞེས་ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་ཉིལ་བ་མཛད། གཞན་ཡང་གཅེན་ཨ་གྲོའི་མཁན་ཆེན་བསོད་ཆོས་དང་། མུ་ར་པདྨ་བདེ་ཆེན་བཟང་པོ། བྱ་བྲལ་ཀུན་དགའ་དཔལ་ལྡན། མི་ཉག་ཨ་དཔལ། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་སོགས་ཡོངས་འཛིན་བཤེས་གཉེན་བཅུ་ཕྲག་ལྷག་ལས་གཞུང་བཤད་གདམས་ཁྲིད་མཐའ་ཡས་པ་གསན་ཞིང་བསམ་ཞིབ་དཔྱིས་ཕྱིན་པ་གནང་བས་འགྲན་ཟླ་དང་བྲལ་བའི་མཁས་པའི་ཡང་རྩེར་སོན། དགུང་གྲངས་ཉི་ཤུའི་སྐོར་སྡོམ་བརྩོན་དཀོན་མཆོག་གྲགས་པ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པར་བསྒྲུབས་པ་ནས་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་གོས་པ་མེད་པས་དབྱར་གནས་ཀྱི་སྐབས་སུ་གནས་བརྟན་པ་མཛད་པར་གྲགས། དགུང་གྲངས་སོ་ལྔ་ནས་ཤྲཱི་སེང་ཆོས་གྲྭའི་མཁན་རབས་ཉེར་ལྔ་པའི་ཆོས་ཁྲིར་བཞུགས་ཏེ་བཀའ་པོད་གཞུང་ཆེན་སྤྱིའི་རྒྱ་བོད་ཀྱི་འགྲེལ་ཆེན་ཁག་དང་། ཁྱད་པར་ཆོས་མངོན་པ་མཛོད་ལ་སྔ་ན་མ་གྲགས་པའི་ཁྱད་ཆོས་རྩལ་འདོན་གྱི་བཤད་ཁྲིད་མཛད་པས་ཐམས་ཅད་ངོ་མཚར་བའི་ས་ལ་བཀོད་ཅིང་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས། དགུང་གྲངས་ཞེ་གསུམ་པ་ས་འབྲུག་ལོ་ནས་གཡག་ཟེར་དགོན་སོགས་དགོན་ལག་འགའ་ལ་ཆེད་ཕེབས་ཀྱིས་འཆད་ཁྲིད་སྤེལ་བ་དང་། ཆུ་སྤྲེལ་ལོར་གྲུབ་དབང་ལྔ་པ་ཆེན་པོའི་བཀའ་ལུང་ལྟར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་ཆོས་སྡེར་ཕེབས་ནས་བཤད་གྲྭ་གསར་དུ་བཙུགས་ཏེ་འཆད་ཁྲིད་རྒྱ་ཆེར་སྤེལ་བ་དང་སྔར་གྱི་རྟེན་གསུམ་ཉམས་པ་འགའ་ཡང་བསྐྱར་གསོ་མཛད། ཐོག་མར་གྲུབ་དབང་ལྔ་པའི་བཀས་བསྐུལ་སྐབས་ཅི་ནས་ཀྱང་དབུས་ཕྱོགས་སུ་འགྲོ་མི་དགོས་པའི་ཡར་ཞུ་ཐེངས་འགའ་ཕུལ་ཀྱང་མ་གནང་བར། ཁྱོད་རང་སྔོན་དུ་སོང་དང་ང་ལོ་གཉིས་གསུམ་ནས་ལྷ་སར་སླེབ་འོང་བས་མར་ལམ་འུ་ཅག་ལྷན་དུ་ཡོང་ཆོག་པར་བྱེད་གསུངས། ཞལ་གྱེས་ཞུ་སྐབས་ཟངས་སྣོད་ཆེན་པོ་ཞིག་ཇ་སྐོལ་སར་ཁྱེར་གསུང་བར་ང་མི་གཅིག་ལ་འདི་འདྲའི་ཟངས་སྣོད་ཆེན་པོ་ཞིག་ཁུར་ཚེགས་ཆེ་བ་ལས་མི་འདུག་ཞུས་ཚེ། ཅི་ཟེར་རང་ཅག་མར་ལ་འོང་སྐབས་མི་དགོས་སམ་གསུངས་པ་སོགས་ཕྱི་མཐའ་གཟིགས་པའི་ལུང་བསྟན་དུ་མ་གནང་། དབུས་ཕྱོགས་ཀྱི་ཆོས་སྡེ་ཚེ་རིང་ལྗོངས་དང་། གངས་རི་ཐོད་དཀར། མཆིམས་ཕུ་སོགས་སུ་ཐུགས་དམ་ཉམས་བཞེས་ལ་ཡུན་རིང་བཞུགས་པ་དང་། ཐུན་མཚམས་རྣམས་སུ་དེར་ཡོད་ཆོས་ཞུ་པ་རྣམས་ཀྱི་མོས་ངོ་བཞིན་རྫོགས་པ་ཆེན་པོའི་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་ནས་དངོས་གཞི་ཡེ་ཤེས་བླ་མའི་ཁྲིད་སྦྱང་བསྩལ། སྐབས་དེར་ལྷ་བླའི་གསང་ལུང་ལྟར་མཁའ་འགྲོའི་མཚན་ལྡན་དཔལ་གྱི་ཙཱ་རི་ཏྲ་པ་ཚེ་རིང་ཆོས་སྒྲོན་ཕྱག་རྒྱ་མར་བཞེས་པ་ལས་གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སྐུ་འཁྲུངས། རྗེ་གོང་མའི་ལུང་བསྟན་དང་རྫོགས་ཆེན་སྤྲུལ་སྐུ་དྲི་མེད་ཀྱིས་ངོས་འཛིན་གནང་བ་ལྟར་རུ་དམ་གདན་ས་ནས་སྤྱན་འདྲེན་པ་འབྱོར་བས་ཡབ་ཡུམ་ལྷན་རྒྱས་རྫོགས་ཆེན་གདན་སར་ཞབས་སོར་བཀོད། དེ་ཕྱིན་ཡབ་རྗེ་སྐུ་འཁོར་ཆོས་སྡེའི་འདུལ་ཁྲིམས་ཀྱི་བཅས་མཚམས་ལྟར་དགོན་ལས་རྒྱང་གྲགས་གཉིས་ཀྱིས་ཆོད་པའི་དབེན་ཁྲོད་དམ་ཅན་སྒང་དུ་རྒྱུན་ཞུགས་མཛད་དེ་ཕྱོགས་འདུས་ཀྱི་ཞལ་སློབ་རྣམས་ལ་ཆོས་ཁྲིད་རྒྱུན་གསུངས་དང་རྗེ་ཉིད་ཐུགས་དམ་བསྙེན་སྒྲུབ་ལ་བཞུགས་པ་གཙོ་བོར་མཛད། སྐབས་དེའི་ཞལ་སློབ་བླ་མ་སྒྲོལ་མ་ཚེ་རིང་། མི་ཉག་མཁན་ཆེན་རྩ་ར་ཆོས་གྲགས། ཨ་སེ་མཁན་པོ་ཆོས་གྲགས་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་བཤད་སྒྲུབ་ཀྱི་བསྟན་པ་ལ་སྨན་པ་མང་པོ་བྱོན། དགུང་གྲངས་དོན་གསུམ་བཞེས་པ་སྤྱི་ལོ་༡༩༥༨ལོའི་དགུན་ཁར་རྫོགས་དགོན་ཕོ་བྲང་དུ་སློབ་སྦྱོང་དུ་སྙད་བཏགས་པའི་དམ་བསྒྲགས་ཁང་ལ་ཉིན་བརྒྱད་དགུ་ལྷག་བཞུགས་རྗེས་ཕྱིར་བཏང་། ཉེ་གནས་པ་གླིང་དཀར་བསམ་གཏན་ཞབས་ཕྱིར་འབྱོར་བ་ལ་དེ་རིང་ངེད་རང་གཉིས་བླ་མའི་གདན་སར་ངེས་པར་དུ་ཨེ་ཐོན་ལྟ་དགོས་གསུངས་ནས་ཤྲཱི་སེང་ཆོས་གྲྭར་ཕེབས། དེར་གཙུག་ལག་ཁང་གི་མཁན་ཁྲི་ལ་སྐུ་ཕྱག་དང་ཐུགས་སྨོན་ཟབ་མོ་མཛད་དེ་ད་དུང་སྐྱེ་བ་རྗེས་མར་གནས་འདིར་ཐེངས་ཤིག་ཡོང་ན་ཅི་ཤེས་ཞེས་གསུངས་ནས་དམ་ཅན་སྒང་དུ་ཕེབས། དེ་རྗེས་ཉིན་བཞིའི་རིང་སྐུ་ཅུང་ཟད་སྙུན་ཚུལ་བསྟན་པ་དང་ཐ་མའི་ནུབ་མོར་ཉེ་གནས་པ་བསམ་གཏན་ལ་སྐུ་གདུང་དམར་གདུང་བྱས་ཏེ་ས་སྦས་བྱེད་ཚུལ་སོགས་ཞིབ་པར་གསུངས་རྗེས་སྐུ་མདའ་ལྟར་བསྲངས་ཏེ་ཞི་བར་གཤེགས་སོ། །

མཁན་རབས་ཉེར་དྲུག་པ། མཁན་པོ་འཆི་མེད་ཡེ་ཤེས་ནི།

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སའི་ཉེ་ཕྱོགས་བ་ཁོག་ཅེས་པའི་ས་ཆར་ཡབ་བ་ཁོག་དོན་སྒང་དང་། ཡུམ་བཅུ་དཔོན་བུ་མོ་བྱིས་སྒོང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་བརྒྱད་དགུ་ནས་རབ་ཏུ་བྱུང་སྟེ་བོད་ཡིག་འབྲི་ཀློག་སོགས་ཐུན་མོང་རིག་གནས་ལ་བསླབ་སྦྱང་མཛད། སྐུ་ན་ཅུང་སྨིན་སྐབས་མཁས་མཆོག་གཞན་ཕན་སྣང་བ་དང་། སྐུ་ཞང་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་སོགས་བཤེས་གཉེན་དག་གི་ཞལ་སྔ་ནས་རྒྱ་བོད་མཁས་པའི་གཞུང་འགྲེལ་ཆེན་མོ་ཁག་གི་བཤད་ཁྲིད་མཐར་ཕྱིན་གནང་བས་མཁས་པའི་ཡང་རྩེར་སོན། དགུང་གྲངས་ཉེར་གཅིག་པར་མཁན་ཆེན་གཞན་ཕན་སྣང་བ་ལས་བསྙེན་པར་རྫོགས་པས་ཐུབ་བསྟན་དགེ་ལེགས་སྣང་བ་ཞེས་མཚན་གསོལ། དགུང་གྲངས་སོ་ལྔ་ནས་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་མཁན་རབས་ཀྱི་ཆོས་ཁྲིར་ལོ་ངོ་བརྒྱད་ལ་བཞུགས་ཏེ་སྒྲ་ཚད་བཟོ་གསོ་ནས་ནང་དོན་རིག་པ་དབུ་ཕར་འདུལ་མཛོད་ཀྱི་བཤད་ཁྲིད་དང་། རང་ལུགས་ཀུན་མཁྱེན་རོང་ཀློང་དང་འཇམ་མགོན་བླ་མའི་ལེགས་བཤད་ལ་དཔྱད་པ་དཔྱིས་ཕྱིན་པའི་འཆད་སྤེལ་མཛད་པས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས། རྨེ་བ་ཚེ་དབང་རིག་འཛིན་དང་། ཧོར་མོའི་འཇམ་དཔལ། སྤེས་རབ་ཐོར་ཅོག འཛིང་པ་རྡོ་རྗེ་སོགས་ཞལ་སློབ་མཁས་པའི་དབང་པོ་དུ་མ་བྱོན་ཏེ་བསྟན་རྒྱུན་ལ་སྨན་པ་བསམ་གྱིས་མི་ཁྱབ། ཆོས་སྡེ་ཆེན་མོའི་ཐུགས་འགན་རྫོགས་མཚམས་རུ་དམ་ཡང་དབེན་ཚེ་རིང་སྒྲུབ་ཕུག་ཏུ་གཏན་བཞུགས་མཛད་དེ་སྔ་ཕྱིའི་གསུང་ཐུན་ཆག་མེད་ཀྱི་ཐུགས་དམ་ལ་བཞུགས་པ་དང་། ཉིན་གུང་གི་ཐུན་མཚམས་སུ་ཕྱོགས་འདུས་ཀྱི་སློབ་ཚོགས་བཅུ་ཕྲག་འགའ་ལ་ཀུན་མཁྱེན་ཀློང་ཆེན་པའི་གསུང་རབ་མཛོད་ཆེན་བདུན་གཙོ་བོར་གྱུར་པའི་སྔགས་རྫོགས་ཀྱི་ཟབ་ཆོས་ཉིན་བཞིན་ཆད་མེད་གསུངས། རྗེ་ཉིད་ཀྱིས་ཆོས་དུང་འབུད་པ་དང་མེ་འབུད་ཆུ་ལེན་མཛད་པ་ལས་ཉེ་གནས་ཕྱག་ཕྱི་པ་སུ་ཞིག་ཀྱང་སྐུ་དྲུང་དུ་འཇོག་པར་མི་མཛད་པ་སོགས་བྱ་བྲལ་སྒོ་གཅིག་པའི་བརྟུལ་ཞུགས་དང་ལེན་མཛད། དགུང་གྲངས་ཞེ་བརྒྱད་ལ་སོན་སྐབས་ཞལ་སློབ་འགའི་ཆོས་སྐྱོང་བསྟེན་ཕྱོགས་ལྟ་བུའི་དམ་གྲིབ་ཀྱིས་གློ་བུར་དུ་དགོངས་པ་རྫོགས། གདོད་མའི་ནང་དབྱིངས་སུ་གྲོལ་རྟགས་སུ་པུར་སྦྱངས་ཉིན་ནམ་མཁའ་སྤྲིན་དང་བྲལ་ཤིང་། གདུང་ཆེན་ལྔ་དང་རིང་བསྲེལ་དུ་མ་བབ་པ་སོགས་སྐྱེ་བོ་ཀུན་ལ་མཐུན་སྣང་དུ་བྱུང་ངོ་། །

མཁན་རབས་ཉེར་བདུན་པ། ཡོངས་འཛིན་མཁན་ཆེན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་ནི།

དེ་ཡང་པཎ་ཆེན་བཱི་མ་མི་ཏྲ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དབྱེར་མེད་པའི་ཐུགས་རྗེ་ཡེ་ཤེས་གཅིག་བསྡུས་ཀྱི་རྣམ་རོལ། ཕྱི་མའི་དུས་འདིར་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་བསྟན་པའི་ཤིང་རྟ་གཅིག་པུ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ཞེས་ཡོངས་སུ་གྲགས་པའི་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་གང་ནི། གནས་ཆེན་གངས་ར་ཉེར་ལྔའི་ནང་ཚན་རུ་དམ་སྐྱིད་ཁྲམ་ལུང་གི་འདབས་ཞོལ་དུ། ཡབ་གྲུབ་བརྒྱའི་སྤྱི་མེས་དཔལ་ས་རཱ་ཧའི་རྣམ་སྤྲུལ་རིག་སྔགས་འཆང་ཆེན་པོ་སྐྱ་མོ་སྨན་ལྷ་དང་། ཡུམ་ཡེ་ཤེས་ཌཱཀྐི་མ་མི་མོའི་རྣམ་རོལ་ཏུ་བྱོན་པ་བཅུ་དཔོན་བུ་མོ་ཡང་ཆུང་ལྷ་མོ་གཉིས་ལ་སྤྲུལ་བའི་སྲས་མཆོག་རྣམ་པ་གསུམ་འཁྲུངས་པའི་འབྲིང་བ་རྗེ་ཉིད་དེ། སྤྱི་ལོ་༡༨༩༩པ་སྟེ་བོད་རབ་བྱུང་བཅོ་ལྔ་པའི་སྒྱུར་བྱེད་ཅེས་པ་ས་ཕག་ལོར་མཚན་དཔེའི་མེ་ཏོག་གསར་དུ་བཞད། དང་པོ་ཉིད་ནས་སྐྱེས་བུ་ཆེན་པོའི་མཚན་རྟགས་སུ་སེམས་ཅན་ལ་རྗེས་སུ་བརྩེ་བའི་བྱང་ཆུབ་ཀྱི་སེམས་དང་། འཁོར་བའི་ཕུན་ཚོགས་ལས་ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པ་ཙནྡན་ལ་དྲི་བསུང་བཞིན་ལྷན་སྐྱེས་སུ་མངའ། དེ་བཞིན་གཟུངས་སྤོབས་ཤེས་རབ་ཀྱི་རྩལ་ཁ་ནང་ནས་རྒྱས་པས་ཡི་གེ་འབྲི་ཀློག་སོགས་མཁས་པར་བྱ་བའི་གནས་ཕྲན་ཚེགས་ཐམས་ཅད་བརྡའ་ཙམ་གྱིས་ཡོངས་སུ་མཁྱེན་པ་དང་། ལྐོག་གྱུར་གྱི་ཆོས་ཀྱང་ཉིན་མོའི་གཟུགས་ལྟར་མངོན་པར་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ཐོགས་མེད་དུ་མངའ་བ། བསྐྱེད་རྫོགས་ལྷ་སྔགས་ཀྱི་ཏིང་འཛིན་ལ་གནད་དུ་འབྱོར་བས་འདྲེ་བདུད་དམ་འོག་ཏུ་བཙུད་ཅིང་སྡེ་བརྒྱད་བྲན་དུ་འཁོལ་བ་སོགས་གྲུབ་པའི་མཛད་སྤྱོད་ལ་རང་དབང་འབྱོར་བས། རྒྱལ་ཁམས་ཀྱི་སྐྱེ་བོ་ཀུན་ཀྱི་ངག་ལམ་ན་འདི་ནི་ཕལ་བའི་བྱིས་པ་ལས་འདས་པའི་སྤྲུལ་བའི་རྣམ་རོལ་ཆེན་པོ་ཞིག་ཡིན་པ་གོར་མ་ཆགས་ཞེས་ཡོངས་སུ་གླེང་། དེ་ནས་སྐུའི་ན་ཚོད་ཅུང་ཟད་སྨིན་པ་ན་གསང་ཆེན་བསྟན་པའི་ཆུ་འགོ་རྒྱལ་བ་རྫོགས་ཆེན་དགོན་དུ་ཆོས་ཞུགས་མཛད་ཅིང་གྲུབ་དབང་ལྔ་པ་ཆེན་པོ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་གཙུག་ཕུད་ཕུལ། རྗེ་དེ་ཉིད་ལས་སྔ་ཕྱི་རྣམས་སུ་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་སྨིན་དབང་གྲོལ་ཁྲིད་དང་བཅས་པ་གསན་པས་ཐུགས་རྒྱུད་རྟོགས་པའི་བྱིན་རླབས་ཆིག་རྫོགས་སུ་འཕོས། གདན་ས་ཆེན་མོར་ལོ་འགར་བཞུགས་སྐབས་སྒྲུབ་འཕྲིན་ཆོ་གའི་ཕྱག་བཞེས་བཅའ་དབྱངས་གར་གསུམ། འབུད་རྡུང་དཀྲོལ་གསུམ་བཅས་ལ་རང་བྱན་ཆུད་པ་བྱུང་། དེ་ནས་ཀུན་མཁྱེན་བླ་མ་གཞན་ཕན་ཆོས་ཀྱི་སྣང་བའི་ཞབས་པད་སྤྱི་བོས་བཏུད་ཅིང་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ནས། ཐུན་མོང་གཙུག་ལག་གི་རིག་གཞུང་སྒྲ་སྙན་སྨན་རྩིས་ནས་ཐུན་མིན་མདོ་སྔགས་ཀྱི་བཤད་ཁྲིད་མ་ལུས་པ་ལྷག་མེད་དུ་གསན་ཞིང་། ཁྱད་པར་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཉེ་བརྒྱུད་དུ་བྱོན་པའི་ཡང་ཏིག་གི་ཁྲིད་རྒྱུན་རྗེ་དེས་དབོན་པོ་བསྟན་འཛིན་ནོར་བུ་ལ་བསྩལ་ཅིང་། དབོན་པོས་གཞན་ཕན་ཆོས་ཀྱི་སྣང་བ་ལ་བཀའ་ལུང་གཏད་རྒྱ་དང་བཅས་གནང་བའི་མན་ངག་ཟབ་མོ་ཆིག་བརྒྱུད་དུ་གནང་ནས་དོན་བརྒྱུད་བསྟན་པའི་བཀའ་གཏད། མདོར་ན་རྗེ་འདི་ཉིད་ཀྱི་ཞལ་དཀྱིལ་ཐོག་མར་མཇལ་ནས་མཐར་རྒྱ་བོ་རི་ཁྲོད་དུ་དགོངས་པ་གཞན་དོན་དུ་མ་གཤེགས་པར། བགྲང་བྱ་བཅུ་ཕྲག་གཉིས་ཙམ་ལྷག་རིང་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་ཉེ་གནས་ཀྱི་ཚུལ་དུ་སྐུ་གམ་དུ་བཞུགས་པས་ཐུགས་སྲས་བུ་ཆེན་གཅིག་པུར་གྱུར། དགུང་གྲངས་བཞི་བཅུའི་སྐོར་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་ཀྱི་གསེར་ཁྲིར་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་འཆད་ཁྲིད་རྒྱ་ཆེར་བསྐྱངས། དེ་འཕྲལ་ཡབ་རྗེ་བླ་མའི་གདན་ས་རྒྱ་བོ་རི་ཁྲོད་དུ་སྐུ་ཚེར་བཅད་རྒྱ་མཛད་ནས་སྙིང་པོའི་ཉམས་བཞེས་ལ་བཞུགས་རྒྱུའི་ཐུགས་འདུན་གནང་ཡང་། གདན་སའི་མཁན་སྤྲུལ་ཐམས་ཅད་ཀྱིས་ནན་ཆེར་ཞུས་ངོ་ལྟར་གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུའི་ཡོངས་འཛིན་མཛད་། རྗེ་འདི་བྱོན་བཞུགས་ཀྱི་གནས་སྐབས་ཚུན་སྐུ་ཚེ་ཧྲིལ་པོར་བསྐྱེད་རྫོགས་རྫོགས་ཆེན་གྱི་རྣལ་འབྱོར་ལས་འདའ་བ་མེད་པར་ཐུན་བཞིི་ཆག་མེད་དུ་མཛད་ཅིང་། ཉིན་མཚན་གྱི་སྣང་ཆ་དབྱེར་མེད་པར་རིག་སྟོང་ཆོས་སྐུའི་དགོངས་པ་རང་བཞིན་བབ་ཀྱི་བསམ་གཏན་ལས་ནམ་ཡང་གཡོ་བ་མི་མངའ་བ་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་ལ་དབང་འབྱོར། མདོར་ན་སྐུ་ཚེ་དེར་སྣང་བཞི་མཐའ་རུ་ཕྱིན་ནས་བློ་འདས་ཆོས་ཟད་ཀྱི་ས་ལ་ཕྱིན་པ་གདོད་མའི་མགོན་པོ་དང་རྣམ་དབྱེར་མེད་པ་ཀུན་ལ་ཡོངས་སུ་གྲགས་པ་སྟེ། རྗེ་ཉིད་ཀྱི་གསུང་མགུར་ལས། ང་ཀློང་ཆེན་རབ་འབྱམས་བུ་རྒྱུད་ལ། །ཉམས་རྟོགས་པ་མི་སྐྱེ་དབང་མ་མཆིས། །ཡུན་རིང་ལོ་ཟླའི་བྱས་ཡུས་ལ། །ལྟོས་མིན་རྟོགས་གྲོལ་དུས་མཉམ་བྱུང་། །ཞེས་དང་། ཨོ་རྒྱན་གུ་རུ་ཡི་བཀའ་དྲིན་གྱིས། །ཉམས་རྟོགས་ཀློང་རྡོལ་གྱི་ལས་ཅན་བདག །སྣང་གྲགས་བརྡ་ཐབས་དང་དཔེ་ཆར་ཤར། །ས་རྡོའི་སྙིང་གཏེར་ཚོ་ཅི་དགྱེས་མཛོད། །ཅེས་སོགས་གསུངས་བས་མཚོན་ཞིང་། སྣང་གྲགས་བརྡའ་དང་དཔེ་ཆར་ཤར་ཞིང་རྟོགས་པའི་དོ་ཧ་གཉུག་མ་རྡོ་རྗེའི་གླུ་དང་ལྐོག་གྱུར་གསལ་བའི་བརྡའ་ལུང་ཐོགས་མེད་དུ་གནང་། དམ་པ་འདིའི་ཞལ་མཇལ་གསུང་ཐོས་ཙམ་གྱིས་ཐ་མལ་རྟོག་ཚོགས་རང་སར་འགགས་ནས་བདེ་སྟོང་གྱི་ཡེ་ཤེས་རྩོལ་མེད་དུ་རྒྱུད་ལ་མི་སྐྱེས་པ་སུ་ཡང་མེད་ཅེས་གྲགས། སོ་བྱང་སྔགས་ཀྱི་བསླབ་སྡོམ་གྱི་གནས་ཕྲ་མོ་ཙམ་ལ་ཡང་བག་ཡངས་མི་མཛད་པར་སྐུ་ཤིན་ཏུ་བཙུན་པ་འདུལ་འཛིན་གསེར་རིའི་གཙུག་རྒྱན་དུ་མངོན་པར་མཐོ་ཞིང་གང་དུ་བཞུགས་པའི་ཁོར་ཡུག་ལ་ཚུལ་ཁྲིམས་ཀྱི་དྲིས་ཡོངས་སུ་ཁྱབ། ཕྱག་དཔེ་ཁ་ཤས་དང་ཆོས་གོས་རྣམ་གསུམ་ཙམ་ལས་དངོས་རྫས་ཅུང་ཟད་ཀྱང་བདག་ཏུ་མི་འཛིན་པར་གནང་སྦྱིན་ཁོ་ན་མཛད་པས་བྱ་བྲལ་གྱི་རྒྱལ་པོར་བསྔགས། དུས་དང་རྣམ་པ་ཀུན་ཏུ་སྐུ་ཚེགས་དང་འོ་བརྒྱལ་ལ་མི་འཛེམས་པར་ཞུ་བ་པོ་སོ་སོའི་མོས་ཁམས་ལྟར། ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་དངོས་གཞིའི་སྨིན་ཁྲིད་ཀྱི་བར་རྫོགས་པ་ཆེན་པོའི་ཆོས་འཁོར་བར་མེད་དུ་བསྐོར་ནས་འོད་གསལ་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས། ཞལ་སློབ་ཐུགས་སྲས་ཀྱི་ཐུ་བོ་གྲུབ་དབང་རྫོགས་ཆེན་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། བདག་ཅག་གི་རིགས་བདག་མཚུངས་མེད་སྐྱབས་རྗེ་པདྨ་སྐལ་བཟང་དང་། རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་སྟེ་བརྒྱུད་འཛིན་བཀའ་བབ་ཀྱི་སྐྱེས་བུ་རྣམ་གཉིས། གཞན་ཡང་གདན་ས་འདིའི་མཁན་སྤྲུལ་སྐྱེས་ཆེན་གྲངས་མེད་པ་དང་། མདོ་མཁྱེན་བརྩེའི་མཆོག་སྤྲུལ། རྡོ་གྲུབ་སྤྲུལ་སྐུ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། ཆོས་རྗེ་འཇིགས་མེད་ཕུན་ཚོགས། མི་ཉག་རྩ་ར་ཆོས་གྲགས། རྨེ་བ་མཁན་ཆེན་འཇམ་དཔལ་དང་། ནོར་བུ་བཟང་པོ། ཨ་སྐྱོང་མཁན་ཆེན་བརྩོན་འགྲུས། དགེ་མང་མཁན་པོ་དབང་སྡིས་དང་དབང་ལོ་རྣམ་གཉིས། དགེ་རྒྱལ་མཁན་པོ་ཐུབ་བསྟན་རྣམ་རྒྱལ། འབའ་ཐང་བླ་མ་སྒྲོན་མ་ཚེ་རིང་དང་ལི་ཐང་རྡོ་རྗེ་རིག་འཛིན། རྨེ་བ་ཤེར་ཕྲེང་སྤྲུལ་སྐུ། ཨ་སེ་མཁན་པོ་ཆོས་གྲགས། གཞག་སར་བླ་མ། མཁན་འཇམ་དབྱངས། མཁན་ཚེ་རིང་ཉི་མ། མཁན་པོ་ལེགས་བཤད། མཁན་འཇམ་རྒྱལ། དབོན་སྤྲུལ་ཕྲིན་ལས། མཁན་འགྱུར་མེད་ཚེ་རིང་། འབའ་ཕུག་མཆོག་སྤྲུལ། མཁས་དབང་ཤྲཱི་ན་ཐ་སོགས་རྒྱལ་བསྟན་འཛིན་པའི་སྐྱེས་ཆེན། ཉམས་རྟོགས་ལྡན་པའི་རྣལ་འབྱོར། མཁས་བཙུན་འཛོམས་པའི་མཁན་སློབ། ཚེ་བློས་བཏང་བའི་བྱ་བྲལ་བཅས་སློབ་ཚོགས་བརྒྱ་སྟོང་དུ་མ་བྱོན་ཞིང་། དེ་དག་རེ་རེས་ཀྱང་བཤད་སྒྲུབ་ཀྱི་བསྟན་རྒྱུན་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་མཛད་པ་མཐར་རྒྱས་སུ་བསྐྱངས་དང་སྐྱོང་བཞིན་པའོ། །དེ་ལྟར་ཞིང་འདིའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་སྟེ། དགུང་གྲངས་རེ་གཅིག་བཞེས་པ་སྤྱི་ལོ་༡༩༥༩པ་ས་ཕག་ལོའི་དྲག་དམག་གི་དུས་ཟིང་སྐབས་རྫོགས་ཆེན་དྲུག་པ་རིན་པོ་ཆེ་ཞི་བར་གཤེགས་པའི་སྐུ་གདུང་ཞུགས་འབུལ་དང་དགོངས་རྫོགས་ལེགས་པར་གྲུབ་རྗེས། རྫོགས་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་བརྡའ་ལུང་། ཇི་སྐད་དུ། རྗེ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༔ དྲིན་འཁོར་མེད་མཚོ་སྐྱེས་རྡོ་རྗེ་ལ༔ སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས༔ བློ་བསམ་དོན་ཆོས་བཞིན་འགྲུབ་པར་ཤོག༔ ཤར་ཆུ་འཛིན་དཀར་པོའི་འོག་ཤེད་ན༔ སྙིང་དམར་པོའི་དྭངས་བཅུད་ཐིགས་པ་ཞིག༔ མིང་ངྷྭ་ཛ་ཏཱ་རེའི་བསྐྱེད་ཁྱིམ་དུ༔ ཡ་མཚན་གྱི་ཐིག་ལེར་སྨིན་པའི་ཚུལ༔ སེམས་དགའ་སྐྱོ་འདྲེས་པའི་སྣང་ཉམས་སུ༔ འ་འོལ་གྱི་ཀུན་རྟོག་ཐལ་ཐོལ་སྐྱེས༔ སྙིང་དམར་པོའི་བཅུད་དུ་རྒྱས་བཏབ་སྟེ༔ དུས་རེ་ཞིག་སྤིར་གྱི་ཁ་བཞིན་སྡོམས༔ ཞེས་ཕྱག་བྲིས་མཛད་པ་སྐུ་ཚ་བསོད་ནམས་སྟོབས་ལྡན་གྱི་ལག་ཏུ་བཞག རྗེ་ཉིད་ཡུན་རིང་མི་བཞུགས་པའི་གསུང་འཕྲོས་དང་འབྱུང་ཆར་རྒྱལ་བསྟན་སོར་ཆུད་ཡོང་བའི་ལུང་བསྟན་ཞལ་གདམས་བཅས་པ་བསྩལ། དེ་ནས་ཟླ་བ་གཉིས་ཀྱི་རྗེས་སུ་དྲག་པོའི་དམག་དཔུང་གིས་ཕྱོགས་ནས་བསྐོར་ཅིང་མཚོན་མདེལ་ཆར་ལྟར་བསྙིལ་ཡང་རྗེ་འདིའི་སྐུ་རྩར་མདེའུ་གཏན་ནས་མ་བབ། དེ་མ་ཐག་མནབ་གཟན་གྱིས་དབུ་བཏུམས་ཏེ་སྐུ་མཉམ་བཞག་མཛད་ནས་ཧིཀ་གསུམ་ཙམ་བརྗོད་པ་དང་མཉམ་དུ་རབ་ཆོས་སྐུའི་འཕོ་བའི་གསང་ལམ་ནས་ཀ་དག་གི་རྒྱལ་སར་མངོན་པར་གཤེགས་པར་མཛད་དོ། །

མཁན་རབས་ཉེར་བརྒྱད་པ། མཁས་པའི་ཁྱུ་མཆོག་མཁན་ཆེན་པདྨ་ཚེ་དབང་རྒྱ་མཚོ་ནི།

མཁས་པའི་དབང་ཕྱུག་ཨ་པཎ་ཚེ་དབང་ངམ་པདྨ་ཚེ་དབང་རྒྱ་མཚོ་ཞེས་གྲགས་པའི་གནས་ལྔ་རིག་པའི་པནྜི་ཏ་ཆེན་པོ་གང་ནི། བ་ཡི་ཕྱོགས་སུ་གསེར་གྱི་མེ་ཏོག་འཐོར་ཞེས་པའི་ལུང་དོན་ལྟར་རུ་དམ་བ་ཁོག་ཏུ་འབོད་པའི་ནོར་འཛིན་གྱི་ཐིག་ལེར། རབ་བྱུང་བཅོ་ལྔ་པའི་དགེ་བྱེད་ཅེས་པ་ཆུ་སྟག་སྟེ་སྤྱི་ལོ་༡༩༠༢ལོར་ཡབ་ཁྲོ་ཁོ་སྒྲོན་སྐྱབས་དང་། ཡུམ་རྐང་ཚའི་སྨན་སྡིས་གཉིས་ཀྱི་བསྐྱེད་ཁྱིམ་དུ་སྐུ་བལྟམས། ཁྱོ་ཤུག་འདི་གཉིས་ལ་ཡུན་རིང་བུ་རྒྱུད་མ་བྱུང་བས་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་ཐུགས་བརྟག་ཞུས་སྐབས། རྗེ་དེའི་ཞལ་ནས། པདྨ་བཀའ་ཐང་བརྒྱ་ཚར་བཀླགས་བྱས་ན། །ཨོ་རྒྱན་བྱིན་རླབས་བཱི་མའི་རྣམ་འཕྲུལ་འབྱུང་། །ཞེས་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པས་ལུང་བསྟན་པ་ལྟར་དག་ཆེན་སྒྱུ་འཕྲུལ་གྱི་རོལ་པར་བསམ་བཞིན་སྲིད་པར་བཟུང་བ་ཞིག་སྟེ། ཐོག་མར་སྐུ་འཁྲུངས་བའི་ཚེ་སྣོད་བཅུད་ཀུན་ལ་དགེ་བའི་མཚན་མ་ངོ་མཚར་བ་དུ་མ་བྱུང་བ་དང་། རྗེ་ཉིད་བྱིས་པའི་དུས་ནས་བློ་གྲོས་ཀྱི་རྩལ་འབར་ཞིང་བྱམས་དང་སྙིང་རྗེ་ཕྱོགས་མེད་དུ་རྒྱས་པ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་ཡོན་ཏན་མཐའ་དག་རང་ཆས་སུ་མངའ། དགུང་གྲངས་བརྒྱད་དགུ་ཙམ་ནས་རྫོགས་ཆེན་ལྔ་པ་ཆེན་པོ་ལ་གཙུག་ཕུད་ཕུལ་ནས་ཆོས་སྡེ་ཆེན་མོའི་ཚོགས་གྲལ་དུ་ཞུགས། གདན་ས་ཆེན་མོའི་སྒྲུབ་འཕྲིན་གྱི་ཕྱག་བཞེས་འབུད་དཀྲོལ་རྡུང་གསུམ། བཅའ་དབྱངས་གར་གསུམ་ནས་ཐ་ན་ཚོན་རྩི་ཚུན་མི་མཁྱེན་པ་མེད་པས་གྲྭ་ཆུང་མཁས་པ་ཞེས་རྒན་པ་ཀུན་ཀྱིས་བསྟོད་བསྔགས་ཐོབ། དེ་དག་གི་སྐབས་སུ་བཤེས་གཉེན་དམ་པ་དུ་མ་ལས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་ཁྲིད་བཀླག་ལུང་གི་ཆོས་ཚུལ་རྒྱ་ཆེར་གསན། དེ་ནས་དཔལ་སེང་གེ་རིའི་ཆོས་གྲྭར་ཞུགས་ནས་ཀུན་མཁྱེན་བླ་མ་གཞན་ཕན་ཆོས་ཀྱི་སྣང་བའི་ཞབས་རྡུལ་སྤྱི་བོས་མཆོད་དེ། རྗེ་ཉིད་ཀྱིས་མཛད་པའི་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་རྒྱ་མཆན་གྱིས་བཤད་པའ་ིགཞི་སྟིང་ཐོག ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། རྗེ་ཡབ་སྲས་གསུམ། གཡག་རོང་གོ་ཤཱཀ་སོགས་བོད་ཡུལ་མཁས་པའི་གྲུབ་མཐས་བཟུར་བརྒྱན་པ། ཆོས་སྡེ་འདིའི་ཐུན་མིན་གྱི་བཤད་པའི་བཀའ་སྲོལ་མ་ལུས་པ་གསན་པས་རང་གཞན་གྲུབ་མཐའ་རྒྱ་མཚོར་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་རྩལ་རྫོགས། ཐོག་མར་ཆོས་ཁྲིད་ལ་ཞུགས་སྐབས་སྐུ་ན་ཆུང་གཤིས་དཔེ་གཟིགས་དེ་ཙམ་མི་མཛད་པར་རྩེད་མོར་གཡེངས་ཆེ་བ་ཞིག་ཡོད་སྟབས། རྗེ་གཞན་ཕན་སྣང་བས་ཚོགས་མང་ནས་གློ་བུར་དུ་འཆད་རྒྱུགས་འབུལ་དུ་བཅུག་པས། ཚིག་འགྲེལ་མཐའ་དཔྱད་དང་བཅས་པ་བློ་ཐོག་ནས་བཤད་པས་ཆོས་རྗེ་མཆོག་གིས་བསྟོད་བསྔགས་དང་ལེགས་དར་དཔྱངས་ཤིང་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད། སྐབས་དེར་ཞལ་ནས་ཀྱང་། ཁ་ལག་རྒོད་ཀྱང་ཁ་ལས་མི་དགེ་མེད། །ཁ་མཚར་ཙམ་ལ་ཁ་མཆུ་མ་མང་ཞིག །ཅེས་སོགས་གསུངས་པས་མཚོན་ཕལ་བའི་ཤགས་འགྱེད་ཀུ་རེ་ལའང་སུས་ཀྱང་འགྲན་ཟླ་མེད་པར་གྲགས། དགུང་གྲངས་ཉི་ཤུ་སྐོར་དབེན་གནས་དཔྱལ་གྱི་བྲག་དཀར་དུ་ཕེབས་ནས་ལོ་གྲངས་དགུ་ལ་བཅད་རྒྱ་མཛད་དེ་རྒྱ་བོད་ཀྱི་གཞུང་ཆེན་ཁག་ལ་དཔེ་གཟིགས་རྒྱུན་ཆགས་སུ་མཛད་པས་ཐོས་པ་རྒྱ་མཚོའི་ཕ་རོལ་སོན། སྐབས་དེར་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཐུགས་དམ་གྱི་རྟེན་འཇམ་དབྱངས་རྡོ་སྐུ་ཆུང་ཆུང་ཞིག་ཡོད་པ་སྒྲུབ་རྟེན་མཛད་ནས་ཞག་འགར་བསྙེན་མཚམས་ལ་བཞུགས་པས། འཇམ་དཔལ་དབྱངས་ཀྱིས་ཞལ་དངོས་སུ་གཟིགས་ནས་མཐར་རྡོ་སྐུ་དེ་ལ་ཐིམ་སོང་ཞེས་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོར་གསུང་འཕྲོས་སུ་བསྩལ། དེ་མཚམས་གྲུབ་དབང་ལྔ་པའི་བཀས་གཡག་ཟེར་དགོན་དང་ཧོར་སྐོར་དགོན་སོགས་བུ་དགོན་ཁག་ལ་མཁན་པོར་བཏང་ཞིང་། དགོན་སྡེ་དེ་དག་ལ་བཤད་སྒྲུབ་འཆད་ཉན་གྱི་རྒྱུན་གསར་དུ་བཙུགས་པ་དང་གཞི་གསུམ་གྱི་ཕྱག་བཞེས་སྤེལ་བ་སོགས་བླ་ན་མེད་པའི་བཀའ་དྲིན་གྱིས་བསྐྱངས། དེ་ནས་རུ་དམ་གདན་སར་ཚུར་ཕེབས་པ་ན་གྲུབ་དབང་དྲུག་པའི་ཡོངས་འཛིན་དུ་ལོ་འགར་བཞུགས་ཤིང་། དེ་རྗེས་གདན་ས་ཆེན་མོའི་མཁན་རབས་ཉེར་བརྒྱད་པའི་གསེར་ཁྲིར་ཕེབས་ཏེ་ལས་ཐོག་བསྟན་སྲིད་ཀྱི་ཐུགས་འགན་བཞེས་ཏེ་སྔར་སྲོལ་གྱི་ཕྱག་བཞེས་ཉམས་མེད་བསྐྱངས་ཐོག་གྲྭ་སའི་སྒྲིག་གཞི་དུ་མ་གསར་སྣོན་མཛད། བཀའ་བརྒྱད་སྒྲུབ་ཆེན་གྱི་དབུ་བཞུགས་མཛད་སྐབས་ཟོར་ལམ་གཏོར་མའི་རྩ་བར་ཁྲག་དྲོན་འཁྱིལ་བ་སོགས་ལས་བཞིའི་ཕྲིན་ལས་མངའ་དབང་འབྱོར་བའི་རྟགས་མཚན་བྱུང་། ཐ་མའི་ལོ་བཞི་ལ་ཤྲཱི་སེང་ཆོས་གྲྭར་བཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་མཛད་ཅིང་། དེ་དག་གི་སྐབས་སུ་སྤྱི་དོན་མཐའ་དཔྱད་དང་བཅས་པ་ཐུགས་ཐོག་ཁོ་ན་ནས་རྒྱས་འགྲེལ་དང་རང་གཞན་གྱི་གྲུབ་མཐའི་འཛིན་མཚམས་ལ་དགག་བཞག་དཔྱིས་ཕྱིན་པ་མཛད་པས་འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་དང་བྲལ་བའོ་ཞེས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས། དེ་མཚམས་རྒྱ་གར་འཕགས་ཡུལ་གྱི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕེབས་ཤིང་མར་ལམ་དགེ་རྒྱལ་རྫོགས་ཆེན་དགོན་དུ་ཟླ་འགར་བཞུགས་ནས་དེ་གའི་བཤད་གྲྭ་གསར་འཛུགས་ལ་ཐོག་མའི་འཆད་ཁྲིད་ཀྱི་སྲོལ་ཕྱེས། སྐབས་དེར་བྱོན་ཁར་རྗེ་ཉིད་ཀྱི་ཞལ་སློབ་དགེ་རྒྱལ་མཁན་ཐུབ་བསྟན་རྣམ་རྒྱལ་ལ་མཁན་ཆེན་གཞན་དགའི་སྐུ་པར་ཞིག་གནང་ནས། མ་འོངས་པར་དགོན་འདིར་ཁྱོད་གཅིག་པུ་ལས་མེད་པ་ཞིག་འགྱུར་སྲིད་པས་དེ་དུས་བསྟན་དགོན་ལ་ཕན་ཐོགས་པ་ཞིག་ཅིས་ཀྱང་རེམ་དགོས་ཞེས་ལྐོག་གྱུར་མཁྱེན་པའི་བཀའ་ལུང་བསྩལ། ཕྱིས་སུ་དགེ་རྒྱལ་མཁན་རིན་པོ་ཆེས་ཁོ་བོའི་བླ་མ་ནི་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྫོགས་པའི་སངས་རྒྱས་དངོས་ཡིན་ཞེས་ཕྱག་ཐལ་མོ་སྦྱར་བཞིན་སྤྱན་ཆབ་འབྱིན། རང་དགོན་རུ་དམ་གདན་སར་ཕེབས་རྗེས་གཏེར་སྟོན་འོད་གསལ་རྡོ་རྗེའི་ལུང་བསྟན་བཞིན་དབེན་ཁྲོད་ཚེ་རིང་ལྗོངས་སུ་རྒྱུན་བཞུགས་མཛད་ནས་ཕྱོགས་འདུས་སློབ་ཚོགས་ཀུན་ལ་ཆོས་ཁྲིད་ཆད་མེད་གསུངས་པ་དང་། ཁྱད་པར་གྲུབ་དབང་དྲུག་པའི་བཀའ་ལུང་ལྟར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཡོངས་འཛིན་མཁན་པོ་མཛད་ནས་ངོ་ལོ་བཞིའི་རིང་གཞུང་ཆེན་བཅུ་གསུམ་དང་། དཔལ་གསང་བ་སྙིང་པོའི་འགྲེལ་ཆེན་ཁག་གི་རྒྱས་ཁྲིད་མཛད་པ་བཅས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྔ་ཕྱིར་རྗེ་འདིའི་གསུང་གི་བདུད་རྩི་བཞེས་པའི་ཞལ་སློབ་གཙོ་བོའི་མཚན་ཙམ་སྨོས་ན། རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ། ཁོ་བོ་ཅག་གི་རིགས་བདག་མཚུངས་མེད་རྟོགས་ལྡན་བློ་གྲོས་རྒྱ་མཚོ། གཏེར་སྟོན་འོད་གསལ་རྡོ་རྗེ། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ། མཁས་དབང་གཟན་དཀར་རིན་པོ་ཆེ། མཁས་པའི་དབང་ཕྱུག་མི་ཉག་ཆོས་གྲགས། གོ་འཇོའི་མཁར་ལེགས་སྤྲུལ་སྐུ། དགེ་རྒྱལ་མཁན་ཐུབ་བསྟན་རྣམ་རྒྱལ། བྱ་བྲལ་རྨེ་བ་འཇམ་དཔལ། སྟག་ཤམ་ཕྲིན་ལས་རྣལ་རྒྱལ། གཡག་ཟེའི་སྐུ་ཆེན། རྒྱ་བླ་མ་ཡེ་ཤེས། རྒྱ་རྗེའི་གྲུབ་ཐོབ། ཨ་ལགས་ཆོས་འཛིན། སྤུ་མི་རབ་གསལ། ནང་ཆེན་ཀུན་དགའ། མཁན་ཨོ་རྒྱན། ཐུབ་བསྟན་འཇམ་དབྱངས། མཁན་པདྨ་བཀོད་པ་སོགས་དང་། རང་དགོན་གྱི་མཁན་ཆོས་འབྱོར་དང་། ཡེ་ཤེས་རྒྱ་མཚོའི་སྤྲུལ་སྐུ། ཀུན་བཟང་སྤྲུལ་སྐུ། ཚེ་དབང་ཕུན་ཚོགས། འཛིང་པ་རྡོ་རྗེ། སྤེས་རབ་ཐོར་ཅོག ཚེ་དབང་རིག་འཛིན་སོགས་མཁན་སྤྲུལ་དགེ་བའི་བཤེས་གཉེན་དུ་མ་བྱོན་ཞིང་། དེ་ལས་འགའ་ཞིག་ད་ལྟའི་བར་སྐུ་འཚོ་ཞིང་བཞུགས་པ་ནས་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས་པའི་མཛད་པ་ཕྱོགས་ཀྱི་མུ་མཐའ་ཁྱབ་པར་སྤེལ་བཞིན་པ་རྗེ་འདིའི་ཐུགས་བསྐྱེད་སྨོན་པའི་མཐུ་ལས་བྱུང་བ་གོར་མ་ཆག་པར་སྙམ་མོ། །གཞན་ཡང་ལྗགས་རྩོམ་བསྟན་བཅོས་ཀྱི་སྐོར་ལ། གཞན་དགའ་རིན་པོ་ཆེའི་གཞུང་ཆེན་མཆན་འགྲེལ་ཕལ་མོ་ཆེ་ལ་འགྲེལ་མཆན་དང་། རིགས་ཚོགས་ཆུང་བ་བཞིའི་འགྲེལ་བ། ཚད་མ་དང་སྡོམ་གསུམ་གཉིས་ཀྱི་མཆན་འགྲེལ། དབུ་ཕར་འདུལ་མངོན་བཅས་ཀྱི་དཀའ་གནད་ཟུར་བཀོལ། བཤེས་སྤྲིང་མཆན་འགྲེལ། དབྱར་གནས་ཆོ་གའི་ཟིན་བྲིས། འདུལ་བ་གཞི་བཅུ་བདུན་གྱི་རབ་དབྱེ། ཟངས་མདོག་དཔལ་རིའི་སྨོན་ལམ་གྱི་འགྲེལ་བ། བཀའ་བརྒྱད་རྣམ་བཤད། གསང་སྙིང་མཆན་འགྲེལ། རྒྱུད་བཅུ་བདུན་གྱི་བསྟོད་པ། མཛོད་བདུན་ས་བཅད་དང་འབྲེལ་བའི་སྤྱི་དོན། གྲུབ་དབང་ལྔ་པའི་རྣམ་ཐར་ཆེན་མོ་སོགས་དུ་མ་ཞིག་མཛད་ཀྱང་ཐོག་མར་པར་དུ་མ་འཁོད་པའི་དབང་གིས་དུས་འགྱུར་སྐབས་རྩ་བརླག་ཏུ་ཤོར། དེ་ལྟར་བསྟན་འགྲོའི་འགྲོ་དོན་རྒྱ་ཆེར་བསྐྱངས་ནས་མཐར་དུས་འགྱུར་གྱི་གོད་ཆག་འབྱུང་ལ་ཉེ་བའི་སྐབས་སུ་མཐའ་བཞིས་བསྡུས་པའི་འདུས་བྱས་ཀྱི་ཆོས་ལ་བརྟན་པ་མ་མཆིས་པའི་གསུང་སྤྱི་དང་། ཁོ་བོའི་རྨི་ལམ་གྱི་འཁྲུལ་རྟོག་དུ་རྫོགས་ཆེན་དགོན་གྱི་བླ་གྲྭ་ཐམས་ཅད་བོང་བུ་ལ་ཞོན་ནས་མཆོད་ཆས་ནང་རྟེན་དང་བཅས་པ་བཀལ་ཏེ་ནུབ་ཀྱི་དུར་ཁྲོད་ཉག་ཕྱོགས་སུ་ལ་བརྒྱབ་ནས་ཕེབས་སོང་བས་མ་བཟང་ཞེས་དང་། རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་སོགས་ཐག་རིང་གི་ཞལ་སློབ་རྣམས་ལ་ད་ཁྱེད་རང་རྣམས་ཕ་ཡུལ་དུ་ཐོན་ཚེ་སོང་ན་ལེགས་ཅེས་བཀའ་ལུང་བསྟན་པ་དང་། མཁན་ཆེན་ཡོན་ཏན་མགོན་པོ་དང་རྣམ་གཉིས་ཉིན་གྲངས་འགའ་ལ་མཉམ་བཞུགས་ཀྱིས་ཐུགས་སྤྲོ་མཛད་ནས་འདུས་མཐའ་འབྲལ་བའི་གསུང་གླེང་ཡང་ཡང་མཛད་ཅིང། སྐུའི་གཉེན་ཉེ་རྣམས་ལ་མི་རིང་བར་རང་རེ་རྣམས་འབྲལ་བའི་ཆོས་ཉིད་ཐོག་ཏུ་བབ་པར་གྱུར་ཀྱང་ཁྱེད་ཚོ་མ་ཤི་ཚུན་ངོ་འཕྲད་འོང་ཞེས་དབུགས་དབྱུང་གནང་། དེ་ནས་དགུང་གྲངས་ལྔ་བཅུ་ང་བདུན་བཞེས་པ་ས་ཕག་ལོར་དུས་འཁྲུགས་ཀྱི་སྡེ་གཟར་བྱུང་ཞིང་། སྐབས་དེར་རྗེ་ཉིད་སྐྱེ་འཆི་ལ་རང་དབང་འབྱོར་བས་བཙོན་ཁང་དུ་ཉིན་གཅིག་ཁོ་ན་ལས་མ་བཞུགས་པར་དང་པོའི་མཚན་མོར་སྐུ་མདའ་ལྟར་བསྲང་ཞིང་ཐུགས་མཉམ་པར་བཞག་པ་དང་བཅས་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། །

མཁན་རབས་ཉེར་དགུ་པ། ཨ་གྲོའི་མཁན་པོ་འོད་ཟེར་མཐའ་ཡས་ནི།

རུ་དམ་འབྲོག་རུའི་ལྷ་སྡེ་རུ་ཡབ་ཨ་གྲོའི་རིགས་ལས་མགར་བ་ཉི་ལོ་དང་། སྐྱེད་ཡུམ་སྤུ་རིས་ཞེས་འབོད་པའི་སྲས་སུ་སྐུ་བལྟམས། བྱིས་པའི་དུས་ནས་གྲུབ་དབང་ལྔ་པ་ཆེན་པོ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་གཙུག་ཕུད་ཕུལ་ཏེ་གདན་ས་ཆེན་མོའི་ཀློག་གི་གྲྭ་ལ་ཞུགས། བཅའ་རྡུང་དབྱངས་རོལ་གར་ཐིག་སོགས་སྒྲུབ་ཕྲིན་གྱི་ཕྱག་བཞེས་ཕྲ་རགས་མཐའ་དག་ལ་བྱང་ཆུབ་པར་མཛད་ཅིང་སྒྲིག་ཞུགས་གྲྭ་བཙུན་བཅོས་མའི་ཚུལ་གྱིས་དགོན་སྡེ་ཆེན་མོར་ལོ་གྲངས་དུ་མར་བཞུགས། དགུང་གྲངས་ཉི་ཤུའི་སྐབས་རྒྱ་ཀོང་མཁན་ཆེན་གཞན་ཕན་སྣང་བ་ཤྲཱི་སེང་ཆོས་གྲྭར་ཕེབས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་མཛད་པའི་སློབ་གྲལ་དུ་ཕེབས་ནས། ཐོག་མར་བསྟན་པའི་རྩ་བ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་པ་ནས་རྒྱ་གཞུང་ཆེན་མོ་བཅུ་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་མཐར་ཕྱིན་པ་གནང་། མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བས་ཕྱོགས་ཀྱི་བུ་དགོན་ཁག་ལ་མཁན་ཚབ་ཏུ་ཕེབས་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སྤེལ་བ་བསམ་གྱིས་མི་ཁྱབ། འཛིང་ཁང་དམར་དགོན་དུ་བཞུགས་སྐབས་ལི་ཐང་ཤོག་དྲུག་སྐྱབས་དགོན་པས་མདོ་སྔགས་ཀྱི་དཀའ་བའི་གནས་འགའ་རྩོད་པ་མཛད་ཚེ་ཐོགས་པ་མེད་པའི་ལན་གྱིས་རྒོལ་བའི་སྤོབས་པ་ཡོངས་སུ་བཅོམ་པས། རྙིང་མ་རུ་གྲགས་པ་རྣམས་ལའང་རྒྱ་གཞུང་ལ་ངེས་ཆ་ཆེ་ཞིང་འདི་འདྲའི་དཔྱད་པ་ཞིབ་མོ་ཡོད་པ་ད་གཟོད་ལས་མ་ཤེས་ཞེས་གསུངས། དགུང་གྲངས་བཞི་བཅུ་སྐོར་ལ་དཔལ་སེང་གེ་རིའི་ཆོས་སྡེ་ཆེན་མོའི་མཁན་རབས་ཉེར་དགུ་པའི་ཆོས་ཁྲིར་བཞུགས་ཏེ་མདོ་སྔགས་རིག་གནས་སྤྱི་དང་། ཁྱད་པར་དབུ་ཕར་ལ་རྩལ་འདོན་གྱིས་འཆད་ཁྲིད་རྒྱ་ཆེར་སྤེལ་བས་ཞལ་སློབ་མཁས་པའི་དབང་པོ་དུ་མ་བྱོན་ནས་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་ལ་མཛད་རྗེས་ཟླ་མེད་པ་བྱུང་། སྐུ་ཚེའི་སྨད་དུ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་ལ་གནད་དུ་བསྣུན་པས་གྲུབ་པའི་ལྟ་དགོངས་མཐོན་པོར་བརྙེས། དེ་ལྟར་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་མཛད་པ་མཐའ་རུ་ཕྱིན་པའི་ངང་སྐུ་གཤེགས་སོ། །

མཁན་རབས་སུམ་ཅུ་པ། དཀོན་མཆོག་ཡེ་ཤེས་འོད་ཟེར་རམ་ནོར་གཡང་རིན་པོ་ཆེ་ནི།

རུ་དམ་གདན་སའི་ཉེ་འདབས་སུ་ཡབ་ཚོང་དཔོན་དཀོན་མཆོག་རྒྱལ་མཚན་དང་། ཡུམ་ཁང་གསར་བདེ་ལེགས་མཚོ་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༨༩༢པ་སྟེ་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ལོར་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་བལྟམས། ན་ཚོད་ཕྲ་བའི་སྐབས་ནས་གདན་ས་ཆེན་མོར་ཆོས་ཞུགས་མཛད་ཅིང་ཡིག་རྩིས་དང་ཆོ་གའི་ཕྱག་ལེན་སོགས་ཐུན་མོང་ཤེས་བྱའི་གནས་ལ་སྦྱང་པ་མཐར་ཕྱིན། རིམ་པར་གྲུབ་དབང་ལྔ་པ་ཆེན་པོ་དང་རྗེ་གཞན་ཕན་སྣང་བ་སོགས་ཡོངས་འཛིན་བཤེས་གཉེན་དུ་མས་རྗེས་སུ་བཟུང་ཞིང་ལེགས་དགུའི་ཡོན་ཏན་གྱིས་རྒྱུད་ཡོངས་སུ་གཏམས་པ་སྟེ། རྫོགས་ཆེན་ལྔ་པ་ཆེན་པོ་ལས་ཚིགས་གསུམ་རིམ་ནོད་ཀྱིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་བསླབ་སྡོམ་ནོད་ནས་ཐུབ་ཚུལ་དྲི་མ་མེད་པའི་རྗེས་སུ་ཞུགས་ཤིང་། གསང་ཆེན་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་གདམས་ཁྲིད་ཀྱི་མནོག་ཆོས་བཞེས། སྐུ་ནར་སོན་ནས་གངས་རིའི་ལྗོངས་ཀྱི་ནཱ་ལེནྡྲའི་ཆོས་སྡེ་གཉིས་པར་བཞུགས་ནས་ཀུན་མཁྱེན་གཞན་ཕན་སྣང་བ་ལས་ཉིད་མཛད་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་གཙོ་བོར་གྱུར་པའི་རྒྱ་བོད་ཀྱི་གཞུང་ཆེན་ཁག་དང་། རྩ་རྒྱུད་སྒྱུ་འཕྲུལ་དྲྭ་བའི་འགྲེལ་ཆེན་སྤྱི་དོན་སྣ་ཚོགས་བཅས་མདོ་རྒྱུད་ཀྱི་བཤད་ཁྲིད་ཀུན་ལ་གསན་བསམ་མཐར་ཕྱིན་མཛད་པས་མཁས་པའི་གྲགས་པ་ཐོབ། དགུང་གྲངས་སུམ་ཅུའི་སྐོར་ལས་ཐོག་མཁན་པོའི་གསེར་ཁྲིར་ཕེབས་ནས་བསྟན་སྲིད་ཀྱི་ཐུགས་འགན་ལོ་ངོ་བཞི་ལ་གཟིགས་ཤིང་། དེ་འཕྲལ་ཤྲཱི་སེང་ཆོས་གྲྭར་ལོ་གྲངས་བཞིའི་རིང་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་འཁོར་བསྐོར་ཏེ་སྙིང་པོའི་བསྟན་པ་སྤེལ། དེ་ནས་ཡང་དབེན་ནགས་ཆུང་རི་ཁྲོད་སོགས་སུ་སྐུ་མཚམས་བཅད་རྒྱ་མཛད་དེ་ཡི་དམ་རྩ་གསུམ་གྱི་བསྙེན་སྒྲུབ་དང་། འོད་གསལ་གསང་བ་སྙིང་ཐིག་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་བཞེས་ལ་གནད་དུ་བསྣུན་པས་ཡི་དམ་རྡོ་རྗེ་གཞོན་ནུའི་ཞལ་གཟིགས་པ་སོགས་གྲུབ་པའི་རྟགས་མཚན་མཐའ་དག་མངོན་དུ་གྱུར། སྤྱིར་རྗེ་འདི་འཁྲུངས་མ་ཐག་ནས་གྲུབ་པའི་མཛད་སྤྱོད་ལ་མངའ་དབང་འབྱོར་པ་ཞིག་སྟེ། ནད་གདོན་གྱིས་ཟིན་པར་ཞལ་སྤུར་གནང་སྐབས་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ལྐོག་གྱུར་གྱི་ཆོས་ལུང་དུ་སྟོན་ཞིང་བར་སྲིད་ཀྱི་སེམས་ཅན་ཉིན་མོའི་གཟུགས་ལྟར་གཟིགས་པ། སྒྲུབ་ཆེན་བཀའ་བརྒྱད་ཆེན་མོའི་དབུ་བཞུགས་སྐབས་ཧོམ་ཁུང་དུ་ཉམས་པའི་སྙིང་ཁྲག་བསྐྱིལ་བ། གྲི་བཙན་ཆེན་པོ་སོགས་སྲུང་མ་བྲན་དུ་འཁོལ་བས་ཅི་བཅོལ་ཐོགས་མེད་དུ་སྒྲུབ་པ། ཡི་དམ་གྱི་སྒྲུབ་རྟེན་གནམ་ལྕགས་ཕུར་པ་ཡུལ་རིའི་ཟོ་དོར་གྱིས་རྟེན་སྐལ་དུ་ཁྱེར་བ་སོགས་གསང་བའིི་རྣམ་ཐར་མཐའ་ཡས། སྐུ་ཚེའི་སྨད་དུ་ཕྱོགས་འདུས་ཀྱི་དོན་གཉེར་ལྡན་པ་དག་ལ་མདོ་སྔགས་ཀྱི་འཆད་ཁྲིད་བར་མེད་དུ་བསྩལ་ཅིང་། རྗེ་ཉིད་གསང་བ་སྙིང་ཐིག་གི་ཆོས་སྐོར་སྤྱི་དང་མཛོད་ཆེན་བདུན་གྱི་ཚིག་དོན་དཀའ་གནས་ཀྱི་ཆ་ཀུན་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཡངས་པ་ཀུན་མཁྱེན་ཆེན་པོ་སླར་ཡང་བྱོན་པ་དང་རྣམ་དབྱེར་མེད་པར་བཞུགས། དེ་ལྟར་དོན་གཉིས་མཐར་ཕྱིན་གྱི་མཛད་པས་བསྟན་འགྲོའི་ཕན་བདེ་ཕྱོགས་དུས་ཀུན་ཏུ་ཉམས་པ་མེད་པར་སྤེལ་ཏེ་དགུང་གྲངས་རེ་བདུན་བཞེས་པ་རབ་བྱུང་བཅུ་དྲུག་པའི་ས་ཁྱིི་ལོར་གདོད་མའི་གཞི་ཀློང་ནང་གསལ་ཆོས་སྐུའི་དབྱིངས་སུ་མངོན་པར་གཤེགས་པའི་ཚུལ་བསྟན་ཏོ། །

མཁན་རབས་སོ་གཅིག་པ། མཁས་བཙུན་དབང་པོ་མཁན་པོ་ཆོས་རྣམ་ནི།

མདོ་ཁམས་རུ་དམ་རྫོགས་ཆེན་པའི་ལྷ་སྡེ་འབྲོག་རུའི་སྡེ་བར་མཚན་དཔེའི་མྱུ་གུ་བཞད། སྐུ་ན་ཆེས་གཞོན་ནུའི་སྐབས་ནས་གདན་ས་ཆེན་མོའི་གཞུང་གྲྭར་མཚན་ཐོ་བཀོད་དེ་ཀློག་གི་སློབ་གྲྭར་ཞུགས། བྱིས་པའི་དུས་སུ་རྒན་པོའི་ངང་ཚུལ་ལྟར་བག་ཡོད་ཚུལ་ལྡན་དུ་གནས་པས་ཀུན་ཀྱིས་ཡི་རངས་པའི་བསྟོད་བསྔགས་བྱེད། བཅའ་རྡུང་དབྱངས་རོལ་སོགས་གྲུབ་དབང་རྫོགས་ཆེན་པའི་རང་རྐང་གི་ཕྱག་བཞེས་མཐའ་དག་ལ་བྱང་ཆུབ་པར་མཛད་དེ་གྲྭ་བཙུན་དཀྱུས་མའི་སྒྲིག་འགན་ལོ་གྲངས་བཅུ་ཕྲག་ལྷག་ལ་བསད། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་བཀའ་གཏེར་གསར་རྙིང་གི་སྨིན་གྲོལ་གདམས་ཁྲིད་དང་བཅས་པ་ཐུགས་རྒྱུད་བུམ་པ་གང་བྱོའི་ཚུལ་དུ་གསན། བར་སྐབས་རྗེ་ཉིད་ལ་གློ་བུར་དུ་དཔེ་ཆ་གཟིགས་དགོས་པའི་ཐུགས་འདུན་བྱུང་བ་ལྟར་ཤྲཱི་སེང་ཆོས་གྲྭར་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་དང་། གནས་ལྔ་རིག་པའི་པཎ་ཆེན་མཁན་ཆེན་ཐུབ་བསྟན་སྙན་གྲགས་སོགས་ཡོངས་འཛིན་བཤེས་གཉེན་དུ་མ་གཙུག་རྒྱན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་གནས་ལ་ཐོས་བསམ་མཐར་ཕྱིན་གནང་། མཚན་མོ་ཟླ་འོད་དང་སྤོས་ཐུར་ལ་བརྟེན་ཏེ་དཔེ་གཟིགས་མཛད་པ་སོགས་དཀའ་སྤྱད་ལ་གཅིག་ཏུ་བཟོད་པའི་ཐུགས་བརྩོན་འགྲན་ཟླ་དང་བྲལ་བར་གྲགས། དགུང་གྲངས་བཞི་བཅུའི་སྐོར་རང་གཞན་གྲུབ་མཐའ་རྒྱ་མཚོ་ལ་ནང་བྱན་ཆུབ་པའི་བློ་གྲོས་ཀྱི་རྩལ་རྒྱས་ཤིང་ཕྱོགས་ཀྱི་བུ་དགོན་ཁག་ལ་མཁན་པོར་ཕེབས། ང་གཉིས་པ་ནས་རུ་དམ་གདན་སའི་ལས་ཐོག་མཁན་པོའི་ཐུགས་འགན་བཞེས་པ་དང་བརྒྱུད་མར་ཤྲཱི་སེང་ཆོས་གྲྭའི་མཁན་རབས་སོ་གཅིག་པའི་ཆོས་ཁྲིར་བཞུགས་ཏེ་འཆད་ཁྲིད་རྒྱ་ཆེར་སྤེལ། སྐུ་ན་སྨིན་སྐབས་སྐུ་མཚམས་བཅད་རྒྱ་ཁོ་ན་མཛད་པ་དང་བཅས་རང་གཞན་དོན་གཉིས་ལྷུན་གྲུབ་ངང་སྐུ་གཤེགས་སོ། །

མཁན་རབས་སོ་གཉིས་པ། མཁན་པོ་བསྟན་འཛིན་ཆོས་བཟང་ནི།

མདོ་ཁམས་རུ་དམ་ལུང་དུ་ཡབ་ཚེ་རིང་རྒྱལ་མཚན་དང་ཡུམ་ཁྱི་མོ་མཚོ་གཉིས་ཀྱི་བསྐྱེད་ཁྱིམ་དུ་མཚན་དཔེའི་མེ་ཏོག་གྲོལ། དགུང་ལོ་བརྒྱད་ཀྱི་དུས་རྫོགས་ཆེན་གདན་ས་ཆེན་མོར་ཁུ་བོ་བླ་མ་ཞིག་བཞུགས་པའི་དྲུང་དུ་བསྐྱལ་ཏེ་ཡི་གེའི་སྦྱོར་ཀློག་ལ་སྦྱང་། སྐུ་ན་ཅུང་སྨིན་ནས་དགོན་ཆེན་གྱི་ཚོགས་གྲྭལ་དུ་བཞུགས་ཏེ་འདོན་དབྱངས་གར་ཐིག་སོགས་སྒྲུབ་ཆེན་གྱི་ཕྱག་བཞེས་མཐའ་དག་ལ་བྱང་ཆུབ་པར་མཛད། དགུང་ལོ་ཉེར་གཉིས་ཙམ་ནས་ཤྲཱི་སེང་ཆོས་གྲྭར་བཞུགས་ནས་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་དང་ཐུབ་བསྟན་སྙན་གྲགས་སོགས་ལས་རང་ལུགས་རྒྱ་གཞུང་གི་ཡིག་ཆ་གཙོ་བོར་གྱུར་པའི་མཚན་ཉིད་གཞུང་ཆེན་དང་། རྒྱུད་སྡེ་ཕྱི་ནང་གི་བཤད་ཁྲིད་ཟབ་རྒྱས་སུ་གསན་པས་ཐོས་པ་རྒྱ་མཚོའི་ཕ་མཐར་སོན། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཞལ་སྔ་ནས་བཀའ་གཏེར་གྱི་སྨིན་གྲོལ་སྤྱི་དང་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཉམས་ཁྲིད་མནོག་ཆོས་སུ་བཞེས། དགུང་གྲངས་སུམ་ཅུ་ལྷག་ནས་ཕྱོགས་ཀྱི་བུ་དགོན་ཁག་ལ་མཁན་བསྐོས་སུ་ཕེབས་ཏེ་གཞི་གསུམ་གྱི་ཕྱག་བཞེས་དང་ཆོ་གའི་དབྱངས་རོལ་གར་ཐིག་སོགས་ཕྱག་ཁྲིད་མཛད་པས་རང་ལུགས་འཛིན་པའི་དགོན་སྡེ་མང་པོར་བཀའ་དྲིན་ཤིན་ཏུ་ཆེ། དགུང་གྲངས་ལྔ་བཅུའི་སྐོར་ལ་གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་བཀས་ཤྲཱི་སེང་ཆོས་གྲྭའི་མཁན་རབས་སོ་གཉིས་པའི་ཆོས་ཁྲིར་མངའ་གསོལ། དེ་སྐབས་སྐུ་ན་ཅུང་སྨིན་ཞིང་སྤྱན་མིག་མི་གསལ་བས་རྗེ་ཉིད་ཀྱིས་ཞལ་རྩེད་དུ། སྔོན་དུས་ཁ་མིག་བློ་རིགས་གསལ་ཞིང་ངས་ཤེས་ཀྱིས་ང་རྒྱལ་ཆེ་སྐབས་མཁན་པོར་བསྐོས་པའི་རེ་བ་རེ་བྱས་ཀྱང་སུ་ཡང་གོ་རྒྱུ་མ་བྱུང་། ད་ནི་ཁ་མིག་དབང་པོ་རྒུད་ཅིང་རྟོག་གེའི་དཔྱད་པ་བོར་ཏེ་ཉམས་ལེན་ལ་ཅུང་ཟད་འབུང་ཁུལ་བྱེད་སྐབས་གཟོད་ཁྲལ་འགན་འགེལ་བ་འདི་རྫོགས་ཆེན་ཚང་ནས་ང་ལ་ཞེ་ནག་ཡིན་པ་འདྲ་གསུངས། རྗེ་འདི་ཉིད་ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་ཡོངས་སུ་བཏམས་པས་གོང་འོག་མཆོག་དམན་ཀུན་ལ་ཐུགས་སྙོམས་པ་དང་། དབྱར་གནས་སོགས་ཀྱི་སྐབས་གྲྭ་གཞོན་རྣམས་ཀྱི་ཚོགས་སྒྲིག་བཤིག་ཚེ་ཐུགས་ཁྲོ་ཚུལ་ལྟ་བུའི་བཀའ་བཀྱོན་དྲག་པོ་གནང་གནང་བའི་མཐར་བཞད་མོ་མཛད་དེ་མར་མེའི་ཆད་པ་ཉིད་ཀྱིས་མཇལ་བ་སོགས་ཆོས་བརྒྱད་ཀྱི་འཆིང་རྒྱ་ལས་གྲོལ་བའི་རྣམ་ཐར་མཐའ་ཡས། དེ་ལྟར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་མཐར་རྒྱས་ངང་ང་དགུ་ལོའི་དུས་འགྱུར་སྐབས་སྐུ་གཤེགས་སོ། །

མཁན་རབས་སོ་གསུམ་པ། མཁས་དབང་ཚེ་རིང་ཆོས་འབྱོར་ནི།

སྤྱི་ལོ་༡༩༢༨པ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོར་ལྷོ་ཕྱོགས་དཔལ་གྱི་ཙཱ་རི་ཏྲའི་གནས་ཀྱི་གོང་བ་མཚོ་དཀར་གྱི་ཉེ་འགྲམ་དུ། ཡབ་རྡོ་རྗེ་དང་ཡུམ་ཚེ་དབང་ཆོས་སྒྲོན་ཟུང་གི་བསྐྱེད་ཁྱིམ་དུ་སྐུ་བལྟམས། གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུ་ཞང་དུ་གྱུར་པས་དགུང་གྲངས་བརྒྱད་ཀྱི་དུས་མདོ་ཁམས་རུ་དམ་གདན་སར་ཕེབས། འབྲི་ཀློག་ནས་བརྩམས་ཏེ་བརྡའ་དག་སྙན་སུམ་སོགས་ཐུན་མོང་གཙུག་ལག་གི་གནས་སྤྱི་ལ་སྦྱངས་པ་མཛད་པས་ཐོགས་པ་མེད་པར་མཁྱེན་ཅིང་ཆུབ་པ་བྱུང་། སྐྱེས་ཐོབ་ཀྱི་རྣམ་དཔྱོད་ཟླ་དང་བྲལ་བས་རིག་གནས་གང་ལ་གཟིགས་པ་ཙམ་གྱིས་ཚིག་དོན་མཐའ་དག་ཐུགས་འཛིན་ནུས་པའི་བློ་གྲོས་ཀྱི་སྤོབས་བ་མཆོག་ཏུ་ཡངས། དགུང་གྲངས་བཅུ་དྲུག་ནས་ཤྲཱི་སེང་ཆོས་གྲྭར་ཞུགས་ཏེ་མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་། མཁས་མཆོག་པདྨ་ཚེ་དབང་། མཁན་པོ་ནོར་གཡང་སོགས་བཤེས་གཉེན་དག་གི་ཞབས་དྲུང་དུ་བཏུད་དེ་རང་ལུགས་ཀྱི་ཡིག་ཆ་རྒྱ་མཆན་ཆེན་མོ་བཅུ་གསུམ་དང་། ཀུན་མཁྱེན་རོང་ཀློང་། སྨིན་གླིང་ཡབ་སྲས། འཇམ་མགོན་མི་ཕམ་པའི་གསུང་སྐོར་བཅས་དང་། རྗེ་ཡབ་སྲས་དང་། ཀུན་མཁྱེན་རོང་སྟོན་པ། གོ་རམས་པ་སོགས་གྲུབ་མཐའ་སོ་སོའི་གཞུང་འགྲེལ་ཆེན་མོ་མཐའ་དག་ལ་གསན་བསམ་དཔྱིས་ཕྱིན་པ་གནང་བས་མཁས་པའི་ཡང་རྩེར་སོན། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་དང་། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་རྣམ་གཉིས་ལས་འོད་གསལ་རྫོགས་པ་ཆེན་པོའི་ཟབ་ཁྲིད་མནོག་ཆོས་སུ་བཞེས། དགུང་གྲངས་ཉེར་ལྔ་པར་གྲུབ་དབང་དྲུག་པའི་བཀས་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཀློག་གི་སློབ་དཔོན་དུ་ཕེབས་བསྐུལ་ལྟར་རྫ་སྟོད་ལྕང་མ་སྒར་ལ་ཆེད་ཕེབས་མཛད་ནས་དེར་ལོ་ངོ་གཉིས་ལྷག་བཞུགས། སྐབས་དེར་སྡེ་སྣོད་འཛིན་པ་འགའ་ལ་ཕར་ཕྱིན་ཟུར་ཁྲིད་གནང་བ་དང་སྤྱི་དོན་ཟིན་བྲིས་ཤིག་ཀྱང་བསྩམས་པར་མཛད་ཅིང་། རྫ་སྟོད་བླུན་པོ་ཁྱུ་གཅིག་ལ། །མཁས་པ་ཚེ་རིང་ཆོས་འབྱོར་ང་། །ཞེས་སོགས་ཞལ་རྩེད་ཀྱི་གསུངས་བྱོན། དགུང་གྲངས་ཉེར་དགུ་པར་གྲུབ་དབང་རྫོགས་ཆེན་པའི་ལས་ཐོག་མཁན་རབས་སོ་གསུམ་པའི་ཆོས་ཁྲིར་མངའ་གསོལ། དེ་ཉིན་དམ་པ་ཉིད་གྲུབ་དབང་དྲུག་པའི་སྐུ་དྲུང་དུ་ཕེབས་ཚེ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཞལ་ནས་མཁན་པོ་འཆམ་གཞུག་མ་ཕེབས་བྱུང་། །ཞེས་ཐོལ་བྱུང་དུ་གསུངས་པ་ཕྱིས་སུ་དུས་ཐོག་ཏུ་ཁེལ་བའི་ལུང་བསྟན་དུ་བྱུང་ཞེས་ཐམས་ཅད་གླེང་། ཐོག་མའི་ལོ་བཞིར་རུ་དམ་གདན་སའི་མཁན་ཆེན་ཁྲི་པའི་ཐུགས་འགན་བཞེས་གྲུབ་པ་དང་དུས་འགྱུར་བྱུང་བས་མཛད་པ་མཐར་མ་ཕྱིན། དགུང་གྲངས་སོ་གཉིས་བཞེས་པ་སྤྱི་ལོ་༡༩༥༩ལོར་གཞན་རྐྱེན་ལ་བརྟེན་པའི་ཟོལ་གྱིས་དགོངས་པ་གཞན་དོན་དུ་གཤེགས་སོ། །

དེ་ཡན་མཁས་བཙུན་རྟོགས་པའི་དབང་ཕྱུག་མཁན་རབས་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་སོ་གསུམ་བྱོན་པ་དག་གི་རྣམ་ཐར་རྒྱས་པར་སོང་ཞིང་། རྒྱལ་བསྟན་ཡང་དར་གྱི་ཕྱི་མའི་དུས་འདིར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་བཀས་གནང་བ་ལྟར་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་ཕྱུག་ཅིང་། རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གཞིར་བཞེངས་སུ་སློང་བ་ལ་བསམ་བཞིན་སྲིད་པར་བཟུང་བའི་མཆོག་གི་སྤྲུལ་པའི་སྐུ་ཨོ་རྒྱན་རིག་འཛིན་རིན་པོ་ཆེ་མཆོག་མཁན་རབས་སོ་བཞི་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་སོར་བཀོད་དེ། ཐེག་གསུམ་ཆོས་ཀྱི་བདུད་རྩིའི་བགོ་སྐལ་ཕངས་མེད་དུ་འགྱེད་བཞིན་འཇིགས་བྲལ་སྨྲ་བའི་སེང་གེའི་གནས་སུ་དམ་བཅའ་བ་མཛད་པ་ལགས་ན་ཇི་སྲིད་བསྐལ་བ་རྒྱ་མཚོར་ཐུབ་བསྟན་སྙིང་པོའི་རྩ་ལག་ཏུ་སྐུ་འཚོ་ཞིང་གཞེས་པར་གསོལ་བ་དང་། འབྱུང་ཆར་སྡེ་འདིར་མཁས་བཙུན་གྲུབ་པའི་དབང་ཕྱུག་ཡབ་རྗེ་གོང་མ་དག་གི་རྣམ་ཐར་ལ་སྙེགས་པའི་དམ་པའི་སྐྱེས་ཆེན་རྒྱུན་མི་ཆད་པ་བྱོན་ཏེ་ཐུབ་ཚུལ་དྲི་མ་མེད་པའི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག་ཅིག་གུ་ཞེས་ཡང་ནས་ཡང་དུ་སྨོན་པའོ། །

སྨྲས་པ།

གངས་ལྗོངས་ཆོལ་གསུམ་ཆོས་ཀྱི་ཞིང་ཁམས་ལས། །མདོ་ཁམས་གསེར་ལྡན་ཡངས་པའི་ཚལ་ཞིག་ན། །ནཱ་ལེནྡྲ་ཡི་སྙན་པ་འཕྲོག་བྱེད་པའི། །རུ་དམ་དཔལ་གྱི་སེང་གེའི་ཆོས་སྡེ་བརྗིད། །དེ་ན་མདོ་སྔགས་གཙུག་ལག་རིག་པའི་གཞུང་། །ཟླ་བྲལ་སྨྲ་བ་མཁྱེན་པའི་གཏེར་རྫོགས་པའི། །དྲན་དབང་མཁས་པའི་ཁྲི་རབས་མ་ཆད་པ། །དགའ་བ་བརྒྱ་ལྡན་ཆོས་འཛིན་ཞིང་ལ་འགྲན། །འཇིགས་བྲལ་སེང་ཆེན་བརྒྱད་ཀྱིས་བཏེགས་པ་ཡི། །རྨད་བྱུང་ཆོས་ཀྱི་ཁྲི་འཕང་ལྷུན་མཐོ་བར། །ཞབས་སེན་ནོར་བུ་བཀོད་པའི་མངའ་ཐང་འདི། །མཁས་པའི་བུ་ལ་དབང་གི་གཞན་གྱིས་མིན། །ལྔ་རིག་ཤེས་བྱ་ཕྱོགས་ཀྱི་མཐའ་ཡངས་པོར། །མཁྱེན་རབ་གོམ་པའི་སྟབས་ཆེན་གཅིག་ཁོ་ནས། །གཞལ་བའི་བློ་ཆེན་གཟུངས་དང་སྤོབས་པའི་གཏེར། །མ་ལུས་མཛོད་འཛིན་མཁས་པའི་ཁྲི་རབས་མཛེས། །འཆད་པ་ཐོགས་མེད་འཇམ་དབྱངས་སྨྲ་བའི་ཟླ། །རྩོད་པ་ཟླ་མེད་ཆོས་ཀྱི་གྲགས་པའི་སྤུན། །རྩོམ་པ་འཛད་མེད་ལྔ་ཕྲག་རིག་པའི་མཛོད། །དྲན་དབང་བྱེ་བས་ས་འདི་དོག་པོར་བྱས། །ཉེས་ལྟུང་རྡུལ་གྱིས་ནམ་ཡང་མི་གོས་ཤིང་། །བསླབ་གསུམ་ཡོན་ཏན་དཔལ་གྱིས་མངོན་མཐོ་བ། །སྡོམ་བརྩོན་གསེར་རིའི་ཕྲེང་བ་ཚར་དངར་བའི། །གནས་བརྟན་འདུལ་བ་འཛིན་པའི་བཤེས་གཉེན་མང་། །ཐུགས་བསྐྱེད་རྣམ་པར་དག་པའི་ཁྱུང་སྔོན་སྐྱེས། །ལེགས་བྱས་དུས་ཀྱིས་བསྐུལ་བའི་རླུང་ཤུགས་ཀྱིས། །ཉེ་བར་དྲངས་པའི་འདུལ་བསྟན་ཉིན་མོར་བྱེད། །ལྗོངས་འདིའི་བཅུད་དུ་དྲངས་པའི་བཀའ་དྲིན་ལྕི། །སྒྲ་ཚད་བཟོ་གསོ་ཐུན་མོང་གཙུག་ལག་དང་། །དབུ་ཕར་འདུལ་མཛོད་ནང་དོན་རིག་པའི་གཞུང་། །འཆད་དང་རྩོད་པ་རྩོམ་པའི་སྲོལ་བཟང་གིས། །ཕྱོགས་འདིར་ལྔ་རིག་སྣང་བའི་སྒྲོན་མེ་སྦར། །ཁྲིམས་ལྡན་བླ་གོས་གསར་པའི་འཕྱང་འཕྲུལ་གྱི། །རྣམ་པར་མཛེས་པའི་ཁ་དོག་ལི་ཁྲིའི་རྡུལ། །འཕྱུར་བའི་རྦ་རླབས་འོད་ཀྱི་སྣང་བ་ཡིས། །སྔོ་བསངས་ནམ་མཁའི་མདངས་ཀྱང་སྒྱུར་བར་བྱེད། །བསླབ་ལྡན་འདུས་པའི་སྡེ་གྲྭ་རྒྱས་པའི་མཚོར། །གནས་བརྟན་རྒན་པོ་ངང་པའི་རྒྱལ་པོ་ཡིས། །སོ་ཐར་མདོ་ཡི་མགྲིན་སྒྲ་སྒྲོག་པའི་དབྱངས། །སྐལ་བཟང་ཐར་པར་ཞུགས་པའི་རྣ་བར་སྙན། །མང་ཐོས་ཆུ་འཛིན་འཁྲིགས་པའི་གདེངས་ཀ་ལས། །ལུང་རིགས་དབྱར་གྱི་རྔ་གསང་དགོད་པའི་སྒྲས། །སྐལ་བཟང་མདོངས་མཐའ་དགའ་བ་རྒྱས་བྱས་པས། །འཆད་རྩོད་རྩོམ་པའི་ཟློས་གར་ཅིར་ཡང་བསྒྱུར། །ཟབ་ཡངས་རྣམ་དཔྱོད་མེས་པོའི་རལ་ཀློང་ལས། །བྱུང་བའི་བཅུ་གསུམ་གཞུང་གི་ཛ་ཧུའི་རྒྱུན། །མདོ་ཁམས་རུ་དམ་ཆོས་ཀྱི་ཞིང་ས་རུ། །འཁྱིལ་བའི་དགེ་མཚན་བསྐལ་པའི་བར་དུ་བརྗིད། །རྣམ་མང་གཞུང་བརྒྱའི་བཀའ་གནད་མདུད་པའི་རྒྱ། །ཉི་ཚེའི་རིགས་སྨྲ་རྟོག་གེས་མི་བརྟོལ་བ། །མཁྱེན་དཔྱོད་རྣོ་དབལ་རལ་གྲིའི་འཕྲུལ་འཁོར་གྱིས། །སིལ་བུར་བཏང་བའི་དགོངས་འགྲེལ་བསྟན་བཅོས་མང་། །ལུང་དང་རིགས་པའི་གཡུ་རལ་གསིག་པ་ཡི། །སྨྲ་བའི་སེང་ཆེན་འགྱིང་བའི་མཆེ་སྡེར་འོག །ཕས་རྒོལ་གླང་པོའི་ཀླད་པ་ཉམས་དམས་པའི། །ངོ་མཚར་རྣམ་ཐར་བརྗོད་པའི་གྲངས་མི་ལང་། །མཁྱེན་རབ་ཉི་མ་འབར་བའི་འོད་རྣོན་པོས། །རྒྱ་བོད་གཞུང་བརྒྱའི་འདབ་མ་ཕྱེས་པ་ལས། །བྱུང་བའི་ལེགས་བཤད་སྦྲང་རྩིའི་བཅུད་མངར་མོ། །བཏུང་བས་མི་ངོམས་མཁས་པའི་དཔུང་ཚོགས་དར། །ཨེ་མ་གསང་ཆེན་ཆོས་ཀྱི་རྒྱལ་ཐབས་ཆེ། །ཆེ་བ་དྲུག་ལྡན་ངེས་དོན་སྙིང་པོའི་སྡེ། །སྡེ་འདིའི་བཤད་སྒྲུབ་བསྟན་པའི་སྲོལ་བཟང་པོ། །སྲིད་པའི་མཐར་ཡང་མི་ཉམས་དར་རྒྱས་ཤོག །

ཅེས་བྱ་བ་ནི་བཤད་སྒྲུབ་བསྟན་པའི་སྲོག་འཛིན་མཁན་རབས་ནོར་བུའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་དག་གི་རྣམ་ཐར་འཆད་པའི་སྐབས་ཀྱི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། བཤད་སྒྲུབ་བསྟན་པའི་སྲོག་འཛིན་མཁན་རབས་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་དག་གི་རྣམ་ཐར་བཤད་པའི་སྐབས་ཏེ་སརྒ་བཅུ་བཞི་པ་རྫོགས་སོ།། །།

གསུམ། སློབ་བརྒྱུད་དམ་པའི་སྐྱེས་ཆེན་མཁས་བཙུན་གྲུབ་པའི་དབང་ཕྱུག་དག་ཇི་ལྟར་བྱོན་ཚུལ་བསྟན་པ།

གསུམ་པ་སློབ་བརྒྱུད་དམ་པའི་སྐྱེས་མཆོག་མཁས་བཙུན་གྲུབ་པའི་དབང་ཕྱུག་དག་ཇི་ལྟར་བྱོན་པའི་ཚུལ་ནི། དེ་ཡང་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིག་འཛིན་ལ་ཐུགས་སྲས་ཉི་ཟླ་སྐར་གསུམ་ཞེས་གྲགས་པ་ལས། ཨོ་རྒྱན་སངས་རྒྱས་གཉིས་པའི་རྡོ་རྗེའི་ལུང་གིས་ཟབ་མོ་གཏེར་གྱི་འཁོར་ལོས་སྒྱུར་བར་དབང་བསྐུར་ཞིང་། རྩོད་དུས་ཀྱི་སྐལ་བ་ངན་པའི་མུན་པ་འཇོམས་པ་ལ་མཆོག་ཏུ་བསྔགས་པ་ཉི་མ་ལྟ་བུ་གཏེར་ཆེན་རིག་འཛིན་ཉི་མ་གྲགས་པ་དང་། གཞུང་ལུགས་རབ་འབྱམས་སྨྲ་བ་ལ་མཁྱེན་དཔྱོད་ཀྱི་རྩལ་རྫོགས་པ་ནམ་ཐོ་རངས་ཀྱི་སྐར་ཆེན་ལྟ་བུ་ཞྭ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན། ངེས་དོན་གྱི་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཟླ་བ་ལྟ་བུ་དཔོན་སློབ་ནམ་མཁའ་འོད་གསལ་བཅས་གསུམ་དུ་བྱོན་པ་ལས། རྫོགས་ཆེན་དཔོན་སློབ་སྐུ་རབས་རིམ་བྱོན་གྱིས་གདན་ས་ཟུར་དུ་མ་བཏབ་པར་རུ་དམ་གདན་ས་རང་དུ་བཞུགས་ཤིང་བསྟན་སྲིད་བསྐྱངས་ཚུལ་གྱི་རྣམ་ཐར་གོང་དུ་གདན་རབས་ཀྱི་སྐབས་སོགས་སུ་རྒྱས་པར་སོང་ལ།

ཉི་གྲགས་སྐུ་ཕྲེང་རིམ་བྱོན།

[༡] གཏེར་ཆེན་ཉི་མ་གྲགས་པ་གར་དབང་འགྲོ་འདུལ་གླིང་པ།

རིག་འཛིན་ཆེན་པོ་གར་དབང་འགྲོ་འདུལ་གླིང་པའམ་གཏེར་ཆེན་ཉི་མ་གྲགས་པ་ཞེས་ཡོངས་སུ་གྲགས་པའི་ཚད་མའི་སྐྱེས་བུ་གང་ཉིད་ནི། འཕགས་མཆོག་སེམས་ཉིད་ངལ་གསོ་དང་། ལོ་ཙཱ་བ་འཁོན་ཀླུ་དབང་སྲུང་བ་སོགས་དག་པའི་སྐྱེ་སྲིད་བགྲང་ལས་འདས་པ་བྱོན་པའི་མཐར། ཇི་སྐད་དུ། ཨོ་རྒྱན་གླིང་པའི་བཀའ་ཐང་ཤེལ་བྲག་མ་དང་། རྡོ་རྗེ་གླིང་པའི་གནམ་ལྕགས་མ། པདྨ་གླིང་པའི་བཀའ་རྒྱ་མ། སངས་རྒྱས་གླིང་པའི་པུ་རི་མ་རྣམས་ནས་ཚིག་གཅིག་དང་དབྱངས་གཅིག་གིས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང༔ དམ་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འབྱུང༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་ནས་བྱུང༔ ཁམས་པ་ཉི་མ་གྲགས་པའི་མིང་ཅན་འབྱུང༔ ཞེས་དང་། རང་གཏེར་བླ་མ་བདེ་མཆོག་གི་ཆོས་ཚན་ལས། རྒྱ་གར་རྒྱ་ནག་མོན་བོད་བལ༔ ཧོར་དང་སོག་པོ་ལ་སོགས་པ༔ ཆོས་འཁོར་ལྷ་ས་འདུ་ཚོགས་བྱེད༔ རྒྱ་བོད་ཧོར་གསུམ་ཆས་གོས་འདྲིལ༔ ལུས་གོས་སྣ་ཚོགས་ཡ་མ་ཟུང༔ སྐད་དང་ལོངས་སྤྱོད་མཐའ་དབུས་འགྱུར༔ བསམ་ཡས་འདི་ལ་ཞིག་གསོ་ཡོང༔ འབྲོ་བཟའི་ལྷ་ཁང་རི་མོ་བརྗེ༔ དེ་ཚེ་སྲིང་མོ་རྫོང་དུ་ནི༔ ང་ཡིས་སྦས་པའི་གཏེར་ཁ་རྣམས༔ ཁམས་པ་ཉི་མ་གྲགས་པས་སྤྱོད༔ ཅེས་དང་། རིག་འཛིན་གཏེར་བདག་གླིང་པའི་གཤིན་རྗེའི་ཆོས་བདག་ཏུ། གསང་བའི་ཆོས་བདག་བྱ་བཏང་རིག་འཛིན་གཉིས༔ ཞེས་པའི་ཡ་གྱལ་དུ་གཏེར་ཆེན་ཉིད་ཀྱིས་ངོས་འཛིན་གནང་བ་དང་། རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་ལས་ཀྱང་། འཕྲིན་ལས་མིང་འཛིན་ཤར་གྱི་ཕྱོགས་ནས་འབྱུང༔ ཞེས་བསླུ་མེད་རྡོ་རྗེའི་ལུང་བྱང་དུ་མ་ལས་ལན་གཅིག་མིན་པར་ཡང་ཡང་བསྔགས་པ་ལྟར། སྤྱི་ལོ་༡༦༤༧པ་སྟེ་རབ་བྱུང་བཅུ་གཅིག་པའི་ཐམས་ཅད་འདུལ་ཏེ་མེ་མོ་ཕག་གི་ལོར་སྒོམ་སྡེ་ནང་ཆེན་གྱི་སའི་ཆ་བན་རུ་གྲུ་ཡ་ཞེས་པར། ཡབ་བྱམས་མེ་དབོན་པོ་ཀརྨ་རྣམ་རྒྱལ་དང་། ཡུམ་བླ་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་གཟའ་ཚེས་སྐར་སྦྱོར་ལེགས་པ་ཞིག་ཏུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། བཙས་ནས་ཟླ་ངོ་གསུམ་ཙམ་ལོན་དུས་སུ་སྐུ་དྲང་པོར་བཞུགས་ནས་ཨོ་རྒྱན་མཁྱེན་ཞེས་ལན་གསུམ་གསུངས་པས་ཡབ་ཡུམ་གཉིས་ཀྱིས་སྔོན་གྱི་རྨི་ལྟས་སོགས་དང་བསྟུན་ཚེ་སྤྲུལ་བའི་སྐུ་ཞིག་ཡིན་ལས་ཆེ་བར་བསམ་ཏེ་ཡུལ་དེའི་སྔགས་འཆང་ཞིག་སར་ཁྱེར་ནས་ལོ་རྒྱུས་ཞུས། དེས་བུ་ཁྱོད་སུ་ཡིན་ཅི་ཞིག་གི་སྐད་སྨྲ་རྒྱུ་ཡོད་ཅེས་དྲིས་པར། བདག་ནི་འཕོ་ལུང་པ་ཀརྨ་བསམ་འགྲུབ་ཡིན་ནོ། །ཞེས་གསུངས་པས་ཀུན་ཧ་ལས་ཏེ་དད་པས་མཆི་མ་འཁྲུགས་པར་གྱུར། དེ་ནས་ལོ་ངོ་གཉིས་ཙམ་ནས་སྐུ་ཚེ་སྔ་མ་གྲུབ་ཐོབ་འཕོ་ལུང་པའི་དུས་ཀྱི་བག་ཆགས་ཅུང་ཟད་ཀྱང་མ་བརྗེད་པར་གསལ་ལེར་དྲན་ཅིང་ཐོགས་མེད་དུ་འཆད་པས་འཕོ་ལུང་པའི་སྐུ་སྐྱེར་རྩོད་མེད་དུ་གྲགས་ཤིང་མཚན་ཡང་ཀུན་ཀྱིས་སྐུ་སྐྱེར་འབོད། ལྗགས་ཀློག་ཕུལ་བས་ཡི་གེའི་ཕྱི་མོ་ལན་གཉིས་གསུམ་བཀླགས་པ་ཙམ་གྱིས་ལེགས་པར་མཁྱེན་པས་ཡ་མཚན་དུ་འཛིན་པ་བྱུང་། དེ་དུས་ཙམ་ནས་གཏེར་གྱི་ཁ་བྱང་ཞིག་ཕྱག་ཏུ་བྱུང་ཡང་བྱིས་པའི་ཉམས་ཀྱིས་སྟོར། བྲག་གསེབ་ཞིག་ནས་རྡོའི་ཁྲོ་ཕུར་འདྲ་བ་ཞིག་གཏེར་དུ་བཞེས་པ་ཡབ་ལ་གནང་། ཨོ་རྒྱན་ཆེན་པོས་ཡང་ཡང་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པས་མི་ཕྱེད་པའི་དད་པ་ཐོབ་སྟེ་རྙིང་ལུགས་ལ་ཐུགས་འདུན་ཆེ་བ་བྱུང་། ས་དེར་ཨོ་རྒྱན་རིན་པོ་ཆེའི་མཚན་ཙམ་ཡང་གླེང་བ་མི་འདུག་ཚུལ་ནམ་རྒྱུན་ཞལ་གསུངས་མཛད་པས། ཡབ་དང་གཅེན་གྱིས་ནང་པར་རྙིང་མའི་བླ་མ་ཞིག་བྱོན་ཡོད་པ་འདུག་པས་དེར་བྱོན་པར་སྤྲོའམ་ཞུས་པས་ཤིན་ཏུ་སྤྲོ་གསུངས་ནས་བྱོན་པར་ཐུགས་ཐག་བཅད། དེ་སྐབས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ནང་ཆེན་རྒྱལ་པོས་གདན་དྲངས་པའི་སར་མཇལ་དུ་ཕེབས། ཞལ་མཇལ་བ་ཙམ་གྱིས་མི་ཕྱེད་པའི་དད་པ་ཐོབ་ཅིང་ཚེ་རབས་ཀྱི་བླ་མ་ཡིན་པའི་ངེས་པ་ཐོབ། དེ་ནས་བཟུང་སྟེ་གྲུབ་དབང་རིན་པོ་ཆེའི་སྐུ་རྩར་འབྲལ་མེད་དུ་མི་ལོ་བཅོ་བརྒྱད་ལ་ཞབས་ཕྱིར་ཕེབས། དུས་མཚུངས་ཆགས་མེད་རིན་པོ་ཆེ་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེ་རྣམ་གཉིས་དང་མཇལ་ཞིང་དབང་ཆོས་དུ་མ་གསན་པས་ནམ་ཞིག་ཟབ་གཏེར་གྱི་སྒོ་འབྱེད་པའི་ལུང་བསྟན་གནང་། ཤིང་ཕོ་འབྲུག་གི་ལོ་ལ་གྲུབ་དབང་རིན་པོ་ཆེའི་ཞབས་ཕྱིར་བོད་ཡུལ་དབུས་ཀྱི་ཕྱོགས་སུ་ཕེབས་ནས་བླ་མ་དང་རྟེན་གསུམ་མང་པོ་མཇལ་སྐོར་དང་ཆོས་འབྲེལ་གང་མང་གསན། བར་ལམ་གྲུབ་དབང་རིན་པོ་ཆེས་བཀས་བསྐུལ་ནས་འཕྱོང་རྒྱས་དཔལ་རིའི་གྲྭ་ས་ལ་ཡུན་རིང་ཙམ་བཞུགས། ཚོགས་དུང་འབུད་པའི་ཡུན་ཙམ་ལ་བཟང་སྤྱོད་སྨོན་ལམ་གྱི་ཚད་ཙམ་གྱི་དཔེ་ཆ་ཐུགས་འཛིན་ཐུབ་པས་ཀུན་ཀྱིས་ཐུགས་རབ་ཆེ་བའི་ཚད་དུ་གླེང་། དེ་ནས་གྲུབ་དབང་རིན་པོ་ཆེའི་ཞབས་ཕྱིར་དགོངས་པས་གྲྭ་ས་ནས་གསེང་ཁྲོལ་ཞུས་ཏེ་དཔོན་གཡོག་གསུམ་ཧོར་སོག་གི་ཡུལ་དུ་འབུལ་སྡུད་ལ་ཕེབས་ནས་གདུལ་བྱ་བསྐྱངས། རིམ་པར་ལྷ་སར་ཕེབས་ཏེ་ཇོ་ཤཱཀ་རིན་པོ་ཆེར་མཆོད་འབུལ་དང་བསྟན་འགྲོའི་དོན་ལ་དགོངས་པའི་གསོལ་སྨོན་རྒྱ་ཆེར་མཛད། ས་ཕོ་སྤྲེལ་ལོར་གྲུབ་དབང་རིན་པོ་ཆེ་ཙཱ་རིར་ཞབས་སྐོར་ལ་ཕེབས་པའི་ཕྱག་ཕྱིར་བྱོན་པའི་ལམ་བར་རྣམས་སུ་དག་པའི་གཟིགས་སྣང་འབའ་ཞིག་འབྱམས་སུ་ཀླས། ཙཱ་རིའི་སྦས་ལུང་ཟབ་ལུང་ཡང་དབེན་རྡོ་རྗེའི་ར་བ་ཞེས་པ་རུ་གྲུབ་དབང་རིན་པོ་ཆེ་ཐུགས་དམ་ཉམས་བཞེས་སུ་ལོ་གསུམ་བཅད་རྒྱ་གནང་བས་རྗེ་ཉིད་ཀྱིས་ཀྱང་གནས་དེར་སྒྲུབ་པའི་རྒྱལ་མཚན་བཙུགས། གྲུབ་དབང་བླ་མ་དམ་པ་ལས་རྫོགས་ཆེན་གསང་བ་སྙིང་ཐིག་ཟབ་ཁྲིད་གསན་ནས་དཀའ་སྤྱད་ཐུགས་རུས་དྲག་པོས་སྣང་མུན་མི་འབྱེད་པ་ལྟ་བུའི་ཉམས་བཞེས་གནང་བས་རྫོགས་ཆེན་གཞི་ལམ་གྱི་རྟོགས་པ་མངོན་དུ་གྱུར། བྱ་རྩོལ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ནུབ་སྟེ་རང་བྱུང་གི་རིག་པ་ཡེ་ཤེས་ཆེན་པོར་རྩལ་རྫོགས་པས་སྣང་གྲགས་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་གཟིགས་པར་གྱུར་ཏེ། རྗེ་ཉིད་ཀྱི་གསུང་ལས། མཚུངས་མེད་དམ་པ་རིན་པོ་ཆེའི་ཐུགས་རྗེས་བཟུང་བས། རང་རིག་ཀ་དག་གི་ཡེ་ཤེས་དང་ཞལ་མཇལ་ཏེ། འཁོར་བ་དོང་སྤྲུག སྲིད་པ་ཕྱིར་བསྙིལ། བག་ཆགས་དྲུང་ཕྱུང་སྟེ། ཀུན་བཟང་འཁོར་ལོ་ཚོགས་ཆེན་གྱི་ས་ལ་འགྱིང་བར་གྱུར་ཏོ། །ཞེས་གསུངས། སྐབས་ཤིག་གྲུབ་དབང་རིན་པོ་ཆེའི་ཞལ་ནས་ཁྱེད་ཀྱིས་ཁམས་ཀྱི་སྲིང་མོ་རྫོང་དུ་བསྒོམ་ན་དངོས་གྲུབ་ངེས་པར་ཐོབ་པར་འདུག་ཅེས་ཡེ་ཤེས་ཀྱི་གཟིགས་པ་བླ་ན་མེད་པས་ལྐོག་གྱུར་ཇི་བཞིན་དུ་མཁྱེན་པའི་གསུང་ཡང་ཡང་བྱུང་བ་དང་། ཡེ་ཤེས་ཀྱི་མཁའ་འགྲོས་ལུང་བསྟན་ཀྱང་གསལ་པོར་བྱུང་བས་ཐུགས་ལ་ངེས་པ་རྙེད་ནས་སྲིན་མོ་རྫོང་དུ་ཕེབས། དཔལ་གྱི་ཁམས་ཤག་རྡོ་རྗེ་སྙིང་རྫོང་དུ་ལོ་གསུམ་གྱི་བཅད་རྒྱ་ལ་བཞུགས་པས་ཐོག་མར་མི་མ་ཡིན་གྱི་འཚུབས་ལྷོང་ཤིན་ཏུ་ཆེ་བ་བྱུང་ཡང་ཐུགས་དམ་གྱི་རྩལ་རྫོགས་པས་དམིགས་མེད་ཀྱི་ལྟ་བས་ཟིལ་གྱིས་མནན། ཆུ་མོ་གླང་གི་ལོར་གུ་རུ་རིན་པོ་ཆེས་དངོས་སུ་ཞལ་བསྟན་ནས་ཟབ་མོ་གཏེར་གྱི་ཁ་བྱང་ལུང་བསྟན་དུས་རྟགས་སོགས་རྡོ་རྗེའི་ལུང་གིས་བཀྲལ་ནས་བསྩལ། ཤིང་ཕོ་སྟག་གི་ལོར་སྲིན་རྫོང་རྡོ་རྗེ་སྙིང་རྫོང་ནས་ཁ་བྱང་དང་མཐུན་པར་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་དང་སྐུ་ཚབ་དྲི་མེད་བཤེས་གཉེན་སོགས་གདན་དྲངས། དེ་ནས་བཟུང་སྟེ་དཀའ་ཚེགས་དང་འོ་བརྒྱལ་ལ་མ་གཟིགས་པར་གཏེར་གནས་རྣམས་སུ་རིམ་གྱིས་ཕེབས་པར་བཞེད་པ་ན། གྲུབ་དབང་རིན་པོ་ཆེས་གཙང་ཕྱོགས་སུ་ཤོག་གསུངས་པའི་བཀའ་ཤོག་ཆེད་གཏད་གནང་བ་ལྟར་གཙང་ལ་ཕེབས། ལམ་ཞོར་ལ་རྟ་ནོར་སོགས་དངོས་རྫས་མང་དུ་བྱུང་བས་རྟ་ནོར་བརྒྱད་ཅུ་ཙམ་བསམ་ཡས་ཞིག་གསོའི་ཐེབས་སུ་ཕུལ། བྲེས་དགོན་གསར་དུ་གྲུབ་དབང་རིན་པོ་ཆེ་མཇལ་ཞིང་རྟ་ནོར་བརྒྱ་དང་ལྔ་བཅུ་སོགས་དངོས་པོ་གཏོས་ཆེ་བའི་འབུལ་བ་མཛད་པས་ཐུགས་མཉེས་པའི་རྩེར་སོན། དེ་ནས་ཤང་ཟམ་ལུང་དུ་གྲུབ་དབང་རིན་པོ་ཆེ་སོགས་དང་ལྷན་དུ་ཕེབས། ཟམ་ལུང་གཏེར་འདོན་དགོས་པའི་མཁའ་འགྲོའི་གསང་ལུང་དང་དུས་རྟགས་སོགས་མངོན་དུ་གྱུར་པས་ཡོས་ལོ་སྤྲེལ་ཟླའི་ཚེས་བཅུའི་ནུབ་མོ་ཚེ་སྒྲུབ་བདུད་བཞིའི་གཡུལ་རྒྱལ་དང་ཟབ་ཆོས་པདྨ་དྲག་ཁྲོས་སོགས་མངོན་ཆུང་གིས་གསང་གཏེར་དུ་བཞེས་པ་གནང་བ་ན། ཡུལ་དེའི་དམ་ཅན་སྐྱེས་བུ་ཆེན་པོ་ཁོག་ཞུགས་ཤིག་གིས་རིག་པ་འཛིན་པའི་སྐྱེས་བུ་དམ་པས་ཟབ་གཏེར་བཞེས་སོང་ཞེས་ཁྲོམ་བསྒྲགས་སུ་གསུངས་པས་ཀུན་ཀྱིས་འོད་མཆོག་སྤྲུལ་སྐུ་དང་གྲུབ་ཐོབ་རིན་པོ་ཆེ་གཉིས་གང་རུང་གིས་བཞེས་པ་ཡིན་འགྲོ་ཞེས་གླེང་། གྲུབ་དབང་རིན་པོ་ཆེས་སྒྲུབ་པ་མཛོད་གསུངས་ཀྱང་གངས་རི་ཏི་སེའི་གཏེར་འདོན་པའི་དུས་རྟགས་རྣམས་མངོན་དུ་གྱུར་པས་དགོངས་པ་ཞུས་ནས་རིམ་གྱིས་གངས་རིར་ཕེབས། ལམ་བར་དུ་འོ་བརྒྱལ་མང་པོ་བྱུང་ཡང་ཐུགས་ཞུམ་པ་སྤངས་ནས་བསྟན་འགྲོའི་དོན་ལ་དགོངས་ཏེ་དཀའ་བ་ཁྱད་བསད་མཛད། གངས་ཅན་རིའི་རྒྱལ་པོ་ཏི་སེར་ཕེབས་ཉིན་གངས་རིའི་ཐད་ཀྱི་ནམ་མཁར་མཁའ་འགྲོ་མ་སྐུ་མདོག་ལྗང་གུ་ཞབས་གར་སྟབས་ཅན་ཞིག་གཟིགས་པས་རྩོལ་མེད་ཀྱི་ཐུགས་ཉམས་བཟང་པོ་སྐྱེས་གསུངས། ཤིང་ཡོས་ཧོར་ཟླ་བཅུ་པའི་ཡར་ཚེས་བཅོ་ལྔ་ལ་བདེ་མཆོག་འཁོར་ལོའི་ཕོ་བྲང་བདེ་ཆེན་གསང་བ་ཕུག་ནས་རིགས་ལྡན་གྱི་གྲོགས་དང་བཅས་ཏེ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཆོས་སྐོར་ཆ་ལག་དང་བཅས་པ་རྣམས་གཏེར་ནས་གདན་དྲངས། དེ་མཚམས་རྗེ་བཙུན་བཞད་པ་རྡོ་རྗེའི་སྒྲུབ་གནས་རྣམས་དང་། བལ་ཡུལ་མཆོད་རྟེན་འཕགས་པ་ཤིང་ཀུན། བྱ་རུང་ཁ་ཤོར་སོགས་ལ་གནས་གཟིགས་སུ་ཕེབས་བསྐྱོད་གནང་། ཁྱད་པར་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་ཡང་ལེ་ཤོད་དང་ཨ་སུ་ར་སོགས་སུ་གནས་འབྲེལ་ཟླ་མཚམས་རེ་གནང་། བལ་ཡུལ་སོགས་སུ་གནས་གཟིགས་ཞིབ་ཆ་མཛད་དེ་དིང་རི་བརྒྱུད་གྲུབ་དབང་བླ་མ་མཁར་བ་བསམ་གཏན་བྲག་ན་བཞུགས་པའི་སར་ཕེབས་ཏེ་བལ་བོད་ཀྱི་དངོས་རྫས་རིན་ཐང་དང་བྲལ་བ་དུ་མ་ཕྱག་རྟགས་སུ་ཕུལ། གྲུབ་དབང་མཆོག་གིས་ཟབ་ཆོས་རྣམས་གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་མ་བྱུང་ན་བར་ཆད་ཀྱི་དབང་དུ་འགྲོ་ཚུལ་སོགས་ཀྱི་གསུང་མང་པོ་ལྷུག་སྩོལ་མཛད་པར་ལོ་གསུམ་སྒྲུབ་པ་མཛད་རྒྱུའི་དམ་བཅའ་ཕུལ། ས་ཕོ་རྟ་ཡི་ལོའི་ཧོར་ཟླ་དྲུག་པར་སླར་ཡང་སྲིན་རྫོང་དུ་ཕེབས་ཏེ་ཆགས་རུ་ཕུག་ནག་ཏུ་སྐུ་མཚམས་བཅད་རྒྱ་འབའ་ཞིག་མཛད། འདི་དུས་ཙམ་ལ་གནས་ལྔ་རིག་པའི་པཎ་ཆེན་འཇམ་དབྱངས་ཧོར་གྱི་ལོ་ཆེན་དང་མཇལ་ཞིང་ཉིད་ཀྱི་གཏེར་གསར་ཆོས་སྐོར་རྣམས་ཕུལ་ཏེ་ཆོས་བདག་ཏུ་མངའ་གསོལ། ཆུ་ཕོ་ཁྱི་ལོར་ནག་ཤོད་མེ་འབར་ཕུག་ནས་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ཆོས་སྐོར་རྣམས་གདན་དྲངས་པ་བར་ཆད་མེད་པར་ཕྱག་ཏུ་སོན། དུས་དེར་ལུང་ཟིན་ཐུགས་སྲས་རྣམས་ཀྱིས་གཙོས་སྐལ་ལྡན་འདུས་པ་བརྒྱ་ཕྲག་བརྒལ་བ་ལ་གཏེར་གསར་བཀའ་རྒྱ་གྲོལ་བསྟུན་དབང་ལུང་ལན་གཉིས་སུ་བསྩལ་ནས་སྨིན་གྲོལ་གྱི་ས་ལ་བཀོད། དེ་ནས་རྒྱ་གར་རྩ་མཆོག་གྲོང་གི་གཏེར་འདོན་པའི་དུས་ལ་བབ་པའི་ལུང་བསྟན་གསལ་བས་གནས་སྐོར་པ་ཕོ་མོ་སུམ་ཅུ་རྩ་ལྔ་ཙམ་ཟས་གོས་ཀྱིས་བསྐྱངས་ནས་རྒྱ་གར་དུ་ཞབས་བཏེགས། གུ་རུ་རིན་པོ་ཆེའི་གསང་ལུང་བཞིན་ཤིང་ཕོ་བྱི་བའི་ལོར་རྒྱ་གར་རྩ་མཆོག་གྲོང་གི་བྱང་སྒོ་ཧ་ཙོ་ཞེས་པའི་གནས་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་ཆོས་སྐུ་མི་བསྐྱོད་རྡོ་རྗེ་སྟེ་འཕགས་པ་སྐུ་མཆེད་གཉིས་དང་རྟེན་དེའི་སྲུང་མ་ལྷ་མོ་སྔགས་སྲུང་མའི་ཆོས་ཚན་སོགས་སྤྱན་དྲངས་ཏེ་རིམ་གྱིས་ཚུར་ཕེབས། དེ་ནས་གདན་སར་ཕེབས་འཕྲལ་གྲུབ་དབང་རིན་པོ་ཆེ་མཇལ་དུ་ཕེབས་བཞེད་གནང་ཡང་གྲུབ་དབང་རིན་པོ་ཆེ་མདོ་སྨད་དུ་ཆིབས་བསྐྱོད་གྲུབ་པ་དང་འགྲིག་པས་མཇལ་མ་ཐུབ། འདི་སྐབས་སོག་པོའི་རྒྱལ་པོ་པཱ་ཐུར་ཐའི་ཇི་ཡིས་གདན་འདྲེན་བྱུང་བ་བཞིན་ཕེབས་པས་གུས་འདུད་ཀྱི་བསྙེན་བཀུར་དང་སྲི་ཞུ་ཚད་མེད་པ་ཕུལ། མེ་ཡོས་ལོར་མདོ་སྨད་ནས་གྲུབ་དབང་རིན་པོ་ཆེས་གསུང་ཤོག་གནང་དོན་བཞིན་མདོ་སྨད་དུ་ཆིབས་ཞལ་བསྐྱོད། གྲུབ་དབང་རིན་པོ་ཆེས་རོག་ཏྲམ་དགོན་གསར་འདེབས་ཀྱིས་དེར་བཞུགས་པ་དང་མཇལ་ཞིང་གུར་དཀར་མོ་སྟོང་ཤོང་གཙོས་རྟ་ནོར་དངོས་རྫས་ཕོན་ཆེ་བ་དང་། གཏེར་རྫས་ཀྱི་གཙོ་བོ་གངས་རི་ནས་སྤྱན་དྲངས་པའི་སྐུ་ཚབ་མཐོང་བ་དོན་ལྡན་དང་། གཏེར་ཤོག་གྲས་ཁ་མ་ཉམས་པའི་ཤོག་དྲིལ་འགའ། ཨ་ཐམ་ཧྲི་ཐམ་མང་པོ་བཅས་རིགས་མི་གཅིག་པའི་གཏེར་རྫས་སྣ་ཚོགས་ཀ་ཏོ་ར་གང་ཙམ་ཕུལ་བས་ཐུགས་དགྱེས་པའི་རྩེར་སོན། གྲུབ་དབང་རིན་པོ་ཆེས་རུ་དམ་གདན་ས་སྐྱོང་དགོས་པའི་བཀའ་ཕེབས་གནང་ཞིང་ཁྱེད་རང་ཆེད་གཏད་ཀྱིས་གདན་དྲངས་དགོས་པའང་འདི་ལས་གཞན་ཅི་ཡང་མེད་ཅེས་གསུངས་པར། གཏེར་ལུང་གི་དོན་བཞིན་འགྲོ་དོན་ཕྱོགས་མེད་དུ་སྐྱོང་དགོས་པའི་སྟབས་ཀྱིས་གདན་ས་མཛད་ཐབས་བྲལ་ཚུལ་ནན་ཞུས་ཕུལ་བས་དགོངས་ཁྲོལ་ལེགས་པར་ཐོབ། ལྕགས་ཕོ་རྟའི་ལོར་ལྡན་གླང་ཐང་དུ་ཞབས་པད་བསྐྱོད་ཅིང་སྒྲོལ་མ་རང་བྱོན་བྲག་ནས་སྨན་ལྷ་དམ་ཆོས་བདུད་རྩི་ཐིག་པའི་སྐོར་དང་། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ཀྱི་སྒྲོལ་མའི་སྐུ་སོགས་གཏེར་ནས་གདན་དྲངས། གླིང་དཔོན་རྡོ་རྗེ་མགོན་པོ་སོགས་མི་ཆེན་ཆེ་དགུ་དུ་མས་ཞབས་ལ་བཏུད་དེ་རྫ་སྟོད་རི་འགུལ་དགོན་གྱི་ས་རིས་ཐམས་ཅད་ཕུལ་ནས་དགོན་པ་ཞིག་ཕྱག་འདེབས་མཛད་པའི་ཞུ་བ་ཕུལ་བས་རེ་ཞིག་ཞེ་ཆེན་རི་ཁྲོད་བཏབ་ནས་དེར་བཞུགས། དུས་མཚུངས་རང་གཏེར་ལས། ཅོག་རོའི་སྤྲུལ་པས་བསྟན་པའི་སྒྲོན་མེ་སྦར༔ ཞེས་དང་། གངས་ལྗོངས་ས་ཡི་དབང་ཕྱུག་དབུས་དང་ཤར༔ རྟེན་འབྲེལ་གར་བབ་ལེགས་བརྟགས་ས་ཕྱོགས་སུ༔ འཕགས་པ་བཞུགས་གསོལ་ཆོས་ཀྱི་གྲྭ་སྡེ་ཚུགས༔ མཐོང་ཐོས་འགྲོ་རྣམས་འཕགས་པའི་ཞིང་དུ་གྲོལ༔ ཅེས་གསུངས་པ་ལྟར་སྡེ་དགེའི་ཆོས་རྒྱལ་ཆེན་པོ་ཁྲི་ཆེན་སངས་རྒྱས་བསྟན་པས་ཆེད་དུ་གདན་དྲངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་པ་སོགས་རྟེན་འབྲེལ་ལེགས་ཚོགས་ཀྱི་སྒོ་མོ་འབྱེད་པ་དང་བསྟུན། སྤྱི་ལོ་༡༦༩༣པ་རབ་བྱུང་བཅུ་གཉིས་པའི་དཔལ་གདོང་ཞེས་པ་ཆུ་མོ་བྱའི་ལོར་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་གི་ཆོས་སྡེ་བཏབ། ལྷ་ཆེན་ཐུབ་དབང་བདུད་འདུལ་མའི་སྐུ་བཞེངས་པའི་འོག་ཏུ་མཐའ་དམག་གི་བླ་རྡོ་མནན་ཏེ་འཚེ་བ་མི་འབྱུང་བའི་བཀའ་དྲིན་མཛད་པ་དང་། སྡེ་དགེའི་མངའ་རིས་ཀྱི་དངོས་ཡོད་དངོས་མེད་ཀྱི་ལྷ་སྲིན་སྡེ་དང་བཅས་པ་ཐམས་ཅད་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་གྱིས་དམ་བཞག་བཀའ་སྒོ་མཛད་པར་ཆོས་རྒྱལ་ཆེན་པོས་གཏང་རག་གི་འབུལ་མཆོད་རྒྱ་ཆེན་ཕུལ། དེ་ནས་གྲུབ་དབང་པདྨ་རིག་འཛིན་ཉིད་མྱ་ངན་ལས་འདའ་བར་བཞེད་པ་གསན་པས་མགྱོགས་པར་ཆིབས་བསྐྱོད་གནང་བས་ཞལ་མཇལ་ཏེ་གསུང་འཕྲོས་ཞིབ་པར་གནང་། མི་རིང་པར་གྲུབ་དབང་རིན་པོ་ཆེ་གཟུགས་སྐུའི་བཀོད་པ་གཞོན་ནུ་བུམ་སྐུའི་དབྱིངས་སུ་བསྡུ་བར་མཛད་ཚེ་སྐུ་གདུང་རིན་པོ་ཆེར་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། ཉིན་རེ་བཞིན་དབུ་དཔྲལ་ནས་སྐུ་མཚལ་འབྱུང་འབྱུང་གིས་ཕྱག་བརྒྱ་ཕྲག་མང་པོ་ཕུལ་བ་སོགས་བློས་མི་དཔོག་པར་མཛད་ཅིང་ཕྱིས་སུ་གྲུབ་དབང་བླ་མའི་ཡེ་ཤེས་ཀྱི་སྐུ་ལན་དུ་མར་མཇལ་ཅེས་གསུངས། དེ་སྐབས་ཐུགས་སྲས་རབ་འབྱམས་པ་མཁར་མདོ་ལྷོ་ཁོག་རྣམས་སུ་ཕེབས་ནས་མ་བཞུགས་པས་དཔོན་སློབ་རིན་པོ་ཆེར་དགོངས་རྫོགས་ཕྱག་རོགས་མཛད་དེ་སྐུ་གདུང་མཆོད་རྟེན་ཐོག་སོ་གསུམ་དུ་སླེབས་པ་ཞིག་བཞེངས་ནས་རབ་གནས་ཀྱང་རྒྱས་པ་གྲུབ། དཔོན་སློབ་རིན་པོ་ཆེས་གདན་སའི་ཁུར་བཞེས་གནང་དགོས་ཚུལ་ནན་གྱིས་གསོལ་ཡང་གྲུབ་དབང་རིན་པོ་ཆེར་དགོངས་འཁྲོལ་ཞུས་པ་བཞིན་ཞལ་བཞེས་མ་མཛད་པར་སླར་སྟག་མོ་སྒང་དུ་ཕེབས། དེ་ནས་མི་རིང་བར་རྒྱ་ནག་གླང་ཆེན་འགྱིང་རིར་ཕེབས་བཞེད་ཀྱིས་རིམ་པར་དར་རྩེ་མདོར་ཞབས་བསྐྱོད་པས་ལྕགས་ལ་རྒྱལ་པོ་སོགས་མི་ཆེན་ཆེ་དགུ་ཐམས་ཅད་ཀྱིས་བཀའ་ཆོས་ཞུས་ཤིང་ཟང་ཟིང་དངོས་འབྱོར་བསམ་གྱིས་མི་ཁྱབ་པ་ཕུལ། དུས་ཟིང་གིས་བཀག་ནས་རྒྱ་ནག་ཏུ་ཕེབས་མ་གྲུབ་པས་དགུན་དེར་མི་ཉག་རི་ཁུད་དགོན་དུ་བཞུགས་ནས་རི་ཁུད་ཆོས་རྗེ་སོགས་འདུས་པ་ཡོངས་ལ་རང་གཏེར་གཙོ་བོར་གྱུར་པའི་དབང་ལུང་ཁྲིད་སོགས་ཟབ་གསང་ཆོས་ཀྱི་བདུད་རྩི་ཅི་དགར་བསྩལ་བར་མཛད། གཞན་ཡང་རྒྱལ་འཕགས་བླ་མ་ཨོ་རྒྱན་ལྷུན་གྲུབ་སོགས་རྟའུ་མི་ཉག་རྣམས་སུ་བཀའ་ཆོས་འཆད་སྤེལ་དང་འགྲོ་ཕན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ཏེ་སླར་སྟག་སྒང་དུ་ཕེབས། དེ་ནས་རིམ་པར་སྟོད་ཕྱོགས་སུ་ཕེབས་རྒྱུའི་དགོངས་གཏད་གནང་བ་ན། སྡེ་དགེའི་ཁྲི་ཆེན་གྱིས་དབུའི་མཆོད་གནས་སུ་གཏན་བཞུགས་དགོས་པའི་གསོལ་བ་བཏབ་ཀྱང་གསང་ལུང་གི་སྟབས་ཀྱིས་ཞལ་བཞེས་མ་མཛད་པར་སྲིན་རྫོང་དུ་ཕེབས་ཤིང་། ཇི་སྐད་དུ་གཏེར་ལུང་ལས། གནམ་ས་ཟླ་ཕྱེད་འདྲ་བའི་ལུངཿ རི་བོ་རྒྱལ་བློན་ཚོགས་འདྲའི་མདུནཿ སྐུ་གསུང་ཐུགས་ཀྱི་ལྷ་ཁང་དངཿ སྒྲུབ་པའི་གང་ཟག་བདུན་སྡེ་ཚུགས། ཞེས་གསུངས་པ་ལྟར། སྤྱི་ལོ་༡༧༠༤པ་སྟེ་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ལུག་གི་ལོར་ཆགས་རུ་འོད་གསལ་སྒྲུབ་སྡེ་བཏབ་ནས་གཙུག་ལག་ཁང་རྟེན་དང་བརྟེན་པ་དང་བཅས་པ་ལེགས་པར་བཞེངས། བར་ལམ་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྐུ་ཚབ་ཧོར་འདྲ་ཆིབས་དྲེལ་དང་བཅས་གདན་ཞུས་ནན་ཆེན་བྱུང་བ་ལྟར་མདོ་སྨད་ཕྱོགས་སུ་ཡང་དུ་ཆིབས་བསྐྱོད་གནང་ནས། རྗེ་ཉིད་ཀྱི་རང་གཏེར་སོགས་དབང་ལུང་གི་ཆོས་བཀའ་དུ་མ་དང་ཆབ་སྲིད་ཀྱི་མངའ་ཐང་དགུང་དུ་འདེགས་པའི་ཐུགས་སྨོན་རིམ་གྲོ་བཞེད་དོན་བཞིན་ཕུལ། ས་སྐྱོང་ཉིད་ཀྱིས་ཀྱང་བསྙེན་བཀུར་འབུལ་ཞབས་བསམ་གྱིས་མི་ཁྱབ་པ་མཛད་ཅིང་སླར་ཡང་གདན་ས་གོང་མར་ཆིབས་བསྒྱུར་གནང་། གདན་སར་ཞབས་པད་བཀོད་གྲུབ་ནས་ཀྱང་གདུལ་བྱ་སོ་སོའི་སྣོད་དང་འཚམས་པར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་སྤྱི་དང་། ཁྱད་པར་ཆོས་བདག་ལུང་ཟིན་རྣམས་ལ་རང་གཏེར་ཆོས་ཀྱི་ཕ་ཕོགས་ལན་གཅིག་མ་ཡིན་པར་ཡང་ཡང་བསྩལ་ཅིང་སྨིན་གྲོལ་གདམས་པ་དུ་མས་རྗེས་སུ་འཛིན་པར་མཛད། སྔ་ཕྱིར་དབང་ཆོས་ཀྱི་བཀའ་དྲིན་ནོད་པའི་སློབ་བུ་བགྲངས་ཀྱིས་མི་ལང་པ་བྱོན་པ་ལས་གཙོ་བོའི་མཚན་ཙམ་སྨོས་ན། སྤྲུལ་པའི་གཏེར་ཆེན་རིག་འཛིན་གར་དབང་རྡོ་རྗེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་ཐང་པ་རིག་འཛིན་ཟིལ་གནོན་རྡོ་རྗེ། མངའ་རིས་འོད་མཆོག་སྤྲུལ་སྐུ། ཞབས་དྲུང་པདྨ་གར་དབང་། ཆོས་རྗེ་རིག་འཛིན་བྲེས་པ། ཧོར་ལོ་ཆེན་འཇམ་དབྱངས་བློ་ལྡན། དཔོན་སློབ་ནམ་མཁའ་འོད་གསལ། རིག་འཛིན་ཨོ་རྒྱན་ཆོས་རྗེ། སྟག་ལུང་ཞབས་དྲུང་། མི་ཉག་མཁན་པོ་ཤཱཀྱ་འོད་ཟེར་སོགས་ཕྱོགས་ཀྱི་བླ་ཆེན་མང་པོ་དང་། ཇིང་གིར་རྒྱལ་པོ་དཱ་ལ་བ་ཐུར་ཐེར་ཛེ། ལྕགས་ལ་རྒྱལ་པོ། གླིང་སྲས་རྡོ་རྗེ་མགོན་པོ། ཁམས་སྡེ་དགེའི་ཆོས་རྒྱལ། ནང་ཆེན་རྒྱལ་པོ་སོགས་མི་ཆེན་ཆེ་དགུ་མང་པོས་གཙུག་ཏུ་མཆོད་ཅིང་ཏི་ཤྲིར་བཀུར། དེ་ལྟའི་གྲུབ་པའི་རྣམ་ཐར་ངོ་མཚར་བ་དཔག་ཏུ་མེད་པ་བསྟན་པའི་མཐར་དགུང་གྲངས་རེ་བཞི་བཞེས་པ་སྤྱི་ལོ་༡༧༡༠ལོ་སྟེ། རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་དབོ་ཟླའི་ཉ་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་བདེ་བ་ཆེན་པོའི་དབྱིངས་སུ་བསྡུས་ནས་པདྨ་འོད་ཀྱི་ཞིང་དུ་གཤེགས་སོ། །

[༢] ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན།

ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་རིག་འཛིན་བསྟན་སྐྱོང་རྒྱ་མཚོ་ནི། སྤྱི་ལོ་༡༧༡༢པ་སྟེ་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་ལོར་ཡབ་ལྷ་མོ་དར་དང་ཡུམ་ངག་དབང་མཚོ་མོ་གཉིས་ཀྱི་སྲས་སུ་ནགས་ཤོད་དུ་སྐུ་འཁྲུངས། གསུང་ངག་བྱེ་བའི་ཐོག་མ་ནས་བཟུང་གཏེར་སྟོན་རིག་འཛིན་ཆེན་པོའི་སྐྱེ་བ་ཡིན་ཚུལ་གསུངས་ཤིང་། སྐུ་སྔ་མར་གཏེར་བཏོན་ཚུལ་དང་སྒོམ་སྒྲུབ་མཛད་ཚུལ་སོགས་ནས་ན་བཟའ་ཉེར་སྤྱོད། གྲྭ་པ། རྟ་དྲེལ་སོགས་ཐུགས་ཀྱི་བག་ཆགས་མ་བརྗེད་པའི་ངང་ཚུལ་ཤིན་ཏུ་གསལ། དགུང་ལོ་བཞི་པ་ནས་ཡིག་ཀློག་ཕུལ་བས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་ལྔ་བཞེས་པ་མེ་སྤྲེལ་ལོར་སྲིང་རྫོང་འོད་གསལ་སྒྲུབ་སྡེ་རུ་འདུས་ཚོགས་ཀྱི་སེར་སྦྲེངས་དང་བཅས་སྤྱན་དྲངས། གདུང་སྲས་རིན་པོ་ཆེ་དང་མཇལ་འཕྲད་མཛད་ཅིང་སྐུ་ཚབ་དང་གཏེར་རྫས་ཤོག་སེར་ངོས་བཟུང་བ་དང་། ཁྱད་པར་ཤོག་སེར་གྱི་ཐོག་ནས་གཏེར་གྱི་བརྡ་ཡིག་ཐོགས་མེད་དུ་ཀློག་པར་མཛད་པས་ཐམས་ཅད་ཡ་མཚན་གྱི་གནས་ལ་བཀོད་པར་བྱས། དགུང་ལོ་བདུན་བཞེས་པ་ས་ཕོ་ཁྱི་ལོར་གདན་ས་འོག་མ་སྟག་མོ་སྒང་དུ་བླ་མ་བློ་གྲོས་རྒྱ་མཚོ་སོགས་ཀྱིས་གདན་ཞུས་ལྟར་ཞབས་པད་བཀོད། རིམ་པར་རུ་དམ་གདན་སར་ཕེབས་ཏེ་དཔོན་སློབ་ནམ་མཁའ་འོད་གསལ་དང་མཇལ་ཞིང་འཇའ་ཚོན་དཀོན་སྤྱི་སོགས་དབང་ཆོས་གང་མང་གསན། དགུང་ལོ་དགུ་པར་སླར་སྲིན་རྫོང་དུ་ཕྱིར་ཕེབས་ནས་སྐུ་ཡོན་གསན་བཞེས་མཛད་པས་སྐྱེས་ཐོབ་ཀྱི་ཤེས་རབ་ཕུལ་དུ་བྱུང་བས་དཀའ་སྤྱད་ལ་མ་ལྟོས་པར་ཐུགས་རིག་ཀློང་བརྡོལ་བས་མདོ་སྔགས་རིག་གནས་དང་བཅས་པར་ལན་རེ་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད་པ་སྟེ། རིག་གནས་ཀྱི་སྐོར་སྐར་རྩིས་སྙན་ངག་སོགས་དང་། བཟོ་རིག་ལ་གཏོགས་པ་ལྷ་རིས། ལན་ཝར་སོགས་རྒྱ་བོད་ཀྱི་ཡིག་རིགས་མང་པོ་དང། གར་ཐིག འཆམ། དབྱངས་རོལ། གཏོར་བཟོ་སོགས་གང་ཅིར་མཁས་པའི་རྩེར་སོན། ཁྱད་པར་མདོ་སྔགས་སོ་སོའི་ལམ་འགྲོས་དང་གྲུབ་མཐའ་སོ་སོའི་བཞེད་མཚམས་སོགས་ལ་བློ་གྲོས་ཀྱི་འཇུག་པ་ཡངས་ཤིང་གྲུབ་མཐའི་ཁས་ལེན་ཡང་ཀུན་མཁྱེན་ཆེན་པོའི་ལུགས་ཁོ་ན་ལྟར་མཛད་པར་གྲགས། སྐུ་གཞོན་སྐབས་སུ་ཉི་གྲགས་རྒྱལ་སྲས་རིན་པོ་ཆེའི་ཞལ་སྔ་ནས་གོང་མའི་གཏེར་ཆོས་ཀྱིས་མཚོན་བཀའ་གཏེར་གྱི་དབང་ཁྲིད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། རྟ་མགྲིན་དང་ཚེ་སྒྲུབ་བདུད་བཞི་གཡུལ་རྒྱལ་གྱི་བསྙེན་མཚམས་སྐབས་ལྷག་ལྷ་དུ་མས་ཞལ་གཟིགས་སོགས་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་བྱུང་། སྨིན་གླིང་མཁན་ཆེན་འགྱུར་མེད་དོན་ཡོད་ཀྱི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཚན་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་གསོལ། དབུས་གཙང་གི་གནས་ཆེན་རྣམས་སུ་སྔ་ཕྱིར་ལན་གཉིས་ཕེབས་ཏེ་བསྟན་འགྲོའི་སྤྱི་དོན་དུ་མཆོད་འབུལ་ཐུགས་སྨོན་ཟབ་མོ་གནང་། བར་སྐབས་ཁམས་ཕྱོགས་སུ་ཆིབས་བསྐྱོད་ཀྱིས་རུ་དམ་གདན་ས་ཆེན་མོ་དང་། རྒྱལ་རོང་རི་ཁྲོད། སྟག་མོ་སྒང་བཅས་སུ་ཕེབས་ཏེ་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་སོགས་སྐྱེས་ཆེན་རྣམས་དང་མཇལ་འཕྲད་མཛད་དེ་ཕན་ཚུན་དབང་ཆོས་འབུལ་རེས་མཛད། ལོ་དེར་དབུས་སུ་ཆིབས་བསྐྱོད་གནང་ནས་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས་པའི་མཚན་ལ་ཀུན་བཟང་ཐེག་མཆོག་རྒྱ་མཚོར་གསོལ། དེ་ནས་བཟུང་འདུལ་བའི་ཕྱག་ལེན་ཕྲ་རགས་གནང་བཀག་གི་མཚམས་ཅུང་ཟད་ལ་ཡང་ནན་ཏན་ཆེན་པོ་མཛད་པས་སྐུ་བཙུན་པའི་ཚད་དུ་བྱུང་། ཆགས་རི་སྒྲུབ་སྡེའི་བཅའ་ཡིག་གསར་མཛད་གནང་ནས་དམ་ཆོས་འདུལ་བ་དང་མཐུན་པར་ནག་ཆང་གིས་མཚོན་པའི་བཅའ་ཁྲིམས་ཤིན་ཏུ་དམ་པར་བསྡམས། མེ་ཕོ་སྟག་ལོ་ནས་བཟུང་ལྕགས་མོ་སྦྲུལ་ཡན་ལོ་ངོ་རིལ་པོ་བཅོ་ལྔ་ལ་སྐུ་མཚམས་བཅད་རྒྱར་བཞུགས་ཤིང་། དེ་དག་གི་ཚེ་ཞུ་དགོས་པའི་རིགས་དང་ཐ་ན་ཕྱག་དཔེ་འཚོལ་བ་ཚུན་ཉིན་གུང་གི་གསོལ་ཚིགས་དང་བསྟུན་པ་ལས་གཞན་པའི་དུས་ཚོད་ལ་ལྷོད་གཡེང་མི་མཛད། འབྲུག་ལོར་སྡེ་དགེ་ས་སྐྱོང་ལྕམ་དྲལ་གྱི་སྐུ་ཚབ་དང་སྟག་སྒང་ལས་སྣེ་སོགས་གདན་འདྲེན་དུ་ཕེབས་པ་ལྟར་སྐུ་མཚམས་ལས་བཞེངས་ཏེ་མདོ་ཁམས་སྨད་དུ་ཆིབས་བསྐྱོད་གནང་། སྦྲུལ་ལོའི་ཟླ་བ་བཅུ་པའི་ཚེས་བཅོ་ལྔ་ལ་དངུལ་མདའ་ལྷུན་གྲུབ་སྟེང་དུ་ཕྱག་ཕེབས། དེར་སྡེ་དགེའི་ཁྲི་ཆེན་ལྕམ་དྲལ་དང་མཇལ་ཞིང་ཆོས་རྒྱལ་ཆེན་པོས་སྔ་ཕྱིར་ཕོ་བྲང་དང་བཞུགས་སྒར་སོགས་སུ་སྤྱན་དྲངས་ནས་དབང་ལུང་གསན་ཅིང་འབུལ་ཆེན་ལན་མང་དུ་མཛད། ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་དཔལ་ལྡན་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་གི་གདན་ས་ཆེན་པོར་ཕྱག་ཕེབས། ཆུ་ཕོ་རྟ་ལོར་རྫོགས་ཆེན་དགོན་དུ་གྲུབ་དབང་སྐུ་རབས་གསུམ་པའི་མཆོག་སྤྲུལ་རིན་པོ་ཆེ་ཁྲི་འདོན་མཛད་ཅིང་གཙུག་ཕུད་བཞེས་པའི་མཚན་ལ་ཀུན་བཟང་བསྟན་པའི་མགོན་པོ་ཞེས་གསོལ། ཕྱིས་རྗེ་འདི་ཉིད་ཀྱི་ཞལ་སྔ་ནས་རབ་ཏུ་བྱུང་བས་སྔ་མའི་མཚན་གྱི་འཕྲོས་ངེས་དོན་བསྟན་འཛིན་བཟང་པོར་གསོལ། སྤྱིར་རྗེ་འདི་སྐུ་ན་གཞོན་ནུ་ནས་བསྙེན་སྒྲུབ་ཀྱི་རིགས་ལ་ཆིག་སྒྲིལ་གནང་བ་དང་། སྔར་ཆུ་བྱི་ལོར་ལོ་སྒྲུབ་རིལ་པོ་གཅིག་དང་། དེ་རྗེས་མེ་འབྲུག་ནས་ས་ལུག་བར་ལོ་གསུམ་དང་། སླར་མེ་སྟག་ནས་ལྕགས་སྦྲུལ་བར་ལོ་རིལ་བཅོ་ལྔ་དང་། སྟག་སྒང་དུའང་ལོ་མཚམས་རིལ་པོ་གཉིས་དང་བཅས་ལོ་མཚམས་རིལ་པོ་ཉེར་གཅིག་དང་། གཞན་བྱོན་བཞུགས་སོགས་ཀྱི་བར་གསེང་ཅུང་ཟད་བྱུང་ནའང་སོས་དལ་བག་ཡངས་སུ་ནམ་ཡང་མི་བཞུགས་པར་སྐུ་མཚམས་ཁོ་ན་མཛད་པས་ཁྱོན་དྲིལ་རགས་རྩིས་སུ་ལོ་ངོ་སུམ་ཅུ་རྩ་གྲངས་ལ་ཡི་དམ་སོ་སོའི་བསྙེན་སྒྲུབ་དང་། རྫོགས་ཆེན་སྣང་རིག་གཉིས་ཀྱི་རྣལ་འབྱོར་དང་རླུང་སྦྱོར་སོགས་དུས་གནད་དང་བསྟུན་ཏེ་ཉམས་བཞེས་གནང་བས་སྣང་སྲིད་ཐམས་ཅད་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དུ་རྒྱས་ཐེབས་པས་ཕྲིན་ལས་རྣམ་བཞི་གང་ཡང་ཐོགས་མེད་དུ་གྲུབ། རྫོགས་རིམ་རྩ་ཐིག་རླུང་གསུམ་དབུ་མར་ཞུགས་པས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པའི་ཐུགས་ཉམས་ཤིན་ཏུ་གསལ། ཀ་དག་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་བྱང་ཆུབ་པས་འཁོར་འདས་ཐམས་ཅད་གཞི་མེད་རྩ་བྲལ་དུ་གྲོལ། སྣང་སྤྱོད་ཐམས་ཅད་རང་སྣང་རིས་མེད་དུ་ཤར་བས་གཟུང་འཛིན་གྱི་མཚན་མ་དབྱིངས་སུ་དག་ཅིང་མཉམ་རྗེས་རེས་འཇོག་གི་ཤུན་པ་བུད་ནས་རིས་མེད་འོད་གསལ་ཁོར་ཡུག་གི་ཏིང་ངེ་འཛིན་ལ་དབང་འབྱོར་བ་སོགས་གྲུབ་པའི་དབང་ཕྱུག་ཆེན་པོའི་ལྟ་དགོངས་ཀྱི་རྩེ་མོར་སོན། གཞན་ཡང་དམ་པའི་རྣམ་ཐར་མཁས་བཙུན་བཟང་གསུམ། མཁས་པའི་མཛད་པ་འཆད་རྩོད་རྩོམ་གསུམ་བཅས་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་ཕྱུག་པས་གསུང་རྩོམ་བསྟན་བཅོས་ཀྱང་པུསྟི་གཉིས་ཙམ་མཛད་པ་དང་། མཆོག་དམན་གྱི་གདུལ་བྱ་རྣམས་ལ་སོ་སོའི་བློ་དང་མཚམས་པའི་དབང་ཁྲིད་བཤད་ལུང་སོགས་ཆོས་ཀྱི་འཁོར་ལོ་བསྐོར་བ་བསམ་གྱིས་མི་ཁྱབ། རྗེ་འདི་ཉིད་ཀྱི་གསུང་གི་བདུད་རྩི་བཞེས་པའི་ཞལ་སློབ་བཤེས་གཉེན་ཆེན་པོ་འོལ་ཆོས་སྡིང་གི་རྒྱལ་སྲས་སྤྲུལ་པའི་སྐུ་རིན་པོ་ཆེ་དང་། ལྕགས་ར་ངག་དབང་སྤྲུལ་སྐུ། སྟག་ཕུ་སྤྲུལ་བའི་སྐུ། ལྷ་མགོན་སྤྲུལ་སྐུ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། ཤར་རྡོ་རྗེ་འཆང་རིན་ཆེན་མི་འགྱུར་རྒྱལ་མཚན། ཞུས་ཆེན་མ་ཧཱ་པཎྜི་ཏ། ལྷན་ལོ་ཚུལ་ཁྲིམས་རིན་ཆེན། རྫ་སྔགས་རམ་པ་འགྱུར་མེད་བསྟན་འཕེལ། ཟེ་ཆེན་རབ་འབྱམས་སྤྲུལ་སྐུ། ཀཿཐོག་པ་དྲི་མེད་ཞིང་སྐྱོང་། དཔལ་ཡུལ་བླ་མ་ཀརྨ་བཀྲ་ཤིས། རྡོ་བྲག་མཆོག་སྤྲུལ་སྐལ་བཟང་པདྨ་དབང་ཕྱུག རྗེ་དབོན་པདྨ་འཇིགས་མེད། བླ་མ་བསྟན་འཛིན་སྙིང་པོ། མཁས་མཆོག་གུ་རུ་བཀྲ་ཤིས། ཆེ་ཡོལ་རིག་འཛིན་ཆེན་མོ་སོགས་རིས་མེད་སྐྱེས་ཆེན་མང་པོ་རྗེ་འདིའི་བསླབ་པ་གསུམ་དང་མང་དུ་ཐོས་པའི་ཡོན་ཏན་གྱིས་ཐུགས་འཕྲོག་སྟེེ་ཞབས་ལ་བཏུད་ཅིང་བསྔགས་པར་བརྗོད་པ་བསམ་གྱིས་མི་ཁྱབ། དེ་ནས་རེ་ཞིག་ཞིང་ཁམས་གཞན་གྱི་གདུལ་བྱ་འདུལ་བའི་དུས་ལ་བབ་པར་གཟིགས་ནས་རིང་པོར་མི་བཞུགས་པའི་གསུང་འཕྲོས་འགའ་བྱུང་བ་དང་། ཆེ་ཡོལ་རིག་འཛིན་ཆེན་མོ་དང་མཁས་མཆོག་གུ་རུ་བཀྲ་ཤིས་སོགས་ཐུགས་ཟིན་ཞལ་སློབ་ཉུང་བསྡུས་ལ་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་བསྩལ་ཅིང་། དབང་དུས་སུ་རྗེ་ཉིད་རིགས་ལྔ་པྲོག་ཞུ་གར་གོས་སོགས་ལོངས་སྤྱོད་རྫོགས་སྐུའི་ཆས་གསོལ་ཏེ་སྤྲུལ་པའི་སྐུ་ལས་ལོངས་སྐུར་བཞེངས་པའི་རྟེན་འབྲེལ་མཛད། དེ་ནས་རྡོ་རྗེ་བྲག་མཆོག་སྤྲུལ་མདོ་སྨད་ནས་དབུས་སུ་ཕེབས་པར་མཇལ་ཕྱིར་རུ་དམ་དུ་ཆིབས་བསྐྱོད་དང་ཕར་ཚུར་དབང་ལུང་གསན་བཞེས་ཀྱང་ཞིབ་རྒྱས་གྲུབ། དེ་རྗེས་སྐུ་ཅུང་ཟད་ལྟེམ་ཚུལ་བྱུང་བར་སྐུ་རིམ་ཞབས་བརྟན་གང་རྒྱས་ཕུལ་ཡང་བཞུགས་པར་མ་གནང་བར་རུ་དམ་བླ་བྲང་དུ་གཞན་སྣང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་བདེ་བ་ཆེན་པོར་མནལ་བའི་ཚུལ་བསྟན་པར་མཛད་དོ། །

[༣] ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ།

ཉི་སྤྲུལ་སྐུ་ཕྲེང་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ་ནི། སྤྱི་ལོ་༡༧༧༢པ་སྟེ་བོད་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་ལོར། མདོ་སྨད་སྡེ་དགེའི་མངའ་རིས་ལས་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ་གྱིས་སྐྱོང་པའི་སྨན་ལྗོངས་ཡིད་ལྷུང་དུ་གྲགས་པའི་ས་ཆ་རུ། ཡབ་ཁྲ་མོ་གླིང་གི་རིགས་ལས་ཆད་པའི་ཚེ་དབང་འཕེལ་ཞེས་པའི་ལྷ་ཁྱིམ་དུ་སྐུ་འཁྲུངས་པ་སྟེ། ཐོག་མར་ལྷུམས་སུ་ཞུགས་སྐབས་ཡབ་ཡུམ་གཉིས་ལ་ལྟས་ངོ་མཚར་ཅན་དུ་མ་བྱུང་ཞིང་། ཁྱད་པར་ཡུམ་གྱི་རྨི་ལམ་དུ་མི་དཀར་པོ་ཞིག་གིས་དུང་གི་མེ་ཏོག་དཀར་མཛེས་ཤིག་བྱིན་པ་ཁོང་དུ་མིད་པས་བདེ་བ་ཆེན་པོའི་ཉམས་བཟང་པོ་རྩོལ་མེད་སྐྱེ་བ་བྱུང་། བཙས་ནས་ཟླ་འགའི་རྗེས་རྫོགས་ཆེན་དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ་ནས་དབང་ཁྲུས་མཛད་ཅིང་གཙུག་ཕུད་བཞེས་པའི་མཚན་ལ་མི་འགྱུར་ཕན་བདེ་རྒྱ་མཚོ་ཞེས་གསོལ། ཡབ་ཡུམ་ལ་བུ་ཆུང་འདི་རིགས་མ་ངེས་པ་ཞིག་འདུག་པས་གཙང་སྦྲ་བཟང་པོ་བྱེད་རྒྱུ་གལ་ཆེ་ཞིང་ནམ་ཞིག་བདག་པོ་བྱེད་པ་ཞིག་ཡོང་བ་ཡོད་ཅིང་ཁྱེད་གཉིས་ལ་ཕན་ཐོགས་པ་ཞིག་ཡིན་ཞེས་ཞལ་བཀོད་བསྩལ་ཏེ་ཕེབས། བྱོན་ལམ་ནས་གྲྭ་རིགས་རྣམས་ལ་གསུང་འཕྲོས་སུ་སྔ་ལོར་སྤྲུལ་བའི་ཆོས་སྐྱོང་ཆེན་པོའི་སྐུ་ཕེབས་དུས་ཉི་སྤྲུལ་རིན་པོ་ཆེ་ངེད་དང་ཞལ་མཇལ་ཡོང་གསུངས་པས་ད་ལྟ་ཚེ་དབང་འཕེལ་ཚང་གི་བྱིས་པ་དེ་ཨེ་ཡིན། གཞན་དུ་ཁོ་བོ་རྒས་པའི་མཐར་ཐུག་པ་ཞིག་དང་ཞལ་མཇལ་འོང་བའི་རེ་བ་ཅི་ལ་ཡོད་ཅེས་གསུང་འཕྲོས་གནང་སྟེ་དོན་གྱི་ངོས་འཛིན་མཛད། གཞན་ཡང་ས་སྐྱ་གོང་མ་རིན་པོ་ཆེ་དང་། རྡོ་བྲག་རིག་འཛིན་ཆེན་མོ་སྐལ་བཟང་དབང་ཕྱུག །རྫོགས་ཆེན་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོ་སོགས་སྒྲིབ་བྲལ་མཁྱེན་པའི་ཡེ་ཤེས་མངའ་བ་ཀུན་ཀྱི་ལུང་བྱང་གཅིག་མཐུན་གྱིས་ཐུགས་ཐག་བཅད། དེ་ནས་སྤྲུལ་བའི་སྐུ་དགུང་གྲངས་ལྔ་བཞེས་པ་མེ་ཕོ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་སྲིན་རྫོང་ནས་བླ་མ་བསྟན་འཛིན་སྙིང་པོ་ཕྱིར་ཕེབས་པ་དང་། རྫོགས་ཆེན་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོ། རྒྱལ་རོང་མཆོག་སྤྲུལ་སོགས་གཞི་བྱེས་ཀྱི་བླ་གྲྭ་ལྷན་རྒྱས། ས་སྐྱོང་སྡེ་དགེའི་སྐུ་ཚབ་བཅས་ཀྱིས་བསུ་བའི་བཀོད་པ་རྒྱ་ཆེན་པོས་མདུན་བསུས་ནས་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་གི་གཙུག་ལག་ཁང་དུ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་ཁྲི་ལ་ཞབས་ཀྱི་པད་མོ་མངོན་པར་བཀོད། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེས་ཨོ་རྒྱན་བསྟན་པའི་ཉི་མ་མི་འགྱུར་ཕན་བདེ་རྒྱ་མཚོ་ཞེས་མཚན་འབུལ་དང་འབྲེལ་བཀྲ་ཤིས་པའི་མེ་ཏོག་གཏོར་ནས་ཞབས་བརྟན་ཚིགས་བཅད་ཀྱང་མཛད། ཞབས་རིང་པ་དགེ་རྒན་པདྨ་དབང་ཕྱུག་གིས་ལྗགས་ཀློག་ཕུལ་ཞིང་སྦྱོང་བརྡར་མཛད། རིམ་པར་གོང་མའི་ཐུགས་སྲས་ཐུ་བོ་རིག་འཛིན་དཔའ་བོ་ལས་རབ་རྩལ་ལས་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་ཡོངས་རྫོགས་དང་། ངེས་དོན་བསྟན་འཛིན་བཟང་པོ་ལས་ཉི་གྲགས་གཏེར་བྱོན་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་། རྫོགས་ཆེན་མཁའ་འགྲོ་ཡང་ཏིག །འཇའ་ཚོན་སྤྱི་འདུས་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཇི་སྙེད་བཞེས་པ་དང་། དགུང་ལོ་བཅུ་པ་ལྕགས་མོ་གླང་གི་ལོར་གདན་ས་གོང་མ་སྲིན་རྫོང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་བ་ན་བསུ་བའི་བཀོད་པ་དུ་མས་མདུན་བདར་ཏེ་གཏེར་ཆེན་བླ་མའི་ཆོས་ཁྲི་ལ་ཞབས་ཀྱི་པད་མོ་བཀོད། ས་མོ་བྱ་ལོར་དབུས་ཕྱོགས་སུ་ཕེབས་ལམ་ནས་འབྲི་གུང་པ་པདྨ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་རས་ཆུང་ལུགས་ཀྱི་རྟ་མགྲིན་སོགས་དབང་ལུང་གསན་པ་དང་། སྨིན་གླིང་མཁན་ཆེན་ལས་ཚིགས་སྔ་མ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། གཏེར་ཆེན་འགྱུར་མེད་རྡོ་རྗེའི་གཏེར་ཆོས་ཆ་ཚང་དང་། ཕུར་པ་བཀའ་མ། ཡང་དག་སོ་ལུགས། གསང་བདག་དགོངས་རྒྱན་སོགས་ཆོས་བཀའ་མང་དུ་གསན། ཁྱད་པར་དོན་མཁར་ཚེ་རིང་ལྗོངས་སུ་ཕེབས་ཏེ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་རིག་འཛིན་འཇིགས་མེད་གླིང་པའི་ཞབས་པད་ལ་བཏུད། རྗེ་འདི་ཉིད་ལས་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་ལུང་གྲོལ་ཁྲིད་དང་བཅས་པའི་ཟབ་ཆོས་སྤྱི་དང་། ཕུར་པ་རྒྱུད་ལུགས་སོགས་རྗེ་ཉིད་ཀྱི་དགོངས་གཏེར་ཆོས་སྐོར་ཐམས་ཅད་དང་། གཏེར་སྟོན་ཤེས་རབ་འོད་ཟེར་གྱི་གྲོལ་ཐིག རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་སོགས་བསྩལ་ཅིང་ཆོས་ཀྱི་བདག་པོར་གཟེངས་བསྟོད་དེ་རིག་འཛིན་འཇིགས་མེད་བརྟན་པའི་སྡེ་ཞེས་མཚན་གསོལ། དེ་བཞིན་རྒྱལ་དབང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཞལ་སྔ་ནས་ཚིགས་ཕྱི་མ་དགེ་སློང་གི་དངོས་པོར་བསྒྲུབས་ནས་ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་བརྟུལ་ཞུགས་ཀྱིས་སྤ་བར་མཛད། དེ་དག་གི་སྐབས་སུ་ཇོ་ཤཱཀ་རྣམ་གཉིས་སོགས་བླ་མ་ཆོས་སྡེ་ལ་དངོས་འབུལ་གྱི་མཆོད་སྤྲིན་རྒྱ་ཆེན་པོ་སྤྲོ་བར་མཛད། གདན་སར་ཕྱིར་ཕེབས་ནས་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱར་ཐུགས་དམ་ཟབ་མོའི་ཉམས་བཞེས་ལ་ཐུགས་བརྩོལ་གནང་། དེ་ནས་ཆུ་ཕོ་བྱི་ལོར་རིམ་གྱིས་སྐུ་མཚམས་གྲོལ་བ་དང་སྡེ་དགེར་ཆིབས་ཞལ་བསྒྱུར་ཏེ་རུ་དམ་གདན་ས་དང་། རྒྱ་རོང་། སྟག་མོ་སྒང་། ཐུབ་བསྟན་ནོར་བུའི་གླིང་། སྡེ་དགེའི་རྒྱལ་ས་སོགས་ཆོས་དམ་གྱིས་འབྲེལ་བའི་དགོན་གནས་ཡུལ་གྲུ་ཁག་ལ་ཕེབས་ཏེ་བཤེས་གཉེན་རྣམས་ལས་དབང་ཁྲིད་ཀྱི་རྒྱུན་གསན་བཞེས་དང་། དད་ལྡན་སེར་སྐྱ་མཆོག་ཕལ་ཡོངས་སོ་སོའི་མོས་ཁམས་དང་མཚུངས་པའི་ཆོས་ཀྱི་འཁོར་ལོས་སྨིན་ཅིང་གྲོལ་བར་མཛད། སླར་ས་ཕོ་རྟ་ལོར་དབུས་ཕྱོགས་སུ་ཆིབས་བསྒྱུར་གནང་ནས་བླ་མ་ལྷ་རྟེན་རྣམས་ལ་མཆོད་སྤྲིན་སྤྲོ་བ་དང་། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞབས་ལ་བཅར་བར་བཞེད་ཀྱང་ཀུན་མཁྱེན་ཉིད་ཞིང་དུ་གཤེགས་ཚར་བ་དང་འགྲིག་པས་གདན་ས་དེར་འབུལ་སྐྱེས་གང་རྒྱས་དང་། སྐུ་གདུང་རིན་པོ་ཆེའི་སྤྱན་སྔ་ནས་འཆི་མེད་བདུད་རྩི་སྨན་གྱི་སྒྲུབ་པ་ཞག་བདུན་ཕྲག་གཅིག་ལ་གནང་། དེ་སྐབས་ངོ་མཚར་བའི་ལྟས་དུ་མ་དང་ཁྱད་པར་སྐུ་གདུང་རིན་པོ་ཆེ་ཤིང་སྒྲོམ་དུ་བཞུགས་སུ་གསོལ་ཏེ་གདུང་ཚྭས་བར་མཚམས་མེད་པར་གཏམས་ཀྱང་ཞབས་སེན་གཡས་པ་ཚེག་སྒྲ་དང་བཅས་མཆོག་སྤྲུལ་རིན་པོ་ཆེ་འདིའི་སྐུ་པང་དུ་ལྷུང་། སྒྲུབ་ཆེན་གྲོལ་ནས་ལྷ་ལྡན་ཕྱོགས་སུ་ཞབས་པད་བཏེགས་ཏེ་གདན་ས་ཆེ་ཁག་གི་ལྷ་བླར་མཆོད་འབུལ་མང་ཇ་སོགས་བློའི་ར་བ་ལས་འགོང་པའི་ཚོགས་བསགས་མཛད་། རྗེ་འདིས་སྔ་ཕྱི་ཀུན་ཏུ་གདན་ས་གོང་འོག་རྣམས་སུ་གཙུག་ལག་ཁང་དང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་མཛད་པ་བསམ་གྱིས་མི་ཁྱབ། བར་ལམ་སྐུ་ཚེའི་གེགས་འཕྲང་ཆེ་བ་དང་སྙུང་གཞི་གཅིག་སངས་གཉིས་སླེབས་ལྟ་བུ་བྱུང་བས་ལུང་དོན་བཞིན་རྡོ་རྗེ་འཛིན་པའི་སྔགས་ཆས་བཞེས་ཏེ་གཏེར་སྒོ་འབྱེད་དགོས་ཚུལ་བསམ་ཡས་ཆོས་སྐྱོང་ཆེན་པོ་དང་། དྭགས་པོ་གཏེར་ཆེན། ཀུན་བཟང་འོད་ཟེར་རིན་པོ་ཆེ་སོགས་ཀྱིས་ཞབས་བསྐུལ་ཡང་ཡང་ཕུལ་ཡང་། རྗེ་ཉིད་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེར་གཅེས་སྤྲས་ཆེ་ཞིང་སྙིགས་དུས་བསྟན་པའི་མིག་རྒྱན་དུ་དགོངས་ནས་ཇི་མི་སྙམ་པར་འཇོག་པར་མཛད། སླར་ཡང་ནག་སོག་གཉིས་ཀྱི་མི་དཔོན་སེར་སྐྱ་ཡུལ་དགོན་ཀུན་ཀྱིས་བར་ཆད་ཀྱི་དབང་དུ་འགྲོ་བར་མ་བཟོད་པར་ཞུ་བསྐུལ་ཡང་ཡང་ཕུལ་བ་ལ་བརྟེན་ནས། འདུལ་བ་རང་གཞུང་གི་ཕྱག་སྲོལ་ལྟར་རབ་བྱུང་གི་ཆས་གོས་ཐམས་ཅད་དགེ་འདུན་གྱི་སྤྱན་སྔར་ཕུལ་ཏེ་རྡོ་རྗེ་འཛིན་པའི་ཆས་ཀྱིས་སྤ་བར་མཛད་ཀྱང་ལུང་དོན་ཕལ་ཆེར་ཕྱི་ཐལ་དུ་ལུས་པའི་སྐྱོན་གྱིས་རྟེན་འབྱུང་ཟབ་མོ་དུས་ལས་ཡོལ་ཞིང་། དགུང་གྲངས་ཞེ་དྲུག་བཞེས་པ་རབ་བྱུང་བཅུ་བཞི་པའི་མེ་གླང་ལོར་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་སུ་མངོན་པར་གཤེགས་པར་མཛད་དོ། །

[༤] ཉི་སྤྲུལ་བཞི་པ་འཇིགས་མེད་ཆོས་དབྱིངས་རྡོ་རྗེ།

དེ་ནས་སྐུ་རབས་བཞི་པ་འཇིགས་མེད་ཆོས་དབྱིངས་རྡོ་རྗེ་ནི། དྭགས་པོ་གཏེར་ཆེན་རྡོ་རྗེ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ཤིང་། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ངོས་འཛིན་མཛད། གདན་ས་གོང་འོག་གི་གསེར་ཁྲིར་འཁོད་དེ་བསྟན་འགྲོའི་ཕན་བདེ་རྒྱ་ཆེར་སྤེལ་ནས་སྐུ་གཤེགས་སོ། །

[༥] ཉི་སྤྲུལ་ལྔ་པ་བསྟན་འཛིན་ཕྲིན་ལས་དབང་ཕྱུག

སྐུ་རབས་ལྔ་པ་བསྟན་འཛིན་ཕྲིན་ལས་དབང་ཕྱུག་ནི། ཨེ་ལྷ་རྒྱལ་རི་ཆོས་རྒྱལ་གདུང་རྒྱུད་ལ་སྐུ་འཁྲུངས། སྐུ་གོང་མའི་ལུང་གིས་གསལ་བ་ལྟར་ངོས་འཛིན་སྐུ་བདག་མཛད་དེ་གདན་སར་སྤྱན་དྲངས། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཕྱོགས་བརྒྱར་འཕེལ་བཞིན་སྐུ་གཤེགས་སོ། །

[༦] ཉི་སྤྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ།

སྐུ་རབས་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ་ནི། མདོ་ཁམས་ཆབ་མདོ་ཐོ་གྲུ་གུའི་ས་ཆ་རུ་རྟོགས་ལྡན་ཤཱཀྱ་ཤྲཱིའི་གདུང་རྒྱུད་ལ་སྐུ་བལྟམས། གྲུབ་དབང་ལྔ་པ་ཆེན་པོ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་མཛད། གསེར་ཁྲིར་བཀོད་དེ་གདན་ས་གོང་འོག་རྣམས་སུ་དབང་ཁྲིད་ཀྱི་བཀའ་ཆོས་ཐེངས་འགའ་བསྩལ། ལུགས་གཉིས་ཀྱི་མཛད་པ་མཐར་རྒྱས་ངང་སྐུ་གཤེགས་སོ། །གཏེར་ཆེན་རིག་འཛིན་ཆེན་པོ་སྐུ་རབས་རྗེས་མ་གསུམ་གྱི་རྣམ་ཐར་འདི་ཙམ་ལས་ལག་སོན་མ་བྱུང་བས་ཐེངས་འདིར་རྒྱས་པ་བཀོད་ཐབས་བྲལ་བས་ཡིད་ཤིན་ཏུ་ཕངས་ཤིང་། རྗེས་སོར་མཁྱེན་དཔྱོད་ལྡན་པ་དག་གིས་ངག་རྒྱུན་ཙམ་ལས་མ་བཞུགས་ཀྱང་བསྡུ་སྒྲིག་ལ་ཐུགས་ལྷོད་མི་མཛད་པར་ཞུ། །

རབ་འབྱམས་སྐུ་ཕྲེང་རིམ་བྱོན།

[༧] ཞྭ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན།

གྲུབ་དབང་པདྨ་རིག་འཛིན་གྱི་ནང་ཐུགས་ཀྱི་སྲས་ཆེན་ནམ་ཐོ་རངས་ཀྱི་སྐར་ཆེན་ལྟ་བུ་ཞྭ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ནི། སྤྲུལ་གཞི་ཁྱེའུ་རིན་ཆེན་ཟླ་བས་བསྟན་པའི་མདོ་ལས་བསྟན་པའི་མི་མཇེད་ཞིང་འདིའི་ཤར་ལྷོའི་ཕྱོགས་མཚམས་འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བར་བཞུགས་པའི་ད་ལྟའི་སངས་རྒྱས་མྱ་ངན་མེད་པའི་དཔལ། དེ་ནས་རིམ་པར་དམ་པའི་རིགས་ཅན་དྲྭ་མ་ལྔ་ལས་གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ། གཤེད་སྐོར་རྒྱ་མཚོའི་བཀའ་བབ་སློབ་དཔོན་འཇམ་དཔལ་བཤེས་གཉེན། ཆོས་རྒྱལ་མྱ་ངན་མེད། ལྷ་སྲས་མུ་ཏིག་བཙད་པོ། རྨ་རིན་ཆེན་མཆོག །སློབ་དཔོན་ཀ་མ་ལ་ཤཱི་ལ། མི་ལ་བཞད་པ་རྡོ་རྗེ། རོང་སྟོན་ཤེས་བྱ་ཀུན་གཟིགས། འབྲི་གུང་རིན་ཆེན་ཕུན་ཚོགས་སོགས་རིས་མེད་སྐྱེས་ཆེན་དུ་མའི་སྐྱེ་སྲིད་དུ་རིམ་དང་ཅིག་ཅར་དུ་བཟུང་བའི་མཐར། དབུ་རུ་འཕན་ཡུལ་དུ་འབངས་མི་ཁྱིམ་མང་པོའི་བདག་པོ་སྡེ་བ་མཐོན་པོའི་རིགས་སུ་སྤྱི་ལོ་༡༦༥༠པ་བོད་རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་གྱི་དུས་མཚན་ཉིད་ཀྱི་གྲྭ་ས་ཆེན་པོ་འབྲས་ཡུལ་སྐྱེད་ཚལ་དུ་ཆོས་བྲོས་ལ་བྱོན། སྐྱེད་ཚལ་མཁན་པོ་ལས་རབ་ཏུ་བྱུང་ནས་ཐུགས་འཛིན་གྱི་བློ་སྦྱོང་ཕལ་ཆེར་རྫོགས་པར་མཛད། ཁྱད་པར་སྡེ་བདུན་རྣམ་ངེས་སོགས་མཚན་ཉིད་ཀྱི་གཞུང་མང་པོ་ལ་མཁས་པར་སྦྱངས། དཔལ་འཁོར་ཆོས་སྡེ། རྟ་ནག་ཐུབ་བསྟན་གླིང་། གསེར་མདོག་ཅན། ངོར་པ་སོགས་ཀྱི་སྐྱེས་ཆེན་དམ་པ་མང་པོ་བླ་མར་བསྟེན་ནས་སྨིན་གྲོལ་གདམས་ཟབ་མང་དུ་ཞུས། ཁྱད་པར་ས་སྐྱ་གོང་དུ་རྒྱུད་བཤད་མཛད་པས་ས་སྐྱ་པའི་ལུགས་ལ་མཁས་པའི་གྲགས་པ་ཐོབ། འཇམ་མགོན་ས་སྐྱ་གོང་མ་རིན་པོ་ཆེས་བསྔགས་བརྗོད་དབུགས་དབྱུང་བསྩལ། སླར་གངས་རིའི་ལྗོངས་ཀྱི་ཚད་མ་རིག་པའི་འབྱུང་གནས་གསང་ཕུར་བཞུགས་ཏེ་མཚན་ཉིད་ཀྱི་མཐའ་རྒྱ་བཅད་ཅིང་ཚད་མ་རིགས་པ་ལ་མི་འཇིགས་པའི་གོ་འཕང་བརྙེས། གསང་ཕུ། ར་བ་སྟོད། འབྲས་ཡུལ་སྐྱེད་ཚལ་སོགས་མཚན་ཉིད་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད་ཅིང་མཚན་ཉིད་ཀྱི་ཁྲོམ་ཐོག་ཆོད་པས་རབ་འབྱམས་པའི་མཚན་གྱི་ཅོད་པན་གྱིས་མཛེས་པར་མཛད། སེ་འབྲས་དགའ་གསུམ་རྒྱུད་སྟོད་སྨད་སོགས་ཀྱི་ཁྲི་གདན་ཟུར་དགེ་བཤེས་ཐམས་ཅད་བླ་མར་བསྟེན་ནས། གསང་བདེ་འཇིགས་གསུམ་གྱིས་གཙོས་དཔལ་རི་བོ་དགེ་ལྡན་པའི་བཀའ་སྲོལ་ཕལ་ཆེར་བདག་གིར་མཛད། ཀུན་མཁྱེན་ལྔ་པ་ཆེན་པོའི་སྐུའི་ཞབས་འབྲིང་པ་དགེ་སློང་འཇམ་དབྱངས་གྲགས་པའི་ཞབས་ཕྱིར་འབྱོར་བས་གྲྭ་འཁོར་གྱི་ནང་མར་གྱུར། རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་དང་གནས་བརྟན་འཇམ་དབྱངས་གྲགས་པ་ཡབ་སྲས་གཉིས་ཀ་ལས་གསར་རྙིང་གི་ཟབ་ཆོས་མང་དུ་གསན་པར་མཛད་ཚེ། སློབ་དཔོན་འཇམ་དབྱངས་གྲགས་པའི་ཞལ་ནས་ཁྱེད་སློབ་དཔོན་འཇམ་དཔལ་བཤེས་གཉེན་དུ་འདུག་པས། ད་སྔོན་སྔགས་གསར་མ་ལ་མཁས་གྲགས་ཆེན་པོ་ཐོན་འདུག་ཀྱང་ད་ཕྱིན་སྔགས་རྙིང་མ་རྫོགས་ཆེན་གྱི་རིང་ལུགས་པ་ཆེན་པོ་ཞིག་ཡོང་ཚོད་དུ་འདུག་ཅེས་ལུང་བསྟན། འདི་སྐབས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ཡེར་པ་ལྷ་རིར་བཞུགས་པའི་སྐབས་ཡིན་ཞིང་། གནས་བརྟན་གྱིས་གཙོས་རྒྱལ་དབང་ལྔ་པའི་དྲུང་འཁོར་ཆེ་གྲས་ཕལ་ཆེར་ལྐོག་ཆོས་ཞུ་བར་ཕེབས་པས་རྗེ་འདིའང་དེའི་གྲར་བྱོན། ཉམས་ཁྲིད་གསན་པས་ཉམས་རྟོགས་རྩོལ་མེད་དུ་ཐུགས་ལ་འཁྲུངས་པས་ཁྲིད་ཞུ་པ་ཀུན་ཀྱི་ཡང་རྩེར་སོན་ཞིང་རྫོགས་ཆེན་རབ་འབྱམས་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས། ཚེ་རབས་དུ་མ་ནས་འབྲེལ་བའི་སྔོན་སྨོན་གྱི་བག་ཆགས་བཟང་པོ་སད་པས་བླ་མ་ལ་མོས་གུས་ཀྱི་གདུང་བས་འབྲལ་མི་ཕོད་པར་གྱུར། དེ་ནས་གོང་ས་ལྔ་པ་ཆེན་པོའི་ལུང་གིས་གྲུབ་དབང་རྫོགས་ཆེན་པ་ཁམས་ཕྱོགས་སུ་གཞན་དོན་ལ་སྐུལ་བར་མཛད་ཚེ་གྲུབ་དབང་བླ་མའི་ཞབས་འབྲེང་དུ་མདོ་ཁམས་ཕྱོགས་སུ་ཞལ་ཕྱོགས། མར་ལམ་ནག་ཤོད་མཁར་བ་བསམ་གཏན་བྲག་ལ་ཅུང་ཟད་བཞུགས། དེ་ནས་རིམ་བཞིན་མདོ་སྨད་དུ་ཆིབས་བསྐྱོད་གནང་སྟེ་ས་སྐྱོང་སྡེ་དགེའི་མངའ་རིས་ཀྱི་ཆར་རུ་དམ་སྐྱིད་ཁྲམ་ལུང་དུ་ཕེབས་ནས་རྫོགས་ཆེན་པས་ཨོ་རྒྱན་བསམ་གཏན་ཆོས་གླིང་འདེབས་པར་གང་ཅིའི་ཞབས་འདེགས་ཕུལ་དུ་ཕྱིན་པ་སྒྲུབ་པར་མཛད། དེ་སྐབས་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། གཉེར་ཆེན་ལྷ་ཀླུ་སོགས་ཀྱིས་གྲུབ་དབང་ཡབ་སྲས་ལ་བཀུར་སྟི་དཔག་མེད་ཞུས་ཤིང་། ཁྱད་པར་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པས་རབ་འབྱམས་པ་མཆོག་ལ་སྔོན་དུས་རྒྱལ་སྲས་སྤོམ་བྲག་པའི་གདན་ས་ཁྲ་སྦོམ་བྲག་ཏུ་གྲགས་པའི་བཀའ་དགོན་དེ་ཕུལ་ཞིང་གནས་དེར་སྒྲུབ་ཁང་གསར་འདེབས་སོགས་མཛད་ནས་ལོ་ཤས་བཞུགས་ཀྱང་། གྲྭ་རྒན་ཁ་ཤས་ནས་བཀའ་བསྟན་རྙིང་མར་སྒྱུར་གྱིས་དོགས་པའི་ཆགས་སྡང་བྱས་པས་རྩོད་པ་ཅན་གྱི་ཡུལ་དེ་སྤངས་ནས་ལྷོ་ཕྱོགས་ལྷ་ཐོག་སོགས་སུ་ཕེབས་ནས་ཕྱོགས་བྲལ་གྱི་གདུལ་བྱ་བསྐྱངས། ལས་འཕྲོ་ལྡན་པའི་སློབ་མ་མང་དུ་བྱུང་བས་སློབ་རྒྱུན་ཡར་མར་གང་སར་འཕེལ། སླར་འབྲི་གུང་བརྒྱུད་མཁར་མདོའི་ཕྱོགས་ཀྱི་གཙང་རོང་ཤར་རྫོང་རི་ཁྲོད་དུ་སྐུ་ཚེ་བསྒྲིལ་ནས་སྒྲུབ་པར་བཞུགས་རྒྱུའི་དམ་བཅའ་མཛད་ནས་བཞུགས་སྐབས། གྲུབ་དབང་པདྨ་རིག་འཛིན་ཞིང་དུ་གཤེགས་པའི་གཏམ་གསན་པ་དང་། རིང་མིན་བང་མིའང་འབྱོར་བས་འཕྲལ་དུ་རུ་དམ་གདན་སར་ཕེབས་ནས་དཔོན་སློབ་རིན་པོ་ཆེ་དང་རྣམ་གཉིས་ཀྱིས་རྗེ་བླ་མའི་དགོངས་རྫོགས་རྒྱས་པ་བསྒྲུབས། དེ་ནས་ལོ་ཤས་རིང་དབང་ཁྲིད་ཙམ་གྱིས་གདུལ་བྱ་སྐྱོང་བ་ལས་གདན་སའི་ཁུར་ལེན་མ་མཛད་པར་འགྲོ་དོན་ཕྱོགས་བྲལ་དུ་བསྐྱངས། ས་ཡོས་ལོར་གྲུབ་དབང་རིན་པོ་ཆེའི་ཡང་སྲིད་འགྱུར་མེད་ཐེག་མཆོག་བསྟན་འཛིན་སོག་པོའི་རྒྱལ་པོ་ཀུན་དགའ་དཱ་ཆིང་ཞེས་པའི་འབངས་ཤིག་ལ་འཁྲུངས་པ་ངོས་འཛིན་དང་གདན་སར་འཁོད་པའི་ཞབས་འགྱུར་སྲི་ཞུ་དཔག་མེད་མཛད། དགུང་གྲངས་ལྔ་བཅུ་རྩ་ལྔ་བཞེས་པ་སྤྱི་ལོ་༡༧༠༤པ་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ལོར་སྤྲུལ་བའི་རོལ་གར་བསྡུ་བའི་ཚུལ་བསྟན། རྗེ་ཉིད་ཀྱི་སྐུ་རིང་ལ་རྩ་བའི་གདན་ས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་སྤེལ་བ་ལས་ལོགས་སུ་དགོན་པ་ཕྱག་བཏབ་སོགས་གཏན་ནས་མ་མཛད། དམ་པ་ཉིད་ལ་ཐུགས་སྲས་མཆོག་ཏུ་གྱུར་པ་ཧོར་རོང་པ་ཚ་བ་པདྨ་དབང་ཕྱུག །ལྷོ་ཀེ་རྒྱུད་ཀྱི་བླ་མ་ཨོ་རྒྱན་བསམ་གཏན། ལྷ་ཐོག་ཨ་འཇའ་བླ་མ་པདྨ་རྒྱལ་མཚན། ཀླུ་བསེ་བླ་མ་དར་རྒྱས། མཁར་མདོ་རྟོགས་ལྡན་ཨོ་རྒྱན་ཚུལ་ཁྲིམས། གླིང་ར་རྟགས་བླ་མ་ཨོ་རྒྱན་སྐལ་བཟང་སོགས་རྫོགས་ཆེན་སྙིང་པོའི་ཉམས་བཞེས་མཐར་སོན་པའི་བརྒྱུད་འཛིན་ཉེར་ལྔ་བྱོན་པ་དེ་རྣམས་ཀྱིས་སྐུ་གདུང་མཆོད་རྟེན་རྫོགས་ཆེན་དགོན་དུ་ལེགས་པར་བཞེངས། དེ་འཕྲལ་ཧོར་བླ་མས་སྔར་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་ལོ་ཙམ་ལ་གཏེར་ཆེན་ཉི་མ་གྲགས་པས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་ཞེས་པའི་སྒྲུབ་སྡེ་ཕྱག་བཏབ་ནས་ཅུང་ཟད་བཞུགས་པའི་ཉེ་འདབས་སུ་སྤྱི་ལོ་༡༧༠༥པ་ཤིང་བྱ་ལོར་སྒྲུབ་སྡེ་གསར་དུ་བཏབ་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་པ་སྟེ། གཏེར་ཆེན་ཉི་གྲགས་གནས་འདིར་བཞུགས་སྐབས་ནི་ཆུ་བྱ་ལོར་སྟག་མོ་དགོན་སྐལ་བཟང་ཕུན་ཚོགས་གླིང་ཕྱག་མ་བཏབ་པའི་སྔ་རོལ་དུ་ཡིན་པ་གུ་བཀྲའི་ཆོས་འབྱུང་སོགས་ཚད་ལྡན་གྱི་ལོ་རྒྱུས་ཆེན་མོ་རྣམས་སུ་གསལ་ལོ། །

[༨] རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ།

རབས་འབྱམས་སྐུ་རབས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེ་ནི། རབ་བྱུང་བཅུ་གཉིས་པའི་ཆུ་མོ་སྦྲུལ་གྱི་ལོར་རུ་དམ་གཡང་འཁྱིལ་དུ་རྫོགས་ཆེན་གཉིས་པའི་གཅུང་དུ་སྐུ་འཁྲུངས། ལྷུམས་སུ་ཞུགས་པའི་ཚེ་ཡི་གེ་དྲུག་མའི་གཟུངས་སྔགས་སྒྲོག་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། གསུང་བྱེ་བ་ཙམ་ནས་རབ་འབྱམས་པའི་ཡང་སྲིད་དུ་ཞལ་བཞེས་གནང་བ་སོགས་སྔོན་གནས་རྗེས་དྲན་གྱི་རྟགས་མཚན་གསལ། རྡོར་སྨིན་སོགས་ནས་ལུང་གིས་བསྟན་པ་བཞིན་དགུང་གྲངས་ལྔ་པའི་ཐོག་གོང་མའི་ཞལ་སློབ་རྣམས་ཀྱིས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་གི་སྒྲུབ་སྡེར་སྤྱན་དྲངས། སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དུས་འགྱུར་རྐྱེན་གྱིས་ཁམས་ཕྱོགས་སུ་ཕེབས་སྐབས་ཞེ་ཆེན་དགོན་དུ་གདན་དྲངས་པས་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཆོས་བདག་ཏུ་དབུགས་ཕྱུང་ཞིང་། གཏེར་ཆེན་རིན་པོ་ཆེའི་ཕྱག་ཕྲེང་རཀྴ་བྱིན་ལྡན་ཡང་བསྩལ་ཏེ་སྨིན་གླིང་གཏེར་གསར་གཙོར་གྱུར་གྱི་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་བསྩལ། དམ་པ་འདི་ཉིད་དང་གཅེན་རྫོགས་སྤྲུལ་འགྱུར་མེད་ཐེག་མཆོག་བསྟན་འཛིན། མཆོག་སྤྲུལ་སྐལ་བཟང་པདྨ་དབང་ཕྱུག ཟུང་འཇུག་རྡོ་རྗེའི་ས་མཁན་འགྱུར་མེད་སྐལ་བཟང་འཕེལ་རྒྱས། རྗེ་དེ་ཉིད་ཀྱི་རིགས་དབོན་འགྱུར་མེད་སྐལ་བཟང་བསྟན་འཕེལ་བཅས་རིགས་བདག་མཚུངས་མེད་ལྔ་དང་། གཞན་ཡང་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། མདོ་ཁམས་པ་ཀུན་དགའ་བསྟན་འཛིན། ཀཿཐོག་རྒྱལ་སྲས་དྲི་མེད་ཞིང་སྐྱོང་སོགས་ཡོངས་འཛིན་མཁས་གྲུབ་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཐ་སྙད་རིག་གནས་དང་བཅས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན། བསམ་བྱུང་གིས་གཏན་ལ་ཕབ་པས་ཇི་སྙེད་པའི་ཆོས་ལ་སྒྲོ་འདོགས་ཆོད། རིམ་གཉིས་ཟབ་མོའི་ལམ་ལ་སྒོམ་སྒྲུབ་སྙིང་པོར་མཛད་པས་རྒྱུད་གཞུང་ནས་ཇི་སྐད་བཤད་པའི་ལྟ་སྒོམ་འབྲས་བུའི་དྲོད་ཚད་བརྙེས། རྩ་གསུམ་ལྷག་པའི་ལྷ་རབས་འབྱམས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས། ཁྱད་པར་དགུང་གྲངས་ཉེར་གཅིག་ཧོར་ཟླ་དགུ་པའི་ཉེར་གསུམ་གྱི་ཐོ་རེངས་འཇམ་དཔལ་དྲེག་པ་འཇོམས་བྱེད་ཀྱི་བཟླས་པའི་སྐབས་ཉམས་ཀྱི་སྣང་ཆར་སྐྱེ་ཕྲེང་ལུང་བསྟན་དུ་སྩལ་བ། བུ་ཁྱོད་སྐྱེ་བ་སྔ་རོལ་ཏུ། །འོག་མིན་ཤར་ལྷོའི་ཞིང་ཁམས་སུ། །སངས་རྒྱས་མྱ་ངན་མེད་པའི་དཔལ། །སྟོན་པ་ཀུན་བཟང་སྤྱན་སྔ་རུ། །གནོད་སྦྱིན་རྒྱལ་པོ་སྐར་མདའ་གདོང་། །འཕགས་ཡུལ་མཁས་གྲུབ་ཡོངས་ཀྱི་གཙུག །སློབ་དཔོན་འཇམ་དཔལ་བཤེས་གཉེན་ཏེ། །བོད་ཡུལ་བསིལ་ལྡན་ལྗོངས་འདི་རུ། །འབྲི་གུང་རིན་ཆེན་ཕུན་ཚོགས་ཞབས། །ཟླ་བྲལ་རྩོད་མེད་རབ་འབྱམས་པའི་། །ལས་འཕྲོ་སྐྱེ་བ་ཁྱོད་ཉིད་ཡིན། །གཞན་ཕན་འགྲོ་དོན་དུས་ལ་བབ། །ཚུལ་ལྡན་དམ་ཚིག་བསྲུང་བྱས་ན། །ལས་ཅན་སྐྱེས་བུ་འཁྲུལ་པ་མེད། །ཞག་གསུམ་གཞན་ལ་མ་ཟེར་སྡོམས། །དེ་ནས་ཀུན་ལ་གོ་བར་སྤེལ། །ཞེས་གསུངས། གཟའ་བདུད་ཀླུ་བཙན་སོགས་དྲེགས་པ་ཅན་རྣམས་དངོས་སུ་བཀའ་བསྒོ་བ་ཉན་ཅིང་བྲན་དུ་ཁོལ། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གསལ་བས་མཚོན་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། གཉུག་མར་གནས་པ་དང་ཕྱོགས་ནས་བྱོན་པའི་བུ་སློབ་ལ་ལོ་བསྟར་གྲུབ་དབང་རྫོགས་ཆེན་པའི་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་དང་། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དུས་ཁྲིད་བསྟར་ཆགས་སུ་མཛད་པ་དང་། གཞན་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་གིས་མཚོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ལེགས་བཤད་ཀྱི་གཏེར་ཆེན་པོར་གྱུར་པའི་བཀའ་རྩོམ་ཡང་པོད་དགུར་ལོངས་པ་བཅས་མཁས་ཚུལ་གསུམ་གྱི་མཛད་པས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། ཐུགས་སྲས་ཞལ་སློབ་སྒོ་མེ་དིང་སྐྱ་བཀའ་བཅུ་ཀུན་བཟང་སྙན་གྲགས་དང་། སིབ་སྤྲུལ་སྐུ་ཀུན་བཟང་པདྨ་དབང་རྒྱལ། གྲུབ་དབང་སངས་རྒྱས་རབ་བརྟན། ཕུག་ཁུང་བླ་མ་པདྨ་རིན་ཆེན། འཇུ་བླ་གསང་སྔགས། ཞེ་དྲུང་པདྨ་རྣམ་དག །ཁྲོམ་བཟའ་ངག་དབང་པདྨ་སོགས་བྱོན་ཞིང་། ལྷོ་དྲུང་ཆོས་རྗེ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་རྒྱལ་ཚབ་ཏུ་དབང་བསྐུར་ནས་དགུང་གྲངས་ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ས་གླང་ལོར་གདོད་མའི་གྲོལ་སར་གཤེགས་སོ། །

[༩] རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ།

རབ་འབྱམས་སྐུ་རབས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ཐུབ་བསྟན་ཉིན་བྱེད་ནི། སྤྱི་ལོ་༡༩༧༡པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཡོས་ལོར་མདོ་ཁམས་ཡིད་ལྷུང་དུ་ཡབ་རྟ་མགྲིན་ཞེས་པའི་སྲས་སུ་སྐུ་འཁྲུངས། ཞག་གསུམ་གྱི་ཐོག་ནས་ང་ཞེ་ཆེན་སྤྲུལ་སྐུ་ཡིན་དགོན་ས་གསུམ་ཡོད་གསུངས་པ་སོགས་ངོ་མཚར་བའི་མཚན་རྟགས་ལྡན་པ་དང་། ལྕགས་སྟག་ལོར་རྡོ་བྲག་རིག་འཛིན་ཆེན་པོ་ཁམས་དར་རྩེ་མདོ་ནས་ཡར་ཕེབས་སྐབས་ཞེ་ཆེན་དགོན་དུ་ཆིབས་བསྐྱོད་གནང་ཞིང་། སྐབས་དེར་གདན་ས་གོང་མ་རུ་དམ་གདན་ཚབ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་དང་། ཕྱག་མཛོད་བླ་མ་དཀོན་མཆོག་དར་རྒྱས་སོགས་བླ་གྲྭ་ཡོངས་ཀྱིས་ཡང་སྲིད་དོགས་གཅོད་ཞུས་པས། རྗེ་དེའི་ལུང་བསྟན་དུ། རིག་པ་འཛིན་པ་རྡོ་རྗེ་ཐོགས་མེད་རྩལ། །ཁྱོད་ཀྱིས་བསྐྱབ་བྱ་གསང་སྔགས་བསྟན་འཛིན་པ། །ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ན་ཡང་། །དགོན་སྡེ་ཉིད་ནས་འཇལ་བའི་ཤར་ལྷོ་མཚམས། །ལུང་པ་ཁ་ནི་ལྷོ་ནུབ་བསྟན་པ་ན། །རྩི་ཤིང་ནགས་ཚལ་དྲྭ་བ་འཁྲིགས་པའི་དབུས། །ཕ་མ་པདྨའི་རིགས་སུ་གྱུར་པའི་སྲས། །ཡོས་འབྲུག་མཚམས་སུ་འབྱུང་བའི་ངོ་ཞིག་མཆིས། །པདྨ་དྲག་པོའི་སྒོ་ནས་སྨིན་གྲོལ་གྱིས། །དམ་སྲི་འབྱུང་པོའི་ཚོགས་ལས་རྒྱལ་བར་ངེས། །དེ་ཙམ་ཡེ་ཤེས་མཁའ་འགྲོའི་གཏམ་འཆའོ། །ཞེས་བྱུང་བ་དང་། གཞན་སྨིན་གླིང་ཁྲི་ཆེན་པདྨ་བསྟན་འཛིན། ཤར་ཆེན་ཀླུ་ལྡིང་སོགས་ཡེ་ཤེས་ཀྱི་གཟིགས་པ་མངའ་བ་ཀུན་ཀྱི་གསུང་ལུང་གཅིག་མཐུན་བྱུང་བ་ལྟར་གོང་མའི་ཆོས་ཁྲིར་མངའ་གསོལ་ནས་རྫོགས་ཆེན་གསུམ་པ་ཨ་ཏི་བསྟན་པའི་རྒྱལ་མཚན་གྱིས་གཙུག་ཕུད་བཞེས། རིགས་བདག་མཚུངས་མེད་རྒྱལ་ཚབ་པ་བསྟན་འཛིན་ཆོས་རྒྱལ། སྨིན་གླིང་ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྡོ་བྲག་ཞབས་དྲུང་འགྱུར་མེད་ལྷུན་གྲུབ་རྡོ་རྗེ། ཀཿཐོག་དགེ་རྩེ་པན་ཆེན། རིག་འཛིན་འཇིགས་མེད་གླིང་པ། རྡོ་གྲུབ་ཀུན་བཟང་གཞན་ཕན། གྲུབ་དབང་འཇིགས་མེད་གོ་ཆ་སོགས་ཡོངས་འཛིན་བཅུ་ཕྲག་གསུམ་གྱི་ཞབས་པད་བསྙེན་ནས་མདོ་རྒྱུད་སྤྱི་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཆོས་བཀའ་མཐའ་དག་གསན་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ། དེ་དག་ཀྱང་འོལ་སྤྱི་ཙམ་དུ་མ་སོང་བར་དབང་དུས་སུ་སྐུ་བཞིའི་ས་བོན་ཅི་ཐེབས་ཀྱིས་རྒྱུད་སྨིན་པ། བསྐྱེད་རིམ་གྱི་དུས་སུ་གཟུགས་སྐུའི་རྣམ་སྨིན་གྱི་ལུས་ཕུང་ཅི་དག །རྫོགས་རིམ་གྱིས་སྣང་སྲིད་ཀ་དག་ཆོས་དབྱིངས་སུ་ལ་ཅི་ཟློ། མན་ངག་ཉམས་ལེན་ཕྲ་རགས་ཐམས་ཅད་གཟུངས་སུ་ཅི་ཐེབས་ལ་ནན་ཏན་མཛད་པས་ཆོས་བརྒྱད་ཀྱི་འཆིང་བ་གྲོལ། དགག་སྒྲུབ་ཀྱི་འཛིན་སྟངས་ཞིག །གཞན་ཕན་གྱི་ཕྲིན་ལས་རྒྱས། དོན་གཉིས་ལྷུན་གྲུབ་ངང་དགུང་གྲངས་སོ་དགུ་བཞེས་པ་སྤྱི་ལོ་༡༨༠༧ གྱི་ལོར་གཟུགས་སྐུ་ནང་དབྱིངས་སུ་བསྡུས་སོ། །

[༡༠] རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན།

རབ་འབྱམས་སྐུ་རབས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་ནི། རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་དང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་རིས་མེད་སྐྱེས་ཆེན་དུ་མར་བསྟེན་ཅིང་བཀའ་གཏེར་དབང་ཁྲིད་ཀྱི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ཐུགས་ཉམས་སུ་བཞེས། ཡི་དམ་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མཛད་སྐབས་མཁའ་འགྲོའི་ལུང་བསྟན་ལྟར་ཟབ་གཏེར་ཁ་བྱང་བབ། ས་གཏེར་ཀྱང་ཁ་ཤས་བཞེས། དེ་མཚམས་གསང་སྤྱོད་ཀྱི་བརྟུལ་ཞུགས་མཛད་དེ་གྲུབ་པའི་གནས་མཆོག་རྦ་ལྕགས་ཤྲཱི་སོགས་སུ་ཕེབས་ཏེ་དྭགས་ཉང་ཀོང་གསུམ་གྱིས་མཚོན་ཕྱོགས་མེད་ཀྱི་འགྲོ་དོན་བསྐྱངས་ནས་ཞི་བར་གཤེགས་སོ། །

[༡༡] རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་རྒྱལ་མཚན།

རབ་འབྱམས་སྐུ་རབས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་རྒྱལ་མཚན་ནི། རབ་བྱུང་བཅུ་བཞི་པའི་ཤིང་བྱི་ལོ་སྟེ་སྤྱི་ལོ་༡༨༦༤པར་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། རྫོགས་ཆེན་པ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་ཚབ་གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་སོགས་ཀྱི་བསླུ་མེད་རྡོ་རྗེའི་ལུང་གིས་ཟིན་པ་ལྟར་གོང་མའི་བཞུགས་ཁྲིར་མངའ་གསོལ། ཆུང་ངུ་ནས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི། ཐོག་མར་དབང་བཞིའི་ཡེ་ཤེས་ཀྱིས་རྒྱུད་སྨིན་པར་བྱེད་པ་པོ་དང་། བར་དུ་རྟོགས་པ་ངོ་སྤྲད་ནས་མཉམ་བཞག་གི་བོགས་དབྱུང་བ་པོ། ཐ་མ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་པའི་རྒྱུས་རྩ་བའི་རིགས་བདག་གཅིག་ཆོག་དང་། གཞན་ཡང་གྲུབ་དབང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། འཇམ་མགོན་ཀོང་སྤྲུལ། མཁན་ཆེན་རྡོ་རྗེ་འཆང་པདྨ་བཛྲ། རྒྱལ་ཚབ་གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། དཔལ་ཡུལ་རྒྱ་སྤྲུལ། འཇུ་དབོན་འཇིགས་མེད་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས་སྔ་འགྱུར་བཀའ་གཏེར་གཙོ་བོར་གྱུར་པའི་གསན་སྦྱངས་མཐར་ཕྱིན། རང་དགོན་གྱི་བླ་བྲང་དུ་ལོ་གསུམ་ཕྱོགས་གསུམ་གཙོ་བོར་གྱུར་པའི་བཅད་རྒྱའི་ཁོངས་སུ་སྔ་འགྱུར་འདུས་པ་མདོ། སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་པ་བཀའ་བརྒྱད། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་བཅས་གཙོ་བོར་གྱུར་པའི་རྩ་གསུམ་ལྷག་པའི་ལྷའི་བསྙེན་སྒྲུབ་མཛད། དེ་དག་གི་སྐབས་སུ་ལྷག་པའི་ལྷས་ཞལ་གཟིགས་བྱིན་རླབས་ཀྱི་མཚན་མ་ཇི་སྙེད་པ་དང་། ཁྱད་པར་འདུས་མདོའི་བསྙེན་སྒྲུབ་གནང་སྐབས་སྲིན་པོ་བློ་གྲོས་ཐབས་ལྡན་གྱི་རྣམ་འཕྲུལ་ཡིན་པའི་ལུང་བསྟན་དང་། སྨིན་གླིང་གཏེར་ཆེན་གྱི་གཤིན་རྗེ་དྲེགས་འཇོམས་ཀྱི་ལྗགས་བསྙེན་གནང་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡིན་པའི་ཐུགས་ངེས་གསལ་པོ་འཁྲུངས། མཁྱེན་བརྩེའི་དབང་པོའི་ཞལ་ནས་མདོ་ཁམས་ཕྱོགས་ཀྱི་བསྟན་འཛིན་ཞིག་ལ་ཞེ་ཆེན་རབ་འབྱམས་ལས་བཟང་བ་མེད་ཅེས་བསྔགས་པས་མཚོན་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཀུར། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སྐུ་རབས་གཉིས་པ་གཞན་ཕན་ཆོས་ཀྱི་སྣང་བའམ་ཐུབ་དབང་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས་ཏེ་རང་ལུགས་སྔ་འགྱུར་གྱི་སྡོམ་རྒྱུན་ཕྱོགས་བརྒྱར་སྤེལ་བས། རྒྱལ་སྲས་གཞན་ཕན་ཆོས་ཀྱི་སྣང་བ་དང་། །མྱ་ངན་མེད་སྤྲུལ་རབ་འབྱམས་ལྔ་པའི་ཞབས། །ཞེས་སྡོམ་བརྒྱུད་གསོལ་འདེབས་འགའ་ཞིག་ཏུ་གསལ་ཞིང་ཞལ་འདོན་གནང་བཞིན་པ་དང་། དམ་པ་འདི་ཉིད་ཀྱིས་སྔ་ཕྱིར་གསུང་ཆོས་གནང་བ་ཡང་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་ཚར་གཅིག རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཚར་བཞི། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་ཚར་གསུམ། སེམས་སྡེ་ཨ་དོན་བཅོ་བརྒྱད། ཀློང་སྡེ་རྡོ་རྗེ་ཟམ་པ། མན་ངག་སྡེ་སྙིང་ཐིག་ཡ་བཞི། སྨིན་གླིང་གཏེར་གསར་སྐོར་གཙོར་གྱུར་འཆད་སྤེལ་གྱིས་ཁམས་དབུས་ཀྱི་གདུལ་བྱ་མཐའ་ཡས་པ་རྗེས་སུ་བཟུང་། རང་དགོན་གྱི་གཙུག་ལག་ཁང་འགའ་གསར་བཞེངས་དང་འདུལ་བ་གཞི་གསུམ་གྱི་རྒྱུན་བཙུགས། སྔ་འགྱུར་བཀའ་མ་འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། ན་རཀ་དོང་སྤྲུགས། སོ་ལུགས་ཡང་དག་སངས་རྒྱས་མཉམ་སྦྱོར་བཀའ་སྲུང་བཅས་ཀྱི་སྒྲུབ་མཆོད་གཏན་འཇག་དང་། མཆོད་རྫས་ཡོ་བྱད་ཁྱད་ཐོན་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས་དགུང་གྲངས་ཞེ་དྲུག་པ་ས་མོ་བྱའི་ལོར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །

[༡༢] རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ།

རབ་འབྱམས་སྐུ་རབས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ་ནི། སྤྱི་ལོ་༡༩༡༡པ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་ལོར་སྐུ་འཁྲུངས། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། གཙང་པ་གྲུབ་ཆེན་བྱམས་པ་ཆོས་འཛིན། དབོན་སྤྲུལ་གཉིས་པ་སོགས་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་སྐྱེས་མཆོག་དུ་མས་ངོས་འཛིན་ལྟར་གོང་མའི་ཆོས་ཁྲིར་བཞུགས་སུ་གསོལ། རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་སོགས་དམ་པ་དུ་མས་རྗེས་སུ་བཟུང་ནས་སྔ་འགྱུར་བཀའ་གཏེར་གཙོ་བོར་གྱུར་པའི་སྨིན་ཁྲིད་ཀུན་རྫོགས་པར་གསན། ཕྱི་རབ་བྱུང་གི་དངོས་པོར་བསྒྲུབས་པས་ཉེས་ལྟུང་གི་དྲི་མས་མ་གོས་ཤིང་། ནང་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་བརླན་པའི་རྒྱལ་སྲས་སེམས་དཔའ། གསང་བ་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ལ་རང་བྱན་ཚུད་པའི་རྣལ་འབྱོར་གྱི་དབང་ཕྱུག་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་གྱུར། ལྷག་པའི་ལྷའི་བསྙེན་སྒྲུབ་དང་ཉམས་ལེན་གྱི་གནད་ལ་གཟིར་བས་རང་སྣང་དབང་དུ་བསྡུས་པའི་རྟེན་འབྲེལ་གྱིས་གཞན་སྣང་ཟིལ་གྱིས་གནོན་པ་བླ་ཆེན་མི་དཔོན་སོགས་ཆེ་རྒུ་རྣམས་ཀྱིས་གཙུག་ཏུ་བཀུར་བ་དང་། ཁྱད་པར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཁྲི་འཛིན་མཁན་གཅུང་སྐུ་མཆེད་དང་། རྡོར་བྲག་རིག་འཛིན་མཆོག་སྤྲུལ། ཤུག་གསེབ་རྗེ་བཙུན། སྟག་ལུང་མཆོག་སྤྲུལ་སོགས་ཀྱིས་གཙོས་རྒྱ་བལ་འབྲས་འབྲུག་གི་བླ་ཆེན་དུ་མའི་ཚོགས་དང་གདུལ་བྱ་གྲངས་ལས་འདས་པར་རིན་ཆེན་གཏེར་མཛོད་སོགས་སྨིན་གྲོལ་དང་། དེ་བཞིན་ལྷོ་ཁོག་སིབ་རྫོགས་ཆེན་དགོན། ལྕང་བྲག་རིག་འཛིན་མཁའ་སྤྱོད་གླིང་། མཚོ་སྔོན་སྒོ་མེ་དིང་སྐྱ་སོགས་མདོ་དབུས་ཁམས་གསུམ་གྱི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། རྒྱལ་ཚབ་བཞི་པ་པདྨ་རྡོ་རྗེ་ངོས་འཛིན་ཁྲི་བཀོད་རྒྱས་པར་མཛད། བསྟན་དགོན་ཉམས་གསོའི་རྟེན་རྩ་གསར་བཞག་དང་། མཆོད་ཐེབས་ཁ་གསོ། བཤད་སྒྲུབ་གཉིས་ཀྱི་རྒྱུན་ཕོག །གསེར་གདུང་ལྷ་ཁང་ཀ་བ་ཉི་ཤུ་ཅན་བཀོད་པ་ཕུན་སུམ་ཚོགས་པ་གསར་བཞེངས་སོགས་བསྟན་རྒྱུན་ལ་བཀའ་དྲིན་ཤིན་ཏུ་ཆེ། སྔར་སྲོལ་ལྟར་སྡེ་དགེའི་དབུ་བླར་ལྕང་རའི་བུམ་སྒྲུབ་ལ་ཕེབས་པ་དང་། སྡེ་དགོན་སོགས་ནང་འཁྲུགས་ཀྱི་འཁོན་སྡུམ་ཞི་བདེར་བཀོད་པ་སོགས་ཆོས་སྲིད་ལུགས་གཉིས་གང་ཐད་ནས་འགྲན་ཟླ་དང་བྲལ་བ་བྱུང་། མ་འོངས་པར་དུས་འགྱུར་སོགས་ལྐོག་གྱུར་གྱི་ཆོས་རྣམས་སྒྲིབ་མེད་དུ་གཟིགས་ནས་དགོན་པའི་མཆོད་ཐེབས་རྣམས་གྲྭ་ཚང་ལ་བགོ་བཤའ་གནང་བ་དང་། ད་ཕྱིན་འདུ་འཚོགས་ཐུབ་མིན་མི་ཤེས་སོགས་ཞལ་ཀྱལ་གྱི་ཚུལ་དུ་གསུངས་ཤིང་ཉིད་ཀྱི་ཕྱག་རྫས་ཐམས་ཅད་དགེ་རྩར་སྨིན་གཏོང་མཛད། གཞན་གྱི་ཕྱི་ཕྱོགས་སུ་ཕེབས་པར་བསྐུལ་ཀྱང་སེམས་དཔའ་ཆེན་པོའི་རྣམ་ཐར་བདག་གིར་བཞེས་ནས་སྙིགས་མའི་གདུལ་བྱ་ཁོ་ནར་བརྩེ་བས་དགོངས་ཏེ་ཐུགས་ཐག་བཅད་ནས་བཅད་རྒྱར་བཞུགས། སྤྱི་ལོ་༡༩༥༩ལོའི་དུས་འགྱུར་གྱིས་བསྟན་དགོན་རྩ་གཏོར་སྐབས་རྗེ་ཉིད་ཀྱང་བསྟན་འགྲོའི་དོན་དུ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུ་བར་མཛད་དོ། །དེ་ལྟར་རབ་འབྱམས་རིན་པོ་ཆེ་སྐུ་ཕྲེང་དྲུག་དང་གཞན་ཡང་སྐུ་རབས་གཉིས་པའི་ཐུགས་སྲས་རྒྱལ་ཚབ་དང་པོ་པདྨ་གསང་སྔགས་བསྟན་འཛིན་ནམ་བསྟན་འཛིན་ཆོས་རྒྱལ། གཉིས་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ། བཞི་པ་པདྨ་རྡོ་རྗེ་བཅས་སྐུ་ཕྲེང་བཞི་དང་། དེ་བཞིན་རྒྱལ་ཚབ་དང་པོའི་ཞལ་སློབ་མ་ཧཱ་པཎ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་རིམ་བྱོན་དང་། གྲུབ་ཆེན་ཤེས་རབ་ཡར་འཕེལ། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་པའི་གདན་ས་ཆེན་མོ་དཔལ་ཞེ་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་ཕྲིན་ལས་ཟླ་དང་བྲལ་བའི་མཁས་གྲུབ་ཀྱི་སྐྱེས་བུ་ཇི་སྙེད་བྱོན་པ་རྣམས་ཀྱི་མཛད་རྣམ་རྒྱས་པ་འགོད་འོས་ཆེ་ཡང་། འདིར་དཔྱད་གཞིའི་ཡིག་ཆ་ཆ་ཚང་མ་འབྱོར་པ་དང་ཡི་གེ་མང་ཆེ་བ་བཅས་ཀྱིས་རེ་ཞིག་རྟེན་འབྲེལ་འཕྲོ་ཅན་དུ་བཞག་ལ། དེ་ལས་གསང་ཆེན་སྙིང་པོའི་རིང་ལུགས་སྤྱི་ལ་བཀའ་དྲིན་ཁྱད་དུ་འཕགས་པའི་མཁས་གྲུབ་ཆེན་པོ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། རྒྱལ་ཚབ་བཞི་པ་པདྨ་རྣམ་རྒྱལ། མཁྱེན་བརྩེ་རབ་གསལ་ཟླ་བ་བཅས་ཀྱི་མཛད་རྣམ་འོག་མའི་ཚོམས་སུ་འབྱུང་བས་དེར་གཟིགས་པར་ཞུ། །

[༡༣] རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ།

གྲུབ་དབང་པདྨ་རིག་འཛིན་གྱི་ཐུགས་སྲས་མཆོག་གྱུར་རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ནི། སྤྱི་ལོ་༡༦༡༧པ་རབ་བྱུང་བཅུ་པའི་མེ་མོ་སྦྲུལ་གྱི་ལོར་འཕྱོང་རྒྱས་སྟག་རྩེའི་ཟ་ཧོར་གྱི་རྒྱལ་རྒྱུད་ལས་ཡབ་མི་དབང་བདུད་འདུལ་རབ་བརྟན་དང་། ཡུམ་ཡར་འབྲོག་ཁྲི་དཔོན་གྱི་སྲས་མོ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་མཚན་དཔེའི་མེ་ཏོག་བཞད། ཆུང་དུས་ཀྱི་མཚན་ལ་ཀུན་དགའ་མི་འགྱུར་སྟོབས་རྒྱལ་དབང་གི་རྒྱལ་པོར་གསོལ་ཞིང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྲིན་ལས་ཀྱི་སྤྲུལ་བར་གཏེར་ཁ་གསར་རྙིང་མང་པོ་ནས་ལུང་བསྟན། འཁྲུངས་པའི་ལོ་དེར་བྱང་བ་རིག་འཛིན་ངག་གི་དབང་པོས་ཚེ་གུར་གྱི་དབང་བཀའ་ཉེན་སེལ་དུ་བསྩལ་བ་ཐོག་མའི་དགེ་མཚན་ཏུ་གྱུར། དགུང་ལོ་དྲུག་ལ་སོན་སྐབས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་རྣམ་གཉིས་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེར་ངོས་འཛིན་མཛད་ནས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོར་སྤྱན་དྲངས། གཙུག་ཕུད་བཞེས་པའི་མཚན་བློ་བཟང་རྒྱ་མཚོར་གསོལ་ནས་མི་འཇིགས་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། སློབ་དཔོན་ཆེན་པོས་རྔོག་ལོའི་སྤྲུལ་པར་ལུང་བསྟན་པ་གླིང་སྨད་པ་དཀོན་མཆོག་ཆོས་འཕེལ་ལས་བསྡུས་ཚད་ནས་བཟུང་གཞུང་ཆེན་རྣམས་ལ་ཐུགས་གཉེར་མཛད་པས་ཚེགས་མེད་དུ་མཁྱེན། པཎ་ཆེན་རིན་པོ་ཆེ་ལས་དབང་ལུང་མན་ངག་མང་དུ་གསན། སྨོན་འགྲོ་པཎྜི་ཏ་ཡབ་སྲས་ལས་སྙན་ངག སྒྲ། སྡེབ་སྦྱོར། མངོན་བརྗོད་སོགས་དང་། གཞན་ཡང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་། ལྡུམ་པོ་པ་དོན་གྲུབ་དབང་པོ་ལས་རྩིས་དཀར་ནག་དབྱངས་འཆར་སོགས་མཐའ་ཡས་པ་གསན་པས་བཅུ་ཕྲག་རིག་པའི་གནས་ཀུན་གཟིགས་པའི་མ་ཧཱ་པཎྜི་ཏ་ཆེན་པོར་གྱུར། དགུང་ལོ་ཉེར་གཉིས་པར་པཎ་ཆེན་རིན་པོ་ཆེའི་ཞལ་སྔ་ནས་བླ་ཆེན་གྱི་སྡོམ་རྒྱུན་ལས་བསྙེན་པར་རྫོགས་ཤིང་མཚན་ངག་གི་དབང་ཕྱུག་ཅེས་གསར་དུ་བསྣན། ཕ་བོང་ཁ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཞྭ་ལུ་བསོད་ནམས་མཆོག་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། སྨན་ལུང་པ་བློ་མཆོག་རྡོ་རྗེ། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་གསར་རྙིང་རིས་མེད་ཀྱི་ཡོངས་འཛིན་ཁྱད་པར་ཅན་མང་དུ་བསྟེན་ནས་ས་དགེ་རྙིང་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་བཤད་པ་དང་། གསང་བ་སྔགས་ཀྱི་དབང་ལུང་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་ལ་གསན་བསམ་མཐར་ཕྱིན་པར་མཛད་པའི་གསན་ཡིག་གླེགས་བམ་བཞི་ཙམ་བཞུགས། ཁམས་པ་རྫོགས་ཆེན་པ་པདྨ་རིག་འཛིན་གྱི་སྙན་པ་གསན་པས་ཕོ་བྲང་པོ་ཏ་ལར་སྤྱན་དྲངས་ཏེ་འོད་གསལ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་སྨིན་དབང་ཟབ་ཁྲིད་དང་བཅས་ཆིག་བརྒྱུད་དུ་གསན་ཞིང་། རྒྱལ་དབང་མཆོག་ལ་ཐུགས་དམ་བོགས་ཐོན་གྱི་ངེས་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས་པས། གསུང་ལས། ཁམས་པ་རྫོགས་ཆེན་པ་ཉམས་རྟོགས་ཀྱི་བརྗོད་པ་བཅོས་མ་མ་ཡིན་པ་ཀློང་བརྡོལ་བ་གྲུབ་པའི་དབང་ཕྱུག་རྩེ་གཅིག་བསྐྱངས་པའི་ལག་རྗེས་ཤར་བར་སྣང་ཞེས་དང་། ཕྱིས་སུ་གྲུབ་དབང་མཆོག་ལ་ཕུལ་བའི་ཆབ་ཤོག་ཀུན་བཟང་ཞལ་ངོམས་སུ། དགའ་རབ་ཤྲཱི་སེང་པད་འབྱུང་བཱི་མ་ལ། །བཻ་རོ་སོ་ཟུར་གནུབས་གཉགས་ལ་སོགས་པའི། །བཀའ་ཡི་གནད་ལ་སྦྱང་རློམ་རྙིང་རློམ་འགས། །ཕྱག་རྫོགས་མ་ཕྱེད་འདྲེས་མའི་ཆོས་སྐད་མང་། །ཁྱེད་ཀྱིས་སྔོན་ཆད་རྩོལ་བས་ཉམས་བསྟར་ཀུན། །སྙིང་ཐིག་སྙིང་པོའི་དགོངས་དོན་ཇི་ལྟ་བ། །མ་རྟོག་ལོག་རྟོག་མེད་པ་རྣམ་དག་པར། །ཁོ་ནར་སོང་བའི་ཚུལ་ལ་གཅིག་ཏུ་རངས། །ཅེས་དང་། སྔ་འགྱུར་ནགས་ཀླུང་སྟུག་པོ་འཁྲིགས་པའི་དབུས། །སྔོན་མེད་ཡོངས་འདུས་ལྗོན་པ་ཁྱེད་དུ་ངེས། །ཚད་ཕེབས་རྫོགས་ནས་ཆོས་ཉིད་ཟད་ས་རུ། །འཁྱོལ་ལ་ཧ་ཅང་མི་རིང་ཕ་རོལ་ན། །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་རང་གི་སེམས། །ཁྱབ་བདག་རྡོ་རྗེ་འཆང་དུ་རྟག་པར་ཡོད། །སོགས་སྤང་རྟོགས་ཀྱི་རྩལ་རྫོགས་པའི་ཐུགས་དམ་རྟོགས་འབུལ་གྱི་གསུང་བྱོན་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཕྱིས་སུ་དྲུག་བརྒྱ་པ་བློ་བཟང་དཀོན་མཆོག་སོགས་ལ་རྫོགས་པ་ཆེན་པོའི་ཁྲིད་བཏབ་པས་ཟག་བཅས་འོད་སྐུར་དེངས་པ་བྱུང་། གྲུབ་དབང་མཆོག་དགུང་གྲངས་དྲུག་ཅུ་རེ་གཅིག་སྐབས་རྒྱལ་དབང་མཆོག་གི་ལུང་གིས་བསྐུལ་ཏེ་ཁམས་སུ་འགྲོ་དོན་བསྐྱངས་པའི་ཕྲིན་ལས་ཀྱི་བདག་རྐྱེན་དུ་གྱུར། གཞན་ཡང་ཟབ་མོ་དག་སྣང་གི་བཀའ་བབ་ཚུལ་ནི། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་ལུང་ལས། ཉི་ཤུ་རྩ་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ད་ལྟ་མགོ་ནག་མི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ ཅེས་གསུངས་པ་ལྟར། དཔལ་བསམ་ཡས་སུ་ཕེབས་སྐབས་དངོས་གཏེར་གྱི་རྟེན་འབྲེལ་བྱུང་ནའང་ཡུལ་དུས་གནས་སྐབས་ཀྱི་དབང་གིས་བདག་གིར་མ་མཛད་མོད། ཕྱིས་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་དངོས་སུ་ཞལ་བསྟན་ཏེ་ལུང་བསྟན་དབང་བསྐུར་བརྙེས་པ་ལྟར་ཡི་གེར་བཀོད་དེ་གསང་བ་རྒྱ་ཅན་དུ་མཚན་གསོལ་བའི་ཆོས་སྡེ་ཉི་ཤུ་རྩ་ལྔ་དང་། ཁ་སྐོང་ལྗགས་བསྒྲིགས་དང་བཅས་གླེགས་བམ་གཉིས་བཞུགས་པ། ཆོས་རྒྱལ་གཏེར་བདག་གླིང་པ་དང་། རིག་འཛིན་པདྨ་ཕྲིན་ལས་སོགས་སྔ་འགྱུར་གྱི་རིང་ལུགས་འཛིན་པ་གཙོར་གྱུར་པའི་མཆོག་གི་འདུས་པ་རྣམས་ལ་སྨིན་གྲོལ་ཡོངས་སུ་རྫོགས་པར་བསྩལ་བས་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་ཞིང་ད་ལྟའི་བར་རྒྱུན་མ་ཉམས་པར་བཞུགས། སྲིད་ཀྱི་ངོས་ནས་དགུང་ལོ་ཉེར་ལྔ་པར་སོག་པོ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཆོལ་ཁ་གསུམ་པོ་དཔུང་ཤེད་ཀྱིས་བླངས་ནས་ལྷ་སྡེ་མི་སྡེ་ཐམས་ཅད་ཆབ་འབངས་སུ་ཕུལ། དེ་རྗེས་ཤར་ཕྱོགས་གོང་མ་ཆེན་པོས་པེ་ཅིང་དུ་སྤྱན་དྲངས་ཏེ་བསྟན་པའི་བདག་པོ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་འཇའ་ས་གསེར་ཡིག་སོགས་ཕུལ་ནས་ཏི་ཤྲཱིའམ་དབུ་བླར་བཀུར་ཞིང་མཆོད་ཡོན་གྱི་འབྲེལ་བ་ཚུགས། ལྷ་ས་དམར་པོའི་རི་ལ་འཛམ་གླིང་ན་གྲགས་པའི་ཕོ་བྲང་ཆེན་པོ་པོ་ཏ་ལ་བཞེངས་པའི་དབུ་བཙུགས། སྙིགས་མའི་དུས་སུ་འཕགས་པ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་ཁྲི་སྲོང་ལྡེའུ་བཙན་སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་བོད་ཁམས་སྐྱོང་བར་སླུ་མེད་རྡོ་རྗེའི་ལུང་གིས་བསྟན་པ་ལྟར་གངས་ཅན་བོད་ཀྱི་རྒྱལ་ཁམས་ཡོངས་རྫོགས་ལུགས་གཉིས་ཀྱིས་བདེ་བར་སྐྱོང་བའི་བདག་པོ་ཆེན་པོར་གྱུར། ཆོས་ཀྱི་ངོས་ནས་མདོ་སྔགས་གསར་རྙིང་བཀའ་གཏེར་གྱི་ཆོས་འཁོར་མཐའ་ཡས་པ་བསྐོར་བས། དཔལ་ས་སྐྱ་པ་ཡབ་སྲས། འབྲི་སྟག་འབྲུག་པ། པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་དང་། དགའ་ལྡན་ཁྲི་གདན་ཟུར་སོགས་བླ་ཆེན་རྣམས་ནས་བཟུང་། གངས་ཅན་གྱི་བསྟན་འཛིན་ཕལ་མོ་ཆེ་ཞལ་སློབ་ཏུ་གྱུར། བྱེ་བྲག་སྔ་འགྱུར་རིང་ལུགས་འཛིན་པའི་ཤིང་རྟ་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པ་དང་། རིག་འཛིན་པདྨ་ཕྲིན་ལས། ལྷོ་བྲག་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེ་སོགས་གྲུབ་མཐའི་རྐང་སློང་ནུས་པའི་གང་ཟག་ཁྱད་པར་ཅན་མང་དུ་བྱོན་ཅིང་སྔ་འགྱུར་གྱི་བསྟན་པ་ལ་དངོས་དང་བརྒྱུད་པའི་སྒོ་ནས་བཀའ་དྲིན་འགྲན་ཟླ་དང་བྲལ་བར་གྱུར། གཞན་ཡང་རྒྱ་གར་ཆུ་བོ་གདྒ་ནས་ཤར་ཕྱོགས་ཏོང་ཀུའི་ཡུལ་ཚུན་ཆད་ཀྱི་བླ་ཆེན་དང་མི་ཆེན་ཕལ་མོ་ཆེ་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུ་དང་། དབུས་གཙང་ཁམས་དང་རྒྱ་སོག་གི་ཡུལ་བར་ཆོས་སྡེ་གསར་བཞེངས་གྲངས་ཀྱིས་མི་ལངས། རིག་གནས་གཞུང་འགྲེལ་གྱིས་མཚོན་ལེགས་བཤད་རྨད་དུ་བྱུང་བའི་གསུང་འབུམ་ཕྱི་ནང་པོད་ཆེན་སུམ་ཅུ་ཙམ་བཞུགས། ཁྱད་པར་ལུང་དོན་བཞིན་སྨིན་གླིང་གཏེར་ཆེན་དང་ཆོས་བདག་མཆོད་ཡོན་གྱི་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིགས་ཏེ་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ཡུན་གནས་ཀྱི་རྩ་བ་ཚུགས། དེ་ལྟ་བུའི་འཁོར་ལོ་གསུམ་གྱི་ཕྱག་རྗེས་ཕྱི་ནང་གསང་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་མཛད་པ་མཐར་ཕྱིན་ནས་དགུང་གྲངས་དྲུག་ཅུ་རྩ་དྲུག་པ་ཆུ་ཁྱི་ནག་ཟླའི་ཚེས་ཉེར་ལྔ་ལ་འབྱུང་འགྱུར་དབང་གི་ཕྲིན་ལས་ཀྱི་རྟེན་འབྲེལ་དུ་བཅོམ་ལྡན་འདས་མ་རིག་བྱེད་མའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་བཞིན་དུ་ཕོ་བྲང་ཆེན་པོ་པོ་ཏ་ལར་ཞི་བར་གཤེགས། དེ་མ་ཐག་པའི་རྣམ་འཕྲུལ་མོན་པད་གླིང་གི་གདུང་རྒྱུད་དུ་འཁྲུངས་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ནས་ད་ལྟ་འཚོ་ཞིང་གཞེས་པའི་གོང་ས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཉིད་ཀྱི་བར་མཁས་བཙུན་བཟང་པོའི་མངའ་བདག་རིམ་པར་བྱོན་ཞིང་། རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་དང་གྲུབ་དབང་རྫོགས་ཆེན་པ་སྐུ་རབས་རིམ་བྱོན་བར་ཕན་ཚུན་ཐུགས་སྣང་གཤིན་པའི་བླ་སློབ་ཏུ་གྱུར་ཅིང་ཆོས་སྲིད་ཀྱི་འབྲེལ་ལམ་ཆེས་ཟབ་པ་བྱུང་བ་ཡིན་ནོ། །

[༡༤] གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འཇམ་དབྱངས་ཧོར་གྱི་ལོ་ཆེན།

རྫོགས་ཆེན་པདྨ་རིག་འཛིན་གྱི་ཐུགས་སྲས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འཇམ་དབྱངས་ཧོར་གྱི་ལོ་ཆེན་ནི། རབ་བྱུང་བཅུ་གཅིག་པའི་འགོར་བྱང་རྫ་དམར་དུ་ཆེན་པོ་ཧོར་གྱི་རིགས་སུ་སྐུ་འཁྲུངས། སྐུ་ཆུང་ངུ་ནས་རབ་བྱུང་མཛད་དེ་རྗེ་ཞྭ་ལུ་པ་རིན་ཆེན་མཆོག་གྲུབ་ལས་ས་ལུགས་ལ་གཙོ་བོར་སྦྱངས་པ་མཛད། འབྲས་ཡུལ་སྐྱེད་ཚལ་དུ་ཚད་མ་ལ་ཟབ་སྦྱངས་མཛད་པས་མཁས་པའི་ཁྲོམ་ཐོག་ཆོད། ཕྱིས་སུ་ཕོ་བྲང་ཆེན་མོ་པོ་ཏ་ལའི་སློབ་གྲྭར་ཞུགས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ལས་སྒྲ་སྙན་སྡེབ་སྦྱོར་བཅས་ཐུན་མོང་རིག་གནས་ལ་གསན་སྦྱངས་མཛད་པས་གནས་ལྔ་རིག་པའི་པཎྜི་ཏ་ཞེས་པའི་མཚན་གནས་བསྩལ། ཀུན་གཟིགས་རྒྱལ་དབང་ལྔ་པ་ཆེན་པོ་ལས་ཟབ་རྒྱས་ཀྱི་གདམས་པ་འགའ་ཞིག་གསན་ཞིང་ཐུགས་ཟིན་ཞལ་སློབ་ཏུ་གྱུར། གཞན་ཡང་སེ་འབྲས་སོགས་ཀྱི་དགེ་བཤེས་དུ་མ་ལས་ཕར་ཚད་དང་བདེ་དགྱེས་གསང་གསུམ་འཇིགས་བྱེད་སོགས་གསར་རྒྱུད་མང་པོ་གསན། སྨིན་གླིང་གཏེར་ཆེན་ལས་རང་གཏེར་སོགས་རྙིང་ལུགས་ཀྱི་བཀའ་གཏེར་མང་པོའི་སྨིན་གྲོལ་བཞེས། ཁྱད་པར་དུས་དེར་གྲུབ་དབང་པདྨ་རིག་འཛིན་གོང་ས་ལྔ་པའི་དབུ་བླར་ཕེབས་པ་དང་ཞལ་མཇལ་ནས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཟབ་ཁྲིད་གསན་པས་རྟོགས་པ་ཀློང་དུ་གྱུར། དུས་མཚུངས་གཏེར་ཆེན་ཉི་གྲགས་དང་དབང་ལུང་ཕར་ཚུར་གསན་འབུལ་མཛད་ཅིང་ཆོས་བདག་ཏུ་མངའ་གསོལ་ནས་གཏེར་ཆོས་ཀྱི་ཁ་བསྐང་དགོས་རིགས་རྣམས་ཀྱང་བརྩམ་པར་བསྐུལ། ཕྱིས་སུ་ཉང་ཀོང་ཕྱོགས་སུ་ཕེབས་ནས་གཏེར་ཆོས་འཆད་སྤེལ་མཛད་པའི་རྣམ་ཐར་མང་། མཐར་ལྷ་ལྡན་དུ་འབྲུམ་ནད་བཞེས་པས་སྐུ་ཚེ་མཐར་མ་ཕྱིན་པར་དགོངས་པ་རྫོགས་པར་གྲགས་སོ། །

[༡༥] ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན།

གྲུབ་དབང་པདྨ་རིག་འཛིན་གྱི་ཞལ་སློབ་ཀཿཐོག་རྒྱལ་སྲས་རིན་པོ་ཆེ་བསོད་ནམས་ལྡེའུ་བཙན་ནི། ཡབ་སྤྲུལ་པའི་གཏེར་ཆེན་རིག་འཛིན་ཀློང་གསལ་སྙིང་པོ་དང་། ཡུམ་གཏེར་ལུང་ལས་གསལ་བའི་རིག་ལྡན་ཌཱཀྐིའི་དབང་མོ་ལྷ་སྐྱིད་ཅེས་པའི་སྲས་སུ་སྤྱི་ལོ་༡༦༧༥པ་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་སྐུ་བལྟམས། འཁྲུངས་མ་ཐག་ནས་དབྱངས་གསལ་ཞལ་འདོན་མཛད་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། སྤྲུལ་པའི་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེའི་སྐུ་སྐྱེ་དེ་མ་ཐག་པ་ཡིན་པ་ཚད་མའི་ལུང་དང་དམ་པ་མང་པོས་བསྔགས། ཡབ་རྗེ་གཏེར་ཆེན་བླ་མ་ལས་བཀའ་ཆོས་མང་དུ་གསན་པ་དང་། ཁྱད་པར་ཡབ་རྗེ་ཉིད་ཞིང་དུ་གཟིགས་སྐབས་ཀྱི་ཞལ་ཆེམས་ལྟར་གྲུབ་དབང་པདྨ་རིག་འཛིན་ཐུན་མིན་རིགས་བདག་ཏུ་བསྟེན་པའི་ཞལ་སྔ་ནས་རྫོགས་ཆེན་གྱི་སྨིན་ཁྲིད་ཟབ་རྒྱས་གསན་པས་གནས་ལུགས་ཀྱི་རྟོགས་པ་མངོན་དུ་གྱུར། གཞན་ཡང་སྨིན་གླིང་གཏེར་ཆེན་དང་། གཏེར་ཆེན་སྟག་ཤམ་རྡོ་རྗེ། ཞྭ་དམར་པ་བརྒྱད་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན་ཏེ་གསན་སྦྱང་མཐར་ཕྱིན་མཛད། གྲུབ་པའི་རྟགས་མཚན་དུ་རྡོ་ལ་ཕྱག་ཞབས་ཀྱི་རྗེས་བྱོན་པ་དང་དཀར་ཡོལ་རྒྱང་རིང་དུ་བསྐྱུར་ཀྱང་ཆག་གྲུག་མེད་པ། མངོན་ཤེས་ཆགས་ཐོགས་མེད་ཅིང་ཡི་དམ་གྱི་ལྷས་ཞལ་གཟིགས་གྲངས་ཀྱིས་མི་ཆོད། ཁྱད་པར་ཡབ་གཏེར་ཆེན་རྟ་ཁོག་ཕ་ཝང་བོང་མོར་ཕེབས་སྐབས་རྒྱལ་སྲས་འདི་དགུང་ལོ་བརྒྱད་བཞེས་པ་ཞབས་ཕྱིར་བྱོན་ཚེ་འབྲོང་དེའུ་ཞེས་པའི་ས་ཆར་ཞབས་རྗེས་ཤིན་ཏུ་གསལ་བར་བྱོན་པས་ས་དེར་ཞབས་རྗེས་ལུང་པར་གྲགས། རྟེན་སྔགས་འཆང་དུ་བཞུགས་ཀྱང་གདན་ས་འཛིན་པའི་སྲས་རྒྱུད་མ་བྱོན་པར་གྲགས། རྗེ་ཉིད་ཀྱིས་རྒྱལ་བ་ཀཿཐོག་པའི་གདན་སར་འདུས་པ་ཡུན་དུ་བསྐྱངས་པའི་མཐར་དགུང་ལོ་ཞེ་དགུ་བཞེས་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །

[༡༦] ཉི་གྲགས་བླ་མ་སྐལ་བཟང་དབང་ལྡན།

གཏེར་ཆེན་ཉི་གྲགས་དང་རྫོགས་ཆེན་གཉིས་པའི་ཞལ་སློབ་ཉི་གྲགས་བླ་མ་སྐལ་བཟང་དབང་ལྡན་ནི། རབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་སོག་རོང་དུ་ལྷ་གདོང་ཞེས་པའི་རིགས་སུ་སྐུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་སྟེ་སོག་འཕེལ་རྒྱས་གླིང་ཞེས་པའི་ཆོས་སྡེར་ཚོགས་ཞུགས་མཛད། སྐུ་ན་སྨིན་ནས་འབྲས་སྤུངས་སོགས་སུ་གྲྭ་སར་ཕེབས་ནས་ཐོས་བསམ་གྱི་སྒྲོ་འདོགས་བཅད། རྡོ་རྗེ་བྲག་དང་སྨིན་གླིང་སོགས་ཀྱི་རྙིང་མའི་བཤེས་གཉེན་དུ་མ་ལས་སྔ་འགྱུར་ཕྱོགས་ཀྱི་སྨིན་ཁྲིད་ཀྱང་གསན། ཁྱད་པར་སྔོན་སྨོན་གྱིས་ཐུགས་རྒྱུད་བསྐུལ་ནས་གཏེར་ཆེན་ཉི་མ་གྲགས་པ་སེ་ར་བཀྲ་ཤིས་སྟེང་དུ་བཞུགས་པ་དང་མཇལ་ནས་མཉེས་པ་གསུམ་གྱིས་བླ་མར་བསྟེན། གཏེར་ཆེན་རིན་པོ་ཆེས་ཀྱང་གཏེར་ལུང་གིས་ཟིན་པའི་ཆོས་བདག་ཏུ་ངོས་བཟུང་ནས་གཏེར་གསར་གྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་དགྱེས་བཞིན་བསྩལ་བ་དང་། ཕྱག་རྫོགས་རླུང་ཁྲིད་དང་བཅས་པའི་གདམས་པ་ཐམས་ཅད་ལ་མཐའ་རྒྱ་ཆོད་ངེས་ཀྱི་ཟབ་ཁྲིད་མཛད། ཁྲོ་ཕུར་རི་ཁྲོད་བཏབ་ནས་ཉམས་བཞེས་བསྐྱངས་པས་རིག་པ་ཚད་ཕེབས་ཀྱི་ས་ལ་གཤེགས། རྗེ་འདི་དགུང་ལོ་བརྒྱད་ཅུ་རྩ་ལྔ་བར་བཞུགས་པས་ཟབ་ཆོས་གདམས་ཁྲིད་ཀྱི་ཆོས་འཁོར་བསྐོར་བ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་གྲུབ་དབང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་ཕན་ཚུན་བླ་སློབ་ཏུ་གྱུར་ཞིང་། ཉི་སྤྲུལ་གཉིས་པ་ཐེག་མཆོག་བསྟན་པའི་རྒྱལ་མཚན། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་སོགས་བསྟན་འཛིན་ཆེན་པོ་དག་ལ་མན་ངག་གི་བརྒྱུད་པ་སྤེལ་བར་མཛད། རང་ལུགས་བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས་སུ། བཤེས་གཉེན་ཆེན་པོ་སྐལ་བཟང་མཚན་ཅན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞེས་པ་རྗེ་འདི་ཉིད་དུ་ངེས་ཤིང་། ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས་སུ། ཡོངས་འཛིན་དུ་མའི་ཞབས་པད་བསྟེན། །ཤེས་རབ་གསུམ་གྱིས་ཉམས་སུ་བླངས། །ཐར་ལམ་སྟོན་པའི་དེད་དཔོན་པ། །དབང་རྒྱལ་རྒྱ་མཚོ་ལ་ཕྱག་འཚལ། །ཞེས་འབྱུང་བ་ཆོས་འབྱུང་ལོ་རྒྱུས་དག་ན་འདི་ཡིན་སྙམ་པ་མ་བྱུང་བས་རྗེ་འདི་ཉིད་ཀྱི་མཚན་ཅུང་འགྲིགས་པ་མིན་ནམ་སྙམ་ཡང་ད་དུང་བརྟག་པར་འཚལ་ལོ། །གཞན་ཡང་ཉམས་ལེན་འདོད་པའི་རྣལ་འབྱོར་ཀུན་ལ་སྒོམ་ཁྲིད་དང་། སྐྱེ་བོ་ཕོ་མོ་རྣམས་ལའང་བསྙེན་གནས་བསྙུང་གནས་ཟུང་དུ་འཇུག་པ་སོགས་རྣམ་དཀར་གྱི་དགེ་བསྐུལ་ཁོ་ན་མཛད། སྐུ་རྫས་དངོས་པོ་ཕྲ་མོ་ཙམ་ཡང་གནས་མིན་དུ་ཟགས་སུ་མི་འཇུག་ཅིང་གསོལ་རས་གནང་བ་ལ་ཡང་དེར་བསྟུན་པའི་ཁ་ཏོན་ཕྱག་སྐོར་བྱེད་དུ་འཇུག་པ་སོགས་རྒྱུ་འབྲས་ལ་ཆེས་ཞིབ་ཆ་མཛད། དེ་ལྟར་འགྲོ་དོན་མཐར་ཕྱིན་པའི་ངང་དགུང་གྲངས་བརྒྱད་ཅུ་གྱ་ལྔ་བཞེས་པ་རབ་བྱུང་བཅུ་གསུམ་པའི་མེ་གླང་ལོར་སྐུ་གཤེགས་སོ། །

[༡༧] ཉི་གྲགས་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན།

དཔོན་སློབ་ནམ་མཁའ་འོད་གསལ་དང་གྲུབ་དབང་སྐུ་རབས་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་ཞལ་སློབ་ཉི་གྲགས་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་གྲགས་པའམ་གུ་རུ་བསོད་ནམས་བསྟན་འཛིན་ནི། ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཉི་མ་གྲགས་པ་དང་། ཡུམ་རིགས་ལྡན་གྱི་ཌཀྐི་མ་ཚེ་རིང་དབང་མོ་ཞེས་པའི་སྲས་སུ་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི་ལོར་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་བལྟམས། ལྷུམས་ན་བཞུགས་པའི་དུས་སུ་ཡང་ཡུམ་གྱི་རྨི་ལམ་དུ་ཉི་ཟླ་ཤར་བ་དང་། ནམ་མཁར་འཕུར་བ། ཤེལ་གྱི་མཆོད་རྟེན་རྙེད་པ་སོགས་བྱུང་ཞིང་། ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་ཀྱང་གཏེར་ལུང་དང་མཐུན་པར་དབང་ཆེན་རྟ་མགྲིན་གྱི་སྤྲུལ་པར་ལུང་བསྟན། གཏེར་ཆེན་ཉིད་ཀྱིས་མཚན་བཅས་མཚན་མེད་ཀྱི་བསྲུང་བ་དང་དབང་དང་ཁྲུས་ལ་སོགས་པ་བསྩལ། སྐུ་སྐྱེད་བསྲིངས་ནས་རིམ་པར་ལྗགས་ཀློག་ཕུལ་བའང་ཚེགས་མེད་པར་མཁྱེན། སྐུ་གཞོན་ནུའི་དུས་སྔོན་གྱི་གནས་མང་པོ་རྗེས་སུ་དྲན་པ་དང་། ཁྱད་པར་དུ་དྭགས་པོ་བཟང་པོ་རྡོ་རྗེའི་སྐྱེ་བ་ཡིན་ཚུལ་ཡང་ཡང་གསུངས་པས་གྲྭ་སློབ་རྣམས་ནས་གཏེར་ཆེན་བླ་མའི་སྐུ་གསུང་ཐུགས་ཀྱི་རྒྱལ་ཚབ་གཞན་དུ་ཤོར་བར་དོགས་པས་གཞན་ལ་མ་བསྒྲགས་ཏེ་གསང་རྒྱ་དང་གསུང་འགོག་པར་བྱས་པའི་ཚུལ། རྡོ་བླ་ལྷུན་རྡོར་ཞེས་པའི་དགེ་རྒན་གཡོ་ཆེན་ཞིག་ཡོད་པ་དེས་གྲོང་ཡུལ་ཞིག་ཏུ་བྱོན་སྐབས་རྒྱལ་སྲས་རིན་པོ་ཆེས་རྟ་དང་། དགེ་རྒན་གྱིས་ཁལ་ཞིག་ཆིབས་ནས། དེ་རིང་ངེད་རང་དཔོན་སློབ་ཆིབས་རྒྱུགས་ཤིག་བྱེད། སུ་མགྱོགས་པ་དེས་རྟ་ཆིབས་རྒྱུ་བྱེད་ཟེར་ནས་བརྒྱུགས་པས་རྒྱལ་སྲས་རིན་པོ་ཆེས་ཆིབས་ཁ་གློད་མ་ཕོད་པས་དགེ་རྒན་སྔོན་ལ་ཤོར་བས་ཐུགས་ཚབ་ནས་བཤུམས་པ་ན། དགེ་རྒན་གྱིས་ད་ཕྱིན་དྭགས་པོ་ནས་ཡིན་ཟེར་ན་ངེད་ཀྱིས་རྟ་འཕྲོག་རྒྱུ་ཡིན་ཞུས་པས་དེ་ནས་ཡེ་གསུངས་མི་ཕོད་པ་ཞིག་བྱུང་། ཕྱིས་སུ་ནགས་ཤོད་སྟོད་ཀྱི་འབྲོག་སྡེ་ཞིག་ཏུ་བྱོན་དུས་དུད་ཚང་ཞིག་གི་སར་ཕེབས་པ་ན་ཁྱེད་ལ་ངེད་ཀྱི་ཡི་གེ་ཞིག་བཅོལ་ཡོད་པ་དེ་ཁྱེར་ཤོག་གསུངས་པས། ཡོན་བདག་དེས་ཁོ་བོས་ད་རེས་ལས་ཉིད་ཀྱི་ཞལ་ཡང་མཇལ་མ་མྱོང་བས་ཡི་གེ་བཅོལ་རྒྱུ་དེ་ག་ལ་ཡོད་ཞུས་པས། ཁོ་བོས་ཕྱོགས་འདིར་གདུལ་བྱར་ཕེབས་དུས་ས་ཆ་འདིར་བཞུགས་སྒར་བཏབ་སྐབས་ཁྱོད་ལ་ངེད་འདིར་སླེབས་དུས་སྤྲོད་དགོས་ཟེར་བ་དེ་མི་དྲན་ནམ་གསུངས་པས། ཡོན་བདག་དེས་དེ་འདྲ་ཞིག་དྭགས་པོ་བཟང་པོ་རྡོ་རྗེའི་གསུངས་པ་ཡོད་ཚུལ་ཞུས་པས། དེ་ག་ཁྱེར་ཤོག་གསུངས་པ་བཞིན་ཕུལ་བས་དགྱེས་ཚོར་དཔེ་མེད་མཛད་པས་ཀུན་ཀྱིས་དྭགས་པོ་བཟང་པོ་རྡོ་རྗེའི་སྐུའི་སྐྱེ་བ་འཁྲུལ་མེད་དུ་གླེང་། རྒྱུ་མཚན་གཞན་ཡང་དྭགས་པོ་རིན་པོ་ཆེ་ཡབ་གཏེར་ཆེན་བླ་མས་ཆོས་བདག་ཏུ་ངོས་འཛིན་ཕུལ་ནས་གཏེར་ཆོས་འགའ་ཞིག་ཀྱང་ཕུལ་བ་ཡིན་འདུག་ཀྱང་ཐུགས་དགོངས་རྫོགས་པ་ཙམ་ཞིག་ཕུལ་མ་གྲུབ་པས། སླར་ཡང་ཞབས་བསྐུལ་ཕུལ་བ་ན། ད་ལམ་རྟེན་འབྲེལ་མཚོན་བྱེད་ཙམ་ལས་རྒྱས་པ་ཞུ་མ་ཐུབ་ཀྱང་། སླར་གཏེར་ཆོས་ཡོངས་རྫོགས་ཞུ་བའི་འདུན་པ་དང་ཐུགས་དགོངས་རྫོགས་པ་ཞིག་བྱེད་ཅེས་གསུངས་ནས་རིང་པོར་མ་ལོན་པར་སྐུ་གཤེགས་པས། གཏེར་ཆེན་འདིའི་བསྟན་པ་འཛིན་ཕྱིར་སྐུའི་སྲས་སུ་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཡིན་འདུག་སྟེ། གཏེར་ཆེན་རིན་པོ་ཆེས་ཀྱང་དེ་བཞིན་ཡིན་པར་བཞེད། དགུང་ལོ་བདུན་བརྒྱད་ཙམ་བཞེས་པ་ནས་ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཇི་སྙེད་ཅིག་གསན་ཅིང་། རྗེ་ཉིད་ཀྱི་གཏེར་བྱོན་གཏེར་གསར་ཚང་མའི་དབང་ལུང་ཐམས་ཅད་ཆད་ལྷག་མེད་པར་བཀའ་རྫོགས་ལུང་རྫོགས་སུ་གསན་ཅིང་འགའ་ཞིག་ལན་མང་དུ་གསན་པའང་ཡོད་ལ། དགུང་ལོ་བཅུ་གཅིག་ཙམ་ནས་ཡབ་གཤེགས་པའི་གཤེགས་རྫོང་དང་གསན་བསམ་ཆེད་དབུས་ཕྱོགས་སུ་ཕེབས། ལྷ་ས་བསམ་ཡས་སོགས་ཀྱིས་མཚོན་པའི་བོད་ཡུལ་བླ་ལྷ་བཅས་མཇལ་བ་དང་གནས་གཟིགས་མཆོད་འབུལ་རྒྱ་ཆེར་མཛད། ཁྱད་པར་རྡོ་རྗེ་བྲག་དང་སྨིན་གླིང་སོགས་སུ་ཕེབས་ནས་གཏེར་ཆེན་འགྱུར་མེད་རྡོ་རྗེ་ལས་སྐྱབས་སྡོམ་བཞེས་པས་ཨོ་རྒྱན་འགྱུར་མེད་བསྟན་འཕེལ་རྒྱ་མཚོ་ཞེས་མཚན་བསྩལ། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ་ལས་ལུང་ཨ་ནུ་ཡོ་ག་འདུས་པ་མདོ་དབང་ཆེན་མོའི་དབང་ལུང་ཡོངས་སུ་རྫོགས་པ་གསན་ཅིང་། གཞན་ཡང་གཏེར་སྟོན་ཀརྨ་གླིང་པའི་གཏེར་བྱོན་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་སོགས་ཆོས་བཀའ་མང་དུ་གསན། ལོ་ཆེན་དྷརྨ་ཤྲཱིའི་ཞབས་དྲུང་ནས་ཞི་ཁྲོའི་པོད་ལུང་སོགས་བཀའ་ཆོས་མང་དུ་གསན། དེ་རྗེས་ཁམས་སུ་ཕེབས་སྐབས་རྫོགས་ཆེན་དཔོན་སློབ་ནམ་མཁའ་འོད་གསལ་གྱི་དྲུང་ནས་འཇའ་ཚོན་པའི་དཀོན་མཆོག་སྤྱི་འདུས་དབང་ལུང་དང་། རྫོགས་ཆེན་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དྲུང་ནས་བསམ་པ་ལྷུན་གྲུབ་མའི་དབང་དང་། སྨིན་གླིང་གཏེར་ཁའི་རིག་འཛིན་ཐུགས་ཐིག་གི་དབང་ལུང་སོགས་གསན། ཁམས་པ་སྤྲུལ་སྐུ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་དྲུང་ནས་རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ལུང་ཡོངས་རྫོགས་གསན། བླ་མ་དམ་པ་སྐལ་བཟང་དབང་ལྡན་གྱི་དྲུང་ནས་སྔ་ཕྱིར་ཆོས་བཀའ་མང་དུ་གསན་པ་དང་། དེ་བཞིན་རིག་གནས་ཀྱི་སྐོར་སྨན་དཔྱད་རྩིས་རིག་སྙན་ངག་དང་ལན་ཝར་སོགས་ཡིག་རིགས་རྣམས་ལའང་སྦྱོང་བརྡར་ཆེས་ཆེར་མཛད་ཅིང་། མདོ་སྔགས་ཀྱི་གཞུང་འགྲེལ་མང་པོར་ཡང་མཁས་པར་སྦྱངས་ཤིང་སྐྱེས་ཐོབ་ཀྱི་རྣམ་དཔྱོད་ཕུལ་དུ་ཕྱིན་པས་ཤེས་བྱ་གང་ལའང་ལན་རེ་ཟུང་རེ་གཟིགས་པ་ཙམ་གྱིས་དོན་གྱི་གནད་ཐམས་ཅད་ལེགས་པར་མཁྱེན་པས་མཁས་པའི་རྩེར་སོན། དགུང་ལོ་བཅོ་བརྒྱད་ཙམ་བཞེས་དུས་དབུས་ཕྱོགས་སུ་ཇུན་གར་གྱི་དུས་འགྱུར་ལ་བརྟེན་ཉི་སྤྲུལ་རིན་པོ་ཆེ་དང་ལྷན་རྒྱས་སུ་ཁམས་སྡེ་དགེ་ཕྱོགས་སུ་ཆིབས་བསྐྱོད་གནང་། དེ་ནས་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་ཆིབས་བསྐྱོད་གནང་བར་ཆོས་སྡེ་ནས་ཀྱང་བསུ་བའི་བཀོད་ཤམས་རྒྱ་ཆེན་པོའི་སེར་སྦྲེངས་དང་བཅས་གཏེར་ཆེན་བླ་མའི་ཆོས་ཀྱི་ཁྲི་ལ་ཞབས་ཀྱི་པདྨོ་བཀོད། འདི་སྐབས་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་ཞབས་པད་བསྐྱོད་པས་ས་སྐྱོང་ཆོས་ཀྱི་རྒྱལ་པོས་ཀྱང་བསྙེན་བཀུར་རྒྱས་པར་བསྩལ་ཅིང་དངོས་རྫས་དུ་མའི་ལེགས་འབུལ་རྒྱ་ཆེར་བསྟབས། རྫོགས་ཆེན་གདན་ས་ཆེན་མོ་རུ་དམ་དགོན་དུའང་ཕེབས་ནས་དཔོན་སློབ་ནམ་མཁའ་འོད་གསལ། རྫོགས་ཆེན་མཆོག་སྤྲུལ་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་མཇལ་འཕྲད་དང་དབང་ལུང་ཅི་རིགས་གསན། གཞན་ཡང་འབྲོག་སྡེ་དང་ཡུལ་གྲོང་རྣམས་སུ་ཆིབས་བསྐྱོད་དང་བཀའ་ཆོས་བྱིན་རླབས་སོགས་ཀྱིས་འབྲེལ་ཐོགས་འཁོར་བ་མཐའ་ཅན་དུ་མཛད། རྗེ་འདིས་དབང་བསྐུར་མཛད་ཚེ་བྱིན་འབེབས་སོགས་ཀྱི་དུས་སུ་ཡེ་ཤེས་པ་ཕེབས་པའི་རྟགས་མཚན་དངོས་སུ་འཕྱོ་བ་དང་འདར་བ་དང་འཁྲབ་པ་དང་སྨྲ་བ་དང་དགོད་པ་སོགས་བྱུང་། གཞན་ཡང་སྐྱེས་ཐོབ་ཀྱི་སྙིང་རྗེ་ཆེན་པོའི་གཞན་དབང་གིས་འགྲོ་བ་ཀུན་ལ་བུ་གཅིག་པུ་ལྟ་བུའི་བརྩེ་བའི་སྙིང་རྗེ་དང་ལྡན་པས་སེམས་ཅན་དབུལ་ཕོངས་སོགས་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ལ་ཟས་གོས་མཐུན་རྐྱེན་སོགས་སྒོ་དུ་མས་ཕན་གདགས་པ་དང་། དུད་འགྲོའི་རིགས་གྱུར་རྣམས་ལའང་རྔོན་རྒྱ་སྲོག་བླུ་སོགས་ཀྱིས་ཕན་གདགས། ཐ་ན་མུ་ཏོ་པ་རྣམས་ལའང་ཕྱག་སྐོར་མ་ཎི་འདོན་པ་སོགས་བྱེད་དུ་བཅུག་ནས་གནང་སྦྱིན་མཛད། དུས་རྟག་ཏུ་ཐུགས་དམ་བསྒོམ་བཟླས་སོགས་གཡེལ་བ་མི་མངའ་ཞིང་དེའི་སྟོབས་ཀྱིས་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱིས་ཞལ་གཟིགས་པ་དང་ལུང་བསྟན་རྗེས་སུ་གནང་བ་སོགས་བསམ་གྱིས་མི་ཁྱབ། ཁྱད་པར་གུ་རུ་པདྨས་ཞལ་དངོས་སུ་བསྟན་ནས་གུ་རུ་བསོད་ནམས་བསྟན་འཛིན་ཞེས་པའི་མཚན་གསོལ་བས་དེ་ཕྱིན་མཚན་ཡང་དེ་ལྟར་གྲགས། གུ་རུ་ཡབ་ཡུམ་ཕལ་ཆེར་འབྲལ་མེད་དུ་གཟིགས་ཤིང་དག་པའི་སྣང་བ་ཕྱོགས་མེད་དུ་ཤར་བས་ཚེ་སྒྲུབ་ཟླ་བའི་སྙིང་པོ་དང་། གུར་དྲག་གི་ཆོས་སྐོར་སོགས་དགོངས་གཏེར་པུསྟི་གཉིས་ཙམ་ཡོད་པར་གྲགས། གསུང་རྩོམ་བསྟན་བཅོས་ཀྱི་རིགས་ཀྱང་། བསྟོད་ཚོགས། ཞལ་གདམས། བསང་གསུར་སོགས་ཉེར་མཁོ་པུསྟིར་ལོངས་པ་བཞུགས་པ་གྲགས། དེ་ནས་རེ་ཞིག་གདུལ་བར་བྱ་བའང་དེ་ཙམ་དུ་གཟིགས་ནས་རྗེ་བཙུན་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་རིག་འཛིན་བསྟན་སྐྱོང་རྒྱ་མཚོར་ཞལ་ཆེམས་ཀྱི་ཚུལ་དུ་བསླབ་བྱ་དུས་གསུམ་ལུང་བསྟན་སོགས་བསྩལ་ནས་ངེས་དོན་གྱི་བསྟན་པ་གཏད་དེ་དགུང་ལོ་ཉེར་བདུན་པ་ལ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པ་མཛད་དོ། །

[༡༨] ཉི་གྲགས་གདན་རབས་བཞི་པ་བླ་མ་བསྟན་འཛིན་སྙིང་པོ།

ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དང་རྫོགས་ཆེན་གསུམ་པ་ངེས་དོན་བཟང་པོ་རྣམ་གཉིས་ཀྱི་ཞལ་སློབ་ཉི་གྲགས་གདན་རབས་བཞི་པ་བླ་མ་བསྟན་འཛིན་སྙིང་པོ་ནི། ཡུལ་སོག་རོང་སྟོད་དུ་གུ་གུ་ཞེས་པའི་སྔགས་རྒྱུད་རིམ་པར་བྱོན་པའི་རིགས་སུ་སྐུ་འཁྲུངས། སྔོན་ཡབ་ཚང་དེར་གུ་གུ་བླ་མ་ཆོས་དར་ཞེས་པ་གཏེར་སྟོན་ཉི་མ་གྲགས་པའི་ཞལ་སློབ་ཏུ་གྱུར་པའི་སྔགས་འཆང་ནུས་ལྡན་ཞིག་ཡོད་པ་དེའི་སྐུའི་སྐྱེ་བར་སྔོན་གནས་རྣམས་རྗེས་སུ་དྲན་པའི་གསུང་བྱོན། དགུང་ལོ་ཆུང་ངུའི་དུས་ནས་བྲམ་ཟེའི་ཁྱེའུས་རྫུན་མི་ཤེས་པ་ལྟར་རྫུན་གྱི་རིགས་བསླབས་ཀྱང་མི་མཁྱེན་པའི་ངོ་མཚར་ཅན་ཞིག་སྟེ། གཞོན་ནུ་ནས་ཆགས་རིར་ཕེབས་ཏེ་སྲིན་རྫོང་སྒྲུབ་སྡེར་སྒྲིགས་ལ་བཞུགས། ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་པད་མཉེས་པ་གསུམ་གྱིས་སྤྱི་བོར་མཆོད། གཙུག་ཕུད་ཕུལ་བས་མཚན་བསྟན་འཛིན་སྙིང་པོར་བསྩལ། འདི་དུས་ཤིག་ན་མར་ལས་དུང་དཀར་བཟོས་པས་སྐད་བཟང་པོ་ཐོན་པར་ཉི་སྤྲུལ་རིན་པོ་ཆེས་རྟེན་འབྲེལ་བཟང་ཞེས་བསྔགས་བརྗོད་མཛད་ཀྱང་གྲུབ་པའི་མཚན་རྟགས་སུ་མངོན། དེ་ནས་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་སྨིན་གྲོལ་གྱིས་ཐུགས་རྒྱུད་ཡོངས་སུ་བལྟམས་པར་མཛད་ཅིང་། ཁྱད་པར་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་ཕྱི་ནས་ཚིགས་ཕྱི་མ་དགེ་སློང་གི་སྡོམ་པ་རྣམས་རིམ་པར་ཉི་སྤྲུལ་རིན་པོ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་མཁན་སློབ་སྦྲེལ་མར་མཛད་ཅིང་དགེ་སློང་བཀའ་བཅུ་ཡར་འཕེལ་གྱིས་གསང་སྟོན་པ་མཛད་ནས་དགེ་སློང་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་པ་མཛད། བསླབ་པ་བཞེས་གྲུབ་པ་ནས་བཟུང་སྐུ་ཚེ་དེ་སྲིད་དུ་དམ་པའི་ཆོས་འདུལ་བ་ནས་ཇི་སྐད་གསུངས་པ་བཞིན་གནང་བཀག་གི་རིགས་རྣམས་ལས་རྟག་ཏུ་མི་འདའ་བའི་བརྟུལ་ཞུགས་བརྟན་པོར་བཟུང་། སྲུང་སྡོམ་གྱི་བཅས་པའི་མཚམས་ལས་ནམ་ཡང་མི་འདའ་བས་ཆབ་ལེན་ལྷམ་འབུད་སོགས་ཕྱག་ལེན་ཕྲ་རགས་ཐམས་ཅད་ལ་ནན་ཏན་དང་གསོལ་ཚིགས་ཕྱི་དྲོའི་ཁ་ཟས་ཀྱང་མི་བཞེས་ཏེ་གདན་གཅིག་ཁོ་ན་མཛད་དེ། རྗེ་འདི་ཚུལ་ཁྲིམས་དང་ལྡན་ཞིང་བསླབ་པ་རྣམ་པར་དག་པའི་ཚུལ་ལ་དཔལ་རི་བོ་དགེ་ལྡན་པའི་བཀའ་རམས་མང་པོས་ཀྱང་ཆེད་དུ་བསྔགས་པ་བརྗོད་དེ་ཀུན་ཀྱི་བཙུན་གཅིག་མར་གླེངས་སོ། །དུས་རྟག་ཏུ་སྐུ་ལུས་གདན་ལས་ནམ་ཡང་གཡོ་བ་མེད་པར་དྲང་པོ་ཁོ་ནར་བཞུགས། མཚན་མོ་ཡང་དབུ་སྔས་ལ་མི་འཇོག་ཅིང་སྐྱིལ་ཀྲུང་ཁོ་ནས་རྫོགས་ཆེན་ཀ་དག་དང་ལྷུན་གྲུབ་ཀྱི་ཉམས་བཞེས་ཟུང་འབྲེལ་ལ་སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་ཤིན་ཏུ་འགྲུས་པར་མཛད། ཁྱད་པར་རྩ་རླུང་གི་ནུས་པ་ཐོན་པས་རབ་བྱུང་གི་རྟགས་དང་མི་འགལ་བའི་གཟན་ཤམ་འབྲལ་སྤང་ཙམ་ལས་ན་བཟའ་འཐུག་པོའི་རིགས་དང་ཤ་ཅན་སོགས་ནམ་ཡང་མི་བཞེས། སྐུ་ཡོན་སློབ་གཉེར་ཡང་འབྲི་ཀློག་དང་རྩིས་དཀར་ནག་ཙམ་ཞིག་སྦྱངས་ཚུལ་ལས་ཐ་སྙད་ལ་ཞེན་པ་མི་མཛད་ཀྱང་མདོ་སྔགས་ཀྱི་ལམ་སོ་སོའི་བཞེད་ཚུལ་ཐམས་ཅད་མ་འདྲེས་པར་ཐུགས་སུ་ཆུད་ཅིང་ལུང་རིགས་ཀྱི་རྒྱབ་སྐྱོར་དང་བཅས་པའི་གསུང་བཤད་སོགས་ལ་ཆགས་ཐོགས་མི་མངའ། དད་ལྡན་རྣམས་ལ་ཆོས་འབྲེལ་སོགས་དགོས་གལ་ཆེ་ངེས་ལས་དོན་མེད་ཁ་བརྡ་ལྟ་བུའི་ངག་འཆལ་ཡེ་ནས་མི་གནང་། ཁྱད་པར་བླ་མ་གྲྭ་རིགས་སོགས་ལ་གཤེ་སྐུར་ལྟ་བུ་ཟུར་ཙམ་ཡང་མི་གནང་། སྨིན་གྲོལ་གྱི་གདམས་པ་ནོད་པའི་བླ་མ་ཡང་གཙོ་བོ་ཉི་གྲགས་མཆོག་སྤྲུལ་རིན་པོ་ཆེ་དང་། རྫོགས་ཆེན་པ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། རྒྱ་རོང་མཆོག་སྤྲུལ་ནམ་མཁའ་མཆོག་གྲུབ། གྲུབ་པའི་དབང་ཕྱུག་དཔའ་བོ་ལས་རབ་རྩལ། བླ་མ་སྐལ་བཟང་ཐེག་མཆོག་སོགས་ལས་ཟབ་རྒྱས་ཀྱི་ཆོས་ཚུལ་མང་དུ་གསན་ཅིང་། དེ་དག་ཉམས་བཞེས་སུ་ལོ་གསུམ་ཕྱོགས་གསུམ་གཅིག་གཙོ་བོར་སྨྲོས་པའི་ལོ་མཚམས་ཟླ་མཚམས་དུ་མ་མཛད་དེ་མདོར་ན་བཞུགས་སྒར་ཕེབས་བསྐྱོད་སོགས་ཀྱི་དུས་མ་གཏོགས། རྒྱུན་དུ་སྐུ་མཚམས་ཁོ་ན་ལ་ཐུགས་རྩེ་ཆིག་སྒྲིལ་མཛད། བསྙེན་མཚམས་ཀྱི་སྐབས་རྣམས་སུ་ནི་བླ་མ་དམ་པ་ཉི་སྤྲུལ་རྡོ་རྗེ་འཆང་དེ་ཉིད་ཀྱི་ཕྱག་བཞེས་ལྟར་ལས་བག་ཡང་ཡེ་ནས་མི་མཛད། གཏེར་གསར་ཡོངས་རྫོགས་ཀྱི་བསྙེན་སྒྲུབ་མ་སོང་བ་མེད་པ་དང་། གཞན་ཡང་རྡོ་རྗེ་ཕུར་པ་སོགས་ལྷག་པའི་ལྷ་དུ་མའི་ལྗགས་བསྙེན་མཛད། ལམ་རྟགས་ཀྱི་ཡོན་ཏན་ཡང་ཉམས་གོང་འཕེལ་རྫོགས་པ་ཡོད་ཚུལ་གྱི་གསུང་འཕྲོས་བསྩལ། གཞན་རྨི་ལམ་དག་སྣང་ཞལ་གཟིགས་བྱུང་ཚུལ་སོགས་གསང་སྒྲོག་ཏུ་འགྱུར་གྱིས་དོགས་ནས་ཟུར་ཙམ་ཡང་མི་གསུང་མོད། འོན་ཀྱང་སྡེ་དགེར་མ་ཕེབས་པའི་གོང་ནས་དུས་ཡུལ་དེའི་བཀོད་པ་ཐམས་ཅད་གསལ་བར་གཟིགས་ཤིང་མྱུར་དུ་དེ་ཕྱོགས་སུ་འགྲོ་དགོས་པ་འདྲ་གསུངས་པ་བཞིན་མཆོག་སྤྲུལ་རིན་པོ་ཆེ་ཁྲི་འདོན་དུ་སྡེ་དགེར་ཕེབས་དགོས་བྱུང་བས་མཚོན་ལྐོག་གྱུར་གྱི་གནས་རྣམས་གཟིགས་པ་དང་། མི་འགའ་ཞིག་ལ་འཕོ་ལུང་གནང་སྐབས་རྣམ་ཤེས་སྤར་ཚད་མཛད་པས་ཡུན་རིང་དུ་དབང་པོ་ཤོར་བ་བྱུང་བ་སོགས་ངོ་མཚར་གྱི་མཛད་པ་མང་། རྗེ་འདི་དགུང་ལོ་ཉེར་ལྔ་བཞེས་དུས་ཉི་སྤྲུལ་རིན་པོ་ཆེ་སྡེ་དགེར་ཞབས་པད་བསྐྱོད་པས་ཆགས་རིའི་གདན་སའི་ཁུར་འཛིན་པར་བསྐོས་ནས་རྒྱལ་ཚབ་ཏུ་མངའ་གསོལ། དེ་ནས་བཟུང་ཆོས་སྲིད་ཀྱི་བྱ་བ་བསྟན་པའི་ཞབས་འདེགས་སུ་དགོངས་ནས་ཐུགས་འགན་བཞེས་ཤིང་བསྟན་པ་ཕྲ་ཉག་གི་སྐབས་སུ་གདན་སའི་འཕེལ་རྒྱས་མ་ཉམས་པ་དང་རྟེན་གསུམ་སོགས་འཐོར་གོད་མ་ཤོར་ཞིང་སྒྲིགས་ལམ་རྣམས་ཀྱང་སྔར་ལས་བཟང་བ་སོགས་བསྟན་པ་ལ་བཀའ་དྲིན་ལྷག་པར་ཆེ། རྒྱལ་སྲས་སྤྲུལ་པའི་སྐུ་ཨོ་རྒྱན་དཔལ་འབྱོར་རྒྱ་མཚོ་ཞིང་དུ་གཤེགས་པའི་རྗེས་སྒྲུབ་དང་། སླར་ཡང་སྤྲུལ་པའི་སྐུ་ཁྲི་འདོན་དང་། མདོ་སྨད་སྡེ་དགེར་ཕེབས་ནས་ཉི་གྲགས་མཆོག་སྤྲུལ་གསུམ་པ་ཁྲིར་འདོན་པ་སོགས་མཛད། སྡེ་དགེ་ས་སྐྱོང་ཆེན་པོས་གདན་དྲངས་ནས་དངུལ་མདའ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་ཕེབས་ནས་ཚེ་དཔག་མེད་ལྷ་ཆེན་བཞེངས་པའི་རབ་གནས་ཀྱང་མཛད། གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་གྲྭ་ཆེན་པོ་ཀཿཐོག་ཏུའང་མཆོག་སྤྲུལ་རིན་པོ་ཆེ་དྲི་མེད་ཞིང་སྐྱོང་ཞི་བར་གཤེགས་པའི་དགོངས་འདེད་དུའང་ཕེབས། སྐུ་གསུང་ཐུགས་ཀྱི་མཛད་པ་ཤིན་ཏུ་ངོ་མཚར་ཆེ་བས་མདོ་སྟོད་སྨད་སོགས་གང་དུ་ཕེབས་ཀྱང་སྐྱེ་འགྲོ་མཐོ་དམན་ཐམས་ཅད་དད་འདུན་གྱི་འུར་ལངས། ཉི་གྲགས་མཆོག་སྤྲུལ་རིན་པོ་ཆེ་གདན་ས་གོང་མའི་ཁྲིར་ཞབས་པད་བཀོད་པའི་ཞབས་ཞུར་མཛད་རྗེས་རྗེ་ཉིད་སྟག་སྒང་གི་གདན་སར་ལོ་བདུན་ཙམ་བཞུགས་ནས་ལྕགས་ཕོ་ཁྱི་ལོར་གཟུགས་སྐུའི་བཀོད་པ་བསྡུས་ཏེ་པདྨ་འོད་ཀྱི་ཞིང་དུ་གཤེགས་སོ། །

[༡༩] ཉི་གྲགས་དབོན་པོ་པདྨ་འཇིགས་མེད།

གྲུབ་དབང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞལ་སློབ་ཉི་གྲགས་དབོན་པོ་པདྨ་འཇིགས་མེད་ནི། ཉི་གྲགས་སྐུ་རབས་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་གཅེན་བསོད་ནམས་མགོན་པོའི་སྲས་སུ་སྐུ་འཁྲུངས། བྱིས་པའི་དུས་ནས་རྗེ་ཉིད་ཀྱི་ཡབ་ཀྱི་སྐྱེ་བ་གསལ་བོར་དྲན་པས་ཆོས་སྒོར་བཅུག་སྟེ་མཆོག་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་གཙུག་ཕུད་བཞེས་ནས་མཚན་པདྨ་འཇིགས་མེད་དུ་བསྩལ། དེ་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱོང་བརྡར་མཛད་པས་མཁས་པར་མཁྱེན། ཁྱད་པར་ཡི་གེ་འབྲི་བ་ལ་འབྲུ་དཀྱུས་ཚུགས་སོགས་གང་ནས་ཀྱང་གཞན་འགྲན་དང་བྲལ། ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོའི་སྐུ་ཞབས་ནས་བསྙེན་རྫོགས་བཞེས་པས་མཚན་རྒྱ་མཚོ་ལེགས་བཤད་དུ་བསྩལ། གྲུབ་དབང་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་སོགས་བཤེས་གཉེན་དུ་མའི་ཞབས་པད་བསྟེན་ཏེ་སྨིན་ཁྲིད་གདམས་ངག་གི་ཟབ་ཆོས་མཐའ་ཡས་པ་བཞེས་པ་དང་། ཐུན་མོང་མ་ཡིན་པའི་རིགས་བདག་བླ་མ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལས་སྔ་འགྱུར་རང་ལུགས་ཀྱི་ཆོས་བཀའ་སྤྱི་དང་། ཁྱད་པར་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཡིད་བཞིན་མཛོད་དང་། སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་སོགས་གསན་ནས་ཐུགས་འཛིན་མཛད་པས་མདོ་སྔགས་སྤྱིའི་ལམ་གྱི་འགྲོས་དང་བསྐྱེད་རྫོགས་སྨིན་གྲོལ་གྱི་གནད་གསང་ཐམས་ཅད་མི་མཁྱེན་པ་མེད་པར་གྱུར་ཅིང། རྒྱུད་སྡེ་ཕྱི་ནང་གི་ཕྱག་ལེན་ཕྲ་རགས་ཐམས་ཅད་བྱང་ཆུབ་པས་བསྟན་པའི་མིག་རྒྱན་དུ་གྱུར་པའི་ཁུངས་དག་དངོས་གཙང་ཁོ་ན་ལས་གཞན་པའི་བབ་ཅོལ་དང་གྱ་ཚོམ་དུ་འཇུག་པ་གཏན་ནས་མི་མངའ། གསུང་སྐད་དང་སྐུ་གཟུགས་ཤིན་ཏུ་བཟང་ཞིང་མཛེས། གར་ཐིག་དབྱངས་རོལ་སོགས་ལ་མཁས་པའི་ཕུལ་དུ་གྱུར་པས་དགོན་ཡར་མར་གྱི་སྒྲིགས་ལམ་སོགས་ལ་བཀའ་དྲིན་ཤིན་ཏུ་ཆེ། བསམ་ཡས་རབ་བྱུང་གྲྭ་ཚང་ནས་ཚེས་བཅུའི་འཆམ་སོགས་ཞིབ་སྦྱངས་ཁུངས་ཆོད་ཀྱང་མཛད་དེ་རང་ལུགས་ཀྱི་ཆོས་སྡེ་གོང་འོག་ལ་ཐུན་མིན་གྱི་བརྒྱུད་པ་སྤེལ། འདུལ་བའི་བཅའ་ཁྲིམས་ཀྱི་བསླབ་པས་གཙང་ཞིང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་། ལྷག་པའི་ལྷ་དུ་མར་བསྙེན་སྒྲུབ་གནང་ཞིང་རྒྱུན་དུ་ཡང་སྒོམ་བཟླས་སོགས་ལ་ཐུགས་རྩོལ་གཞན་ལས་ཆེ། བསྐྱེད་རྫོགས་སྨིན་གྲོལ་གྱི་གདམས་ཟབ་དུ་མས་ཐུགས་རྒྱུད་ཡོངས་སུ་བལྟམས་པས་ཉམས་དང་རྟོགས་པའི་ཡོན་ཏན་དང་ལྡན་པ་དང་། ཁྱད་པར་དུ་ཉི་གྲགས་མཆོག་སྤྲུལ་རིན་པོ་ཆེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་སྒྲུབ་ཅིང་འཕྲིན་ལས་རྒྱ་ཆེར་སྤེལ་པ་ལ་གཞན་དྲིང་མི་འཇོག་པས་བཀའི་འཕྲིན་ལས་པ་ཆེན་པོའི་ཐུགས་འགན་བཞེས། གདན་ས་གོང་འོག་ཏུ་བསྟན་པའི་བྱ་བ་དང་། མཆོག་སྤྲུལ་རིན་པོ་ཆེ་སྐུ་གཤེགས་རྗེས་ཀྱི་དགོངས་རྫོགས་སྟག་སྒང་དུ་ཚེས་བཅུ་ཆེན་མོ་འཆམ་བཅས་གསར་འཛུགས་དང་། སྲིན་རྫོང་དུ་གསེར་གདུང་བཞེངས་པ་སོགས་ཕྱག་བཞེས་རྒྱ་ཆེ། དེ་ནས་ཤིང་ཕོ་རྟ་ལོ་དགུང་ལོ་ཞེ་དགུ་པ་ལ་འཇའ་ཚོན་གྱི་དྲ་བས་འབྲེལ་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དག་པའི་ཞིང་དུ་གཤེགས་སོ། །

[༢༠] འབར་བླ་བཀྲ་ཤིས་རྒྱ་མཚོ།

གྲུབ་དབང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་ཐུགས་སྲས་འབར་བླ་བཀྲ་ཤིས་རྒྱ་མཚོ་ནི། སྤྱི་ལོ་༡༧༡༤པ་བོད་རབ་བྱུང་བཅུ་གཉིས་པའི་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོའི་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ལ། ཇིང་གིར་གནམ་གྱི་གདུང་ལས་ཨ་རིང་རྫོང་ཆེན་བཅོ་བརྒྱད་ཀྱི་བདག་པོ་ཀུན་དགའ་རྡོ་རྗེ་ཞེས་བྱ་བའི་བུ་ཆུང་བ་ཁ་འབར་བས་འབར་ཆུང་དུ་ཐོགས། །དེའི་མི་རྒྱུད་ལ་སྨན་བླ་མགོན་ཞེས་གསོ་དཔྱད་མཁས་པ་ཞིག་བྱུང་བ་དེའི་བུ་ལ་སོག་ཕྲུག་ཐར་དང་གསེར་རྣ་གཉིས་བྱུང་བའི་ཕྱི་མའི་རྒྱུད་ལས། ཡབ་དཔོན་ཚང་ལྷ་ཡག་དང་། ཡུམ་རྒ་བཟའ་བདེ་འཛོམ་གཉིས་ཀྱི་སྲས་སུ་མགོ་ལོག་རྨ་ཆུའི་རྒྱུད་དང་ཉེ་བའི་དར་གྱི་ལྕགས་ཕྲེང་བྱ་བའི་ནོར་འཛིན་གྱི་ཐིག་ལེར་སྐུ་འཁྲུངས། ལོ་དེའི་ཟླ་བ་གཉིས་པའི་ཚེས་གསུམ་ལ་རིག་འཛིན་གཏེར་བདག་གླིང་པ་ཞིང་གཞན་དུ་གཤེགས་ཤིང་། རྫོགས་ཆེན་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནས་མནལ་ལམ་སོགས་རྗེས་སུ་དཔག་པས་གཏེར་ཆེན་རིན་པོ་ཆེའི་སྐུ་སྐྱེ་རུ་བསྔགས་ཤིང་པདྨ་འགྱུར་མེད་རྣམ་རོལ་ཏུ་མཚན་གསོལ་བ་དང་། གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་དེ་བཞིན་སྐྱེ་ཕྲེང་གསོལ་འདེབས་ཀྱང་མཛད། དགུང་ལོ་བརྒྱད་ནས་བརྩམས་ཏེ་ཡི་གེའི་གྲྭར་ཞུགས་ཤིང་ཀློག་འདོན་ལ་བསླབས་པས་ཚེགས་མེད་དུ་མཁྱེན་ཅིང་ཆོ་གའི་རིགས་ཀུན་ཐུགས་ལ་ཟིན་པ་བྱུང་། བཅུ་དགུ་པར་ལེགས་དགོན་བླ་མ་ཀརྨ་ཡེ་ཤེས་ལ་གཙུག་ཕུད་ཕུལ་བའི་མཚན་འགྱུར་མེད་བཀྲ་ཤིས་རྒྱ་མཚོར་གསོལ། ལོ་དེའི་ཕྱི་ལོར་གསང་ཆེན་བསྟན་པའི་འབྱུང་གནས་རུ་དམ་རྫོགས་ཆེན་དུ་ཕེབས་ཏེ་གྲུབ་དབང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གཙུག་རྒྱན་དུ་བསྟེན། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་ཁྲིད་གསན་ཞིང་རྩལ་སྦྱོང་སྤྱི་དང་ཁྱད་པར་སེམས་ཀྱི་རྩ་གདར་ཞིབ་ཏུ་བཅད་པས་གནས་ལུགས་ཀྱི་རྟོགས་པ་བརྙེས། ཉེར་གཅིག་པར་ལྷོ་ཁམས་པ་རིན་ཆེན་ངག་དབང་ཀུན་དགའ་བསྟན་འཛིན་རྫ་རྒྱུད་དུ་ཕེབས་པ་མཇལ་ཞིང་མི་ཕྱེད་པའི་དད་པ་ཐོབ། གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔ་ལ་རབ་ཏུ་བྱུང་ནས་མཚན་དགེ་ལེགས་ཚོགས་འཕེལ་བསྟན་པ་དར་རྒྱས་ཞེས་བཏགས། ལོ་དེར་རྐང་ཚ་བླ་མ་པདྨ་དར་རྒྱས་གདན་དྲངས་ནས་འདུས་པ་མདོ་དབང་ཆེན་མོ་གཏད་རྒྱ་བཅས་དང་། སྨིན་གླིང་གཏེར་གསར་ཡོངས་རྫོགས། ཞི་ཁྲོ་དགོངས་པ་རང་གྲོལ། མཁའ་འགྲོ་སྙིང་ཐིག་སོགས་གསན། ཕྱི་ལོའི་དབྱར་ཟླ་ཐ་ཆུང་ནང་བླ་མ་དབུས་སུ་ཕེབས་པ་དང་མཉམ་དུ་བྱོན་ནས་རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་མཇལ། གྲྭ་ཐང་མཁན་ཆེན་རྗེ་དྲུང་ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས་ལས་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་ཟླ་བ་ལྔའི་ཁོངས་སུ་རྫོགས་པར་གསན། ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱི་རྣམ་འཕྲུལ་སྨིན་གླིང་དོན་ཡོད་དཔལ་བཟང་ལས་བསྙེན་པར་རྫོགས་པའི་མཚན་འགྱུར་མེད་མཆོག་གྲུབ་དཔལ་འབར་དུ་གསོལ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ལས་དག་སྣང་རྒྱ་ཅན་གྱི་དབང་ལུང་རྫོགས་པར་མནོས་པས་མཚོན་གསན་བསམ་རྒྱ་མཚོའི་ཕ་མཐར་སོན། ཕྱིས་སུ་གྲུབ་དབང་རྫོགས་ཆེན་པའི་གདན་ས་ནས་རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་དབུས་འདུས་ཚོགས་ཆེན་མོ་ལ་རྒྱལ་བཀའ་རིན་པོ་ཆེའི་ལུང་རྒྱུན་སྤེལ་བའི་ཆོས་རྒྱུན་མདོ་ཁམས་ཕྱོགས་སུ་རྒྱ་ཆེར་འཕེལ། ཆོས་སྡེ་འདིའི་བཤད་སྒྲུབ་ཀྱི་བསྟན་པ་མཁས་ཚུལ་གསུམ་གྱི་མཛད་པས་མཐར་ཁྱབ་ཏུ་སྤེལ་བ་ལ་གཞན་མཚུངས་དང་བྲལ་བའི་རྣམ་ཐར་མང་། ཞལ་སློབ་མཁས་གྲུབ་ཀྱི་སྐྱེས་ཆེན་དཔོན་སློབ་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་དང་། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་ངོ་མཚར་རྒྱ་མཚོ། ནམ་མཁའ་ཚེ་དབང་མཆོག་གྲུབ། སེང་ཕྲུག་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། ཞེ་ཆེན་མ་ཧཱ་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་སོགས་འགྲན་ཟླ་དང་བྲལ་བ་མང་པོ་བྱོན་པ་བཅས་བསྟན་འགྲོའི་ལེགས་མཛད་མཐར་རྒྱས་ངང་སྐུ་གཤེགས་སོ། །

[༢༡] རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

གྲུབ་དབང་སྐུ་རབས་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་ཐུ་བོ་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་ནི། ཀུན་མཁྱེན་འཇིགས་མེད་གླིང་པའི་རྡོ་རྗེའི་ལུང་བྱང་ལས། ལྷ་སྲས་སྤྲུལ་བས་ཆོས་སྒོ་འབྱེད། །ཅེས་དང་། བདེ་ཆེན་གླིང་པའི་གཏེར་ལུང་ལས། ལྷ་སྲས་རྣམ་སྤྲུལ་བྱང་སེམས་སྙིང་སྟོབས་ཅན། །ཞེས་སོགས་གསུངས་པ་ལྟར་ལྷ་སྲས་མུ་རུབ་བཙན་པོ་ནས་གཏེར་སྟོན་སངས་རྒྱས་གླིང་པ་སོགས་སྤྲུལ་པའི་རྣམ་རོལ་ཇི་སྙེད་ཅིག་བྱོན་པའི་མཐར། སངས་རྒྱས་གླིང་པའི་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས་གསལ་བར་བསྟན་པ་ལྟར། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཤར་ཕྱོགས་མདོ་ཁམས་རོང་ཆེན་བཅོ་བརྒྱད་ཀྱི་ནང་ཚན། ཡུལ་ལྷ་བྲག་ལྷ་མགོན་པོས་སྲུང་བའི་གནས་མཆོག་ཤར་རྡོ་རོང་ཞེས་གྲགས་པའི་ནོར་འཛིན་གྱི་ཐིག་ལེ་རུ། སྤྱི་ལོ་༡༧༤༥པ་རབ་བྱུང་བཅུ་གཉིས་པའི་ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོ་ལ་བོད་ཆུང་ཞེས་པ་སྨུག་པོ་གདོང་གི་རིགས་སུ་སྐུ་བལྟམས། སྐུ་ཆུང་ངུའི་དུས་ནས་སྙིང་རྗེ་ཆེ་ཞིང་ཚེ་རབས་དྲན་པ་དང་གཟུགས་མེད་ཀྱི་ལྷ་འདྲེ་བཏུལ་བ་སོགས་ངོ་མཚར་བའི་རྣམ་ཐར་དུ་མ་ལྷན་སྐྱེས་སུ་མངའ། དགུང་གྲངས་བཅོ་ལྔ་པར་དགེ་བའི་བཤེས་གཉེན་ཤེས་རབ་རིན་ཆེན་ལས་སྐྱབས་སྡོམ་དང་ཐུན་མོང་ལམ་རིམ་བཅས་གསན་པས་ཐོས་བསམ་གྱི་གནས་ལ་མཁྱེན་རབ་ཡངས་པས་ཐམས་ཅད་ཡིད་དབང་འཕྲོག་པར་གྱུར། དེ་ནས་དགུང་གྲངས་ཉེར་གཅིག་སོན་པ་ཤིང་བྱ་ལོར་ཐོས་བསམ་ཕྱོགས་མེད་དུ་འཚོལ་བའི་འདུན་པས་དྲངས་ཏེ་དབུས་གཙང་ཕྱོགས་སུ་ཞབས་བསྐྱོད་གནང་། མཁས་གྲུབ་རྣམ་འདྲེན་ཉི་ཤུ་ལྷག་གི་ཞབས་པད་གཙུག་ཏུ་བསྙེན་ཞིང་ཆོས་ཚུལ་མཐའ་ཡས་པ་ལ་གསན་སྦྱངས་མཛད། ཁྱད་པར་དུ་དྭགས་ལྷ་སྒམ་པོ་དང་གྲུབ་ཆེན་དམ་ཆོས་དབང་ཕྱུག་ལས་བཀའ་གདམས་ལམ་རིམ་དང་ཆོས་དྲུག་ཟབ་ཁྲིད་སོགས་གསན་ཞིང་གདམས་ངག་ལ་ཞུན་ཐར་བཅད། ཞིང་སྐྱོང་མཁའ་འགྲོའི་གནས་མཆོག་དཔལ་གྱི་ཙ་རི་ཏྲར་ཕེབས་ཏེ་སྒྲུབ་པ་མཛད་པས་ཨོ་རྒྱན་རིན་པོ་ཆེས་ཞལ་གཟིགས་ཤིང་། སྐབས་དེར་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །སོགས་ཀྱི་གསོལ་འདེབས་ཞལ་མཐོང་མའང་མཛད། ཙཱ་རིའི་ཅིག་ཆར་གནས་སུ་དབྱིངས་ཕྱུག་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པས་ཞག་བདུན་ཕྲག་དུ་མར་གང་སྣང་བདེ་སྟོང་གི་ཀློང་དུ་འབྱམས་སུ་ཀླས་པ་བྱུང་། རེ་ཞིག་ན་ཕྱིར་ཁམས་ཕྱོགས་སུ་ཕེབས་ཤིང་ཞེ་ཆེན་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་དང་། འབར་བླ་བཀྲ་ཤིས་རྒྱ་མཚོ། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་སོགས་ཀྱི་དྲུང་ནས་བཀའ་གཏེར་གྱི་སྨིན་གྲོལ་སྤྱི་དང་། ཁྱད་པར་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་ཞལ་སྔ་ནས་བླ་མ་ཡང་ཏིག་དང་མཁའ་འགྲོ་སྙིང་ཐིག་གི་སྨིན་ཁྲིད་ཡོངས་རྫོགས་ཆིག་བརྒྱུད་དུ་གསན། དེས་ན་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་རིག་འཛིན་འཇིགས་མེད་གླིང་པ་ལས་གསན་པས་ཉེ་བརྒྱུད་དེ་ལྟར་འདྲེན་པར་འོས་ཤིང་གཞན་ཟབ་པ་པོད་བཞིའི་ཆོས་སྐོར་རྗེ་འདི་ཁོ་ན་ལས་གསན་པས་བླ་མ་ཡང་ཏིག་གི་བརྒྱུད་འདེབས་སོགས་སུ་གསལ་བའི་བླ་བརྒྱུད་ཀྱི་རིམ་པའང་མཁྱེན་པར་འཚལ་ལོ། །རུ་དམ་གངས་ཁྲོད་བདེ་བ་ཆེན་པོར་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བསྙེན་མཚམས་ལ་བཞུགས་པས་གྲུབ་པ་ཐོབ་སྟེ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་ཞལ་གཟིགས་པས་སྒྲུབ་གནས་ལའང་གཤིན་རྗེ་སྒྲུབ་ཕུག་ཅེས་མཚན་དུ་ཐོགས། གཞན་ཡང་སྐབས་དེར་ཨོ་རྒྱན་ཆེན་པོས་དངོས་སུ་ཞལ་གཟིགས་གནང་སྟེ་གསེར་མདོག་བདུད་རྩིའི་ཆུ་ཡིས་དབང་བསྐུར། དེ་མཚུངས་སྒྲུབ་གནས་འོག་མ་ཚེ་རིང་ཕུག་ཏུ་དཀའ་སྤྱད་ཆེན་པོས་ཡུན་རིང་བཞུགས་ཤིང་འཚོ་ཆས་ཆད་པའི་ཚེ་ཞིང་སྐྱོང་ལྷ་མོ་ཚེ་རིང་མས་རང་གཟུགས་དངོས་སུ་བསྟན་ཏེ་བ་མིན་གྱི་འོ་ཞོ་ཕུལ། དེ་སྐབས་ཤིིག་ན་རྡོ་གྲུབ་ཆེན་ཞེས་པའི་མཚན་གྱི་གྲགས་པས་ཕྱོགས་ཀུན་ཁྱབ་པ་བྱུང་ཞིང་རུ་དམ་གདན་སར་ལོ་ངོ་བདུན་ལ་བཞུགས། རྗེ་དབོན་བླ་མ་དང་ངེས་དོན་པའི་བཀའ་དགོངས་ལྟར་ནགས་ཁྲོད་སྒྲུབ་གྲྭ་གསར་འདེབས་ཀྱི་ཁྲིད་དཔོན་དུ་ལོ་ངོ་འགར་བཞུགས་པར་མཛད་ཅིང་། སྐབས་དེར་བསྟན་བཅོས་ཡོན་ཏན་མཛོད་མཇལ་པ་ན་སྔོན་སྨོན་མོས་གུས་ཀྱི་རིགས་ཡོངས་སུ་སད་དེ་དོན་མཁར་ཚེ་རིང་ལྗོངས་སུ་ཀུན་མཁྱེན་བླ་མ་རང་བྱུང་རྡོ་རྗེའི་ཞབས་སུ་བཅར། མཇལ་བ་ཙམ་གྱིས་ལྷ་སྲས་དམ་འཛིན་གྱི་རྣམ་རོལ་དུ་ངོས་བཟུང་ནས་ཕ་བུ་ལྟ་བུའི་འདུ་ཤེས་ཀྱིས་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་བྱུང་བ་སྟེ། རྗེ་འདིས་ཀུན་མཁྱེན་ཉིད་ཐོག་མར་མཇལ་དུས་ཐང་སྟོང་རྒྱལ་པོའི་སྐུ་ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་ཚེ་བུམ་འཛིན་པ་ཞིག་གི་ནུ་མ་གཡོན་པ་ནས་ཚེ་ཆུ་ཚེ་རིལ་ཚེ་སྒྲུབ་ཀྱི་ཆོས་སྐོར་དང་བཅས་ཐོན་པ་དང་། ཡང་ཤེས་རབ་གཏེར་སྟོན་ཟེར་བ་ཞིག་གིས་རྒྱ་གར་གྱི་རི་བོ་ཞིག་གི་རྩེ་ནས་སློབ་དཔོན་ཆེན་པོའི་སྐུ་བརྒྱ་རྩ་བརྒྱད་འདོན་རྒྱུའི་ཁ་བྱང་བསྟན་པ་ཞིག་དང་། ཙན་དན་དམར་པོའི་སྐུ་མང་པོ་ཐུ་བར་བབ་པ་སོགས་ཀྱི་སྣང་ཉམས་བྱུང་བ་བྱིན་རླབས་ཞུགས་པའི་རྟགས་ཁྱད་པར་ཅན་དུ་ཀུན་མཁྱེན་ཉིད་ཀྱིས་བཞེད་པ་དང་། ཡང་། སེམས་བསྐྱེད་ཀྱི་མཆོད་པ་དང་འབྲེལ་བྱང་སྡོམ་ཕོག་པའི་ནུབ་རྗེ་འདིའི་རྨི་ལམ་ན་མཆོད་རྟེན་དཀར་པོ་བང་རིམ་ལྔ་པ་ཞིག་གི་དང་པོ་ཁྲོ་ཆུས་བསྡམས་པ་ནས་གཏེར་ཐོན་ཅིག་ཅེས་གསུངས་ནས་ཀུན་མཁྱེན་གྱི་ཕྱག་ནས་གཟོང་ཞིག་གནང་བྱུང་བ་དེས་བརྐོས་པས་རིང་བསྲེལ་དཀར་ཡོལ་དོ་དང་། ཡོལ་གོ་གཅིག་ན་སྐྱེ་བདུན་སྐུ་ཤ་ཡིན་ཟེར་བ་སྣང་བ་ལས། རིང་བསྲེལ་སངས་རྒྱས་འོད་སྲུང་གི་ཡིན་ཟེར། དེ་ནས་དཀར་ཡོལ་གང་པོ་བླ་མ་ལ་ཕུལ། གཅིག་ཤོས་ནས་དེར་འཁོད་མང་པོ་ལ་བྱིན་པས་ཟད་རྒྱུ་མེད་པར་བྱུང་ཟེར་བ་ཞིག་མནལ་ལམ་དུ་བྱུང་བ་ལའང་ཀུན་མཁྱེན་དེ་ཉིད་ཀྱི་གསུང་ལས། ངེད་རྒྱལ་པོ་ཀྲྀ་ཀྲྀའི་སྲས་སུ་གྱུར་པའི་ཚེ་སངས་རྒྱས་འོད་སྲུང་ལས་སེམས་བསྐྱེད་ཐོབ་ཚུལ་གྱི་ཉིང་འཁྲུལ་བདེན་ན་ཁོང་གིས་ཆོས་ཀྱི་གདུང་འཛིན་ཅིང་སེམས་ཅན་ལ་ཕན་ཐོགས་པར་རིགས། ཞེས་སོགས་གསུངས་པ་དང་། ཡང་བླ་མ་དགོངས་འདུས་ཀྱི་དབང་གི་སྐབས། རྗེ་འདིའི་གཟིགས་སྣང་ལ་ཀུན་མཁྱེན་ཉིད་མངའ་བདག་ཉིད་དང་། རྗེ་ཉིད་སངས་རྒྱས་གླིང་པར་མངོན་སུམ་དུ་གསལ་སྣང་ཤར་བ་དེ་དེ་བཞིན་དུ་དོན་ལ་གནས་པར་ཀུན་མཁྱེན་ཉིད་ཀྱིས་གསུངས་ཤིང་། གཞན་ཡང་ཀུན་མཁྱེན་དེ་ཉིད་ཀྱིས་རྗེ་འདིར་ཞལ་གདམས་གནང་བར་ཡང་། ཟན་གཡང་ཆོས་འཁོར་བཞེངས་པའི་ཚེ། །ཕ་བུའི་དམ་ཚིག་འབྲེལ་བའི་ཚུལ། །གནད་བྱང་ཐུགས་ཀྱི་སྒྲོམ་བུ་དང་། །མཐུན་པའི་དག་སྣང་ཁྱོད་ལའང་ཤར། །ཁྱོད་ཉིད་ཆུང་ངུར་གྱུར་དུས་ནས། །ང་ཉིད་དབེན་པ་བསྟེན་པ་ཡི། །མངོན་རྟོགས་ཇི་བཞིན་མཇལ་གྱུར་ནས། །གཏེར་གྱི་ལུང་བསྟན་ཐོབ་པ་དེ། །ད་ལྟ་བཀའ་གཏེར་ཆོས་ཀྱི་མཛོད། །ཁྱོད་ལ་བསྐུར་ནས་མཐའ་འཁོབ་ཏུ། །བསྟན་པ་སྤེལ་བའི་ལུང་བསྟན་ཡིན། །ཞེས་གསུངས་པ་དང་། བླ་མ་དགོངས་འདུས་ལུང་བསྟན་ལས་ཀྱང་། ལྷ་སྲས་གྲུབ་པའི་འབྲས་བུ་བརྙེས་གྱུར་ཀྱང༔ རྒྱལ་བའི་གསང་སྔགས་ཡིད་སྨོན་མཐུ་ཆེ་བས༔ འགྲོ་བའི་དོན་ཕྱིར་སྤྲུལ་པ་ཡང་དང་ཡང༔ ཆ་ལུགས་མ་ངེས་གང་ལ་གང་འདུལ་གྱིས༔ ཆོ་འཕྲུལ་རྣམ་པར་སྤྲུལ་པ་སྟོན་པར་བྱེད༔ ཅེས་དང་། ཡང་སངས་རྒྱས་གླིང་པའི་སྐྱེ་བརྒྱུད་ལུང་བསྟན་ལས། ཡུལ་བཟུང་རིགས་ཅན་དེ་ལྟར་བྱུང་དུས་ན༔ སྐྱེས་བུ་ཁྱེད་ཀྱི་ལས་ཀྱི་ལྷག་མ་རྣམས༔ མ་ལུས་བྱང་ནས་སྨོན་ལམ་དབང་གིས་ནི༔ ས་མཐའ་མུན་པའི་གླིང་བར་ལྟ་བུ་ཡི༔ ཁྲོད་དུ་སྐྱེ་བ་བཞེས་ནས་རབ་བྱུང་ཞིང༔ སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཉམས་སུ་ལེན༔ དེ་ཡི་དུས་སུ་བཀའ་ཆེམས་དྲན་བགྱིས་ལ༔ ཨོ་རྒྱན་གྲུབ་པ་ཐོབ་པའི་འགྲོ་མགོན་གྱི༔ བྱིན་རླབས་རྗེས་སུ་གནང་ནས་བུདྡྷའོ༔ སོགས་ཀྱིས་མཚོན་ཀུན་མཁྱེན་ཉིད་མངའ་བདག་ཁྲི་སྲོང་དུ་སྐྱེ་བ་བཞེས་དུས་རྗེ་འདི་ལྷ་སྲས་མུ་རུབ་བཙན་པོ་ཡིན་པར་ཐེ་མི་ཚོམ་སྟེ། གོང་དུ་སྨོས་པའི་མནལ་ལམ་གཟིགས་སྣང་སོགས་དང་གཏེར་ལུང་དུའང་རྗེ་འདི་ཉིད་ཀྱི་འཁྲུངས་ཡུལ་དང་། ཡབ་རྗེ་ཀུན་མཁྱེན་མཆོག་དང་མཇལ་ནས་བྱིན་གྱིས་བརླབས་ཚུལ་བཅས་ཤིན་ཏུ་གསལ་ལོ། །དེ་ལྟར་ཀུན་མཁྱེན་གཉིས་པས་སྔ་འགྱུར་བཀའ་གཏེར་རབ་འབྱམས་ཀྱི་ཆོས་ཚུལ་ཐམས་ཅད་བུམ་པ་གང་བྱོར་བསྩལ་བ་དང་། ཁྱད་པར་འོད་གསལ་རྫོགས་པོ་ཆེན་ཀློང་ཆེན་སྙིང་གི་ཐིག་ལེའི་སྨིན་ཁྲིད་རྒྱབ་ཆོས་དང་བཅས་པ་ཆིག་རྫོགས་སུ་བསྩལ་ཏེ་དོན་བརྒྱུད་བསྟན་པའི་བཀའ་གཏད་མཛད། རྗེ་ཉིད་ཀྱི་དགོངས་གཏེར་ཆོས་སྐོར་གྱི་རྩ་བའི་ཆོས་བདག་ཏུ་མངའ་གསོལ་ཏེ་འཇིགས་མེད་ཕྲིན་ལས་འོད་ཟེར་ཞེས་མཚན་གྱི་ཅོད་པན་དཔྱངས། སྔ་ཕྱིར་ཀུན་མཁྱེན་བླ་མའི་དྲུང་དུ་ལན་གྲངས་བཞི་ལ་བྱོན་ཅིང་དེ་དག་གི་སྐབས་སུ་སྒྲུབ་དང་དངོས་པོའི་མཎྜལ་རྒྱ་ཆེན་པོས་མཆོད་ཅིང་སྤྱན་འབྱེད་ཀྱི་མཐུན་རྐྱེན་གནང་བ་སོགས་ཞབས་ཏོག་དཔག་མེད་མཛད། དེ་སྐབས་ཤིག་ན་བལ་པོའི་དམག་གིས་བོད་ཀྱི་ཆོས་སྲིད་ལ་འཚེ་བ་བྱུང་བས་རྗེ་ཉིད་བསམ་ཡས་པེ་ཧར་དཀོར་མཛོད་གླིང་དུ་ཕེབས་ཏེ་སྐུ་རྟེན་ལ་བཀའ་བསྒོས་པས་དབུ་སྒུར་མཛད། དེ་འཕྲལ་ཧས་པོ་རི་རྩེར་ལྷ་བསང་བཏང་བའི་དུད་པ་ནམ་མཁར་བྱ་ཁྱུང་གི་རྣམ་པར་ཕྱིན་པས་དམག་དཔུང་བཟློག་པ་ཀུན་གྱི་མཐུན་སྣང་དུ་བྱུང་ཞིང་གཞུང་ས་ནས་ཀྱང་བདག་རྐྱེན་ཚད་མེད་གནང་། གཞན་ཡང་དབུས་གཙང་རུ་བཞིར་ཐན་པ་ཆེན་པོ་བྱུང་བས་སྦྱིན་སྲེག་མཛད་དེ་ཐལ་བ་མཚོ་ནང་དུ་གཤེགས་པས་ཆར་གྱི་རྒྱུན་དེ་མ་ཐག་ཏུ་བབ། བྲག་དཀར་སྤྲེལ་རྫོང་དང་སོག་ཡུལ་སོགས་ནས་གྲོག་སྐམ་དང་བྲག་རི་ནས་ཆུ་གཏེར་བཞེས་པ་ད་ལྟའང་དངོས་སུ་མཇལ་དུ་ཡོད་པ་དང་། རྨ་ཆུ་དཀར་མོ་གཡས་འཁྱིལ་གྱི་འགྲམ་དུ་ཨ་རིག་ར་རྒྱ་དགོན་པ་གསར་བཞེངས་སྐབས་ཐོག་མའི་རྟེན་འབྲེལ་ཉེས་པའི་དབང་གིས་དགེ་འདུན་ཕྱེད་ཙམ་འཕྲལ་རྐྱེན་ཁོ་ནས་གཤེགས་པས་ཡུལ་བུད་དེ་བྱོན་པས་སྒར་ཆགས་ས་དེ་ད་ལྟ་སྒར་ལུང་དུ་གྲགས་ཤིང་། དགོན་ཆེན་དེ་ལ་གནོད་འཚེ་བྱེད་པའི་རྒྱལ་གདོན་དེ་ཟབ་མོ་གཅོད་ཀྱི་སྒོ་ནས་སྦྱིན་སྲེག་མཛད་དེ་དགོན་གནས་ཚུར་སྤོ་ཆོག་པའི་དབུགས་དབྱུང་། དེ་བཞིན་བེམ་པོ་ལ་རིག་པ་གཏད་ནས་ཕཊཿསྒྲ་བརྗོད་ཚེ་ནམ་མཁར་འཕར་ནུས་པ་དང་། འབྱུང་པོ་རོ་ལངས་བཏུལ་པ་སོགས་གྲུབ་སྤྱོད་སྣ་ཚོགས་ལ་མངའ་བརྙེས་ཏེ་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། སྐབས་དེའི་ཕྱོགས་ཀྱི་མི་དབང་ཆེན་མོ་གཞུང་སའི་དྲུང་འཁོར་ཁག་དང་། སྡེ་དགེའི་ས་སྐྱོང་ཆེན་མོ། དར་མདོའི་ལྕགས་ལ་རྒྱལ་པོ། རྒྱལ་རོང་ཨ་སྐྱོང་སོགས་ཀྱི་མགོ་དཔོན་ཡོངས་ཀྱིས་ཞབས་ཀྱི་པདྨོ་སྤྱི་བོའི་རྒྱན་དུ་བཀོད་དེ་ལུགས་གཉིས་ཀྱི་ཕྲིན་ལས་སྤེལ། སོག་པོ་ངག་དབང་ཆོས་རྒྱལ་ལམ་ཝང་རྒྱལ་པོས་དབུ་བླར་བཀུར་ཞིང་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་བཀའ་གསན་པའི་རྒྱུན་ལས། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་གྲུབ་བརྙེས་སྐྱེས་ཆེན་དུ་མ་བྱོན་པ་བཅས་ཕྲིན་ལས་ཕྱོགས་མཐར་རྒྱས། དགུང་གྲངས་དྲུག་ཅུ་རེ་དྲུག་བཞེས་པ་རབ་ཡིད་ལྕགས་རྟ་ལོར་རོང་སྟོན་པདྨ་བདེ་ཆེན་གླིང་པའི་ལུང་བྱང་ལས། ལྷ་སྲས་རྣམ་འཕྲུལ་བྱང་སེམས་སྙིང་སྟོབས་ལྡནཿ རྫོགས་ཆེན་ཨ་ཏིའི་སྟོན་སྒོམ་ཁྱུ་གཅིག་འབྱུངཿ གསེར་གྱི་སྟོད་སྨད་དགོན་གནས་གསུམ་ཙམ་འཆའཿ ཞེས་པ་ལྟར་གདན་ས་དང་པོ་ཤུགས་ཆེན་འགྲོ་དོན་ལྷུན་གྲུབ་དང་། གཉིས་པ་བྲག་ཆེན་ཡར་ལུང་པདྨ་བཀོད། གསུམ་པ་གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་དང་གསུམ་དུ་བྱུང་ཞིང་། རྗེ་ཉིད་ཀྱི་ཞལ་ནས། ངས་སྒྲུབ་སྡེ་འདིའི་མཁོས་ཀ་ལ་བལྟས་ན་ཕྱུག་པོའི་ལྷས་མལ་ཙམ་ལས་མེད་ཀྱང་རྙིང་བསྟན་གྱི་རྩ་བ་གནས་པས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྲིན་བཞིན་དུ་འདུ་བར་འདུག་ཅེས་གསུངས་ཤིང་། སྐུ་ཚེའི་སྨད་དུ་གདན་ས་བར་པར་ཡུན་རིང་དུ་བཞུགས་ནས་རྒྱ་སོག་རེབ་ཀོང་སྡེ་དགེའི་ཡུལ་ཁམས་སོགས་ཕྱོགས་ནས་འདུས་པའི་སློབ་ཚོགས་བགྲང་བར་མི་ནུས་པ་ལ་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་ཐམས་ཅད་ཚིམ་པར་མཛད། ལྷག་པར་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཛཱ་གད་དཔའ་བོའི་ཕུད་སྐྱེམས་ཀྱི་བརྡ་ཐབས་ལས་ཐུགས་བརྒྱུད་དགོངས་པའི་བྱིན་རླབས་བསྩལ་པས་སྐུ་ཚེ་དེ་ཉིད་ལ་ཆོས་ཉིད་ཟད་པའི་སར་ཕེབས། ཀུན་མཁྱེན་འཇིགས་མེད་གླིང་པའི་ཡང་སྲིད་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ངོས་འཛིན་གནང་ནས་གདན་ས་གོང་མ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། བཀའ་གཏེར་སྨིན་གྲོལ་གྱི་ཆོས་ཚུལ་རབ་འབྱམས་བུམ་པ་གང་བྱོར་བསྩལ་བ་སོགས་ལུགས་གཉིས་ཀྱི་ཐུགས་བརྩེས་བསྐྱངས། རྗེ་འདིའི་ཐུགས་སྲས་ཞལ་སློབ་གཙོ་བོ་ནི། རྡོ་རྗེའི་གདུང་ཆེན་བཞི་དང་གདུང་མཆོག་གཉིས་ཞེས་གྲགས་པ་སྟེ། ཇི་སྐད་དུ། དགོངས་འདུས་ལུང་བསྟན་ལས། ཤར་དུ་དུང་དཀར་ཚངས་དབྱངས་གྲགས་ལྡན་འབྱུང༔ ལྷོ་རུ་འབྲས་དཀར་མཁར་ཟླུམ་སྤུང་འདྲ་འབྱུང༔ ནུབ་ཏུ་དམར་སེར་པདྨ་རྒྱས་འདྲ་འབྱུང༔ བྱང་དུ་ནུས་མཐུ་ཕུར་པ་གདབ་འདྲ་འབྱུང༔ ཞེས་པ་ལྟར། ཤར་དུ་འཇིགས་མེད་སྐལ་བཟང་ཆོས་དབྱིངས་རྡོ་རྗེའམ་རྡོ་བླ་འཇིགས་མེད་སྐལ་བཟང་། ལྷོ་རུ་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ། ནུབ་ཏུ་རང་བྱུང་རིག་པའི་རྡོ་རྗེའམ་རྒྱལ་སྲས་གཞན་ཕན་མཐའ་ཡས། བྱང་དུ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་སྟེ་ལུང་ཟིན་རྡོ་རྗེའི་གདུང་ཆེན་བཞི་དང་། གཞན་ཡང་སྣང་བཞི་མཐར་ཕྱིན་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། ཧེ་རུ་ཀ་དཔལ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེའི་གདུང་མཆོག་གཉིས་ཞེས་གྲགས་པ་དང་། དེ་བཞིན་གསར་རྙིང་རིས་མེད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ། འབར་ཆུང་འཇིགས་མེད་གོ་ཆ། འཇིགས་མེད་ངོ་མཚར་རྒྱ་མཚོ། དགེ་རྩེ་འཇིགས་མེད་གོ་ཆ། སོག་པོ་ངག་དབང་ཆོས་རྒྱལ། རྫོགས་ཆེན་དཔོན་སློབ་གསུམ་པ། ཀཿཐོག་སི་ཏུ། ཀཿཐོག་དགེ་རྩེ་པཎ་ཆེན། སྒྲུབ་བརྩོན་ངག་དབང་ཆོས་འབྱོར་བཅས་དང་། ངོར་ཆེན་བྱམས་པ་ནམ་མཁའ་འཆི་མེད། དཔའ་ཆེན་ནམ་མཁའ་འཇིགས་མེད་སོགས་ནམ་མཁའི་མཚན་ཅན་ཁོ་ན་བཅུ་གསུམ་དང་། དཀྱིལ་འཁོར་འཛིན་པ་བརྒྱ་རྩར་གྲགས་པ་སོགས་བསྟན་པ་འཛིན་པའི་སྐྱེས་ཆེན་བགྲངས་ཀྱིས་མི་ལང་པ་བསྐྲུན། དེ་བཞིན་ཕྱི་རབས་གདུལ་བྱའི་སྐལ་བར་བཞག་པའི་དག་སྣང་བསྟན་བཅོས་ཀྱི་སྐོར་ལ། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་དཀའ་འགྲེལ་སོགས་དགོངས་འགྲེལ་བསྟན་བཅོས་ཀྱི་སྐོར་དང་། སྔོན་འགྲོའི་ངག་འདོན་སོགས་སྙིང་ཐིག་གོང་འོག་གི་མན་ངག་ཞལ་ཤེས་སྣ་ཚོགས། རྗེ་བཙུན་བཞད་པ་རྡོ་རྗེའི་སྒྲུབ་ཐབས། ཁྱུང་སྒྲུབ་དབང་ཆོག་གདོན་ཁྲོལ་དང་བཅས་པ། ཡང་གསང་རྟ་མགྲིན་སྒྲུབ་ཐབས། བཀའ་སྲུང་མ་ཧཱ་དེ་ཝའི་སྒྲུབ་ཐབས། དམ་ཚིག་ཉམས་ཆག་བཤགས་པའི་ཆོ་ག །མགོན་པོ་ཚོགས་བདག་སྒྲུབ་ཆོག་སྟོད་ལས་སྨད་ལས་དགྲ་མནན་དབང་ཆོག་དང་བཅས་པ། སངས་རྒྱས་གླིང་པའི་ཕུར་པ་ཐུགས་ཀྱི་ཉིང་ཁུའི་སྟོད་ལས་སྨད་ལས་དབང་ཆོག་དང་བཅས་པ་སོགས་དག་སྣང་དགོངས་གཏེར་གྱི་རིགས་ཟབ་ཁྱད་ལྡན་པ་དུ་མ་མཛད། དགུང་གྲངས་དོན་བདུན་བཞེས་པ་བོད་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ལོའི་སྟོན་ཁར་སློབ་ཚོགས་ཐམས་ཅད་བསྡུས་ནས་རང་རང་གི་བློ་དང་འཚམས་པའི་ཞལ་གདམས་ལུང་བསྟན་བསྩལ་བ་དང་། སྐུ་རྫས་ཐམས་ཅད་གནང་སྦྱིན་མཛད་དེ་ཡུན་རིང་མི་བཞུགས་པའི་གསུང་འཕྲོས་དང་བཅས་བཅད་རྒྱ་མཛད། ལོ་དེའི་ཕྱི་ལོ་ལྕགས་སྦྲུལ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་གྱི་ནམ་ཕྱེད་ལ་སྐུ་ལོངས་སྐུའི་ཆས་སུ་ཞུགས་ཏེ་འཇའ་འོད་མེ་ཏོག་གི་ཆར་གྱིས་ནམ་མཁའ་གང་བཞིན་འོད་གསལ་ཆོས་སྐུའི་དབྱིངས་སུ་གཟིམས་པར་མཛད། དུས་དེར་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ལམ་རྟགས་སུ་འབྱུང་བའི་གྲང་རང་ལྷོད་དེ་དབྱར་ཀའི་ནམ་ཟླ་ལྟར་གྱུར་པ་དང་། སྐུ་གདུང་ཞུགས་ལ་ཕུལ་པའི་དུད་སྤྲིན་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་མཁའ་ལྡིང་གི་ཟོལ་གྱིས་སྐོར་བ་བྱེད་པ། གདུང་ཆེན་ལྔ་དང་རིང་བསྲེལ་ཕྲ་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་གདུལ་བྱའི་བསོད་ནམས་ཀྱི་སྐལ་བར་བཞག་པ་བཅས་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་ནས་ཞིང་འདིའི་ཕྲིན་ལས་རེ་ཞིག་རྫོགས་པའི་ཚུལ་བསྟན་ཏོ། །

[༢༢] དགེ་རྩེའི་བླ་མ་འཇིགས་མེད་ངོ་མཚར་རྒྱ་མཚོ།

རིག་འཛིན་འཇིགས་མེད་གླིང་པ་དང་རྫོགས་སྤྲུལ་གསུམ་པའི་ཞལ་སློབ་དགེ་རྩེའི་བླ་མ་འཇིགས་མེད་ངོ་མཚར་རྒྱ་མཚོ་ནི། རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ལོ་སྟེ་༡༧༣༠པར་མདོ་ཁམས་སྡེ་དགེའི་མངའ་རིས་སུ་གཏོགས་པ་ཟླ་ཀླུང་དལ་གྱིས་འབབ་པའི་ཉེ་འགྲམ། ལྷ་རིགས་ཀྱི་ཟོ་དོར་རྡོ་རྗེ་འཕན་ཕྱུག་རྩལ་གྱིས་སྲུང་བའི་གནས་མཆོག་དགེ་རྩེ་ཞེས་གྲགས་པའི་འབྲོག་སྡེར། ཡབ་དགེ་རྩེའི་དཔོན་པོ་སྙིང་འབུམ་རྒྱལ་དང་། ཡུམ་སྒྲོལ་མ་ཞེས་འབོད་པའི་རིགས་རུས་གཙང་མར་སྐུ་བལྟམས། ཆུང་ངུ་ནས་དད་དང་ངེས་འབྱུང་སོགས་དམ་པའི་སྐྱེས་བུའི་མངོན་རྟགས་གསལ་བ་དང་། སྐུ་ཆེས་གཞོན་པའི་སྐབས་ཡུལ་དེར་ཉིད་ལ་བར་ཆད་རྩོམ་པའི་དམ་སྲི་ཞིག་ཡོད་པ་གུ་རུ་དྲག་པོའི་སྐུ་རུ་བཞེངས་ནས་དམ་ལ་བཏགས་ཚེ་རྡོ་ལ་འདམ་ལྟར་བརྫིས་པའི་ཞབས་རྗེས་གསལ་བར་བཞག་པ་དང་། ཡང་སྐབས་ཤིག་ལྷོ་ནུབ་ཕྱོགས་སུ་གཟིགས་ནས་ད་ལོ་ཡར་ཀླུངས་ཕྱོགས་སུ་ལོ་ལེགས་པོ་བྱུང་འདུག་པས་ང་རེ་དགའ་ཞེས་གསུངས་པར། དེར་འཁོད་རྒན་པ་རྣམས་ཀྱིས་ཡར་ཀླུངས་ཕྱོགས་སུ་ལོ་ལེགས་པས་ཁྱོད་ཅི་ལ་དགའ་ཞེས་པར། ང་ཡི་ཚེ་རབས་ཀྱི་བླ་མ་ཀུན་མཁྱེན་སངས་རྒྱས་གཉིས་པ་དེ་རུ་བཞུགས་ཡོད། ཅེས་དང་། ཡང་སྐབས་དེར་ཡུལ་དེའི་ཆབ་འབངས་ཡོངས་ཀྱིས་སྡེ་དགེའི་རྒྱལ་ཁབ་ལ་ལོ་ལྟར་ཁྲལ་འབུལ་བྱེད་དགོས་པས་སྐྱེ་བོ་ཀུན་ཡིད་མི་དགའ་བའི་སྐབས་ཤིག་ཨ་ཕ་ལ། ད་ལྟ་ཁྱོད་རྣམས་དཔོན་རིགས་འདི་ཚོ་ལ་འདི་འདྲ་སྐྲག་གི་འདུག་སྟེ། ང་རང་ཆེར་སྐྱེས་དུས་སྡེ་དགེའི་རྒྱལ་པོའི་དབུ་བླ་ཞེས་ཁོང་ཚོའི་མཆོད་གནས་སུ་འགྱུར་བའི་དུས་སྐབས་ཀྱང་ཡོད་ཅེས་གསུངས་པ་སོགས་མངོན་ཤེས་དང་གྲུབ་རྟགས་ལ་མངའ་དབང་འབྱོར་། དགུང་ལོ་བརྒྱད་དགུ་ནས་འབྲི་ཀློག་ལ་སྦྱངས་པས་ཚེགས་མེད་པར་མཁྱེན་ཞིང་རྫོགས་ཆེན་ལུགས་ཀྱི་ཆོས་སྤྱོད་འདོན་ཆོག་ལ་མཁས་པར་གྱུར། དགུང་གྲངས་བཅུ་གསུམ་པར་མ་དགོན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ནས་དགེ་བའི་བཤེས་གཉེན་སེང་ཕྲུག་པདྨ་བཀྲ་ཤིས་ལས་རབ་ཏུ་བྱུང་བ་དང་། རྒྱལ་སྲས་གཞན་ཕན་འཐའ་ཡས་ལས་བཀའ་སྲོལ་གཉིས་ཀྱི་བྱང་ཆུབ་སེམས་སྡོམ་ཞུས། གཞན་ཡང་རྗེ་དབོན་པདྨ་ཀུན་གྲོལ་དང་། ངེས་དོན་བསྟན་འཛིན་བཟང་པོ་སོགས་གདན་ས་འདིའི་མཁས་གྲུབ་ཀྱི་སྐྱེས་བུ་རྣམས་ལས་བཀའ་གཏེར་གྱི་སྨིན་གྲོལ་དང་། མདོ་སྔགས་ཀྱི་གཞུང་ཁྲིད་མཐའ་ཡས་པ་གསན་བཞེས་མཛད་པས་དགེ་རྩེའི་བླ་མ་བསོད་ནམས་བསྟན་འཛིན་ཞེས་གྲགས་པ་བྱུང་། དེ་ནས་དགུང་གྲངས་སུམ་ཅུ་ཙམ་ན་ཡི་དམ་ལྷའི་བརྡའ་ལུང་དང་། ངེས་དོན་བསྟན་འཛིན་བཟང་པོའི་གསུང་བསྐུལ་སོགས་དུས་སུ་སྨིན་པའི་རྟེན་འབྲེལ་གྱི་ཆོས་ཀུན་མངོན་དུ་གྱུར་ནས་ཚེ་རབས་དུ་མའི་རིགས་བདག་ཀུན་མཁྱེན་བླ་མ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱི་དྲུང་དུ་ཕེབས། ཐུགས་བརྩེས་རྗེས་སུ་བཟུང་ཞིང་འཇིགས་མེད་ངོ་མཚར་རྒྱ་མཚོ་ཞེས་མཚན་གསོལ་བས་ཐུགས་སྲས་འཇིགས་མེད་རྣམ་བཞིར་གྲགས་པའི་ཡ་གྱལ་དུ་གྱུར། མཉེས་པ་གསུམ་གྱིས་ཡུན་རིང་དུ་བསྟེན་ནས་སྔ་འགྱུར་བཀའ་གཏེར་གྱི་ཆོས་ཚུལ་སྤྱི་དང་། ཐེག་རྩེ་གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན། ཉམས་ལེན་གྱིས་གནད་དུ་བསྣུན་པས་རྟོགས་པའི་ལྟ་དགོངས་མཐོན་པོར་བརྙེས། བར་ལམ་ཀུན་མཁྱེན་བླ་མའི་ཞལ་ནས། ད་ཁྱེད་རང་ཡུལ་མདོ་ཁམས་སུ་སོང་ལ་དེར་སྙིང་ཐིག་གི་དགོན་སྡེ་ཞིག་ཐོབ་ལ། གཙུག་ལག་ཁང་ཉིས་ཐོག་ཀ་བ་བཅུ་དྲུག་གི་རྒྱ་ཁྱོན་ཅན་རྟེན་དང་བརྟེན་པ་གསར་བཞེངས་གྱིས་དང་བསྟན་དང་འགྲོ་བར་སྨན་པ་རྒྱ་ཆེར་འབྱུང་ཞེས་ལུང་བསྟན་པ་དང་། དགོན་པའི་མཚན་ལ་དགོན་གསར་འོག་མིན་རིག་འཛིན་འཕེལ་རྒྱས་གླིང་ཞེས་དང་། ནང་རྟེན་དུ་ཆོས་ལི་ཕྱི་མ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་མཐོ་ཚད། ཕུར་པ་རྒྱུད་ལུགས་ཀྱི་ཟིན་བྲིས་ཕྱག་བྲིས་མ། བཀའ་གདམས་པད་སྤུངས། གཙོ་ཕུར་གསེར་སྐུད་ཀྱི་བཅད་ལྡན་སྤུས་དག་བྱིན་ཅན། གླང་ཆེན་མཆེ་བ། རྒོད་ཚང་སྣ་ཚོགས་པའི་དབུ་ཞྭ། ཀུན་མཁྱེན་ཉིད་ཀྱི་དབང་ཞྭ་དང་། ཕྱག་རྟེན། ཕྱག་དྲིལ་རྒྱ་ནག་དར་ལི་མ། གསོལ་ཞལ་མི་རྒོད་ཀྱི་ཀ་པ་ལ་དངུལ་ཤན་ཅན། ཆོས་སྐྱོང་མ་གཟའ་དམ་གསུམ་གྱི་སྲོག་འཁོར་ཕྱག་སྟར་མ། ཙན་དན་དཀར་པོའི་ཚེ་མདའ། དཔལ་ཆེན་བཀའ་འདུས་རྒྱ་མཚོའི་ཐང་ནག་གསེར་བཅད་ཅན་ཐོག་ཚད་མ་དགུ་དང་ཀུན་མཁྱེན་ཉིད་ཀྱི་ཞལ་ཐང་བཅས་གནང་སྦྱིན་མཛད། དེ་དག་འབྲི་རྒྱུའི་ནང་དུ་ཉིད་ཀྱི་ཤང་མཚལ་སོགས་དང་། འཕགས་བོད་པཎ་གྲུབ་བྱང་སེམས་མང་པོའི་རིང་བསྲེལ་དང་འཕེལ་གདུང་སོགས་དམ་རྫས་དཔག་ཏུ་མེད་པ་ཚོགས་ཤིང་། མ་གཟའ་རྡོར་གསུམ་སོགས་སྙིང་ཐིག་གཉན་པོའི་བཀའ་སྲུང་རྣམས་ཀྱིས་དངོས་སུ་འབྲི་གཞིའི་རས་བརྡལ་བ་དང་། འབྲི་རྫས་ཀྱི་ཚོན་འདུལ་བ་སོགས་ལས་བྲན་དངོས་སུ་བགྱིས་ཏེ་ཉིད་ཀྱིས་ཕྱག་བཟོ་མཛད་ཚུལ་ཀུན་མཁྱེན་ཉིད་ཀྱི་རང་རྣམ་ལེགས་བཤད་ཡོངས་འདུས་སྙེ་མར་ཞིབ་པར་གསལ་བ་བཞིན་ལ། དམ་པ་འདིས་ཀུན་མཁྱེན་མཆོག་གཙུག་ལག་ཁང་གི་ས་འདུལ་དང་གནས་ཡུལ་བྱིན་རླབས་ཀྱི་ཆེད་མདོ་ཁམས་སྨད་དུ་ཆིབས་ཞལ་ཐེངས་གཅིག་སྒྱུར་དགོས་པ་ནན་ཞུས་མཛད་ཚེ། ཞལ་ནས་ང་ད་ལྟ་བགྲང་བྱའི་ཁུར་གྱིས་ནོན་པ་དང་ཐག་རིང་ས་ཆུ་མི་འཕྲོད་སར་ཕྱིན་ན་དགོས་པ་ཆུང་ཞིང་དགག་བྱ་ཆེ་ལ། སྔོན་ས་སྐྱོང་སྡེ་དགེའི་གདན་འདྲེན་འོང་མི་རྣམས་ལ་ཡང་རྟེན་གསུམ་དང་ཡི་གེ་བསྐུར་བ་མ་གཏོགས་མ་སོང་བ་ཡིན་མོད། འོན་ཀྱང་སློབ་བུ་ཁྱོད་རང་དང་རྗེས་འཇུག་དད་ལྡན་རྣམས་ཀྱི་སྣང་ངོར་ང་རང་དེར་ཕྱོགས་སུ་འོང་བ་འདྲ་བའི་བྱིན་རླབས་དགེ་མཚན་གྱི་ལྟས་མངོན་པར་བྱེད་ཅེས་ཞལ་བཞེས་གནང་། དེ་ནས་རྗེ་ཉིད་མདོ་ཁམས་རང་ཡུལ་དུ་ཞབས་བསྐྱོད་མཛད་ནས་དགོན་ས་བཙལ་ཀྱང་འདི་ཡིན་གྱི་ངེས་བཟུང་ཅན་ཞིག་མ་རྙེད་པས་ཐུགས་སྐྱོ་བ་དྲག་པོས་བླ་མ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ཚེ། ནུབ་གཅིག་རྨི་ལམ་འོད་གསལ་གྱི་སྣང་ཆར་ནུབ་ཕྱོགས་ཀྱི་ནམ་མཁའ་ནས་བླ་མ་དཀར་ཆས་ཅན་གསུམ་གཟན་གྱི་གཤོག་པ་བྱས་ནས་བྱ་ལྟར་འཕུར་ཏེ་ལུང་པ་ཁ་ཤར་དུ་ཕྱོགས་པ་ཞིག་གི་ཁར་བབ། དེར་རྡོ་རྗེའི་གར་དང་འཕུར་ལྡིང་མཛད་ནས་ཕ་ཝང་གུར་དཀར་འདྲ་བ་ཞིག་གི་སྟེང་དུ་ཞབས་རྗེས་བཞག་ཅིང་ཞལ་ནས་བཛྲ་ཀི་ལིའི་སྔགས་བསྒྲགས་པས། ལུང་པ་དེའི་སྐྱེ་འགྲོ་རྩི་ཤིང་ས་རྡོ་རི་བྲག་ཆུ་བོ་སོགས་སྣོད་བཅུད་ཀུན་ཀྱིས་བཛྲ་ཀི་ལིའི་རང་སྒྲ་འུར་འུར་སྒྲོག་པ་ཞིག་རྨིས། ཕྱི་ཉིན་དཔོན་སློབ་ལྔ་གཟིམས་ལམ་ལྟར་ཕེབས་པས་ལུང་པ་དང་ཕ་ཝང་ཞབས་རྗེས་བཅས་འཁྲུལ་མེད་དུ་འདུག་པས་དགོན་སར་ངོས་འཛིན་མཛད་ཅིང་། ལུང་པ་དེར་ཀི་ལིའི་རང་སྒྲ་གྲགས་ཤིང་དཔལ་ཆེན་ཕུར་བུའི་གནས་སུ་བྱིན་གྱིས་བརླབས་པས་ཀིཿལུང་ཞེས་བཏགས། གནས་དེར་ཁྱིམ་བདག་མོ་བཀྲ་ཤིས་ཆོས་འཛོམས་ཞེས་པའི་སྦྲ་ཁྱིམ་དུ་ཕེབས་ཚེ་མོས་འོ་མ་སྐྱོགས་གང་ཐོགས་ནས་བླ་མ་དཔོན་སློབ་ཀྱི་མདུན་བསུ་བྱུང་བ་སོགས་རྟེན་འབྲེལ་རང་འགྲིག་ཏུ་གྱུར། དེ་མཚུངས་སྐབས་དེར་ས་སྐྱོང་སྡེ་དགེའི་རྒྱལ་སྲས་ལ་རིམ་གྲོ་སོགས་ཇི་ལྟར་དགོས་མིན་ཀུན་མཁྱེན་འཇིགས་གླིང་དང་རྡོ་གྲུབ་དབང་རིན་པོ་ཆེ་རྣམ་གཉིས་ལ་བརྟག་ལུང་ཞུས་པས། གསུང་ལས་ས་སྐྱོང་ཉིད་ཀྱི་མངའ་རིས་དགེ་རྩེའི་ཡུལ་དུ་ཀུན་མཁྱེན་རང་གི་ཞལ་སློབ་ཕུར་པའི་རྣལ་འབྱོར་པ་འཇིགས་མེད་ངོ་མཚར་བཞུགས་པས་དེ་ཉིད་གདན་དྲངས་ནས་ཕུར་པའི་སྒྲུབ་ཆེན་དང་ཚེ་དབང་ཞུ་དགོས་པའི་བཀའ་ལུང་ལྟར། བློན་ཆེན་ཆེད་མངག་གིས་རྒྱལ་སར་སྤྱན་དྲངས་ཤིང་ས་དབང་ཡུམ་སྲས་དང་བཅས་པའི་ཐུགས་བཞེད་བསྐངས། རྗེ་ཉིད་ལ་སྲི་ཞུའི་བསྙེན་བཀུར་དཔག་ཏུ་མེད་པ་མཛད་ནས་དགོན་པ་གསར་འདེབས་ཀྱི་མཐུན་རྐྱེན་ཡོངས་སུ་རྫོགས་པ་བསྐྲུན། རྟེན་དང་བརྟེན་པའི་དངོས་པོ་རྣམས་གྲུབ་འཕྲལ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་དང་རྗེ་ཉིད་ཀྱི་དབུས་འདུས་པ་བརྒྱ་ཕྲག་ལ་ཉེ་བས་རབ་གནས་མཛད། གཉུག་མར་གནས་པའི་དགེ་འདུན་བཅུ་ཕྲག་འགའ་བྱུང་ནས་རྒྱལ་བསྟན་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བ་བྱས། ཁྱད་པར་རྗེ་ཉིད་ཀྱིས་ལོ་རེ་བཞིན་དབྱར་དགུན་གྱི་དུས་ཆོས་ཆགས་མེད་མཛད་དེ་རྫོགས་ཆེན་གསང་བ་སྙིང་ཐིག་གི་ཆོས་འཁོར་བསྐོར་བས་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། དཔལ་སྤྲུལ་སེམས་དཔའ་ཆེན་པོ། མདོ་མཁྱེན་བརྩེ་སོགས་བརྒྱུད་པ་ཟིན་ངེས་ཀྱི་ཞལ་སློབ་སྐྱེས་ཆེན་གྲངས་ཀྱིས་མི་ལང་པ་བྱོན། སྐབས་དེར་གཏེར་ཆེན་ཉི་མ་གྲགས་པའི་ཐུགས་སྲས་རྫ་མུ་ར་སྐུ་ཕྲེང་དང་པོ་རི་ཁྲོད་རིག་འཛིན་རྒྱ་མཚོ་ཞེས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་རོལ་དགེ་བའི་བཤེས་གཉེན་ཆེན་པོ་གང་རྫ་སྟོད་དུ་མགོས་ཟླུམ་ལུང་དུ་སྙིང་པོའི་སྒྲུབ་པ་ལ་བཞུགས་ཤིང་། ཕྱོགས་དེའི་སྐྱེ་བོ་ཐམས་ཅད་དགེ་སྡིག་བླང་དོར་གྱི་གནས་ལ་ཚུལ་བཞིན་བཀོད་ཅིང་། མུ་རའི་རྡོ་མཁར་ཆེན་མོ་ཞེས་གྲགས་པའི་བཀའ་བསྟན་དང་གཟུངས་སྔགས་བསམ་གྱིས་མི་ཁྱབ་པ་རྡོ་གླེགས་ལ་བརྐོས་པའི་ཆོས་ཀྱི་ཕུང་པོ་གཏོས་ཆེ་བ་ལྷ་མིའི་བསོད་ནམས་ཀྱི་དཔལ་དུ་བཞེངས་པ་སོགས་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་ཆེན་པོར་བཞུགས་པ་གང་གདན་སར་སྤྱན་དྲངས་ནས། དགོན་གསར་འོག་མིན་རིག་འཛིན་འཕེལ་རྒྱས་གླིང་གི་བསྟན་པ་གཏད་དེ་རྗེ་ཉིད་ཀྱི་གདུལ་བྱ་རེ་ཞིག་མཐའ་རུ་ཕྱིན་པའི་ཚུལ་གྱིས་དགུང་གྲངས་དྲུག་ཅུའི་སྐོར་ལ་ཞི་བར་གཤེགས་སོ། །དེ་རྗེས་སྤྲུལ་རབས་གཉིས་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ངོས་འཛིན་མཛད་པའི་རྫ་སྨད་ཁྲོ་ཤུལ་དུ་འཁྲུངས་པ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དང་། དེའི་ཡང་སྲིད་དགེ་རྩེ་འགབ་མར་སྐུ་འཁྲུངས་པ་འཇིགས་མེད་ཕྲིན་ལས་རྡོ་རྗེ། དེའི་སྐྱེ་སྲིད་བཤད་སྒྲུབ་ཉི་ཟླའི་འོད་ཟེར་བཅས་སྐུ་ཕྲེང་རིམ་བྱོན་གདན་སར་འཁོད་ནས་བསྟན་པ་མཐར་རྒྱས་སུ་སྐྱོང་པར་མཛད་དོ། །

[༢༣] འབར་ཆུང་འཇིགས་མེད་གོ་ཆ།

རིག་འཛིན་འཇིགས་མེད་གླིང་པ་དང་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་ཞལ་སློབ་ཁམས་པ་འཇིགས་མེད་རྣམ་བཞིའི་ཡ་གྱལ་འབར་ཆུང་འཇིགས་མེད་གོ་ཆ་ནི། ཡུལ་མདོ་ཁམས་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་ཆབ་འོག་ཟླ་ཀླུང་དལ་གྱིས་འབབ་པའི་འགྲམ་ངོགས་འབར་ཆུང་ཞེས་པའི་འབྲོག་སྡེ་རུ། ཡབ་ལྡོང་གི་དབང་ཕྱུག་རྒྱལ་མཚན་གྱི་རིགས་ལས་ཆད་པའི་སྙིང་དཀར་ཚེ་རིང་དང་བསྐྱེད་ཡུམ་ཐར་མོ་སྐྱིད་གཉིས་ཀྱི་བསྐྱེད་ཁྱིམ་དུ། སྤྱི་ལོ་༡༧༦༣པ་རབ་བྱུང་བཅུ་གསུམ་པའི་ཆུ་ལུག་རྒྱལ་ཟླའི་ཚེས་ཉེར་ལྔ་ཉིན་སྐུ་འཁྲུངས། དགུང་གྲངས་ལྔའི་སྐབས་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཡུལ་དེར་ཕེབས་ནས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྒོ་ནས་སངས་རྒྱས་སྟོང་དབང་གནང་བ་ཞུས། བྱིས་པའི་དུས་སུ་ལྷ་འདྲེའི་འཕྲུལ་གཟུགས་སྣ་ཚོགས་པ་དང་གྱང་དང་རྩིག་པ་སོགས་ཀྱིས་བར་ཆོད་པའི་དངོས་པོའང་ཐོགས་མེད་དུ་གཟིགས། དགུང་ལོ་བདུན་ལ་སོན་སྐབས་རྫོགས་ཆེན་སྐུ་རབས་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་ལ་གཙུག་ཕུད་ཕུལ་བས་པདྨ་ཆོས་དཔལ་ཞེས་མཚན་བསྩལ། རང་མོས་ཀྱི་དགེ་རྒན་མེད་པར་ཀློག་ལ་སྦྱངས་ཤིང་རིང་པོར་མ་ཐོགས་པར་བྱང་ཆུབ་པ་བྱུང་བས་ཐམས་ཅད་ཡ་མཚན་པ་བྱུང་། སྐུ་ན་ཅུང་སོན་ནས་རྗེ་བླ་མ་རི་ཁྲོད་རིག་འཛིན་རྒྱ་མཚོའི་དྲུང་ནས་རྫོགས་ཆེན་གསང་བ་སྙིང་ཐིག་གི་བཀའ་ཁྲིད་ཞག་བརྒྱའི་ཁྲིད་སྦྱངས་མཛད་པས་འཇིག་རྟེན་ལ་བློ་བཟློག་པའི་ངེས་འབྱུང་བཅོས་མིན་ཐུགས་རྒྱུད་ལ་འཁྲུངས། རྗེ་དེ་ཉིད་ལས་ཉི་གྲགས་ཆོས་སྐོར་གྱི་དབང་ལུང་གཙོ་བོར་གྱུར་པའི་ཟབ་ཆོས་མཐའ་ཡས་པ་གསན་བཞེས་གནང་རྗེས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ནས་ངེས་དོན་བསྟན་འཛིན་བཟང་པོའི་ཞལ་སྔ་ནས་ཟབ་ཆོས་མཐའ་ཡས་གསན་པ་སྟེ། རྗེ་ཉིད་ཀྱིས་མཛད་པའི་རང་རྣམ་ལས། དེ་ནས་ནང་དུ་ཆེར་མ་བསྡད་པར་རྫོགས་ཆེན་དགོན་དུ་འགྲོ་རྩིས་བྱས་པས་ཕ་རྒན་བློ་མི་འཐད་ཀྱང་ཕུ་བོ་དབང་རྒྱལ་འདིས་བདག་ཆོས་སྒྲུབ་པ་ལ་མཐུན་རྐྱེན་མ་གཏོགས་མི་མཐུན་གནོད་འགལ་དུ་འགྲོ་བའི་བྱ་བ་ཅུང་ཟད་ཀྱང་བྱས་པ་མེད་པས་མཐུན་རྐྱེན་གང་དགོས་སྦྱར་ཏེ། ཡོན་ཏན་མ་ལུས་པའི་འབྱུང་གནས་རྫོགས་ཆེན་དགོན་རུ་དམ་བསམ་གཏན་ཆོས་གླིང་དུ་ཕྱིན། ཡོངས་རྫོགས་བསྟན་པའི་མངའ་བདག་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོས་བླ་ཆེན་བླ་ཆུང་བརྒྱ་ཕྲག་བརྒལ་ངེས་ཀྱིས་གཙོས་ཁྲིད་ཞུ་བ་ལྔ་བརྒྱ་ལྷག་ཏུ་ཉེ་བར་ཟབ་ཆོས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཆེན་བསྩལ་བ་ཞུས། རྗེ་ཉིད་མཁས་པའི་གསུང་བཤད་རྒྱ་ཆེ་བས་དོན་ཁྲོལ་ལ་རྒྱས་བསྡུས་འཚམ་པས་གོ་བདེ་བ། སོ་སོའི་བློ་དང་འཚམ་ཞིང་འབྲེལ་ཆགས་པ་ཐམས་ཅད་གནད་ཐོག་ཏུ་མེ་བཙའ་ལྟར་གྱུར་པས་ཀུན་ལ་ཡིད་ཆེས་ཀྱི་དད་པ་ཐོབ་པ་སྟེ། རྫོགས་པའི་སངས་རྒྱས་དངོས་སུ་བྱོན་ཡང་འདི་ལས་གསུང་རྒྱུ་མེད་སྙམ་པས་ཡིད་ཚིམས་ཏེ་མི་ཟློག་པའི་དད་པའི་གནས་ལ་སྦྱར། ཆོས་འཇིག་རྟེན་གཉིས་ཀར་མཁྱེན་དཔྱོད་ཡངས་པས་ཁྲིད་ཞུ་པ་རྣམས་ཀྱང་བག་ཡང་བྱེད་རྒྱུ་མེད་པར་སྡེ་ཚན་མང་དུ་བགོས་ཏེ། ཚོ་རེར་ཁྲིད་དཔོན་དང་སྒྲིག་གནོན་མཁན་གྱི་དགེ་བསྐོས་རེ། འདོན་པ་བསྐུལ་བའི་དབུ་མཛད་རེ་བཅས་བསྐོ་བཞག་མཛད། ཐུན་བཞི་བཅད་པའི་དགེ་སྦྱོར་གྱི་ཉིན་མཚན་འདའ་བས་འདིར་སྣང་གི་སྤྱོད་པ་ཕར་ཆེར་དོར་བ་འདི་ལྟ་བུའི་རྒྱུན་སྐྱོང་རྒྱུ་བྱུང་ན་སངས་རྒྱས་པ་ལ་ཚེགས་མི་འདུག་སྙམ་པ་བྱུང་། ཁྲིད་ཞུ་རྣམས་ཀྱི་ཁྲོད་ནས་རབ་ཚེ་དང་སྒྲུབ་པ་སྙོམས་པ། འབྲིང་ལོ་མཚམས་བདུན་རེ་ངག་བཅད་བྱེད་པ། ཐ་མའང་ལོ་རེ་གཉིས་ཀྱི་མཚམས་དང་། རབ་ཤ་ཆང་གཉིས་ཀ་གཏན་སྤང་། འབྲིང་གི་ལོ་བདུན་རེ། ཐ་མས་ཀྱང་ལོ་ལྔ་གསུམ་རེ་སྤངས་པ། མ་ཎི་དུང་ཕྱུར་རེ་མ་སོང་བར་མཚམས་བྱེད་པ་སོགས་ཁས་ལེན་བྱེད་མཁན་གྱི་འུར་ལང་། མིང་ཐོ་བཀོད་དེ་སེམས་རྒྱུགས་ཀྱང་བཞེས་སོང་བས་བདག་ཀྱང་ཕྱིན། རང་གི་རྟོགས་ཚུལ་ཞུས་པས་སེམས་གནད་རྩད་གཅོད་ཀྱི་དྲི་བ་གནང་བྱུང་བར་ཞུ་མི་བདེ་བའི་རིགས་མ་བྱུང་བས། སྤྱིར་རྟོགས་ཚུལ་ལ་རིམ་གྱིས་པ་དང་གཅིག་ཆར་པ་གཉིས་ཡོད་པའི་དབང་རབ་གཅིག་ཆར་བ་བྱ་བ་དེར་འདུག་གསུངས། དབུགས་དབྱུང་གཟེངས་བསྟོད་མཛད་དེ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་། བདག་ལ་བྱང་ཆུབ་ཤིང་གི་ཕྲེང་བ་སེར་པོ་ཞིག་ཡོད་པས། རིན་པོ་ཆེའི་ཞལ་ནས། ཁྲིད་ཞུ་ལྔ་བརྒྱའི་ཁྲོད་ན་གནས་ལུགས་ཀྱི་དོན་རྟོགས་པ་ལ་སྤྱོད་ཡུལ་པ་དཀོན་མཆོག་བཀྲ་ཤིས་དང་། དགེ་རྩེ་ཕྲེང་བ་སེར་པོ་ཅན་དེ་གཉིས་ལས་ལྷག་པ་མ་བྱུང་ཞེས་སྐུ་མདུན་པ་རྣམས་ལ་བཀའ་ཕེབས་པར་གྲགས་པས། བདག་ལ་དགེ་རྩེ་ཕྲེང་སེར་ཅན་དུ་མིང་དུ་ཆགས། རིན་པོ་ཆེ་འདི་གོ་ས་མཐོ་ཡང་ཆེ་འགྱིངས་དང་དཀའ་ཚེགས་སོགས་ལ་མི་འཛེམ་པར་གཞན་རྒྱུད་ལ་ཕན་པའི་ཐབས་ཁོ་ན་ལྷུར་མཛད་པས་རྒྱལ་སྲས་འཕགས་པའི་རྣམ་ཐར་དང་མཚུངས། ཁྲིད་སྦྱང་གྲུབ་རྗེས་དགོན་ནང་དེར་མི་ཚོགས་མང་ཕྱིར་གང་བྱས་རྣམ་གཡེང་གི་ངང་ལ་ཤོར་ཆེ་བས་རི་ཁྲོད་གཅིག་ཏུ་ཕྱིན་པར་དགའ་སྙམ། དགོན་ཕུའི་ནགས་ཁྲོད་དུ་ཕྱིན་ཏེ་རྡོ་ཕ་ཝང་ཆེན་པོ་ཞིག་གི་འོག་བྲུས་ཏེ་བསྡད། དབྱར་དགུན་གྱི་འགྱུར་བ་དང་བྱ་རིགས་སྣ་ཚོགས་པའི་གྲེ་འགྱུར། འབབ་ཆུ་དྲག་པོའི་ཅ་ཅོ་སྒྲོག་པ་སོགས་སྐྱོ་ཤས་ངེས་འབྱུང་བསྐུལ་བའི་སློབ་དཔོན་དུ་བཟང་བས་དགེ་སྦྱོར་འཕེལ་བ་བྱུང་། རི་ཁྲོད་བླ་མ་བཛྲ་ཤྲཱིའི་དྲུང་དུ་རྩ་རླུང་གི་ཁྲིད་འཕྲུལ་འཁོར་དང་བཅས་པ་ཞིག་སྙིང་རུས་བསྐྱེད་དེ་བྱས། དཔོན་སློབ་གསང་སྔགས་བསྟན་འཛིན་གྱི་དྲུང་དུ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཁྲིད་དང་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཟུག་མའི་ཁྲིད་བཅས་ཞུས། ཨ་འཛི་བླ་མའི་དབོན་པོ་བློ་ལྡན་རི་ཁྲོད་དུ་བྱུང་བ་དང་ལྷན་དུ་རླུང་གི་འཕྲུལ་འཁོར་ལ་བརྩོན་པས་སྦྱང་། རི་ཁྲོད་ཕན་ཚུན་དུ་བཞུགས་མཁན་ཡང་ཤིན་ཏུ་མང་ཞིང་སྒྲུབ་ཁང་གསར་པ་ཡང་མང་དུ་ཆགས། ཚེ་དང་སྒྲུབ་པ་མཉམ་པའི་གྲུབ་པའི་དབང་ཕྱུག་བླ་མ་བསྟན་འཛིན་དཔལ་མཆོག་དགོན་ནང་ནས་སྐུ་མཚམས་གྲོལ་ཏེ་རི་ཁྲོད་དུ་བཅད་རྒྱར་ཕེབས། ཉི་གྲགས་གཏེར་བྱོན་པདྨ་དྲག་པོ་ཁྲོས་པ་དང་ཉང་གི་རྟ་ནག་ལྕགས་རལ་ཅན་གྱི་དབང་ལུང་ཞིག་ཞུས། བླ་མ་འདིས་རྟ་མགྲིན་ལ་བསྙེན་པ་དུང་ཕྱུར་མཛད་འདུག་པས་བྱིན་རླབས་དང་ནུས་པ་ཆེ་ཞིང་བརྩེ་བས་རྗེས་སུ་བཟུང་སྟེ་བསླབ་བྱ་མང་དུ་བསྩལ། བདག་གི་རྟ་མགྲིན་གྱི་བསྙེན་པ་ཞིག་ཀྱང་བཏང་བས་བསྙེན་རྟགས་ཀྱང་དགའ་རབ་བྱུང་བ་བླ་མའི་བྱིན་རླབས་སུ་མངོན། དགེ་སྦྱོར་གྱི་གཙོ་བོ་རང་སེམས་ཀྱི་ངོ་བོ་སྐྱོང་ཁུལ་བྱས། རྫོགས་ཆེན་རིན་པོ་ཆེས་རིགས་བདག་ཏུ་བསྐུར་བ་སྒྲུབ་དཔོན་བླ་མ་ཤ་བཞི་དགེ་སློང་ཞུ་བ་རི་ཁྲོད་པ་རྣམས་ཀྱི་རྟོགས་པའི་རྒྱུགས་བཞེས་པར་ཕེབས། བདག་གི་སེམས་ཀྱི་དོགས་གནས་ཞིབ་ཏུ་ཞུས་པས་རྗེ་འདིས་ཆོས་ཉིད་དགོངས་ཀློང་དུ་གྱུར་པའི་ཉམས་ཀྱི་བསླབ་བྱ་བསྩལ་བ་རྟོག་གེ་ཁ་བྱང་སྨྲ་བའི་གཡམ་རྒྱུག་ཀྱི་རྗེས་དཔག་དང་མི་འདྲ་བས་མོས་པ་ལྷག་པར་འཕེལ། བླ་མ་དགོན་ཐོག་ཏུ་ཕྱིར་ཕེབས་པའི་ཕྱག་ཕྱིིར་རི་ཁྲོད་པ་རྭ་ལོ་ཀུན་བཟང་འོད་ཟེར་ཞུ་བ་ཕྱིན་པས་གཟིམས་སྒོའི་ཟུར་ནས་ཉན་པ་ན། རྫོགས་ཆེན་རིན་པོ་ཆེའི་ཞལ་ནས། རི་ཁྲོད་པའི་ཉམས་རྟོགས་སུ་དྲག་པ་འདུག་ཅེས་བཀའ་འདྲི་མཛད་པར་དགེ་རྩེ་མཚམས་པ་ཞིག་གི་མཚམས་གཡོག་བན་གཞོན་ཞིག་འདུག་པ་དེ་ལས་ལྷག་མ་བྱུང་ཞེས་གསུང་འཕྲོས་མཛད་སོང་ཟེར། ཁོང་རི་ཁྲོད་དུ་སླེབས་མ་ཐག་ཏུ་ཀུན་ལ་དེ་ལྟར་བསྒྲགས་ཤིང་། བདག་ལ་ཁྱེད་ཁྱད་པར་འཕགས་པ་ཞིག་ཡིན་འདུག་ཟེར་ནས་ཧ་ལས་ལས་བྱེད། འགའ་ཞིག་གྲགས་པའི་རྗེས་སུ་འབྲངས་ཏེ་བདག་ལ་མོས་པ་བྱེད་ཁུལ་དང་སེམས་གནད་བསླབ་བྱ་དགོས་ཟེར་བ་དུ་མ་བྱུང་། མ་ཤི་བར་རི་ཁྲོད་འདི་ནས་མི་འགྲོ་བསམ་པ་བྱས་ཏེ་བསྡད་ཡོད་པའི་སྐབས་ཤིག་ན་ཆོས་གྲོགས་པདྨ་ཀུན་བཟང་ཕུ་བོ་ཤི་བའི་ཚབ་ཏུ་ཁྱིམ་སོ་འཛིན་པར་བསྐུལ་བ་ཁས་ལེན་མ་བྱས་པར་རྫོགས་ཆེན་རི་ཁྲོད་དུ་ཆོས་བྲོས་སུ་སླེབས། (པདྨ་ཀུན་བཟང་འདི་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ་ཡིན་མཆན།) འདིར་བསྡད་ན་ཕ་ཡུལ་དང་ས་ཐག་ཉེ་བས་ཆོས་གྲོགས་ལ་རྗེས་གཅོད་པ་འོང་བར་དོགས་པས་དབུས་གཙང་ཕྱོགས་སུ་འགྲོ་རྒྱུའི་ཐག་བཅད། སྒྲུབ་དཔོན་བླ་མ་ཆོས་ལྡན་ལ་རྫོགས་ཆེན་རིན་པོ་ཆེ་ལ་དགོངས་ཞུས་གནང་རོགས་ཞུས་པར། ཁོང་ནས་རིན་པོ་ཆེས་ཁྱོད་ལ་ཐུགས་བརྩེ་ཆེན་པོ་ཞིག་མཛད་གིན་འདུག་པས་ཁོང་མ་ཕེབས་བར་སྡོད་ལ་དེ་ནས་དགོངས་ཞུས་བྱས་ཏེ་ཕྱིན་ན་ལེགས་ཚུལ་གསུངས་པར། རིན་པོ་ཆེ་ནམ་ཕེབས་མེད་པས་དེ་བར་བསྡད་ན་ཆོས་གྲོགས་ལ་རྗེས་བསྙེགས་བྱུང་དོགས་ཡོད་ཚུལ་བཅས་ཞུས་ཏེ་ཕྱིན་ཉིན་ལམ་ལ་ཆས། ཞེས་སོགས་གསུངས། དེ་ནས་རིམ་པར་ཆོས་གྲོགས་པདྨ་ཀུན་བཟང་དང་ལྷན་དུ་ལྷ་སར་འབྱོར་ཞིང་གནས་མཇལ་གྲུབ་མཚམས་བསམ་ཡས་སུ་ཕེབས་པས་དེར་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་དང་མཇལ། སྔར་ནས་ཐུགས་འདྲིས་ཆེ་བས་དགྱེས་ཚོར་ཆེན་པོས་སྒྲུབ་ཁང་དུ་ཕེབས་ནས་གསུང་གླེང་ཞིབ་རྒྱས་གནང་བ་ན། གྲུབ་དབང་རིན་པོ་ཆེའི་ཞལ་ནས། སྤྱིར་དབུས་གཙང་འདི་ཆོས་དར་ས་ཡིན་ཡང་ཆོས་སེམས་མི་དཀར། སྒོས་ཁམས་པ་འཕུར་ཡང་བདེན་པ་མི་འཛིན། དབུས་གཙང་གཉིས་ལས་དབུས་པ་ལྟོགས། གནས་བཟང་ཡང་ཡུལ་འདི་པྲེ་ཏ་ཡིན། ཟན་སྒོང་གཅིག་གིས་ལྷ་ས་ལན་དགུ་སྐོར་བའི་དཔེ་ཡོད། ཁྱེད་དང་ངེད་གཉིས་བླ་མ་རྫོགས་ཆེན་རིན་པོ་ཆེའི་དྲུང་ནས་ཆོས་དམ་གཅིག་ཏུ་འབྲེལ་བའི་ཆོས་གྲོགས་ཡིན་པས་རང་རེ་གཉིས་ལྟོགས་གྲིར་ཤི་ཡང་མཉམ་ཤི་སོས་ཀྱང་མཉམ་སོས་བྱེད། ད་ཐོག་མར་ཁྱེད་རང་གཉིས་བླ་མ་བཟང་པོ་ཞིག་བསྟེན་པ་གཙོ་གནད་དུ་ཆེ་བས་ཡར་ཀླུང་འཕྱོང་རྒྱས་ཀྱི་ཕུ་ན་ཁོ་བོའི་བླ་མ་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མཁྱེན་བརྩེའི་འོད་ཟེར་ཞེས་སུ་གྲགས་པ་སངས་རྒྱས་དངོས་དང་ཁྱད་མེད་པ་ཞིག་བཞུགས། ཚུར་མཐོང་གི་སྐྱེ་བོ་དག་ཁ་ཟེར་བ་ཐོས་ཀྱང་བ་གླང་ལྟ་བུའི་སྐྱེ་བོ་རྣམས་ལ་ཅི་ཆ་ཡོད་དེ་དག་གི་རྗེས་སུ་འབྲངས་མི་འཚལ་སོགས་བསླབ་བྱ་མང་དུ་མཛད། མཇལ་དར་དུ་ཁ་བཏགས་བཟང་བ་དང་རས་ཡུག་དཀར་པོ་ཡུག་ཆེན་སྲིད་དུ་རིང་བ་ཞིག་དང་། རྗེ་བླ་མའི་ཕྱག་བྲིས་ཞིག་གནང་བ་བཅས་ཁྱེར་ནས་མཇལ་བར་ཕྱིན་པ་ན་ལམ་གྱི་མི་རེ་གཉིས་ལ་སྐད་ཆ་དྲིས་ཚེ་ཁོ་མུ་སྟེགས་པ་ཡིན་ཟེར་བ་སོགས་ཁ་གཏོང་མཁན་འབའ་ཞིག་ལས་བཟང་པོ་བཞུགས་ཟེར་མཁན་མ་བྱུང་། དྲུང་དུ་ཕྱིན་པས་མཁས་དང་གྲུབ་པའི་དབང་ཕྱུག་སངས་རྒྱས་དངོས་དང་མཚུངས་པའི་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་གཏེར་མཛོད་དུ་སྣང་ཞིང་། ཐུགས་བརྩེ་བ་ཆེན་པོས་ཀློང་ཆེན་རིག་འཛིན་འདུས་པའི་རྩ་དབང་དང་སྔོན་འགྲོ་ཁྲིད་གནད་བསྡུས་པ་ཞིག་གསུངས་ནས་རྗེས་སུ་བཟུང་། སྐབས་སྐབས་སུ་དམིགས་གནད་སོགས་ལ་རྒྱུགས་འབུལ་ཞུས་པས་ཁམས་པ་འདི་ཚོ་རིག་པ་དགའ་རབ་འདུག་ཅེས་མཉེས་ཚོར་མཛད། དེ་ལྟར་ཀུན་མཁྱེན་བླ་མའི་དྲུང་ནས་སེམས་གནད་ཀྱི་དོགས་པ་ཞིབ་ཏུ་བཅད་པས་གེགས་དང་གོལ་སའི་ཐེ་ཚོམ་སེལ་ནས་བླུན་སྒོམ་ཡིད་དཔྱོད་དང་བྲལ་བར་ངོ་རང་ཐོག་ཏུ་འཕྲོད་པའི་ཚུལ། ཉིད་ཀྱི་གསུང་མགུར་ལས། རྗེ་མཁྱེན་བརྩེའི་འོད་ཟེར་ཞལ་དཀྱིལ་མཇལ། །ཆོས་མན་ངག་གནད་འདུས་སྙིང་པོ་བསྩལ། །རས་དཀར་འཇམ་ཡུག་གི་མཇལ་དར་ཕུལ། །དེ་རྟེན་འབྲེལ་ལེགས་གསུང་ཞལ་འཛུམ་མཛད། །རྒྱུ་དངོས་པོ་ཆུང་ཡང་གནད་གཅིག་ལགས། །གསུང་ཞལ་གདམས་བདུད་རྩིའི་ཐིག་པ་བསྩལ། །ཞེན་བག་ཆགས་དབང་གིས་འཁོར་བར་འཕེན། །རང་སྐྱེ་བའི་ཕ་ཡུལ་སྤོངས་ཤིག་གསུངས། །གྲོགས་ཆགས་སྡང་ཅན་གྱི་གྲྭ་ས་རུ། །ཆོས་མི་ཡོང་དབེན་པར་བསྟེན་ཅིག་གསུངས། །ཕུག་འཁོར་བར་བསྐྱུར་བའི་གཉའ་གནོན་ཡིན། །དཀོར་གྲོང་ཆོག་རྙེད་འཚོལ་མ་བྱེད་གསུངས། །ཆོས་བྱང་ཆུབ་སྒྲུབ་པའི་གེགས་ཡིན་པས། །སེམས་འདུ་འཛིའི་གཡེང་བ་སྤོངས་ཤིག་གསུངས། །ལར་ངན་འགྲོར་འཁྲིད་པའི་ལམ་མཁན་ཅན། །གྲོགས་ཆོས་དང་མི་མཐུན་མ་འགྲོགས་གསུངས། །བློ་བླ་མ་དཀོན་མཆོག་གསུམ་ལ་གཏོད། །དུས་ནམ་ཡང་བསླུ་བ་མི་སྲིད་གསུངས། །ལར་སྐྱིད་སྡུག་ལེགས་ཉེས་རྣམ་རྟོག་ཡིན། །གཞི་རྩ་ཆོད་ལ་ལྷོད་ཅིག་གསུངས། །ཆོས་ཡོན་ཏན་རིན་ཆེན་མཛོད་ཆེན་འདི། །ལམ་གོལ་འཆུགས་སྤང་ཕྱིར་ཟུངས་ཤིག་གསུངས། །ཆོས་ཀུན་གྱི་རྩ་བ་བྱང་སེམས་ཡིན། །དོན་ཀུན་རྫོབ་དོན་དམ་ལ་འདུ་གསུངས། །ཚོགས་གཉིས་ལ་མ་བརྟེན་སངས་རྒྱས་མེད། །ལམ་ཕར་ཕྱིན་དྲུག་ལ་བརྟེན་ཅིག་གསུངས། །ལར་རོ་སྙོམས་ལམ་དུ་སློང་ཤེས་ན། །རྐྱེན་ངན་པ་དགེ་བའི་གྲོགས་ཡིན་གསུངས། །ནང་བློ་འདས་ཀྱི་རྟོགས་པ་ཤར་བའི་ཚེ། །ཡེ་གདོད་མའི་ཀློང་ན་གཉིས་མེད་གསུངས། །དོན་ཚུལ་བཞིན་ཉམས་སུ་བླངས་གྱུར་ན། །ཕུགས་བསམ་པ་ཡིད་བཞིན་འགྲུབ་བོ་གསུངས། །སེམས་རང་རིག་ཆོས་སྐུར་ངོ་སྤྲོད་མཛད། །ཅེས་སོགས་རྟོགས་པ་ཀློང་དུ་གྱུར་པའི་གསུང་བྱོན། དེ་ནས་ཡར་ཀླུང་ཕྱོགས་ཀྱི་རྟེན་གནས་ཐམས་ཅད་མཇལ་བཞིན་བསམ་ཡས་སུ་རྡོ་གྲུབ་རིན་པོ་ཆེ་བཞུགས་པའི་དྲུང་དུ་ཕྱིན་པ་ན་དཔོན་སློབ་རྣམས་ལྷན་དུ་གངས་རི་ཐོད་དཀར་དུ་ཕེབས་ཏེ་དཀའ་སྤྱད་ཆེན་པོས་སྒྲུབ་པར་བཞུགས། སྐབས་ཞིག་རྡོ་གྲུབ་རིན་པོ་ཆེའི་ཞལ་ནས། གཙང་རྒྱལ་རྩེ་ཕྱོགས་སུ་བྱང་གཏེར་གྱི་ལམ་ནས་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་རིག་འཛིན་པདྨ་བཤེས་གཉེན་ཞུ་བའི་ཁྱད་པར་ཅན་ཞིག་བཞུགས་སྐད་འདུག་པ་ཁོང་ལས་རྫོགས་ཆེན་རིན་པོ་ཆེས་ཀྱང་བཀའ་ཆོས་མང་པོ་གསན་འདུག་པས་བཟང་པོ་ཞིག་ཡོད་པ་ཡིན་ངེས་པས་ཆོས་ཤིག་ཞུ་ཨེ་ཐུབ་ལྟ་གསུངས། དཔོན་སློབ་རྣམས་སྐུ་ཚེགས་ཆེད་དུ་བསད་ནས་ཕེབས་པའི་ལམ་བར་དུ་རྡོ་གྲུབ་རིན་པོ་ཆེའི་ཞབས་རྐང་ཆུ་སེར་གྱི་བསྙུན་གྱིས་ཉིན་རེ་ཆུ་ཕོར་བ་གང་རེ་ཙམ་རྡོལ་བ་དང་། རྗེ་འདིའི་སྐུ་ལུས་ཡོངས་རླུང་གིས་སྦོས་ཏེ་ནུབ་གཅིག་འདས་སོང་སྙམ་པ་ལྟ་བུ་བྱུང་ཚེ་རི་དྭགས་རྣ་བའི་རུས་པ་ཞིག་རྙེད་པ་ཆུ་ནང་དུ་བསྐོལ་བ་བཞེས་པས་དབུགས་སོས་པ་བྱུང་བ་སོགས་ཆོས་ཕྱིར་དཀའ་སྤྱད་ཀྱི་མཛད་པ་བསམ་གྱིས་མི་ཁྱབ། རིག་འཛིན་པདྨ་བཤེས་གཉེན་གྱི་ཞལ་མཇལ་ནས་རྡོ་རྗེ་ཕག་མོའི་ཟབ་རྒྱའི་དབང་ཁྲིད་ཀྱི་ཆོས་སྒོ་ཐོག་མར་ཕྱེས་པ་ནས་ཟབ་ཆོས་མང་དུ་གསན། རྡོ་གྲུབ་རིན་པོ་ཆེ་ལྷ་སར་ཕེབས་པར་འཇིགས་མེད་རྒྱལ་བའི་མྱུ་གུས་སྐྱེལ་མ་མཛད་ཅིང་། རྗེ་འདི་ལོ་གཅིག་རིང་གནས་འདིར་སྒྲུབ་པར་བཞུགས་རྒྱུའི་དམ་བཅའ་མཛད་དེ་བཞུགས། འདི་སྐབས་ཉམས་རྟོགས་ལ་བོགས་བསྐྱེད་སྔར་ལས་ལྷག་པ་བྱུང་བའི་གསུང་བྱོན་པ་ནི། བདག་ཆོས་མེད་སྤྲང་པོ་མདོ་ཁམས་པ། །ཚེ་འདིའི་སྙན་གྲགས་མི་ཆེ་ཡང་། །ཕ་མཚན་ལྡན་བླ་མའི་བཀའ་དྲིན་གྱིས། །ཆོས་ཉམས་ལེན་གནད་ཀྱི་སྙིང་པོ་ལོན། །སེམས་སྒོམ་མེད་གཉུག་མའི་རང་བཞིན་མཐོང་། །དེར་འཛིན་མེད་དམིགས་པའི་འཇུར་སྒོམ་བྲལ། །བློས་མ་སླད་ཤེས་པ་ཟངས་ཀ་མ། །ཡེ་གདོད་ནས་སྤྲོས་པ་བྲལ་བ་མཚར། །ང་ཡེངས་མེད་སྒོམ་པའི་རྣལ་འབྱོར་བདེ། །ནང་ཆོས་ཉིད་འོད་གསལ་ཉི་མ་ཤར། །བློ་གཏི་མུག་མུན་པ་རང་སར་སངས། །ཡེ་ཀ་ནས་དག་པ་གདོད་མའི་ངང་། །སེམས་འཁྲུལ་རྟོག་བློ་ཡི་སྤུ་རིས་ཡལ། །བཀའ་མདོ་རྒྱུད་ལ་སྦྱངས་པ་ཆེར་མེད་ཀྱང་། །གནད་རྟོགས་པ་དཀའ་བའི་གནས་ལུགས་ཤེས། །འདི་མོས་གུས་ཀྱིས་ཕ་ཕོགས་ཐོབ་པ་ཡིན། །དུས་གསུམ་གྱི་བག་ཆགས་འགའ་ཡང་དྲན། །འདི་བསམ་བཞིན་མཚན་ལྡན་བླ་མའི་དྲིན། །ཞེས་སོགས་གསུང་མགུར་མང་དུ་མཛད། དེ་ནས་རེ་ཞིག་ན་དཔལ་གྱི་ཙ་རི་ཏྲར་ཕེབས་རྒྱུའི་ཐུགས་འདུན་ཡོད་ཚུལ་རྗེ་བླ་མ་ལ་ཞུས་པ་ན། ཞལ་ནས། ཁྱོད་ཙ་རི་ནས་རེ་ཞིག་འདི་ཕྱོགས་སུ་སླེབས་པ་མི་ཡོང་། ཁོ་བོའང་ན་ཚོད་ཡོལ་བས་སྐྱེ་བ་འདིར་མཇལ་ཐུབ་པ་ཞིག་མི་ཡོང་གསུངས་ནས་ཞལ་གདམས་བསླབ་བྱ་ཕྱི་མཐའ་གཟིགས་པའི་ལུང་བསྟན་བསྩལ་ནས་ཞལ་གྱེས་ཞུས། ལྷ་ས་དང་། ཡེར་བ་བརྒྱུད་བསམ་ཡས་ཕྱོགས་སུ་ཕེབས། བསམ་ཡས་མཆིམས་ཕུ་དང་། བྲག་དམར་ཀེའུ་ཚང་། ཤེལ་བྲག ཨོ་རྒྱན་ཆེན་པོའི་གཟིམས་ཕུག་གུར་དཀར་ཕུག་སོགས་སུ་གནས་འབྲེལ་ཚོགས་མཆོད་དང་རོ་སྙོམས་ཀྱི་སྤྱོད་པ་སྐྱོང་བཞིན་དོན་མཁར་ཚེ་རིང་ལྗོངས་སུ་བྱོན། ཀུན་མཁྱེན་བླ་མ་རིགས་འཛིན་འཇིགས་མེད་གླིང་པའི་དགྱེས་ཞལ་ཐེངས་གཉིས་པ་མཇལ་ཏེ་ཀློང་ཆེན་སྙིང་ཐིག་གི་རྩ་ཁྲིད་དང་། འཕོ་བ། རྩ་རླུང་གི་ཁྲིད། དཔལ་ཆེན་རིགས་བཞིའི་དགོས་དབང་ཞུས། ཞལ་ནས་ཡང་དག་འདིའི་བཀའ་ཁྱོད་ལ་བབ་པ་ཞིག་འདུག་པས་ཉམས་སུ་ལོངས་དང་རྟགས་མཚན་ཞིག་འབྱུང་བར་འདུག་སོགས་བརྩེ་བས་རྗེས་སུ་བཟུང་སྟེ་སྙན་བརྒྱུད་ཀྱི་གདམས་པ་བསྩལ་ཚུལ། ཉིད་མཛད་རང་རྣམ་ལས། རྗེ་ཐམས་ཅད་མཁྱེན་པ་འཇིགས་མེད་གླིང་། ཁོང་ནམ་མཁའ་ལྟ་བུའི་རྣལ་འབྱོར་མཇལ། །དཔལ་ཡང་དག་རྟོགས་པའི་བཀའ་བབས་གནང་། །ཆོས་མན་ངག་རྫོགས་ཆེན་ངོ་སྤྲད་མཛད། །གནད་དཀའ་བའི་མདུད་པ་དབྱིངས་སུ་བཀྲལ། །རྗེ་ཐམས་ཅད་མཁྱེན་པ་འཇིགས་མེད་གླིང་། །བུ་མོས་གུས་ཅན་ལ་ངང་ནས་གཟིགས། །ཐུགས་ཆོས་སྐུའི་ཀློང་དུ་དབྱེར་མེད་འདྲེས། །ང་གཏན་གྱི་འདུན་མ་ལེགས་ཏེ་བྱུང་། །ཞེས་སོགས་ཐུགས་ཡིད་ཚིམས་པའི་གསུང་བྱོན། དེ་ནས་གཉལ་གྱི་གནས་རྣམས་མཇལ་བཞིན་ཙ་རིའི་གནས་ནང་དུ་ཞབས་སོད་འཁོད་ཅིང་། ཆོས་ཟམ་གདོང་། གཅིག་ཆར། ལ་བ་ཕུག མི་ལྤགས་ཐང་། སྟག་མ་ལ། ཕོ་བྲང་གཡུ་མཚོ། སྟག་ཚང་དོམ་ཚང་སོགས་སུ་ཞག་སྒྲུབ་དང་སྦྱིན་སྲེག་ཚོགས་མཆོད་འབུལ་ཅི་འགྲུབ་འབུལ་བཞིན་ཕེབས། ཟབ་ལམ་རྡོ་རྗེའི་ར་བ་རུ་སྒྲུབ་སྒོ་འདག་སྦྱར་གྱིས་མཚམས་ལ་ཡུན་རིང་བཞུགས་སྐབས་སྣང་ཉམས་སྣ་ཚོགས་པ་བྱུང་ཚུལ་གསུང་མགུར་ལས། གནས་མཁའ་སྤྱོད་གཉིས་པ་ཙ་རི་ཏྲའི། །དཔལ་ཟབ་ལམ་རྡོ་རྗེའི་ར་བ་རུ། །ང་རྣལ་འབྱོར་ཉམས་འཆར་དབྱངས་སུ་ལེན། །ཕུ་རྡོ་རྗེའི་དཀྱིལ་ལོ་ཀྲུང་འདྲ་བ། །དཔལ་རྟ་མཆོག་རོལ་བའི་གཞལ་ཡས་ཁང་། །གཡས་སེང་ཆེན་འགྱིང་འདྲའི་གནས་མཆོག་ལ། །མ་མཁའ་འགྲོའི་གྲོང་ཁྱེར་འབུམ་ཕྲག་རྒྱུ། །འཁོར་ཤ་ཟ་མཁའ་འགྲོའི་དྲོད་ཚད་ཉུལ། །ང་རོ་སྙོམས་ལམ་སློང་རྣལ་འབྱོར་པ། །རྐྱེན་ངན་པ་ས་ལམ་གྱི་བོགས་སུ་གྱུར། །རི་རྨོག་ལྕོག་འདྲ་བའི་མདུན་ས་རུ། །ལྷ་དགེ་བསྙེན་ཤ་ཡི་ར་བ་ཅན། །འཁོར་ལྷ་བཙན་འབུམ་གྱི་རྒྱུག་འབྲང་བྱེད། །ང་དམ་ལྡན་རྣལ་འབྱོར་ཕྲིན་ལས་སྒྲུབ། །རྒྱབ་གླང་ཆེན་འདྲ་བའི་རི་བོ་ལ། །ཡུམ་མཁའ་འགྲོའི་གཙོ་མོ་ཕག་ཞལ་ཅན། །ནང་དག་པ་རྩ་ཡི་དཀྱིལ་འཁོར་བསྟན། །ལམ་བདེ་ཆེན་ཡེ་ཤེས་བསྐྱེད་པའི་གྲོགས། །སེམས་ལྷན་སྐྱེས་གཉུག་མའི་ཡེ་ཤེས་བསྟན། །ཞེས་དང་། ཕ་མཁས་པའི་དབང་ཕྱུག་ཞབས་དྲུང་ནས། །གནས་ཙ་རི་ཏྲ་རུ་སྒྲུབ་ལ་ཆས། །ལྕམ་སྒྲུབ་སྡེར་ཁྲོས་མ་བསྙེན་པའི་ཚེ། །གནས་དེ་ཉིད་བདེ་མཆོག་ཕོ་བྲང་མཐོང་། །སེམས་དད་པའི་ཤུགས་ཀྱིས་བསྟོད་ཚོགས་ཕུལ། །གནས་ཟབ་ལམ་རྡོ་རྗེའི་བ་ར་རུ། །ང་རྩེ་གཅིག་སྒྲུབ་པར་སྙིང་པོར་དྲིལ། །གནས་ཕྱི་ནང་བཀོད་པའི་ཁྱད་པར་མཐོང་། །དཔལ་རྩ་གསུམ་ལྷ་ཡི་རང་ཞལ་མཇལ། །མ་མཁའ་འགྲོས་བརྡའ་ཆོས་དག་སྣང་བསྟན། །གནས་གཉན་ཁྲོད་བརྟུལ་ཞུགས་སྤྱོད་པ་བསྐྱངས། །ཞེས་སོགས་གསུངས་པ་ལྟར་ཐུགས་དམ་བོགས་འདོན་ཆེན་པོ་བྱུང་བཞིན་ཕྱིར་ལྷ་སར་ཕེབས། སླར་ཡང་བསམ་ཡས་བརྒྱུད་རིགས་བདག་བླ་མ་ཀུན་མཁྱེན་འཇིགས་མེད་གླིང་པའི་དྲུང་དུ་བཅར་ཏེ་ཀུན་མཁྱེན་ཉིད་ཀྱི་གསུང་འབུམ་ཆ་ཚང་བའི་བཀའ་ལུང་དང་། དགོངས་གཏེར་ཡོངས་རྫོགས་ཀྱི་དབང་ཁྲིད་གསན། དབང་གི་སྐབས་རྣམས་སུ་དབང་རྫས་གཞན་མེད་པར་མགུར་ཕུར་ལ་བརྟེན་ནས་བསྐུར་བར་མཛད་ཅིང་། ཞལ་ནས་སློབ་དཔོན་ལྟ་བའི་གདེངས་དང་ལྡན་པས་སློབ་མ་གནས་ལུགས་ཀྱི་དྲོད་ཚད་བརྙེས་པ་ལ་རྫས་ལ་བརྟེན་མི་དགོས་ཏེ་དོན་གྱི་དབང་ཡིན། གཞན་ལ་གཞུང་བཞིན་ཆོ་གའི་ཡན་ལག་མ་ཉམས་པར་ཉམས་སུ་མ་བསྟར་བར་བསྐུར་མི་རུང་གསུངས། དེ་ནས་ཨོ་རྒྱན་གླིང་ཡང་དགོན་དུ་ལོ་ངོ་ལྔ་ལྷག་སྒྲུབ་པ་ལ་བཞུགས་ཤིང་དུས་འདི་ཙམ་ནས་ཕྱོགས་དང་ཕྱོགས་ནས་གདམས་ངག་ཞུ་བ་བྱུང་བ་ཀུན་དབང་ཆོས་ཀྱི་རྗེས་སུ་འཛིན་པར་མཛད། རེ་ཞིག་ན་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ཕྱིར་ཁམས་ཕྱོགས་སུ་མ་ཕེབས་ཐབས་མེད་ཡིན་པའི་གསུང་བྲིས་བཀའ་ནན་འབྱོར་བ་ལྟར་སྐུ་མཚམས་ལས་བཞེངས་ཏེ་ལམ་ལ་ཆས། ལྷོ་བྲག་གི་གནས་ཆེན་རྣམས་དང་སྐུ་གསུང་ཐུགས་རྟེན་ལ་མཇལ་བཞིན་ཕེབས་པ་དང་ཆོས་འབྲེལ་ཞུ་མཁན་ཀུན་ལ་མོས་ཁམས་དང་མཐུན་པའི་ཟབ་ཆོས་ཀྱིས་རྗེས་སུ་འཛིན་པར་མཛད། སྲས་མཁར་དགུ་ཐོག་ཏུ་རྗེ་བཙུན་མི་ལའི་རྣམ་རོལ་རྡོ་རྗེ་འཛིན་པ་ངག་དབང་ཆོས་བཟང་དང་མཇལ་བས་ཕན་ཚུན་ཚེ་རབས་སྔ་མའི་བག་ཆགས་སད་དེ་ཕ་བུ་འཕྲད་པ་ལྟ་བུའི་ཐུགས་དགྱེས་པ་ཆེན་པོས་ཟབ་ཆོས་གདམས་ངག་འབུལ་བཞེས་མཛད། འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་གྱེས་ཏེ་ལམ་བར་གྱི་གནས་རྟེན་རྩ་ཆེན་རྣམས་ལ་མཇལ་སྐོར་དང་ཚོགས་མཆོད་འབུལ་བཞིན་བཤུལ་ལམ་རིམ་བགྲོད་ཀྱིས་ཕེབས་པས་རྗེ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཞབས་དྲུང་དུ་འབྱོར། རྗེ་བླ་མ་སྐུ་བགྲེས་ཚུལ་བཞེས་འདུག་པས་ཐུགས་དགའ་སྐྱོ་འདྲེས་མས་རེ་ཞིག་གསུང་ལན་ཡང་འབུལ་མི་ཐུབ་པ་ལྟ་བུ་བྱུང་གསུངས། ཟླ་གཅིག་ལྷག་བཞུགས་རིང་རྗེ་བླ་མའི་ཞལ་སྔ་ནས་མཛོད་བདུན་སོགས་འདོད་ཆོས་མང་དུ་ཞུས་ནས་རང་ཡུལ་དུ་ཕེབས་ཙམ་མཛད། དེ་ནས་མཁས་གྲུབ་དུ་མའི་གདན་ས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཕེབས་ཏེ་རྒྱལ་ཚབ་པདྨ་གསང་སྔགས་བསྟན་འཛིན་དང་། མཆོག་སྤྲུལ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ཡབ་སྲས་ལས་བཀའ་མ་འདུས་པ་མདོ་དབང་དང་། སེམས་སྡེ་ཨ་དོན་བཅོ་བརྒྱད། གཏེར་མ་བཀའ་བརྒྱད་རྣམ་གསུམ་བཅས་ཀྱི་དབང་ལུང་གསན་བཞེས་གནང་བ་དང་། ཕར་ལ་བྱང་གཏེར་ཀ་དག་དགོངས་པ་ཟངས་ཐལ། ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན། ཕག་མོ་ཟབ་རྒྱ་རྣམས་ཀྱི་དབང་ལུང་ཁྲིད། རཏྣའི་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས། ཀུན་མཁྱེན་ལྔ་པའི་གསང་བ་རྒྱ་ཅན་ཡོངས་རྫོགས། དུང་མཚོ་རས་པའི་ཡང་ཏི། མཁའ་འགྲོ་སྙིང་ཐིག་བཅས་ཀྱི་དབང་ལུང་ཕུལ། རིམ་གྱིས་བཤད་སྒྲུབ་བསྟན་པའི་འབྱུང་གནས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ནས་རྗེ་ནམ་མཁའ་ཚེ་དབང་མཆོག་གྲུབ་ལས་བཀའ་མ་སྒྱུ་འཁྲུལ་ཞི་ཁྲོའི་དབང་དང་། ལུང་རྒྱུན་ཤིན་ཏུ་དཀོན་པ་ཁྲོས་མའི་གསང་རྒྱུད་གྱི་ལུང་དང་གཞན་ཡང་ཆོས་བཀའ་འགའི་དབང་ལུང་གསན། སླར་རང་ཡུལ་དུ་ཕེབས་ནས་ཞང་པོ་སོགས་ཉེ་འབྲེལ་རྣམས་ལ་དབང་ཆོས་ཀྱིས་འབྲེལ་བ་དང་སྨོན་ལམ་ཟབ་མོ་མཛད་དེ་དབུས་ཕྱོགས་སུ་ཕེབས་ཞལ་ཕྱོགས། བསམ་གཏན་གངས་བཟང་དུ་མ་སླེབས་ཙམ་ནས་ཡུལ་ལྷས་བསུ་བའི་རྟགས་མཚན་བྱུང་བ་སོགས་རྟེན་འབྲེལ་གྱི་ལེགས་ཚོགས་ཆེར་འཕེལ་ངང་གཉུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྒྲུབ་གནས་ཁུ་ལུང་དུ་འབྱོར། ས་མོ་ལུག་གི་ལོར་སྡེ་དཔོན་སྐྱིད་གཤོངས་པ་དང་གཡུང་དྲུང་དར་རྒྱས་གླིང་གཉིས་ཀས་སྦྱིན་བདག་མཛད་དེ་དབེན་གནས་ཕྲིན་ལས་རབ་རྒྱས་གླིང་ཞེས་པའི་དབེན་དགོན་ཕྱག་བཏབ་ཏེ་སྐུ་མཚམས་ལ་བཞུགས། འདི་སྐབས་འཇམ་མགོན་ས་སྐྱ་གོང་མ་རིན་པོ་ཆེའི་དབུའི་བླ་མར་གདན་ཞུས་ཀྱི་བཀའ་ཤོག་ཕེབས་པ་ལྟར་ས་སྐྱ་གོང་དུ་བྱོན། གོང་མ་རིན་པོ་ཆེ་ལ་ཐོག་མར་རྟེན་འབྲེལ་གྱི་ཆེད་དུ་ཚེ་དཔག་མེད་འཆི་མེད་དཔལ་སྟེར་གྱི་ཚེ་དབང་དང་། དེ་ནས་རིམ་བཞིན་ཤར་གཏེར་དཀོན་མཆོག་སྤྱི་འདུས། རྒོད་ལྡེམ་པའི་རིག་འཛིན་གདུང་སྒྲུབ་རྣམས་ཀྱི་དབང་ལུང་། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་ལུང་སོགས་ཟླ་བ་བཞིའི་རིང་ཟབ་ཆོས་མཐའ་ཡས་པ་ཕུལ། འདི་སྐབས་འཇམ་མགོན་གོང་མ་རིན་པོ་ཆེའི་གཟིགས་སྣང་དུ་རྗེ་འདི་ཨོ་རྒྱན་སྣང་སྲིད་ཟིལ་གནོན་དུ་མཇལ་བ་བྱུང་གསུངས་པ་དང་། བསྙེན་བཀུར་རྒྱ་ཆེན་པོའི་ཕེབས་སྐྱེལ་དང་བཅས་ཕྱིར་སྒྲུབ་ཁང་དུ་ཕེབས་ནས་ཐུགས་དམ་སྙེན་སྒྲུབ་ལ་བཞུགས་ཤིང་བར་མཚམས་རྣམས་སུ་དབང་ཁྲིད་ཀྱིས་གདུལ་བྱ་རྗེས་སུ་འཛིན་པར་མཛད་དོ། །དེ་ལྟར་རྗེ་ཉིད་དགུང་ལོ་ཞེ་གཅིག་ཡན་གྱི་རང་རྣམ་ཉུང་བསྡུས་རྣམ་གསལ་ཞེས་པ་མགུར་ཚོགས་དང་བཅས་པོད་ཆེན་གཅིག་བཞུགས་པ་ལ་གཞི་བྱས་ནས་མདོར་བསྡུས་སུ་བཀོད་པ་ཡིན་ལ། སྐུ་ཚེའི་སྨད་ཀྱི་རྣམ་ཐར་ལག་སོན་མ་བྱུང་བས་ཐེངས་འདིར་ཞུ་བ་རྔོ་མ་ཐོགས་པས་སླད་ཕྱིན་ཁུངས་བཙུན་གྱི་ངག་རྒྱུན་སོགས་གོ་ཐོས་བྱུང་ཚེ་འདིར་ཁ་སྐོང་མཛད་པར་ཞུ་ཞེས་གསོལ་བ་འདེབས་པའོ། །

[༢༤] རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ།

རིག་འཛིན་འཇིགས་མེད་གླིང་པ་དང་རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་ཞལ་སློབ་མཆོག་གྱུར་རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ་ནི། བོད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ཡ་གྱལ་འབྲི་རྫ་ཟལ་མོ་སྒང་གི་སའི་ཆ། ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཀྱི་བྱང་ཕྱོགས་ཟླ་ཀླུང་དལ་གྱིས་འབབ་པའི་འགྲམ་ངོགས། བྱང་ཐང་མེ་ཏོག་གི་སྐྱེད་ཚལ་ཉམས་དགའ་བའི་ཡུལ་ལྗོངས་བྱང་འབྲོག་དགེ་རྩེའི་ནང་ཚན་འོམ་བུ་གོང་མའི་གནས་ཀྱི་གཡས་ཞོལ་ཆུ་བཟང་ལུང་དུ་འབོད་པའི་ནོར་འཛིན་གྱི་ཐིག་ལེ་རུ། ཡབ་མང་དགེའི་ཨོ་རྒྱན་བཀྲ་ཤིས་ཞེས་བོད་ཀྱི་རུས་ཆེན་བཞི་ལས་ལྡོང་གི་རིགས་ལས་ཆད་པ་དེ་དང་། ཡུམ་བཀྲ་ཤིས་སྐྱིད་ཅེས་པ་དད་བརྩོན་སྙིང་རྗེ་ཆེ་ཞིང་དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་དེ་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༧༦༥པ་སྟེ་བོད་རབ་བྱུང་བཅུ་གསུམ་པའི་ས་སྐྱོང་ཞེས་པ་ཤིང་མོ་བྱ་ཡི་ལོ་ལ་སྐུ་འཁྲུངས་ཤིང་མཚན་པདྨ་ཀུན་བཟང་ཞེས་གསོལ། ཆུང་ངུ་ནས་ངེས་འབྱུང་དང་སྙིང་རྗེ་སོགས་སར་གནས་སེམས་དཔའི་མངོན་རྟགས་ལྷན་སྐྱེས་སུ་མངའ་བ་ཞིག་སྟེ། རྗེ་ཉིད་ཀྱི་རང་རྣམ་ལས། ངོས་བྱིས་པ་མནོ་བསམ་ཤེས་པ་ནས་བཟུང་སྲིད་པའི་དཔལ་འབྱོར་ལ་སྙིང་པོ་མེད་པའི་ཡིད་ཆེས་གཏིང་ནས་རྙེད་ཅིང་། ཁྱད་པར་ཁྱིམ་གྱི་ཉེས་དམིགས་ལ་སྐྱོ་ཤས་རྒྱུན་ཆགས་སུ་ཡོད་པའི་ཁར། ནམ་ཟླ་སོས་ཀའི་དུས་སུ་ཆར་སྤྲིན་ལང་ལོང་དུ་གཡོ་ཞིང་འབྲུག་སྒྲ་དལ་བུར་སྒྲོགས་པ་འགས་རྐྱེན་བྱས་ཏེ། རི་འགོ་མཐོ་བ་དང་དབེན་ས་འབའ་ཞིག་ཡིད་ལ་དྲན་ནས་སྡོད་མི་ཚུགས་པ་ལྟ་བུ་དང་། དཀོན་མཆོག་ལ་དད་པ་དང་རབ་ཏུ་བྱུང་འདོད་ཀྱི་བསམ་པ་ནར་མར་ཡོད་པ་གཞིར་བཅས་ཀྱང་། མ་རྒན་མ་གཏོགས་ཕུ་བོ་སོགས་ཉེ་དུ་གཞན་རྣམས་ཚེ་འདིའི་སྣང་ཤེས་ཁོ་ན་ལ་གཙོ་བོར་བྱེད་པ་འཁོར་བ་པའི་མཚན་ཉིད་ཡིན་གཤིས། ང་རང་ལ་ཁྱིམ་སོ་འཛིན་དགོས་ཟེར་བ་ལས་ཆོས་ལམ་དུ་འཛུད་འདོད་ཀྱི་བློ་གཏན་ནས་མི་སྣང་ཡང་ཨ་མ་རྒན་མོ་ཆོས་དད་ཆེ་བས་མཐུན་རྐྱེན་གང་དྲག་བྱས་པ་དང་། ང་རང་སྔོན་བསགས་ཅུང་ཟད་དཀར་བའི་མཐུ་ལས་བར་གཅོད་གཞན་དབང་དུ་མ་སོང་། ཞེས་གསུངས་པ་ལྟར་རོ། །དགུང་གྲངས་བཅུ་གཉིས་ཙམ་ན་སྟོང་སྐོར་ནས་འོང་བའི་ཨ་མཆོད་ཞིག་ལས་ཡི་གེའི་སྦྱོར་ཀློག་སྦྱངས་པ་དང་། བཅུ་བཞི་པ་ལ་ཕ་ཡབ་གྲོང་པའི་མཆོད་བསྔོའི་ཆེད་དུ་དབུས་ཕྱོགས་ཀྱི་བསམ་ཡས་སོགས་ཆོས་སྡེ་ཆེན་མོའི་ལྷ་རྟེན་གཙུག་ལག་ཁང་ཐམས་ཅད་ལ་མཇལ་ཕྱག་མཛད་ནས་རང་ཡུལ་དུ་ཕྱིར་ཕེབས། དུས་དེ་ཙམ་ན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་མཚན་ཙམ་ཐོས་པའམ་གསུང་མགུར་གྱི་ཆ་ཤས་ཙམ་ཐོས་པས་ཀྱང་། ཚེ་འདིའི་སྣང་ཤེས་འགགས་ཏེ་མོས་གུས་མཆི་མ་འཁྲུགས་པ་བཟོད་མེད་དུ་བྱུང་ཞིང་། འདི་ནི་ཚེ་རབས་མང་པོར་གང་གི་ཐུགས་རྗེའི་གྲིབ་བསིལ་དུ་ངལ་བ་གསོས་པའི་གདུལ་བྱ་ཞིག་ཏུ་གོར་མ་ཆག་སྙམ་ཞེས་རང་རྣམ་དུ་གསུངས། དགུང་གྲངས་བཅོ་ལྔ་པ་ས་མོ་ཕག་གི་ལོར་ཉི་སྤྲུལ་གཉིས་པའི་ཐུགས་སྲས་མུ་ར་སྐུ་ཕྲེང་དང་པོ་རི་ཁྲོད་རིག་འཛིན་རྒྱ་མཚོའི་དྲུང་ནས། རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་གི་སྨིན་ཁྲིད་གསན་བཞེས་དང་ཁྲིད་སྦྱང་མཛད་པས་བླ་མ་དམ་པས་ཁྱེད་ཀྱིས་ཉམས་ལེན་དེ་ཀའི་ངོ་བོ་བརྗེད་མེད་དུ་སྐྱོངས་དང་གཞན་བཅོས་སྒྱུར་དགོས་རིགས་མི་འདུག་ཅེས་གཟེངས་བསྟོད་མཛད། བཅུ་དྲུག་པ་ལ་ཕུ་བོའི་ངག་བཀོད་ལྟར་ཟླ་གྲོགས་འགའ་ཞིག་དང་མཉམ་དུ་སྟོད་སྨད་ཀྱི་ཡུལ་གྲུ་དུ་མར་ཉོ་ཚོང་གི་ཆེད་དུ་ཕེབས་དགོས་བྱུང་ཡང་རྒྱུ་འབྲས་ཕྲ་ཞིབ་ནས་བརྩི་བསྲུང་མཛད་པས་ཀུན་ཀྱིས་བློ་གཏད་ཀྱི་ཡུལ་དུ་གྱུར། བཅུ་བདུན་པར་མ་ཡུམ་དང་གྲོགས་འགའ་བཅས་བཟང་ཇ་བརྒྱ་ཙམ་བཀལ་ནས་སླར་ཡང་དབུས་ཕྱོགས་སུ་ཕེབས་ཤིང་། ཆོས་འཁོར་ལྷ་སར་འབྱོར་ཏེ་གནས་ཚང་དུ་སྒར་གཞི་འཇག་པ་ན། གྲུབ་དབང་མཆོག་གི་ཐུགས་དགོངས་ལ། ད་རེས་ཞང་པོ་སོགས་ཟླ་གྲོགས་ཐམས་ཅད་ཁྱིམ་གཞིས་ལ་བློ་སེམས་དཀར་བ་ཤ་སྟག་ཡིན་པས་ཚོང་རྫས་རྣམས་ཆུད་ཟོས་སུ་མི་འགྲོ་བར་ངེས་ཤིང་། ཨ་མ་ཡང་རང་བཞིན་གྱིས་སེམས་རྒྱ་ཡངས་ཤིང་དགེ་བ་ལ་འདུན་གཤིས་ང་རང་ཆོས་ལམ་དུ་ཕྱིན་ཀྱང་སེམས་འཚེར་མི་གསོག་པ་ངེས་པས། བྱ་བཏང་ཀུན་སྤངས་ཀྱིས་ཕྱོགས་མེད་རྒྱལ་ཁམས་འགྲིམ་པ་ལ་ད་རེས་བས་སྟབས་ལེགས་པ་མི་འདུག་པར་དགོངས་ནས་ཆོས་བྲོས་སུ་བྱོན་རྒྱུའི་ཐུགས་དམ་བཅས། ཕྱི་ཉིན་མ་ཡུམ་སོགས་མཆོད་མཇལ་དུ་ཕྱིན་ཤུལ་འཚོ་ཆས་ཕྲན་བུ་ཁྱེར་ཏེ་ཚ་ལམ་ཞིག་གི་སར་བྱོན་པ་ན། ཟླ་གྲོགས་རྣམས་རྟ་ལ་ཞོན་ཏེ་རྗེས་འདེད་བྱས་པས་ཟིན་ཏེ་ཕྱིར་མི་ཕེབས་ཐབས་མེད་ཀྱིས་རིམ་པར་རང་ཡུལ་དུ་འབྱོར། དགུང་གྲངས་བཅོ་བརྒྱད་པར་རྗེ་བླ་མ་རིག་འཛིན་རྒྱ་མཚོའི་དྲུང་དུ་ཞག་བརྒྱའི་ཁྲིད་ལ་བཞུགས་པ་དང་། ཕྱི་ལོར་ཕུ་བོ་ཚེ་རིང་རྒྱལ་ནད་ཀྱིས་ཐེབས་པ་གསན་པས་ཁྱིམ་དུ་ཕེབས་ཏེ་སྨན་དཔྱད་རིམ་གྲོ་ཇི་ལྟར་བསྒྲུབས་ཀྱང་བཟློག་མེད་ཀྱིས་ཕྱི་མའི་ལྔ་ལམ་དུ་གྱུར། དེ་འཕྲལ་དགེ་རྩེའི་དཔོན་བློ་བཟང་ཆོས་སྐྱོང་དང་། དཔོན་རྒན་ཚེ་ཐར་འབུམ་སོགས་གཉེན་ཉེ་ཡོངས་ཀྱིས་ཞི་དྲག་སྣ་ཚོགས་པའི་ཐབས་ཚུལ་ཀྱི་སྒོ་ནས་ཁྱིམ་གཞིས་འཛིན་དགོས་པའི་རེ་བསྐུལ་དང་། ཁྱད་པར་རྗེ་བླ་མ་རིན་པོ་ཆེ་ལའང་དེ་བཞིན་གསུང་བསྐུལ་གནང་དུ་བཅུག་ནའང་། དམ་པ་ཉིད་སྤྱིར་འཁོར་བའི་ཆོས་ལ་ཐོག་མ་ནས་ཐུགས་སུན་པ་དང་ཁྱད་པར་སྐུ་ཉིད་ཀྱི་ཡབ་དང་མིང་སྲིང་དགུ་ཙམ་སྐྱེས་པའི་གཅུང་གཉིས་སྔོན་ནས་དུས་ཆོས་སུ་གྱུར་པ་དང་། ད་ལམ་ཕུ་བོའང་མི་རྟག་ཕྱི་མའི་ཡུལ་དུ་སོང་ལུགས་སོགས་གང་ལ་བསམ་ཡང་སྙིང་པོ་མི་འདུག་པས་དལ་རྟེན་དོན་དང་ལྡན་པ་ཞིག་མཛད་པར་དགོངས་ཏེ་བཀའ་གསུང་ཐམས་ཅད་ཡར་ཟློག་མཛད། དེ་ཚུལ་སྐྱེད་ཡུམ་ལ་སྨྲས་པས་རང་གིས་དེ་ལྟར་སྔོན་ནས་དྲན་ཡང་གཞན་གྱིས་ཐོས་ན་ཡིད་ལ་མི་འཐད་པས་མ་སྨྲས། ད་ཁྱེད་རང་རྫོགས་ཆེན་སོགས་ལ་བསྡད་ཀྱང་ས་ཐག་ཉེ་བས་ཞང་དཔོན་སོགས་ཀྱིས་བར་ཆད་བྱེད་ལས་ཆེ། དེས་ན་དབུས་གཙང་གི་ཕྱོགས་སུ་སོང་ལ་ཆོས་རྣམ་དག་ཞིག་འགྲུབ་ངེས་གྱིས་དང་ཨ་མའི་རེ་བའང་རྫོགས་པ་ཡིན་ཞེས་གསུངས་ནས་ལམ་ཆས་ཀྱི་སྟ་གོན་དང་། རྒྱ་དངུལ་རྡོ་ཚད་རྟ་མིག་མ་ཞིག་ལྐོག་ནོར་དུ་བྱིན་ནས་ཆོས་བྲོས་སུ་བྱོན་རྒྱུའི་ཐག་བཅད། ནང་པར་ཨ་མས་དེམ་ཇ་བསུས་ནས་ཨ་བུའི་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་དང་བཅས་ལམ་དུ་བཞག ལ་ཁར་བྱོན་ནས་ཕྱིར་བལྟས་བྱས་ཚེ་ཡུལ་བའི་སྦྲ་སྟེང་དུ་ཉི་རྩེ་ཤར་བྱུང་བ་དང་རྟ་ལས་བབ་སྟེ་ལྷ་དང་བླ་མ་དཀོན་མཆོག་གསུམ་ལ་ཕྱག་གསུམ་འཚལ་ཏེ། ངས་བསམ་དོན་ཆོས་བཞིན་མ་འགྲུབ་བར་དེ་སྲིད་དུ་ས་འདིར་གོམ་པ་གཅིག་མི་འདོར་བར་ཤོག་ཅེས་གསོལ་བ་ཡང་ཡང་བཏབ། ཕ་ཡུལ་བདུད་ཀྱི་བཙོན་ར་ལྟ་བུ་འདི་ལས་ཐར་ནས་མི་མེད་དབེན་པའི་གནས་སུ་རྩེ་གཅིག་སྙིང་པོའི་སྒྲུབ་ལ་གཞོལ་ནས་ཚེ་དང་སྒྲུབ་པ་མཉམ་པ་ཞིག་ཅིས་ཀྱང་མི་བྱེད་རེ་སྙམ་པའི་ཐུགས་དམ་བཅས། དེ་སྐབས་ཨ་མ་རྒན་མོ་ལ་སྙིང་བརྩེ་བའི་བློས་མིག་ནས་མཆི་མ་ཁྲོམ་ཁྲོམ་དུ་ལྷུང་ཡང་། མ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་ལ་བཀའ་གདམས་གོང་མའི་རྣམ་ཐར་བཞིན། བློ་ཕར་མི་འདྲི། གྲོས་མར་མི་བྱེད། བློ་ཐག་རང་གིས་བཅད། སྣ་ཐག་མགོ་ལ་དཀྲི། རྡོ་རྗེ་བཞི་དང་གཏད་པ་བཞི་སོགས་སྙིང་ལ་བཅངས་ཏེ་སོང་ཞེས་རང་རྣམ་དུ་གསུངས། རིམ་པར་སྟག་དགོན་གྲུ་ཁ་བརྒྱུད་དེ་བྱོན་པའི་ཉིན་ཞག་ཕྲུག་གཅིག་འདས་པའི་ཉི་མ་རྩེ་ཤར་ལ་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་སླེབས། རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་ལས་ཆོས་འབྲེལ་ཉུང་ངུ་ཞུས། རྫོགས་ཆེན་བླ་བྲང་གི་གཉེར་པ་ལ་རི་ཁྲོད་སྒྲུབ་གྲྭ་ན་ཡོད་པའི་ཁྲོ་ཤུལ་མཚམས་པ་དེའི་ཕ་རྒན་ནད་ཚབས་ལྕི་མོ་ཞིག་ཐེབས་ཡོད་པས་དེ་བསུ་མ་ཡིན་ཚུལ་གསུངས་ནས་ལམ་རྒྱུས་ཡོད་པའི་གྲ་ཆུང་ཞིག་ཁྲིད་དེ་སྔོན་ནས་ཆོས་ལམ་དུ་ཐུགས་སེམས་གཅིག་པའི་ཆོས་གྲོགས་འབར་ཆུང་རིག་འཛིན་གྱི་དྲུང་དུ་ཕེབས། འདི་འབར་ཆུང་འཇིགས་མེད་གོ་ཆ་ཡིན་མཆན། ཁོང་ལ་ཁྱིམ་ནས་འོང་ཚུལ་དང་ཕྱོགས་མེད་དབེན་རིར་ཕེབས་འདོད་སོགས་གནས་ཚུལ་རྣམས་ཞིབ་པར་གསུངས་པས་རིག་འཛིན་ཀྱང་མཉམ་དུ་ཕེབས་རྒྱུའི་ཐུགས་མཐུན་གནང་། ཕྱི་ཉིན་རིག་འཛིན་རྫོགས་དགོན་དུ་ལྷམ་ཞིག་ཉོ་རྒྱུ་དང་ཐུགས་བརྟགས་ཞུ་བར་སོང་ཞིང་། ཁོང་ཉིད་ཀྱིས་ནས་སྔོན་ཁུག་མ་གང་ཡོད་པ་བརྔོ་བཏགས་བྱས་ཏེ་ལམ་ཆས་ཀྱི་ཉེར་བསྡོགས་མཛད། ཕྱིར་ཉིན་ལེ་ལར་བུད་དེ་ཟིལ་ཁོག་བརྒྱུད་ནས་བྱོན་པས་ཉིན་བཅུ་གཅིག་གིས་ཆབ་མདོར་འབྱོར། དེར་རྡོ་བྲག་རིག་འཛིན་ཆེན་པོ་དང་ལྕགས་ལ་རྒྱལ་པོའི་སྲས་པོ་དཔོན་འཁོར་ལྷ་སར་ཕེབས་སྐབས་དང་ཁེལ་ཞིང་། བཀའ་བློན་ཨ་རྒྱའི་ལི་ཕྲུག་གི་མདུན་དུ་བཅར་ཏེ་ངེད་གཉིས་རུ་དམ་རྫོགས་ཆེན་དགོན་ནས་འོང་བ་ཡིན་ཞིང་ཐུབ་བསྟན་རྡོ་རྗེ་བྲག་ལ་འགྲོ་བ་ཡིན་པས་སྒར་གྲབ་ཏུ་ཞུགས་ཆོག་པ་ཞུས་པས་གནང་སྟེ་མཉམ་དུ་ཆོས་འཁོར་ལྷ་སར་ཕེབས། དེ་ནས་དགའ་ལྡན་དང་། གཡའ་མ་ལུང་། དཔལ་གྱི་བསམ་ཡས་སོགས་སུ་གནས་མཇལ་བྱས་ནས་ཕྱིར་ལྷ་སར་ཕེབས་ཏེ་བཞུགས་པའི་ཉིན་ཞིག་ལ། སེ་ར་ནས་ཡིན་ཟེར་བའི་དགེ་སློང་བརྫུས་མ་གཡོ་སྒྱུ་ཅན་ཞིག་གིས་རིག་འཛིན་གྱི་ལག་ནས་རྒྱ་དངུལ་རྡོ་ཚད་དེ་ཏྲམ་ཀར་བརྗེ་རྒྱུར་བསྙད་བཏགས་ཏེ་རྐུས་ཁྱེར་ཤོར་བས་འཚོ་ཆས་ཀྱི་རྟེན་ཅུང་ཟད་ཀྱང་མེད་པར་གྱུར། སླར་དབེན་གནས་སྒྲགས་ཀྱི་ཡང་རྫོང་བརྒྱུད་དེ་བསམ་ཡས་ཕྱོགས་སུ་ཕེབས། སྐབས་དེར་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་ཀྱང་གནས་དེར་མནྜལ་བསགས་སྦྱང་མཛད་ནས་བཞུགས་པ་དང་མཇལ། མཆེད་གྲོགས་རིག་འཛིན་དང་སྔར་རྫོགས་ཆེན་རི་ཁྲོད་དུ་བཞུགས་སྐབས་ཞལ་འདྲིས་ཆེ་གཤིས་ལམ་བར་ནས་འོང་ཚུལ་སོགས་ཞིབ་པར་ཞུས་པས་ཐུགས་མཉེས་པའི་གསུང་གིས། ཁྱེད་འོང་ལུགས་དེ་ཤིན་ཏུ་ལེགས། ཁྱད་པར་པདྨ་ཀུན་བཟང་འདི་ཕྱུག་པོའི་གཅེས་ཕྲུག་མི་རབ་རྒོད་ངེས་ཤིག་འདུག སྤྱིར་ཁྱོད་ཚོ་གཞོན་ནུའི་ཆོས་འདི་མཐར་ཕྱིན་པ་དཀའ་ནའང། དང་པོ་ཁྱིམ་ནས་འོང་ལུགས། བར་དུ་ལམ་ནས་དངུལ་བརླག་ཤོར་བར་འགྱོད་པ་ལེ་དེད་མེད་པར་སེམས་གསོ་བྱེད་ལུགས། ད་ཆར་མཆིམས་ཕུར་སྒྲུབ་པར་བསྙེགས་པ་སོགས་གང་ལ་བསམ་ཀྱང་ང་རང་ཡིད་ཅིག་ཆེས། ད་ཁྱེད་རང་གཉིས་ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ཞིག་མ་མཇལ་ཕྱིན་མཆིམས་ཕུར་སྡུག་སྒུར་བྱས་པ་ལ་དོན་མེད། དེས་ན་ཆོས་ཀུན་སྒྲིབ་མེད་དུ་གཟིགས་པའི་སྤྱན་དཀྱུས་ཀྱིས་སློབ་མའི་རྒྱུད་ཚོད་དང་བསྟུན་ནས་གདམས་པ་དཔེ་མཁྱུད་མེད་པར་སྟོན་པ་ཁོ་བོའི་བླ་མ་མཁྱེན་བརྩེ་རིན་པོ་ཆེ་ལས་མེད་པས། དེ་ཞབས་སུ་ང་རང་ནས་ཞུ་ཡིག་དང་བཅས་གཏོང་ཆོག་པས་དགའ་བར་གྱིས་ལ་སོང་གསུངས། ཕྱི་ཉིན་བླ་མའི་གསུངས་ལྟར་གཙང་པོའི་གྲུ་རྒྱུད་ཡར་ལུང་ཀླུང་གྱེན་དུ་ཕེབས་ནས་གནས་གསུམ་རྟེན་གསུམ་གཙོས་གནས་རྟེན་ཐམས་ཅད་མཇལ། དེ་ནས་དོན་མཁར་ལུང་མདའ་ནས་ཡར་ཕེབས་པས་དབེན་གནས་ཐར་པ་ཆེན་པོ་ཚེ་རིང་ལྗོངས་སུ་འབྱོར། གཟིམ་གཡོག་མོན་པ་བསྟན་འཛིན་ལ་བཅར་ཏེ་ཞུ་ཤོག་བཅས་རྒྱུ་མཚན་རྣམས་ཞུས་པས་དགོང་མོར་གྲྭ་ཤག་ཞིག་ཏུ་སྡོད་རྒྱུའི་བཀོད་པ་གནང་བ་ལྟར་ཞག་བཞུགས་མཛད། ནངས་པར་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པ་སྔགས་དཀར་དཀྱུས་མའི་ཆ་བྱད་ཅན། མཐོང་ན་མི་མཐུན་པ་མེད་ཅིང་བལྟ་བས་ཆོག་མི་ཤེས་པའི་མཚན་དཔེའི་དཀྱིལ་འཁོར་མཇལ་ཞིང་། མཇལ་བ་ཙམ་གྱིས་སྔོན་སྨོན་དང་མོས་གུས་ཀྱིས་དྲངས་པའི་བྱིན་རླབས་ཀྱི་རྟོགས་པ་ཐུགས་རྒྱུད་ལ་འཁྲུངས་ཏེ་ཚེ་འདིའི་སྣང་ཤེས་དལ་གཅིག་འགགས་པར་གྱུར་པ་ན་དགྱེས་བརྩེའི་དབུགས་དབྱུང་དང་བཅས་བཀའ་འདྲི་ཞིབ་རྒྱས་གནང་། དེ་ཉིན་ནས་དབུ་བཙུགས་ཏེ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཆོས་བཀའ་སྔོན་འགྲོ་ནས་དངོས་གཞི་ཡོངས་སུ་རྫོགས་པའི་སྨིན་ཁྲིད་ཞིབ་རྒྱས་དང་། རིག་འདུས་ཀྱི་དབང་། ཉིད་གསུང་ཡོན་ཏན་མཛོད་སོགས་རྒྱུད་ལུང་མན་ངག་གི་རིགས་ཐམས་ཅད་མནོག་ཆོས་སུ་བསྩལ་ནས་རྟོགས་པ་དོན་གྱི་རྒྱལ་ཚབ་དམ་པར་དབང་བསྐུར་ཏེ་འཇིགས་མེད་རྒྱལ་བའི་མྱུ་གུ་ཞེས་མཚན་གསོལ། དེ་ནས་ཚུར་བསམ་ཡས་སུ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་དྲུང་དུ་ཕེབས་པས། གྲུབ་རྗེ་མཆོག་གིས་ད་རེས་རང་རེ་དཔོན་སློབ་གནས་མཇལ་སོགས་སུ་མཉམ་དུ་འགྲོ་གསུངས་པ་ལྟར་ངོ་མཚར་རྡོ་ཡི་མཆོད་རྟེན་དང་། ཟུར་མཁར་ཀླུའི་སྟ་འགྲམ། ཐེག་ཆེན་གླིང་པའི་གདན་ས། སྒྲགས་ཡང་རྫོང་། མཚོ་རྒྱལ་བླ་མཚོ། ཨོ་རྒྱན་སྨིན་གྲོལ་གླིང་། གྲ་མདའི་གཙུག་ལག་ཁང་སོགས་མཇལ་ནས་ཀུན་མཁྱེན་ཆེན་པོའི་སྒྲུབ་གནས་གངས་རི་ཐོད་དཀར་དུ་དཔོན་སློབ་ཐམས་ཅད་དཀའ་ཐུབ་དང་ལེན་གྱིས་ཡུན་རིང་བཞུགས། སྐབས་ཤིག་ན་གྲུབ་རྗེ་མཆོག་གི་ཞལ་ནས་། ད་ངེད་རང་རྣམས་རེ་ཞིག་ཕ་ཡུལ་ཕྱོགས་ལ་ཕྱིར་ལོག་ནས་མཆེད་གྲོགས་རིག་འཛིན་ཁོང་ཕ་ཡུལ་ལ་ངོ་འཕྲོད་ཐབས་ཞིག་བྱེད། དེ་རྗེས་ཁྱེད་རང་རུ་དམ་རྫོགས་ཆེན་རི་ཁྲོད་དུ་བཞུགས་དང་མཐུན་སྦྱོར་ཅི་དགོས་ང་རང་གིས་བྱེད་ཅིང་། སུས་ཀྱང་བར་ཆད་མི་རྩོམ་པའི་ཁག་ཐེག་ཚུལ་སོགས་ཐུགས་བརྩེའི་གསུང་བསྐུལ་དུ་མ་མཛད། རྗེ་འདིས་ཞལ་བཞེས་མ་མཛད་པར་རང་ཉིད་ལ་ཕ་ཡུལ་གྱི་འདུན་པ་གཏན་ནས་མེད་ཚུལ་དང་དེ་འདྲའི་བཀའ་གསུང་མི་གནང་བར་ཡང་ཡང་ཞུས་པ་ན། གྲུབ་རྗེ་མཆོག་གིས་འོ་ན་ད་སྟེ་ལོ་གསུམ་མཚམས་ང་རང་མ་ཤི་ཕྱིན་ཡི་གེ་ཞིག་བསྐུར་ཡོང་རྒྱུ་ཡིན་པས། དེ་དུས་ང་གང་དུ་ཡོད་པའི་གནས་དེར་ཁྱེད་སྙེགས་མ་འོང་ཕྱིན་ཆོས་དམ་ལ་འགལ་བ་ཡིན་ཚུལ་གསུངས་ནས་བྱོན་པར་ཆས་པ་ན། ལྷ་ས་བར་ཞབས་ཕྱི་མ་བྱས་ན་སེམས་ཀྱིས་མི་བཟོད་ཚུལ་ཡང་ཡང་ཞུས་པས་གནང་སྟེ་དཔོན་སློབ་ཟུང་རྒྱང་རྩེ་བརྒྱུད་ཡར་འབྲོག་ཐུར་ལ་བྱོན། མཆེད་གྲོགས་རིག་འཛིན་སྒྲུབ་ཆེན་པ་ཐུབ་བསྟན་མཆོག་གིས་ཟླ་འགའི་གསོལ་ཕོགས་གནང་རྒྱུའི་ཞལ་བཞེས་གནང་བས་དེར་སྒྲུབ་པ་ལ་བཞུགས། འདི་སྐབས་གྲུབ་རྗེ་ཡབ་སྲས་ལ་འཚོ་ཆས་ཚིལ་རིལ་དུམ་གཅིག་དང་སྣུམ་ནག་རྫ་ཆུང་གང་མ་གཏོགས་ཅི་ཡང་མེད་པ་དང་། སྒྲུབ་པར་དཀའ་སྤྱད་ཆེ་བའི་དབང་གིས་གྲུབ་ཆེན་རིན་པོ་ཆེ་སྐུ་ཉམས་ཤིན་ཏུ་ཞན་ཅིང་། སྐུ་མལ་གསོས་པ་ལས་ཤུགས་བསྐྱེད་ནས་འཐེན་ན་མ་གཏོགས་བཞེངས་མི་ཐུབ་པའི་ཁར་རླུང་དང་ཆུ་སེར་བསྡོང་བ་ལྟ་བུས་བསྙུངས་ནས་འདས་ལ་ཁད་དུ་བྱུང་ཞིང་། རྗེ་འདིས་ཐོག་མར་སྐུ་ཆས་རིགས་ཐག་རིང་པོར་བསྐྱལ་ནས་དེར་བཞག ཡང་རྡོ་གྲུབ་རིན་པོ་ཆེ་སྐུ་རྒྱབ་ཏུ་ཁུར་ནས་དེར་གདན་དྲངས་པ་སོགས་ཞབས་ཞུ་མཛད་ཚུལ་རྗེ་འདི་ཉིད་ཀྱི་རང་རྣམ་ལས། སྐབས་འགར་ངེས་པར་མིས་མཐོང་ཐོས་མེད་པའི་གནས་འདི་རུ་སྐྱེས་བུ་དམ་པ་འདི་སྐུ་གཤེགས་པར་འདུག་སྙམ་ནས་བླ་མས་མི་གཟིགས་སར་ཐེངས་མང་དུ་ངུས། སྐབས་འགར། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བསྩལ། །ཅེས་པ་དེ་རྗེ་བླ་མ་འདིས་དངོས་སུ་ཕྱག་ལེན་ཐེབས་འདུག་སྙམ་ནས་སྤྲོ་བའང་སྐྱེས་གསུངས། དེ་ལྟར་སྡུག་རུས་བསྐྱེད་ནས་ཕེབས་པའི་ཉིན་ཞིག་ཐང་ཆེན་པོ་ཞིག་གི་དབུས་སུ་ཉིན་གུང་ཆུ་ཞིག་བསྐོལ་ནས་ངལ་གསོས་ཏེ་བཞུགས་པའི་ཚེ། རྒྱང་རིང་པོ་ཞིག་ན་བྲག་ཕ་ཝང་ཞིག་གི་སྟེང་དུ་བྱ་རོག་ཞིག་གི་སྐད་སྒྲོག་པ་ལ། རྡོ་གྲུབ་རིན་པོ་ཆེས། མདང་གྲོགས་ངོ་ཞིག་རྨིས་པས་ཁྱེད་བྱ་རོག་གི་རྩར་འགྲོ་ནུས་སམ་གསུངས་པར། ནུས་ཞུས་ཏེ་ཕེབས་པས་བྱ་རོག་བབ་ཤུལ་དེར་གླ་བ་ཞིག་གི་རྐང་པ་རྒྱུས་པ་ཅུང་ཟད་ཡོད་པ་ཞིག་འདུག་པ་བསྣམས་ཏེ་རུས་པ་རྣམས་ཞིབ་མོར་བརྡུངས་ནས་བསྐོལ་བས། རྗེའི་ཞལ་ནས་ཁུ་བ་རྣམས་ངས་བཏུང་གི་རྒྱུས་པ་རྣམས་ཁྱེད་ཀྱིས་གསོལ་ཞིག་གསུངས། ཕྱིར་ཉིན་མདང་རུས་ཁུ་བཏུང་བས་རླུང་ཁུག་ནས་གཉིད་ཀྱང་དགའ་རབ་བྱུང་དེ་རིང་འགྲོ་རྒྱུ་ཅུང་ཟད་ཡོད་ཚོད་དུ་སྣང་གསུངས་ནས་བཞེངས་པས། ཞབས་བཙུགས་ཏེ་ཕེབས་ཐུབ་ཙམ་བྱུང་བ་བཅས་ཀྱིས་རིམ་པར་ལྷ་སར་འབྱོར། དེ་ནས་རྡོ་གྲུབ་རིན་པོ་ཆེ་ལྷ་སར་བཞུགས་ཤིང་རྗེ་ཉིད་ཕྱིར་སྒྲུབ་ཆེན་པ་ཐུབ་བསྟན་གྱི་དྲུང་དུ་ཕེབས་ཏེ་དེར་མཆེད་གྲོགས་དང་མཉམ་དུ་ལོ་ངོ་གསུམ་ལྷག་ལ་མཚམས་སྒྲུབ་མཛད་ནས་བཞུགས། སྐབས་ཤིག་ན་ངེས་མེད་ཀྱི་གནས་ཡུལ་འགྲིམ་པར་དགོངས་ནས་གཙང་རོང་ཆེན་སོགས་སུ་ཕེབས་ཤིང་། སྐྱིད་སྟེང་རི་ཁྲོད་དུ་མུན་མཚམས་ལ་བཞུགས་པས་མི་ལས་འདས་པའི་གྲོང་དང་གྲོང་ཁྱེར་སོགས་ཡ་མཚན་པའི་ཡུལ་གྲུ་ཉམས་དགའ་བ་མང་པོར་ཕེབས་པའི་འཆར་སྣང་བྱུང་། དེ་ཕྱིན་ཡུལ་སྣང་ཐམས་ཅད་ལ་ཉིན་མཚན་ཀུན་ཏུ་མུན་ནག་གི་རྣམ་པ་གཏན་ནས་མེད་པར་གསལ་ལམ་མེ་བའི་རང་བཞིན་ཅན་དུ་གྱུར། དེ་མཚམས་ཆོས་གྲོགས་རིག་འཛིན་ལགས་ལྷོ་རྒྱུད་ཀྱི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕེབས་ཤིང་། རྗེ་ཉིད་འཁོན་སྟོན་ཀླུའི་དབང་པོའི་སྒྲུབ་གནས་བྲག་ཡེར་བར་གནས་འབྲེལ་ལ་ཕེབས་ནས་གད་ཕུག་ཞིག་ཏུ་བཞུགས། ཉིན་ཞིག་ཉི་མ་གྲིབ་ལ་ཉེ་བའི་དུས་ཙམ་ན་མར་ལ་གཟིགས་པས་སྒྲོལ་མ་ལྷ་ཁང་གི་འདབས་དེར་མི་ལུས་གཟུགས་རིང་པོ། ཞལ་སྔོ་སངས་ཨ་ཙ་རའི་ཉམས་ཅན། ཕྲུག་དམར་ཆེན་ཧྲལ་པོ་ལ་ལྷན་པ་མང་པོ་ཡོད་པའི་ན་བཟའ་ཅན། དབུ་ཞྭ་དམར་མདུང་རིང་པོ་ཞིག་གསོལ་བ། ཞབས་རྗེན་ཕྱག་འཁར་བསྣམས་པ་ཞིག་མཇལ། དེ་མ་ཐག་ཚོགས་དྲུག་གི་སྣང་ཤེས་དར་གཅིག་འགགས་ཏེ་མོས་གུས་མཆི་མ་འཁྲུགས་པ་ཞིག་ཐུགས་ལ་འཁྲུངས་པས་སྐུ་དྲུང་དུ་ཕྱིན་ཏེ་ཕྱག་བཙལ་པ་ན། གསུང་སྐད་འབྲུག་ལ་འཆོས་པས་སྒྲུབ་ཆེན་ལགས་དེ་ལྟར་མ་མཛད་གསུངས་ནས་ཚུར་ཕྱག་ལན་མཛད། རིན་པོ་ཆེ་གང་ནས་བྱོན་ཞུས་པར། ངེད་ད་ལྟ་འདིར་སླེབས་པ་ཡིན་གསུངས། ད་གང་དུ་འབྱོན་ཞུས་པས་སློབ་དཔོན་ཆེན་པོའི་སྒྲུབ་གནས་གང་ཡོད་དུ་འགྲོ་གསུངས། དོ་དགོང་གང་དུ་བྱོན་ཞུས་པར་གར་འགྲོའི་གཏད་སོ་གང་ཡང་མེད་གསུངས། འོ་ན་ངའི་སར་གད་ཕུག་ཏུ་མཉམ་དུ་བཞུགས་པར་རུང་ངམ་ཞུས་པས་རུང་གསུངས་ཏེ་དེར་ཕེབས། ཉམས་རྟོགས་ཀྱི་འཁྲུངས་ཚུལ་ཞིབ་ཏུ་ཞུས་པས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དངོས་སུ་མཇལ་ཡང་འདི་ལས་མེད་སྙམ་པའི་དོགས་སེལ་གནང་བས་རྟོགས་པ་ཤིན་ཏུ་ན་འཕར། མཚན་མོ་རླུང་རོ་རེ་བསལ་ཏེ་བར་རླུང་བཟུང་བ་ལྟ་བུའི་ངང་ཙོག་པུར་བཞུགས། ནམ་ལངས་སྐོར་ཕེབས་སུ་ཆས་པ་ན་གསོལ་ཇ་དྲངས་ཏེ་ད་ཕྱིན་སྒྲུབ་པ་མཐའ་འཁྱོལ་ཡོང་བར་ཁམས་དབུས་གཉིས་གང་དགའ་དང་། ཚེ་ཆོས་ལ་གེགས་བར་ཡོད་མེད་ཞུས་པས། ཁྱེད་ཆོས་གེགས་གཏན་ནས་མེད། ལོ་གྲངས་ཉེར་དགུ་ཚུན་ལ་ཚེ་གེགས་ཡོད་ཀྱང་ཨེ་སྐྱོན་མི་ཤེས། དེ་ལས་ཐར་ན་རེ་ཞིག་བར་ཚེ་གེགས་ཀྱང་མེད། ཚེ་སྟོད་འདིར་ཁམས་དབུས་གང་ཡིན་ཡང་སྡོད་ས་གཅིག་ཏུ་གཞི་འཇག་པ་ཞིག་གཏན་ནས་མི་འོང་། ཚེ་སྨད་ལ་འགྲོ་བསམ་ཡེ་ནས་མེད་པའི་ལུང་པ་ཁ་ཤར་ལྷོར་བསྟན་པ་ཞིག་ཏུ་སྡོད་རྒྱུ་དང་འགྲོ་དོན་ཡང་ཡོང་གསུངས། ཞབས་དབང་དང་སྨོན་ལམ་ཞིག་ཞུས་པར་བཟང་སྤྱོད་སྨོན་ལམ་ཚར་གཅིག་གསུངས་ནས་ཁྱེད་ཀྱིས་ཀྱང་སྨོན་ལམ་ཞིག་ཐོབ་གསུངས། གསོལ་རྩམ་ཁུག་མ་གང་ཡོད་པ་དང་དངུལ་ཊྲམ་ཞིག་ཕུལ་བས་ཕྱག་གཡས་པས་བཟུང་སྟེ་ཡེར་བའི་ཕྱོགས་ལ་མཆོད་པ་འབུལ་བའི་ཚུལ་གྱིས་དེང་ཙམ་མཛད་དེ་དཀོན་མཆོག་ལ་མཆོད་གསུངས་ནས་ཚུར་གནང་། ཅིས་ཀྱང་བསྣམ་དགོས་པ་ཞུས་པས་ང་རང་ནས་གང་ཡང་བདག་ཏུ་མི་འཛིན་པའི་དམ་བཅའ་བྱས་ཟིན་པས་ཁྱེད་ཀྱིས་སྒྲུབ་རྒྱགས་གྱིས་གསུངས། ཞབས་ཆགས་ཞིག་ཡོད་པ་ཕུལ་བས་ང་ལྷམ་གྱོན་ནས་འགྲོ་དགོས་པ་མིན་གསུངས་ཏེ་ཅི་ཆ་མེད་པར་མི་སྣང་བར་གཤེགས། ཕྱིས་ཀུན་མཁྱེན་འཇིགས་མེད་གླིང་པར་དེ་ཚུལ་ཞུས་པས་གུ་རུ་རིན་པོ་ཆེ་དངོས་སུ་མཇལ་བ་ཡིན། བླ་མའི་བྱིན་རླབས་ཀྱིས་རྟོགས་པའི་ཡེ་ཤེས་ཐུགས་རྒྱུད་ལ་འཁྲུངས་འདུག་ཅིང་ཆོས་ཉིད་ཟད་པའི་སར་ཕྱིན་པ་ཡིན་གསུངས། དེ་ནས་སྟོད་ལུང་མཚུར་ཕུ་དང་། ཡངས་པ་ཅན། གནམ་མཚོ་སོགས་ངེས་མེད་ཀྱི་གནས་ཡུལ་འགྲིམས་ཏེ་ཕེབས་པའི་སྐབས་རྨི་ལམ་དང་སྣང་ཤེས་འདྲེས་པའི་ཉམས་སྣང་ལ། བུ་མོ་གཟུགས་བྱད་ཤིན་ཏུ་མཚར་བ་མི་ལས་འདས་པ་ཞིག་གིས་ཁྱོད་ཀྱི་གདུལ་བྱ་ཁྱུང་པོའི་རི་རྩེ་དྲུག་ཡིན་པས་དེར་སོང་ཞིག་ཅེས་ལུང་བསྟན་པ་ལྟར་དེ་ཕྱོགས་སུ་ཞལ་ཕྱོགས་ཏེ་ཕེབས། ལམ་བར་ནས་ཞབས་གཡས་པ་ཆུ་སེར་གྱིས་བསྙུངས་ཏེ་ཕེབས་མ་ཐུབ་པས་ལུང་པ་ཞིག་གི་ཁར་ཕ་ཝང་དཀར་པོ་གུར་ཙམ་འདུག་པའི་རྩར་བཞུགས། ཕྱག་ཞབས་གཉིས་ཀ་སར་བཙུགས་ནས་ཆུ་ཞིག་བླངས་ཏེ་གསོལ་ཇ་དོད་ཙམ་གསོལ། དགོང་མོ་ཐུགས་དམ་སྤྱི་དང་རྐང་གླིང་ཌཱ་དྲིལ་དང་བཅས་གཅོད་རྒྱས་པ་ཞིག་བཏང་སྟེ་གཟིམས། ཕྱི་ཉིན་ཀྱང་ཕེབས་མ་ཐུབ་པས་གསོལ་ཇ་ཞིག་བསྐོལ་ནས་འཚོ་ཆས་ཡོད་པ་འདི་མ་རྫོགས་བར་འགྲོ་ནུས་པ་མི་འདུག་དགོངས་ཏེ་ཐུགས་དམ་ལ་བརྩོན་བཞིན་བཞུགས་པས། ལུང་པའི་སྐེད་པ་མིག་རྒྱང་གང་གི་མཚམས་དེར་འབྲོག་དུད་ཆེན་པོ་གཅིག་འདུག་པ་ལས་མི་ཞིག་མདུན་དུ་བྱུང་། དུད་ཚང་འདི་སུ་ཡིན་ཞེས་དྲིས་པར། དམར་གཡོ་དཔོན་ཚང་ཡིན། དཔོན་ནས་ཁྱེད་རང་གང་ནས་འོང་བ་ཡིན་སུ་རེད་བཅས་གནས་ཚུལ་དྲིས་ལ་ཇ་རྩམ་འདི་སྤྲོད་ཤོག་གསུངས་འདུག་ཟེར། ང་ཁམས་རྫོགས་ཆེན་ནས་ཡིན་གནས་སྐོར་ལ་འགྲོ་བ་ཡིན་ཡང་རྐང་པ་ན་ནས་འདིར་ལུས་སོང་ཞེས་གསུངས་པས་ཁོ་རང་ཕྱིར་ལོག་སོང་། ཅུང་ཞིག་ནས་མི་གཉིས་འོང་སྟེ་དཔོན་གྱིས་ཁྱོད་འབོད་དུ་བཏང་བ་ཡིན་ཟེར་བ་ལྟར་ཕེབས་པས། དཔོན་ཨ་འཛོམས་དང་རྡོ་རྗེ་རྣམ་རྒྱལ་སྤུན་གཉིས་ཀྱིས་གུས་བཀུར་ཚད་མེད་ཀྱིས་བླ་མ་ལགས་མདང་འཚུབས་སློང་འདྲ་མ་བྱུང་ངམ། ཞེས་ཞུས་པར། གཟུགས་པོ་དཀའ་ངལ་གྱིས་ཐང་ཆད་པས་ཡིན་ནམ་ད་ནངས་ནམ་མ་ལངས་བར་གཉིད་སོང་འདུག །འཚུབས་སློང་ཅི་ཡང་མ་བྱུང་གསུངས། འོ་ཁྱེད་བླ་མ་ཡ་མཚན་ཅན་ཞིག་ཡིན་ངེས་རེད་མ་གཏོགས་མདང་བཞུགས་སའི་ཕ་ཝང་དེ་ནི་ཕ་ཝང་ཀ་ཟི་ཟེར་བ་ཤིན་ཏུ་གདུག་རྩུབ་དང་དྲག་རྩལ་ཆེ་བ། མིག་རྒྱང་གང་ཚུན་མེ་འབུད་པ་དང་གུར་ཕུབ་ས་མེད་པ། ཕོག་ཐུག་ཅུང་ཟད་སོང་ཕྱིན་ཐོག་གིས་གསོད་པ་ལས་མེད། མདང་ངེད་རྣམས་ཁྱེད་ལ་རྒྱུ་མཚན་བཤད་དུ་ཡོང་བར་བསམ་ཡང་རྐང་གླིང་གི་སྐད་ཐོས་པས་གཉན་ས་གཅོད་པར་ཤེས་ཏེ་མ་འོང་པ་ཡིན་ཟེར། གྲུབ་རྗེ་མཆོག་གིས་ཕྲན་མདོ་ཁམས་རྫོགས་ཆེན་གྱི་གྲྭ་པ་དཀྱུས་མ་ཞིག་ལས་གཅོད་པ་སོགས་ཅི་ཡང་མིན། ཙ་རི་སོགས་ལ་གནས་འབྲེལ་རེ་ཨེ་ཐོན་སྙམ་ནས་འོང་བར་རྐང་ནད་ཀྱིས་མནར་བས་འགྲོ་མ་ནུས་པའི་ཁར། མདང་སུམ་རྒྱུས་མེད་དུ་སོང་གཤིས་ཕ་ཝང་ལ་ཕག་ཡོལ་བྱས་ནས་བསྡད་པ་ལས་གཉན་སར་ཐོག་རྫིས་བྱས་པ་གཏན་ནས་མིན། །ཞེས་གསུངས་པར། ཁྱེད་ནུས་ལྡན་ཡིན་མིན་གསུང་མི་དགོས། མདང་སུམ་ཐོག་སེར་མ་བྱས་པ་ཁོ་ནས་ཆོག ད་ཁྱེད་རེ་ཞིག་ངེད་སར་བཞུགས་དང་དཔོན་ཆུང་བས་ལྷ་རྗེ་ཤེས་པས་སྨན་བཅོས་གང་དགོས་བྱེད། དེ་ནས་གང་དུ་ཕེབས་ཀྱང་ཕེབས་ཆོག་ཆོག་རེད་ཅེས་ཞུས་པ་ལྟར་ཟླ་བ་ཁ་ཤས་བཞུགས་པས་སྙུན་ལས་གྲོལ། ཉིན་ཞིག་ཕེབས་ཤོམ་མཛད་པས་དཔོན་ཆེ་ཆུང་གཉིས་ཡོང་ནས་ཁྱེད་མི་གཞི་བཟང་ཞིང་ཀུན་གྱིས་དད་འདུན་ཆེ་བས། རབ་ན་ཁྱིམ་འདིའི་ལོངས་སྤྱོད་ཐམས་ཅད་ཀྱི་བདག་པོ་མཛོད་ཐུགས་ལ་འཐད་པའི་གསང་ཡུམ་ཞིག་ལེན། ཅིས་ཀྱང་མིན་ན་ཡུལ་འདིར་རི་ཁྲོད་ཅིག་བཏབས་ཏེ་སྐུ་ཚེ་རིལ་པོར་བཞུགས་དང་འཚོ་བའི་མཐུན་རྐྱེན་གང་དགོས་འབུལ་བའི་ཁས་ལེན་བྱེད། ཐ་ནའང་ལོ་གསུམ་མ་བཞུགས་ཐབས་མེད་ཡིན་ཅེས་ནན་ཆེར་ཞུས་ཀྱང་ཞལ་བཞེས་མ་མཛད་པར་འབྲི་གུང་དང་། མཆིམས་ཕུ། ཕག་གྲུའི་གདན་ས་སོགས་སུ་གནས་འབྲེལ་མཛད་བཞིན་ཡར་ལུང་བརྒྱུད་སླར་ཡང་ཀུན་མཁྱེན་བླ་མའི་དྲུང་དུ་བཅར་ནས་སྨིན་གྲོལ་གྱི་དབང་ཁྲིད་མཐའ་ཡས་པ་གསན་བཞེས་མཛད་དེ་བཞུགས། ཞག་གཅིག་རྨི་ལམ་ལ་ཀུན་མཁྱེན་བླ་མ་དང་རྡོ་གྲུབ་རིན་པོ་ཆེ་རྗེ་ཉིད་བཅས་དཔོན་སློབ་ཁ་ཤས་རྟ་དྲེལ་དང་བཅས་ལུང་པ་ཁ་ཤར་དུ་བསྟན་པ་ཞིག་གི་ནང་དུ་ཡར་ཕེབས་པའི་སྣ་ཁྲིད་རྗེ་ཉིད་ཀྱིས་མཛད་ཅིང་། རྟ་གོང་ནས་དུང་དཀར་ཁ་བཏགས་བཏགས་པ་སྐད་ཤིན་ཏུ་སྙན་པ་ཞིག་འབུད་བཞིན་ཕེབས་པའི་སྐབས་ཤིག་ན། གློ་བུར་དུ་དུང་དེ་འཕུར་ནས་དཀྱིལ་རིའི་ངོས་སུ་བབ་སོང་བ་དང་། རྗེ་ཉིད་ཀྱང་དུང་གི་ཕྱི་བཞིན་འཕུར་ཏེ་དེར་སླེབས་འདུག་པ་ན། རིའི་ངོས་ཐམས་ཅད་ཀ་པཱ་ལ་ཁ་སྦྱར་བས་ཁྱབ་འདུག་པ་ལས་འགའ་ཞིག་ཁ་བྱེ་ལ་ཁད་དུ་འདུག་པ་དང་། འགའ་ཞིག་ཁ་ཟུམ་འདུག་པའི་དབུས་ལྭ་བ་དཀར་པོ་གྱོན་པའི་བུད་མེད་བཞིན་རས་དམར་ལ་ཐོར་དོར་ཁམས་སེར་ཅན། མདུན་ངོས་ཀྱི་ཡ་སོ་ཁ་ཡ་དོན་པ་ཞིག་འདུག་པ་དེ་ལ་ཀ་པཱ་ལ་ཞིག་བསླངས་པས། འདི་རྣམས་མགོན་པོ་ཀླུ་སྒྲུབ་ཀྱིས་གཏེར་དུ་སྦས་ནས་ཁོ་མོ་ཅག་སྲུང་མར་བསྐོས་པ་ཡིན། འདིའི་ནང་ནས་ཁ་ཤས་ཁྱེད་ལ་དབང་ཡང་ད་ལྟ་སྟེར་བའི་དུས་ལ་མ་བབ་ཟེར་ནས་དར་དཀར་ཞིག་ཕུལ་བྱུང་བ་དང་གཟིམས་སད། དེ་ཚུལ་ཀུན་མཁྱེན་བླ་མར་ཞུས་པས་ཡུམ་ཀའི་སྨིན་དབང་བསྩལ་ནས་ཙ་རིར་ཕེབས་དགོས་པའི་བཀའ་ལྟར་ཞབས་བསྐྱོད་གནང་། དྭགས་པོ་བརྒྱུད་ཀོང་པོ་ཐུར་ཕེབས་པས་གཏེར་སྟོན་སངས་རྒྱས་གླིང་པའི་གཏེར་གནས་ཕུག་མོ་ཆེར་འབྱོར། དེར་གནས་འབྲེལ་ཞག་བདུན་མཛད་པའི་གསུམ་པའི་ནུབ་མོར་གཟིམས་ལམ་ལ། བུད་མེད་ཞིག་གིས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ཚོགས་ཀྱི་འཁོར་ལོ་སྐོར་བའི་ཚོགས་གྲལ་དུ་འགྲོ་ཟེར་ནས་ཁང་པ་ཞིག་ཏུ་ཁྲིད། སློབ་དཔོན་ཆེན་པོ་དར་གྱི་ཡོལ་བ་ཞིག་གི་ཕག་ཏུ་བཞུགས་འདུག་པ་དང་། ཕྱི་རོལ་དུ་ཡེ་ནས་མཐོང་མ་མྱོང་བའི་མི་རིགས་མང་པོ་ཁྲོམ་དུ་འཚོགས་ནས་མི་ཤ་ལ་བགོ་བཤའ་བྱེད་ཀྱིན་འདུག་པས་འགའ་ཞིག་ལ་ལུས་རིལ་པོ། འགའ་ཞིག་ལ་གཟུགས་དང་ལྷུ་ཚིགས་སོགས་ཐོབ་ཐང་ལྟར་བཀྱེ་བའི་གྲལ་ནས་ཉིད་ལ་ཤ་ལག་པ་ཞིག་དང་རྩིབ་ཐུར་གསུམ་ཐོབ་བྱུང་བ་ཐམས་ཅད་ལྷག་ལུས་མེད་པར་གསོལ་བས། ཕྱི་ཉིན་ཀྱང་སྒྲེགས་པའི་ནང་དུ་མི་ཤའི་དྲི་མ་ཆིལ་ཆིལ་དུ་བྲོ་བ་བྱུང་། དེ་ནས་ལམ་ཁའི་གནས་རྟེན་ཁག་ལ་མཇལ་ཞོར་མཛད་དེ་ཙ་རིའི་གནས་ནང་བར་ཞབས་རྗེན་དུ་ཕེབས་པས་ཞབས་ཁ་བས་བྱིད་པ་སོགས་ཀྱིས་ཞབས་མཐིལ་རྡོ་ལྟར་གྱུར་པ་དང་། ཞབས་རྐང་ཤིན་ཏུ་ཆེ་བ་ཁྲུ་གང་ཙམ་ཡོད་པར་གྱུར་པས་ཁ་བའི་སྟེང་གི་ཞབས་རྗེས་མི་ཞིག་གིས་མཐོང་བས་མི་རྒོད་དུ་འཁྲུལ་ནས་འོང་མ་ཕོད་པར་ཕྱིར་ལོག དེར་ཟླ་བ་དགུ་ཙམ་དང་སྤྱིར་ཙ་རིའི་གནས་ཆེན་རྣམས་སུ་ལོ་ངོ་གསུམ་ལྷག་ལ་སྒྲུབ་པ་མཛད་པས་དངོས་ཉམས་རྨི་ལམ་རྣམས་སུ་རྟགས་དང་ཆོ་འཕྲུལ་སྣ་ཚོགས་པ་བྱུང་ཞིང་། འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ནས་ཆོས་ཉིད་ཟད་པའི་སར་ཕྱིན་ཏེ་གྲུབ་པའི་རྟགས་མཚན་ལ་མངའ་དབང་བསྒྱུར། དེ་སྐབས་རྣམས་སུ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལའི་རྣམ་ཐར་ལྟར་དཀའ་ཐུབ་དྲག་པོ་མཛད་ཚུལ། རྗེ་ཉིད་ཀྱི་རང་རྣམ་ལས། གནས་ནང་ཟླ་བ་དགུར་མཚམས་ལ་སྡོད་སྐབས་དང་པོའི་རིང་ཉིན་རེར་པེ་ཤུན་ལན་གསུམ་རེ་བསྐོལ་ཞིང་བཏུང་པ་དང་རྩམ་པ་རེ་རེ་བཟའ་རྒྱུ་ཡོད། བར་སྐབས་ཉིན་རེར་ཆུ་ཐང་ལན་གཅིག་དང་རྩམ་པ་ཐུན་རེ། མཐར་སྔར་གྱི་ཚོགས་གཏོར་བཏང་བའི་གཏོར་ཧྲུལ་ལྷག་མ་ཅུང་ཟད་རེ་ཆུ་ནང་དུ་བསྐོལ་ནས་ཉིན་རེའི་བཟའ་བཏུང་གཉིས་ཀའི་གོ་ཆོད་བྱས་ནས་བསྒོམས། རྗེས་སུ་གཏོར་ཧྲུལ་ཡང་ཟད་པས་ལུས་པོ་ཤིན་ཏུ་ཞན་ཅིང་ལག་པ་ནམ་མཁར་ཚད་དུས་ཚིགས་ཀྱིས་ཀྱང་ཉི་མ་མི་སྒྲིབ་པར་སོང་། ཕུག་པའི་གཡས་གཡོན་དེར་ཟྭ་མང་པོ་སྐྱེས་འདུག་པ་བསྐོལ་ཏེ་འཐུང་པས་མིད་པ་དང་ཁ་ནང་ཐམས་ཅད་རྨ་བརྡོལ་ནས་ཤིན་ཏུ་ཉམས་ཐག་པར་གྱུར། ལུག་གི་དཔྱི་རུས་རུལ་བ་ཞིག་རྙེད་པ་བརྡུངས་ནས་རུས་ཁུ་བཏུང་བས་རིམ་གྱིས་བདེར་སོང་། དེ་མུར་ཟླ་བ་དགུའི་མཚམས་གྲོལ་ནས་འགྲོ་ཆས་ཀྱིས་སྒོར་བུད་པས་མགོ་ཡུ་འཁོར་ཏེ་རི་འགོ་ཐམས་ཅད་འགྲོ་ཞིང་ཡོད་པ་ལྟར་འདུག དེ་འཕྲལ་རླུང་བརྒྱལ་གྱིས་དབང་པོ་ཤོར་ཆས་བྱས་ནས་ལག་པ་གཉིས་ཀས་འཁར་བ་ལ་ཤུགས་ཀྱིས་བརྟེན་ཀྱང་འཁྱལ་འཁྱོལ་བྱས་ནས་འགྲོ་མ་ནུས། དེ་སྐབས་སེམས་ལ་ཨེ་ཨེ་ངས་མ་ལེགས་པ་ཞིག་བྱས། ཆོས་རྣམ་དག་སྒྲུབ་པའི་དལ་རྟེན་ཆུད་ཟོས་སུ་གཏོང་འདུག་ཀྱང་བྱ་ཐབས་ཟད། ད་སྒྲུབ་ཕུག་ཏུ་ཡར་ཕྱིན་ནས་འཆི་བ་སྒུག་པ་ལས་ཐབས་གཞན་མི་འདུག་སྙམ། ཡང་བསམ་བློ་ཕྱི་མ་ཞིག་ལ་ང་ནད་ཀྱིས་གདུང་བ་ནི་མིན། དཀའ་ཐུབ་ཀྱིས་ལུས་རིད་པ་ཁོ་ནས་ཨེ་འཆི་སྙམ་ནས་སེམས་ལ་དཔའ་བསྐྱེད་དེ་འཁར་བ་ལ་ཤུགས་བཅོལ་བཞིན་གོམ་ཁ་ཅི་འཁྱོལ་གྱིས་ཙཱ་རི་གྱེན་དུ་ཕྱིན། ལམ་ཁ་ནས་ཆུ་ཕོར་བ་གང་རེ་བཏུང་འཕྲལ་འགྲོ་རྒྱུ་ཅུང་ཟད་རེ་བྱུང་ཡང་ཁམས་ཉོག་པས་ལུས་པོ་ཞིག་འགྲོ་བ་ལྟར་ངལ་ཞིང་དུབ། རྒྱུ་མ་རྒལ་ཚིགས་སུ་འབྱར་བས་ལུས་དྲང་པོར་བསྲང་མི་ནུས་ཤིང་མཇིང་པའང་རིང་པོར་གྱུར། སྐེ་ཚིགས་དང་སྒལ་ཚིགས་རྩིབ་མ་རྣམས་རྒྱང་ནས་རྩི་ཆོག་པ་བྱུང་། དེ་ལྟར་ཤི་མ་གསོན་བར་དོའི་སྣང་བ་འདྲ་བ་ཞིག་གི་ངང་ནས་ཉི་མ་བཞིར་སོང་རྗེས་དྭགས་པོ་ཁ་རོང་པའི་དུད་ངན་ཞིག་འདུག་པའི་སར་སླེབས། སློང་མོ་བྱས་པས་མ་རྒན་ཞིག་ནས་མར་ཆུ་ཞིག་བླུད་དེ་ཕྱུར་བ་རློན་པ་སྡེར་མ་གང་བྱིན་བྱུང་། མར་ཆུ་དེ་བཏུང་འཕྲལ་ལུས་པོ་ཐམས་ཅད་ལ་རློན་བབ་པ་བཞིན་རང་ཚུགས་ཐུབ་པར་སོང་། དེ་ནས་ལ་བརྒལ་ཏེ་ཕྱིན་པས་ལ་ཐོག་དེར་རྐྱ་མི་གཉིས་འོང་བ་དང་ཐུག གཞོན་པ་དེས་ཁྱེད་ཀྱིས་གཟུགས་པོ་འདི་ལྟར་སོང་བའི་རྒྱུ་མཚན་གང་ཡིན་ཞེས་དྲིས་བྱུང་བར། ངས་དཀའ་ཐུབ་ཀྱིས་རྒུད་པ་ལས་ནད་གང་ཡང་མེད་ཚུལ་བཤད་པས་ཁོ་མཆི་མ་ཤོར་ཏེ་སྒྲུབ་ཆེན་པ་ཁྱེད་ནས་ངའི་རྟ་འདི་ཞོན་ལ་ངེད་ཚོའི་ལུང་པར་བྱོན་ནས་རེ་ཞིག་ལུས་གསོ་ལས་གཞན་དུ་ཕེབས་ཐུབ་མི་འདུག་ཟེར། ངས་སྦྱིན་བདག་ཁྱེད་ནས་དེ་ལྟར་གནང་བ་བཀའ་དྲིན་ཆེ་ཡང་། ད་ང་རང་ལ་མི་ཟས་ཀྱང་ཅུང་ཟད་བཟའ་རྒྱུ་ཡོད་པས་ཨེ་འཆི་མི་ཤེས་པས་ཁྱེད་ཀྱི་རྩར་མི་འགྲོ་ཞེས་དང་དུ་མ་བླང། ཁོང་གཉིས་ལ་ཟས་གཞན་ནི་ཅི་ཡང་མི་འདུག་ཅིང་ཇ་ཐེབས་ཤིག་ཡོད་པ་ང་ལ་བྱིན་སོང་། དེར་ངས་ཟླ་བ་མང་པོར་ཇའི་དྲི་མ་མ་ཚོར་བར་བརྟེན་དགའ་དྲག་པས་འགྲོ་རྒྱུ་ཡེ་མི་འདུག་ཀྱང་ནུར་འགྲོས་ཀྱིས་ཕྱིན་པས་གཟིམ་པ་ཕུག་ཟེར་བའི་བྲག་སྐྱིབས་ཤིག་ཏུ་སླེབས། དེར་མེ་བཏང་ནས་ཇ་ཞིག་བསྐོལ་ཏེ་བཏུང་བར་བརྩམས་པས་རྡོར་གང་ཡང་མེད་པའི་ཇ་ཚན་དེའི་རླངས་པ་ཕོག་པ་ཙམ་གྱིས་རླུང་བསླངས་ནས་བཏུང་པ་ལྟ་ཅི་དྲི་བསྣམས་པས་ཀྱང་མགོ་ཡུ་འཁོར་བར་གྱུར། འདི་འདྲའི་དཀའ་ཐུབ་ཀྱི་ཚོད་མ་ཟིན་པར་དལ་འབྱོར་ཉམ་ཉེས་སུ་ཉེ་བ་དང་། བསོད་ནམས་མ་ཡིན་པས་དམ་ལ་བཞག་པའི་རྐང་གཉིས་མི་སྲུན་པ་དག་གི་ཁྲོད་དུ་འཕྱན་ནས་ལུས་སྲོག་ལ་བར་དུ་གཅོད་དམ་སྙམ་པའི་གལ་ལ་ཐུག་པ་གང་གི་སྐབས་སུའང་། ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། །ཞེས་པ་ལྟར་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་སྙིང་སྟོབས་ཀྱི་གོ་ཆ་ལྷོད་དེ་འདོད་ཡོན་དང་སྒྲུབ་རྒྱགས་དྲན་ནས་ད་ཕྱིན་དཀའ་ཐུབ་དེ་ཙམ་མི་ནུས་སྙམ་པ་དང་། ཚེ་འདིའི་ཕུན་ཚོགས་ལ་ཆེ་ཐང་དུ་བྱེད་ཅིང་གྲོང་ཆོག་དང་རྙེད་འཚོལ་གྱི་བློ་གཏན་ནས་མི་སྐྱེ་བ་འདི་བྱ་བཏང་ཁོ་བོའི་ཁྱད་ཆོས་མི་གཞན་གྱི་གྲུབ་རྟགས་ཀྱི་དོད་དུ་ཡོད་པས། རྣམ་ཐར་གྱི་གནད་འགག་ཐམས་ཅད་འདིས་སྟོན་པས་ངའི་རྗེས་སུ་འཇུག་པ་རྣམས་ཀྱིས་ཤེས་པར་གྱིས་ཤིག །ཅེས་གསུངས། དེ་ནས་ངེས་མེད་ཀྱི་དབེན་རིར་སྒྲུབ་པ་མཛད་བཞིན་བྱོན་པའི་སྐབས་ཤིག་ན་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་མཆོག་ཁམས་ནས་ཀུན་མཁྱེན་བླ་མའི་མདུན་དུ་བྱོན་འདུག་པས། ཅིས་ཀྱང་སྐུ་དྲུང་འོང་དགོས་པའི་བཀའ་ཤོག་ཕེབས་དོན་ལྟར་འཕྲལ་མར་ཕེབས་པས། གྲུབ་རྗེ་མཆོག་དང་། དགེ་རྩེ་བླ་མ་བསོད་བསྟན། དཔལ་ལྡན་རྒྱ་མཚོ་སོགས་དཔོན་སློབ་ཁ་ཤས་ཕེབས་འདུག་པ་དང་མཇལ། ཀུན་མཁྱེན་བླ་མའི་མདུན་རྟོགས་འབུལ་ཞིབ་རྒྱས་སུ་ཞུས་ཚེ་ཡབ་རྗེའི་ཞལ་ནས་འོ་དེ་ཀ་ཡིན། སྤྱིར་རྟོགས་པ་གཤའ་མ་དེ་མཚན་ཉིད་ལྡན་པའི་སློབ་དཔོན་གྱིས་དད་བརྩོན་ཤེས་རབ་དང་ལྡན་པའི་སློབ་བུ་ལ་དབང་དོན་གྱི་ཡེ་ཤེས་པ་དབབ་པའི་སྐབས་སམ། ཡི་དམ་ལྷའི་བསྙེན་སྒྲུབ་ཚད་དུ་འཁྱོལ་བས་དངོས་གྲུབ་ཀྱིས་སྣ་དྲངས་ནས་རྟོགས་པའམ། བླ་མར་སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མིན་དུ་སྐྱེས་ནས་ཐུགས་རྒྱུད་ཀྱི་དགོངས་པ་འཕོས་ཏེ་རྟོགས་པའམ། ཡང་ན་གཉན་ས་འགྲིམས་པའི་ལྷ་འདྲེའི་ལྷོངས་འཚུབས་ཀྱི་རྐྱེན་ལས་རྟོགས་པ་སྟེ་བཞི་པོ་གང་རུང་ལས་རྟོགས་པའི་ཐབས་གཞན་མེད་ལ། ཁྱེད་ནི་བླ་མའི་བྱིན་རླབས་དང་ཡི་དམ་གྱི་དངོས་གྲུབ་གཉིས་ཀྱི་ནུས་པས་གནས་ལུགས་ཀྱི་རང་ཞལ་རྗེན་པར་མཐོང་བ་ལ་ནོར་བ་མི་འདུག་པས། ད་ཕྱིན་རྗེ་བླ་མ་རིན་པོ་ཆེའི་ཞལ་ནས། ང་གཅིག་པུར་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་པར་འཇུག་པ་ཡིན། །མང་པོའི་གསེབ་ཏུ་སྡོད་ཙ་ན། །གང་ཤར་ངོ་ལ་བལྟ་བ་ཡིན། །ཞེས་པ་ལྟར། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་གཞི་གནས་ཀྱི་རིག་པ་ཡེ་ནས་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བ་འདི་ཀ་སྤྲོས་མཚན་གྱི་གཟེབ་ཏུ་མ་འཇུག་པས་གདོད་མའི་ས་ལ་མྱ་ངན་ལས་འདའ་བར་གྱིས། ཁྱོད་གོང་མ་རྒྱལ་པོའི་དབུ་བླ་གྱུར་པ་ལས། བྲག་ཕུག་ཞིག་ཏུ་སྒྲུབ་པའི་ཚུགས་ཁ་མ་ཉམས་པ་ཞིག་བྱུང་ན་ངའི་བསམ་པ་དེས་རྫོགས་པ་ཡིན་ཞེས་ངོ་སྤྲོད་ཞལ་གདམས་དབུགས་དབྱུང་དང་བཅས་གནང་། གྲུབ་རྗེ་རིན་པོ་ཆེས་ད་རེས་འུ་ཅག་མཉམ་དུ་ཁམས་ཕྱོགས་སུ་སྐོར་ཙམ་མ་སོང་ཕྱིན་ཆོས་དམ་ལ་འགལ་བ་འགྲོ་ངེས་ཡིན་ཞེས་ནན་གསུང་ལྟར་ཕེབས་རྒྱུའི་ཞལ་བཞེས་མཛད། རིམ་པར་བཤུལ་ལམ་རིང་བགྲོད་ཀྱིས་ཕ་ཡུལ་དུ་སླེབས། མ་ཡུམ་རྒན་མོ་བད་ཀན་གྱི་ནད་གཞི་ཞིག་ཐེབས་ནས་འདུག་པ་དང་མཇལ་བས། ད་བུ་ཁྱོད་ཀྱིས་ཆོས་ཚུགས་ཟིན་འདུག་པ་དེས་གོ་ཆེན་པོ་བཅད། ཕྱིན་ཆད་ཀྱང་སྒྲུབ་པ་མཐར་སྐྱེལ་ཞིག་འོང་ན་ང་ལ་སེམས་འཚེར་གཏན་ནས་མེད་ཅེས་གསུངས། དེ་ནས་རྫ་རྒྱུད་མ་མོའི་དྲེའུ་དཀར་ཕུག་ཏུ་སྐུ་མཚམས་ལ་བཞུགས་པས་ཐོག་མར་ལྷ་འདྲེའི་ཆོ་འཕྲུལ་གྱིས་རྨི་ལམ་སོགས་འཚུབ་ཆ་ཆེ་ཙམ་བྱུང་། ནུབ་གཅིག་གཉིད་དང་འོད་གསལ་འདྲེས་མའི་ཉམས་སྣང་ཞིག་ལ་རྡོ་བླ་རིན་པོ་ཆེས་ཁྱོད་འབོད་དུ་བཏང་བ་ཡིན་ཟེར་བའི་བུད་མེད་གཅིག་དང་ལྷན་དུ་མ་མོའི་གྱེན་དུ་བྱོན་པས། ས་གཞི་ཐམས་ཅད་མེ་ཏོག་སྣ་ཚོགས་ཀྱིས་གང་ཞིང་རྒྱ་ཆེ་བ་ནམ་མཁའ་ནས་ཀྱང་མེ་ཏོག་གི་ཆར་འབེབས་པ་ཞིང་ཁམས་ལྟ་བུ་ཞིག་གི་དབུས་སུ་མི་ཞིག་གིས་ཁྲི་གཉིས་གཤོམ་འདུག་པ་དང་། དེར་སྟག་ལྤགས་མཆེ་སྡེར་མ་ཉམས་པ་ཞིག་བཏིང་འདུག་པ་སྟག་ལྤགས་འདི་བླ་མའི་གདན་ཡིན་པས་རྡོ་བླ་རིན་པོ་ཆེའི་ཁྲི་ཐོག་ཏུ་ཐིང་ཞིག་གསུངས་པར། འདི་བླ་མས་ཁྱེད་ལ་ཐིང་ཞིག་ཅེས་བཀས་གནང་བ་ཡིན་ཟེར། དེ་ནས་རྡོ་བླ་རིན་པོ་ཆེ་ཕེབས་བྱུང་བ་དང་གདན་ལ་འཇགས་ནས་ཁྲོམ་ཚོགས་ཤིན་ཏུ་མང་པོ་ཞིག་ལ་དབང་སྐུར་གྲབས་བྱེད་སྐབས་ཤར་ཕྱོགས་ནས་འོད་ཀྱི་འཁོར་ལོ་དཀར་པོ་རྩིབས་སྟོང་ཅན། སྲིད་པ་གསུམ་པོ་འོད་ཀྱིས་གསལ་སྙམ་པ་འདུན་རྒྱབ་མི་སྒྲིབ་པ་ཞིག་མཐོང་འདུག་པའི་མུར། རྡོ་བླ་རིན་པོ་ཆེས་ད་འགྲོ་རན་སོང་ཞེས་གསུངས་པས་དཔོན་སློབ་ཟུང་ནམ་མཁའི་འོད་ལམ་དཀར་པོ་བརྒྱུད་དེ་བྱོན། རྗེ་འདིས་ཕྱིར་གཟིགས་ཤིག་མཛད་པས་ཁྲོམ་ཚོགས་ཐམས་ཅད་ཀྱང་ཕྱི་བཞིན་འོང་གི་འདུག་པ་དང་། རྡོ་གྲུབ་རིན་པོ་ཆེའི་ཞལ་ནས་ཁྲོམ་མ་གིར་མི་གྲངས་ཅི་ཙམ་འདུག་ཅེས་གསུངས་པར་ལན་ཞུ་རྔོ་མ་ཐོགས་པའི་ཚེ་གློ་བུར་དུ་མི་ནག་པོ་གཟུགས་བོངས་ཆེ་བ་ཞིག་མདུན་དུ་ལྷགས་ཏེ། མ་གིར་ཁྲི་ཚོ་བཞི་ལས་མི་འདུག་ཀྱང་གྲངས་མེད་པ་རྗེས་ནས་ཡོང་གི་ཡོད་ཅེས་ཟེར་པ་དང་ཉམས་ཡལ། ཕྱིས་སུ་གྲུབ་རྗེ་རིན་པོ་ཆེ་ལ་དེ་ཚུལ་ཞུས་པས་འོ་ཅག་གཉིས་སྨོན་ལམ་ཐེབས་ཕྱོགས་གཅིག་ཏུ་འདུག ངས་ཀྱང་མནལ་ལམ་ཞིག་ཏུ་རི་རྩེ་མཐོན་པོ་ཞིག་ནས་ཕྱུགས་ཟོག་མང་ཙམ་དེད་དེ་འགྲོ་བཞིན་འདུག་པ་དང་། ཕྱིར་བལྟས་བྱས་པས་ཁྱེད་ཀྱིས་རི་འདབས་ནས་ཕྱུགས་ཟོག་གྲངས་ཀྱིས་མཐའ་མི་ཆོད་པ་ཞིག་དེད་ནས་འོང་བར་རྨིས་པས་ངེད་གཉིས་འགྲོ་དོན་ཁྱེད་ཆེ་བར་འདུག ལར་ཁྱོད་སྐྱེ་བ་སྔ་མ་ཕྱག་ཆེན་གྱི་རྣལ་འབྱོར་པ་ཡིན་འདུག་པས་ཐོག་མ་ནས་ཕྱག་ཆེན་ཉམས་སུ་བླངས་ན་ལམ་ལ་དཀའ་ཚེགས་ཡོད་པ་མི་འདུག ངེད་ཀྱི་དགོངས་གཏེར་རྗེ་བཙུན་མི་ལའི་སྒྲུབ་ཐབས་འདི་ཁྱེད་ཀྱི་ཆོས་སྐལ་དུ་འདུག་པས་རྗེ་བཙུན་གཙོ་འཁོར་གསུམ་གྱི་ཐང་སྐུ་ཞིག་ངས་ཁྱེད་ལ་སྦྱིན། ད་ཕྱིན་གཅོད་ཀྱི་སྒོ་ནས་འགྲོ་དོན་བྱེད་དགོས་གསུངས། སྐབས་ཤིག་མཚམས་ལས་གྲོལ་ཏེ་རྡོ་བླ་རིན་པོ་ཆེ་དང་མཉམ་དུ་དགེ་རྩེ་དང་། ཁྲོམ་བཟའ། ཕྱག་ཚ་དང་ཕུག་ཁུང་དགོན་སོགས་སུ་ཟླ་ཁྲིད་འགའ་གནང། དེ་མཚམས་རྡོ་གྲུབ་རིན་པོ་ཆེ་རི་བོ་རྩེ་ལྔར་ཕེབས་འདུན་གནང་ཞིང་། རྗེ་འདི་ཉིད་དང་དབོན་འཇིགས་མེད་བྱང་ཆུབ་ཟུང་གྲུབ་དབང་རྫོགས་ཆེན་གདན་སར་སྒྲུབ་པར་བཞུགས་རྒྱུ་མཛད་ནས་དེར་ཕེབས། རུ་དམ་ཡང་དབེན་ཚེ་རིང་སྒྲུབ་ཕུག་ཏུ་ཉིན་རེར་གསོལ་ཇ་ཐེངས་གཉིས་དང་རྩམ་པ་ཐུན་རེའི་འཚོ་བ་ལ་བརྟེན་ནས་ཡུན་རིང་བཞུགས། སྐབས་ཤིག་ན་ཀུན་མཁྱེན་བླ་མ་དྲན་པའི་མོས་གུས་སྡོད་མི་ཚུགས་པ་བྱུང་བས་རྡོ་གྲུབ་རིན་པོ་ཆེར་ཞུ་ཡིག་ཅིག་བཞག་སྟེ། ཉི་གྲགས་མཆོག་སྤྲུལ་གྱི་སྒར་དང་འགྲོགས་ནས་ཞེའུ་བརྒྱུད་སྲིན་རྫོང་ལ་ཕེབས། དེ་ནས་གཡུ་ཁོག་གི་གྲྭ་བ་ཞིག་བཅས་པཎ་ཆེན་སངས་རྒྱས་མཉན་པ་དབུས་སུ་ཕེབས་པའི་སྒར་དང་འགྲོགས་ནས་དོན་མཁར་ཚེ་རིང་ལྗོངས་སུ་སླེབས། སླར་ཡང་ཀུན་མཁྱེན་བླ་མའི་མདུན་ནས་ཟླ་བ་གསུམ་ཙམ་རིང་ཕྱག་རྫོགས་ཀྱི་གདམས་པ་དང་ཟབ་ཆོས་ཀྱི་སྒྲོ་འདོགས་ལྷག་ལུས་མེད་པར་བཅད། ཕེབས་ཁར་ཐུགས་བརྩེ་ཆེན་པོའི་སྒོ་ནས་ཉིད་མཛད་སྙིང་ཐིག་སྔོན་འགྲོ་རྣམ་གཉིས་དང་། ཁྲིད་ཡིག་ཡེ་ཤེས་བླ་མ་ལ་མཐེ་བོང་ཧྱ་ཡིག་གི་རྗེས་གསལ་བར་དོད་པ་ཕྱག་འཁར་བཅས་གནང་ནས། ད་ཕྱིན་ཁྱོད་རང་དགོན་སྡེ་མང་པོ་བཅའ་བ་ལ་དགོས་པ་མེད་པས་གུ་རུའི་ལུང་བསྟན་བཞིན་འགལ་རྐྱེན་མེད་པའི་གནས་ས་ཕུག་གམ་སྤྱིལ་བུ་གང་རུང་རེར་སྒྲུབ་པའི་ཚུགས་ཁ་མ་ཉམས་པ་ཞིག་ཅིས་ཀྱང་རེམ། ཁྱོད་ཀྱི་ཕ་ཡུལ་དེ་མཐའ་འཁོབ་སྲིན་པོའི་གླིང་ལྟ་བུ་ཞིག་ཡོད་པར་འདུག ཁོ་བོའི་ཆོས་འདིས་དམུ་རྒོད་གདུལ་དཀའ་བའི་སེམས་ཅན་གཙོ་བོར་འདུལ་བ་ཡིན་པས། ཁྲིད་སོགས་ཟེར་མཁན་བྱུང་ན་སྤོབས་པ་མི་ཞུམ་པར་གྱིས་ལ་ཤོད་དང་སེམས་ཅན་མང་པོ་ལ་ཕན་ཐོགས་འོང་ངེས་ཡིན་ཞེས། བཀའ་གཏད་སྨོན་ལམ་བཅས་མཛད་དེ་དོན་བརྒྱུད་ཀྱི་བསྟན་པའི་གཉེར་ཁ་གཏད་ནས་ཞལ་གྱེས་མཛད། རིམ་པར་ལྷ་ལྡན་བརྒྱུད་རང་ཡུལ་དུ་འབྱོར་ཞིང་ཞག་འགའ་ལས་མ་བཞུགས་པར་གྲུབ་དབང་རྫོགས་ཆེན་དགོན་དུ་ཕེབས་ཏེ་མགོན་པོ་དར་རྒྱས་ཚང་སར་བསྙེན་མཚམས་ལོ་གཅིག་ལ་བཞུགས། དེ་སྐབས་རྫོགས་ཆེན་བླ་བྲང་ནས་སྒྲུབ་གྲྭའི་སྒྲུབ་མཆོད་ཀྱི་སྤྱི་བླ་མཛད་དེ་འཛིང་ཁོག་ཏུ་ནས་ལྡོམ་ལ་ཕེབས་དགོས་གསུངས་པ་དགོང་ཞུས་བྱས་ཏེ། ནགས་ཁྲོད་དུ་གད་ཐོག་ཆོས་ལྡན་གྱི་སྒྲུབ་ཕུག་ཅིག་ཡོད་པའི་ནང་ལོ་ངོ་གཉིས་ཙམ་ལ་སྒྲུབ་པ་མཛད་ནས་བཞུགས། དེ་མཚམས་རྫོགས་ཆེན་སྒྲུབ་མཆོད་ཆེན་མོའི་ཁར་དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་དཔོན་གཡོག་ལྔ་ཆེད་གཏད་དུ་རྗེ་ཉིད་བསུ་བར་འབྱོར་ཞིང་མ་ཕེབས་ན་ཆོས་དམ་ལ་འགལ་བ་ཡིན་ཚུལ་གསུངས་པ་དང་། རྗེ་བླ་མ་དཔོན་སློབ་གསང་སྔགས་བསྟན་འཛིན་མཆོག་ནས་ཀྱང་རྫོགས་ཆེན་སྒྲུབ་གྲྭའི་ཁྲིད་དཔོན་དུ་མུ་མཐུད་བཞུགས་དགོས་པ་ནན་གསུངས་མཛད་ཀྱང། དགེ་རྩེ་བླ་མའི་སྐུ་ངོ་མ་ལྕོགས་པར་ཕེབས་བཏང་མ་མཛད་ཐབས་མེད་བྱུང་བ་ལྟར་རང་ཡུལ་དུ་ཕེབས་ཏེ་ལོ་ངོ་གསུམ་ལ་མི་ཁྱིམ་དུ་མི་ཕེབས་རྒྱུའི་ཐུགས་དམ་བཅས་ནས་བཞུགས། དགུང་གྲངས་ཞེ་དྲུག་བཞེས་པ་རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ལོར། རྡོ་གྲུབ་རིན་པོ་ཆེས་ཤུགས་ཆེན་གདན་ས་གསར་དུ་བཏབ་པའི་ལྷ་ཁང་བཞེངས་སྐྲུན་ཆེད་ཟླ་རྒྱུད་ཕྱོགས་སུ་གདུལ་བྱར་ཕེབས་པའི་ཕྱག་རོགས་མཛད་བཞིན་རྡོ་ཁོག་ཏུ་ཆིབས་སྐྱེལ་མཛད། ཕྱི་ལོར་ཀིཿལུང་དགོན་གསར་རིག་འཛིན་འཕེལ་རྒྱས་གླིང་དུ་ཡར་ཕེབས་ཏེ་དགེ་རྩེ་བླ་མའི་དྲུང་དུ་བཞུགས། འདི་སྐོར་དགེ་རྩེ་བླ་མ་དང་ཆེ་ཡོལ་རིག་འཛིན་ཆེན་མོ་གཉིས་ཀྱི་དྲུང་ནས་ཉི་གྲགས་ཆོས་སྐོར་སོགས་དབང་ལུང་དུ་མ་གསན་བཞེས་མཛད། དགུང་གྲངས་བཞི་བཅུ་པ་ཤིང་ཕོ་བྱི་བའི་ལོར་རྡོ་གྲུབ་རིན་པོ་ཆེ་དང་དགེ་རྩེ་བླ་མ་རྣམ་གཉིས་ཀྱི་བཀའ་དགོངས་ལྟར། སྔར་ཨོ་རྒྱན་ཆེན་པོའི་ལུང་དོན་དང་མཐུན་པའི་དབེན་གནས་ཁྲ་མ་ལུང་ཞེས་བྲག་རི་དང་སྤང་ཐང་འདྲེས་པ་ཟངས་མདོག་དཔལ་རིའི་བཀོད་པ་ཚང་བའི་གནས་དེར་ཕེབས། དང་པོའི་ནུབ་མོར་རྗེ་ཉིད་ཀྱི་གཟིམས་ལམ་དུ་ཁྲི་ཆེན་པོ་ཞིག་ལ་བཞུགས་ཏེ་ཁྲོམ་ཚོགས་གྲངས་ཀྱིས་མི་ལང་པ་ཞིག་ལ་དབང་བསྐུར་མཛད་པ་སོགས་རྟེན་འབྲེལ་གྱི་མཚན་མ་མཆོག་ཏུ་དགེ་བས་ཐོག་མའི་མཛད་པའི་སྒོ་གསར་དུ་ཕྱེས། ལོ་དེར་ཚོགས་པ་ཉི་ཤུ་སྐོར་ལ་སྨིན་ཁྲིད་ཀྱི་དཀའ་དྲིན་བསྐྱངས་བ་ནས་གདན་ས་དེར་ལོ་ངོ་ཉེར་གཅིག་ལ་བཞུགས་ཏེ་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཆོས་འཁོར་བར་མེད་དུ་བསྐོར་བས་རྫ་ཁྲ་མ་བླ་མ་ཞེས་མཚན་སྙན་གྱི་གྲགས་པས་ཤར་རྒྱུད་འཛིན་མའི་ཁྱོན་ཀུན་ཡོངས་སུ་ཁྱབ་པར་གྱུར། སྔ་ཕྱིའི་ཞལ་སློབ་ཀྱི་གཙོ་བོ་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་བཛྲ། ཧེ་རུ་ཀ་དཔལ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། རྡོ་གྲུབ་གཉིས་པ་འཇིགས་མེད་ཕུན་ཚོགས། རྒྱལ་རོང་སྤྲུལ་སྐུ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ནོར་གླིང་སྤྲུལ་སྐུ་སོགས་གསང་ཆེན་སྙིང་པོའི་རིང་ལུགས་འཛིན་པའི་བསྟན་འཛིན་ཆེན་པོ་རྣམས་དང་། ཁམས་སྤྲུལ་ཆོས་ཀྱི་ཉི་མ་སོགས་ས་དགེ་བཀའ་རྙིང་གི་གྲུབ་མཐའ་འཛིན་པའི་སྐྱེས་ཆེན་དུ་མ་བྱུང་ཞིང་། དེ་དག་གིས་སྙིང་ཐིག་གོང་འོག་གི་སྨིན་ཁྲིད་རྒྱ་ཆེར་གསན་པའི་རྒྱུན་ལས་རྒྱ་བོད་རྒྱ་གར་བལ་འབྲུག་སོགས་སུ་བུ་སློབ་ཡང་སློབ་ཀྱིས་ཁེངས་པ་དང་། ཁྱད་པར་ཐུན་མིན་ཐུགས་སྲས་ཀྱི་ཐུ་བོ་དཔལ་མཁྱེན་ཉི་ཟླ་ཟུང་ཞེས་གྲགས་པའི་དཔལ་སྤྲུལ་སེམས་དཔའ་ཆེན་པོ་དང། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ལས་ཐུན་མིན་བརྒྱུད་པའི་ཆུ་བོས་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཡོངས་སུ་ཁྱབ་པ་འདི་བྱུང་ངོ་། །དེ་མཚུངས་རྫ་རྒྱུད་རྡོ་ཁོག་སོགས་ཀྱི་མི་སྐྱ་ཕོ་མོ་ཀུན་ལ་སྔོན་འགྲོ་འབུམ་ལྔའི་བསགས་སྦྱང་དང་། འཕོ་ཁྲིད། ཐ་ན་སྲོག་གཅོད་རྫུན་རྐུ་སྤོང་བ་སོགས་དགེ་སྐུལ་ཆོས་སྦྱིན་རྒྱ་ཆེར་མཛད་པས། ཡུལ་དེ་དག་གི་སྐྱེ་བོ་ཐམས་ཅད་འཆི་ཁར་བླ་མའི་ཞལ་མ་མཇལ་བ་གཅིག་ཀྱང་མེད་ཅེས་ཀུན་ལ་གྲགས། དུས་དེ་ཙམ་ན་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་ཡུམ་སྲས་ཀྱིས་དབུའི་མཆོད་གནས་སུ་གདན་འདྲེན་ཡང་ཡང་བྱས་ཀྱང་ཞལ་བཞེས་མ་གནང་། རྡོ་གྲུབ་རིན་པོ་ཆེ་སྐུ་གཤེགས་རྗེས་མནལ་ལམ་དུ་ཟངས་མདོག་དཔལ་རིར་བྱོན་ཅིང་། གུ་རུ་རིན་པོ་ཆེའི་མདུན་དུ་འཇིགས་གླིང་དང་རྡོ་གྲུབ་རིན་པོ་ཡབ་སྲས་བཞུགས་འདུག་པའི་བར་དེར་རྗེ་ཉིད་བཞག་བྱུང་བ་དང་། རིག་འཛིན་གྱི་ཚོགས་གྲལ་འདི་ལྟ་བུ་ལ་བདག་སོན་པ་སྐལ་བ་བཟང་སྙམ་ཏེ་དགའ་སྤྲོ་ཚད་མེད་སྐྱེས། རེ་ཞིག་ན་ཀུན་མཁྱེན་དང་རྡོ་གྲུབ་གཉིས་ཀྱིས་དབུ་ཐོད་གཏུགས་ཏེ་བུ་ཁྱོད་ད་དུང་འགྲོ་དོན་མ་རྫོགས་པས་ཕར་སོང་། ནམ་ཞིག་ན་རང་ཅག་འདིར་ལྷན་ཅིག་ཚོགས་པར་ངེས་གསུངས་པ་ན་ཐུགས་སྐྱོ་ཆད་དེ་བྱུང་བ་དང་མནལ་སད་པ་སོགས་དག་པའི་སྣང་བ་དུ་མ་བྱུང་། གྲུབ་པའི་རྟགས་མཚན་དུ་མི་མ་ཡིན་གྱིས་གནོད་སྦྱིན་གྱི་བླ་རྡོ་སོགས་དངོས་གྲུབ་ཀྱི་རྫས་མི་འདྲ་བ་དུ་མ་ཕུལ་བ་དང་། རྫ་ཆུའི་ཕ་རོལ་ནས་ཚེ་ལུག་ལ་ཕྱག་ནས་གཏོར་བས་ཚུར་རིའི་ལུག་རྒྱབ་ལ་འཐོར་བ་སོགས་ཡ་མཚན་གྱི་མཛད་པ་དུ་མ་མཐོང་ཆོས་སུ་བྱུང་། སྐུ་ཚེའི་སྨད་དུ་རྫ་རྒྱལ་དགོན་ཕུན་ཚོགས་ནོར་བུའི་གླིང་དུ་བཞུགས་ཤིང་། སྔར་ཀུན་མཁྱེན་བླ་མས་ཉིད་ཀྱི་ཕྱག་སེན་ཞིག་གནང་སྟེ་འདི་ནང་རྟེན་དུ་བྱས་པའི་ངོས་ཀྱི་སྐུ་ཞིག་བཞེངས་ན་ང་དང་འདྲ་ངེས་ཡིན་ཞེས་ཞལ་བཞེས་གནང་བ་བཞིན། ཀུན་མཁྱེན་བླ་མའི་འདྲ་སྐུ་ང་འདྲ་མ་གསེར་ཟངས་ལས་གྲུབ་པ་ཞིག་བཞེངས་གནང་མཛད་པ་བཅས། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་ཏེ་དགུང་གྲངས་བདུན་ཅུ་དོན་བརྒྱད་བཞེས་པ། སྤྱི་ལོ་༡༨༤༢པ་སྟེ་བོད་རབ་བྱུང་བཅུ་བཞི་པའི་ཆུ་སྟག་རྒྱལ་ཟླ་བའི་དམར་ཕྱོགས་དགའ་བ་གཉིས་པའི་མཚན་ཐུན་དང་པོར། གདོད་མའི་ནང་དབྱིངས་ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་པའི་སྐུ་རུ་སྣང་ཆ་གཟུགས་སྐུའི་རྣལ་རོལ་རེ་ཞིག་བསྡུ་བའི་ཚུལ་བསྟན་ཅིང་། དེ་ནས་ཞག་འགའ་སོང་བའི་ཆུ་ཡོས་ཟླ་བ་དང་པོའི་ཚེས་ཉེར་ལྔའི་ནངས་པར། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་འདས་རྗེས་ཞལ་གཟིགས་གནང་བ་འདི་ལྟར་ཏེ། ཆུ་ཡོས་ཟླ་བ་དང་པོའི་ཚེས་ཉེར་ལྔ་ལ། བདག་སྤྲུལ་མིང་ཚོགས་དྲུག་རང་གྲོལ་ས་སྐྱོང་རྒྱལ་པོར་ཚེ་སྒྲུབ་བསྙེན་སྐབས་ཀྱི་ནངས་པར་ཐོ་རེངས་ཀྱི་ཆ་ཐུན་གྱི་འོད་གསལ་གྱི་ངང་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པར་སླེབས་འདུག ཁོ་བོ་བུམ་པའི་ནང་དུ་འདུག་སྐབས། མདུན་གྱི་ནམ་མཁའ་ནས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་རོལ་མོའི་སྒྲ་མང་དུ་བསྒྲགས་ཤིང་དྲི་བཟང་གི་དུད་པས་ཕྱོགས་ཀུན་ཁྱབ་པར་བྱས་ནས། བདག་ལ་མཁའ་འགྲོ་མ་ཞིག་གིས་རིག་འཛིན་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ་འཇིག་རྟེན་མི་ཡུལ་ནས་ཨོ་རྒྱན་མཁའ་འགྲོའི་ཚོགས་དཔོན་ལ་གཤེགས་པ་སོགས་ཟེར་ནས། དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་དབུས་སུ་མཁའ་འགྲོ་བཞིས་དར་དཀར་གྱི་འདོ་ལིའི་ཕྱོགས་བཞིར་རྡོ་རྗེ་ཕྱེད་པའི་མཚན་པས་བཏེགས་པའི་སྟེང་དུ་སེང་གེའི་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྣལ་འབྱོར་པའི་ཆ་བྱད་ཅན་གཟི་བརྗིད་སྔོན་ལས་ཆེས་ཆེར་ལྷག་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་བཞུགས་པ། དར་གྱི་དྲྭ་བཞི་ན་ཤར་ལྷོ་ནུབ་བྱང་གི་མཁའ་འགྲོ་དཀར་སེར་དམར་ལྗང་བཞིའི་ཕྱག་གཡས་པ་རང་རྟགས་དང་། གཡོན་པས་དར་གྱི་གྲུ་བཞིའི་རྡོ་རྗེ་བཞི་ལ་བཟུང་པ། གླང་ཆེན་རྨ་བྱ་ཤང་ཤང་བཅས་ལ་ཞོན་པ། འཇའ་སྤྲིན་འོད་ལྔའི་ཀློང་ན་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་གླུ་གར་རོལ་མོའི་བྱེ་བྲག་སྣ་ཚོགས་པས་མཆོད་པའི་མོད་ལ། ཁོ་བོས་མི་ཡུལ་དུ་འགྲོ་དོན་མཛད་དགོས་པར་ཞུས་པའི་ལན་དུ། རྗེ་སྲོང་བཙན་ནས་ད་ལྟའི་བར་དག་ཏུ། །ངས་འགྲོ་དྲུག་གི་གདུལ་བྱ་བྱས་ཟིན་ཅིང་། །ཁྱད་པར་དུ་མི་ཡུལ་འདི་ཉིད་དུ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ། །དཀར་ནག་གི་ལས་འབྲས་བླང་དོར་དང་། །རྫོགས་ཆེན་གྱི་ཁྱད་ཆོས་ཨ་ཏི་ཡིས། །ཐམས་ཅད་ལ་འགྲོ་དོན་བྱས་ཟིན་ཏེ། །རྗེས་འཇུག་གི་བུ་སློབ་ཐམས་ཅད་ཀྱིས། །རང་ལུགས་ལས་གཞན་ན་མེད་པའི་ཆོས། །ཁོ་བོ་རིག་འཛིན་ཆེན་པོའི་གསུང་། །དོན་མ་ནོར་ཁྱོད་ལ་གདམས་པར་བྱ། །གདོད་ནས་རྣམ་དག་བསམ་ཡུལ་འདས་པའི་ཀློང་། །སེམས་ཉིད་རྒྱལ་པོ་རང་བཞིན་རྫོགས་པ་ཆེ། །གང་ཡང་མ་སྤངས་ཀུན་ལས་འདས་པའི་དོན། །གང་ཤར་ཞེན་མེད་ལྷུན་འབྱམས་རིག་པའི་ཀློང་། །ཅོག་བཞག་རང་གྲོལ་ཅེར་མཐོང་བསམ་ཡུལ་མེད། །རང་བཞིན་བབ་ཡིན་བཅོས་སླད་མ་བྱེད་ཅིག །རྨོངས་པ་གང་གིས་ངོ་བོ་དེ་བོར་ནས། །གཉུག་མའི་སེམས་ལ་སྒྲིབ་པའི་གཟེབ་བསྐུར་ཏེ། །བཅོས་ཤིང་བཅོས་ཤིང་སྙིང་པོའི་དོན་ལ་སྒྲིབ། །གྲོལ་བ་མེད་པར་དེ་ཡིས་སླར་འཆིང་བྱེད། །གང་ལ་བློ་ཡི་ཁོང་ལ་ལྷོད་ཡོད་ན། །རང་བཞིན་ཉིད་དེ་དེ་ལ་བཅོས་མི་དགོས། །འགྱུ་མཐོང་རང་དག་གཉེན་པོས་མ་བསླད་ཅིག །སྤང་བྱས་མ་བསྒྱུར་གཤིས་དེ་རྫོགས་པ་ཆེ། །ཡོད་ཉིད་མེད་ལ་ཡོད་པ་མེད་པའི་མཐའ། །དངོས་ཀུན་བཤིག་པའི་སྟོང་པ་རྫོགས་པ་ཆེ། །བཅོས་ཤིང་བཅོས་ཤིང་གྲོལ་བར་འདོད་པའི་མི། །རྟག་ཆད་གཉིས་ལས་ཐར་པ་ཡོད་དམ་ཅི། །གཞི་མེད་རྩ་བྲལ་ཡེ་ནས་རྫོགས་པ་ཆེ། །སྟོང་དང་སྣང་དང་ཡོད་དང་མེད་པའི་སྒོམ། །གང་ལ་བསྒོམ་ཡོད་ལྟ་དང་སྤྱོད་པ་ཡོད། །དེ་ལ་སྲིད་ཡོད་འཁོར་བའི་སྡུག་བསྔལ་ཡོད། །གང་ལ་ཆོས་ཡོད་ཐེག་པའི་ཞེ་འདོད་ཡོད། །དེ་ལ་ཉོན་མོངས་གཉེན་ཡོད་འཆིང་བ་ཡོད། །གཞི་བྲལ་ལམ་འགགས་འབྲས་བུ་ཞེན་པ་དག །ཐེག་པའི་འདོད་ཞེན་རྡུལ་ཙམ་མི་གནས་པ། །དེ་ལ་ལས་མེད་རྣམ་སྨིན་གོས་པ་མེད། །སྲིད་འདིར་མི་གནས་ནམ་མཁའི་ངང་དུ་འགྲོ། །ཡུལ་གྱི་མཁའ་ལ་རིག་པའི་རྩལ་འཕྱོ་བ། །གཏད་མེད་རྒྱལ་པོ་འཛིན་མེད་ཤར་བའི་མི། །ཡུལ་དང་ཡུལ་ཅན་སྲིད་པ་རང་གྲོལ་ཆོས། །དུས་གསུམ་འཕོ་འགྱུར་མེད་པའི་ངང་དུ་གནས། །རིག་པའི་རྒྱལ་པོ་སྟོང་གསལ་ཆོས་སྐུའི་གདངས། །གདེངས་དང་ལྡན་པ་གདོད་མའི་ཀློང་དུ་ཨཿ །ཞེས་གསུངས་ཤིང་སྐད་ཅིག་ཉིད་ལ་རྔ་ཡབ་དཔལ་གྱི་རིའི་ཕོ་བྲང་ཆེན་པོའི་དབུས་སུ་རིག་འཛིན་ཆེ་མཆོག་ཧེ་རུ་ཀ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། གར་གྱི་ཉམས་དགུ་དུར་ཁྲོད་རོལ་པའི་རྒྱན་དང་ལྡན་པ་འཁོར་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཐམས་ཅད་ལམ་གྱིས་ཤར་བྱུང་། ཁོ་བོས་དབང་བསྐུར་པར་གསོལ་བ་བཏབ་པས་དབང་ཐོབ་པའི་ཉམས་བྱུང་། ཡང་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་གཙོ་བོ་ལ་ཐིམ། དཔལ་ཆེན་པོའང་འོད་སྔོན་པོའི་རྣམ་པར་གྱུར་ཏེ་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ་མ་ཐག་ཏུ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བཛྲ་གུ་རུ་འུར་གྱིས་བཟླས་པའིི་སྒྲས་སད་པས་ཁོ་བོ་རང་མལ་དུ་འདུག །ཅེས་གསུངས་སོ། །དེ་ནས་སྤྲུལ་བའི་རྣལ་རོལ་ཚད་མེད་པ་ཇི་སྲིད་སེམས་ཅན་ཀྱི་ཁམས་མ་སྟོངས་པ་དེ་སྲིད་དུ་བྱོན་པ་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལྟར་ལས། རྗེ་གོང་མའི་གདན་སའི་དཔལ་དུ་བྱོན་པའི་སྐྱེ་སྲིད་དེ་མ་ཐག་པ་ཀུན་བཟང་བདེ་ཆེན་རྡོ་རྗེ་ནི། གོང་མའི་སྐུ་ཚེ་སྨད་དུ་སེར་ཤུལ་གྱི་བུད་མེད་གཅིག་བག་མར་སོང་བའི་གཉེན་སྟོན་དུ་ནོར་ལུག་མང་པོ་བསད་པ་གསན་པས། རྗེའི་ཞལ་ནས་ཨ་རེ་ཤི་སྐྱེ་བ་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་བུད་མེད་འདིའི་བུ་རུ་སྐྱེས་མ་ཐུབ་ན་སེམས་ཅན་གྱི་དོན་བྱེད་ཟེར་བ་སྟོང་བཤད་ཡིན། །ཞེས་ཡང་ཡང་གསུངས་པའི་ཐུགས་སྨོན་ལྟར་དེའི་བུ་རུ་འཁྲུངས། ལྷུམས་སུ་ཞུགས་ནས་སྦྲ་ཁྱིམ་ལ་འཇའ་འོད་དཀར་པོ་ཞིག་ཟུག་པ་ཀུན་ཀྱིས་མཇལ་བ་སོགས་མཚན་ལྟས་དུ་མ་བྱུང་། གྲུབ་དབང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པས་ངོས་འཛིན་གནང་ཞིང་གོང་མའི་གདན་སར་མངའ་གསོལ། ཁྲི་སྟོན་སྐབས་སྐུ་གཟན་དཀར་པོ་ཞིག་གནང་བས་ཕྱིས་སུ་རྟེན་སྔགས་འཆང་མཛད་པའི་ལུང་བསྟན་ཡིན་པར་འདུག་ཅེས་གསུངས། བསྟན་འགྲོའི་མཛད་པ་མཐར་རྒྱས་སུ་བསྐྱངས་ཏེ་སྐུ་གཤེགས། དེ་ནས་ཡང་སྲིད་རིན་པོ་ཆེ་བརྒྱུད་མར་བྱོན་པས་ད་ལྟའི་བར་རྫ་རྒྱལ་དགོན་ཕུན་ཚོགས་ནོར་བུའི་གླིང་གི་ཆོས་སྡེར་འཁོར་ལོ་གསུམ་གྱི་མཛད་པ་ཉམས་མེད་སྐྱོང་བཞིན་པའོ། །

[༢༥] གྲུབ་དབང་དཔའ་ཆེན་ནམ་མཁའ་འཇིགས་མེད།

རྡོ་གྲུབ་ཀུན་བཟང་གཞན་ཕན་དང་ནམ་མཁའ་ཚེ་དབང་མཆོག་གྲུབ་རྣམ་གཉིས་ཀྱི་ཐུགས་སྲས་དཔའ་ཆེན་ནམ་མཁའ་འཇིགས་མེད་ནི། དེ་ཡང་མདོ་སྨད་ས་ཡི་ཐིག་ལེ་རེབ་ཀོང་སྟོད་ཀྱི་སའི་ཆ་སྒྲུབ་གནས་བརྒྱད་ཀྱི་ནང་ཚན་སྤྱང་ལུང་དུ་གྲགས་པ་རུ། ཡབ་སྔགས་འཆང་བླ་མ་སྐྱབས་ཞེས་པ་ལྷ་དང་བླ་མས་རྗེས་སུ་བཟུང་ཞིང་ཡི་དམ་ལྷའི་ཞལ་མཐོང་བའི་རྣལ་འབྱོར་པ་ཆེན་པོ་དང་། ཡུམ་ཚེ་ཡག་ཞེས་པ་བསམ་པ་བཟང་ཞིང་ཆོས་ལ་དད་པ་ཌཱཀྐིའི་མཚན་རྟགས་ཚང་བ་དེ་གཉིས་འདུས་པའི་སྲས་སུ། སྤྱི་ལོ་༡༧༥༧པ་རབ་བྱུང་བཅུ་གསུམ་པའི་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོར་ངོ་མཚར་བའི་རྟེན་འབྲེལ་བཟང་པོ་འགྲིག་པ་དང་བཅས་སྐུ་འཁྲུངས། ཡུལ་ལུགས་དང་བསྟུན་པའི་བཙས་སྟོན་དང་ལྷ་བསང་བཏང་ནས་མཚན་ལ་མགོན་པོ་རྒྱལ་ཞེས་གསོལ། ཆུང་དུས་ནས་མཆོག་གསུམ་ལ་དད་ཅིང་ཡིག་རིགས་སྟོན་པའི་སློབ་དཔོན་ཁག་མང་པོར་གཏུགས་ནས་ཀློག་འགྲོལ་དང་རི་མོའི་ལམ་དུ་འདྲེན་པ་སོགས་ངལ་བ་མེད་པར་མཁྱེན་ཅིང་། ཐུགས་དམ་གྱི་གཙོ་བོ་སྐྱབས་འགྲོ་དང་དམིགས་བརྩེ་མ་ཡིག་དྲུག་སོགས་ལ་མཛད། སྐུ་ནར་སོན་སྐབས་ཕོ་རྩལ་སྣ་དགུ་དང་ལྡན་ཞིང་སྐྱེ་སྟོབས་དྲེག་པའི་སྟབས་ཀྱིས་རྐུན་ཇག་རི་དྭགས་གསོད་པ་སོགས་རྩིང་སྤྱོད་མཛད་ཀྱང་དགེ་སྦྱོར་ཆག་མེད་དང་། རི་དྭགས་ལ་མེ་མདའ་འཕེན་དུས་སུ་ཡང་ཕྲེང་བ་འདྲེན་མཚམས་ལ་མ་ཐུག་པར་མེ་མདའ་མི་རྒྱག་པ་དང་། སྐབས་ལ་ལར་གླ་བ་སོགས་ལ་མེ་མདའ་མི་འཕེན་པར་དེད་ནས་བཟུང་ཚེ་སྐད་ངན་བཏོན་པ་དང་སྙིང་རྗེ་ནས་བཏང་བ་ཡང་མང་ཞིང་། མེ་མདའ་འཕེན་དུས་སྙིང་རྗེ་གློ་བུར་དུ་འཁྲུངས་ནས་མ་འཕངས་པ་ཡང་མང་པོ་ཡོད་གསུངས། དགུང་ལོ་བཅོ་བརྒྱད་སྟེང་དཱ་ནའི་འབྲོག་རུ་ནས་རྟ་རྒོད་མ་མང་རབ་ཞིག་ཕ་མེས་གོང་མའི་རིང་ལ་ཨ་མཆོག་ཚང་གིས་དེད་སོང་བའི་རྩད་དུ་གྲོགས་འགའ་ཞིག་ཁྲིད་ནས་ཕེབས། གྲོགས་གཞན་རྣམས་རི་རྩེ་ཞིག་ཏུ་སྦས་ཏེ་ཉིད་གཅིག་པུ་ཕེབས་ནས་ཨ་མཆོག་ཚང་གི་སྦྲ་ཁྱིམ་མཐོང་ས་ནས་རྟ་མང་པོ་དེད། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས་ས་འགག་དོགས་ས་ཞིག་ནས་ཕ་རོལ་གྱི་དམག་མི་མང་པོས་བསྒུགས་ཡོད་པ་མཐོང་བཞིན་མ་འཇིགས་པར་སྟེང་དུ་བརྒྱུགས་ནས་དམག་མི་མང་པོ་བྱིའུ་ཁྲས་བདས་པ་ལྟར་ཡང་ཡང་བདས་ཚེ་འོག་རྟ་ངན་པས་མཐའ་མ་འཁྱོལ་པར་རྟ་བསད་ནས་རྐང་ཐང་དུ་ཕབ་ཀྱང་འཛིན་མ་ཐུབ། དེ་ལྟར་རྩིང་སྤྱོད་གནང་སྐབས་ཤིག་ན་སྤྱང་ལུང་གི་སྔགས་པ་སྤུན་གཉིས་ཀྱི་རྟ་བརྐུས་པའི་རྐྱེན་ལས་སྔགས་པ་ནུས་ལྡན་མང་པོས་ངན་སྔགས་ཀྱི་གནོད་པ་བྱས་ཀྱང་མ་ཚུགས་པའི་ཁར། ངན་སྔགས་ཕྱིར་བཟློག་པའི་ཐབས་སུ་སྤྱང་ལུང་བན་སྔགས་སམ་བོང་ཤུལ་གཅོད་པར་གྲགས་པ་ལས་ཉི་གྲགས་སེང་གདོང་གི་དབང་ལུང་མན་ངག་ཡོངས་རྫོགས་གསན་ནས་ཟླ་བ་དྲུག་རིང་བསྒྲུབས་པས་གྲུབ་རྟགས་ཐོན་ཏེ་བྱད་མ་བཟའ་མི་དང་བཅས་པ་རང་ཕུང་དུ་བཏང་ཞིང་བླ་མའི་སྐུ་དགྲ་འགའ་ཡང་ཚར་བཅད། ཕྱིས་སུ་ཉིད་ཀྱི་ཞལ་ནས། ང་ལ་གནོད་འཚེ་བྱེད་མཁན་རྣམས་ལ་དྲག་པོ་མངོན་སྤྱོད་ཀྱི་ལས་སྦྱོར་བགྱིད་འདོད་ཀྱི་བློ་ཆེར་མེད་མོད། འོན་ཀྱང་དགོས་ཚེ་དཀའ་རྒྱུ་མི་འདུག་སྟེ་ཡི་དམ་གྱི་བསྐྱེད་རིམ་ཁོ་ནས་ཆོག་པ་ཡིན། སྔོན་ཆད་ཉེས་ཅན་འགའ་རེ་ལ་ཡི་དམ་གྱི་ང་རྒྱལ་དང་གསལ་སྣང་གི་ངང་ནས་རང་གི་ཐུགས་ཀའི་འོད་ཟེར་གྱིས་ཆོས་སྐྱོང་བསྐུལ་ཏེ་རྦད་ཚད་ལ་རྟགས་མ་ཐོན་པ་མེད་གསུངས། དེ་ལྟར་མངོན་སྤྱོད་ཀྱི་ནུས་པ་ཆེར་ཐོན་ཀྱང་ཐུགས་རྒྱུད་ལ་ངེས་འབྱུང་ཤུགས་དྲག་སྐྱེས་ནས་དགུང་ལོ་ཉེར་ལྔའི་སྟེང་མེ་མདའ་བཅག་སྟེ་ཆོས་རྣམ་དག་ཅིག་སྒྲུབ་སྙམ་པའི་ཐུགས་དམ་བཅས། དབེན་གནས་ཤིག་ཏུ་དམིགས་བརྩེ་མ་དང་བླ་མའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་སྐབས་ཨོ་རྒྱན་རིན་པོ་ཆེའི་བྲིས་ཐང་ཞིག་ལ་གཟིགས་ནས་དབུ་གཙུག་ནས་ཞལ་ཕྱིར་བསྟན་གྱིས་བསྒོམས་ཀྱང་དབང་བཞིའི་སྐབས་སྤྱི་བོ་ནས་བདུད་རྩི་བབ་ཅིང་སྐུ་ལུས་ལ་དྲོད་རྟགས་བྱུང་། དེ་ནས་བཟུང་འཁོར་བར་ཞེན་ལོག་དང་ཐར་པ་དོན་གཉེར་གྱི་འདུན་པ་དང་བརྩོན་པ་ཤུགས་ཇེ་དྲག་ཏུ་སོང་། རྒྱུ་ནོར་ལ་སྙིང་པོ་མེད་པར་གཟིགས་ནས་དཀོན་མཆོག་ལ་མཆོད་པ་དང་ངན་སློང་ལ་སྦྱིན་གཏོང་སོགས་མཛད་ཅིང་འདུས་བྱས་ཀྱི་དགེ་རྩ་སྨྱུང་གནས་བསྙེན་གནས་ཕྱག་མཆོད་སོགས་གོང་འཕེལ་དུ་བཏང་བ་བསམ་གྱིས་མི་ཁྱབ། དེ་སྐབས་ཙམ་ན་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ཡང་སྤྲུལ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་གྱི་སྙན་པ་གསན་པས་ཟླ་བོ་ཞིག་ཁྲིད་དེ་མཇལ་དུ་ཕྱིན། རྗེ་དེ་ཉིད་ཀྱི་གདན་ས་རིག་འཛིན་རབ་འཕེལ་གླིང་དུ་སླེབས་སྐབས་བླ་མ་རིན་པོ་ཆེ་ཚུར་འབྱོན་པ་དང་འཕྲད་པས་རྗེས་སུ་འཛིན་པའི་རྟེན་འབྲེལ་དུ་གཟིགས། ཐུགས་བརྩེ་བས་རྗེས་སུ་བཟུང་ནས་རྫོགས་ཆེན་ཨ་ཏི་ཟབ་དོན་གྱི་ཁྲིད་ཀྱིས་མཚོན་དབང་ལུང་མང་པོ་གསན། དེ་སྐབས་རེབ་ཀོང་སྔགས་མང་གིས་བླ་མ་རིན་པོ་ཆེ་ལས་དབང་ལུང་མང་པོ་ཞུ་སྐབས་ཡིན་པས་བཀའ་ཆོས་རེའི་འཕྲོར་དཔེ་ཆ་ཉིད་ཀྱི་དབུ་ལ་བཞག་ནས་ཨ་ཁུ་མགོན་པོ་རྒྱལ་ཁྱེད་ཀྱིས་དབང་ཆོག་འདི་ཅིག་བྲིས་ལ་རྗེས་སོར་ཁྱེད་ཀྱིས་སྔགས་མང་ལ་དབང་ལུང་གནང་དགོས་ཞེས་ཕྱིས་འབྱུང་གི་ལུང་བསྟན་གནང་། དེ་ནས་རེབ་ཀོང་སྒྲུབ་གནས་བརྒྱད་དང་བྲག་དཀར་སྤྲེལ་རྫོང་སོགས་གནས་ཆེན་རྣམས་སུ་མཚམས་སྒྲུབ་གནང་། ཁྱད་པར་སྤྱང་གི་རཱ་རྩེ་རྫོང་གི་སྒྲུབ་གནས་སུ་ཟླ་བ་བཅོ་བརྒྱད་ལ་སྟན་ཐོག་གཅིག་ཏུ་རྫོགས་ཆེན་ཨ་ཏི་ཟབ་དོན་ལ་ཉམས་ཁྲིད་བསྐྱངས་ནས་བཞུགས་སྐབས་རྒྱགས་ཆད་ལན་གཉིས་བྱུང་། དང་པོའི་དུས་སུ་གླ་བའི་རོ་དྲོད་མ་ཡལ་བ་ཞིག་སྒྲུབ་ཁང་གི་སྒོ་དྲུང་དུ་ལྷུང་བ་གནས་བདག་གི་མཐུན་རྐྱེན་དུ་གཟིགས་ཀྱང་དགའ་བྲོད་མ་སྐྱེས་པར་ཚོགས་འཁོར་མཛད། རྒྱགས་ཆད་གཉིས་པའི་སྐབས་སྒྲུབ་ཁང་གི་ཉེ་འདབས་སུ་བྱ་གླག་གིས་གླ་བ་ཞིག་བསད་ནས་བུམ་རིལ་དུ་བཞག་འདུག་པ་ལོག་འཚོར་འདུག་པས་ལེན་མི་རུང་དགོངས་ནས་ཕྱོགས་ཕྱོགས་སུ་དུམ་བུར་བཏང་ནས་འཕངས། རྒྱུན་དུ་འབྲུ་ཚོམ་ཉུང་ངུ་བསྡུས་པའི་ཁུ་བ་ཟས་སྐོམ་དུ་བརྟེན་ནས་དཀའ་སྤྱད་དྲག་པོས་བསྐྱེད་རྫོགས་རྫོགས་ཆེན་གྱི་རྣམ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་པར་མཛད། སྐབས་དེ་དག་ཏུ་སློབ་དཔོན་ཆེན་པོས་ཞལ་གཟིགས་རྗེས་བཟུང་གིས་གནས་ལུགས་ཀྱི་རྟོགས་པ་ངོ་འཕྲོད་པ་དང་། རྗེ་ཉིད་ལ་པཎ་ཆེན་བཱི་མ་ལ་དང་། ལྷོ་བྲག་མར་པ། རྡོ་བྲག་རིག་འཛིན་ཆེན་པོ་སོགས་ཀྱི་སྐྱེ་བ་དྲན་པའི་གསལ་སྣང་བྱུང་། དགུང་ལོ་ཞེ་གསུམ་པ་ས་མོ་ལུག་གི་ལོར་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ལུང་གིས་བསྟན་པའི་བླ་མ་དང་སྒྲུབ་གནས་ཨེ་རྙེད་ཀྱི་ཐུགས་འདུན་གནངབཞིན་གྲོགས་སློབ་བུ་ཞིག་དང་བསྡེབས་ནས་ཁམས་ཕྱོགས་སུ་ཕེབས་པས་རྡོ་བླ་ཀུན་བཟང་གཞན་ཕན་དང་མཇལ། མོས་གུས་དྲག་པོས་ཞབས་པད་བསྟེན་ནས་གདམས་པ་ཞུས་ཏེ་བཞུགས་པའི་སྐབས་ཤིག །ཐུགས་ཉམས་ལ་རྡོ་བླ་རིན་པོ་ཆེ་རྒྱང་རིང་ནས་ཕེབས་པ་གཟིགས་ཤིང་ཐག་ཉེར་བརྒྱུད་ཚེ་ཨོ་རྒྱན་ཆེན་པོར་གནས་འགྱུར་བ་མཇལ་ཏེ་གདམས་ངག་ཐམས་ཅད་འདུས་པའི་གླེགས་བམ་ཞིག་སྤྱི་བོར་བཅིངས་ནས་ཁྱོད་ཀྱི་མིང་ལ་ཨོ་རྒྱན་བསྟན་པའི་ཉི་མའི་སྙིང་པོར་བཏགས་པ་ཡིན་ནོ་གསུངས། དེ་མ་ཐག་མི་སྣང་བར་གྱུར་པས་བླ་མ་རྡོ་བླ་རིན་པོ་ཆེ་ཨོ་རྒྱན་ཆེན་པོ་དངོས་སུ་མཐོང་བའི་མོས་གུས་ཐུགས་ལ་འཁྲུངས། དེ་ནས་སྔ་འགྱུར་བསྟན་པའི་ཆུ་འགོ་ཀཿརྫོགས་སོགས་སུ་ཕེབས་ནས་དགེ་རྩེ་པཎ་ཆེན་རིན་པོ་ཆེ་དང་། རྒྱ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ། རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་སོགས་སྐྱེས་ཆེན་རྣམས་ཀྱི་ཞབས་ལ་བཏུད་ནས་རྒྱལ་བའི་བཀའ་འགྱུར། སྔ་འགྱུར་རྒྱུད་འབུམ། ཀུན་མཁྱེན་མཛོད་བདུན། ཤིང་རྟ་རྣམ་གསུམ། མདོ་དབང་ཆེན་མོ། ཀློང་སྡེ་རྡོ་རྗེ་ཟམ་པ། སྨིན་གླིང་ཉི་གྲགས་སོགས་ཀྱི་གཏེར་ཁ་གསར་རྙིང་། ཀློང་ཆེན་སྙིང་ཐིག བཀའ་བརྒྱད་དབང་ཆེན་སོགས་སྨིན་གྲོལ་མན་ངག་གི་ཟབ་ཆོས་རྒྱ་ཆེར་གསན་བཞིན་ཁམས་སྲིན་མོ་རྫོངས་སུ་ཕེབས། ཉི་གྲགས་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོར་མཇལ་ཞིང་བཀའ་ཆོས་ཞུས་ནས་ལྷ་སར་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས་དང་རྒྱལ་བ་ཡབ་སྲས་ལ་མཇལ། དེ་ནས་མཚན་སྒྲོགས་མཁན་ཆེན་རིན་པོ་ཆེར་མཇལ་བས་སྔར་གྱི་ལུང་བསྟན་ཚིག་དོན་ཞུས་པས། མཁན་ཆེན་རིན་པོ་ཆེའི་ཞལ་ནས། མཁར་རྡོ་བསམ་གཏན་དགོན་དུ་བླ་མ་ཆོས་ཀྱི་རྡོ་རྗེ་ཞེས་གྲུབ་པའི་དབང་ཕྱུག་དམ་པ་ཞིག་བཞུགས་ཚུལ་གསུངས་མ་ཐག་སྨྲ་མི་ཤེས་པའི་དགའ་སྤྲོ་དང་མོས་གུས་ཚད་མེད་པ་ཞིག་བྱུང་། སྐྱབས་མགོན་དེ་ཉིད་ཀྱི་ཞལ་མཇལ་བ་ལ་སྐོམ་པ་ཆུ་འདོད་ལྟ་བུའི་ངང་ནས་ལམ་རྒྱུས་སོགས་དྲིས། མཇལ་དར་ཞིག་གནང་བ་བསྣམས་ནས་ལུང་པ་གྱེན་དུ་ཕེབས་ཚེ་གྲྭ་བ་ཞིག་མར་འབྱོན་པ་དང་འཕྲད། བླ་མ་རིན་པོ་ཆེའི་བཞུགས་ས་སོགས་གང་ཡིན་དྲིས་པས། ཁྱེད་ཕེབས་ལ་གཟིམས་ཁང་གི་ཉེ་བའི་འདབས་སུ་རྡོ་ཏིང་ཞིག་འདུག་པ་རྡུངས་དང་ལམ་འཁྲིད་མཁན་ཞིག་ཐོན་ཡོང་ཁྱེད་ཡོང་རྒྱུ་བླ་མས་མཁྱེན་འདུག་ཟེར། དེ་ཉིད་ཀྱི་ངག་ལམ་ལྟར་རྡོ་ཏིང་ཞིག་འདུག་པ་བརྡུངས་པས་གྲྭ་པ་ཡོང་ནས་ད་ནང་བླ་མ་རིན་པོ་ཆེའི་སྐུ་དྲུང་དུ་སྐུ་དྲག་འགའ་བྱུང་བ་ལ། དེ་རིང་ས་ཆ་ཨ་མདོའི་ཡུལ་ནས་སྐལ་ལྡན་གྱི་སློབ་བུ་ངའི་དག་སྣང་གི་ཆོས་བདག་གཅིག་ཡོང་རྒྱུ་ཡིན་པས་ཁྱོད་ཚོ་སྡོད་ལ་ངེད་རྣམ་གཉིས་ཀྱི་ཞལ་བརྡར་ཉོན་གསུངས་པས་དེ་དག་མདུན་དུ་འདུག་ཟེར། སྐུ་དྲུང་དུ་སླེབས་ནས་ཞལ་རས་མཇལ་བ་ཙམ་གྱིས་མི་ཕྱེད་པའི་དད་པ་ཐུགས་ལ་འཁྲུངས། དེ་ནས་མཁར་རྡོ་རིན་པོ་ཆེའི་ཞལ་ནས། སྔར་ནས་འདྲེས་པའི་གྲོགས་པོ་ལྟར་ནང་བརྩེའི་གསུང་དུ་མ་གནང་བ་དང་། ཁྱད་པར་ང་རང་གི་དག་སྣང་ཆོས་སྐོར་འདིའི་ཆོས་བདག་ཁྱོད་ཡིན་པས་ཨ་མདོའི་ཕྱོགས་སུ་གདུལ་བྱ་མང་པོར་སྤེལ་རུང་ངོ་གསུངས་ནས་སྨོན་ལམ་གཏད་རྒྱ་མཛད་ཅིང་། ངེས་དོན་རྫོགས་པ་ཆེན་པོ་ཐབས་ལམ་ཟབ་མོའི་གདམས་པ་རྣམས་གབ་སྦས་མེད་པར་ཉམས་ཁྲིད་མཛད་པ་ཐུགས་ཉམས་སུ་བསྟར་བས་རྩ་རླུང་ལས་སུ་རུང་། དགའ་བཞི་འདྲེན་ནུས་པའི་རྟོགས་པ་མངོན་དུ་གྱུར་པས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་འཕྲོད། རྩ་ཐིག་རླུང་གསུམ་ལ་རང་དབང་ཐོབ་སྟེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། དེ་བཞིན་རིག་འཛིན་འཇིགས་བྲལ་གླིང་པ་དང་། འོལ་དགའ་སྣང་མཛད་རྡོ་རྗེ། སྨིན་གླིང་ཁྲི་ཆེན་འཕྲིན་ལས་རྣམ་རྒྱལ། རྡོ་བྲག་པདྨ་ཐེག་མཆོག་བསྟན་འཛིན་སོགས་དབུས་ཕྱོགས་ཀྱི་བླ་མ་རྣམས་ལས་ཆོས་བཀའ་ཅི་རིགས་གསན་ནས་དགུང་ལོ་ཞེ་དྲུག་པར་ཕྱིར་རང་ཡུལ་དུ་ཕེབས། སློབ་མ་བུ་ཆེན་གྱིས་གཙོས་སྔགས་མང་ནས་ཆིབས་བསུ་དང་དགྱེས་སྟོན་བྱས་ཤིང་གཙུག་གི་ནོར་བུར་བཀུར། ཡུལ་ཕྱོགས་དེར་གྲགས་ཆེ་བའི་བླ་ཆེན་བསེ་རྡོ་རྗེ་འཆང་། རྒྱལ་མཁན་ཆེན་རིན་པོ་ཆེ། སྐུ་ཞབས་ཙ་ཡི་ཚང་སོགས་ཀྱིས་ཐོག་དྲངས་པས་དབང་ལུང་ཁྲིད་གསུམ་གནང་དགོས་ཚུལ་གྱི་གསོལ་བ་བཏབ་པ་བཞིན་མཁར་རྡོ་རིན་པོ་ཆེའི་དག་སྣང་ཡོངས་རྫོགས་ཀྱི་དབང་ལུང་དང་། ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་། ཀློང་ཆེན་སྙིང་ཐིག ། སྨིན་གླིང་དང་ཉི་གྲགས་གཏེར་ཆོས་སོགས་གསར་རྙིང་རིས་མེད་ཀྱི་འདོད་ཆོས་མང་དུ་གསུངས། རེབ་ཀོང་སྔགས་མང་གིས་གསོལ་བ་བཏབ་པའི་ངོར་སྤྱང་གི་རྭ་རྩེ་ནས་རྫོགས་ཆེན་ཨ་ཏི་ཟབ་དོན་གྱི་ཁྲིད་རྒྱས་པར་བསྩལ་ཅིང་སོ་སོའི་རེ་འདོད་བསྐངས། དེ་ནས་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ལུང་བྱང་ལས། གནས་དེ་ཀའི་དབང་གི་ཕྱོགས་རོལ་ནཿ མཚོ་ཞེས་བྱའི་ཕྱོགས་དང་ཉེ་བའི་ཆརཿ སོགས་གསུངས་པ་དང་མཐུན་པར་ཁྱུང་གི་རྭ་བར་ལྟ་བུའི་ས་ཕྱོགས་སུ་ཁྱུང་དགོན་གྱི་སྒར་གཞི་འདེབས་པའི་དབུ་བཙུགས། དགུང་ལོ་ཞེ་བརྒྱད་པ་ཤིང་ཕོ་བྱི་བའི་ལོར་སླར་ཡང་དབུས་གཙང་ཕྱོགས་ཀྱི་བླ་མ་བཀའ་དྲིན་ཅན་རྣམས་ལ་གཏང་རག་འབུལ་དུ་སྔར་དབང་ཡོན་ཕུལ་བའི་དངོས་པོ་རྣམས་བསྣམས་ནས་ཆིབས་ཁ་བསྒྱུར། ལྷོ་ཁ་བརྒྱུད་ནས་རིམ་པར་ཕེབས་ཤིང་ཇོ་ཤཱཀ་རྣམ་གཉིས་གཙོས་ལྷ་ས་བསམ་ཡས་སོགས་ལ་མཆོད་འབུལ་གནང་། སྐྱབས་མགོན་རྒྱལ་བ་ཡབ་སྲས་དང་མཁར་རྡོ་རིན་པོ་ཆེ་སོགས་སྔར་གྱི་བླ་མ་རྣམས་ལ་བཏང་རག་ཕུལ་ཞིང་བཀའ་ཆོས་ཀྱི་འཕྲོ་རྣམས་ཞུས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྒྲུབ་གནས་སུ་ཕེབས་ཚེ་གནས་ཆེན་འདི་ལྟ་བུར་འཇའ་ལུས་འགྲུབ་ན་བཟང་གསུངས་པ་ན། གློ་བུར་དུ་སྐུ་ཇེ་ཆུང་ལ་སོང་ཚེ་སློབ་བུ་བནྡེ་ཟེར་པས་སྨྲེ་སྔགས་བཏོན་པས་ང་ལ་རྟགས་དང་བརྟེན་འབྲེལ་བཟང་པོ་འགྲིགས་ནས་འཇའ་ལུས་འགྲུབ་རྒྱུ་ཡིན་ཡང་། ཁྱོད་རང་སྙིང་རྗེ་ཡུལ་གྱི་སློབ་མ་སྔགས་རྒན་ལ་ཕྱིར་སླེབ་རྒྱུའི་ཁས་ལེན་བྱས་ཡོད་པ་བསླུ་མི་རུང་གསུངས། བཞེས་པ་བཅུད་ཅན་གསོལ་བས་སྐུ་སྔར་ལྟར་གཟི་འོད་འབར་བ་སོགས་གྲུབ་རྟགས་མང་པོ་བསྟན་པའི་རྣམ་ཐར་མང་། དེ་ལྟར་བླ་མ་ལྷ་རྟེན་རྣམས་ལ་བསྔོ་སྨོན་གྱི་མཚམས་སྦྱོར་གནང་ཞིང་རིམ་པར་ལྷོ་ཁ་བརྒྱུད་ནས་ཕེབས། མར་ལམ་སྡེ་དགེ་ནས་རྒྱུད་འབུམ་རིན་པོ་ཆེ་གདན་དྲངས་ཤིང་རྫོགས་ཆེན་དུ་ཕེབས་ནས་བླ་མ་རྣམས་ལ་གཏང་རག་ཕུལ་ཞིང་ཆོས་འཕྲོ་རྣམས་ཞུ་བཞིན་རྡོ་བླ་རིན་པོ་ཆེའི་མདུན་དུ་ཕེབས། དེར་གཏང་རག་ཕུལ་ཞིང་བཀའ་ཆོས་ཞུས་ནས་ཕེབས་ཁར་བླ་མས་ལུང་བསྟན་མང་པོ་དང་ཞལ་གདམས་གནང་། ཡང་ཡང་མཇལ་བའི་སྨོན་ལམ་བཏབ་སྟེ་དགུང་ལོ་ང་གཅིག་པ་མེ་མོ་ཡོས་ཀྱི་ལོར་རང་ཡུལ་དུ་ཞབས་སོར་འཁོད། སྔགས་མང་ནས་ཆིབས་བསུ་ཕེབས་སྟོན་སོགས་རྒྱས་པར་བྱས་ཤིང་ཁྱུང་དགོན་དུ་སྔ་འགྱུར་རྒྱུད་འབུམ་གྱི་ལུང་སོགས་དབང་ལུང་མང་པོ་གནང་། ས་མོ་སྦྲུལ་གྱི་ལོར་བླ་མ་རིག་འཛིན་ཆེན་པོའི་ལུང་བསྟན་ལས། དབང་དྲག་ཆོས་ཀྱི་འཁོར་ལོ་བསྐོར། །འབྲེལ་ཚད་པདྨ་ཅན་དུ་འདྲེན། །ཀུན་བཟང་བདེ་ཆེན་ཀློང་དུ་གཟིམས། །ཞེས་པ་ལྟར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒོ་ནས་མ་ཎིའི་སྒྲུབ་ཆེན་བཙུགས་ནས་རེབ་ཀོང་ཕྱོགས་ཁ་གསུམ་དང་སྔགས་མང་རྣམས་ལ་འགྲིག་ལམ་ཀུན་སྤྱོད་དམ་དུ་བཏང་བ་སྟེ། ཚོགས་གྲལ་འཚོགས་དུས་སྔགས་པ་རྣམས་ཀྱིས་སྐྲ་ཕབ་ཅིང་ཕྱག་འཚལ་བ་དང་། ཚོགས་ན་བཞུགས་དུས་སྐྱབས་སེམས་སྐབས་ཐལ་སྦྱར་མཉམ་བཞག །དབང་བཞི་ལེན་དུས་རལ་པ་ཕབ་པ། ལུས་དྲང་པོར་བསྲངས་ནས་བཟླས་པའི་དུས་ཕྲེང་བ་སྙིང་ཀའི་ཐད་ནས་འདྲེན་པ། ཇ་སྐབས་རྣམས་སུ་ཤབ་ཤུབ་ཀྱི་གཏམ་མི་སྨྲ་བ་སོགས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་འགྱུར་བའི་འགྲིག་ལམ་བསྡམས་པའི་དཔེ་སྲོལ་བཟང་པོ་བཞག་པ་ད་ལྟའི་བར་མ་ཉམས་པར་ཡོད་པ་ཐོས་སོ། །ལྕགས་རྟ་ལོ་ནས་གཙུག་ལག་ཁང་བཞེངས་པའི་དབུ་བཙུགས་པ་ལོ་གཅིག་གི་རིང་ལ་གྲུབ་སྟེ་མ་ཎི་འཚོགས་ཐུབ་པ་བྱུང་། ཕྱོགས་དང་ཕྱོགས་སུ་དབང་ཆོས་ཀྱི་འབྲེལ་བ་རྒྱ་ཆེར་གནང་ཞིང་ཆང་དང་སྲོག་གཅོད་ལ་དམ་ཁྲིམས་དང་དགེ་བསྐུལ་མཛད། ཁྱད་པར་ཞོ་གཞུང་ལ་ཁའི་སྔགས་མང་གིས་གདན་དྲངས་ནས་གྲུབ་དབང་པདྨ་རང་གྲོལ། ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། གྲུབ་དབང་སྐལ་ལྡན་རང་གྲོལ་སོགས་ཀྱིས་གཙོས་སྐྱ་སེར་མང་པོ་ལ་བཀའ་བརྒྱད་དབང་ཆེན་སོགས་ཀྱིས་མཚོན་ཟབ་ཆོས་སྤེལ་བ་བསམ་གྱིས་མི་ཁྱབ། དགུ་རོང་སྔགས་པ་རྟ་མགྲིན་ཟེར་བས་གདན་དྲངས་ཤིང་འཁོར་དང་ལོངས་སྤྱོད་གང་ཡོད་ཕུལ་ནས་སྦས་གནས་དེར་གསང་སྔགས་བསྟན་པའི་རྒྱལ་མཚན་འཛུགས་པར་གསོལ་བ་བཏབ་པ་ལྟར་ཡུན་རིང་བཞུགས་ཏེ་མ་ཎིའི་སྒྲུབ་ཆེན་བཙུགས། གཞན་ཡང་ཨ་ཆུང་གནམ་རྫོང་དང་། བྱ་ཚང་གི་བྲག་ཁང་སྣ་ཁ། ཁམས་ར། སྒོ་མེ། ལྡེའུ་ཚ། རྨ་ཕ་རིའི་རོང་བོའི་སྔགས་མང་སོགས་ཕྱོགས་དེའི་སྔགས་མང་རྣམས་ལ་ཕེབས་ནས་བཀའ་བརྒྱད་དབང་ཆེན་དང་རྫོགས་ཆེན་ཨ་ཏི་ཟབ་དོན་གྱི་ཁྲིད་གནང་ཞིང་། མ་ཎིའི་སྒྲུབ་ཆེན་རྒྱུན་འཛུགས་དང་ལྷ་ཁང་སྒྲུབ་གྲྭ་གསར་བཞེངས་ཀྱི་བདག་རྐྱེན་གནང་བ་སོགས་ཕྲིན་ལས་ཕྱོགས་བརྒྱར་འཕེལ་བས་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཡ་བདག་ཏུ་གྱུར། དེ་ལྟར་བསྟན་འགྲོའི་ལེགས་མཛད་གོང་འཕེལ་ངང་དགུང་གྲངས་རེ་ལྔ་བཞེས་པ་ལྕགས་མོ་སྦྲུལ་གྱི་ལོ་ཧོར་ཟླ་དྲུག་པའི་ཚེས་གཉིས་ཀྱི་ཕྱི་དྲོའི་ཆ་ལ་ཕྱག་གཉིས་པད་སྐོར་གྱི་ཕྱག་རྒྱ་དང་མཉམ་བཞག་མཛད་དེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །འདི་ལས་རྒྱས་པའི་རྣམ་ཐར་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གྱི་ཞལ་སྔ་ནས་མཛད་པའི་སྐལ་བཟང་ཐར་བར་ཁྲིད་པའི་དེད་དཔོན་སོགས་ཀྱང་བཞུགས་པས་དེ་དག་ཏུ་གཟིགས་ཆུབ་ཞུ། །

[༢༦] ཆེ་ཡོལ་རིག་འཛིན་ཆེན་མོ་དཔའ་བོ་ལས་རབ་རྩལ།

རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་ཉི་སྤྲུལ་གཉིས་པའི་ཐུགས་སྲས་ཆེ་ཡོལ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་སྤྱན་སྔར་ཤཱ་རིའི་བུ་དང་། དགེ་བསྙེན་དྷརྨ་ཏ། ཞི་བའི་གོ་ཆ། ལང་གྲོ་དཀོན་མཆོག་འབྱུང་གནས། བོ་དྷི་ར་ཛ། ས་སྐྱ་བླ་མ་བསོད་ནམས་རྒྱལ་མཚན། རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེ། ཆོས་རྒྱལ་རཏྣ་གླིང་པ། ཨ་མཁར་རྟོགས་ལྡན་ཀརྨ་ཕྲིན་ལས་སོགས་བསྟན་དང་གདུལ་བྱའི་དོན་དུ་བསམ་བཞིན་སྲིད་པ་ཉེ་བར་བཟུང་བའི་རྣམ་རོལ་བརྒྱུད་མར་བྱོན་བྱོན་པའི་མཐར། ཡུལ་མདོ་སྨད་སྡེ་དགེའི་ཆབ་འབངས་ཀྱི་བྱེ་བྲག་ཆེ་ཡོལ་ཞེས་པའི་འབྲོག་སྡེ་རུ་ཇིང་གིར་རྒྱལ་པོའི་རིགས་སུ་སྐུ་འཁྲུངས། བྱིས་པའི་དུས་ནས་སྔོན་གནས་རྗེས་སུ་དྲན་པས་ཡི་གེ་འབྲི་ཀློག་སོགས་སློབ་སྦྱོང་ལ་མ་ལྟོས་པར་མཁྱེན། དགུང་ལོ་བདུན་གྱི་དུས་གཏེར་སྟོན་རཏྣ་གླིང་པ་ཡིན་པའི་སྔོན་གནས་དྲན་ཅིང་གཏེར་གྱི་བརྡ་ཡིག་ཀྱང་ཀློག དགུང་ལོ་བཅུ་པ་ནས་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་རྗེས་སུ་བཟུང་ཞིང་སྲིན་རྫོང་འོད་གསལ་སྒྲུབ་སྡེར་ཕེབས། རྗེ་འདི་ཉིད་ལས་སྔ་ཕྱི་རྣམས་སུ་བཀའ་གཏེར་གསར་རྙིང་གི་ཆོས་བཀའ་བསམ་གྱིས་མི་ཁྱབ་པ་གསན་ཞིང་དོན་བརྒྱུད་སྙིང་པོའི་བསྟན་པ་གཏད། སྐུ་གཤེགས་ནས་ཀྱང་ཡེ་ཤེས་ཀྱི་སྐུས་ལན་དུ་མར་རྗེས་སུ་བཟུང་ཞིང་ལུང་བསྟན་གདམས་པ་ཡང་ཡང་བསྩལ། བར་སྐབས་མཚོ་སྔོན་ཕྱོགས་སུ་ཕེབས་ཤིང་ཁྲི་ཤོང་རྒྱལ་མོ་ལས་ཡིད་བཞིན་ནོར་བུ་ཞིག་གཏེར་དུ་བཞེས། དད་ལྡན་རྣམས་ལ་རྫོགས་ཆེན་གྱི་སྨིན་ཁྲིད་གནང་བ་སོགས་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད། ཕྱིར་རང་ཡུལ་དུ་ཕེབས་ནས་ཕུར་སྒྲུབ་མཛད་པས་ཕུར་པ་རྣམས་འཕུར་འཁྲབ་ལྡིང་བ་སོགས་དང་ཕུར་པ་ཆུང་བ་འགའ་ཞིག་རི་རྩེ་རྣམས་སུ་འཕུར་བ་དང་ཕུར་གཏོར་ལས་མེ་འབར་བ་སོགས་བྱུང་། ཟླ་ཡི་སྦོམ་ཆེན་ལུང་ནས་གནན་བྱ་འདྲེ་བདུད་ཀྱི་བླ་རྡོ་དང་། གནོན་བྱེད་གུ་རུའི་ཞབས་རྗེས་རྣམས་ཕྱག་ཏུ་སོན། དེ་ཙམ་ན་ས་སྐྱ་གོང་མ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་གསུང་བསྐུལ་ལྟར་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་སྤྱན་དྲངས་ནས་དབུའི་མཆོད་གནས་སུ་བཀུར། བདུད་འདུལ་ལྷ་ཁང་དུ་འདྲེ་བདུད་ཀྱི་བླ་རྡོ་མནན་པའི་སྟེང་ན་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཞབས་རྗེས་ཀྱིས་མནན་ཏེ། དེའི་སྟེང་དུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་ཐོག་ཚད་མ་བཞེངས་ནས་རབ་གནས་སོགས་ལུང་དོན་བཞིན་མཛད། མི་ལོ་ཉི་ཤུའི་ཚུན་ལ་མཐའ་མིའི་གནོད་པ་མི་འབྱུང་བར་ཞལ་གྱིས་བཞེས་པ་སོགས་ས་སྐྱོང་རྒྱལ་པོའི་བསྟན་སྲིད་ལ་རིམ་གྲོ་མཛད་པས་ཐུབ་བསྟན་ནོར་བུའི་གླིང་གི་ཆོས་སྡེ་རྟེན་དང་བརྟེན་པ་གསར་འདེབས་གནང་བའི་བདག་རྐྱེན་སྲི་ཞུ་ཚད་མེད་ཕུལ། སླར་བོད་ཡུལ་དབུས་ཕྱོགས་སུ་གནས་མཇལ་ལ་བྱོན་ཞིང་ཤཱཀྱ་མུ་ནེའི་ཐུགས་ཀ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ཞིག་ཕྱག་ཏུ་བབ། བསམ་ཡས་མཆིམས་ཕུར་རྩ་གསུམ་སྒྲུབ་པའི་གདམས་སྐོར་སོགས་དགོངས་གཏེར་མང་པོ་བབ། སྲིན་མོ་རྫོང་ཕུག་ནག་བདེ་བ་ཆེན་པོ་ནས་ཨ་མྲྀ་ཏ་དང་དབུ་རུ་ཏི་སྒྲོ་བྲག་ནས་རཏྣ་གླིང་པས་ཡང་གཏེར་དུ་སྦས་པའི་གུ་རུའི་སྐུ་ཚབ་པདྨ་གུ་རུ་སོགས་སྤྱན་དྲངས། འདམ་གྱི་རྒྱལ་ཆེན་བཅོ་བརྒྱད་སོགས་དམ་ལ་བཏགས་ནས་རང་གནས་མདོ་ཁམས་སུ་ཕེབས། རྗེ་འདིས་སྔ་ཕྱི་ཀུན་ཏུ་གངས་ལྗོངས་སྤྱིའི་ས་གནད་གསོ་བ་དང་ས་དམིགས་གཟེར་གང་ཆེ་རྣམས་སུ་དམ་སྲི་འགོང་པོ་མནན་སྲེག་གི་ལས་ལ་སྦྱར་པ་མང་དུ་མཛད་ཅིང་། ཁྱད་པར་གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས་ལ་དམ་ཚིག་བསྒྲགས་ཤིང་བསྟན་འགྲོའི་ཕན་བདེ་སྤེལ་བའི་གཉེར་གཏད་ཟབ་མོ་མཛད། འདི་སྐབས་ཙམ་ན་སྔོན་སྨོན་ཐུགས་བསྐྱེད་ཀྱི་བདེན་མཐུ་དུས་སུ་སྨིན་པས་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཉིང་ཁུ་སྔ་འགྱུར་རྙིང་མའི་རྒྱུད་སྡེ་རིན་པོ་ཆེ་རྣམས་དཔེ་རྒྱུན་ཆེས་དཀོན་པ་དང་། ཡི་གེ་བཞུགས་པ་རྣམས་ཀྱང་མ་དག་པ་དང་ཆ་མི་ཚང་པ་སོགས་ཆེས་ཉམས་རྒུད་དུ་ཕྱོགས་པར་ཐུགས་བློས་མ་བཟོད་པར། དངུལ་སྲང་སྟོང་ཕྲག་ལྷག་གི་དངོས་རྫས་གསེར་དངུལ་རྟ་ནོར་བཅས་ཐེབས་རྩ་གནང་ནས། སྡེ་དགེའི་བཙུན་མོ་ཚེ་དབང་ལྷ་མོ་ལ་རྙིང་རྒྱུད་རིན་པོ་ཆེ་པར་དུ་བརྐོ་དགོས་པའི་བཀའ་ནན་བསྩལ་བས་ཐུགས་བཞེད་བཞིན་ལེགས་འགྲུབ་བྱུང་སྟེ་སྙིང་པོ་དོན་གྱི་བསྟན་པར་མཛད་རྗེས་ཉམས་པ་མེད་པ་བཞག་གོ། དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་དེ་རེ་ཞིག་གདུལ་བྱའི་ཡུལ་དེ་ཙམ་དུ་གཟིགས་ནས་རབ་བྱུང་བཅུ་བཞི་པའི་སྨད་དུ་ཆོས་དབྱིངས་བདེ་བ་ཆེན་པོའི་རང་བཞིན་དུ་མངོན་པར་གཤེགས་པར་མཛད་དོ། །

[༢༧] མཁས་མཆོག་གུ་རུ་བཀྲ་ཤིས།

རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞལ་སློབ་མཁས་མཆོག་གུ་རུ་བཀྲ་ཤིས་ནི། བོད་རབ་བྱུང་བཅུ་གསུམ་པའི་འགོར་གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་ཁམས་སྒང་དྲུག་གི་ནང་གསེས་འབྲི་རྫ་ཟལ་མོ་སྒང་གི་ཆར་གཏོགས་འཛིང་སྟག་མོ་སྒང་དུ་སྐུ་འཁྲུངས། སྐུ་གཞོན་དུས་ནས་རབ་ཏུ་བྱུང་བའི་མཚན་ལ་ངག་དབང་བློ་གྲོས་སུ་གསོལ། ཐུབ་བསྟན་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་ཚོགས་ཞུགས་མཛད་ནས་ཡི་གེ་འབྲི་ཀློག་ལ་སློབ་སྦྱོང་གནང་། མ་ཧཱ་པཎ་ཆེན་སི་ཏུ་བསྟན་པའི་ཉིན་བྱེད་དང་། ལྔ་རིག་སྨྲ་བའི་དབང་ཕྱུག་ཚེ་དབང་ཀུན་ཁྱབ་ཡབ་སྲས་ལས་སྒྲ་ཚད་སྙན་ངག་སྨན་རྩིས་སོགས་ཐུན་མོང་གཙུག་ལག་གི་གནས་ལ་གསན་སྦྱོང་མཐར་ཕྱིན་གནང་བས་དབྱངས་ཅན་དགའ་བའི་བློ་གྲོས་ཞེས་རིག་བྱེད་ཀྱི་བཏགས་མིང་བསྩལ། དགུང་གྲངས་ཉི་ཤུའི་སྟོད་སྔ་འགྱུར་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་དུ་ཕེབས་ཏེ་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་བཟང་པོ་དང་། མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་རྣམ་གཉིས་ལས་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གིས་གཙོས་སྔ་འགྱུར་བཀའ་གཏེར་དག་སྣང་གི་སྨིན་ཁྲིད་གཞུང་འགྲེལ་དང་བཅས་པ་ཕལ་མོ་ཆེ་གསན། ཁྱད་པར་ཉི་སྤྲུལ་གསུམ་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་མཆོད་དེ་འོད་གསལ་རྫོགས་པ་ཆེན་པོའི་སྙན་བརྒྱུད་དམར་ཁྲིད་དང་བཅས་པའི་མནོག་ཆོས་སྤྱི་དང་། མདོ་སྔགས་བསྟན་བཅོས་རྒྱ་མཚོའི་དགོངས་འགྲེལ་རྣམ་དཔྱད་དང་བཅས་པའི་བཤད་ཁྲིད་གསན་པས་རྗེ་འདི་ཉིད་ཐུན་མིན་རིགས་བདག་མཆོག་གཅིག་ཏུ་འཛིན། གཞན་ཡང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། དགེ་རྩེ་བླ་མ་རིག་འཛིན་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་བཤེས་གཉེན་ཉི་ཤུ་ལྷག་ལས་ཟབ་ཆོས་གསན་བཞེས་ཀྱིས་འགྲོ་དོན་རྒྱ་ཆེར་སྤེལ། མདོར་ན་དམ་པ་མཆོག་གི་སྐུ་ཚེ་ཧྲིལ་པོར་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་མཚུངས་ཟླ་དང་བྲལ་བས་བསྟན་དང་འགྲོ་བའི་ཕན་བདེ་རྒྱ་ཆེར་སྤེལ་བ་དང་། ཁྱད་པར་དུ་ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ་དང་། མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་རྣམ་གཉིས་ནས་ཐོག་མའི་བཀས་བསྐུལ་ཅིང་། དཔྱད་གཞིའི་ཕྱག་དཔེ་འཚོལ་སྡུད་ཀྱི་མཐུན་རྐྱེན་གནང་བ་ལ་བརྟེན་ནས་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་འབྱུང་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ཞེས་པ། རྒྱལ་བསྟན་སྤྱི་དང་གསང་སྔགས་སྔ་འགྱུར་བའི་ཆོས་ཀྱི་བྱུང་བ་ནས་གྲུབ་དབང་རྫོགས་ཆེན་པ་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་བར་གྱི་གདན་རབས་དྲུག་གི་ལོ་རྒྱུས་ཤིན་ཏུ་གསལ་རྒྱས་ཅན་ལྗགས་རྩོམ་གནང་བ་སོགས་སྤྱི་བྱེའི་བསྟན་པ་ལ་བཀའ་དྲིན་རྨད་དུ་བྱུང་། གདན་ས་གོང་མ་རུ་དམ་རྫོགས་ཆེན་དང་། རྒྱལ་རོང་སྒྲུབ་སྡེ། སྟག་མོ་སྒང་སོགས་སུ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་ཅི་རིགས་སྤེལ་བས་སེང་ཕྲུག་པདྨ་བཀྲ་ཤིས་དང་། ཉི་གྲགས་རིག་འཛིན་བཟང་པོ། མཁས་དབང་ཀུན་བཟང་ཆོས་དར་སོགས་ཞལ་སློབ་མཁས་པ་མང་པོ་བྱོན། སྐུ་ཚེའི་སྨད་དུ་ཐུབ་བསྟན་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་བསྙེན་མཚམས་ལ་རྒྱུན་བཞུགས་མཛད་ཅིང་སྐུ་ན་མཐོན་པོར་སོན་པ་རབ་བྱུང་བཅུ་བཞི་པའི་སྨད་དུ་ཞི་བར་གཤེགས་སོ། །

[༢༨] རྡོ་བླ་འཇིགས་མེད་སྐལ་བཟང་།

གྲུབ་དབང་རྫོགས་ཆེན་པ་ངེས་དོན་བསྟན་འཛིན་བཟང་པོ་དང་རྡོ་གྲུབ་ཆེན་རྣམ་གཉིས་ཀྱི་ཐུགས་སྲས་ཞལ་སློབ་རྡོ་བླ་འཇིགས་མེད་སྐལ་བཟང་ནི། བོད་རབ་བྱུང་བཅུ་གསུམ་པའི་དཀྱིལ་སྨད་ཙམ་ལ་མདོ་ཁམས་རོལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་རྡོ་ཁོག་ཏུ་སྐུ་འཁྲུངས། ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་ངང་གིས་འཇུག་པས་རྔོན་པ་དང་ཤན་པ། སྤྲང་པོ་སོགས་མཐོང་ཚེ་སྙིང་རྗེ་ཤས་མི་བཟོད་པ་དང་སྡིག་ལས་ལ་འཇིགས་པའི་བློ་བཅོས་མིན་མངའ། བཤེས་གཉེན་ཆེན་པོ་ཉི་གྲགས་སྐལ་བཟང་དབང་ལྡན་དང་། རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། དགེ་རྩེ་འཇིགས་མེད་ངོ་མཚར། མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་ཀྱི་ཞབས་པད་མཉེས་པ་གསུམ་གྱིས་རྒྱུན་རིང་བསྟེན་ཏེ་རྒྱུད་སྡེ་གསར་རྙིང་གི་སྨིན་ཁྲིད་མཐའ་ཡས་པ་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གོང་འོག་གི་ཟབ་ཁྲིད་ལ་གསན་བསམ་སྒོམ་སྒྲུབ་དཔྱིས་ཕྱིན་པ་མཛད་པས་རྫོགས་པ་ཆེན་པོའི་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར། གཞན་རྒྱུད་ཀྱི་རྟོག་པ་མཁྱེན་པ་དང་དངོས་མེད་ཀྱི་ལྷ་འདྲེ་དམ་འོག་ཏུ་འདུས་པ་སོགས་མཆོག་ཐུན་ལས་བཞིའི་ཕྲིན་ལས་ལ་རང་དབང་འབྱོར་བའི་རྟགས་མཚན་དུ་མ་མངའ། རྡོ་གྲུབ་རིན་པོ་ཆེའི་ཐུགས་སྲས་གཙོ་བོ་རྡོ་རྗེའི་གདུང་ཆེན་བཞི་ཞེས་གྲགས་པའི་ཡ་གྱལ་རྗེ་འདི་ཉིད་འདྲེན་པའི་ངག་རྒྱུན་ཡང་ཡོད་པར་ཐོས། སྐུ་ཚེ་གང་པོར་གདུལ་བྱ་ངེས་མེད་དུ་བསྐྱངས་ཤིང་རྫ་རྒྱུད་སྟོད་སྨད་དང་མགོ་ལོག་གསེར་རྟ་སོགས་ཕྱོགས་ཀྱི་སྐྱེ་བོ་ཀུན་དགེ་སྦྱོར་སྡིག་སྤང་ལ་བསྐུལ་བས་ཡུལ་ཁམས་ཐམས་ཅད་དཀར་པོར་བསྒྱུར། དམ་པ་འདི་ལས་མན་ངག་རྫོགས་པ་ཆེན་པོའི་སྨིན་ཁྲིད་བཞེས་པའི་ཞལ་སློབ་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། དཔའ་སྤྲུལ་སེམས་དཔའ་ཆེན་པོ། མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་སོགས་ཕལ་ཆེར་རྡོ་གྲུབ་རིན་པོ་ཆེ་དང་ཐུན་མོང་དུ་བཞུགས། དེ་ལྟར་འགྲོ་དོན་ཕྱོགས་མེད་དུ་བསྐྱངས་ནས་མཐར་སྐུ་ན་མཐོན་པོར་སོན་པའི་སྐབས་སུ་ཕྱི་གསལ་གཟུགས་སྐུའི་བཀོད་པ་ནང་དབྱིངས་ཀ་དག་གི་རྒྱལ་སར་མངོན་པར་གཤེགས་པར་མཛད་དོ། །

[༢༩] མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ།

རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་མི་འགྱུར་ནམ་མཁའི་རྡོ་རྗེ་རྣམ་གཉིས་ཀྱི་ཞལ་སློབ། རྡོ་རྗེའི་གདུང་མཆོག་གཉིས་ཀྱི་ཡ་གྱལ་རིག་འཛིན་འཇིགས་མེད་གླིང་པའི་རྣལ་རོལ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའམ་སྔགས་འཆང་འཇའ་ལུས་རྡོ་རྗེ་ནི། སྤྱི་ལོ༡༨༠༠པ་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་ལོའི་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔ་ཉིན་མདོ་སྨད་གླིང་དཀར་གྱི་ས་ཆ་རྨ་ཁོག་གོང་གསེར་ཁ་མདོ་ཞེས་པའི་ནོར་འཛིན་གྱི་ཐིག་ལེ་རུ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང་། ཕྱག་གཡས་པས་གཟིམས་སྦྲའི་ཉི་ཟེར་ལ་བཟུང་ཞིང་། ཞལ་ནས་ཨ་ཨཱ་ཨི་ཨཱི་སོགས་དབྱངས་གསལ་ཀྱི་སྒྲ་སྒྲོག་བཞིན་སྐུ་བལྟམས་པ་སྟེ། དེ་ཡང་སྐུ་བསྐྱེད་པའི་ཡབ་ནི་ཐ་མལ་ཐུན་མོང་གི་སྣང་ངོར་གཉན་པོ་གཡུ་རྩེའི་རིགས་རྒྱུད་དུ་གྲགས་པའི་ཆོས་སྐོར་བསོད་ནམས་འཕན་དང་། བསྐྱེད་ཡུམ་ཕལ་གྱི་བུད་མེད་དང་མི་མཚུངས་པ་རཀྟའི་ཚབ་ཏུ་འོ་མ་འབབ་པ་མགར་བཟའ་ཞེས་གྲགས་པའིི་བུ་མོ་ཤ་ཟ་ཌཱཀྐི་མ་དངོས་ཚེ་དབང་སྨན་ཞེས་འབོད་པ་སྟེ། དེ་ཡང་ཁྱོ་ཤུག་དེ་གཉིས་ཡུལ་དབུས་ལྷ་ལྡན་གྱི་ཕྱོགས་སུ་མཇལ་ཕྱག་ལ་སོང་ཞིང་། ཉིན་ཞིག་ལྷ་སའི་མ་ཅིག་དཔལ་ལྷའི་སྒོ་དྲུང་དུ་སླེབས་ཚེ་བུད་མེད་གཉིས་བྱུང་བས་མི་མང་གི་ཁྲོད་ནས་མ་ཡུམ་ཕྱུང་སྟེ་དཔལ་ལྷའི་གཡས་ཕྱོགས་སྒོའི་རྣམ་པ་ལྟ་བུ་ཞིག་ཕྱེས་ནས་ནང་དུ་ཁྲིད་སོང་བར་སྣང་བ་ཐོམ་ཐོམ་པོ་ལྟ་བུའི་ངང་ཐག་རིང་ཞིག་ཏུ་བགྲོད་པའི་ཉམས་སྣང་ཤར། རེ་ཞིག་ཕོ་བྲང་ངོ་མཚར་ཅན་ཞིག་གི་སྒོ་དྲུང་དུ་སླེབས་འདུག་ཅིང་ཁོང་གཉིས་ཀྱི་བར་ལ་བཞག་ནས་ཤེལ་གྱི་ཐེམ་སྐས་ལ་འཛེགས་ཏེ་ཕྱིན། ནང་དེར་ཕོ་བྲང་རྒྱ་ཆེ་ཞིང་མི་མང་པ། མིའི་ལུས་ལ་མགོ་བརྙན་མི་འདྲ་བ་ཅན་ལ་ལས་བྲོ་གར་བྱེད། ལ་ལས་མོ་མཐོང་མ་ཐག་ཁ་ཕར་གྱུ། ལ་ལ་ཕག་ཏུ་ཡིབ་པ་སོགས་འདུག་པ་འདི་རྣམས་ཅི་ཡིན་ཞེས་དྲིས་ཚེ། བུད་མེད་དེ་གཉིས་ཀྱིས་འདི་རྣམས་རྒྱལ་པོ་ཆེན་པོའི་འཁོར་རྣམས་ཏེ། ལྷ་ཀླུའི་རིགས་ཀྱིས་རྩེ་འཇོར་རོལ་པ་ཡིན། གཉན་དང་ཀླུ་རིགས་ཕལ་ཆེར་ཁ་རླངས་ལ་དུག་ཡོད་པས་ཁྱོད་ལ་གནོད་ཀྱིས་དོགས་ནས་བཟུར་བ་རེད་ཟེར། དེ་ནས་རིམ་པར་ནང་དུ་ཕྱིན་པའི་ཟུར་གྱི་སྒོ་ཆུང་ཞིག་ཕྱེས་ནས་ཁྱེད་ནང་དུ་སོང་ཟེར་ནས་མོ་རང་གཉིས་དེར་བསྡད། ནང་དུ་ཕྱིན་ཚེ་ཁྱེའུ་གཉིས་ཀྱིས་ཡར་ཁྲིད་པ་ན། རིན་པོ་ཆེའི་ཁྲི་ཟ་འོག་འབོལ་བརྩེགས་ཀྱི་སྟེང་དུ་སྐྱེས་པ་གཞོན་ནུ་མཚར་སྡུག་འོད་ཆགས་པ། ཟ་འོག་གི་ན་བཟའ་དང་དར་གྱི་ལ་ཐོད་ཅན་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་ཞིག་བཞུགས་འདུག་པའི་ཞལ་ནས། སྐྱེས་དམན་ཁྱོད་ཡར་ཤོག ངལ་བར་མ་གྱུར་ཏམ། སྔར་འདི་གར་ཡོད་པའི་ངའི་སྙིང་གྲོགས་ཀྱི་གྲལ་ཡིན་ཡང་། རེ་ཞིག་དགོས་ཆེད་ཀྱིས་ཁམས་ལ་སྐྱེ་བ་ལེན་དགོས་བྱུང་སོང་། ད་ལན་འཕྲད་པ་ཡང་དགོས་ཆེད་ཡོད་གསུངས་ཏེ་དྲུང་དུ་བཞག་ནས་བཟའ་བཏུང་སོགས་གནང་། ནུབ་ཅིག་དགའ་མགུར་སྤྱད་པའི་སྣང་བ་བྱུང་། ཕྱིའི་ནངས་པར་སྐྱེས་པ་དེས་དར་ལེགས་པ་ཞིག་མགུལ་དུ་བསྐོན་ཏེ། ང་ནི་ཟུར་ཕུད་ལྔ་པའི་སྲས། །ལྷ་བུ་དུང་ཐོད་ཅན་ཞེས་གྲགས། །ཁྱོད་དང་སྔར་ཡང་ལས་ཀྱིས་འབྲེལ། །

ད་ལྟ་པདྨའི་ཕྲིན་ལས་ཀྱི། །ཟློས་གར་ལྷུམས་སུ་འཇུག་པ་ལ། །ཁོ་བོ་ལྷ་རིགས་གཉན་གྱི་སྲས། །ཁྱོད་ནི་ཤ་ཟ་ཌཱཀྐི་མ། །བདེ་བ་ཆེན་པོའི་རོལ་པ་ལས། །དཀར་དམར་ཁམས་ཀྱི་ཐིག་ལེའི་བཅུད། །ཤ་ཁྲག་གཟུགས་སུ་སྐུ་བལྟམས་པ། །འཇའ་ལུས་རྡོ་རྗེ་སྤྲུལ་བའི་སྐུ། །ལེགས་ཚོགས་བླ་ན་འབར་བར་ཤོག །ཅེས་ཟེར་བ་དང་སྔར་གྱི་བུ་མོ་དེ་གཉིས་ནང་དུ་བྱུང་སྟེ་ད་ཁྱོད་འགྲོ་རན་ཟེར་ནས་ཐེམ་སྐས་ལས་བབ་སྟེ་ཁྲིད། སྒོ་ཆེན་ལས་ཕྱིར་ཐོན། ཀོ་གྲུའི་ནང་འོང་བའི་སྣང་བ་ལྟ་བུས་སྐད་ཅིག་གིས་སྒོ་རྩ་ཞིག་ཏུ་སླེབས་འདུག་པར་ནང་དུ་སོང་བས་དཔལ་ལྷའི་མདུན་དུ་སླེབས་འདུག ཁྱོ་བོ་བསོད་འཕན་ཡང་དེར་འདུག་པ་བུད་མེད་གཉིས་ཀྱིས་ཁྱོད་ཀྱི་ཆུང་མ་དེ་གའོ་ཟེར་ནས་སོང་། མོ་རང་གི་སྣང་བ་འཇིགས་ཆུམ་མེ་བྱུང་། ཁྱོ་བོས་ངས་ཁྱོད་བོར་ནས་ཞག་གསུམ་སོང་། དཔལ་ལྷའི་མདུན་ནས་བོར་བ་ཡིན་ཡང་ཕྱི་ནང་ཀུན་ཏུ་བལྟས་པས་གཡས་ཕྱོགས་སུ་ཁྲོན་པ་ཞིག་འདུག་པ་དེའི་ནང་དུ་ལྷུངས་པ་ཨེ་ཡིན་སྙམ། གང་ལྟར་ཆུང་མའི་རོ་ཡང་མ་མཐོང་བ་བོར་སོང་བ་འདི་མི་སྔོན་ལ་ཁྲེལ་ཞིང་ངོ་ཚ་བས་རང་ཡུལ་ཕྱོགས་སུ་འཁོར་དགོས་གཏན་ནས་མི་འདུག་སྙམ། ཁྱོད་གར་སོང་དར་འདི་སུས་བྱིན་ཟེར་བ་ལ། ད་ཅི་བུད་མེད་དེ་གཉིས་ཀྱིས་ཁྲིད་སོང་བར་བུད་མེད་དང་སྐྱེས་པ་མང་པོ་འདུག་དེ་རྣམས་ཀྱིས་ཟས་དང་དར་སོགས་བྱིན་བྱུང་ཙམ་ལས་ཞིབ་པར་བཤད་མ་ནུས། དེ་ནས་བཟུང་སྔར་དང་མི་འདྲ་བར་ལུས་ཡང་ཞིང་ཤེས་རབ་ཆེ་བ། ཡུལ་ལྷ་ཆོས་སྐྱོང་དངོས་གཟུགས་བསྟན་ཏེ་སྲུང་སྐྱོབ་བྱེད་པ་སོགས་ངོ་མཚར་བའི་མཚན་མ་དུ་མ་དང་བཅས་སྐུ་འཁྲུངས། དེ་ནས་ཞག་གསུམ་གྱི་ནུབ་མོ་མ་ཡུམ་གྱི་རུམ་དུ་ཡོད་པ་ལ་ནམ་ཕྱེད་ཙམ་ན་བྱིས་པ་གར་སོང་མེད་པར་གྱུར། ཡབ་ཡུམ་གཉིས་ཀྱིས་ཕྱོགས་ཀུན་བཙལ་ཀྱང་མ་རྙེད་པས་ཡུལ་དེར་ཤ་ཁྱི་རྔམ་པ་ཞིག་ཡོད་པས་དེས་ཁྱེར་སོང་བ་རེད་བསམ་ཏེ་སྡུག་བསྔལ་དང་ངོ་ཚས་གདུང་། ཨ་ཁུ་དང་ཉེ་བས་ཐོས་ན་འཁོན་འཛིང་འབྱུང་། གཞན་གྱིས་ཐོས་ན་ཁྲེལ་ཆེ། ད་ནི་ཤི་སོང་ན་དགའ་ཟེར་བཞིན་ཅི་བྱ་གཏོལ་མེད་དུ་ལུས། ཞག་གསུམ་གྱི་ནངས་པར་སྔས་ཐོག་དེར་གར་བྱུང་ཆ་མེད་པར་སླེབས་འདུག་པས་ངོ་མཚར་དང་དགའ་བ་དཔག་ཏུ་མེད་པ་སྐྱེས། དེའི་དུས་སུ་སྤྲུལ་པའི་སྐུའི་ཉམས་སྣང་ལ་བུད་མེད་དམར་མོ་ཞིག་གིས་དར་གྱི་ཁུག་ཏུ་དྲིལ་ཏེ་ནམ་མཁའི་ཁམས་ནས་ཁྱེར་སོང་བའི་མཐར་ཤེལ་གྱི་ཕོ་བྲང་ཞིག་ཏུ་སླེབས། དེར་སྐྱེས་པ་དང་བུད་མེད་མང་པོ་འདུག་པའི་དབུས་སུ་ཁྲི་གསུམ་གྱི་ཁར་བླ་མ་གསུམ་བཞུགས་འདུག་ཅིང་། བླ་མ་དབུས་མའི་ཞལ་ནས། འདི་ལ་བག་ཆགས་སྒྲིབ་པ་མི་མངའ་ཡང་། །ཕ་མའི་མངལ་གྱི་དྲི་མས་གོས་སྲིད་ན། །ཤེལ་གོང་འདམ་གྱི་དྲི་མ་འཁྲུད་པ་བཞིན། །གཟི་བརྗིད་འོད་ཟེར་དཔལ་དུ་འབར་བ་བྱེད། །ཅེས་གསུངས་བཞིན་ཤེལ་གྱི་བུམ་པ་ཞིག་གིས་དབང་བསྐུར་ཅིང་ཁྲུས་མཛད། གཡས་ཀྱི་བླ་མས་ཐོད་པའི་ནང་ནས་བདུད་རྩི་ལྕེ་ཐོག་ཏུ་བཞག གཡོན་གྱི་དེའི་ཐུགས་ཀ་ནས་འོད་ཟེར་སེར་པོ་ཞིག་བྱུང་བས་ལུས་ཀུན་གཡོགས་པར་གྱུར། ཡང་མཁའ་འགྲོ་མ་བགྲེས་ཉམས་ཅན་གཉིས་འདུག་པས་མགྲིན་གཅིག་ཏུ། །མངལ་སྒྲིབ་དག་ཅིང་རྡོ་རྗེའི་གོ་ཆ་བགོས། །རྟགས་དང་ཡོན་ཏན་མངོན་པར་སྟོན་པ་ཡི། །དུས་ལ་མ་བབ་ད་དུང་ནང་དུ་སྦོས། །ཉི་ཤུའི་བར་དུ་རྨོངས་པའི་རང་གཟུགས་སྟོན། །དུས་ལ་བབ་ཚེ་ངེད་ཀྱིས་བརྡ་སྟོན་ནོ། །ཨ་ལ་ལ་ཧོ། བརྡ་ཐིམ་སོགས་གསུངས། གཞན་ཡང་སྐུ་ཆུང་ངུའི་དུས་ཉིད་ནས་སྣང་སྤྱོད་ཐམས་ཅད་དག་པའི་རང་བཞིན་འབའ་ཞིག་འབྱམས་སུ་ཀླས་པས་ཞིང་དང་འཇིག་རྟེན་སྣ་ཚོགས་པར་ཕེབས་པའི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་མངའ་བ་རང་རྣམ་ལས་རྒྱས་པར་གསལ་བ་ལྟར་དང་། ཁྱད་པར་སྐུ་ཆུང་ངུའི་དུས་དངོས་མེད་ཀྱི་བྱིས་པ་གཉིས་དང་ལག་འཇུ་བྱས་ནས་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་དུ་དངོས་སུ་ཕེབས་ཤིང་། ཨོ་རྒྱན་རིན་པོ་ཆེ་དང་ཐུགས་སྲས་རྗེ་འབངས་རིག་འཛིན་འཁོར་ཚོགས་དཔའ་བོ་དཔའ་མོས་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་རོལ་བའི་གྲལ་དུ་བཞུགས་ནས། དད་གུས་གདུང་ཤུགས་དྲག་པོས་ལུས་བ་སྤུ་ལྡང་ཞིང་མིག་མཆི་མ་འཁྲུགས་པའི་ངང་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ཐམས་ཅད་དག་སྣང་ཉེ་བརྒྱུད་དུ་གསན་ནས་ཟབ་ཆོས་བསྟན་པའི་བདག་པོར་མངའ་གསོལ་དགོངས་གཏད་མཛད། ཡང་སྐབས་ཤིག་ཉང་ཉི་མ་འོད་ཟེར་གྱིས་རྗེས་སུ་བཟུང་ནས་གཏེར་སྟོན་སངས་རྒྱས་གླིང་པ་དེང་སྐབས་མི་ཡུལ་དུ་བཞུགས་པ་བསོད་ནམས་ཆོས་ལྡན་ཟེར། ཁྱེད་ཀྱིས་དེ་རྩད་ཆོད་པར་མཛོད་གསུངས། དེ་ནས་བཟུང་ཉིད་ཀྱིས་ང་རང་བླ་མ་བསོད་ནམས་ཆོས་ལྡན་སར་ཁྱེར་ཅིག །དེ་དང་མ་འཕྲད་ན་ང་རང་རང་ཡུལ་དུ་འགྲོའོ་ཞེས་པ་ཤ་སྟག་གསུངས། ཡབ་བསོད་འཕན་མགོ་ལོག་སྨད་དུ་བླ་མ་ཀུན་བཟང་གི་དྲུང་དུ་ཕྱིན་ནས་བྱིས་པའི་ལོ་རྒྱུས་ཞུས་ཤིང་བླ་མ་རྩད་བཅད་ཀྱང་ཁོང་གིས་མ་ཤེས། ཉིན་ཞིག་རྗེ་བཙུན་གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་མགོ་ལོག་སྨད་ཕྱོགས་པདྨ་འབུམ་གྱི་ས་ཆར་བྱོན་འདུག་པ་ཐོས་པས། ཕ་ཡབ་ཀྱིས་ཁོང་ཕྱོགས་ཀུན་བྱོན་བཞུགས་མཛད་མྱོང་མཁན་ཞིག་ཡིན་པས་བླ་མ་བསོད་ནམས་ཆོས་ལྡན་མཁྱེན་རྒྱུ་རེད་བསམ་སྟེ་དེ་གར་སོང་། དེའི་ནངས་པར་རྡོ་གྲུབ་རིན་པོ་ཆེས་གྲྭ་འཁོར་རྣམས་ལ་དེ་རིང་ཤར་ཕྱོགས་ནས་མི་སུ་བྱུང་ཡང་རྟེན་འབྲེལ་ལེགས་པོ་ཤ་སྟག་ལས་གཞན་བརྗོད་མི་ཉན། འཕྲལ་དུ་ང་རང་གི་རྩར་ཁྲིད་ཤོག་གསུངས། དེ་ཉིན་ཕ་ཡབ་སྒར་ཐོག་ཏུ་སླེབས་པ་དང་། སྐྱབས་རྗེའི་ཉེ་གནས་འཇིགས་མེད་ཆོས་གྲགས་འཕྲལ་དུ་བྱུང་ནས་འོ་བཟང་བཟང་ཁྱོད་སུ་ཡིན་ཟེར། བར་གཞིའི་ནང་ནས་ཆོས་སྐོར་བསོད་འཕན་ཟེར་བ་ཡིན་སྨྲས་པས། ཁྱོད་མྱུར་དུ་བླ་མའི་སྐུ་དྲུང་དུ་ཤོག་གསུང་གིན་འདུག་ཟེར་ནས་སྐུ་དྲུང་དུ་ཁྲིད། ཆོས་གྲགས་ཀྱིས་འདིའི་མིང་ལ་ཆོས་སྐོར་བསོད་འཕན་ཟེར་གི་འདུག་སོགས་ཞུས་ཚེ། སྐྱབས་མགོན་ནས་ཁྱོད་ཀྱིས་དེ་རིང་ཁ་ངན་སོགས་གཏན་ནས་བརྗོད་མི་རུང་ཚུལ་གསུངས། དེས་ང་ལ་གཞན་བཟང་ངན་ཅི་ཡང་ཞུ་རྒྱུ་མེད། བྱིས་པ་ཆུང་ངུ་ལོ་ཁ་གང་ཙམ་ཡོད་པས་ཁོ་རང་བླ་མ་བསོད་ནམས་ཆོས་ལྡན་རྩར་འགྲོ་དགོས་ཤ་སྟག་ཟེར་བས་བླ་མ་དེ་ཉིད་ལ་ཐུགས་མངའ་ཡོད་མེད་དང་། གལ་ཏེ་བླ་མ་དང་མ་འཕྲད་ན་སྐྱོན་ཡོད་མེད་ཐུགས་བརྟག་ཞུ་བར་འོང་བ་ཡིན་ཞུས། རྗེ་ཉིད་དར་ཅིག་སྤྱན་འབྲུ་ཚུགས་སུ་ནམ་མཁར་གཟིགས་ཏེ་ཕྱག་གཉིས་ཐལ་མོ་སྦྱར་ནས་འོ་བཟང་བཟང་རྟེན་འབྲེལ་ལེགས་པོ་འགྲིགས་བྱུང་། ངའི་རྨི་ལམ་དང་ཁྱོད་ཀྱི་སྐད་ཆ་གཉིས་ཆ་མཚུངས། ང་ཡི་འདོད་དོན་ལྷུན་གྱིས་འགྲུབ་པ་འདུག བླ་མ་བསོད་ནམས་ཆོས་ལྡན་ཟེར་བའི་རྒྱུས་ང་ལ་ཡོད། ངེད་གཉིས་མཆེད་གྲོགས་ཡིན། ཧ་ཧ། ད་གང་ལྟར་ཡང་ང་རང་ཁྱེད་ཀྱི་རྩར་སྤྲུལ་སྐུ་དེ་ལ་ལན་གཅིག་བལྟར་འོང་དགོས་ཁྱེད་ཆོས་སྐོར་དང་ངེད་བོ་ཆུང་གཉིས་ཕ་མེས་རིང་ནས་འཛའ་བ་ཡིན་པས་ང་ལ་འབུལ་བ་སོགས་བཞག་མི་དགོས། རང་ཁྱིམ་ལྟར་བྱེད་ཆོག་གསུངས། དེ་ནས་ཞག་འགའི་རྗེས་བླ་མ་ཡབ་ཁྱིམ་དུ་ཕེབས་ཤིང་སྐུ་མཇལ་མ་ཐག་ཨོ་རྒྱན་ཆེན་པོའི་ཆ་ལུགས་ཡོངས་སུ་རྫོགས་པ་ཞིག་ལས་ཐ་མལ་གྱི་གཟུགས་སུ་མ་མཐོང་། བླ་མའི་ཞལ་ནས་ཁྱེད་ཀྱིས་ང་ཨེ་ཤེས་གསུངས། བྱིས་པས་བསོད་ནམས་ཆོས་ལྡན་ངས་ཁྱོད་ལོས་ཤེས་ཀྱང་ཁྱེད་ཀྱིས་ང་རང་དོར་བ་ཨེ་ཡིན་ཟེར། བླ་མས་བྱིས་པ་ཕྱག་ཏུ་བླངས་ནས་སྤྱན་ཆབ་ཁྲོམ་མེར། འོ་ལགས་སོ་ཐུགས་བདེན། ཡུས་ཆེ་བ་ཁག་མེད། ངས་ད་བར་རྩད་མ་ཆོད་པ་ཡིན། ཉིད་ཀྱི་ཞབས་ཏོག་མཐར་ཕྱིན་པ་བྱེད་གསུངས་ཤིང་དབུ་གཏུགས། དེ་ནས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཤིང་། ཁྲོ་བོ་སྨེ་བརྩེགས་ཀྱི་བྱབ་ཁྲུས་དང་། ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་ཀྱི་དབང་སོགས་གནང་། མ་མགོན་ལྕམ་དྲལ་གྱི་བསྐང་གསོལ་མཛད་ཅིང་བྱིས་པ་གཉེར་གཏད་སོགས་ཐུན་མོང་མ་ཡིན་པ་མཛད། ཕ་མ་གཉིས་ལ་ཁྱེད་ཅག་ཁོ་བོའི་རྗེས་སུ་འགྲོ་དགོས་འདུག བསོད་ནམས་ཆོས་ལྡན་ཟེར་བ་ངའི་མིང་ཡིན་སྔར་ངའི་བླ་མ་ཞིག་ཡོད་པ་དེ་མ་གཏོགས་གཞན་སུས་ཀྱང་མི་ཤེས། ད་ཁྱེད་ཅག་ཀུན་ངའི་རྗེས་སུ་འགྲོ་དགོས་བྱིས་པ་འདི་ང་དང་བྲལ་ན་བར་ཆད་འོང་ངེས་ཡིན་གསུངས། ཕ་མ་གཉིས་འགྲོ་བར་སེམས་ཀྱང་ཨ་ཁུ་ཟོན་འབུམ་རྒྱལ་ཟེར་བ་སྡིག་ལ་རྔམ་ཞིང་ཆོས་ལ་ཞེ་སྡང་བ་ཞིག་ཡོད་པ་དེ་ན་རེ། ངའི་ཚ་བོ་འདི་སྤྲུལ་སྐུ་ཡིན་ཡང་མི་དགོས། མིན་པར་ཤོག ངའི་མི་རྒྱུད་ལ་དགྲ་ཤ་ཟ་ཞིང་དགྲ་ཁྲག་འཐུང་བ་ལས་སྔར་ཡང་བླ་མ་དང་སྤྲུལ་སྐུ་སྐྱེས་མ་མྱོང་། ཚ་བོ་ཡུལ་གཞན་དུ་ཁྱེར་མཁན་ཞིག་བྱུང་ན་ངས་མེ་མདའ་བསྣུན་ཏེ་གསོད་པར་བྱེད་སོགས་ཟེར། རེ་ཞིག་ཐབས་མ་བྱུང་ཡང་རྗེས་སུ་བླ་མའི་གདན་ས་ཤུགས་ཆེན་སྟག་འགོ་ཟེར་བར་འོང་རྒྱུའི་གྲོས་བྱས། དེ་ནས་བླ་མ་བྱོན་པར་ཆས་པ་ན། བྱིས་པས་ཟླ་བ་གཉིས་ནས་ཁྱེད་ཀྱི་དྲུང་དུ་མ་འབྱོར་ཚེ་ང་རང་རང་གནས་སུ་འགྲོ་བ་ཡིན་ཟེར། བླ་མས་འོ་ལགས་སོ་ཅིས་ཀྱང་སླེབས་པར་ངེས་གསུངས། ཕ་མ་གཉིས་ལ་ལེགས་པར་ཡིད་ལ་ཟུང་། རང་ཡུལ་ཟེར་བ་དག་པའི་ཞིང་ཁམས་ཡིན་པས་ཡག་ཉེས་ཆེ། ཤིན་ཏུ་གཟབ་དགོས་གསུངས་ནས་ཕེབས་སོ། །དེ་ནས་ཨ་ཁུས་ཕ་ལ་ཁྱོད་རང་མི་ཀླད་མེད་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ་ཞིག་རེད། བུ་ཆུང་འདི་རང་རེ་ཨ་ཞང་མདའ་པ་ཚང་གི་རྒྱུད་པ་ཡིན་པས་དཔའ་རྒོད་སྐྱེན་གསུམ་འཛོམས་པའི་བློ་འཕྲུལ་ཆེ་བ་ཞིག་འོང་ངེས། སངས་རྒྱས་ནམ་མཁར་བྱ་ལྟར་འཕུར་བ་ཞིག་འོང་བ་ལས་རང་རེའི་རྒྱུད་འཛིན་དམག་དཔོན་ཐུབ་པ་ཞིག་འོང་ན་དེས་དགའ། རང་ལག་ཏུ་ཤི་ཡང་བྱ་ཐབས་བྲལ་བས་འགྱོད་པ་མེད་ཟེར། ཕས་བུ་ཆུང་འདི་ཤི་བ་ལས་གསོན་པའི་ཐབས་བྱུང་ན་ཅི་ལ་ཐུག་ཀྱང་བསྒྲུབ་དགོས་སྙམ་ནས་རྡོ་ཡུལ་ཤུགས་ཆེན་བླ་མའི་དྲུང་དུ་སོང་། དེར་སྐྱབས་མགོན་རིན་པོ་ཆེ་ཐུགས་དགྱེས་ཤིང་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་། ཕ་རྒན་ལ་ཁྱོད་གཞན་དབང་དུ་མ་སོང་བར་བློ་ཐག་བཅད་ནས་འདིར་འོང་བ་ཤིན་ཏུ་ལེགས་གོ་ཆོད། མདང་ངའི་རྨི་ལམ་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གནས་འདིར་བྱོན་ནས་གསེར་གྱི་མཆོད་རྟེན་ཁྲུ་གང་བ་ཞིག་གནང་བ་རྨིས། དེ་ལ་བལྟས་པས་མཆོད་རྟེན་གྱི་བུམ་པ་དང་བང་རིམ་རྣམས་སུ་བརྡ་ཡིག་ཤ་སྟག་འདུག་པས་མ་འོངས་པ་ན་བུ་ཆུང་འདི་གཏེར་སྟོན་ཞིག་འོང་བ་འདྲ་གསུངས། ཡང་ཉིན་ཞིག་ཚོགས་འཁོར་གྱི་སྐབས་སུ་གཟིགས་སྣང་ལ་སྐྱབས་མགོན་ཐམས་ཅད་མཁྱེན་པ་དེ་ཉིད་རིན་པོ་ཆེའི་ཁྲི་བཀོད་པ་ལེགས་པ་ཞིག་གི་སྟེང་དུ་རྒྱལ་པོའི་ཆ་བྱད་ལ་ཐོད་སོགས་ཀྱིས་བརྒྱན་པ། དེའི་ཐུགས་ཀར་འོད་མེ་ལོང་ཙམ་གྱི་ནང་དུ་སྤྱན་རས་གཟིགས་ཁ་སར་པཱ་ཎི་སེམས་ཉིད་ངལ་གསོའི་བཞུགས་སྟངས་ཅན་ཞིག་འདུག གཡས་ཕྱོགས་སུ་བླ་མ་པཎྜི་ཏའི་ཆས་ཅན་སྐུ་མདོག་སྨུག་ཟིལ་ཆགས་པ། མཁན་ཞུ་གསོལ་བ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིའི་ཐོད་པ་བསྣམས་པ་ཞིག་གིས་སྤྱན་འབྲུ་ཚུགས་ཀྱིས་ཉིད་ལ་གཟིགས་འདུག གཞན་ཡང་ཨ་ཙ་ར་ལྟ་བུ་དང་། བུད་མེད་རུས་པའི་རྒྱན་ཅན་མང་པོས་གར་སྟབས་ཤིག་ཤིག་བྱེད་ཅིང་བར་སྣང་ཀུན་འཇའ་འོད་ཀྱི་ལེར་ཡོད་པ་ཞིག་མཐོང་། དེར་བླ་མའི་ཐུགས་ཀའི་སྤྱན་རས་གཟིགས་ཀྱི་སྐུ་དེ་ལས་འོད་ཟེར་འཕྲོས་ཏེ་ནམ་མཁའ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་ཞིག་བྱུང་བ་བླ་མའི་ཞལ་དུ་ཞུགས་པ་གཟིགས་གསུངས། སྐབས་ཤིག་གྲུབ་དབང་རྡོ་རྗེ་འཆང་ཆེན་པོ་ཆོས་ཉིད་ཉམས་ཀྱི་སྣང་བ་རབ་ཏུ་འུར་ཞིང་ཚོགས་ཀྱི་ཉམས་མགུར་དང་འབྱུང་འགྱུར་བསྟན་པ་སྤྱིའི་ལུང་བསྟན་སོགས་གནང་། ཟླ་བ་གཅིག་དང་ཕྱེད་ཙམ་གྱི་རྗེས་ཡབ་ཡུམ་རྣམས་སླར་རང་ཡུལ་དུ་ཕེབས་པར་བཞེད་གནང་ཚེ་རྗེ་བླ་མའི་ཞལ་ནས། ད་བུ་ཆུང་འདི་སྤྲུལ་སྐུ་ཡིན་པ་འཁྲུལ་བ་གཏན་ནས་མེད་ད་དུང་ཡང་ཁྱེད་རང་གཉིས་ལ་སྤྲུལ་སྐུ་རེ་འཁྲུངས་ལས་ཆེ། ལོ་གསར་བ་ཕར་མི་འགྱང་བར་རང་ཡང་གདན་ས་གོང་མ་རུ་དམ་རྫོགས་ཆེན་དུ་འགྲོ་རྒྱུ་ཡིན་པས་ཁྱེད་རང་རྣམས་ཀྱང་དེར་སླེབས་ངེས་གྱིས། སྤྲུལ་སྐུ་འདི་མགོ་ལོག་ཡུལ་དུ་ཡུན་རིང་བསྡད་ན་བར་ཆད་ཀྱི་དབང་གིས་གཤེགས་འགྲོ་བ་ཐེ་ཚོམ་མེད་ཅེས་ནན་གསུངས་མཛད། ཕྱིར་སླེབས་རྗེས་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྲིང་མོ་ཌཱཀྐི་མ་བློ་གསལ་དབང་མོ་འཁྲུངས། དེ་ནས་རེ་ཞིག་གི་ཚེ་གྲུབ་དབང་བླ་མའི་བཀའ་ལྟར་རྫོགས་ཆེན་གདན་སར་ཕེབས་པའི་སྟ་གོན་བྱས་ཚེ། ཨ་ཁུ་དང་ཕ་སྤུན་ཉེ་འབྲེལ་ཀུན་འོང་ནས། ལ་ལས་ཞི་བ་དང་། ལ་ལས་དྲག་པོའི་སྒོ་ནས་བཤོལ་བཏབ། ཁྱད་པར་ཨ་ཁུ་ནས་ཕ་མེས་རྒྱ་སྟག་འདྲ་བ་རྣམས་ཀྱང་ཤི་སོང་ཡང་བྱེད་ཐབས་བྲལ། ཚ་བུ་ཤི་སོང་ཡང་བྱ་ཐབས་མེད། ཁྱེད་རང་གཉིས་ལོ་ཆུང་ཡིན་པས་ད་དུང་བུ་རྒྱུད་འོང་བར་ངེས། ཆོས་སྐོར་གྱི་མི་ངོ་དྲག་ཤོས་ཤིག་བོ་ཆུང་སྒར་མཐར་ཁྱི་བཞིན་འབྲངས་ན། ཕ་མེས་ཀྱི་བླ་བཙོང་། རང་ཅག་ལ་མི་ཁ་དེ་བས་ཆེ་བ་ཞིག་མེད་པས་ཁྱོད་འགྲོ་མི་ཆོག་ཐག་ཆོད་ཡིན། གལ་སྲིད་འགྲོ་བར་སེམས་ཀྱང་འཇུ་བཟུང་བྱེད་ངེས་ཡིན་ཟེར། ཕ་བསོད་འཕན་གྱིས་ཁྱེད་ཅག་བུ་མང་གི་བདག་པོ་རྣམས་ཀྱིས་ཤ་ཚ་མེད་པའི་གཏམ་དེ་འདྲ་ལོས་ཟེར་ཡང་། ང་བུ་གཅིག་པོ་འདི་འཆི་ཤོར་བ་ལས་རྒྱ་དཀར་ནག་ཏུ་སྤྲང་པོ་དབྱུགས་པ་ཐོགས་ནས་འགྲོ་བས་དགའ། ཡུལ་འདིར་མི་སྡོད་སེམས་ཐག་ཡིན་བཙན་པོའི་ཤུགས་ཀྱིས་བཟུང་མཁན་ཡོད་ན་ཤོག་དང་ལྟད་མོ་བལྟ་ཟེར་ནས་ཞེ་སྡང་དྲག་པོ་མེ་ལྟར་འབར་བའི་ངང་ལམ་དུ་ཆས། རིམ་པར་གསེར་ཁོག་བརྒྱུད་ནས་རུ་དམ་དུ་འབྱོར་ཞིང་ལྷ་ལུང་མདོར་བསྡད། ཕྱི་ཉིན་རྫོགས་ཆེན་དགོན་དུ་གྲུབ་ཆེན་རིན་པོ་ཆེ་བཞུགས་པའི་སྐུ་དྲུང་དུ་བཅར་བ་དང་། དེ་མཚུངས་རྫོགས་ཆེན་དཔོན་སློབ་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་དང་། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོ་རྣམ་གཉིས་དང་མཇལ་ཞིང་འཁྲུལ་མེད་ཀྱི་སྤྲུལ་བའི་སྐུར་ཐུགས་ཐག་བཅད་ཅིང་དབང་ལུང་བྱིན་རླབས་རྒྱ་ཆེར་ཞུས། དགོན་ནང་དུ་ཁྱིམ་པ་སྡོད་མི་ཆོག་པའི་དབང་གིས་ཡབ་ཡུམ་རྣམས་ཉེ་འདབས་ཀྱི་ཕ་ཝང་ཞབས་ཆུང་ཞེས་ཨོ་རྒྱན་ཆེན་པོའི་ཞབས་རྗེས་ཡོད་པའི་གནས་མདུན་དེར་ཡུན་རིང་བཞུགས། སྐབས་དེར་སྤྲུལ་པའི་སྐུ་ལ་སྔོན་གྱི་བག་ཆགས་སད་པ་ལྟ་བུས་གོང་མའི་གདན་ས་སོགས་ཐུགས་ལ་དྲན་ནས་རང་ཅག་རྣམས་འདིར་མི་སྡོད་ལྷ་ལྡན་ཕྱོགས་སུ་འགྲོ། དེ་གར་ང་རང་ལ་གནས་དགོན་དང་བུ་དང་ཆུང་མ་དབོན་པོ་བཅས་ཡོད་ཅེས་གསུངས་པས། ཡབ་རྒན་ཤིན་ཏུ་ཁྲོས་ཏེ། འོ་ང་རང་ལ་དེ་ལས་མེད། ཁྱོད་སྔགས་རྒན་ཞིག་གི་སྐྱེ་བ་ཡིན་འདུག བླ་མས་ཀྱང་ང་མགོ་གཡོགས་བྱས་འདུག་ཟེར་བཞིན་བུ་ཆུང་མའི་པང་དུ་འཕངས། ནུབ་མོར་སེམས་ཁོང་དུ་ཆུད་ནས་ཕྱིར་ནང་སྔ་བར་བླ་མའི་དྲུང་དུ་ཕྱིན་ཏེ། ཉིད་ནས་ང་རང་མགོ་སྐོར་བཏང་འདུག བུ་ཆུང་འདི་སྤྲུལ་སྐུ་ག་ལ་ཡིན། སྔགས་རྒན་ཞིག་གི་སྐྱེ་བ་ཡིན་པ་འདྲ་སོགས་ཁ་སེང་བཤད་ལུགས་རྣམས་ཞིབ་ཕྲ་དང་། ད་མི་སྔོན་ནས་ཅུང་ཟད་ངོ་ཚ་ཡང་མི་འགྱང་བར་རང་ཡུལ་དུ་ལོག་རྒྱུ་ཡིན་ཞེས་ཞུས། གྲུབ་དབང་རིན་པོ་ཆེའི་ཞལ་ནས། ད་གང་ལྟར་ཡང་དཔོན་སློབ་རིན་པོ་ཆེའི་མདུན་དུ་སོང་ལ་དེ་ཚུལ་ཞུས་གསུངས། དེ་འཕྲལ་དཔོན་སློབ་མདུན་བཅར་ནས་གོང་ལྟར་ཞུས་པས། འཕྲལ་དུ་ཐུགས་རྒྱལ་ཆེན་པོ་བཞེངས་ནས་ཀུན་མཁྱེན་འཇིགས་མེད་གླིང་པ་ཁྱོད་ལྟ་བུའི་བསོད་ཟད་ལས་ངན་སྡིག་པོ་ཆེ་དམ་ཉམས་ཞིག་ལ་འཁྲུངས་དགོས་པ་ཅི་ལ་གཟིགས་པ་ཡིན། ཁྱོད་འདི་ལྟ་བུ་ཟེར་བ་དཀོན་མཆོག་གི་བཀའ་ཆད་འོང་། དམ་ཅན་རྡོ་རྗེ་ལེགས་པས་སྙིང་ཁྲག་འཐུང་སོགས་བཀའ་བཀྱོན་གྱིས་ཚར་བཅད། མདུན་ཆས་གསོལ་སྤར་སོགས་གང་ཡོད་ཀྱིས་བརྡེག་བཙོག་མཛད། ཁོ་རང་འཇིགས་སྐྲག་གིས་བརྒྱལ་བ་ཙམ་བྱས་པས་ཧ་ལས་ཏེ་ཅི་ཡང་ཟེར་མ་ནུས། ཅུང་ཟད་ཙམ་ན་བྱིན་རླབས་ཤོག་ཐུམ་གཉིས་ཐུར་མ་ཞིག་གི་མགོར་བཅིང་སྟེ་དམ་ཉམས་ཁྱོད་ཀྱིས་ཐུར་མའི་མགོར་ལག་གིས་བཟུང་། བྱིན་རླབས་ལ་རེག་པ་ལྟ་ཅི་ཁ་རླངས་ཙམ་ཡང་མ་ཕོག་པར་མ་དེའི་ལག་ཁར་སྤྲོད། ཉིན་རེ་བཞིན་སྔགས་ཤུགས་བདུགས་ལ་སྨན་སྒྲུབ་གསོལ་དུ་ཆུག ཁྱོད་ཀྱིས་ཉི་མ་དེང་ཕན་ཆད་ལོག་པར་ལྟ་བའི་ཚིག་དང་སྤྲུལ་སྐུ་རང་ཡུལ་དུ་ལྡོག་དགོས་སྨྲ་རྒྱུ་ཕར་ཞོག སེམས་ལ་དྲན་ཀྱང་དམ་ཅན་རྡོ་རྗེ་ལེགས་པས་སྙིང་ཁྲག་འཕོ་བར་ངེས། ཞེས་སོགས་གསུངས་པས་འཇིགས་སྐྲག་ཀྱིས་འོ་ལེགས་སོ་ད་ནི་མི་དྲན་ངོ་མ་ཡིན་ཞུས་ནས་གྲུབ་ཆེན་བླ་མའི་མདུན་དུ་བྱུང་ནས། ཉིད་ཀྱིས་ང་ལ་དེ་འདྲའི་ངན་མཛད་པ། བླ་མ་སྨྱོན་པ་དེས་ཅུང་ཟད་མིན་ན་བསད་བྱུང་ཞེས་གོང་གི་གསུངས་ཚུལ་རྣམས་ཞུས། རྗེ་བླ་མ་ཐུགས་ཤིན་ཏུ་དགྱེས་ཤིང་བཞད་གད་ཆེན་པོ་མཛད། ཁྱོད་རང་ཞེ་སྡང་ཆེ་ཞིང་རང་དོན་ཚ་བས། ཁོ་བོས་སྨྲས་ཀྱང་རྣ་བར་འགྲོ་གི་མི་འདུག་པས། དཔོན་སློབ་རིན་པོ་ཆེ་གྲུབ་བརྙེས་ཀྱི་སྐྱེས་བུ་ཆེན་པོ་ཡིན་པས་དེའི་དྲུང་དུ་ཁྱོད་རང་ཡིད་ཆེས་ཕྱིར་མངགས་པ་ཡིན། ཁོང་གི་བརྟུལ་ཞུགས་ཀྱི་སྤྱོད་པས་སྤྲུལ་བའི་སྐུའི་བར་ཆད་བཟློག་པ་རེད་པས་ཤིན་ཏུ་ལེགས། བཀའ་བཞིན་སྒྲུབ་དགོས་མ་གཏོགས་སྲུང་མའི་ཆད་པ་ཡང་འོང་ངེས་ཡིན་གསུངས། དེ་ནས་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་གྲུབ་དབང་རིན་པོ་ཆེ་དཔོན་འཁོར་ཐམས་ཅད་ཕེབས་པ་དང་མཉམ་དུ་བྱོན། ལྷུན་གྲུབ་སྟེང་དུ་ཆོས་རྒྱལ་དྲུང་འཁོར་དང་། ཞེ་ཆེན་རབ་འབྱམས། ཀཿཐོག་སི་ཏུ། མགོ་ཚ་སྤྲུལ་སྐུ་སོགས་འདུས་པ་བརྒྱ་ལྷག་ཙམ་ལ། རྗེ་བླ་མས་མཛོད་བདུན་དང་། ཀློང་སྙིང་གཙོས་མཁྱེན་བརྩེའི་བཀའ་འབུམ་ཆ་ཚང་། སྙིང་ཐིག་ཡ་བཞི་སོགས་ཀྱི་དབང་ལུང་གནང་ནས་བཞུགས། སྤྲུལ་བའི་སྐུ་རིན་པོ་ཆེ་ཁྲི་འདོན་མངའ་གསོལ་ཟབ་རྒྱས་གནང་། དེ་མཚམས་འབྲི་གུང་ནས་རྗེ་གོང་མའི་རིགས་སྲས་དང་རྒྱལ་ཡུམ་སོགས་ཀྱིས་དབུས་གཙང་ཕྱོགས་ཀྱི་ལྷ་བླར་ཐུགས་བརྟག་ཞུས་པར། མགྲིན་དབྱངས་གཅིག་གྱུར་གྱིས་འཁྲུལ་མེད་དུ་བསྔགས་པས་གདན་འདྲེན་དུ་མགྲོན་གཉེར་ཆེ་དྲག་ཁམས་སུ་བཏང་གནང་མཛད་པ་སྡེ་དགེར་འབྱོར། ལྷ་ལྡན་ཕྱོགས་སུ་ཕེབས་རྒྱུའི་གྲོས་ཐག་བཅད་ཅིང་སྐྱབས་མགོན་བླ་མས་བྱིན་རླབས་ཐུགས་གཏད་རྒྱ་ཆེར་མཛད། ཕེབས་ཁར་བླ་མའི་སྐུ་ལ་འཐམ་པས་དབོན་འཇིགས་བྱང་གིས་ཤུགས་ཀྱིས་སོ་སོར་ཕྱེས་ནས་ཆིབས་པར་བསྐྱོན། རིམ་པར་རྗེ་གོང་མའི་གདན་ས་དོན་མཁར་ཚེ་རིང་ལྗོངས་དང་འབྲི་གུང་སོགས་སུ་ཞབས་སོར་འཁོད། གོང་མའི་སྐུ་འཁོར་དང་སྐུ་ཆས་སོགས་མ་ནོར་བར་ངོས་འཛིན་མཛད་པས་མ་ཚད་ཐ་ན་ཆོས་ཁྲིད་གསུང་མཚམས་ཚུན་གསལ་ལེར་གསུངས་པས་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད་དེ་མིག་ནས་མཆི་མ་འབབ་པ་བྱས། སྐབས་དེ་དག་རྣམས་སུ་དབུས་གཙང་གི་སྒྲུབ་གནས་དུ་མར་མཇལ་ཕྱག་དང་སྐྱེས་ཆེན་འགའ་ཞིག་ལས་ཀུན་མཁྱེན་གོང་མའི་གསུང་སོགས་བཀའ་ཆོས་ཅི་རིགས་གསན་བཞེས་མཛད། དགུང་གྲངས་བཅུ་གཉིས་པ་ལྕགས་ལུག་ལོར་ཕ་ཡབ་སོགས་གྲྭ་འཁོར་འགའ་ཁམས་ནས་འབྱོར་ཞིང་གྲུབ་རྗེ་བླ་མ་སྐུ་ན་ཆེར་སྨིན་པས་ཕྱིར་ལན་གཅིག་མ་ཕེབས་ཐབས་མེད་དང་། དེ་བཞིན་གྲུབ་རྗེ་ཉིད་ཀྱི་གསུང་བྲིས་ཟབ་ནན་འདུག་པ་ལྟར་ཕྱིར་བླ་མའི་དྲུང་དུ་རྡོ་ཁོག་ལ་ཕེབས། ལོ་ངོ་འགར་སྐུ་དྲུང་དུ་བཞུགས་ནས་རྗེ་བླ་ལས་ཀུན་མཁྱེན་གོང་འོག་གི་གསུང་རབ་ཡོངས་རྫོགས་དང་། བཀའ་གཏེར་སྨིན་གྲོལ་དུ་མའི་དབང་ཁྲིད། ཁྱད་པར་སྙིང་ཐིག་གོང་འོག་གི་དབང་དང་གདམས་ངག་ཐམས་ཅད་མན་ངག་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་ནས་དོན་གྱི་བརྒྱུད་འཛིན་དུ་དབུགས་དབྱུང་ནས་སླར་དབུས་ཕྱོགས་སུ་ཆིབས་ཞལ་བསྒྱུར། ཡར་ལམ་རྫ་སྟོད་ཕྱོགས་སུ་ཕེབས་ནས་ཀུན་མཁྱེན་གོང་མའི་ཐུགས་སྲས་ཐུ་བོ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། ཀིཿལུང་འཇིགས་མེད་ངོ་མཚར་རྣམ་གཉིས་ཀྱི་དྲུང་དུ་ཕེབས་ནས་རྙིང་མ་རྒྱུད་འབུམ་གྱི་ལུང་དང་སྨིན་གྲོལ་གྱི་དབང་ཁྲིད་དུ་མ་གསན་ནས་གདན་སར་འབྱོར། དབུས་གཙང་གི་གནས་ཆེན་ཁག་ལ་སྒྲུབ་པ་དང་མཆོད་འབུལ་རྒྱ་ཆེར་མཛད་ནས་བྱོན་པས་དེ་དག་གི་སྐབས་སུ་ཡི་དམ་ལྷའི་ཞལ་གཟིགས་དང་དག་སྣང་བསམ་མི་ཁྱབ་པ་བྱུང་ཚུལ་རྒྱས་པ་རང་རྣམ་ལས་གསལ། དེ་ནས་མེ་བྱི་ལོར་སླར་ཡང་ཁམས་སུ་གྲུབ་དབང་བླ་མའི་དྲུང་དུ་ཕྱིར་ཕེབས་པ་ན་ཐུགས་ཤིན་ཏུ་དགྱེས་པའི་གསུང་གིས། ད་ནི་ཁོ་བོའི་བསམ་པ་རྫོགས་པ་ཡིན། ལོ་འདིར་རྨི་ལམ་ལུང་བསྟན་ཡང་མང་པོ་བྱུང་། འདུ་བ་འཁྲུགས་ཤིང་ཚེ་གེགས་དང་རྩུབ་ཆ་ཤིན་ཏུ་ཆེ་བར་འདུག་ཀྱང་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་སྟོབས་ཀྱིས་ལན་གཅིག་བཟློག་སོང་ཡང་མིག་འདི་ཅུང་ཟད་བསྒྲིབས་སོང་བས་ཡི་གེ་སོགས་མི་མཐོང་། ཁྱེད་རང་ནས་ལོ་འདིར་དབང་ལུང་དང་སློབ་སྦྱོང་དགོས་པ་རྣམས་མཇུག་རྫོགས་པར་གྱིས། རྗེས་སུ་བྱ་བྲལ་ཞིག་གི་ཚུལ་མཛད་ཀྱང་རུང་། སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོ་གྲུབ་པའི་སྤྱོད་པ་ཞིག་བྱས་ན་སྔར་གྱི་རྟེན་འབྲེལ་ཀུན་མེ་ལོང་གཡའ་བྲལ་བ་བཞིན་གསལ་ཞིང་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལ་དབང་སྒྱུར་པ་ཞིག་འོང་བར་ངེས། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་དང་། སྐྱབས་རྗེ་རིག་འཛིན་འཇིགས་མེད་གླིང་པ་རྣམ་གཉིས་ལྟར་ས་གཏེར་དགོངས་གཏེར་དུ་གྱུར་ན་མཆོག་ཏུ་གྱུར་པ་ཡིན་པས་ཡིད་ལ་ཞོག ཉིད་ཀྱི་ཞལ་གཟིགས་ལུང་བྱང་རྣམས་སུ། མཁའ་འགྲོའི་གསང་མཛོད་ལ་དབང་བསྒྱུར་ཐུབ་པ་ཞིག་འོང་གསུངས་པ་དེ་ལྟར་བྱུང་ན་ཨ་ལ་ལ་ཧོ། གང་ལྟར་ཡང་དོན་གྱི་གནང་བ་ཐོབ་པ་ཡིན། ཁོ་བོ་ཡང་འབྲུག་ལོའི་ལོ་མཇུག་ཙམ་ནས་རང་གནས་སུ་བསུ་བ་ཡིན་པས་དབྱར་མཇུག་ནས་ཐུགས་ལ་གང་བབ་ཅིག་མཛོད་མ་གཏོགས་རྗེས་ནས་ཁོ་བོའི་ཁ་ཆེམས་ལ་མ་བརྩིས་སོགས་ཟེར་བ་ཡོང་བས་མི་ལེགས་སོགས་ཕྱི་ནང་གསང་གསུམ་གྱི་བསླབ་སྒོ་མང་དུ་གནང་། དེ་ཕྱིན་སྐུ་ཚེའི་སྨད་དུ་གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་དང་། ཤ་བ་རི་པ་དབྱེར་མེད་པ་རི་དྭགས་བཤོར་བའི་ཚུལ་གྱིས་བསད་པ་གསོ་ནུས་པ་སོགས་རྣལ་འབྱོར་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ནས་མཐོང་ཐོས་དྲན་རེག་ཐམས་ཅད་འཁོར་བ་མཐའ་ཅན་དུ་མཛད། སྐུ་དངོས་ཀྱིས་རྒྱ་བོད་ཧོར་གསུམ་དང་འཛམ་གླིང་མཐའ་སྐོར་ལོ་གསུམ་ཕེབས་ཤིང་། གནས་ཆེན་དང་སྐུ་གསུང་ཐུགས་རྟེན་རྣམས་ལ་མཇལ་སྐབས་བདུད་རྩི་བབ་པ་དང་གསུང་བྱོན་པ། བྲག་མཚོ་ཁང་ཁྱིམ་སོགས་ལ་ཟང་ཐལ་དུ་གཤེགས་པ། མི་དང་མི་མ་ཡིན་པའི་མ་རུངས་གདུག་པ་ཅན་དྲག་པོས་བཏུལ་ཞིང་དམ་ལ་བཞག་པ། ཆིབས་རྟ་ཉེ་གནས་འོད་ཟེར་བཅས་ནམ་མཁར་འཕུར་ཏེ་ས་སྤྱོད་ཀྱི་གནས་ཡུལ་དང་ཞིང་ཁམས་འགྲིམས་ནས་དཔའ་བོ་དཔའ་མོའི་ཚོགས་གྲལ་ལ་ཕེབས་ཏེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་པ། རྒྱུད་སྡེ་བཞིའི་ཞི་དྲག་གི་ལྷ་ཚོགས་དང་། སློབ་དཔོན་དགའ་རབ་རྡོ་རྗེ་དང་། ཕ་དམ་པ་སངས་རྒྱས། གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་རྒྱ་བོད་པཎ་གྲུབ་རྣམས་ཀྱིས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་ལུང་བསྟན་གནང་བ། ཆོས་སྐྱོང་དང་གཞི་བདག་སོགས་ལྷ་སྲིན་རྣམས་ཀྱིས་དངོས་སུ་ཞབས་ཏོག་སྒྲུབ་པ། དངོས་ཉམས་དུ་མར་ཟངས་མདོག་དཔལ་རི་དང་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་བྱོན་ནས་ཆོས་ཞུ་བྱིན་བརླབས་ཐོབ་པ། མ་དག་དམྱལ་བའི་གནས་རིས་སུ་ཕེབས་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའང་དག་པ་བླ་མའི་རྣམ་རོལ་དུ་མཇལ་ཏེ་དམྱལ་པའི་སེམས་ཅན་དག་ཞིང་དུ་དྲངས་པ་སོགས་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་བསམ་མི་ཁྱབ་པ་རང་རྣམ་དང་། གསང་བའི་རྣམ་ཐར་སོགས་སུ་ཤིན་ཏུ་རྒྱས་པས་དེ་དག་ཏུ་མཇལ་བར་ཞུ། མདོར་ན་བདག་ཉིད་ཆེན་པོ་འདི་ནི་བྱིས་པའི་དུས་ནས་སྔོན་རབས་ཀྱི་སྐྱེ་བ་ས་ལེར་དྲན་པས་མངལ་གྱི་སྒྲིབ་པས་གཏན་ནས་གོས་མ་མྱོང་པ་དང་། གངས་ཅན་གྱི་ལྗོངས་འདིར་གྲུབ་པའི་སྤྱོད་པ་ལ་སྒྲ་ཇི་བཞིན་པར་སྤྱོད་པ་འཕགས་ཡུལ་གྱི་གྲུབ་བརྙེས་ཆེན་པོ་རྣམས་ལྟར་བྱོན་པ་ནི་རྗེ་འདི་གཅིག་པུའོ་ཞེས་མཁས་གྲུབ་ཀུན་ཀྱིས་ཡང་ཡང་བསྔགས། ཐུགས་སྲས་ཀྱི་ཐུ་བོ་དཔལ་སྤྲུལ་སེམས་དཔའ་ཆེན་པོ་དང་། མཁན་ཆེན་པདྨ་བཛྲ། ཉེ་གནས་འོད་ཟེར་མཐའ་ཡས་སོགས་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཐུན་མོང་དུ་བྱོན་པ་དཀར་ནག་རྒྱ་ཡི་ཡུལ་གྲུ་ཚུན་ཡོངས་སུ་གང་བ་བྱུང་། སྡེ་དགེ རྒྱལ་རོང་། ལྕགས་ལ་སོགས་རྒྱལ་པོ་ཆེན་པོ་རྣམས་ཀྱི་དབུ་བླར་བཀུར་ཞིང་དེ་དག་གི་མངའ་འབངས་སུ་གཏོགས་པའི་ཡུལ་གྲུ་ཀུན་ཏུ་ཕྲིན་ལས་རབ་ཏུ་རྒྱ་ཆེ། གསུང་ཆོས་ཟབ་གཏེར་གྱི་སྐོར་གཅོད་ཡུལ་འཛིན་པ་རང་གྲོལ་གྱི་ཆོས་སྐོར་དང་། ཉམས་ལེན་གཟེར་ལྔ་ཆེན་པོ་སོགས་པོད་དུ་མ་དེང་སང་གི་བར་བཞུགས་ཤིང་། དེ་བཞིན་དབང་ལུང་ཁྲིད་ཀྱི་རྒྱུན་བཟང་ཞིང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་དུ་འཕགས་པ་གདུང་རིགས་ཟམ་མ་ཆད་པ་ལས་བརྒྱུད་པ་དངོས་སུ་བཞུགས་ཤིང་ཁོ་བོ་ཅག་གི་བསོད་ནམས་ཀྱི་སྐལ་བར་ཐོབ་པ་བྱུང་ངོ་། །དེ་ལྟར་ཞིང་འདིའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་ནས་དགུང་གྲངས་དྲུག་ཅུ་རེ་བདུན་བཞེས་པ་རབ་བྱུང་བཅུ་བཞི་པའི་མེ་སྟག་ཟླ་བ་གཉིས་པའི་ཚེས་ཉི་ཤུའི་ཐོ་རངས་ཁར་དར་མདོ་ལྕགས་ལའི་ཕོ་བྲང་དུ་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །

[༣༠] ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ།

རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སློབ་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་ནི། ཇི་སྐད་དུ། བླ་མ་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་རུ་འབྲས་དཀར་མཁར་ཟླུམ་སྤུང་འདྲ་འབྱུང༔ ཞེས་གསུངས་པ་ལྟར་རྡོ་རྗེའི་གདུང་ཆེན་བཞིའི་ཡ་གྱལ་རས་པ་དམ་ཚིག་རྡོ་རྗེ་ཞེས་གྲགས་པའི་རྩ་རླུང་གཏུམ་མོའི་བཀའ་བབ་གང་ནི། མདོ་ཁམས་སྡེ་དགེའི་ས་ཕྱོགས་ཁྱུང་ལུང་ཞེས་པར་སྐུ་འཁྲུངས། ཆུང་དུས་ནས་རྫོགས་ཆེན་ཉི་གྲགས་ལུགས་ཀྱི་ཆོས་སྒོར་ཞུགས་ནས་སློབ་སྦྱོང་སྣ་ཚོགས་མཛད། གྲུབ་དབང་རྒྱལ་བ་རྫོགས་ཆེན་གདན་སར་ཕེབས་ནས་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། སེང་ཕྲུག་པདྨ་བཀྲ་ཤིས་སོགས་མཁན་སྤྲུལ་བཤེས་གཉེན་རྣམས་ལས་ཆོས་ཚུལ་མཐའ་ཡས་པ་ལ་གསན་སྦྱང་མཛད་པ་དང་། ཁྱད་པར་རིགས་བདག་མཚུངས་མེད་རྡོ་གྲུབ་རིན་པོ་ཆེ་གདན་ས་དེར་བཞུགས་པ་ལས་ཉམས་ཁྲིད་སྣ་ཚོགས་པ་གསན་ཞིང་། ཕྱིས་རྡོ་ཁོག་ཏུ་ཕེབས་སྐབས་སྐུ་རྗེས་སུ་འབྲངས་ནས་སྙིང་ཐིག་གོང་འོག་སོགས་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་མ་ལུས་པ་རྣམས་རྫོགས་པར་གསན། ཀུན་མཁྱེན་ཆེན་པོའི་ཁྲིད་ཡིག་ཡེ་ཤེས་བླ་མ་དང་རྒྱབ་ཆོས་སྐོར་དམིགས་བསལ་དུ་གསན་ནས་བསྒོམས་པས་མཆོག་གི་དངོས་གྲུབ་བརྙེས། སྙིང་ཐིག་རྩ་རླུང་ཁྲིད་གཏུམ་མོ་ཐུན་མིན་དང་། སྤྱི་དོན་སོགས་གནང་ནས་ཉམས་ལེན་མཛད་པས་ལས་འཕྲོ་སད་དེ་གཏུམ་མོ་ལ་རང་དབང་འབྱོར། རླུང་སེམས་ལ་རང་དབང་ཐོབ་པས་གཙང་ཆུ་དང་བྲག་གཟར་གྱི་ངོས་སོགས་སུ་རླུང་ལྟར་ཆགས་ཐོགས་མེད་པར་བགྲོད་ནུས་པའི་གྲུབ་རྟགས་ཐོན། རླུང་ཞུགས་གནས་ཐིམ་གསུམ་གྱི་རིམ་པས་རྟགས་བཅུའི་སྟོང་གཟུགས་རང་སར་རྫོགས། བདེ་སྟོང་དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། ན་བཟའ་རས་དཀར་་རྐྱང་པས་དགུན་གྱི་གྲང་ངར་ལ་ཉམ་མི་ང་བའི་བདེ་དྲོད་ཐོབ་པ་སོགས་ཀུན་ཀྱིས་མཐུན་སྣང་དུ་གྱུར་པ་དང་རྟེནསྔགས་དཀར་དུ་བཞུགས་པས་མཚན་ཡང་རས་པ་དམ་ཚིག་རྡོ་རྗེ་ཞེས་ཡོངས་སུ་གྲགས། ཏྲེ་ཧོར་དཀར་མཛེས་ཉེ་འགྲམ་འབའ་ཕུག་རི་ཁྲོད་དུ་ཡུན་རིང་བཞུགས་ཏེ་གདུལ་བྱ་བསྐྱངས། གཞན་ཡང་མགོ་ལོག་གི་ཡུལ་དུ་ཡུན་རིང་པོར་བཞུགས་ནས་བྱང་རྒྱུད་ཀྱི་གདུལ་བྱ་བསྐྱངས། ཕྱོགས་དེར་རི་ཁྲོད་ཅིག་ཀྱང་ཕྱག་བཏབ་མཛད་འདུག་པར་ཕྱིས་སུ་གཏེར་སྟོན་བསོད་རྒྱལ་རིན་པོ་ཆེས་ཞལ་གསོ་གནང་། གསུང་རྩོམ་མགུར་འབུམ་སོགས་བཞུགས་ཀྱང་ཕྱིས་སུ་དུས་དབང་གིས་དཔེ་རྒྱུན་དཀོན་པ་ལྟ་བུར་གྱུར། འདི་ལས་བརྒྱུད་པའི་ཐུན་མིན་རྩ་རླུང་གི་གདམས་ཁྲིད་མདོ་ཁམས་བྱང་རྒྱུད་ཀུན་ཏུ་སྔོན་དུས་བཞུགས་པ་སོགས་བསྟན་འགྲོ་ཡོངས་ཀྱི་དཔལ་དུ་སྐུ་ཚེ་འགྲོ་དོན་མཐར་ཕྱིན་པ་བྱུང་ཞིང་། སྤྲུལ་བའི་སྐྱེ་བརྒྱུད་རིམ་པས་ཏྲེ་ཧོར་འབའ་ཕུག་དགོན་དུ་བསྟན་འགྲོའི་འགྲོ་དོན་བསྐྱངས་དང་སྐྱོང་བཞིན་པའོ། །

[༣༡] ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།

རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་མི་འགྱུར་ནམ་མཁའི་རྡོ་རྗེའི་ཐུགས་སྲས། དྲག་སྔགས་རྒྱ་མཚོའི་བཀའ་བབ་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ཞེས་སུ་གྲགས་པའི་གྲུབ་པའི་དབང་ཕྱུག་དེ་ཉིད་ནི། བོད་རབ་བྱུང་བཅུ་གསུམ་པའི་དཀྱིལ་སྨད་ཙམ་དུ་མདོ་སྨད་རེབ་ཀོང་ཞོ་གཞོང་དུ། ཡུམ་དངོས་གྲུབ་སྒྲོལ་མའི་སྲས་སུ་ངོ་མཚར་བའི་མཚན་ལྟས་དུ་མ་དང་བཅས་སྐུ་བལྟམས། སྐུ་ན་ཆུང་ངུའི་དུས་ནས་དད་དང་སྙིང་རྗེ་རང་བཞིན་གྱིས་ལྡན་པ་སོགས་འཕགས་ཆེན་དམ་པའི་མངོན་རྟགས་ལྷན་སྐྱེས་སུ་མངའ། ཕུལ་དུ་བྱུང་བའི་བློ་གྲོས་ཀྱིས་ཡི་གེའི་ཕྱི་མོ་འབྲི་ཀློག་དང་བརྡ་དག་སོགས་ཚེགས་མེད་དུ་མཁྱེན། ཡུལ་དེ་ཕྱོགས་ཀྱི་ཆོས་སྡེ་དོན་གྲུབ་དཔལ་འབར་གླིང་དུ་ཚོགས་ཞུགས་མཛད་པས་མཚན་ལ་ཡོན་ཏན་རྒྱ་མཚོ་ཞེས་གསོལ། བཤེས་གཉེན་བླ་སྤྲུལ་དུ་མ་ལས་བརྡ་སྤྲོད་དང་། སྙན་ངག བསྡུས་གྲྭ་སོགས་ཐུན་མོང་གི་རིག་པའི་གནས་ལ་གསན་སྦྱོང་མཛད། དེ་ནས་རིང་པོར་མ་ལོན་པར་སྔོན་སྨོན་ཐུགས་བསྐྱེད་ཀྱི་བག་ཆགས་བཅོས་མིན་དུ་སད་པས་ཉེ་བར་བསྐུལ་ཏེ། གསང་ཆེན་བསྟན་པའི་འབྱུང་གནས་མདོ་ཁམས་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་གྲྭ་སར་ཕེབས་ནས། རྫོགས་ཆེན་ཡིད་བཞིན་ནོར་བུ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་སོགས་མཁས་གྲུབ་བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོར་མཆོད་ནས་མདོ་སྔགས་ཀྱི་ཆོས་ཚུལ་སྤྱིའི་འཆད་ཁྲིད་དང་། བཀའ་གཏེར་སྨིན་གྲོལ་གྱི་བདུད་རྩིའི་རྒྱུན་བཞེས་པས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་པ་དང་། ཁྱད་པར་སྐབས་དེར་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་མཆོག་རུ་དམ་གཤིན་རྗེ་སྒྲུབ་ཕུག་ཏུ་བཞུགས་པ་ལས་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་ཚུལ་མཐའ་དག་ཐུགས་རྒྱུད་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང་པས། ཇི་སྐད་དུ། བྱང་དུ་ནུས་མཐུ་ཕུར་པ་གདབ་འདྲ་འབྱུང༔ ཞེས་ལུང་ལས་གསལ་བ་ལྟར་ཐུགས་སྲས་རྡོ་རྗེའི་གདུང་ཆེན་བཞིའི་ཡ་གྱལ་དུ་གྱུར་། ཕྱིས་གྲུབ་ཆེན་རིན་པོ་ཆེ་སྐུ་ཚེའི་སྨད་དུ་རྡོ་ཁོག་ཏུ་བཞུགས་པའི་དྲུང་དུ་ལན་གྲངས་དུ་མར་ཕེབས་ནས་བསྐྱེད་རྫོགས་རྫོགས་ཆེན་གྱི་ཟབ་ཆོས་སྤྱི་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ། ངལ་གསོ་སྐོར་གསུམ། རྫོགས་ཆེན་མྱོང་ཁྲིད་ཡེ་ཤེས་བླ་མ་སོགས་ནོད་ནས་ཉམས་སུ་བཞེས་པས་རིག་སྟོང་ཆོས་ཉིད་ཀྱི་དགོངས་པ་ཐུགས་ལ་འཁྲུངས། ཁྱད་པར་བླ་མ་རིན་པོ་ཆེས་མ་འོངས་གདུལ་བྱའི་དཔལ་དུ་འགྱུར་བ་དང་ལས་ཀྱི་ལྷ་སྐལ་ཡིན་པར་གཟིགས་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐལ་འབྱིན་རྣམ་བཞིའི་ཟབ་གནད་དང་། འཇམ་དཔལ་འཁོར་ལོ་རྣམ་བཞི་སོགས་གཤིན་རྗེ་གཤེད་སྐོར། མ་མོ་རྦོད་གཏོང་ལྟས་ངན་རྒྱུག་འགྱེལ་དུ་གཏོང་བ་སོགས་དྲག་སྔགས་ཀྱི་གདམས་པ་མནན་བསྲེགས་འཕང་གསུམ་སྔགས་པ་ཧོམ་ཁུང་ལས་ཀྱིས་འཚང་རྒྱ་བར་བྱེད་པའི་མན་ངག་གནང་ནས་ཐུགས་དམ་ཉམས་བཞེས་སུ་བསྟར་བཅུག་པས། གཟུང་འཛིན་རྟོག་ཚོགས་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་འབྱམས་སུ་ཀླས་ཏེ་རྟོགས་པས་བདག་རྒྱུད་གྲོལ་བ་བྱུང་། དེ་ནས་བླ་མའི་བཀའ་ཡིས་ད་ཁྱོད་ཐུགས་རྗེས་གཞན་རྒྱུད་སྒྲོལ་བའི་དུས་ལ་བབ་པས་རང་ཡུལ་དུ་ལོག་ལ་སློབ་ཚོགས་སྐྱོང་དང་བསྟན་འགྲོར་སྨན་པའི་འགྲོ་དོན་མཐར་རྒྱས་སུ་འོང་ཞེས་ལུང་བསྟན། བཀའ་ལྟར་སྐུ་ཡུལ་ཕྱོགས་སུ་ཕེབས་ནས་སྔགས་དགོན་མང་པོ་བཏབ་ཅིང་གདུལ་བྱ་བསྐྱངས་པས་གོས་དཀར་ལྕང་ལོའི་སྡེ་ཆེན་པོ་ཕྱོགས་སུ་རྒྱས་པ་བྱུང་། གསང་ཆེན་སྙིང་པོའི་བསྟན་པར་སྡང་བའི་སྡེ་མཐའ་དག་དྲག་སྔགས་ཀྱིས་གཞོམ་པའི་རྟགས་མཚན་མངོན་གསལ་བ་སྟོན་པར་མཛད་པས་དྲག་སྔགས་རྒྱ་མཚོའི་བཀའ་བབ་ཞེས་ཡོངས་སུ་གྲགས་པ་བྱུང་། སྐལ་ལྡན་སློབ་ཚོགས་ཀུན་ལ་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་འཁོར་བསྐོར་ནས་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད། ཞལ་སློབ་ཀྱི་ཚོགས་གྲངས་མེད་པ་བྱོན་པ་ལས་གཙོ་བོར་གྱུར་པ་ནི། མགོ་ཚང་དགེ་སློང་། ཤར་ཨ་ལགས་འཇིགས་མེད། ཤར་དག་པ་རབ་འབྱམས། ཨོལ་རྒྱའི་རྡོ་རྗེ་ཤེས་རབ། ཉ་ནག་སྐུ་ལོ། ཨག་རྩེ་ཨ་ལགས། བོང་སྟག་མ་རིག་མུན་སེལ། ཝང་ཚེ་རིང་དོན་གྲུབ། སྔགས་འཆང་ཧཱུྃ་ནག་མེ་འབར། ཨ་ཚོགས་བླ་མ་ལེགས་ཚོགས། ཨ་ཚོགས་ཐེག་མཆོག་བསྟན་འཛིན་སོགས་རྫོགས་ཆེན་བླ་མ་ཉེར་གཅིག་ཏུ་གྲགས་པ་རྣམས་ཡིན། དེ་བཞིན་ཕྱི་རབས་བསྟན་པའི་བཙས་སུ་བཞག་པའི་གསུང་རྩོམ་གྱི་སྐོར་ལ། ལས་མཐའ་རི་རབ་ནག་པོ་སོགས་དྲག་སྔགས་ལག་ལེན་གྱི་སྐོར་དང་། མདོ་རྒྱུད་རྒྱ་མཚོའི་མཛོད་སོགས་གཞུང་ཆེན་བསྟན་བཅོས་ཀྱི་སྐོར། བསྟོད་ཚོགས་ཆོ་གའི་སྐོར་བཅས་ཁྱོན་པུསྟི་བཅུ་བཞིར་ལོངས་པ་མཛད་པ་ཕལ་མོ་ཆེ་ད་ལྟ་བཞུགས་ཤིང་། རྨད་དུ་བྱུང་བའི་ལེགས་བཤད་འབའ་ཞིག་ཏུ་མཐོང་བས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྤྱན་སྔར་ཉིས་སྟོང་གཉིས་ལོར་བདག་གིས་ཚར་གཅིག་ཕུལ། དེ་ལྟར་ནུབ་པ་མེད་པའི་ཕྲིན་ལས་ཀྱི་གྲགས་དཀར་སྲིད་མཐར་བསྐྱངས་ནས་མཐར་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་ལོར་སྐུ་གཤེགས་པར་སྙམ་མོ། །

[༣༢] ར་ཉག་རྒྱལ་སྲས།

གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱི་ཞལ་སློབ་ར་ཉག་རྒྱལ་སྲས་ནི། ཡུལ་མདོ་ཁམས་ཕྱོགས་ཀྱི་ནང་ཆེན་རག་ཤུལ་ཞེས་པ་རུ་ཡབ་རྟོགས་པའི་དབང་ཕྱུག་གྲུབ་བརྙེས་རིག་འཛིན་ཆེན་པོ་ར་ཉག་གྲུབ་ཆེན་དང་། སྐྱེད་ཡུམ་ཀླུ་མོ་ཞེས་པའི་སྲས་སུ་སྤྱི་ལོ་༡༨༣༢པ་བོད་རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་ས་ག་ཟླ་བའི་ཚེས་བཅུའི་ཉིན་སྐུ་འཁྲུངས། དུས་དེར་ཡབ་ཀྱི་ཞལ་ནས་བུ་འདི་ང་ལྟ་བུ་སྨྱོན་པའི་ངང་ཚུལ་ཅན་ཞིག་སྐྱེ་ཡང་འདི་ང་དང་ཅུང་མི་འདྲ་བར་སེམས་ཅན་གཞན་ལ་ཕན་ཐོག་རྒྱ་ཆེན་འོང་པས་བཙོག་མ་བཅུག་ཅེས་ཡུམ་ལ་ལན་གྲངས་མང་པོར་གདམས། སྐུ་ན་ཆུང་ངུའི་དུས་ནས་བྱིས་པ་གཞན་ལས་ཁྱད་དུ་འཕགས་པའི་རྟགས་མཚན་དང་མཛད་སྤྱོད་ཡ་མཚན་པ་མང་པོར་མངའ་བརྙེས། ཅུང་ཟད་ནར་སོན་པའི་སྐབས་སུ་ཡབ་ཀྱིས་འབྲི་ཀློག་བསླབས་ཀྱང་སྦྱོང་བརྩོན་མཐར་མ་ཕྱིན་པར་གྲུབ་སྨྱོན་གྱི་སྤྱོད་པ་མཛད་བཞིན་ཕྱོགས་ཀུན་ཕེབས། གྲུབ་དབང་དྲུག་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་མཇལ་ཏེ་དབང་ཆོས་འགའ་ཞིག་གསན་པས་རྟོགས་པ་ཐོད་རྒལ་དུ་སྐྱེས་པར་གྲགས། སྐབས་ཞིག་རྫ་ཆུ་ཁ་ནས་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དང་མཇལ་ཏེ་ཕན་ཚུན་གྲུབ་རྟགས་འགྲན་པས་རྟོགས་པའི་ཡེ་ཤེས་ལ་བོགས་འདོན་ཆེན་པོ་བྱུང་བ་སྟེ། མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་རང་རྣམ་ལས། ཉིན་གཅིག་རྫ་རྒྱལ་འཕེན་ཕྱུགས་ཀྱི་ངོས་ལ་རི་དྭགས་བཤོལ་ཚུལ་གྱིས་བསྐོར་བར་ཕྱིན་པས། སྒང་ཐོག་ཞིག་ན་ངོ་མི་ཤེས་པའི་སྐྱེས་བུ་དྲག་རྩལ་ཅན་ཞིག་དང་འཕྲད། སློང་རྐྱེན་གང་ཡང་མེད་པར་ངེད་རང་གཉིས་གཅིག་གིས་གཅིག་ལ་ཞེ་སྡང་དྲག་པོ་མེ་ལྟར་འབར་བས་མཚོན་ཆ་སྣ་ཚོགས་བརྡེག་རེས་དང་། འཐབ་འཛིང་སྣ་ཚོགས་བྱས་ཀྱང་ཕན་ཚུན་གླགས་མ་རྙེད་པར། རིའི་རྩེར་ཕྱིན་ཏེ་བྲོ་གར་སྣ་ཚོགས་བྱས་ཤིང་། སླར་སྔོན་གྱི་བག་ཆགས་སྐྱེ་བ་དྲན་པས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་། ཞག་གཅིག་བར་ཉམས་རྟོགས་བསྡུར་ཞིང་སང་སྔ་བར་བརྩེ་གདུང་འབྲལ་མི་ཕོད་བའི་ངང་ནས་སོ་སོར་གྱེས་དགོས་པ་ནི་ཡུལ་དེའི་ཟོ་དོར་ཡུལ་ཕུད་ཅིང་། གསར་སྐྱེས་རྒྱལ་འགོང་འབྱུང་པོས་བཟུང་འདུག་པ་གནས་ནས་དབྱུངས་ཏེ་ཟོ་དོར་རང་གནས་སུ་བཀོད་པ་དེ་ཡང་གསང་ཚུལ་ཙམ་ལས་ཁྱབ་གདལ་དུ་མ་སྤེལ། རི་དེའི་རྩེར་ཞབས་རྗེས་མི་འདྲ་བ་གསུམ་ཙམ་ཡོད་ཀྱང་སུ་ཞིག་གིས་མཐོང་ཐོས་སུ་མ་གྱུར། སྐྱེས་བུ་དེ་ནི་ར་ཉག་གྲུབ་པའི་དབང་ཕྱུག་གི་སྲས་ཆུང་སྦས་པའི་གྲུབ་ཐོབ་ཆེན་པོ་ཡིན་པར་གདའ། ཞེས་གསུངས། དེ་རྗེས་དགུང་གྲངས་སུམ་ཅུ་ཙམ་གྱི་དུས་སུ་གདུལ་བྱ་དབུས་གཙང་ཕྱོགས་སུ་ཡོད་ཚུལ་གྱི་མཁའ་འགྲོའི་བརྡ་ལུང་བྱུང་། དེ་མ་ཐག་ཨ་ཅོའི་ཚུལ་མཛད་དེ་ཁམས་ཀྱི་རི་བོ་ཆེ་བརྒྱུད་ནས་དབུས་ཕྱོགས་ལ་ཕེབས་ཤིང་ལམ་བར་ནས་གསང་ཡུམ་པདྨ་བདེ་མཚོ་དང་ཡེ་ཤེས་མཚོ་གཉིས་ལས་རྒྱར་བཞེས། དབུས་གཙང་དུ་འབྱོར་ནས་གནས་ཆེན་མཐའ་དག་ལ་མཇལ་བསྐོར་དང་སྒྲུབ་གནས་རྣམས་སུ་ཡུན་རིང་ཐུང་ཅི་རིགས་པར་བཞུགས་ཏེ་ཐུགས་དམ་ཉམས་བཞེས་མཛད། དུས་དེར་རྗེ་ཉིད་བཞུགས་པའི་ཉེ་ལོགས་ཀྱི་དགོན་སྡེ་ཞིག་གི་གྲྭ་ཚང་རྣམས་ཀྱིས་སྔགས་པའི་མཛད་སྤྱོད་ལ་མ་དགའ་བར་རྡུང་རྡེག་དང་དབུ་སྐྲ་གཅོད་པ་སོགས་བྱས། དེ་དག་ལས་གྲྭ་པ་ཁ་ཤས་ཀྱི་ཁ་ནས་ཁྲག་ཐོན་པ་དང་། ཁ་ཤས་ཀྱིས་སྨྲ་བརྗོད་མི་ནུས་པ་འདྲ་འབག་བཞིན་ཅེར་གྱིས་འདུག་པ་སོགས་ཉེས་པའི་འབྲས་བུ་མཐོང་ཆོས་སུ་གྱུར་པ་མང་དུ་བྱུང་བས། ཡུལ་དེའི་སྐྱ་སེར་དགོན་སྡེ་ཀུན་གྱིས་མགོ་འབུལ་ཞུ་ཕྱག་བྱས་ཤིང་བཤགས་པའི་ཆེད་དུ་དགོན་དེར་གུ་རུ་རིན་པོ་ཆེའི་འདྲ་སྐུ་ཞིག་བཞེངས་རྒྱུ་དང་། ལོ་རེ་བཞིན་སིདྡྷིའི་དུང་སྒྲུབ་རེ་འཚོགས་རྒྱུའི་དམ་བཅའ་བྱེད་དགོས་བྱུང་། ཡང་སྐབས་ཤིག་དགའ་ལྡན་གྱི་ཉེ་ཕྱོགས་ཤིག་ན་བསྙེན་སྒྲུབ་ཏུ་གཞོལ་ཏེ་བཞུགས་སྐབས། བ་གླང་བསད་དེ་ནང་ཆས་ཕྱི་རུ་བཏོན་ཅིང་སླར་ཡང་དུ་ཚག་གིས་མགོ་ལ་རྡེབ་རྡེབ་དང་སེ་གོལ་རེ་བྱས་པས་ཡར་སོས་པར་གྱུར་ཏེ་སོ་སོའི་རང་གནས་སུ་བཏང་བ་དང་། གཞན་ཡང་སྐུ་ཉིད་གང་དུ་བཞུགས་པའི་ཉེ་འཁོར་དུ་རྩི་ཤིང་ནགས་ཚལ་སོགས་ལས་བཛྲ་གུ་རུའི་རང་སྒྲ་སྒྲོག་བཞིན་ཡོད་པ་མཆོག་དམན་ཀུན་གྱིས་ཐོས་ཐུབ་པ་བྱུང་ཚེ་གྲུབ་མཐའི་ཕྱོགས་ཞེན་ཅན་གྱི་གྲྭ་གཞོན་འགས་འཛིན་བཟུང་བྱེད་པར་བརྩམས་པ་ན། དེ་མ་ཐག་གསང་ཡུམ་གཉིས་མཆན་ཁུང་གཡས་གཡོན་དུ་བཅུག་ནས་གཙང་པོའི་ཆུ་འཕྲེད་དུ་བཅད་དེ་ཕེབས་སྐབས་ཞབས་གཉིས་ཆུ་ལ་མ་རེག་པར་ཕེབས་པ་ཀུན་ལ་མཐུན་སྣང་དུ་གྱུར་པ་སོགས་གྲུབ་པའི་མཛད་སྤྱོད་མཐའ་ཡས་པས་གདུལ་བྱ་རྣམས་དད་ཅིང་གུས་པའི་གནས་ལ་བཀོད། དེ་ནས་དགུང་གྲངས་བཞི་བཅུ་ཙམ་ན་གངས་རིན་པོ་ཆེའི་ཕྱོགས་སུ་གནས་མཇལ་དུ་ཕེབས་ཏེ་ཡུན་རིང་བཞུགས། སྔ་ཕྱིར་སྲས་ལྕམ་སྲིང་འགའ་འཁྲུངས་པ་ལས་ཐ་ཆུང་ར་ཉག་དཔལ་སྤྲུལ་ཞེས་པ་དེ་ཉིད་སྐུ་འཁྲུངས་པ་ན། ཡབ་ཀྱི་ཞལ་ནས་འདི་ཉིད་ངས་ཉམས་དང་རྨི་ལམ་རྟགས་མཚན་གང་ལ་བརྟགས་ཀྱང་སྐྱེས་བུ་དམ་པ་ཞིག་གི་སྐྱེ་སྲིད་ཡིན། ཁོང་སྐུ་ཚེ་མཐར་ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་ངེས། འོན་ཀྱང་བར་ཆད་མང་བས་རིམ་གྲོ་དགོས་གསུངས་ནས་ཙིའུ་དམར་དང་གྲི་བཙན་སོགས་ལ་ཕྲིན་ལས་བཅོལ་ཏེ་ཡི་དམ་རྟ་མགྲིན་གྱི་བསྙེན་མཚམས་ལ་བཞུགས་པའི་སྐབས་སུ་ཁམས་རྫོགས་ཆེན་དུ་ཕེབས་ན་བཟང་ཟེར་བའི་ཉམས་སྣང་བྱུང་། གློ་བུར་དུ་མཚམས་ལས་བཞེངས་ཏེ་ཁམས་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་བས་གྲུབ་དབང་རྫོགས་ཆེན་དགོན་དུ་འབྱོར། གྲུབ་དབང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་མདུན་དུ་ཡབ་ཡུམ་སྲས་བཅས་མཇལ་འཕྲད་གནང་། གྲུབ་དབང་ལྔ་པ་རིན་པོ་ཆེས་ཞལ་ནས་ཁྱེད་ཀྱི་སྲས་མོ་ཆེ་བ་འདིས་གདུང་རྒྱུད་བཟུང་ན་ལེགས། སྲས་མོ་ཆུང་བ་འདི་ཤ་ཟ་ལས་ཀྱི་མཁའ་འགྲོ་མའི་སྤྲུལ་པ་ཡིན་པས་ཇོ་མོ་བྱས་ན་བཟང་། སྲས་ཆེ་བ་འདི་ཉིད་ཤ་སྐོར་སྤྲུལ་སྐུ་ཡིན་པས་འདི་ལ་བདག་ཉར་བ་སླེབས་ཡོང་། གདུང་སྲས་ཆུང་བ་འདི་ཉིད་རྫ་དཔལ་དགེའམ་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྲིད་ཡིན་པས་འདི་ང་ལ་དགོས་གསུངས་ཏེ་ངོས་འཛིན་མཛད། འདི་སྐབས་རྫོགས་ཆེན་བླ་བྲང་གི་ཆིབས་རྟ་ཡོངས་ལ་རྟ་ནད་ཟློག་དཀའ་བ་ཞིག་བྱུང་བས་རྫོགས་ཆེན་རིན་པོ་ཆེས་ར་ཉག་གྲུབ་ཆེན་ལ་ཞུས་གསུངས། གྲྭ་བ་རྣམས་ནས་རྫོགས་ཆེན་རིན་པོ་ཆེས་ཅི་གསུངས་པ་ཡིན་ན་གནས་འདིར་སངས་རྒྱས་མི་གཟུགས་སུ་བྱོན་པའི་མཁས་གྲུབ་ཤ་སྟག་བཞུགས་པ་ལ་ཞུས་མི་གསུངས་པར་སྔགས་རྒན་རལ་བ་ཅན་བུད་མེད་དང་ཕྲུ་གུས་བསྐོར་ཡོད་མཁན་ཞིག་ལ་ཞུས་གསུངས་པ་འདིས་མཚར་བ་ལ་ཟེར། གཉེར་ཕྱག་རྣམས་ནས་གྲུབ་ཆེན་ལ་ཚུལ་དེ་ཞུས་པས་རྟ་ཐམས་ཅད་འཆམ་རར་དེད་ཤོག་གསུངས། རྟ་ཐམས་ཅད་འཆམ་རར་སླེབས་མ་ཐག་གྲུབ་ཆེན་གྱིས་མེ་མདའ་བརྒྱབ་སྟེ་རྫོགས་ཆེན་རིན་པོ་ཆེའི་ཆིབས་རྟས་གཙོས་རྟ་གལ་ཆེན་ཁ་ཤས་ས་ལ་བསྒྱེལ་གཞན་རྣམས་ཡུལ་ཕུད་པས། དེར་གནས་ཀུན་གྱིས་འདིས་བྱས་སོང་ད་མ་ལེགས་ཟེར་བ་དང་། གྲུབ་ཆེན་གྱིས་སྔགས་ལ་ཞུགས་པའི་སྐྱེས་བུ་དེས་འཚོ་བ་གསོད་ཀྱང་ནུས་ལ། བསད་པ་གསོ་ཡང་ནུས་གསུངས་ཏེ་རྐེད་ནས་དུ་ཚག་བླངས་ཏེ་རྟ་རྣམས་ཀྱི་མགོ་ལ་རྡེབ་རྡེབ་མཛད་ཅིང་སེ་གོལ་རེ་བྱས་པས་རྟ་ཐམས་ཅད་སྔར་བཞིན་སོས་པར་གྱུར་པས་ཐམས་ཅད་ངོ་མཚར་བ་བྱུང་། དེ་ནས་ལོ་ཤས་རྗེས་དམ་སྲིའི་རྐྱེན་གྱིས་ཁང་དམར་དགོན་པའི་བསྟན་པ་ཆེས་ཉམས་རྒུད་དང་གྲྭ་ཚང་ཁ་མ་འཆམས་པ་སོགས་བྱུང་བ་ན་གྲུབ་དབང་ལྔ་པས་ར་ཉག་གྲུབ་ཆེན་ཕེབས་ན་འགྲོ་དོན་འབྱུང་གསུངས་ནས་ཁང་དམར་དགོན་དུ་བཏང་། དེ་ཚུལ་ཁང་དམར་དཔོན་སློབ་ཀྱི་ལོ་རྒྱུས་སུ། རྫོགས་ཆེན་རིན་པོ་ཆེ་ནས་ར་ཉག་གྲུབ་ཆེན་ཞེས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་གྲུབ་ཐོབ་ཀྱི་སྤྱོད་པ་ལྟར་མཛད་པ་ཞིག་དགོན་འདིར་གནང་། དམ་པ་འདི་ཉིད་ཁང་དམར་དགོན་དུ་ལོ་བདུན་བརྒྱད་ཙམ་བཞུགས་ཤིང་བསྟན་པའི་བྱ་བ་ཡང་རྒྱ་ཆེར་སྤེལ། དེ་ནས་རེ་ཞིག་གདུལ་བྱ་གཞན་ལ་ཞལ་གཟིགས་པའི་ཚུལ་བསྟན། འདའ་ཁའི་ཞལ་ཆེམས་ལ་ཁང་དམར་དགོན་འདིར་རྫོགས་ཆེན་དཔོན་སློབ་ཀྱི་སྤྲུལ་སྐུ་ཞིག་གནང་སྩོལ་ཞུས་ན་ཕྱིས་སུ་བསྟན་པ་ལ་ཕན་ཐོག་ཆེན་པོ་འོང་ངེས་པའི་ལུང་བསྟན་གནང་ཞེས་སོགས་གསུངས། དེ་ལྟར་གྲུབ་པའི་མཛད་སྤྱོད་ལ་སྒྲ་ཇི་བཞིན་པ་སྤྱོད་པ་འཕགས་པའི་ཡུལ་གྱི་གྲུབ་ཆེན་རྣམས་ཀྱི་མཛད་པ་ལྟ་བུས་མཐོས་ཐོས་དྲན་རེག་གི་འགྲོ་བ་ཀུན་ཐར་དང་རྣམ་མཁྱེན་གྱི་ས་ལ་བཀོད་ནས་དགུང་གྲངས་དོན་བདུན་བཞེས་པ། སྤྱི་ལོ་༡༩༠༩བོད་རབ་བྱུང་བཅོ་ལྔ་པའི་ས་བྱ་དབོ་ཟླ་བའི་ཚེས་ཉེར་ལྔའི་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །

[༣༣] དགུ་རོང་སྣ་ཚོགས་རང་གྲོལ།

རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་རྣམ་གཉིས་ཀྱི་ཞལ་སློབ་དགུ་རོང་སྣ་ཚོགས་རང་གྲོལ་ནི། སྤྱི་ལོ་༡༨༢༢པ་རབ་བྱུང་བཅུ་བཞི་པའི་ཆུ་རྟ་ལོར་ཡབ་ཨ་ཁུ་འབག་བཟོ་ཞེས་པ་གསང་བ་སྔགས་ཀྱི་རྣལ་འབྱོར་ལ་རང་དབང་འབྱོར་བའི་རིག་པ་འཛིན་པ་དེ་ཉིད་དང་། ཡུམ་ཀླུ་མོ་བྱམས་ཞེས་པ་སྐུ་ཚེའི་སྟོད་དུ་དཔའ་ཆེན་ནམ་མཁའ་འཇིགས་མེད་ཀྱི་གཟུངས་མ། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ཞལ་ནས། དཔལ་ཆེན་དྲག་པོའི་ཆོས་སྐོར་དེ༔ རལ་བའི་གསེབ་ཏུ་ཁུར་བྱས་ནས༔ ཕྱོགས་མེད་རི་ཁྲོད་འགྲིམས་ནུས་ན༔ ཕྱག་རྒྱ་པདྨ་ཅན་དང་འཕྲད༔ ཅེས་ལུང་གིས་བསྔགས་པའི་མཁའ་འགྲོའི་མཚན་ལྡན་དཔའ་ཆེན་ནམ་མཁའ་འཇིགས་མེད་སྐུ་འདའ་ཁར་ཨ་ཁུ་འབག་བཟོའི་ཐབས་གྲོགས་སུ་ཐུགས་བཀོད་གནང་བ་དེ་ཉིད་ཀྱི་སྲས་སུ་སྐུ་འཁྲུངས། འགྲོ་མགོན་ཞབས་དཀར་པའི་ཞལ་ནས་རེབ་ཀོང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་རྡོ་རྗེ་སློབ་དཔོན་དཔའ་ཆེན་ནམ་མཁའ་འཇིགས་མེད་ལ་སྐུ་གསུང་ཐུགས་གསུམ་གྱི་སྤྲུལ་སྐུ་གསུམ་ཡོད་གསུངས་པ་ལྟར། སྐུ་སྤྲུལ་ཁྱབ་བརྡལ་ཀློང་ཡངས་ཁྱུང་དགོན་དུ་སྐུ་འཁྲུངས་པ་དང་། གསུང་སྤྲུལ་ཡོན་ཏན་ཚེ་རིང་ཨ་འདར་ཆ་ག་ནས་འཁྲུངས། ཐུགས་ཀྱི་སྤྲུལ་བ་དགུ་འགྱུར་པདྨ་རོང་དུ་འཁྲུངས་པ་རྗེ་འདི་ཉིད་དུ་ངོས་འཛིན་མཛད། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ལུང་བྱང་ལས་ཀྱང་། རོང་དགུ་འདུས་རང་གྲོལ་མིང་མཐའ་ཅན༔ བོངས་ཆེ་ཞིང་ཁམས་རྒྱས་དབང་སྡུད་ལྡན༔ ལྟེ་བ་རུ་སྨེ་བའི་ཐིག་པ་ཤར༔ དཔལ་དེ་ལ་བླ་མའི་སྒྲུབ་སྐོར་དང༔ དོན་ཟབ་མོ་སྙིང་གི་གདམས་པ་སྤྲོད༔ ཅེས་འཁྲུངས་ཡུལ་དང་མཚན་སྒྲ་སོགས་ཆེས་གསལ་བའི་གསུང་གིས་ཆོས་བདག་ལས་ཅན་དུ་བསྔགས། ཆུང་ངུ་ནས་ཡབ་ལས་འབྲི་ཀློག་དང་ཆོ་གའི་ཕྱག་ལེན་སོགས་སྦྱངས་ཤིང་བསྙེན་སྒྲུབ་ལ་བརྩོན་པ་མཛད། ལྷན་སྐྱེས་ཀྱི་བྱམས་སྙིང་རྗེ་ཆེ་ཞིང་མཁྱེན་རབ་དཀྱེལ་ཆེ་བས་མདོ་སྔགས་རིག་གནས་དང་བཅས་པར་བྱང་ཆུབ་པ་སྟེ། དགུང་ལོ་ཉེར་གཅིག་ཐོག་ཞབས་དཀར་པའི་རྣམ་ཐར་གསོལ་འདེབས་ཚིག་བཅད་མ་བརྩམས་པ་ཚིག་དོན་གཉིས་ཆར་ནས་ཟླ་དང་བྲལ། སྐུ་ན་གཞོན་དུས་ནས་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གྱི་ཞབས་ལ་བཏུད་དེ་མདོ་སྔགས་གསར་རྙིང་གི་ཆོས་སྐོར་སྤྱི་དང་། ཁྱད་པར་ཕྱི་ནང་སྔོན་འགྲོའི་བློ་སྦྱོང་ནས་དངོས་གཞི་རྫོགས་ཆེན་གྱི་ཟབ་ཁྲིད་བར་མཐར་ཕྱིན་པ་གསན་པས་རྟོགས་པ་ངོ་སྤྲོད་ཀྱི་བླ་མ་དང་པོ་ཡིན། ཕྱིས་སུ་གྲུབ་དབང་རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་སྙན་པ་གསན་པས་ཁམས་ཕྱོགས་སུ་ཐུགས་བརྩོན་ཆེན་པོས་ཐེངས་འགར་ཕེབས། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་མན་ངག་རྫོགས་པ་ཆེན་པོའི་ཟབ་ཁྲིད་མཐའ་དག་མ་ཚང་བ་མེད་པ་གསན་པས་ཐུགས་དམ་བོགས་འདོན་ཆེན་པོ་བྱུང་། སྐུ་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོད་གསུམ་གྱིས་དུས་འདའ་ཞིང་། ཕྱི་སོ་ཐར་གྱི་ཚུལ་ཁྲིམས་དང་ནང་བྱང་ཆུབ་སེམས་ཀྱི་ཐུགས་བསྐྱེད། གསང་བ་བསྐྱེད་རྫོགས་ཟབ་མོའི་གནད་ལ་རྟག་ཏུ་གཞོལ་བས་ཉམས་རྟོགས་ཀྱི་ཀློང་བརྡོལ། སྐུ་ཡུལ་མདོ་སྨད་དུ་ཕེབས་ནས་རྗེ་གོང་མའི་ཕྲིན་ལས་ཀྱི་རྒྱུན་བསྐྱངས་ཏེ་ཕྱོགས་ཀྱི་སྔགས་མང་ཁག་ལ་དབང་ཁྲིད་གདམས་ངག་གི་ཆོས་འཁོར་བར་མེད་དུ་བསྐོར་བ་དང་། ཡུལ་སྡེ་ཕན་ཚུན་འཁྲུག་རྩོད་དང་ནད་ཡམས་སོགས་བྱུང་ཚེ་སྐུ་སྲོག་ལ་མ་འཛེམ་པར་བཅོས་པའི་ཐབས་ལ་འབད་ཅིང་། རྗེ་ཉིད་ཀྱིས་རྒྱུ་འབྲས་བླང་དོར་གྱི་གནས་ཕྲ་མོ་ཙམ་ལ་ཡང་ཐུགས་གཙིགས་ཆེ་བ་མཛད་ཅིང་གཞན་དག་ལ་ཚུལ་བཞིན་འདོམས་པ་སོགས་གཞན་ཕན་གྱི་ཕྲིན་ལས་རྒྱ་ཆེ། ཞལ་སློབ་གྲུབ་བརྙེས་ཀྱི་རིག་འཛིན་བྱ་བྲལ་ཆོས་དབྱིངས་རང་གྲོལ། མཁར་སྒང་བྲག་དཀར་གྲུབ་ཆེན། མ་བསྒོམས་པ་རིན་པོ་ཆེ་སོགས་རྟོགས་པ་དོན་གྱི་བརྒྱུད་འཛིན་པ་དུ་མ་བསྐྱངས་ཏེ་དགུང་གྲངས་ང་གཉིས་པ་ཤིང་ཁྱི་སྤྱི་ལོ་༡༨༧༤ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །

[༣༤] ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ།

མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་རྣམ་གཉིས་ཀྱི་ཐུགས་སྲས་ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ནི། སྤྲུལ་གཞི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་རོལ་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་དང་། གངས་ལྗོངས་སྣང་བའི་མིག་གཅིག་ཐུ་མི་སམ་བྷོ་ཊ། རྒྱལ་མོ་གཡུ་སྒྲ་སྙིང་པོ། དྲག་སྔགས་མཐུ་ཡི་བཀའ་བབ་དུམ་རྒྱ་ཞང་ཁྲོམ། ཟུར་ཆུང་ཤེས་རབ་གྲགས་པ། ནག་ཚོ་ལོ་ཙཱ་བ། གསལ་སྟོང་སྒོམ་ཤེ། གཏེར་སྟོན་དྲི་མེད་ཀུན་དགའ། རྩེ་ལེ་སྣ་ཚོགས་རང་གྲོལ། ལོ་ཆེན་དྷརྨ་ཤྲཱི། མཁན་ཆེན་ཨཽ་ཌི་ཡ་རྣམས་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང་། སྐུ་ཚེ་འདིའི་སྐྱེ་བ་སྔ་མ་ནི་གྲུབ་དབང་པདྨ་རྒྱལ་མཚན་གྱི་རིགས་དབོན་རྟོགས་ལྡན་སངས་རྒྱས་རབ་བརྟན་ཞེས་རབ་འབྱམས་གཉིས་པའི་ཐུགས་སྲས་ཀྱི་གཙོ་བོ་ཚེ་དང་སྒྲུབ་པ་མཉམ་པ་དེ་ཉིད་ཡིན་ཞིང་། མེ་མོ་ལུག་གི་ལོ་ལ་མདོ་ཁམས་ལྷོ་རྒྱུད་དུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། འཁྲུངས་མ་ཐག་ཏུ་ཐུགས་ཆེན་སྙིང་པོའི་ཡིག་བཅུ་གསུངས་པ་དང་། ཀློག་ཡིག་མ་བསླབས་གོང་ཀཻ་ཤ་ཅན་གྱི་ཡི་གེ་གཟིགས་ཚེ་འདི་ཀློག་རིང་པོར་འཐེན་དགོས་གསུངས་པས་མཚོན་ངོ་མཚར་བའི་ལོ་རྒྱུས་མང་། དགུང་ལོ་བཞི་ལ་སོན་སྐབས་གོང་མའི་གདན་ས་གཤང་ནག་རི་ཁྲོད་དུ་སྤྱན་དྲངས། དེ་ནས་མི་རིང་བར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་བྱོན་ནས་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་ཞབས་པད་བསྟེན། རེ་ཞིག་ན་དམ་པ་དེ་ཉིད་ཀྱིིས་བསྐུལ་བ་བཞིན་ཀཿཐོག་རྡོ་རྗེ་གདན་དུ་མ་ཧཱ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་ཞབས་པད་ལོ་ལྔར་བསྙེན་པས་བཅུ་ཕྲག་རིག་གནས་དང་བཅས་པ་ཐུགས་སུ་ཆུབ་ཅིང་དོན་གྱི་བསྟན་པ་གཏད། གཞན་ཡང་རྡོ་གྲུབ་ཆེན་དང་། མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ་སོགས་བཤེས་གཉེན་བཅུ་ཕྲག་ལྔ་བསྟེན་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། ཐོས་ལོ་ཙམ་དུ་མ་བཞག་པར་ཨོ་རྒྱན་སྨིན་གྲོལ་གླིང་དུ་ལོ་གསུམ་དང་། རང་དགོན་སྒྲུབ་སྡེ་པདྨ་འོད་གླིང་དུ་ལོ་དྲུག་རིང་གཙོ་བོར་བསམ་སྒོམ་གྱིས་གཏན་ལ་ཕབ་པས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། དུས་གསུམ་སྒྲིབ་མེད་དུ་གཟིགས་པས་ལྐོག་གྱུར་གྱི་ཆོས་ལ་ཆགས་ཐོགས་མི་མངའ། དམ་ཅན་བྲན་དུ་ཁོལ་བས་ཕྱག་ལས་གང་བརྩམས་ཐོགས་མེད་དུ་འགྲུབ་ཀྱང་གཞན་ལ་མཐུ་གཏད་དང་ལས་སྦྱོར་མི་མཛད། ལུང་རིགས་ཀྱི་སྤོབས་པ་མཐོ་བས་འཇིགས་མེད་སེངྒེའི་ངང་ཚུལ་བརྟན་ཡང་གཞན་ལུགས་ཀྱི་གྲུབ་མཐར་དཔྱས་གདགས་མི་གནང་། དགོན་གཙང་དགོན་ཁག་ལྔ་སོགས་ཆེན་པོ་རྣམས་ཀྱི་ཏི་ཤྲཱི་བཀུར་ཡང་ཁེང་དྲེགས་དང་སྙེམ་པ་མི་མངའ། ཆོས་བརྒྱད་ཀྱི་འཛིན་པ་དག་པས་ཆེ་ཐབས་དང་སྙན་གྲགས་མི་སྒྲུབ། གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤར་བས་གྲུབ་མཐའི་ཁ་འཛིན་དང་ཕྱོགས་ཞེན་མི་མངའ་བ་སོགས་དམ་པའི་རྣམ་ཐར་སྨོས་ཀྱིས་མི་ལང་། རྒྱལ་དབང་ཀརྨ་པ་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེས་ཟེ་ཆེན་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པཎ་དཔྱངས། དགུང་གྲངས་བཅུ་དགུའི་ཐོག་རྒྱལ་ཚབ་མཆོག་ནས་བསྟན་པ་གཏད་པས་དེ་ཕྱིན་ཞེ་ཆེན་ཆོས་སྡེ་མ་ལག་དང་བཅས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྲིན་ལས་བླར་འཕེལ། ཐིག་ལེ་སྟོང་གསལ་ཆེན་པོའི་རྒྱུད་ཀྱི་ལུང་དོན་གསལ་བྱེད་ཐེག་པ་མཐའ་དག་གི་ལམ་རིམ་སྦྲང་ཆུང་རྩི་བཅུད་སོགས་ལེགས་བཤད་བཀའ་རྩོམ་པོད་དྲུག་ཏུ་ལོངས་པ་མཛད། གསུང་ལས་སྐྱེས་པའི་ཞལ་སློབ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཁམས་སྤྲུལ་ལྔ་པ་སྒྲུབ་རྒྱུད་ཉི་མ། བྲག་གཡབ་སྐྱབས་མགོན་ནོ་མི་ཧན། ཏྲེ་ཧོར་དགོན་གསར་ཆོས་རྗེ། ཀཿཐོག་སི་ཏུ། ཟུར་མཁར་སྤྲུལ་སྐུ་སོགས་བསྟན་ལ་ཕྱག་རྗེས་ཆེ་བའི་མཁས་གྲུབ་མཐའ་ཡས་པ་བྱུང་བ་དང་། དེ་དག་སློབ་བརྒྱུད་དང་བཅས་པའི་ཕྲིན་ལས་ཀྱི་སྣང་བས་ཕྱོགས་དང་ཕྱོགས་མཚམས་ཀུན་ཡོངས་སུ་ཁྱབ་པ་བྱུང་ངོ་། །

[༣༥] རྡོ་གྲུབ་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས།

གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སློབ་རྡོ་གྲུབ་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ནི། གོང་མའི་སྐུ་རུས་བོ་ཆུང་གི་རིགས་སུ་ངོ་མཚར་བའི་མཚན་ལྟས་དཔག་ཏུ་མེད་པ་དང་བཅས་སྐུ་བལྟམས། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། མདོ་མཁྱེན་བརྩེ་སོགས་སྐྱེས་མཆོག་མང་པོས་ངོས་འཛིན་ལུང་བསྟན་བཞིན་རྗེ་གོང་མའི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་རྒྱས་པ་ཞུས། འབྲི་ཀློག་སྒྲུབ་འཕྲིན་སོགས་རིག་པའི་གནས་རྣམས་ཚེགས་མེད་པར་མཁྱེན། ཟབ་གཏེར་འགའ་ཞིག་གཏེར་བཞེས་མཛད་ཀྱང་ཕྱིས་སུ་གཟི་སྒྲོམ་ཙམ་ལས་གཞན་བཞུགས་པ་མི་མངོན། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་། རྫོགས་ཆེན་བཞི་པ། དཔལ་སྤྲུལ་རིན་པོ་ཆེ་སོགས་བླ་མར་བསྟེན་ནས་རྗེ་གོང་མའི་ཟབ་ཆོས་གདམས་ངག་ཐམས་ཅད་གསན། རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་ཏེ་གྲུབ་པ་ཐོབ། མགོ་ལོག་ལྕགས་མོ་སེན་རིང་ཞེས་དྲེག་པ་རང་རྒྱུད་པར་གོལ་བའི་རྒྱལ་འགོང་ཆེས་མ་རུངས་པ་ཞིག་ཡོད་པ་འདུལ་ཐབས་ཀྱི་གཉེན་པོ་གཞན་མེད་པར་དགོངས་ཏེ། ཨ་མདོ་རྔ་བའི་ཥི་མདའ་ཞེས་པའི་གྲོང་ན་ལྕགས་མོ་སྤྲུལ་སྐུ་ཞེས་པ། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་སྤྲུལ་པ་དངོས་རྟ་མགྲིན་གྱི་རྟ་ཞལ་མཚོན་པའི་དབུ་སྐྲ་ལྗང་གུ་ཉག་ལྔ་ཡོད་པའི་སྐྱེས་བུ་དེ་རྒྱལ་འགོང་དེའི་ཁ་གནོན་གྱི་གཉེན་པོར་ངོས་འཛིན་མཛད་པས། སྐྱེས་མཆོག་དེས་ལྕགས་མོ་སེན་རིང་དང་། སྨར་གུ་མདའི་རྒྱལ་པོ་དྲག་རྩལ་ཅན་གཉིས་ཕྱིས་ལོག་ལམ་ལས་སྒྲོལ་ནུས་པ་སོགས་ལྐོག་གྱུར་གཟིགས་པའི་མངོན་ཤེས་དང་སེམས་ཅན་གྱི་དོན་མཛད་པའི་གྲུབ་པའི་དབང་ཕྱུག་ཁྱད་དུ་འཕགས་པ་ཞིག་བྱོན། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་ལྷན་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་ཞིང་གྲུབ་རྟགས་ཀྱིས་གནས་གང་ལ་ཡང་ཐོགས་པ་མེད་པ་རྒྱ་གར་གྱི་གྲུབ་ཆེན་རྣམས་དང་དབྱེར་མེད་པ་མཐུན་སྣང་དུ་བྱུང་། བར་སྐབས་རྐྱེན་དབང་ངན་པས་རྟེན་འབྲེལ་མ་འགྲིགས་སྟབས་གདན་ས་སྤོ་དགོས་བྱུང་བ་ན་དར་རྩེ་མདོར་ལྕགས་ལ་རྒྱལ་པོས་ཞུ་བསྐུལ་བཞིན། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་དཔོན་སློབ་གཉིས་མཉམ་དུ་དབུ་བླར་ཡུན་རིང་བཞུགས། དགུང་གྲངས་སུམ་ཅུ་ཙམ་ན་དར་མདོར་འབྲུམ་ནད་ཀྱིས་མི་མང་པོ་ཤི་བའི་རྐྱེན་བཟློག་དུ་སྙུན་བཞེས་ཀྱིས་གཟིམས་མལ་དུ་སྐུ་གཤེགས་ནས་ཡོད་སྐབས། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཐུགས་དམ་ངོ་སྤྲོད་གནང་ཆེད་ཕེབས་ནས། ཕུན་ཚོགས་འབྱུང་གནས་ཁྱོད་ཤི་བ་རེད་ཅེས་གསུངས་ནས་རྡོག་པས་ལན་གསུམ་བསྣུན་པ་ན། ཧར་གྱིས་སྐུ་བཞེངས་ཏེ་རྡོ་རྗེའི་སྐྱིལ་ཀྲུང་གིས་བདུན་ཕྲག་གཅིག་བར་གཡོ་མེད་དུ་བཞུགས། དེའི་ཚེ་འཇའ་འོད་སོགས་ཡ་མཚན་པའི་སྣང་བ་མཐའ་ཡས་པ་བྱུང་བ་བཅས་ཀྱིས་གདུལ་བྱ་ཐམས་ཅད་ངོ་མཚར་དད་པའི་གནས་ལ་བཀོད་དོ། །

[༣༦] བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

འཇིགས་མེད་རྒྱལ་བའི་མྱུ་གུ་དང་མཁན་ཆེན་པདྨ་བཛྲ་རྣམ་གཉིས་ཀྱི་ཞལ་སློབ་བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི། ཇི་སྐད་དུ། མངའ་བདག་ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་པའི་རི་བོའི་མདུན༔ ཕ་ཝཾ་ཀླུ་དབང་འཁྱིལ་བའི་སྟེང༔ མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང༔ བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་སོགས་གཏེར་ཁ་གསར་རྙིང་དུ་མ་ལས་ཡང་ཡང་བསྟན་པ་ལྟར། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་། བཱི་མ་མི་ཏྲ། དྲིལ་བུ་པ། སྒོ་མཐའ་ཡས་པའི་བློ་གྲོས། ནགས་ཀྱི་རིན་ཆེན་བཅས་དང་། བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་ལྷ་རྗེ། ནག་ཚོ་ལོ་ཙཱ་བ། འབྲོམ་སྟོན་པ། རས་ཆུང་རྡོར་གྲགས། དྭགས་པོ་ལྷ་རྗེ། རྗེ་བཙུན་གྲགས་རྒྱལ། བློ་གྲོས་རྒྱལ་མཚན། ཀློང་ཆེན་རབ་འབྱམས། དགེ་འདུན་གྲུབ། མཁྱེན་རབ་ཆོས་རྗེ། ལྕགས་ཟམ་པ། མཁྱེན་བརྩེའི་དབང་ཕྱུག །ནམ་མཁའ་འཆི་མེད། འཇིགས་མེད་གླིང་པ་རྣམས་དང་། གཞན་ཡང་ཕ་དམ་པ། ཨ་མོ་གྷ་ཛ། སྙེ་མདོ་ཐམས་ཅད་མཁྱེན་པ་བཅས་དང་། ཁྱད་པར་ཆོས་རྒྱལ་ཆེན་པོའི་སྐུ་སྤྲུལ་མངའ་བདག་ཉང་རལ། གསུང་སྤྲུལ་གུ་རུ་ཆོས་དབང་། ཐུགས་སྤྲུལ་མངའ་རིས་པཎ་ཆེན། ཡོན་ཏན་གྱི་སྤྲུལ་བ་བཀྲ་ཤིས་སྟོབས་རྒྱལ། ཕྲིན་ལས་ཀྱི་སྤྲུལ་བ་རྒྱལ་མཆོག་ལྔ་པ་རྣམས་དང་། རྒྱལ་སྲས་ལྷ་རྗེའི་སྤྲུལ་པ་གཏེར་སྟོན་སངས་རྒྱས་བླ་མ་ནས་ཆོས་རྗེ་གླིང་པའི་བར་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གཉིས་བཞེས་ནས་བཅུ་གསུམ་པ་རྗེ་ཉིད་ཡིན་པ་སོགས་གང་འདུལ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་རིམ་དང་གཅིག་ཆར་དུ་སྣང་བས་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་ཅིང་། སླར་ཡང་སྙིགས་མའི་དུས་འདིར་ངོ་བོ་རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་རྣམ་པ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་ཇི་ལྟར་བྱོན་པའི་ཚུལ་ནི། མདོ་ཁམས་གནས་ཆེན་ཉེར་བཞིའི་ནང་ཚན་ཕྲིན་ལས་འགྲོ་འདུལ་སྤྲུལ་བའི་གནས་མཆོག་རི་བོ་དབང་ཞུ་སོགས་གནས་ཆེན་གནས་ཕྲན་མང་པོས་བསྐོར་ཞིང་གཏེར་ཆེན་གཏེར་ཕྲན་དུ་མས་གཏམས་པས་གཏེར་ཀླུང་ཞེས་གྲགས་པའི་ཡུལ་ལྗོངས། རྒྱབ་རི་རྩེ་སྒང་ཞེས་པའི་མདུན་ཞོལ། བྲག་རི་དུག་སྦྲུལ་འཁྱིལ་བའི་གཟུགས་སུ་གནས་པའི་ཡང་སྟེང་དིལ་མགོ་ཞེས་པར། རིགས་འོད་གསལ་ལྷ་ལས་ཆད་པའི་མྱོས་དང་། རུས་ནི་ཤིང་སྒ་སྟེ། ཡབ་དྲུང་ཆེན་རིན་ཆེན་དབང་རྒྱལ་དང་། ཡུམ་སོག་མོ་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༨༢༠པ་སྟེ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པར། དབུ་སྐྲ་བུང་བ་ལྟར་གནག་པས་སྙན་ཡན་ཁེབས་པ་དང་། ཕྲུ་མ་ཆོས་གོས་ཀྱི་ཚུལ་དུ་དཀྲིས་པ་བཅས་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། ཐུགས་ཀྱིས་དྲན་ཙམ་དུ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛ་ཊིས་ཡང་ཡང་བརྩེ་ཞིང་སྐྱོང་བ་དང་སྔོན་གྱི་སྐྱེ་བ་མང་པོ་རྗེས་སུ་དྲན། མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན་ཅིང་གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་གྱི་ཆ་མ་ལུས་པ་ཐུགས་སུ་ཆུད། དགུང་ལོ་བཅུ་གཉིས་པའི་ཐོག་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་ནས་མཁན་ནམ་མཁའ་འཆི་མེད་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད་དེ་མངའ་གསོལ། འདི་ཡན་ཆད་ཅི་ཡང་མ་བསླབ་པར་སྙན་ངག་གི་བསྟོད་ཚོགས་དང་། ཉམས་མགུར་སོགས་མཛད་པ་ཚིག་དོན་ཤིན་ཏུ་བཟང་བས་མཁས་གྲུབ་ཀུན་ཐུགས་འཕྲོག་པ་བྱུང་། དགུང་གྲངས་བཅུ་དྲུག་ཐོག་ལུང་དོན་ལྟར་ཁ་བ་དཀར་པོའི་ཕྱོགས་སུ་ཕེབས་གྲུབ་པ་བྱུང་ན། འབམ་ལྷ་མདུན་དུ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་མཁའ་འགྲོ་ཞིག་ཡོད་པས་གྲོགས་བྱས་ནས་གཏེར་ཁ་བཅུ་གསུམ་རིམ་པར་བཞེས། དབུས་གཙང་མཚམས་སུ་ཆོས་སྡེ་ཞིག་བཙུགས་ནས་གསང་ཆེན་རྡོ་རྗེ་ཐེག་པའི་གནས་བྱེད། མཐའ་དམག་ལོ་བརྒྱའི་བར་དུ་བཟློག་ནས་སྐུ་ཚེའི་སྨད་དུ་གཡུ་ལུང་གངས་རིའི་གནས་སྒོ་འབྱེད་ཅིང་དེར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པ་ཡིན་ནའང་རྟེན་འབྲེལ་གཞན་དབང་དུ་གྱུར། བཅུ་བདུན་པར་མཁའ་འགྲོ་དེ་ཉིད་ཀྱང་སྐུ་གཤེགས་པའི་མཚན་རྟགས་བཅས་མཁའ་འགྲོ་འཁྲུགས་པའི་རྐྱེན་གྱིས་སྙུན་དྲག་པོས་ཟིན། དེ་ཕྱིན་སྐུ་སྐྱེ་འཕོས་པ་ལྟ་བུའི་བྲིས་ཀློག་ཚུན་གཞི་ནས་མཁྱེན་དགོས་པ་བྱུང་ཞིང་སྔར་གྱི་ཤེས་རབ་དེའི་བཞི་ཆ་ཙམ་ལས་མ་བྱུང་གསུངས། དགུང་ལོ་བཅོ་བརྒྱད་པར་ཞེ་ཆེན་རི་ཁྲོད་དུ་ཕེབས་ནས་གནས་ལྔ་རིག་པའི་པཎ་ཆེན་མཐུ་སྟོབས་རྣམ་རྒྱལ་གྱི་ཞབས་པད་བསྙེན་ཏེ་བརྡའ་སྤྲོད་རིག་པ་དང་། སྡེབ་སྦྱོར། སྙན་ངག་མེ་ལོང་མ། མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ་སོགས་དུས་ཐུང་ངུས་ཐུགས་སུ་ཆུབ་པར་མཛད། སྒྱུ་འཕྲུལ་ཞི་ཁྲོའི་དབང་ཡང་གསན། རྫོགས་ཆེན་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་སྔ་འགྱུར་བཀའ་མའི་དབང་ལུང་སོགས་རྒྱུད་སྡེ་ཕྱི་ནང་གི་སྨིན་དབང་རྒྱ་ཆེར་ནོད། ཁྱད་པར་ཚེ་རབས་ལས་ཀྱི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ་སྟེ། བདག་ཉིད་ཆེན་པོ་འདི་གྲུབ་དབང་རྫོགས་ཆེན་པའི་བླ་ཚབ་ཏུ་སྟག་མོ་དགོན་སོགས་ཕྱོགས་དེའི་དགོན་ལག་རྣམས་སུ་ཕེབས་སྐབས་གཏེར་ཀླུང་དུ་སྒར་བཏབ་ནས་བཞུགས་པ་དང་དགུང་ལོ་གཞོན་སྐབས་སུ་མཇལ། ཚེ་རབས་སྔ་མའི་བག་ཆགས་ཀྱིས་ཞལ་མཇལ་བ་ཙམ་གྱིས་ཡབ་སྲས་འཕྲད་པ་ལྟ་བུའི་དགའ་གདུང་ཚད་མེད་པ་འཁྲུངས། རྗེ་ཉིད་ཀྱིས་རིགས་བདག་མཚུངས་མེད་ཀུན་མཁྱེན་འཇིགས་མེད་གླིང་པའི་ཡང་སྲིད་དུ་ངོས་འཛིན་མཛད། འོད་གསལ་གསང་བ་སྙིང་ཐིག་ཐོག་མའི་ལམ་གྱི་སྔོན་འགྲོ་ནས་ཁྲེགས་ཆོད་ཐོད་རྒལ་བར་གྱི་མན་ངག་གི་ཆོས་ཚུལ་ཐམས་ཅད་གནད་བསྡུས་ཏེ་དུས་ཐུང་ངུ་ཞིག་ལ་གསུངས་པས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་ནས་སྣང་བཞིི་མཐའ་རུ་ཕྱིན། འདི་དུས་ཆོས་ཁྲིད་ཀྱི་དབུ་ཚུགས་ནས་མ་རྫོགས་ཀྱི་བར་གཟིམས་གུར་ལ་འཇའ་འོད་དཀར་པོ་ཟུག་པ་གྲྭ་སློབ་ཀུན་ལ་མཐུན་སྣང་དུ་བྱུང་། ཐུན་མིན་ཐུགས་ཀྱི་སྲས་པོ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་བས་ཐུགས་སྲས་དཔལ་མཁྱེན་ཉི་ཟླ་ཟུང་ཞེས་ཡོངས་སུ་གྲགས། ཕྱིས་སུ་བླ་མ་མཚམས་པ་རིན་པོ་ཆེའི་ཞལ་ནས། ད་དུང་རྫོགས་ཆེན་གྱི་བསྟན་པའི་མཐའ་ལ་ཐུག་མི་འདུག །ཆོས་སྔོན་འགྲོ་བཤད་དུས་དངོས་གཞི་རྟོགས་མཁན་འདུག་ཅེས་ཉིན་ལྟར་ཆོས་ཁྲིད་སྐབས་བསྔགས་བརྗོད་མཛད་པས། འཇམ་དབྱངས་མཁྱེན་བརྩེ་ལ་གསུངས་པ་ཡིན་ཞེས་དཔལ་སྤྲུལ་རིན་པོ་ཆེས་གསུངས། དེ་བཞིན་མཁན་ཆེན་ཐམས་ཅད་མཁྱེན་པ་པདྨ་བཛྲ་རིགས་བདག་ཏུ་བསྟེན་ཏེ། སྔར་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་ཚན་རྟོགས་པ་དོན་བརྒྱུད་ཀྱི་ཚུལ་དུ་གསན་པ། སླར་ཡང་བཀའ་ལུང་གི་བརྒྱུད་པ་ཞིབ་ཅིང་ཕྲ་བ་ཚིག་དོན་གྱི་གནད་རེ་རེ་ནས་མ་ཆད་པར་གསན་པའི་ཚུལ་མཛད་པ་སྟེ། རྗེ་འདི་ལས་རྫོགས་ཆེན་པདྨ་རིག་འཛིན་ནས་བརྒྱུད་པའི་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ་ཐུན་མིན་དང་། མི་འགྱུར་ནམ་མཁའི་རྡོ་རྗེ་ལས་བརྒྱུད་པའི་སྙིང་ཐིག་བཀའ་གཏེར་ཉེ་རིང་གི་བརྒྱུད་པའི་ཆུ་བོ་གཅིག་འདྲེས་ཀྱི་གདམས་པ་ཐམས་ཅད་མ་ཚང་བ་མེད་པ་བཞེས། དེས་ན་རང་ལུགས་སྙིང་ཐིག་བླ་བརྒྱུད་གསོལ་འདེབས་སོགས་སུ་མཁན་ཆེན་པདྨ་བཛྲ་ནས་། མཁྱེན་བརྩེའི་དབང་པོ། འཇམ་མགོན་མི་ཕམ་བཅས་རིམ་པར་འདྲེན་པར་མཛད། གཞན་ཡང་རྗེ་འདི་ཉིད་ལས་དགུང་གྲངས་སོ་བརྒྱད་པ་མེ་སྦྲུལ་ལོར་སླར་ཡང་བཀའ་གཏེར་གྱི་སྨིན་དབང་དང་གསང་བ་སྔགས་ཀྱི་རྒྱུད་བཤད་དུ་མ་གསན། སྐབས་དེའི་འདུས་མདོའི་དབང་གསན་སྐབས་དབང་དངོས་གཞིའི་དུས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོ་ཤར། དེ་ནུབ་མནལ་ལམ་དུ་སོ་ཡེ་ཤེས་དབང་ཕྱུག་མཇལ་ནས་འདུས་མདོའི་སྨིན་གྲོལ་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ཐོབ་ཅེས་རྒྱལ་ཚབ་ཆོས་འབྱུང་སོགས་རྣམ་ཐར་ཁག་ན་གསལ། དགུང་གྲངས་ཉི་ཤུ་པར་སྟོད་ཕྱོགས་སུ་རིམ་པར་ཕེབས་ཏེ་ངོར་ཐར་རྩེ་བླ་བྲང་དུ་ཞབས་སོར་བཀོད། དགུང་ལོ་ཉེར་གཅིག་པར་ཨོ་རྒྱན་སྨིན་གྲོལ་གླིང་དུ་མཁན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། ས་སྐྱ་པ་རྡོ་རྗེ་རིན་ཆེན་སོགས་ལས་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་གྱི་བྱང་སྡོམ་བཞེས། ཁྲི་ཆེན་སངས་རྒྱས་ཀུན་དགའ་ལས། དབུ་མ་ལུགས་ཀྱི་སེམས་བསྐྱེད། ཡང་དག་སོ་ལུགས། རིག་འཛིན་ཐུགས་ཐིག་སོགས་དང་། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་ལས། སྙིང་ཐིག་གསར་རྙིང་ཆོས་སྐོར་སོགས་གདམས་ཁྲིད་དུ་མ་གསན། སྔ་ཕྱི་ཀུན་ཏུ་འབད་བརྩོན་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་བླ་མ་རྡོ་རྗེ་འཛིན་པ་དང་། དགེ་བའི་བཤེས་གཉེན། གནས་ལྔ་རིག་པའི་མཁས་ཆེན་སོགས་ཡོངས་འཛིན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་བྱང་ཆུབ་པ་མཛད་ཚུལ་རྗེ་ཉིད་ཀྱི་ཞལ་གསུང་རྣམ་ཐར་ཚིགས་བཅད་མར། སྔ་ཕྱིར་ཁམས་དབུས་གཙང་གསུམ་དུ། །མི་ལོ་བཅུ་གསུམ་ཐོས་པ་བཙལ། །རྡོ་རྗེ་འཆང་དང་དགེ་བའི་བཤེས། །རིག་བྱེད་གཞུང་ལ་མཁས་པ་སོགས། །གཙུག་ནོར་བརྒྱ་དང་ལྔ་བཅུ་བསྟེན། །བཟོ་གསོ་སྒྲ་ཚད་ཡན་ལག་བཅས། །འདུལ་མཛོད་དབུ་ཕར་བཤད་སྲོལ་ཐོས། །གསར་རྙིང་རྡོ་རྗེ་ཐེག་པ་ཡི། །དབང་དང་བྱིན་རླབས་རྗེས་གནང་སོགས། །བཀའ་གཏེར་བཀའ་གདམས་ས་སྐྱ་པ། །འབྲི་སྟག་མཚུར་དང་གདན་འབྲུག་གི། སྔོན་གྱི་ལུགས་སྲོལ་མ་ཉམས་པར། །བཞུགས་པའི་སྨིན་གྲོལ་གདམས་ངག་དང་། །དགྱེས་བདེ་གསང་འདུས་དུས་འཁོར་ལོ། །སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས། །རྒྱབ་རྟེན་རྒྱུད་ཀྱི་བཤད་པ་དང་། །བསྟན་བཅོས་དམ་པའི་གསུང་རབ་ལུང། །གླེགས་བམ་བདུན་བརྒྱ་ལྷག་ཙམ་ཉན། །ཞེས་གསུངས་པ་ལྟར་གངས་ཅན་ལྗོངས་ན་བཞུགས་སོ་ཅོག་གི་བཤད་རྒྱུད་འདེགས་པའི་བཀའ་ཆེན་བཅུར་གྲགས་པ་རྣམས་ཀྱི་རིང་ལུགས་ཕལ་མོ་ཆེ་མ་གསན་པ་མེད། དེ་ལྟར་མདོ་རྒྱུད་བསྟན་བཅོས་གང་གསན་པ་རྣམས་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཕལ་མོ་ཆེ་ལན་གྲངས་དུ་མ་འཆད་པ་དང་། ཐ་ན་ཡང་ཚར་རེ་མ་གསུངས་པ་མེད་ལ། དེའང་དམ་པའི་སྐྱེས་བུ་ནས་ཕལ་བ་མུ་ཏོ་བ་ཡན་མཆོག་དམན་ཀུན་ལ་སོ་སོའི་དོན་གཉེར་ལྟར་རེ་བ་ཡོངས་སུ་སྐོང་བར་མཛད། གདུལ་བྱ་འགྲོ་དོན་དུ་མིང་བཏགས་པའི་གྲོང་ཆོག་ལྡོམ་བུ་སོགས་དཀོར་བསྡུ་གཏན་ནས་མི་མཛད་ཀྱང་། འདུ་བ་གསུམ་དང་འབར་བ་གསུམ་གྱི་ཡོན་ཏན་ཕྱིར་ཤར་བས་ཟང་ཟིང་གི་དངོས་པོ་རྒྱ་མཚོ་ཁ་ལུད་པ་བཞིན་བྱུང་ཞིང་། དེ་དག་ཀྱང་ཆུད་མི་གཟན་པར་བསྟན་འགྲོའི་སྲོག་རྩ་ཁོ་ནར་སྨིན་པར་མཛད་པས་སྐུ་རྟེན་གསེར་ཟངས་ཁོ་ན་ལས་གྲུབ་པ་ཉིས་སྟོང་ལྷག གསུང་རྟེན་གླེགས་བམ་བཞི་བརྒྱ་ལ་ཉེ་བའི་པར་ཤིང་སྣ་ཚོགས་དང་། བྲིས་མ་དང་པར་མ་བསྡོམས་པའི་པུསྟི་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོས་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ། དེ་དག་བཞུགས་སུ་གསོལ་བའི་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས། དེ་བཞིན་ཉམས་རྒུད་དུ་སོང་བའི་དགོན་གནས་རྣམས་ལ་ཆེ་ཆུང་དང་བསྟུན་པའི་གནང་སྦྱིན་མཛད་ནས་སྔར་གནས་སོར་ཆུད་ཀྱི་མཐུན་སྦྱོར་བསམ་མི་ཁྱབ་པ་མཛད་པ་བཅས་ཐུན་མོང་ཕྱིའི་རྣམ་ཐར་བརྗོད་ལས་འདས་པ་མངའ། ཐུན་མིན་གསང་བའི་རྣམ་ཐར་ལ་སྤྱིར་སྐུ་ཆུང་ངུའི་དུས་ནས་རིམ་བགྲོད་ཐེག་པའི་ལམ་ལ་མི་ལྟོས་པར། འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་རང་བཞིན་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་པས་སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རང་མདངས་དག་པའི་གཟིགས་སྣང་འབའ་ཞིག་འབྱམས་སུ་ཀླས་པས། སྐད་ཅིག་མ་རེ་རེའི་གཟིགས་སྣང་གི་ཆ་ཤས་ཀྱང་བརྗོད་པའི་ཡུལ་ལས་འདས་པ་གྱུར་ཀྱང་། མཐུན་པར་སྣང་བ་གྲུབ་པའི་སྤྱོད་པ་ལ་མངའ་བརྙེས་པའི་ཚུལ་ནི། ཆུ་བོ་རིའི་ཚེ་ཆུ་ཕུག་དང་། ཡར་ཀླུང་ཚེ་ཆུ་བུམ་པ་གཉིས་ནས་ཚེ་ཆུ་དངོས་སུ་ཕབ་པ་དང་། ཇོ་བོ་རང་བྱུང་ལྔ་ལྡན་ལས་རིང་བསྲེལ་ཕེབས་པ། ཁྲོས་ནག་དབང་གི་སྐབས་སུ་དབང་རྟེན་ཐོད་པ་རེག་ཏུ་མི་བཏུབ་ཙམ་གྱི་དྲོད་འབར་བ་དང་། ཚེ་སྒྲུབ་ལོ་གསུམ་མཛད་རིང་ཚེ་ཆུ་རྒྱུན་བཞག་དབྱར་མི་རུལ། དགུན་མི་འཁེང་། ཁ་དོག་སེར་སྨུག་ཤིན་ཏུ་སྐ་བའི་ཉམས་ཅན། དབུས་ནས་གྱེན་དུ་ཕྱུར་བ་ལ་དྲི་རོ་གང་གིས་ཀྱང་མཚོན་དུ་མེད་པའི་ངོ་མཚར་ཅན་དང་། རྫ་མ་མོའི་ཐང་དུ་དཔལ་སྤྲུལ་རིན་པོ་ཆེས་རྡོ་མཁར་བཞེངས་སྐབས་ཚེས་བཅོ་ལྔ་ཉིན་མཆོད་པ་ཤོམས་ཤིག་གསུངས་པ་ལྟར་མཛད་པས་མེ་ཏོག་གི་ཆར་དངོས་སུ་བབ་པ་ཐམས་ཅད་ཀྱིས་ལག་ཏུ་ཐོབ་པ། ཚེས་བཅུའི་སྐབས་ཐུགས་ཉམས་འུར་ཏེ་ཌཱ་དྲིལ་བར་སྣང་ལ་བཞག་པ། དད་པ་ཅན་རྣམས་ཀྱི་ངོར་ཐང་སྟོང་རྒྱལ་པོ་དང་འཕགས་མ་ཡིད་བཞིན་འཁོར་ལོའི་སྐུར་མཐོང་བ་སོགས་ཡ་མཚན་གྲུབ་པའི་རྣམ་ཐར་མཐའ་ཡས་པ་སྤྱི་དང་། དེ་ལས་ཁྱད་པར་དུ་འཕགས་པའི་རྣམ་ཐར་ནི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་ཟབ་མོ་ཉེ་བརྒྱུད་ཀྱི་བཀའ་བབ་པ་སྟེ། སྔ་འགྱུར་རྙིང་མ་ལ། དགུང་གྲངས་ཉེར་བཞིར་བཞེས་པ་ཆུ་ཡོས་ས་ཟླའི་ཚེས་དྲུག་གི་ཉིན་ཤང་མདོའི་སྲམ་པ་སྒྲུབ་ཁང་གི་དཔལ་ཆེན་གྱི་སྐུ་ཉིད་དཔལ་ཆེན་དངོས་སུ་མཇལ། སྒོ་དྲུང་དུ་ཟུར་པ་ཡབ་སྲས་བཞད་ཧྲིག་གེར་བཞུགས་ནས་རུ་ལུའི་སྔགས་ཀྱི་དབང་དང་། བཛྲ་ས་ཏྭའི་རྒྱུད་བཤད། ཧཱུྃ་ཡིག་གི་མན་ངག་གནང་བའི་ཉམས་སྣང་ཆེས་གསལ་ཞིང་བརྟན་པ་བྱུང་བས་སྒྱུ་འཕྲུལ་གྱི་ཉེ་བརྒྱུད་ཐོབ། མེ་སྦྲུལ་ལོར་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་མཁན་པདྨ་བཛྲ་ལས་འདུས་མདོའི་དབང་གསན་སྐབས། དབང་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོ་ཤར། དེ་ནུབ་མནལ་ལམ་དུ་སོ་ཡེ་ཤེས་དབང་ཕྱུག་མཇལ་ནས་འདུས་མདོའི་སྨིན་གྲོལ་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ཐོབ། ཡང་དགུང་ལོ་བཅུ་དྲུག་པའི་ཐོག་ས་ག་ཟླ་བའི་ཚེས་བརྒྱད་ལ་མནལ་ལམ་དུ། རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་དགུའི་རིམ་པ་བརྒྱད་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་མཇལ་ནས་གསོལ་གདབ་མཛད་པས། གཡོན་ཕྱོགས་ཤེར་ཕྱིན་སྡུད་པའི་གླེགས་བམ་ཞིག་བླངས་ནས་དབུར་བཞག་སྟེ་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་བླངས་ཏེ་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་། ཁྱད་པར་རྫོགས་ཆེན་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་ནོ་གསུངས། ལུང་བསྟན་འགའ་ཞིག་མཛད་པའི་མཐར་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་ནས་ཕྱིར་ཕེབས་དུས་རྩེགས་འོག་མ་རྣམས་སུ་སེམས་སྡེའི་མཁས་པ་ཉེར་གཅིག་སོགས་ལས་བྱིན་རླབས་ཞུས་ནས་སྒོར་ཕེབས་པའི་ཚེ། གཙུག་ལག་ཁང་གི་སྒོ་དྲུང་དུ་མེ་ཆེན་པོ་ཞིག་འདུག་པ་དེར་ཞུགས་པས་གདོས་བཅས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཚིག་པའི་རྗེས་སུ་སྣང་བ་དེ་དག་འགགས་ནས། འོད་ལུས་བཱི་མ་མི་ཏྲ་ཡིན་སྙམ་པ་དང་བདེ་སྟོང་ཟག་མེད་ཀྱི་ཡེ་ཤེས་མུ་མཐའ་མེད་པར་འབྱམས་སུ་ཀླས་ཏེ་རྫོགས་ཆེན་སེམས་སྡེའི་ཉེ་བརྒྱུད་ཐོབ། ཆུ་བྱི་ཟླ་བ་བཅུ་པའི་ནང་མནལ་ལམ་དུ་ཝ་སེང་བྲག་ཏུ་སྤང་མི་ཕམ་མགོན་པོ་མཇལ་ཞིང་གསོལ་བ་བཏབ་པས་བརྡའ་བཞི་བསྟན་བྱུང་བས་ཀློང་སྡེའི་སྨིན་གྲོལ་ཚང་བར་ཐོབ་པའི་ངེས་ཤེས་སྐྱེས་ནས་ཀློང་སྡེའི་བཀའ་བབ་བརྙེས། ཉེར་གཅིག་པར་གཞོ་སྟོད་ཏི་སྒྲོར་གུ་རུ་ཡབ་ཡུམ་གྱིས་མཁའ་འགྲོ་སྙིང་ཐིག་དང་། གངས་རི་ཐོད་དཀར་དུ་ཀུན་མཁྱེན་ཆེན་པོས་མཁའ་འགྲོ་ཡང་ཏིག་གི་བྱིན་རླབས་བླ་མ་སྒྲུབ་པའི་དབང་དང་ཁྲིད་བཅས་གནང་བ་སོགས་ཀྱིས་མན་ངག་སྡེའི་བཀའ་བབ། ཆུ་ཡོས་ས་ཟླའི་ཚེས་བཅུ་གསུམ་ཉིན་འོ་ཡུག་སྡིང་མའི་ལམ་དུ་ཕེབས་པའི་ཆིབས་ཐོག་ཏུ་ཐོག་མར་སྣང་ཡུལ་ཐམས་ཅད་འོད་དམར་སེར་གྱིས་ཁྱབ་པས་ཐ་མལ་གྱི་རྟོག་པ་འགགས། ཕྱི་གོང་རྫའི་ར་བར་ཕེབས་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་མཁའ་འགྲོ་མང་པོས་བསྐོར་བའི་གྲལ་དུ་འཁོད། འདས་རྗེས་ཞལ་ཆེམས་ཀྱི་ཚུལ་དུ་ལྕེ་བཙུན་སྙིང་ཐིག་བསྩལ་བའི་སྔོན་གནས་རྗེས་སུ་དྲན། ཌཱཀྐི་དཔལ་གྱི་བློ་གྲོས་ཀྱིས་བྱིན་གྱིས་བརླབས་པས་ཚིག་དོན་ཐམས་ཅད་ཡུན་རིང་མོར་སོང་ཡང་མི་བརྗེད་པར་བཀྲ་ལམ་མེར་ཐུགས་ལ་གནས་པར་བྱུང་བ་ནི་མན་ངག་སྡེ་བཱི་མའི་ལུགས་ཀྱི་བཀའ་བབ་བརྙེས་པའོ། །

གཉིས་པ་བཀའ་གདམས་པ་ནི། བྱང་རྭ་སྒྲེང་དུ་ཕེབས་སྐབས་སྔ་རྗེས་སུ། ཇོ་བོ་འཇམ་དཔལ་རྡོ་རྗེ་དང་། འདྲ་ཐང་དབུ་ཡོན་མ་མཇལ་སྐབས་དེ་དང་དེར་དངོས་སུ་མཇལ་བའི་དག་སྣང་གསལ་བ་དང་། ཤུག་པའི་གསེབ་ཏུ་འབྲོམ་སྟོན་ཡབ་སྲས་རྣམས་བཞུགས་པ་ལས་གཞུང་གདམས་ངག་མན་ངག་དང་བཅས་པའི་བཀའ་རྫོགས་པར་གཏད་པའི་གསལ་སྣང་བྱུང་།

གསུམ་པ་ལམ་འབྲས་ནི། མང་མཁར་དུ་ཚར་ཆེན་གྱིས་བྱིན་གྱིས་བརླབས་ཤིང་། དེ་བཞིན་མྱུ་གུ་ལུང་སྒྲ་བསྒྱུར་རྒྱ་གར་ཕུག་ཏུ་འབྲོག་མི་ལོ་ཙཱས་གླེགས་བམ་ཞིག་དབུ་ཐོག་ཏུ་བཞག་ནས་རྒྱུད་ཀྱི་བཤད་བཀའ་འདིས་རྫོགས་པ་ཡིན་མན་ངག་རྗེས་སུ་འབྱུང་གསུངས། ཕྱིས་དགུང་ལོ་ཞེ་གཅིག་པར་ས་ཆེན་ཤིན་ཏུ་གསལ་བ་མཇལ་བའི་སྐུ་འོད་ཀྱི་རང་བཞིན་ཐུགས་ཀའི་དབུས་སུ་འོད་ཀྱི་གོང་བུ་ཤེལ་སྔོན་པོའི་མཆོད་རྟེན་དབྱིབས་ལྟ་བུའི་སྟོད་ཆར་ཡང་དག་ལྷ་དགུ། བར་དུ་དགྱེས་རྡོར་ལྷ་དགུ། འོག་གི་ཆར་ཕུར་པ་གཙོ་རྐྱང་བཅས་སྐུ་དངོས་དང་མཚུངས་པར་གསལ་བའི་བླ་མ་ཡི་དམ་དབྱེར་མེད་ཀྱི་ཞལ་ནས་ཡང་ཕུར་དང་། ལམ་འབྲས་བསྐྱེད་རྫོགས་སྙིང་པོ་ཁྱད་པར་ཅན་བསྩལ་བ་གསན།

བཞི་པ་མར་པའི་བཀའ་བརྒྱུད་ནི། ལྷོ་བྲག་སྲས་མཁར་གྱི་མར་པའི་སྐུ་མཇལ་ཚེ་མར་པ་དངོས་ཀྱི་དག་སྣང་ཤར། དེ་ནུབ་མནལ་ལམ་དུ་ཡེ་ཤེས་མཁའ་འགྲོས་རྡོ་རྗེའི་ཚིག་རྐང་ལ་གསུང་བཤད་མཛད་པ་གསན། ཞིག་ཏུ་ཕེབས་ལམ་ཆིབས་ཐོག་ནས་མངའ་བདག་མར་པ་སྐུ་དར་ཡོལ་ཞིག་མདུན་ཁར་བཞུགས་ནས་རྒྱུད་དང་གདམས་ངག་གི་སྙིང་པོ་བསྩལ་ཅིང་རྔོག་ཆོས་རྡོར་ཡིན་པའི་གསལ་སྣང་ལམ་ཙམ་ཤར། གཞན་ཡང་སྔ་ཕྱིར་མཚུར་ཕུའི་དུས་མཁྱེན་ཕུག་གི་སྣང་བརྙན། ཕག་གྲུའི་འཇག་སྤྱིལ་གྱི་སྐུ་འདྲ། འབྲི་གུང་སྐྱོབས་པའི་གསེར་ཁང་མ། སྟང་ལུང་གཟིམས་སྤྱིལ་གྱི་ཐང་པ། ར་ལུང་རྒྱ་རས་ཀྱི་སྐུ་འབག་ཁམས་གསུམ་ཟིལ་གནོན་རྣམས་མཇལ་སྐབས་དད་མོས་དྲག་པོས་རྐྱེན་བྱས་ཏེ་སོ་སོའི་སྐུ་དངོས་སུ་མཇལ་བ་དང་བྱིན་རླབས་ཀྱི་བབ་ཆེན་པོ་རེ་བྱུང་བ་དང་། སྔ་རྗེས་འགའ་ཞིག་ཏུ་རས་ཆུང་རྡོ་གྲགས་ཡིན་པའི་གསལ་སྣང་ཡང་འལ་འོལ་ཤར་གསུངས།

ལྔ་པ་ཤང་ཆོས་ནི། དགུང་ལོ་བཅོ་ལྔ་པའི་ཐོག་གྲུབ་ཆེན་ཐང་རྒྱལ་ལས་ཕྱག་ཆེན་གྭའུ་མ་དང་། བོགས་འདོན་ནི་གུ་ཆོས་དྲུག་གསན། ཕྱིས་ཞང་ཞུང་གི་ཁྱུང་པོའི་འདྲ་ཞལ་མཇལ་སྐབས། དབུ་སྟེང་དུ་གདུགས་ལྟ་བུའི་འོད་སྔོན་པོའི་ནང་དུ་རྒྱུད་སྡེའི་ལྷ་ཚོགས་མང་པོ་སྟོང་གཟུགས་ལྟ་བུར་ལམ་གྱིས་ཤར། མཐར་འདྲ་སྐུ་རིན་པོ་ཆེར་ཐིམ་པའི་ཞལ་ནས། ཨེ་ཝཾ་མཱ་ཡཱ་ཧོཿཞེས་པའི་སྔགས་ཀྱི་བརྡའ་དང་། ཐུགས་ཀ་ནས་འོད་ཟེར་རང་ལ་ཐིམ། ཤང་ཆོས་ཀྱི་བག་ཆགས་གསལ་པོ་སད།

དྲུག་པ་ཞི་གཅོད་ནི། རྩི་ཁོག་དམ་པའི་སྒྲུབ་ཕུག་ཏུ་ཚོགས་མཆོད་མཛད་པའི་ཚེ་སྒྲུབ་ཕུག་དེ་འོད་ཀྱི་རང་བཞིན་དུ་གྱུར་པའི་མདུན་དམ་པ་སངས་རྒྱས་ཉིད་ཆ་ལུགས་ཉི་འདེ་མའི་རྣམ་པར་བཞུགས་པ་མཇལ། ཞི་བྱེད་སྐོར་གྱི་མན་ངག་དགོངས་པ་གཏད་པའི་ཚུལ་གྱིས་གནང་བའི་མཐར་ཨོ་རྒྱན་པདྨ་སཾ་བྷ་ཝར་གནས་འགྱུར་ནས་སྙན་བརྒྱུད་སྐོར་གསུངས་པ་ཐུགས་ལ་བཀྲ་ལམ་གྱིས་ཤར་བ་དང་། ཟངས་རི་མཁར་དམར་མ་ལབ་སྒྲོན་གྱི་འདྲ་སྐུ་མཇལ་སྐབས་ཞལ་བཞད་ཅིང་སྐུ་གཡོ་འགུལ་མཛད་པས་དངོས་སུ་ས་གཡོ་བ་ལྟ་བུ་ཐམས་ཅད་ཀྱིས་ཚོར་བ་བྱུང་། བྱིན་རླབས་ཀྱི་ཟིལ་ཆེན་པོ་ཐོབ་པས་གདམས་པའི་སྙིང་པོ་ཐུགས་ལས་བརྡོལ།

བདུན་པ་རྡོ་རྗེ་རྣལ་འབྱོར་ནི། སྔར་དུས་ཞབས་པ་རྗེ་བཙུན་བློ་གྲོས་མཐའ་ཡས་དང་། ཞྭ་ལུ་བློ་གསལ་བསྟན་སྐྱོང་ལས་ཇོ་ལུགས་དང་བུ་ལུགས་གསན་པའི་སྐབས་སོ་སོར་བྱིན་རླབས་ཀྱི་བབ་ཆེན་པོ་ཐོབ་པ་དང་། ཁྱད་པར་ཇོ་ནང་སྐུ་འབུམ་ཆེན་པོ་མཇལ་བར་ཕེབས་སྐབས་མཁའ་འགྲོའི་རིགས་ཅན་བུད་མེད་ཅིག་གིས་སྣ་དྲངས་ནས་ཕེབས་སྐབས་དེ་ལས་རློན་ཟིལ་ལྟ་བུ་ཞིག་སྐུ་ལུས་ལ་ཕོག་པའི་རྐྱེན་གྱིས་བདེ་སྟོང་གི་ཉམས་མུ་མཐའ་མེད་པ་སྐྱེས་པའི་རྐྱེན་བྱས། ས་ཕྱོགས་དག་པའི་ཞིང་ཁམས་ལྟ་བུ་དང་། ཆོས་རྒྱལ་རིག་ལྡན་བརྒྱུད་པ་དང་བཅས་པ་དངོས་སུ་མཇལ་བའི་གསལ་སྣང་ཤིན་ཏུ་བརྟན་པའི་མཐར། ནམ་མཁའ་ནས་ཨེ་ཝཾ་གྱི་སྔགས་སྒྲ་ཞིག་གསན་པས་རྒྱུད་དང་མན་ངག་གི་སྙིང་པོ་ཐུགས་ལ་ལམ་ལམ་ཤར་བ་བྱུང་།

བརྒྱད་པ་བསྙེན་སྒྲུབ་ནི། ཨོ་རྒྱན་པའི་དུས་སུ་རྟོགས་ལྡན་ཟླ་བ་སེང་གེ་ཡིན་པའི་ཐུགས་ཤེས་ཤིན་ཏུ་གསལ་བའི་བག་ཆགས་ཀྱིས་ཨོ་རྒྱན་བསྙེན་སྒྲུབ་སྐོར་ཨེ་ཐོབ་ཀྱི་ཐུགས་འདུན་བསྟར་ཆགས་སུ་བྱུང་བའི་སྐབས་ཤིག་མནལ་ལམ་དུ། དང་པོ་རང་བྱུང་རྡོ་རྗེ་ལམ་ཙམ་གསལ། སླར་གྲུབ་ཐོབ་ཨོ་རྒྱན་པ་ཡིན་པའི་ཕྱག་ཏུ་པུསྟི་ཞིག་བསྣམས་པ་རྗེ་ཉིད་ཀྱི་དབུ་ལ་བཞག་ནས་བྱིན་གྱིས་བརླབས་པ་ཞིག་བྱུང་ནས་མི་རིང་པར་རྒྱལ་དབང་བཅུ་བཞི་པ་ལས་འདིའི་གདམས་ངག་རྫོགས་པར་གསན་གྲུབ་པ་བྱུང་ངོ་། །གཞན་ཡང་རྫོགས་ཆེན་སྡེ་གསུམ་གྱི་ལུང་བྱང་ལས། བཀའ་ནས་བཀའ་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབ་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་བར་བབ༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་བསླུ་མེད་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར་བཀའ་བབ་བདུན་གྱི་དང་པོ་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པ་རྣམས་བཀའ་ནས་བཀར་བརྒྱུད་པའི་བཀའ་བབ་བརྙེས་ཚུལ་ནི། དགུང་གྲངས་བཅུ་དྲུག་པའི་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་བར་རྔ་ཡབ་པདྨ་འོད་དུ་ཕེབས། དེའང་བྲག་རི་ལྷུན་ཆགས་པའི་ཕུག་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པ་བྱིན་གྱིས་བརླབས་ཤིང་བརྡའ་ཡི་དབང་བསྐུར་བ་དང་བཀའ་བབ་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པ་བསྩལ་བའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང་། །འཛིན་པའི་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་ཀྱི་དགོངས་པའོ། །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ཉམས་ཤར་ཏེ་གནས་ལུགས་ལ་བརྟན་པ་ཐོབ་བོ། །དེ་ལ་ཐུགས་སྤྲོ་བ་བརྟས་ནས་གསོལ་འདེབས་ཡང་ཡང་མཛད་པས་མདོ་རྒྱུད་བཀའ་གཏེར་གསར་རྙིང་གི་སྨིན་གྲོལ་རྒྱབ་བརྟེན་གྱི་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱང་འབད་མེད་རྙེད་ནས་བསྟན་པའི་མེ་རོ་རྨང་ནས་གསོ་བར་མཛད་པ་སྟེ་ཞིབ་པར་གོང་དུ་བསྟན་པ་དང་རྣམ་ཐར་ཆེན་མོར་གསལ་བ་ལྟར་རོ། །

གཉིས་པ་ས་གཏེར་ནི། གཙོ་བོ་གཙང་གཡས་རུ་རྩིས་ཀྱི་ལྷ་ཁང་དུ་བཞུགས་པའི་རྩ་གསུམ་བཀའ་འདུས་ཆེན་མོ་ཡིན་ནའང་ཕྱག་ཏུ་སྨིན་པ་མ་བྱུང་། གཞན་བྲག་དམར་མགྲིན་བཟང་ནས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྐོར། འདམ་ཤོད་སྙིང་དྲུང་ནས་བླ་མ་སྐུ་བཞིའི་སྒྲུབ་སྐོར། སི་ངུ་གཡུ་མཚོ་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་འདུས་པ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ། ཞི་ཁྲོ་ཕུག་པ་ནས་གྲོལ་ཏིག་སྐོར་གསུམ། ཁྱུང་ཚང་བྲག་ནས་རྩ་གསུམ་བཀའ་འདུས་ཆ་ལག་རྗེ་འབངས་ཉེར་ལྔ་སོ་སོའི་སྒྲུབ་ཐབས། པདྨ་ཤེལ་རི་ནས་རྩ་གསུམ་སྤྱི་འདུས། རྩི་ཀེ་ནོར་བུ་སྤུན་གསུམ་ནས་ཐུགས་སྒྲུབ་ཡིད་བཞིན་ནོར་བུས་མཚོན་མང་ཞིག་ཕྱག་ཁར་འབྱོར་ནའང་བོད་ཁམས་སྤྱི་མཐུན་གྱི་བསོད་ནམས་དང་། རྩ་བའི་རྟེན་འབྲེལ་གྱི་དབང་གིས་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཙམ་ལས་གཞན་རྣམས་རྫོགས་པར་གཏན་ལ་དབབ་པ་མ་གྲུབ་ཅིང་ཕལ་ཆེར་ཡང་གཏེར་དུ་སྦས་པར་མངོན་ནོ། །

གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། དོན་གྲུབ་ས་ལུག་ལོར་གུ་རུ་རིན་པོ་ཆེ་གཏེར་སྟོན་སངས་གླིང་པའི་སྐུར་སྣང་བས་གླེགས་བམ་བསྩལ་ཅིང་བྱིན་གྱིས་བརླབས་པའི་དག་སྣང་ཁྱད་པར་ཅན་གྱིས་སྒོ་ཕྱེས་ཏེ་གཏེར་སྟོན་རྣམས་ཀྱི་རྣམ་ཐར་དང་གཏེར་ཁ་གང་བཞུགས་ཐུགས་ལ་གསལ་ཞིང་དེ་དག་བཀའ་བབ་པའི་བཀའ་ལུང་ཐོབ་པ་ལྟར། ཕལ་ཆེར་སྔར་གྱི་གཏེར་སྟོན་སོ་སོས་ཡང་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཡེ་ཤེས་ཀྱི་མཁའ་འགྲོས་ཕུལ་བ་བརྡའ་བསྒྱུར་བ་དང་། འགའ་ཞིག་བརྡའ་ཡིག་སྤྱན་ལམ་དུ་ཤར་བ་དང་། དགོངས་པའི་ཀློང་དུ་རྩོལ་མེད་རང་གསལ་བ་ཉིད་གཏན་ལ་ཕབ་ཅིང་། དེ་དག་གི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་དང་གཏེར་སྟོན་སོ་སོའི་སྐུའི་རྣམ་པར་བསྒྱུར་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བའི་ངོ་མཚར་རྨད་དུ་བྱུང་ཞིང་ཕལ་ཆེར་གཏན་ལ་ཕབ། གཞན་ཡང་གཏེར་རྙིང་རྒྱུན་དཀོན་གྱི་རིགས་བྱིན་རླབས་ཉེ་བརྒྱུད་ཀྱིས་གཏན་ལ་འབེབས་པར་མཛད་དོ། །

བཞི་པ་ཟབ་མོ་དགོངས་གཏེར་ནི། དགུང་གྲངས་བཅོ་ལྔ་པར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་གྲུབ་ཐོབ་ཐུགས་ཐིག་གི་ཆོས་སྐོར་དང་། ཉེར་གཉིས་པར་གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་བརླབས་པས། བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཆོས་སྐོར་བྱོན། སོ་ལྔ་པར་འཕགས་མ་ཡིད་བཞིན་འཁོར་ལོས་ཞལ་གཟིགས་ཤིང་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཕགས་མ་སྙིང་ཐིག་གི་ཆོས་སྐོར་རྣམས་བྱོན་ནོ། །

ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། གོང་དུ་སྨོས་པ་ལྟར་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་ཇི་ལྟ་བ་རྗེས་སུ་དྲན་ནས་ལྕེ་བཙུན་སྙིང་ཐིག་དང་། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་སྔོན་གནས་རྗེས་སུ་དྲན་པའི་ཚེ་བཻ་རོའི་ཐུགས་ཏིག སེང་གདོང་དཀར་མོའི་བཅུད་ལེན་སོགས་སྣང་བར་མཛད་དོ། །

དྲུག་པ་དག་སྣང་ནི། འཆི་མེད་ཐུགས་ཏིག་གི་ཚེ་བུམ་ཙནྡྲ་ལཱིའི་གདམས་སྐོར་དང་། ཀློང་སྙིང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་ཡིག་ཆ། མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱིས་མཚོན་མང་དུ་བཞུགས་སོ། །

བདུན་པ་དེ་མཐུན་སྙན་བརྒྱུད་ནི། དགུང་གྲངས་བརྒྱད་པའི་ཐོག་གུ་རུ་རིན་པོ་ཆེ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་ཤིང་མཚོ་རྒྱལ་གྱིས་ཡང་ཕུར་སྦྲག་མའི་སྙན་བརྒྱུད་བསྩལ་བ་དང་། ཁྱད་པར་དགུང་ལོ་བརྒྱད་བཞེས་པ་མེ་ཡོས་ཟླ་བ་གསུམ་པའི་ནང་། རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བཞུགས་སྐབས་དག་པའི་སྣང་བར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབས། དེའི་ཕྱོགས་མཚམས་བརྒྱད་དབུས་དང་དགུར། གུ་རུ་མཚན་བརྒྱད་ཀུན་འདུས་གུ་རུ་རིན་པོ་ཆེ་དང་དགུར་སྣང་བས། སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་ཆེན་བཀའ་བརྒྱད་ཀྱི་གཞུང་གདམས་ངག་སོ་སོར་གསན། སློབ་དཔོན་ཆེན་པོས་ལུང་ཨ་ནུ་དང་། རྫོགས་ཆེན་ཨ་ཏིའི་གདམས་པ་རྣམས་ཀྱང་བསྩལ་བ་ལས། ཕྱིས་བཀའ་བརྒྱད་ལས་འཇིག་རྟེན་འདས་པ་ལྔ་དང་མ་མོ་རྦོད་གཏོང་རྣམས་གཏན་ལ་དབབ་པར་མཛད་དོ། །དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་རེ་ཞིག་མཐའ་རུ་ཕྱིན་ནས་དགུང་གྲངས་དོན་གསུམ་བཞེས་པ་ཆུ་ཕོ་འབྲུག་གི་ལོ་དབོ་ཟླ་བའི་དཀར་ཕྱོགས་དགའ་བ་གཉིས་པའི་ནངས་མོ་མེ་ཏོག་འཐོར་བ་དང་བཅས་ཤིས་བརྗོད་ཤིན་ཏུ་མང་པོ་གནང་རྗེས་མཉམ་པར་བཞག་བཞིན་པའི་ངང་གཟུགས་སྐུའི་བཀོད་པ་སློབ་དཔོན་ཆེན་པོ་བཱི་མ་ལ་མི་ཏྲའི་དགོངས་དབྱིངས་སུ་བསྡུས་སོ། །བདག་ཉིད་ཆེན་པོ་འདིའི་ཞལ་སློབ་དང་ཆོས་བརྒྱུད་ཀྱིས་དཀར་ནག་རྒྱ་ཡི་ཡུལ་གྲུ་ཚུན་མ་ཁྱབ་པ་མེད་པས་སྨོས་ཀྱིས་མི་ལང་ཞིང་། གཙོ་བོ་རང་ལུགས་སྔ་འགྱུར་རྙིང་མའི་བཀའ་སྲོལ་འཛིན་པའི་ཐུགས་སྲས་ནི། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། འཇམ་མགོན་མི་ཕམ་རྣམ་རྒྱལ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ། རྡོ་གྲུབ་བསྟན་པའི་ཉི་མ། ཨ་འཇོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ། ཞེ་ཆེན་རྒྱལ་ཚབ་པདྨ་འགྱུར་མེད་རྣམ་རྒྱལ། ཕུག་ཁུང་འགྱུར་མེད་ངེས་དོན་དབང་པོ་སོགས་བྱུང་ཞིང་། དེ་དག་གི་ཡང་སློབ་ཆོས་བརྒྱུད་འཛིན་པས་ད་ལྟའི་བར་ས་ཆེན་པོའི་ཁྱོན་ཀུན་ཡོངས་སུ་ཁྱབ་བཞིན་པ་སྟེ། དེ་ལས་གྲགས་ཆེ་བ་སྙིང་ཐིག་གི་བརྒྱུད་པའི་གཙོ་བོ་དང་པོ་ནི། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཞལ་སློབ་རྣམས་ལས་ཏེ། རྒྱལ་སྲས་འགྱུར་མེད་རྡོ་རྗེ་ཡང་སློབ་དང་བཅས་པས་ཨ་འཛོམས་གདན་ས་རང་དང། མཁྱེན་བརྩེ་གཉིས་པ་ཆོས་ཀྱི་བློ་གྲོས་ནས། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཡང་སློབ་དང་བཅས་པའི་ཚོགས་གྲངས་ཀྱིས་མི་ལང་པ་རྣམས་དང་། ཡང་གཙོ་བོའི་བརྒྱུད་པ་གཉིས་པ་ནི། རྫ་ཕུག་ཁུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་སྟེ། དམ་པ་དེ་ལས་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསན་པས་སློབ་བརྒྱུད་བསམ་མི་ཁྱབ་པ་བྱུང་བ་དང་། དེ་ལས་གཞན་གཡུ་ཁོག་བྱ་བྲལ་སློབ་ཚོགས་དང་བཅས་པས་མཚོན་བརྒྱུད་པ་མང་དུ་འཕེལ་ཞིང་རྒྱས་བཞིན་ལགས་ན། སླད་ཕྱིན་བརྒྱུད་པ་འདི་ལས་བྱུང་བ་ཀུན་ཀྱིས་བརྒྱུད་པའི་ཆུ་འགོ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། མཁན་ཆེན་པདྨ་བཛྲ། སྨིན་གླིང་རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་བཅས་ཀྱི་བཀའ་སྲོལ་གཅིག་ཏུ་འདྲེས་པའི་རིང་ལུགས་ཡིན་པ་མཁྱེན་ཞིང་ཇི་སྲིད་བསྟན་པ་ནམ་གནས་གྱི་བར་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་སྤེལ་བར་ཞུ་ཞེས་གསོལ་བ་འདེབས་པ་ལགས་སོ། །

[༣༧] སྨྱོ་ཤུལ་ལུང་རྟོགས་བསྟན་པའི་རྒྱལ་མཚན།

མི་འགྱུར་ནམ་མཁའི་རྡོ་རྗེ་དང་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་རྣམ་གཉིས་ཀྱི་ཐུགས་སྲས་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ནི། རྫོགས་ཆེན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་རང་མཁས་ཀྱི་ཞལ་སློབ་བཞིའི་ནང་ཚན། ལྟ་བ་རང་ལས་ལྷག་པ་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་རྒྱལ་སྲས་བྱང་ཆུབ་རྡོ་རྗེ་ཞེས་གྲགས་པ་སྟེ། སྤྱི་ལོ་༡༨༣༠པ་རབ་བྱུང་བཅུ་བཞི་པའི་ལྕགས་སྟག་ལོར་ཡུལ་མདོ་སྨད་སྡེ་དགེའི་རྒྱལ་ཁབ་ཀྱི་མངའ་རིས་སྨྱོ་ཤུལ་ཞེས་པའི་འབྲོག་སྡེར་སྐུ་བལྟམས། སྐུ་ཆུང་ངུའི་དུས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་རང་བྱན་ཆུད་དེ་དམ་པའི་རང་རྟགས་ལྷན་སྐྱེས་སུ་མངའ། ཐུགས་རྗེ་ཆེན་པོའི་རིགས་སྔགས་རྒྱུན་དུ་ཐུགས་དམ་དུ་མཛད་པས་ཚད་མེད་པའི་སྙིང་རྗེ་ཆེན་པོའི་ཐུགས་རྒྱུད་ཡོངས་སུ་ཁེངས། ལ་སྟོད་རྒྱལ་བ་བྱང་ཆུབ་ཀྱི་མདུན་ནས་རྫོགས་ཆེན་གསན་པས་རྟོགས་པ་གཅིག་ཆར་པའི་ངོ་སྤྲོད་གནང་སྟེ་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་དུ་ལུང་བསྟན། དེ་རྗེས་ཡིད་ལྷུང་བླ་མ་དགའ་རབ་ལ་རྟོགས་འབུལ་ཞུས་པས་ང་གཉིས་ཆར་པ་རེད་སོང་གསུངས། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཀོང་སྨྱོན་སྦས་པའི་རྣལ་འབྱོར་དང་རྫོགས་ཆེན་རྗེ་དབོན་པད་མའི་སྐུ་སྐྱེར་བསྔགས། སྔོན་སྨོན་གྱི་བག་ཆགས་སད་པས་སྔ་འགྱུར་བསྟན་པའི་འབྱུང་གནས་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས། ཐོག་མར་རྒྱལ་སྲས་གཞན་ཕན་མཐའ་ཡས་མཇལ་དུ་ཕྱིན་པས་ཞོ་གསོལ་བཞིན་པ་དང་ཁེལ་བས་རྟེན་འབྲེལ་གྱི་མཚན་མ་མཆོག་ཏུ་བཟང་བ་བྱུང་། ཞོ་གསོལ་གསུངས་པར་ཕོར་བ་མེད་ཞུས་པས། རང་བྱུང་གི་ཀཱ་པ་ལ་མི་བཟེད་དམ་གསུངས། ཁྱོར་བ་བཟེད་པས་རིག་པ་བཟང་གསུངས་ནས་ཐུགས་དགྱེས་ཚོར་མཛད། རྗེ་དེ་ཉིད་ལས་བསྙེན་པར་རྫོགས་པས་ལུང་རྟོགས་བསྟན་པའི་ཉི་མ་ཞེས་མཚན་གསོལ། དཔལ་སྤྲུལ་རིན་པོ་ཆེས་མཚན་དེ་ཅུང་ཟད་ཐུང་འདུག་པས་རྒྱལ་མཚན་དཔལ་བཟང་པོ་གྱིས་གསུངས་ཏེ། ལུང་རྟོགས་བསྟན་པའི་ཉི་མ་རྒྱལ་མཚན་དཔལ་བཟང་པོ་ཞེས་རྟེན་དགེ་སློང་རྡོ་རྗེ་འཛིན་པ་གསེར་གྱི་རི་བོ་ལྟ་བུ་ཉེས་ལྟུང་གི་དྲི་མ་ཕྲ་མོས་ཀྱང་མ་གོས་པར་བཞུགས་ཤིང་གཏེར་ཆེན་ལས་རབ་གླིང་པས་མཁན་ཆེན་ཞི་འཚོའི་རྣལ་རོལ་ཏུ་ལུང་གིས་བསྔགས། མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་མཛད་པའི་སྔོན་འགྲོ་ཐར་ལམ་དཀར་པོའི་ཁྲིད་ཡིག་དང་། མཁའ་འགྲོ་གསང་བ་སྙིང་ཐིག་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ལ་བཀའ་བབ་པའི་ཐུན་མིན་གྱི་ཁྲིད་རྒྱུན། ཡང་ཏིག་ཡིད་བཞིན་ནོར་བུ་ལས་གསང་སྤྱོད་རྡོ་རྗེའི་ལམ་བསྟན་སོགས་ཟབ་ཆོས་མང་པོ་གསན། མཁན་ཆེན་པདྨ་བཛྲ་ལས་རྗེ་གཞན་ཕན་མཐའ་ཡས་ཀྱིས་ཆོག་སྒྲིག་གནང་བའི་སྔ་འགྱུར་བཀའ་མའི་དབང་ལུང་ཐམས་ཅད་གསན། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ལས་ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྨིན་དབང་། བླ་མ་མི་ཕམ་ལས་ཉིད་མཛད་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་ལས་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་གསན་པ་བཅས་མདོར་ན་གདན་ས་འདི་ཉིད་དུ་སྐབས་དེར་བཞུགས་པའི་མཁས་གྲུབ་ཀྱི་སྐྱེས་བུ་རྣམས་ལས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པའི་གསན་བསམ་མཐའ་རུ་ཕྱིན་པར་མཛད་ཅིང་། ཁྱད་པར་དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་མོའི་མཁན་རབས་ལྔ་པ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ནང་ཐུན་མིན་གྱི་རིགས་བདག་ཏུ་ཡུན་རིང་བསྟེན་པ་སྟེ། ཐོག་མར་རྫོགས་ཆེན་ནས་མཇལ་སྐབས་འཇམ་དཔལ་མཚན་བརྗོད་ཀྱི་ཞལ་འདོན་གསུང་བཞིན་པའི་ཚིག་མཚམས། ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་པ་དང་འཕྲད་པས་རྟེན་འབྲེལ་བཟང་གསུངས་ནས་བསྐྱར་བཟློས་མཛད་དེ་ཐུགས་དགྱེས་ཚོར་མཛད། སྔ་ཕྱིར་མི་ལོ་ཉེར་བརྒྱད་རིང་ཕ་བུ་ལྟ་བུའི་ཐུགས་བརྩེས་དགྱེས་སུ་བཟུང་ཞིང་ཉེ་གནས་ཀྱི་ཚུལ་དུ་འབྲལ་བ་མེད་པར་འགྲོགས་པར་མཛད་པས། རྫ་སྟོད་ཡུལ་གྱི་ངག་རྒྱུན་དུ། སྨྱོ་ཤུལ་ལུང་རྟོགས་མེད་ན། དཔལ་དགེ་རབ་ཆད་ཡིན་ཟེར་བ་བྱུང་། དུས་སྐབས་ཀུན་ཏུ་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པའི་ཚིག་དོན་གྱི་བཤད་པ་དང་། མན་ངག་གི་གདམས་ཁྲིད་སོགས་ཐུགས་རྒྱུད་བུམ་པ་གང་བྱོའི་ཚུལ་དུ་གསན་པ་སྨོས་ཀྱིས་མི་ལང་སྟེ། རྗེ་འདི་དང་མི་ཉག་ཀུན་བསོད་རྣམ་གཉིས་ཀྱིས་སྤྱོད་འཇུག་ཁོ་ན་ཚར་བརྒྱད་ཅུ་ཙམ་གསན་པར་གྲགས། རྒྱུད་བླ་དང་། མདོ་རྒྱན། གསང་སྙིང་རྩ་འགྲེལ་རྣམས་ཀྱི་ཚིག་དོན་གྱི་ཆ་ཐམས་ཅད་ཐུགས་ཐོག་ན་བཞུགས་པ་སོགས་གཞུང་ལུགས་རབ་འབྱམས་ལ་མངའ་དབང་འབྱོར། ཁྱད་པར་ཡང་གསང་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ལམ་ནས་རིག་པ་ཅར་ཕོག་གྱི་ཚུལ་དུ་ངོ་སྤྲད་པ་སྟེ། རྫོགས་ཆེན་ནག་ཆུང་རི་ཁྲོད་དུ་བཞུགས་དུས། ཨ་བུས་དགོང་མོ་རྟག་པར་སྐུ་བརྐྱངས་ཐབས་ཀྱིས་ནམ་མཁའ་སུམ་ཕྲུགས་ཀྱི་ཉམས་བཞེས་ཚར་རེ་གནང་གི་ཡོད། འདི་དུས་ནུབ་བསྟུད་མར་གྲུ་གུ་ནག་པོ་ཞིག་ཉར་ཚགས་བྱེད་ཀྱིན་ཡོད་པ་རྨིས་ཤིང་། ནུབ་གཅིག་ཨ་བུས་གྲུ་གུ་དེའི་སྣེ་ནས་བཤིག་པའི་དཀྱིལ་དུ་གསེར་གྱི་རྡོ་རྗེ་སེམས་དཔའ་ཞིག་སྤྲད་པ་དང་། སྔར་ནས་དེ་ཤེས་ཡོད་ན་དེ་འདྲའི་དཀའ་ལས་མ་དགོས་པར་འདུག་སྙམ་པའི་གཟིམས་ལམ་རྨིས། ནུབ་གཅིག་ཨ་བུའི་ཞལ་ནས་ལུང་གཅེས་ཁྱོད་ཀྱི་སྒོམ་མི་ཤེས་ཨེ་ཟེར་གསུངས། མི་ཤེས་ཞུས་པས། ང་འདུག་པ་འདི་ལྟར་གྱིས་དང་མི་ཤེས་རྒྱུ་མེད། ནམ་མཁའི་ཁམས་འདི་མཐོང་ངམ། རྫོགས་ཆེན་དགོན་དུ་ཁྱི་ཟུག་པ་ཐོས་སམ། རང་རེའི་གཏམ་སྨྲ་བ་གོའམ། སྒོམ་ཞེས་པ་དེ་ག་ཡིན་གསུངས་པའི་མོད་ལ་ཡིན་མིན་གྱི་སྒྲོག་ལས་གྲོལ། ཁོ་ཐག་ནང་ནས་ཆོད། རིག་སྟོང་རྗེན་པའི་ཡེ་ཤེས་དེ་དུས་རྟོགས་པ་ཡིན། ཕྱིས་དཔྱད་ན་མིག་ཤེས་རྣ་ཤེས་གཉིས་རིག་པ་ཡིན་ཞེས་པ་ལྟ་བུ་ལས་མི་འདུག་ཀྱང་། བླ་མའི་མན་ངག་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་པ་ལྟར། བླ་མ་གྲུབ་ཐོབ་དང་མཇལ་ནས་དོན་བརྒྱུད་ཀྱི་དགོངས་པ་སྙིང་ལ་འཕོས་པ་ཡིན་པས་བརྒྱུད་པ་འདི་ལ་མོས་གུས་ཀྱིས་གྲོལ་བ་གནད་དུ་ཆེ་གསུངས། གཤིན་རྗེ་སྒྲུབ་ཕུག་ཏུ་ཡེ་ཤེས་བླ་མ་གསུངས་ནས་ཧཱུྃ་སྦྱངས་སྐབས་སྣང་སྲིད་ཟང་ཐལ་དུ་ཤར། རུ་ཤན་སྐབས་དཔལ་ཆེན་རྡོ་རྗེས་བེའུ་ཡིན་ཚུལ་གྱིས་ཕུར་པ་ཞིག་ལ་སྐེད་རག་གིས་བཏགས་ནས་སྟེང་དུ་ཆིབས་པས་ཐུགས་ལ་ཕན་པ་ཆེན་པོ་བྱུང་གསུངས། སྒྲུབ་གནས་འདིར་དཔོན་སློབ་རྣམས་བཞུགས་སྐབས་གསང་བ་སྙིང་པོ་དང་། ཆོས་དབྱིངས་མཛོད་སོགས་ཚིག་གི་སྤྲོས་པ་ཙམ་མིན་པར་དོན་གྱི་གདམས་ངག་གི་གནད་མྱོང་ཐོག་ཏུ་ཕབ་སྟེ་ཟབ་ཆོས་མཐའ་ཡས་པ་གསུངས། དེ་རྗེས་རྡོ་ཨ་རིག་ནང་དུ་དཔོན་སློབ་རྣམ་གཉིས་ལྷན་དུ་བཞུགས་སྐབས་ངལ་གསོ་སྐོར་གསུམ་གྱི་བཤད་ཁྲིད་སྦྲགས་མ་གསན་པས། སྒྱུ་མ་ངལ་གསོའི་སྐབས། སྣང་བའི་བདེན་འཛིན་འདི་བདེན་མེད་སྒྱུ་མའི་ཡོ་ལང་དུ་ཤར་བ་བྱུང་གསུངས། དེ་དུས་འཚོ་བའི་མཐུན་རྐྱེན་དཀོན་པས་ཤིང་སུར་དཀར་གྱི་རྩ་བ་བསྐོལ་པ་དང་། སྔ་དྲོ་ཇ་བཏབ་ཐེབས་རེ་ལ་ཉིན་གུང་ཆུ་བླུགས་ཏེ་བསྐོལ་བས་ཇའི་ཁ་དོག་དྲི་རོ་ཇེ་ཞན་གྱིས་དགོང་མོ་ཆུ་དྭངས་ལས་མ་བྱུང་བས་ཨ་བུས་ཞལ་ཀྱལ་གྱིས་འདི་རྫོགས་པ་ཆེན་པོ་སྐུ་གསུམ་གྱི་ཇ་ཡིན། ནང་མོའི་ཇ་དེ་ཁ་དོག་དྲི་རོ་བཟང་ཙམ་བྱུང་བས་སྤྲུལ་སྐུའི་ཇ་ཡིན། ཉིན་གུང་ཇ་ལྷག་ལ་ཆུ་བསབ་པ་སྔ་མ་ལས་ཞན་ཙམ་བྱུང་བས་ལོངས་སྐུའི་ཇ་ཡིན། དགོང་མོ་དེ་སྟེང་ཆུ་བསབ་པ་ལ་ཁ་དོག་དྲི་རོ་གང་ཡང་མ་བྱུང་བས་ཆོས་སྐུའི་ཇ་ཡིན་གསུངས། དེ་སྐབས་གསོལ་བའང་ནང་དུས་རྩམ་པ་ཉུང་ངུ་ཞིག་འདེབས་རྒྱུ་དང་། ཉིན་གུང་གསོལ་ཚིག་དུས་ཡང་རྩམ་པ་ཉུང་ཞིག་གསོལ་རྒྱུ་ཡོད། བར་སྐབས་ཤིག་ན་དེ་ཡང་ཟད་ནས་ཟོག་ངན་ཤི་བའི་རུས་པ་བརྡུངས་ནས་བཞེས་དགོས་བྱུང་གསུངས། ཡང་སྐབས་ཤིག་ཨ་བུའི་བཀས་རྫོགས་ཆེན་གངས་ཁྲོད་གོང་མར་ལོ་གསུམ་གྱི་བར་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞབས་བརྟན་དུ་རྟོག་མེད་ནམ་མཁའ་ཟས་གསོལ་གྱི་ངང་དུ་སྒྲུབ་པ་ལ་གཞོལ་དགོས་གསུངས་པ་ལྟར་མཛད་པས་། ལྷག་པའི་ལྷ་རབ་འབྱམས་ཀྱི་ཞལ་གཟིགས་པ་དང་། འོད་གསལ་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་ཏེ་སྣང་བཞི་ཚད་དུ་ཕྱིན། སྐབས་དེར་དཀའ་སྤྱད་བསམ་གྱིས་མི་ཁྱབ་པ་མཛད་ཚུལ་རྗེ་ཉིད་ཀྱི་ཐུགས་སྲས་མཁན་ངག་ཆུང་ལ་གསུང་འཕྲོས་སུ། ཕྲན་རྫོགས་ཆེན་གངས་ཁྲོད་དུ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞབས་བརྟན་དུ་ལོ་གསུམ་ལ་འདུག་སྐབས་ང་རང་ལ་ནི་འཚོ་བའི་མཐུན་རྐྱེན་ཆེར་མེད། རྫོགས་ཆེན་བླ་བྲང་ཡང་ད་དུས་དང་མི་འདྲ་བར་སྒོག་སྒོག་ཅིག་ལས་མེད་པས་སྒྲུབ་རྒྱགས་གནང་རྒྱུ་ཡང་དཀོན། ཨ་བུ་བཀའ་དྲིན་ཅན་ནས་ཀྱང་ཅི་ཡང་གནང་མ་བྱུང་སྟབས་འཚོ་བ་བཀྲེན་པོ་ཞིག་གི་ངང་ལ་ལོ་གསུམ་སོང་། གོས་ཀྱང་ནང་གོས་ཤ་འགགས་རྙིང་པ་ཞིག་དང་ཆོས་གོས་གསུམ་ལས་མེད། གདན་གྱི་དོད་རྡོ་ལེབ་ཞིག་ལ་བྱས་པ་ཡིན། ལོ་གསུམ་གྱི་དམ་བཅའ་ཟིན་འཕྲལ་ཨ་བུའི་མདུན་མཇལ་དུ་ཕྱིན་པས་ཁྱོད་འཚོ་བ་སྡུག་པོ་བྱུང་ངམ་གསུངས། འཚོ་བ་ཡེ་མེད་ཀྱང་ཉིད་ཀྱི་བཀའ་ཡིན་པ་དང་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞབས་བརྟན་ལ་དམིགས་པས་སྐྱིད་པོ་བྱུང་ཞུས་པར། ཨ་བུས། རྣལ་འབྱོར་དམ་ཚིག་མ་ཉམས་ན། །འཚོ་བ་སྣང་སྲིད་ལྷ་འདྲེས་སྦྱོར། །ཟེར་བ་དེ་ཁྱོད་འདྲ་བ་ལ་ཟེར་བ་ཡིན་གསུངས། ཡང་ཁོང་དཔོན་སློབ་ཀོ་འོར་མར་བཞུགས་དུས་ཁོང་ལ་མ་རྒན་ནས་དབྱར་དུས་འོ་མ་བསྲུབ་སྐབས། མར་བུ་སྤུ་ལུ་རེ་ཟུར་དུ་བཅད་ནས་སྔ་མའི་སྟེང་ཕྱི་མ་ལྷན་པའི་གྲོད་ཐུམ་ཞིག་བསྐུར་བྱུང་བ་ཨ་བུ་རིན་པོ་ཆེར་གསོལ་རྩམ་ནང་དྲངས་པས་རྩམ་པ་ལ་གཟིགས་ནས་ཅུང་ཞིག་བཞུགས། ཁྱོད་ཀྱི་མར་དེ་ལྕུམ་གྱི་འབོག་ཐོ་དང་འདྲ་བ་ཅི་ཡིན་གསུངས། ལོ་རྒྱུས་ཞུས་པས་འོ་ངས་ཟ་མི་ཕོད་གསུངས་ནས་མ་བཞེས། ཉིན་གཅིག་ཁྱོད་ཀྱིས་ཨ་མ་དྲན་ནམ་གསུངས། དེ་ཙམ་མི་དྲན་ལགས་ཞུས་པས། འོ་སྙིང་རྗེ་མ་བསྒོམས་པས་ལན་ད་ཕ་གི་ལྕང་མའི་ནང་དུ་སོང་ལ་མར་ཤེས་དྲིན་དྲན་སོགས་ཞག་བདུན་སྒོམས་ལ་ཤོག་གསུངས། དེ་ལྟར་བྱས་པས་བྱམས་སྙིང་རྗེ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་པ་ཞིག་བྱུང་། སྐུ་མདུན་དུ་དེ་ཚུལ་ཞུས་པས་འོ་དེ་ཡིན་དེ་འདྲ་བ་དགོས། ངས་ད་སྔོན་ཁྱོད་ལ་དཀོར་མ་ཟ་བྱས་ཀྱང་ད་རེས་ཐེབ་འདིར་ཟ་རྒྱུ་ཅི་རྙེད་གྱིས་ལ་རེ་ཞིག་མ་རྒན་དང་འཕྲད་དུ་སོང་ལ་སླར་ཤོག་གསུངས། རྫ་ཆུ་ཁ་ནས་ཡིད་ལྷུང་བར་ལྡོམ་བུ་ཞིག་བྱས་པས་ཇ་བག་རེ་ཟུང་དང་ཟོག་ཆ་ཤས་རྙེད་པ་མ་རྒན་ལ་སྤྲད། ཕྱིས་སུ་རྗེ་ཉིད་ཀྱི་ཞལ་ནས། དཀོར་ངན་དེ་ཕར་དེད་ན་རྙེད་རྒྱུ་ཞིག་མིན། མི་དགོས་དུས་ཚུར་སྟེང་དུ་སྤུངས་པ་ལྟར་བྱེད་འདུག་གསུངས། མདོར་ན་རིགས་བདག་མཚུངས་མེད་དཔལ་སྤྲུལ་རིན་པོ་ཆེ་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་མཉེས་པ་གསུམ་གྱིས་བསྟེན་ཏེ། མཛོད་ཆེན་བདུན་དང་། སྙིང་ཐིག་ཡ་བཞི། ངལ་གསོ་སྐོར་གསུམ། ཡེ་ཤེས་བླ་མ་སོགས་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རབ་སྤྱི་དང་། ཁྱད་པར་འཇིགས་མེད་རྒྱལ་བའི་མྱུ་གུ་ནས་བརྒྱུད་པའི་ཐུན་མིན་མན་ངག་ཞལ་ཤེས་བཅས་འོད་གསལ་གསང་བ་སྙིང་ཐིག་གི་ཟབ་ཆོས་མཐའ་དག་བསྩལ་ནས་རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་དབུགས་དབྱུང། རྗེ་ཉིད་ཀྱི་ཞལ་ནས། ང་ལ་ཨ་བུ་བཀའ་དྲིན་ཅན་ནས་ཁྱོད་ལོ་ལྔ་བཅུར་མ་སླེབས་བར་རྫོགས་ཆེན་གཞན་ལ་མ་བཤད། དེ་ནས་བཤད་ཐུབ་ན་ཤོད་གསུངས་ཀྱང་། ལྔ་བཅུར་མ་སླེབས་གོང་དགེ་མང་དབོན་པོ་བསྟན་དགས་མ་བཤད་ཐབས་མེད་ཡིན་ཚུལ་གྱིས་ཅུང་བཤད་ཤོར། དེ་མིན་ཨ་བུའི་བཀའ་དང་འགལ་བ་སྐད་ཅིག་ཀྱང་འགྲོ་མ་མྱོང་བས་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡས་མ་གོས་པ་ཞིག་ཡིན་གསུངས། བར་སྐབས་ཤིག་ན་རྗེ་འདི་ཉིད་དང་། དབོན་བསྟན་འཛིན་ནོར་བུ། མཁན་དཀོན་མཆོག་འོད་ཟེར། མི་ཉག་ཀུན་བསོད། ནག་ཐར་སྤྲུལ་སྐུ་བཅས་མཆེད་གྲོགས་རྣམས་ཐུགས་ཡིད་གཅིག་མཐུན་གྱིས། རྗེས་སུ་ཐམས་ཅད་མཉམ་དུ་ནང་ཆེན་རི་བོ་ཆེར་བྱ་བྲལ་བསོད་སྙོམས་ཀྱི་འཚོ་བ་རོལ་ནས་སྒྲུབ་པའི་རྒྱལ་མཚན་འཛུགས་བཞེད་བྱུང་བས་ཨ་བུ་རིན་པོ་ཆེར་ཞུས་པས། མ་གནང་བར་དཀོན་མཆོག་འོད་ཟེར་ནས་རྫོགས་ཆེན་དགོན་དུ་མཁན་པོ་དགོས། ཁྱེད་གསུམ་རང་ཡུལ་དུ་སོང་ལ་རི་ཁྲོད་རེ་ཟུང་། དབོན་པོ་ཚང་ནས་ངེད་ཀྱི་དགེ་མང་དགོན་པར་འཆད་ཉན་ཅི་ནུས་སུ་གྱིས་གསུངས་པ་དང་། ཡང་རྗེ་འདི་དགུང་གྲངས་བཞི་བཅུའི་ནང་ཉིན་གཅིག་ཨ་བུའི་ཞལ་ནས། ལུང་གཅེས་སློབ་དཔོན་བཱི་མ་ལའི་རྣམ་འཕྲུལ་ཞིག་ད་ཚོད་ཕེབས་ཉེ་ཡང་ངས་མི་མཇལ་བ་འདྲ། ཁྱེད་ཀྱིས་མཇལ་ཡོང་། ད་ཁྱེད་རང་རང་ཡུལ་དུ་སོང་ལ་རི་ཁྲོད་ཅིག་ཏུ་སྡོད་ནས་འཁོར་སློབ་སྐྱོང་གསུངས་པ་བཞིན་རང་ཡུལ་སྨྱོ་ཤུལ་ལྗོན་པ་ལུང་དང་། རྫོང་དཀར་ནག རྒྱ་སྡུག་རི་ཁྲོད་སོགས་རི་བྲག་ནགས་ཚལ་རྣམས་སུ་ཕེབས་ནས་གྲོགས་བྱ་དང་རི་དྭགས། གནས་བྲག་ཕུག་དང་ཤིང་དྲུང་སོགས་མི་མེད་ལུང་སྟོང་ཁོ་ན་འགྲིམས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་པ་རྗེ་བཙུན་མི་ལའི་རྣམ་ཐར་ལྟར་མཛད། བར་ལམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དྲུང་དུ་བྱོན་ནས་སྙིང་ཐིག་ཡ་བཞི་སོགས་ཟབ་ཆོས་མང་དུ་གསན། རྗེ་དེས་ཀྱང་ཀུན་མཁྱེན་ཆེན་པོའི་ཞལ་ཐང་དང་དབུ་ཀླད། རིག་འཛིན་འཇིགས་མེད་གླིང་པའི་དབུ་སྐྲ་བཅས་གནང་ནས་གསང་བ་སྙིང་ཐིག་གི་བསྟན་པའི་བདག་པོར་བཀའ་གཏད། ཕྱིས་ཞལ་ཐང་འདི་ལ་བརྟེན་ནས་བླ་སྒྲུབ་མཛད་པས་ཀུན་མཁྱེན་ཆེན་པོས་ཞལ་གཟིགས་ནས་དོན་བརྒྱུད་དགོངས་པའི་རྟོགས་པ་ཐུགས་ལ་འཁྲུངས། གདན་ས་དེར་འཇམ་མགོན་མི་ཕམ་རིན་པོ་ཆེ་དང་། འཇམ་དབྱངས་བློ་གཏེར་དབང་པོ་སོགས་ལ་ཨ་བུའི་གསུང་རྒྱུན་ཅན་གྱི་ཡེ་ཤེས་བླ་མའི་ཁྲིད་ཕུལ། འཇམ་མགོན་བླ་མས་རྒྱལ་སྲས་གཞན་ཕན་མཐའ་ཡས་གཤེགས་རྗེས་རྙིང་ཕྱོགས་ལ་གོ་བ་ཆགས་མཁན་སྨྱོ་ཤུལ་ལུང་རྟོགས་ཡིན་ཅེས་བསྔགས་བརྗོད་ཡང་ཡང་མཛད། ཕྱིས་སུ་ཡང་སྙིང་ཐིག་དང་ཡེ་ཤེས་བླ་མའི་སྐོར་ལ་དོགས་དཔྱོད་ཀྱི་དྲི་ཡིག་མང་པོ་ཕན་ཚུན་འབུལ་རེས་མཛད། བློ་གཏེར་དབང་པོས་ཉམས་བཞེས་གནང་སྟེ་སྙན་བརྒྱུད་ཀྱི་ཡིག་ཆ་མཛད་ཅིང་ཉམས་གོང་འཕེལ་བར་རང་གི་མྱོང་ཐོག་ནས་གཟིགས་པ་བཞིན་བཀོད་པར་མཛད། དམ་པ་དེ་ལས་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་ཀྱིས་གསན་པ་སྟེ། ཉིད་མཛད་རྟོགས་བརྗོད་ལས། འཇམ་དབྱངས་བློ་གཏེར་དབང་པོ་ལས། །ལུང་རྟོགས་བསྟན་པའི་ཉི་མ་ཡི། །མན་ངག་སྙིང་ཐིག་མྱོང་ཁྲིད་ཞུས། །ཞེས་གསུངས་ཤིང་མན་ངག་མྱོང་ཁྲིད་ཆེན་མོ་ཞེས་ཐུགས་གཙིགས་ཆེན་པོ་མཛད། སྐབས་ཤིག་ཀཿཐོག་ལ་ཕེབས་ནས་བྱང་སེམས་ཕུག་ཏུ་ལོ་ངོ་གསུམ་ལ་བཞུགས་ཀྱང་དོན་གཉེར་ཅན་སུ་ཡང་མ་བྱུང་བས་རྗེས་སུ་མཁན་ཆེན་ངག་དགའ་ལ་གསུངས་འཕྲོས་སུ། ཨ་བུས་ང་ལ་ཀཿཐོག་ཏུ་སོང་གསུངས་ཀྱང་བྱང་སེམས་རི་ཁྲོད་དུ་ལོ་ཤས་མཚམས་ཞིག་འདུག་རྒྱུ་མ་གཏོགས་འགྲོ་དོན་ཅི་ཡང་མ་བྱུང་། ད་ཕྱིན་ཁྱོད་འབོད་མི་འདྲ་བྱུང་ན་དེར་སོང་ན་ཕན་ཐོགས་རེ་འོང་པ་གོང་མ་རྣམས་ཀྱི་ཐུགས་བསྐྱེད་ཀྱི་བདེན་མཐུ་བསླུ་བ་མེད་ཅེས་གདམས་པར་མཛད། དེ་ནས་རང་ཡུལ་ཤུ་གུ་ཤར་དུ་ཕེབས་ནས་སྤྱོད་འཇུག་ལ་ལོ་བཅུ་དང་། ངལ་གསོ་སྐོར་གསུམ་ལ་ལོ་གསུམ་སྟེ་ཁྱོན་ལོ་བཅུ་གསུམ་ལ་ཐུགས་སྦྱོང་གནང་བ་སྟེ། ཞལ་ཀྱལ་གྱིས་ཚུལ་དུ་ངས་སྔར་ཤུ་གུ་ཤར་ནས་ལོ་བཅུ་གསུམ་གྱི་བར་དུ་རྣམ་རྟོག་བཀྱེ་བསྡུ་ཁོ་ན་བྱས་པས་ཡར་འཕར་མ་བཅུག དང་པོ་ནས་རྫོགས་པ་ཆེན་པོ་ཁོ་ན་ལ་བསྒོམས་ན་ད་ཙམ་ལྟ་སྒོམ་བཟང་པོ་རེ་འོང་ཐང་པ་ལ་གསུངས། བར་ལམ་ཉག་བླ་པདྨ་བདུད་འདུལ་གྱི་ཆོས་སྒར་དུ་གདན་ཞུས་བཞིན་ཕེབས། དེར་གྲུབ་ཆེན་དངོས་སློབ་ཉག་བླ་རང་རིག་རྡོ་རྗེ་དང་། ཉག་བླ་ཡེ་ཤེས་རྡོ་རྗེ། ཉག་བླ་འོད་ཟེར་རྡོ་རྗེ། ཉག་བླ་མེ་ལོང་རྡོ་རྗེ། དགའ་རབ་རྡོ་རྗེ་སོགས་རྡོ་རྗེའི་མཚན་ཅན་བརྒྱ་རྩར་གྲགས་པ་སོགས་གཙོ་བོར་བྱས་པའི་གྲུབ་རྗེ་པདྨ་རྡོ་རྗེ་སློབ་ཚོགས་རྣམས་དང་། གཞན་ཡང་འཕེལ་ཚ། སྐུ་ལུང་། ཤང་ལང་བྲག་དཀར་སོགས་ཀྱི་འདུས་པ་བརྒྱ་སྟོང་མང་པོ་ལ་ཆོས་འཁོར་བསྐོར་ཏེ་ལོ་དགུར་བཞུགས། དེ་དག་གི་སྐབས་སུ་དད་འབུལ་བྱུང་བ་རྣམས་སྤོང་དག་ལན་བདུན་མཛད། རྒྱུན་དུ་ཞལ་ནས་རྙིང་མ་མཚན་ཉིད་པ་ཡིན་ན་བཀའ་མས་གཞུང་བསྲངས། གཏེར་མས་ཟུར་བརྒྱན་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་གཙོས་རྫོགས་ཆེན་སྙིང་ཐིག་སོགས་ཟབ་ཆོས་མང་དུ་གསུངས། དགུང་གྲངས་དྲུག་ཅུའི་ནང་སླར་རང་ཡུལ་དུ་ཕེབས། ཁྲོམ་གྱི་པདྨ་རི་མཐོར་ཆོས་སྒར་བཏབ་སྟེ་ཨ་བུས་བཀའ་ལྟར་སྐལ་ལྡན་གྱི་སློབ་མ་དཔག་ཏུ་མེད་པ་ལ་སྙིང་ཐིག་གི་ཟབ་ཆོས་གཙོས་ཆོས་བཀའ་མཐའ་ཡས་པ་གསུངས་པས། མི་སྐྱ་ཕོ་མོ་ནས་ཀྱང་སྦྱོར་དངོས་རྗེས་གསུམ་དང་དཀོན་མཆོག་གསུམ་གྱི་ཕན་ཡོན་མི་ཤེས་མཁན་མེད་པ་ཡུལ་གྲུ་ཐམས་ཅད་དཀར་འབྱམས་ཡུག་གཅིག་ཏུ་བསྒྱུར། རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས། དཔལ་སྤྲུལ་རིན་པོ་ཆེ་གཤེགས་རྗེས་མདོ་ཁམས་འདིར་རྫོགས་ཆེན་གྱི་གནད་མ་ནོར་པ་སྟོན་མཁན་ཉིད་ཙམ་དུ་ཟད་པས་རྫོགས་ཆེན་དགོན་དུ་ཕེབས་དགོས་ཞེས་ཆེད་བསྐུལ་མཛད་ཀྱང་། དཔལ་སྤྲུལ་རིན་པོ་ཆེས་ང་ལ་རང་ཡུལ་དུ་སོང་ལ་རི་ཁྲོད་གཅིག་བཟུང་ནས་སྡོད་དང་སློབ་དཔོན་བཱི་མ་ལའི་སྤྲུལ་བ་ཞིག་མཇལ་གསུངས་པ་བླ་མའི་བཀའ་ཡིན་པས་གནས་གཞན་དུ་མི་འགྲོ་གསུངས་ནས་མ་ཕེབས། རྗེས་སུ་གནས་འདིར་བཱི་མའི་རྣམ་རོལ་མཁན་ཆེན་ངག་དབང་དཔལ་བཟང་རྗེས་སུ་བཟུང་ཞིང་། རྫོགས་ཆེན་གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་གདམས་གཏད་མཛད་དེ་རྒྱལ་ཚབ་ཏུ་མངའ་གསོལ། རུ་དམ་རྫོགས་ཆེན་དུ་གྲྭ་སར་མ་ཕེབས་ཐབས་མེད་ཀྱི་བསྐུལ་མ་མཛད། རྗེ་འདི་ཉིད་གང་དུ་བཞུགས་པའི་ས་ཕྱོགས་སུ་སད་སེར་དང་། མི་ཕྱུགས་ལ་ནད་རིམ་གྱིས་མནར་བ་སོགས་བྱུང་ཚེ་ཐུགས་གཏད་མཛད་པ་ཙམ་གྱིས་བཟློག་ཅིང་ཞི་བ་སོགས་གྲུབ་པའི་རྣམ་ཐར་ལ་དབང་འབྱོར། རྒྱུན་དུ་ཐུགས་དམ་ཁྲིགས་བཅད་ཐུན་བཞིའི་རྣལ་འབྱོར་ལས་ནམ་ཡང་མི་གཡེལ་བ་དང་། ཆོས་སྒར་དེར་མི་སུ་ཞིག་སླེབས་པ་ཙམ་གྱིས་ཐ་མལ་གྱི་འཁྲུལ་རྟོག་རྒྱུན་ཆད་དེ་སེམས་ཉིད་རང་བཞིན་གྱི་བསམ་གཏན་ལ་གནས་ཤིང་། ཐ་ན་བྱ་དང་རི་དྭགས་ཚུན་ཆད་བག་ཡངས་ལྷོད་པོར་དལ་འགྲོས་ཀྱིས་རྩེན་པ་དང་། སྒར་མདུན་དེར་ཡིད་ལེ་ཆུ་ཞེས་གཙང་ཆུ་ཞིག་འབབས་ཀྱི་ཡོད་པའང་རྒྱང་གྲགས་ཙམ་དུ་ཆུ་སྒྲ་མེད་པར་འཇམ་དལ་དུ་འབབས་པས་ཡུལ་མི་རྣམས་ཀྱིས། སྨྱོ་ཤུལ་ལུང་རྟོགས་བཞུགས་སྒར་དུ་འབྱུང་བ་ཆུ་ཡང་ངག་བཅད་ཀྱིས་བསམ་གཏན་སྒོམ་གྱིན་འདུག་ཅེས་པའི་ཟེར་སྲོལ་དར། ཐུགས་སྲས་ཞལ་སློབ་ཀྱི་ཚོགས། ནག་ཐར་བསོད་ནམས་མཆོག་གྲུབ། བཱི་མ་ལའི་རྣམ་འཕྲུལ་མཁན་ཆེན་ངག་དབང་དཔལ་བཟང་སྟེ་བསྟན་པའི་སྲོག་ཤིང་རྣམ་གཉིས་དང་། ལས་རབ་གླིང་པ། མཐུ་སྟོབས་གླིང་པ་སྟེ་ཉི་ཟླ་ལྟ་བུའི་གཏེར་ཆེན་གཉིས། མཁན་རྡོ་རྗེ་བསམ་འགྲུབ། མཁན་རྒྱལ་མཚན་འོད་ཟེར། མཁན་བསྟན་འཕེལ་བཟང་པོ། གསེར་མདོག་སྤྲུལ་སྐུ། སྤྲུལ་སྐུ་རང་རིག་རྡོ་རྗེ། སྤྲུལ་སྐུ་བསྟན་འཛིན་བཟང་པོ། གླིང་མདའ་ནོར་ཁོ། ལྷ་བཟོ་རིག་འཛིན། རྟ་ཁོག་བླ་མ་པདྨ་བློ་གསལ། འཕེལ་ཚ་པདྨ་རྡོ་རྗེ་སོགས་རྒྱལ་བསྟན་ལ་བྱ་བ་བྱེད་པ་དུ་མ་བྱུང་། གཞན་ཡང་བླ་དཔོན། རབ་བྱུང་། སྔགས་པ། སྒོམ་ཆེན། ཁྱིམ་པ་ཕོ་མོ་སོགས་བྱང་མགོ་ལོག་གསེར་རྟ་ནས། ལྷོ་ཚ་བ་རོང་ཚུན་མདོ་ཁམས་འདིའི་སྐལ་ལྡན་ལས་ཅན་དཔག་ཏུ་མེད་པ་འདུས་པ་ལ་ཆོས་ཀྱི་རྣམ་གྲངས་སོ་སོའི་སྐལ་བ་བཞིན་བསྩལ་བས། དབང་རབ་ཀྱི་གང་ཟག་རྣམས་ལ་མན་ངག་སྙན་བརྒྱུད་ཆེན་མོའི་མྱོང་ཁྲིད་གནང་བས་རྟོགས་པ་འཁྲུལ་མེད་དུ་ངོ་འཕྲོད་ནས་ལྟ་བའི་གདེངས་ཚད་ཅན་ཤ་སྟག་བྱུང་བ་སྟེ། ངག་རྒྱུན་ལ། སྨྱོ་ཤུལ་ལུང་རྟོགས་ལས་རྫོགས་ཆེན་ཞུས་ནས་ངོ་མ་འཕྲོད་པ་མེད་ཅེས་ཡོངས་སུ་གྲགས། དེ་ལྟར་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད་ནས་དགུང་གྲངས་བདུན་ཅུ་རྩ་གཉིས་བཞེས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ལོར་དབྱར་ཁར་སྐུ་སྙུན་པའི་ཚུལ་བསྟན། སློབ་ཚོགས་རྣམས་ཀྱིས་ཞབས་བརྟན་ཕུལ་བས་དེས་མི་ཕན་ཕུང་པོ་གཙང་མ་རྙེད་ན་གྲོང་འཇུག་བྱེད་ཆོག་གསུངས་ཀྱང་དུས་དབང་གིས་མ་རྙེད། བོད་ཟླ་ལྔ་པའི་ཚེས་བཅུ་བདུན་གྱི་སྔ་དྲོ་ཉི་མ་རྩེ་ཤར་ལ། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ༔ ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ༔ ཞེས་འདས་རྗེས་ཀྱི་ཚུལ་དུ་གསུངས་ནས་དགོངས་པ་གདོད་མའི་ནང་དབྱིངས་སུ་བསྡུ་བར་མཛད་དོ། །སྐུ་གཤེགས་རྗེས་རྩམ་པ་ཁུག་ཆུང་ཞིག་ལས་ཡོ་བྱད་རིགས་གཞན་གང་ཡང་མ་བྱུང་བ་བཅས་ཡབ་རྗེ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་ཇི་ལྟ་བ་བཞིན་བླ་མའི་གདུང་འཚོབ་པ་བྱུང་། སྐུ་གདུང་རིན་པོ་ཆེ་ཞུགས་ལ་འབུལ་སྐབས་ནམ་མཁའ་མཐིང་ཞུན་གྱི་མདོག་ལྟར་རབ་ཏུ་དྭངས་པའི་ངོས་སུ་འཇའ་འོད་སྣ་ཚོགས་ཀྱི་དྲྭ་བ་འཁྲིགས་ཤིང་། མེ་ཏོག་དང་འདྲེས་པའི་སྦྲང་ཆར་སིལ་མ་ཕྱོགས་ཀུན་ཏུ་འཐོར། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་མཆོད་པ་འབུལ་བའི་མཚན་མ་སྒྲ་དང་གླུ་དབྱངས་སོགས་ཀུན་ཀྱིས་ཐོས། འབྱུང་བའི་གནོད་པ་དང་བྲལ་བའི་གདུང་དང་རིང་བསྲེལ་དཔག་ཏུ་མེད་པ་བྱོན་ནས་སྐྱེ་དགུ་རྣམས་དད་པའི་ས་ལ་དབང་མེད་དུ་བཀོད་པར་མཛད་དོ། །

[༣༨] རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ།

མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་རྣམ་གཉིས་ཀྱི་ཐུགས་སྲས། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སླར་ཡང་དགེ་བའི་བཤེས་གཉེན་གྱི་ཟོལ་དུ་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་སྤེལ་བར་མངོན་སུམ་དུ་བྱོན་པ་རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་ནི། མདོ་ཁམས་རྫ་རྒྱུད་དུ་གྲགས་པའི་ཡུལ་གྱི་བྱེ་བྲག་དགེ་མང་སྐམ་ཆུང་ལུང་པ་ཞེས་འབོད་པའི་སའི་ཐིག་ལེར། ཡབ་དགེ་རྩེའི་ཨ་དོན་གྱི་རིགས་རྒྱུད་ལས་བསོད་ནམས་དར་རྒྱས་ཞེས་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཁུ་བོར་གྱུར་པ་དེ་ཉིད་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་གླང་ལོ་སྟེ་སྤྱི་ལོ་༡༨༤༡པར་སྐུ་བལྟམས། སྐུ་ཆུང་ངུ་ནས་དད་བརྩོན་དྲན་ཏིང་ཤེས་རབ་སོགས་འཕགས་པའི་ཆོས་ལྷན་སྐྱེས་སུ་མངའ་བས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཐུགས་གཙིགས་ཆེན་པོས་སྐུ་འཁྲིས་སུ་ཉར་ཏེ་རུ་དམ་གདན་ས་ནས་སྐུ་ནར་སོན། དགུང་གྲངས་བཅུ་གསུམ་པར་མཁན་པོ་ཁུ་བོ་སྐྱབས་རྗེ་བླ་མ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དང་། ལས་ཀྱི་སློབ་དཔོན་ཐུབ་བསྟན་ཉིད་བྱེད་རྒྱལ་མཚན་དཔལ་བཟང་ལས་རབ་ཏུ་བྱུང་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་ཡོངས་སུ་བསྡམས། ཁུ་བོ་སྐྱབས་རྗེ་གཞན་ཕན་མཐའ་ཡས་མཆོག་རྗེ་འདི་དགུང་ལོ་བཅོ་ལྔ་ལ་སོན་སྐབས་བར་ཆད་ཀྱིས་སྐུ་གཤེགས་པས་མདོ་ཕྱོགས་ཀཱ་རི་ཀ་ལྔ་བཅུ་པ་ཙམ་དང་། སྔགས་ཕྱོགས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དང་དངོས་གཞིའི་བར་གྱི་རྒྱུད་ལུང་མན་ངག་དང་བཅས་པ་རྫོགས་པར་གསན་གྲུབ་པ་བྱུང་། གཞན་ཕན་མཐའ་ཡས་སྐུ་གཤེགས་རྗེས་དམ་འདིས་སྐྱོ་གདུང་མོས་གུས་དྲག་པོས་གསོལ་བ་བཏབ་པ་ན། སྐྱབས་རྗེ་མཆོག་སྐུ་པནྜི་ཏའི་ཆ་བྱད་ཅན་སྤྲིན་དཀར་འཇའ་འོད་འཁྲིགས་པའི་ཀློང་ནས་ཞལ་གཟིགས་ཏེ། བུ་ཁྱོད་མྱ་ངན་མ་བྱེད། ང་རང་ཡུན་དུ་བསྡད་ཀྱང་འདི་ལས་ལྷག་པའི་གདམས་པ་སྟོན་རྒྱུ་མེད་གསུངས་ཏེ་འདས་རྗེས་བསྩལ་བ་སྔར་མགོན་པོ་རྡོ་རྗེ་ལ་གསུང་པའི་རིག་འཛིན་སྙན་བརྒྱུད་ཁོ་ན་ལྟར་འདུག་པ་དམ་པ་འདིའི་ཐུགས་ལ་པར་བཏབ་པ་བཞིན་གྱུར། གཞན་ཡང་སྣང་བཞི་མཐར་ཕྱིན་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལས། མཛོད་ཆེན་བདུན་དང་། སྙིང་ཐིག་མ་བུའི་དབང་ལུང་། རྒྱ་བོད་མཁས་པ་མི་བཞིའི་དགོངས་ཉམས་ཅན་བཀའ་བརྒྱད་དང་། ཕུར་ཊཱིཀ་འབུམ་ནག་ཆེན་མོ། མངའ་བདག་ཡབ་སྲས་དང་སྨིན་གླིང་ཉི་གྲགས་སོགས་ཀྱི་གཏེར་ཆོས་གསར་རྙིང་བཅས་ཟབ་ཆོས་སྤྱི་དང་། ཁྱད་པར་རྗེ་དེ་ཉིད་ལ་ཀུན་མཁྱེན་ཆེན་པོས་ཞལ་གཟིགས་རྗེས་བཟུང་སྐབས་མནོག་ཆོས་སུ་བསྩལ་བའི་ཤིན་ཏུ་ཉེ་བརྒྱུད་ཡང་ཏིག་ཡིད་བཞིན་ནོར་བུའི་སྨིན་ཁྲིད་གཏད་རྒྱ་དང་བཅས་པ་གནང་ནས་དོན་གྱི་བརྒྱུད་འཛིན་དུ་མངའ་གསོལ་བ་དང་། དགོངས་པ་ཆོས་སྐུར་གཤེགས་རྗེས་ཀྱང་ཞལ་གཟིགས་རྗེས་བཟུང་གི་འདས་རྗེས་རྗེ་འདི་ལ་བབ། མཁན་ཆེན་པདྨ་བཛྲ་དང་། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་གཉིས་ཀྱི་དྲུང་ནས། རྒྱལ་བཀའ་རིན་པོ་ཆེ་རྙིང་རྒྱུད་དང་བཅས་པ། བསྟན་འགྱུར་གྱི་ནང་ནས་ལུང་རྒྱུན་གང་བཞུགས། བླ་མ་དགོངས་པ་འདུས་པ། རོང་ཟོམ་བཀའ་འབུམ་བཅས་ཀྱི་བཀླག་ལུང་རྣམས་གསན། རིགས་བདག་མཚུངས་མེད་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལས། སྤྱོད་འཇུག བསླབ་བཏུས། དབུ་མ་རིགས་ཚོགས། མདོ་རྒྱན། ཤེར་ཕྱིན། རྒྱུད་བླ། མངོན་པ་མཛོད། འདུལ་བ་སོགས་རྒྱ་བོད་མཁས་པའི་འགྲེལ་ཆེན་ཁག་གི་སྟེང་ནས་བཤད་ཁྲིད་རྒྱས་པ་དང་། གཞན་ཡང་མདོ་སྡེ་མཛངས་བླུན། ཟ་མ་ཏོག །བསོད་ནམས་སྟོབས་ཀྱི་རྟོགས་བརྗོད། ཡོན་ཏན་མཛོད། མདོ་སྔགས་སྨོན་ལམ། སྡོམ་གསུམ་རྣམ་ངེས་སོགས་ཀྱི་བཤད་ཁྲིད་ཞིབ་རྒྱས་མཐར་ཆགས་སུ་ཤྲཱི་སེང་ཆོས་གྲྭར་བཞུགས་སྐབས་གསན་པས་རང་ལས་ལྷག་པའི་ཐུགས་སྲས་བཞི་ལས་བཤད་པ་རང་ལས་ལྷག་པ་ཨོ་རྒྱན་བསྟན་འཛིན་ནོར་བུ་ཞེས་ཡོངས་སུ་གྲགས། གཞན་ཡང་སྔ་ཕྱི་ཅི་རིགས་པར་ས་སྡེ་སོགས་འཕགས་ཡུལ་གྱི་ལེགས་བཤད་གྲགས་ཆེ་བ་ཕལ་མོ་ཆེ་དང་། རྒྱུད་རྒྱལ་གསང་བ་སྙིང་པོ་དང་། དཔལ་དུས་ཀྱི་འཁོར་ལོ། ཀུན་མཁྱེན་མཛོད་བདུན། སྙིང་ཐིག་ཡ་བཞི། འཇིགས་གླིང་བཀའ་འབུམ་སོགས་ཀྱི་བཤད་པ་གསན་ཞིང་རྗེ་འདི་ཉིད་ཀྱི་མདུན་ནས་སྒྲོ་འདོགས་བཅད། །རྗེ་ཉིད་ཀྱི་ཞལ་ནས། ཁོ་བོའི་བླ་མ་རྣམས་ཡོན་ཏན་གྱི་ངོས་ནས་ཁྱད་པར་མེད་པ་སར་གནས་ཀྱི་འཕགས་པ་ཤ་སྟག་ཡིན། བཀའ་དྲིན་གྱི་ངོས་ནས་གཞལ་ན་ཨ་བུ་བཀའ་དྲིན་ཅན་གྱི་བཀའ་དྲིན་ལྟ་བུ་ཞིག་སྲིད་པ་གསུམ་ནའང་ཡོད་པ་མ་ཡིན་ཞེས་ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་ཉིལ་གྱིས་གནང་བ་དང་། ངས་མདོ་སྔགས་ཀྱི་གཞུང་ག་འདྲ་ཞིག་མཇལ་ཡང་རྩ་བ་བླ་མའི་རྣལ་འབྱོར་ཉག་གཅིག་དང་། བྱང་ཆུབ་སེམས་སུ་སྡུད་ཤེས་པ་ཨ་བུ་བཀའ་དྲིན་ཅན་གྱི་ཐུགས་རྗེ་ཡིན་ཞེས་རྒྱུན་དུ་གསུངས། དེ་བཞིན་འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ལས། ཀློང་ཆེན་སྙིང་ཐིག་གི་ཁྲིད་དབང་རྒྱབ་ཆོས་ཁ་སྐོང་དང་བཅས་པ། ཡོན་ཏན་མཛོད་ཀྱི་འགྲེལ་བ་ཤིང་རྟ་རྣམ་གཉིས། དབུ་སེམས་སྲོལ་གཉིས་ཀྱི་སེམས་བསྐྱེད་འབོག་ཆོག ཕུར་པ་འབུམ་ནག་སོགས་ཀྱི་དབང་ལུང་། དགའ་རབ་སྙིང་ཐིག་གི་དབང་ལུང་རྣམས་རྫོགས་པར་གསན། གཏེར་ཆེན་མཆོག་གྱུར་གླིང་པ་རུ་དམ་དུ་ཕེབས་སྐབས་རྫོགས་ཆེན་གསེར་ཞུན་སོགས་དབང་ཆོས་དུ་མ་གནང་བ་ཡང་གསན། མཚམས་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ་ལས་སྙིང་ཐིག་སྔོན་འགྲོ་སོགས་དང་། གྲུབ་ཆེན་བསོད་ནམས་དཔལ་དགེ་ལས་སྙིང་ཐིག་རྩ་རླུང་དམར་ཁྲིད་སོགས་དང་། དགེ་མང་གཅོད་པ་འཇིགས་མེད་ཐབས་མཁས་ལས་གཅོད་ཡུལ་ཕྱི་ནང་མན་ངག་ཡོངས་རྫོགས་དང་། བླ་མ་དམ་པ་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་ལས་སེམས་ཉིད་ངལ་གསོའི་བཤད་པ་དང་། གཞན་ཡང་ཆོས་རྗེ་མི་ཕམ་པ། དགེ་རྩེ་ལྷ་རམས་པ། དགེ་བཤེས་བྱམས་པ་ཕུན་ཚོགས། མཁན་པོ་བློ་རྣམ་སོགས་མཁས་པའི་ཕུལ་དུ་བྱུང་བ་རྣམས་དང་ཕན་ཚུན་དོགས་བཅད་སོགས་ཆོས་ཀྱི་དགའ་སྟོན་སྤེལ་རེས་ཀྱིས་མཁས་པའི་གྲགས་པ་མཁས་པས་འདོན་པར་མཛད། མདོར་ན་སྔ་ཕྱི་ཀུན་ཏུ་མཁས་གྲུབ་ཀྱི་བླ་མ་ཉེར་ལྔ། དེ་དག་ལས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་བཅུ་གསུམ། དེ་ལས་ཀྱང་ཉི་ཟླ་ལྟར་གྲགས་པའི་རྒྱལ་སྲས་གཉིས། འགྲན་ཟླ་བྲལ་བའི་འཕགས་ཆེན་གཅིག །བཀའ་དྲིན་མཆོག་ཏུ་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་གཅིག་བཅས་གྲུབ་བརྙེས་ཀྱི་རིག་འཛིན་དུ་མ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་ཏེ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏེ་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ་གྱུར། དེ་ལྟར་གསན་པ་རྣམས་ཀྱང་སྒྲུབ་བརྒྱུད་གོང་མའི་ཕྱག་བཞེས་བཞིན་ཉམས་ལེན་གྱི་སྲང་ལ་མ་གཞལ་བ་མེད་པ་མཛད་ཅིང་། ཁྱད་པར་མི་ལོ་བཅུ་གཉིས་སུ་བྱང་ཆུབ་སེམས་ཀྱི་གཞི་བཟུང་ཞིང་ཁྲེགས་ཆོད་ཐོད་རྒལ་གྱི་གཞུང་བསྲིངས་ཏེ་བསྒོམས་པས་སྣང་བཞིའི་ཡེ་ཤེས་མཐའ་རུ་ཕྱིན་ཅིང་། ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་རྫོགས་པས་ཆོས་གཏེར་འབུམ་ཕྲག་ཐུགས་ལས་བརྡོལ་བ་དང་། གུ་རུ་རིན་པོ་ཆེ་སོགས་ལྷག་ལྷ་རབ་འབྱམས་ཀྱི་ཞལ་གཟིགས་ཐོབ་པ་སོགས་འབྲས་བུའི་དྲོད་རྟགས་མངོན་དུ་གྱུར། དམ་པའི་ཆོས་འདུལ་གཞུང་རིན་པོ་ཆེ་ལས་ཇི་ལྟར་བསྟན་པ་བཞིན་གནང་བཀག་གི་གནས་ཕྱག་ལེན་མཛད་པས་སྐུ་ཤིན་ཏུ་བཙུན་ཞིང་འདུལ་བ་འཛིན་པའི་མཆོག་ཏུ་བསྔགས། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས་དབུས་ལྷན་རྒྱས་རུ་དམ་དབེན་ཁྲོད་དུ་བཞུགས་སྐབས། དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། སྔོན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་དུས་སྦྱངས་ཡོན་ལ་གནས་པའི་དགྲ་བཅོམ་པ་རྣམས་དབྱར་གནས་ལ་བཞུགས་པ་བཞིན་བདག་ཅག་ཀྱང་དེ་ལྟར་བྱེད་དགོས་ཞེས་རྗེ་འདིས་མཁན་པོ་མཛད་ནས་ཤིང་དྲུང་སོགས་སུ་དབྱར་ཁས་ལེན་མཛད། སྐྱབས་མགོན་རྒྱལ་སྲས་གཞན་ཕན་མཐའ་ཡས་པའི་གདན་ས་ཤྲཱི་སེང་ཆོས་གྲྭ་ལགས་ཕྱིར་མཁན་ཆེན་པདྨ་བཛྲ་སོགས་ཐུགས་སྲས་རྣམས་ཀྱིས་གདན་ས་སྐྱོང་བར་བསྐུལ་ཡང་མི་ཆོས་ཀྱི་མཐུན་འཇུག་དང་གདན་སའི་རྣམ་དཔྱོད་སོགས་ལ་མི་དགྱེས་པས་ཆོས་རྗེ་དཔལ་སྤྲུལ་རིན་པོ་གར་བཞུགས་ཀྱི་ཕྱོགས་སུ་ཉེ་བར་སྒྲུབ་པ་ཁོ་ན་མཛད་ནས་བཞུགས། སྐུ་ཚེའི་སྨད་ཙམ་ན་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་བཀས་བསྐུལ་བ་ལྟར་ཤྲཱི་སེང་ཆོས་གྲྭར་ཕེབས་ནས་སྤྱོད་འཇུག དབུ་མ་རྩ་བ། འཇུག་པ། སྡོམ་གསུམ། ཡིད་བཞིན་མཛོད་སོགས་གཞུང་བཤད་དང་། གྲུབ་དབང་ལྔ་པ་དང་སྐྱབས་རྗེའི་ཡང་སྲིད་དབུས་བླ་སྤྲུལ་རྣམས་ལ་ཀློང་ཆེན་ཡབ་སྲས་ཀྱི་གདམས་ཁྲིད་གང་ཟབ་རྣམས་བསྩལ་ཅིང་། རྫོགས་ཆེན་ལྔ་པའི་མཛད་པ་འདི་ལྟ་བུ་སྙིགས་མའི་དུས་འདིར་འོངས་དཀའ། འདི་སར་གནས་འཕགས་པ་ཆེན་པོ་ཞིག་ཡིན་པ་གདོན་མི་ཟའོ་ཡང་ཡང་གསུངས་པ་ཤིང་ཕྱག་ཐལ་མོ་སྦྱར་བར་མཛད། སྐུ་ཚེ་གང་བོར་རྫོགས་ཆེན་རི་ཁྲོད་དང་། རྫ་དགོན་རི་ཁྲོད་གཉིས། ཁྲ་མ་ལུང་། ལྕང་མ་རི་ཁྲོད། རྔ་སྐེ་རི་ཁྲོད། དགེ་མང་རི་ཁྲོད་བཅས་སུ་བཞུགས་པ་ལས་དགོན་གྲོང་དུ་བཞུགས་པར་གཏན་ནས་ཐུགས་མི་དགྱེས། དགུང་གྲངས་ལྔ་བཅུ་རྩ་བརྒྱད་ཀྱི་བར་གསོལ་ཇ་རང་གིས་སྐོལ་མཛད་པ་ལས་མདུན་ན་གྲྭ་པ་གཅིག་ཀྱང་མི་འཇོག་པ་སོགས་བྱ་བྲལ་གྱི་སྤྱོད་པ་ཁོ་ན་ལྷུར་བཞེས། དེ་ནས་གཞན་དོན་དུ་ཆོས་འཁོར་བསྐོར་བའི་རིམ་པ་ནི། སྟོད་དབུས་གཙང་གི་ཡུལ་གྲུ་མན་ཆད་ནས་སྨད་རྒྱ་སོག་གི་བར་གྱི་ཆོས་དོན་གཉེར་བ་ཀུན་ལ་ཉིན་རེ་བཞིན་གསོལ་ཇ་བཞེས་པའི་ལོང་ཁོམ་ཡང་མེད་པར་ཆོས་ཐུན་ལྔ་རེ་ཙམ་བསྟར་ཆགས་སུ་གནང་བ་སྟེ། སྔ་ཕྱིར་སྤྱོད་འཇུག་ཚར་ཉིས་བརྒྱ་ལྷག་ཙམ་དང་། དབུ་མ་རྩ་བ་ཤེས་རབ་ཚར་ཉེར་ལྔ། འཇུག་པ་ཚར་བཅུ་དགུ། མདོ་རྒྱན་ཚར་སུམ་ཅུ་རྩ་དགུ། ཤེར་ཕྱིན་ཚར་བཅུ་དྲུག །རྒྱུད་བླ་ཚར་སུམ་ཅུ་རྩ་བརྒྱད། འབྱེད་གཉིས་ཚར་བདུན་བརྒྱད་རེ། འདུལ་བ་མདོ་རྩ་ཚར་གཅིག །སྡོམ་གསུམ་ཚར་སུམ་ཅུ་རྩ་བརྒྱད། མངོན་པ་མཛོད་ཚར་ལྔ། ཚད་མ་རིགས་གཏེར་ཚར་གཅིག ཡིད་བཞིན་མཛོད་ཚར་དགུ། སེམས་ཉིད་ངལ་གསོ་ཚར་བཅུ་གསུམ། གྲུབ་མཐའ་མཛོད་ཚར་གཅིག །སྒྱུ་འཕྲུལ་གསང་སྙིང་ཚར་ཉི་ཤུ། ཡོན་ཏན་མཛོད་ཚར་བཞི་བཅུ། གཞན་ཡང་དཀོན་མཆོག་རྗེས་དྲན། དགེ་ཚུལ་ཀཱ་རི་ཀ །སྡོམ་པ་ཉི་ཤུ་པ། སྐྱབས་འགྲོ་བདུན་ཅུ་པ། ཆགས་མེད་བདེ་སྨོན། གྲུབ་མཐའི་རྒྱས་བཤད་སྣ་ཚོགས། མཁས་བྱའི་གནས་དྲུག ལམ་གཙོ་རྣམ་གསུམ། ཞེན་པ་བཞི་བྲལ། ཕྱག་ཆེན་ལྔ་ལྡན། འདུལ་བའི་བསྟོད་པ། བཟང་སྤྱོད། སྨོན་ལམ་བདུན་ཅུ་བ། ཤེས་རབ་བསྡུས་པའི་སྡོམ་བྱང་། བཤེས་པའི་སྤྲིངས་ཡིག སྒྲ། སྙན་ངག སྨན། རྩིས་དཀར་ནག སུམ་རྟགས། དཀྱིལ་འཁོར་དང་མཆོད་རྟེན་སོགས་ཀྱི་ཐིག་རྩ་བློས་བསླངས་སོགས་ཀྱང་ལན་གྲངས་ཤིན་ཏུ་མང་པོ་དང་། ཐུན་མིན་གྲོལ་ཁྲིད་སྐོར་ལ། སྙིང་ཐིག་སྔོན་འགྲོ་དང་ཁྲིད་ཡིག་ཆེན་མོ། སེམས་སྦྱོང་བདུན་མ། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས། རྩ་རླུང་། ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་ཡོངས་རྫོགས། ཀུན་བྱེད་རྒྱལ་པོའི་ཁྲིད། བར་དོ་དྲུག་ཁྲིད། གཅོད་ཁྲིད་སྣ་ཚོགས་བཅས་ཁྲིད་ཡིག་འདི་དག་ལན་གྲངས་མང་པོར་གསུངས་ཏེ་ཉམས་ལེན་མཛད་དུ་བཅུག་པས་སྒྲུབ་རྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད། དེ་ལྟར་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་བའི་མཁས་ཚུལ་བཟང་པོའི་མཛད་པ་ཕྱོགས་བྲལ་དུ་བསྐྱངས་པས། མེ་ཏོག་གི་ཚལ་ལ་བུང་བ་བཞིན་སློབ་ཚོགས་སྡེ་སྣོད་འཛིན་པ་ནམ་མཁའི་སྐར་ཚོགས་ལྟར་འདུས་ཤིང་། ཐུགས་སྲས་མཁས་པའི་དབང་ཕྱུག་རྣམ་བཞི་སྟེ། གཞན་དགའ་དང་ཡོན་དགའ་རྣམ་གཉིས། ཀུན་བསོད་དང་ཀུན་དཔལ་རྣམ་གཉིས་བཅས་ཀྱིས་དུས་ཐོག་གཅིག་ཏུ་སྐྱོར་སྦྱང་མཛད་པ་སོགས་འཆད་རྩོད་རྩོམ་གསུམ་གྱི་སྣང་བས་འཕགས་པའི་ཡུལ་གྱི་ནཱ་ལེན་ཌའི་ཆོས་སྡེ་གཉིས་པ་ལྟར་བྱུང་། དེང་གི་དུས་འདིར་གསང་ཆེན་སྔ་འགྱུར་བའི་བསྟན་པ་ཞེས་བཤད་སྒྲུབ་མདོ་སྔགས་ཟུང་འཇུག་གི་ལམ་བཟང་སའི་སྟེང་ན་ཉམས་པ་མེད་པར་བཞུགས་པ་ནི་དེ་དག་སློབ་བརྒྱུད་ཡང་སློབ་ཁོ་ནའི་བཀའ་དྲིན་ལས་བྱུང་བ་གཟུ་བོར་གནས་པ་ཀུན་ཀྱིས་ལེགས་པར་རྟོགས་པར་རིགས་སོ། ཞལ་རྩོམ་བསྟན་བཅོས་ཀྱི་སྐོར་དབུ་མ་རྩ་འཇུག་གཉིས་དང་། བྱམས་ཆོས་སྡེ་ལྔ་བཅས་ཀྱི་མཆན་འགྲེལ་དང་། སེམས་ཉིད་ངལ་གསོ་དང་། སྡོམ་གསུམ། བཤེས་སྤྲིང་། དཀོན་མཆོག་རྗེས་དྲན་སོགས་ལ་ཕྱག་མཆན་ཞལ་གསལ་བ། བདེ་སྨོན་སྤྱི་བཤད་ས་བཅད། ཚུལ་ཁྲིམས་བསྟོད་པ་ཆེ་ཆུང་གཉིས། ཀུན་མཁྱེན་ཆོས་རྗེར་བསྟོད་པ། འཕགས་མ་སྒྲོལ་མར་བསྟོད་པ། འཇིགས་མེད་ཆོས་ཀྱི་དབང་པོ་ལ་བསྟོད་པ། ཞལ་གདམས་གསུང་མགུར་སྣ་ཚོགས་པ་བཅས་བཞུགས་ཀྱང་འགའ་ཞིག་དེང་དུས་མཇལ་བར་དཀོན་པ་སྙམ། གཞན་ཡང་རྗེ་འདིའི་གསུང་གི་བདུད་རྩིས་བསྐྱངས་པའི་ཞལ་སློབ་བཤད་པའི་བཀའ་བབ་གཞན་ཕན་ཆོས་ཀྱི་སྣང་བ་སོགས་ཟླ་བྲལ་མཁས་དབང་རྣམ་བཞི་དང་། སྒྲུབ་པའི་བཀའ་བབ་བྱ་བྲལ་ཀུན་དགའ་དཔལ་ལྡན། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཀཿཐོག་སི་ཏུ། གཏུག་རྒྱའི་སྒྲ་དབྱངས་སོགས་སྙིང་པོའི་རིང་ལུགས་འཛིན་སྐྱོང་སྤེལ་བ་ལ་འགྲན་ཟླ་དང་བྲལ་བའི་བསྟན་འཛིན་ཆེན་པོ་དུ་མ་བྱོན། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་རྒྱུན་ཕྱི་མའི་མཐར་ཡང་ཉམས་པ་མེད་པ་བསྐྱངས་ནས་དགུང་གྲངས་དྲུག་ཅུ་བཞེས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་ལོར་སྐུ་བསྙུན་པའི་ཚུལ་བསྟན་ཞིང་། དེ་སྐབས་མུ་ར་པདྨ་བདེ་ཆེན་བཟང་པོས་ཞབས་བརྟན་དུ་ཚེ་ཐར་ཁྲི་ཕྲག་ཁས་ལེན་དང་བཅས། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུ་བཞུགས་པས་རྗེ་དགུང་གྲངས་ཉུང་བས་ད་དུང་བསྟན་འགྲོའི་དོན་མཛད་དགོས་ཅེས་ཞུས་པར། ཚེ་ཐར་ཁྲི་ཕྲག་ལེགས་ཤིང་ཁྱེད་ཉིད་སྐུ་ཚེ་བསྟན་པའི་རྒྱུར་གྱུར་ཅིག ཁྱེད་རང་འགྲོ་དོན་ལ་ཕེབས་ན་ཞག་བཅུ་གསུམ་བར་ང་རང་མི་འཆི་བ་འདྲ། བསྟན་འགྲོའི་འགྲོ་དོན་འཁོར་བ་མ་སྟོང་བར་ལོས་བྱེད་ཅེས་ཞལ་འཛུམ་ཙམ་མཛད། དེ་ནས་ཞག་འགའི་རྗེས་ཁོ་བོས་ད་ལྟ་ནད་ཀྱི་ཟུག་རྔུ་ལ་ཉེར་ལེན་གང་ཡང་མ་བྱས་ཀྱང་ཆོག་པར་འདུག ཁྱེད་རང་ཚོས་ཀྱང་འཆི་ཁར་ཕན་པའི་ཉམས་ལེན་ཀུན་མཁྱེན་ཡབ་སྲས་ཀྱི་མན་ངག་ལ་བྱོས་དང་ཆོས་དང་བླ་མས་མི་སླུ་ངེས་པ་ཡིན་གསུངས། ཡང་སྐབས་ཤིག་ད་ནི་གང་དུ་བལྟས་ཀྱང་ཉིན་མཚན་ཀུན་ཏུ་སྐུ་དང་ཐིག་ལེའི་སྣང་བ་དང་འབྲལ་མི་ཤེས་པ་སྟོང་གཟུགས་ལྟ་བུ་ཅི་ཡིན་ན་མཚར་ཆེ་གསུངས། ཡང་མདང་སུམ་རྔ་ཡབ་དཔལ་རི་ནས་འོང་ཁྱེད་ཀྱི་བསུ་མ་ཡིན་ཟེར་བའི་མི་རྒྱན་ཆ་བཟང་པོ་ཅན་ཞིག་ཀྱང་རྨི་ལམ་དུ་རྨིས་ཀྱང་ཉིང་འཁྲུལ་ལ་ལྟ་རྒྱུ་ཅི་ཡོད་གསུངས། དེ་ནས་ཞག་འགའ་སོང་བའི་ཉིན་ཞིག་ཞལ་སློབ་རྣམས་མདུན་དུ་བཞུགས་བཞིན་པའི་སྐབས་སུ་སྤྱན་མཁའ་དབྱིངས་སུ་གཟིགས་ནས་ཕྱག་གཡས་སྡིགས་མཛུབ་དང་གཡོན་མཉམ་བཞག་མཛད་དེ། ཞལ་ནས། ང་ཨོ་རྒྱན་གུ་རུ་པདྨ་འབྱུང་། །སྐྱེ་འཆི་བྲལ་བའི་སངས་རྒྱས་ཡིན། །བྱང་ཆུབ་སེམས་ལ་ཕྱོགས་རིས་མེད། །ཟུང་བཞི་ཡ་བརྒྱད་ཀྱི་མིང་འདོགས་བྲལ། །ཞེས་འདས་རྗེས་ཞལ་ཆེམས་དང་བཅས་རྔ་ཡབ་དཔལ་གྱི་རི་བོར་མངོན་པར་གཤེགས་སོ། །

[༣༩] རྒྱལ་རོང་བསྟན་འཛིན་གྲགས་པ།

དཔལ་སྤྲུལ་སེམས་དཔའ་ཆེན་པོ་དང་མཁན་ཆེན་པདྨ་བཛྲ་རྣམ་གཉིས་ཀྱི་ཐུགས་སྲས་ཞལ་སློབ་རས་པ་བསྟན་འཛིན་གྲགས་པ་ནི། ལོ་ཆེན་བཻ་རོ་ཙཱ་ནའི་ཞབས་ཀྱིས་བཅགས་ཤིང་རྒྱལ་མོ་གཡུ་སྒྲ་སྙིང་པོ་དང་། སྤང་མི་ཕམ་མགོན་པོ་སོགས་གྲུབ་པའི་རིག་འཛིན་དུ་མ་སྔར་དུས་སུ་བྱོན་ཞིང་། ཕྱིས་སུ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས་བཅས་ཀྱི་འཕྲིན་ལས་ལས་གསང་ཆེན་སྔ་འགྱུར་པའི་རིང་ལུགས་དང་ཁྱད་པར་རྫོགས་ཆེན་གསང་བ་སྙིང་ཐིག་གི་བསྟན་པའི་སྣང་བས་ཁྱབ་པའི་གནས་མཆོག་རྒྱལ་མོ་ཚ་བ་རོང་ཞེས་གྲགས་པའི་ཡུལ་དུ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་སྐྱེས་ཐོབ་ཀྱི་ཤེས་རབ་དཔལ་དུ་འབར་བས་རིག་པའི་གནས་ཆེ་ཕྲ་ཆ་ཐམས་ཅད་ཕྱོགས་བསྟན་པ་ཙམ་གྱིས་ཁོང་དུ་ཆུབ་པར་གྲགས། དགུང་གྲངས་ཉི་ཤུའི་སྐོར་ཙམ་ན་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སྙན་པ་གསན་པས་རུ་དམ་རྫོགས་ཆེན་དུ་ཕེབས། ཐོག་མར་རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་གསན་བསམ་མཛད་ཅིང་ཡུན་རིང་མ་སོང་བར་གཞན་ཕན་མཐའ་ཡས་སྐུ་ཚེ་བར་ཆད་ཀྱིས་ཞིང་དུ་གཤེགས། དེ་ཕྱིན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞབས་པད་ལ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱང་མཐར་ཕྱིན་མཛད་པས་འཆད་རྩོད་རྩོམ་གསུལ་ལ་ཟླ་མེད་པའི་མཁས་པའི་ཡང་རྩེར་སོན་ཞིང་། ཁྱད་པར་དཔལ་སྤྲུལ་སེམས་དཔའ་ཆེན་པོ་ལ་རང་མཁས་ཀྱི་སློབ་མ་བཞི་ཞེས་གྲགས་པའི་ཡ་གྱལ་ཚད་མ་རང་ལས་མཁས་པ་རས་པ་བསྟན་འཛིན་གྲགས་པ་ཞེས་ཡོངས་ལ་གྲགས་པ་བྱུང་། གཞན་ཡང་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མཁན་ཆེན་པདྨ་བཛྲ་ལས་སྙིང་ཐིག་གོང་གི་དབང་ཁྲིད་གཙོ་བོར་གྱུར་བའི་ཟབ་ཁྲིད་སྤྱི་དང་། གསང་ཆེན་རྒྱུད་སྡེ་ཕྱི་ནང་གི་བཤད་པ་མ་ཚང་བ་མེད་པ་གསན་བསམ་མཛད་ཅིང་ཚད་དུ་འཁྱོལ་བའི་ཉམས་བཞེས་ལ་གནད་དུ་བསྣུན་པས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། རུ་དམ་གདན་སར་བཞུགས་པའི་སྐབས་ནས་ཀྱང་ཕྱོགས་འདུས་ཀྱི་སློབ་ཚོགས་ཀུན་ལ་མདོ་སྔགས་ཀྱི་བཤད་ཁྲིད་རྒྱ་ཆེར་སྤེལ་བ་དང་། སྐུ་ཚེའི་སྨད་དུ་དབུས་གཙང་ཕྱོགས་སུ་ཕེབས་ཏེ་གནས་ཆེན་གདན་ས་ཁག་ཏུ་སྐུ་མཚམས་བཅད་རྒྱ་མཛད་དེ་ཡུན་རིང་བཞུགས་ཤིང་། སྐབས་དེར་རྒྱལ་མཆོག་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་རྗེ་འདིའི་སྙན་པ་གསན་པས་ཕོ་བྲང་པོ་ཏ་ལར་གདན་དྲངས་ནས་རྫོགས་པ་ཆེན་པོའི་མན་ངག་གི་ཆོས་ཚན་རྣམས་ལྐོག་ཆོས་ཀྱི་ཚུལ་དུ་གསན་ཞིང་། རྒྱལ་དབང་མཆོག་གིས་དར་གྱི་གཟིམས་གུར་སེར་པོ་སོགས་ཆེན་པོར་དབང་བའི་དངོས་འབུལ་རྒྱ་ཆེན་པོས་བསྙེན་བཀུར་མཛད་ཀྱང་སྔར་བཞིན་བྱ་བྲལ་སྒོ་གཅིག་གིས་བཞུགས་པ་ལས་ཆོས་བརྒྱད་ཀྱི་བསྙེམས་པ་གཏན་ནས་མི་མངའ་། སྐུ་སྔགས་ཆས་དབུ་རལ་ཅན་དུ་བཞུགས་ཤིང་སྐུ་བོང་ཡང་ཤིན་ཏུ་ཆེ་བར་གྲགས་པ་སྟེ། སྐབས་ཤིག་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དབུས་ཕེབས་ཀྱི་ལམ་བར་ནས་མཁན་ཆེན་པདྨ་བཛྲ་དང་འཇམ་དབྱངས་མཁྱེན་བརྩེའི་ཡང་སྲིད་རྣམ་གཉིས་ངོས་འཛིན་མཛད་དེ་སྤྱན་འདྲེན་པ་སྤས་རབ་སིདྡྷི་སོགས་གྲྭ་འཁོར་ཁ་ཤས་རུ་དམ་གདན་སར་ཕྱིར་བརྫངས། གྲུབ་དབང་ལྔ་པས་ལམ་སྟོན་ཞལ་བཀོད་ཇི་ལྟར་གནང་བ་བཞིན་ལམ་དུ་ཞུགས་ནས་སོང་བའི་ཕྱི་ཉིན་མུན་རུབ་ཁར་ལུང་པ་རྒྱུས་མེད་པ་མི་སྒྲ་ཁྱི་སྐད་ཐོས་རྒྱུ་མེད་པ་ཞིག་ཏུ་སླེབས། དེར་ཞག་སྡོད་བྱེད་ཐབས་བྲལ་བས་ངང་བསྲིངས་ཏེ་ཡར་སོང་བ་ན་མེ་འབུད་པ་མཐོང་བས་གནས་ཚང་ཞིག་ལོན་པར་སྙམ་ནས་ཐམས་ཅད་ཡིད་དགའ། ཅུང་ཙམ་ཉེ་བ་ན་མཚམས་གྲྭ་འགའ་ཞིག་གིས་སྔགས་རྒན་སྐུ་བོང་ཆེ་བ་ཞིག་སྐྱོར་ནས་འོང་བ་མཐོང་། གམ་དུ་སླེབས་པ་ན་རྒྱལ་རོང་བསྟན་འཛིན་གྲགས་པ་བསུ་མར་ཕེབས་པར་འདུག་ཅིང་རི་ཁྲོད་དུ་གདན་དྲངས་ནས་ཐུགས་དགྱེས་པ་ཆེན་པོས་རྩ་བའི་བླ་མའི་ཡང་སྲིད་མཇལ་བ་ཡིན་ཞེས་གསུངས་སྟེ། མཁན་ཆེན་པདྨ་བཛྲའི་ཡང་སྲིད་མཆོག་བདེ་དགའ་རིན་པོ་ཆེ་དབུའི་རལ་བའི་སྟེང་དུ་བཞུགས་སུ་གསོལ་བ་དང་། མཁྱེན་བརྩེའི་ཡང་སྲིད་གུར་དགའ་རིན་པོ་ཆེ་སྐུ་པང་དུ་བཞུགས་སུ་གསོལ། ཞབས་གྲལ་བ་རྣམས་ལ་ངེད་ཅག་འོངས་ཀྱིན་ཡོད་པ་སུས་སྨྲས་ཞེས་དྲིས་པས་རྗེ་ཉིད་ཀྱི་ལྐོག་གྱུར་གཟིགས་པའི་ཡེ་ཤེས་ཀྱིས་ད་ནང་ནས་རྩ་བའི་བླ་མའི་ཡང་སྲིད་ཕེབས་རྒྱུ་རེད་ཅེས་གྲ་སྒྲིག་གནང་ཞིང་། སྤྱིར་མཚམས་སྒོ་འདི་ནས་ལོ་གྲངས་བཅུ་ལྷག་ལ་ཕྱི་རོལ་དུ་ཕེབས་མ་མྱོང་ཞེས་ཟེར་བས་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་པ་སོགས་གྲུབ་པའི་རྣམ་ཐར་མཐའ་ཡས། སྔ་ཕྱིར་ལྗགས་བརྩམས་གནང་བའི་བསྟན་བཅོས་མང་པོ་བཞུགས་ཤིང་འགའ་ཞིག་ལ་རྡོ་སྦས་དགེ་བཤེས་ཤེས་རབ་རྒྱ་མཚོས་རྫོགས་ཆེན་བསྟན་འཛིན་གྲགས་པ་ལ་ཞེས་དགག་ཡིག་སྤེལ་འདུག་པ་དེང་དུས་དགེ་བཤེས་དེ་ཉིད་ཀྱི་བཀའ་འབུམ་དུ་ཡོད་པ་དང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་རིན་ཆེན་གཏེར་མཛོད་ཆེན་མོ་བསྒྲིགས་པའི་ནང་དུ་བོན་གཏེར་འགའ་བཙུད་པར་དགག་ཡིག་སྤེལ་བ་གྲགས། གསུང་རྩོམ་པོད་གྲངས་གསུམ་ཙམ་ཕོ་བྲང་པོ་ཏ་ལའི་རྒྱལ་མཆོག་བཅུ་གསུམ་པའི་དཔེ་མཛོད་ཁང་དུ་བཞུགས་པའི་དཀར་ཆག་མཐོང་ཞིང་བདག་གིས་ཀྱང་ལག་སོན་འོངས་ཐབས་ལ་འབད་བརྩོན་བྱེད་བཞིན་པ་ལགས་སོ། །དེ་ལྟར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པར་བྱོན་ཞིང་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་མཐར་ཕྱིན་པའི་ངང་དགུང་གྲངས་བདུན་བཅུ་ལྷག་ལ་སོན་སྐབས་དགོངས་པ་ཆོས་དབྱིངས་སུ་གཤེགས་པར་སྙམ་མོ། །

[༤༠] ཁྲོ་ཤུལ་དགེ་སྤྲུལ་གཉིས་པ་ཚེ་དབང་དཔལ་གྱི་རྡོ་རྗེ།

མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཞལ་སློབ་དགེ་སྤྲུལ་སྐུ་རབས་གཉིས་པ་ཚེ་དབང་དཔལ་གྱི་རྡོ་རྗེ་ནི། དེ་ཡང་དམ་པ་འདི་ཉིད་ཀྱི་ཐོག་མའི་སྐུ་རབས་དང་པོ་ནི་དགེ་རྩེ་བླ་མ་རིག་འཛིན་རྒྱ་མཚོ་སྟེ། དམ་པ་གང་ཉིད་ནི་མདོ་ཁམས་རྫ་རྒྱུད་དགེ་རྩེའི་ཡུལ་དུ་སྐུ་འཁྲུངས་ཤིང་། གྲུབ་དབང་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་། ཉི་སྤྲུལ་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་སོགས་མཁས་གྲུབ་སྐྱེས་ཆེན་དུ་མའི་ཞབས་པད་ལ་བཏུད་ཅིང་། ཕྱི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་པའི་རྟེན་དགེ་སློང་ལ་ནང་བྱང་སེམས་ཀྱི་བསླབ་པ་སྨོན་འཇུག་གི་གནས་ལ་སློབ་པ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་གཙང་བ་སོགས་ཆེ་བའི་ཡོན་ཏན་རྒྱ་མཚོས་མངོན་པར་ཕྱུག་པ་དོན་གྱི་བསྟན་འཛིན་ཆེན་མོར་བྱོན་ཏེ་གདུལ་བྱ་མཐར་ཕྱིན་པའི་ངང་སྐུ་གཤེགས། སྐུ་ཕྲེང་གཉིས་པ་ཚེ་དབང་དཔལ་གྱི་རྡོ་རྗེ་ནི། ཟླ་སྙིང་རྡོ་རྗེ་དྲེལ་དཀར་གྱིས་བསྲུང་བའི་གནས་མཆོག་གེ་འཕན་ཚོ་བ་དགུའི་ནང་ནས་དཔའ་རྒོད་སྐྱེན་གསུམ་སོགས་མི་ཆོས་ཀྱི་རྩེ་མོར་སོན་པ་ཁྲོམ་ཐོག་བསྟན་པ་ཚང་ལ་སྐུ་འཁྲུངས། ལྷ་བླའི་ལུང་གིས་བཤེས་གཉེན་ཆེན་པོ་རིག་འཛིན་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་ནས་གོང་མའི་བཞུགས་གནས་སུ་སྤྱན་དྲངས་ཏེ་ཁྲི་འདོན་ལེགས་འབུལ་རྒྱ་ཆེར་ཕུལ། རིང་པོ་མ་འགྱང་བའི་དུས་སུ་སྡེ་ཡུལ་འཐོར་ཞིག་གི་རྐྱེན་ལས་གསེར་ཐར་གྱི་ས་ཆར་ཕེབས་ཏེ་དེར་ལོ་ངོ་དགུ་ཙམ་བཞུགས། དེ་སྐབས་ཡོངས་འཛིན་སོགས་སྐུ་བདག་གི་མཐུན་རྐྱེན་ཞན་སྟབས་ཐེངས་འགར་བྲོས་འཁྱར་ལ་བྱོན་གྲབ་མཛད་པ་སོགས་མ་ངེས་པའི་མཛད་སྤྱོད་སྣ་ཚོགས་སྐྱོང་ཚུལ་བྱུང་ཡང་རྩ་བ་བཞི་དང་འགལ་བའི་མ་རབ་ཀྱི་སྤྱོད་པ་གཏན་ནས་མི་མངའ་ཞིང་། ཕྲེང་མོ་ཙམ་ལ་བརྟེན་ནས་བརྟག་ལུང་གང་གསུང་ཐམས་ཅད་སྒྲིབ་མེད་དུ་གཟིགས་པ་སོགས་ངོ་མཚར་བའི་རྣམ་ཐར་ལྷན་སྐྱེས་སུ་མངའ་བས་ཀུན་ཀྱིས་གཙུག་ཏུ་བཀུར། སླར་སྡེ་ཤོག་ཕན་ཚུན་འགྲིག་མཐུན་བྱུང་ནས་རང་སར་འཁོད་པ་དང་སྔ་འགྱུར་བསྟན་པའི་འབྱུང་གནས་གྲུབ་དབང་རྫོགས་ཆེན་པའི་གདན་སར་གྲྭ་སར་བྱོན། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། རྗེ་དྲུང་པདྨ་འགྲོ་འདུལ་རྩལ། གླིང་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། ཉི་སྤྲུལ་བཞི་པ་འཇིགས་མེད་ཆོས་དབྱིངས་རྡོ་རྗེ་སོགས་སྐྱེས་ཆེན་དུ་མའི་ཞབས་པད་ལ་བཏུད་དེ་རང་ལུགས་ཉི་གྲགས་གཙོས་སྔ་འགྱུར་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་ཆེར་གསན། ཁྱད་པར་གྲུབ་དབང་འཇིགས་མེད་རྒྱལ་བའི་མྱུ་གུ་མཆོག་རུ་དམ་སྒྲུབ་གྲྭའི་ཁྲིད་དཔོན་དུ་བཞུགས་པའི་ཞལ་སྔ་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ཆ་ཚང་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཞིང་། རྗེ་གང་གི་བླ་མའི་ཡང་སྲིད་ཡིན་པའི་དད་དམ་ལ་བརྟེན་ནས་གསོལ་བཅའ་དང་ན་བཟའ་གནང་བ་སོགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་། དེ་ནས་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་རྣམ་གཉིས་ནས་གྲུབ་ཐོབ་ཀརྨ་གླིང་པའི་རྣམ་སྤྲུལ་ཡིན་པས་དྭགས་པོའི་ཕྱོགས་སུ་ཕེབས་དགོས་ཚུལ་དང་། ཞི་ཁྲོའི་བསྙེན་སྒྲུབ་མཛད་ན་འགྲོ་དོན་རྒྱ་ཆེར་འོང་བའི་ལུང་བསྟན་གནང་བ་ལྟར་བྷུ་སུ་ཀུའི་བརྟུལ་ཞུགས་ཀྱིས་གནས་ཆེན་རྣམས་ལ་ཞབས་སྐོར་དུ་ཕེབས་པར་མཛད་ཀྱང་དབུས་སྐོར་སྤྱི་འགྲོས་ལས་མ་གྲུབ། ཕྱིས་སུ་ཐེངས་གཉིས་ཙམ་ལ་བླ་མའི་བཀའ་བཞིན་ཕེབས་པར་དགོངས་ཀྱང་སྦྱིན་བདག་ཡུལ་མི་ཀུན་ཀྱིས་གཤོལ་འདེབས་ཀྱིས་ཐུགས་བཞེད་བཞིན་མ་གྲུབ་པས་སྐུ་ཚེ་དང་འགྲོ་དོན་ལ་བར་ཆད་བྱུང་བར་གྲགས། རྗེ་འདིའི་སྐུ་ཚེ་ཧྲིལ་པོར་དད་འབུལ་གྱི་དངོས་པོ་ཅི་ཡོད་དཀོན་མཆོག་གི་རྟེན་རྩར་འབུལ་བར་མཛད་པའི་དགེ་སྦྱོར་སྤྱི་དང་། བྱེ་བྲག་མ་ཎི་དུང་ཕྱུར། པདྨ་བཀའ་ཐང་སྟོང་ཕྲག་སོགས་ཞལ་འདོན་མཛད་ཅིང་། སྒྲུབ་པ་ཆེན་པོའི་སྐབས་འགར་རིལ་བུ་འཕུར་བ་སོགས་ངོ་མཚར་བའི་གྲུབ་རྟགས་དུ་མ་བྱུང་། སྐབས་ཤིག་ནས་རང་ཡུལ་དུ་བཞུགས་ཟོས་མི་བདེ་བའི་འགལ་རྐྱེན་སྣ་ཚོགས་བྱུང་བར་བརྟེན་གྲྭ་འཁོར་གསུམ་དང་བཅས་དབུས་ཕྱོགས་སུ་ཕེབས། ལྷ་ལྡན་དུ་ཞབས་སྐོར་དང་མཆོད་འབུལ་གནང་བཞིན་བསམ་ཡས་སུ་མཚམས་སྒྲུབ་མཛད་རྒྱུར་ཐུགས་ཐག་བཅད་ནས་དབེན་རྩ་རྟ་མགྲིན་ཕུག་ཏུ་ཡུན་རིང་བཞུགས། སྐབས་འགར་བླ་མ་རྣམས་ཀྱི་ཡོན་ཏན་དྲན་པ་དང་སྤུན་ཟླ་མ་སྲིང་རྣམས་ཐུགས་ལ་ཤར་ནས་སྐྱོ་བ་བྱུང་ཡང་རྐྱེན་དེས་མི་རྟག་པའི་རང་བཞིན་མངོན་སུམ་དུ་གཟིགས་པས་ཉམས་རྟོགས་ལ་བོགས་སྐྱེད་ཆེན་པོ་བྱུང་གསུངས། དུས་དེར་འཚོ་ཆས་སྲབ་པ་དང་ཞབས་ལ་འབམ་གྱི་སྙུན་གཞི་ཟུག་པ་བཅས་དཀའ་སྤྱད་ཆེན་པོ་དང་དུ་བཞེས་ཤིང་། སྐབས་ཤིག་ཉི་སྤྲུལ་འཇིགས་མེད་ཆོས་དབྱིངས་རྡོ་རྗེ་བསམ་ཡས་སུ་ཕེབས་པས་རང་མི་རང་ཁྱིམ་ཡིན་པས་ནགས་ཤོད་དུ་འགྲོ་གསུངས་ཏེ། ཆིབས་རྟ་དང་ལམ་ཆས་གནང་བ་ལྟར་ཆགས་རི་འོད་གསལ་སྒྲུབ་སྡེར་ཕེབས་ཏེ་ཕུག་ནག་ཏུ་སྐུ་མཚམས་བཞུགས་ཤིང་ཞོར་དུ་འདུས་པ་འགའ་ལ་ཆོས་སྦྱིན་བསྩལ། རེ་ཞིག་ནས་སྐུ་ཁམས་འཁྲུགས་པ་ལྟ་བུས་འོད་དང་སྒྲ་སོགས་གོ་འཕང་མཆོག་ལ་སྦྱོར་བའི་ཆོ་འཕྲུལ་བསྟན་ནས་སྐུ་གཤེགས་སོ། །

[༤༡] མུ་ར་སྐུ་ཕྲེང་གསུམ་པ་པདྨ་བདེ་ཆེན་བཟང་པོ།

མཁན་ཆེན་པདྨ་བཛྲ་དང་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་རྣམ་གཉིས་ཀྱི་ཞལ་སློབ། སྤྱན་རས་གཟིགས་དངོས་རྫ་མུ་ར་སྐུ་ཕྲེང་གསུམ་པ་པདྨ་བདེ་ཆེན་བཟང་པོ་ཞེས་གྲགས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་གང་གི་སྤྲུལ་གཞི་ནི། བདག་ཅག་གི་སྟོན་པའི་སྤྱན་སྔར་རྒྱལ་སྲས་སེམས་དཔའ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་དང་། དགྲ་བཅོམ་གནས་བརྟན་ཆེན་པོ་དུས་ལྡན། གངས་རིའི་ལྗོངས་འདིར་ཨོ་རྒྱན་སངས་གཉིས་པའི་ཐུགས་སྲས་གྲུབ་ཆེན་རྗེ་འབངས་ཉེར་ལྔ་ལས་ཁྱེའུ་ཆུང་ལོ་ཙཱ་བ་དང་། གཉགས་ཛྙཱ་ན་ཀུ་མ་ར། གཏེར་ཆེན་སྟག་ཤམ་རྡོ་རྗེ་སོགས་སྒྱུ་འཕྲུལ་གྱི་རོལ་གར་རིམ་དང་ཅིག་ཆར་དུ་བྱོན་ནས་བསྟན་དང་འགྲོ་བའི་ཕན་བདེ་རྒྱ་ཆེར་སྤེལ་བའི་མཐར། སྐུ་རབས་དང་པོ་རི་ཁྲོད་རིག་འཛིན་རྒྱ་མཚོ་ཡུལ་ནག་ཤོད་དུ་སྐུ་འཁྲུངས་ཤིང་གཏེར་ཆེན་ཉི་གྲགས་སྤྲུལ་སྐུ་སོགས་བཤེས་གཉེན་དུ་མ་ལས་གསན་བསམ་མཐར་ཕྱིན་མཛད། དེ་ནས་མདོ་ཁམས་རྫ་སྟོད་དུ་གདུལ་བྱ་དུས་སུ་སྨིན་པའི་སྔོན་སྨོན་ཐུགས་བསྐྱེད་ཀྱིས་ཉེ་བར་བསྐུལ་ཏེ་ཀིཿལུང་མགོས་ཟླུམ་རི་ཁྲོད་དུ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཡུན་རིང་བཞུགས། སྐབས་དེར་དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་དང་ཕན་ཚུན་བླ་སློབ་ཏུ་གྱུར་པས་ཐུགས་དགོངས་གཅིག་མཐུན་གྱིས་དགོན་པ་མཉམ་དུ་བཏབ་ཅིང་གདན་ས་གཅིག་ཏུ་མཛད། གཞན་ཡང་མུ་རའི་མ་ཎི་ཞེས་གྲགས་པའི་རྡོ་མཁར་ཆེན་པོ་གངས་ལྗོངས་འགྲོ་བ་སྤྱིའི་བསོད་ནམས་ཀྱི་སྤྱི་དཔལ་དུ་གསར་བཞེངས་མཛད་པ་ད་ལྟའང་མཇལ་དུ་ཡོད། དགེ་རྩེ་བླ་མ་ཞིང་དུ་གཤེགས་རྗེས་རྗེ་ཉིད་གཅིག་པུས་གདན་ས་བསྐྱངས་ཤིང་ཆོས་འཁོར་བསྐོར་བས་སློབ་ཚོགས་གྲངས་མེད་བྱོན་ཞིང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ནས་ཞི་བར་གཤེགས་སོ། །དེའི་ཡང་སྲིད་སྐུ་འཕྲེང་གཉིས་པ་དཔོན་པོ་འགྱུར་མེད་ཆོས་དར་ཞུ་བ་དགེ་རྩེ་རང་གི་སྡེ་བའི་མགོ་ཚྭ་སྦྲ་རྒན་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས། གྲུབ་དབང་རྫོགས་ཆེན་བཞི་པས་ངོས་འཛིན་མཛད་ཅིང་གདན་སའི་ཆོས་ཁྲིར་མངའ་གསོལ། སྐུ་ནར་སོན་ནས་སྒྲུབ་པར་རྩེ་གཅིག་ཏུ་བཞུགས་པ་ལས་འདུ་འཛིའི་ཡོ་ལང་ཆེ་བའི་དགོན་པའི་བཅའ་སྒྲིག་སོགས་ལ་གཏན་ནས་གཟིགས་པར་མི་དགྱེས། ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་ཡོངས་སུ་ཁེངས་པས་སྡིག་ལ་གོམས་པའི་སྐྱེ་བོ་མ་རུངས་པ་དག་ཀྱང་རྗེ་འདིའི་ཞལ་མཇལ་གསུངས་ཐོས་ཙམ་གྱིས་གཞན་ཕན་དང་སྙིང་རྗེའི་བསམ་སྤྱོད་ལ་ངང་ངམ་ཤུགས་ཀྱིས་འཇུག་པ་དང་། གང་དུ་བཞུགས་པའི་ཉེ་འཁོར་ཀྱི་ས་ཕྱོགས་ན་གནས་པའི་གཅན་གཟན་གཏུམ་པོ་དག་གིས་ཀྱང་སེམས་ཅན་ལ་འཚེ་བ་མི་བྱེད་པ་སོགས་རྒྱལ་བའི་སྲས་ཀྱི་རྣམ་ཐར་ལ་མངའ་དབང་འབྱོར། སྐུ་ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་ནས་གདོད་མའི་ནང་དབྱིངས་ཀ་དག་ཆོས་སྐུའི་རྒྱལ་སར་མངོན་པར་གཤེགས་པར་མཛད། སྐུ་རབས་གསུམ་པ་མུ་ར་པདྨ་བདེ་ཆེན་དཔལ་བཟང་པོ་ནི། གོང་དུ་ཇི་སྐད་བསྙད་པ་ལྟར་འགྲོ་བའི་ཁམས་དང་མོས་པའི་བྱེ་བྲག་གི་རྗེས་སུ་མཐུན་པའི་སྒྱུ་འཕྲུལ་གཅིག་དང་ཐ་དད། རིམ་དང་གཅིག་ཆར་གྱི་བདག་ཉིད་དུ་བྱོན་བྱོན་པའི་མཐར། སླར་ཡང་སུམ་ལྡན་རྡོ་རྗེ་འཛིན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བསམ་བཞིན་སྲིད་པ་བཟུང་བ་སྟེ། རབ་བྱུང་བཅུ་བཞི་པའི་སྨད་དུ་མདོ་ཁམས་རྫ་རྒྱུད་དགེ་རྩེའི་སྡེ་བ་རང་དུ་དམ་པའི་སྐྱེ་སྲིད་དུ་མ་བལྟམས་པའི་ལྷ་ཁྱིམ་ཞིག་ཏུ་སྐུ་འཁྲུངས། གསུང་ངག་བྱེ་བ་ནས་ཡི་གེ་དྲུག་མའི་གཟུང་སྔགས་ཞལ་འདོན་གནང་བ་དང་བྱམས་དང་སྙིང་རྗེ་ཚད་མེད་པས་ཐུགས་རྒྱུད་གང་བ་སོགས་ཕལ་བའི་སྐྱེ་བོའི་རང་བཞིན་ལས་ཡོངས་སུ་འདས། གྲུབ་དབང་རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེས་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ཐུགས་ཐག་བཅད་པས་གདན་སར་མངའ་གསོལ། མཁས་དང་གྲུབ་པའི་འབྱུང་གནས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ནས། རྫོགས་ཆེན་ཡིད་བཞིན་ནོར་བུ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་བཛྲ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་སོ་བྱང་སྔགས་ཀྱི་བསླབ་སྡོམ་དང་། མདོ་སྔགས་གཞུང་ཆེན་གྱི་བཤད་ཁྲིད། བཀའ་གཏེར་གསར་རྙིང་གི་སྨིན་གྲོལ། རྫོགས་ཆེན་གསང་བ་སྙིང་ཐིག་གི་གདམས་ཁྲིད་བཅས་གསན་བསམ་མཐར་ཕྱིན་མཛད་པས་མཁས་དང་གྲུབ་པའི་དབང་ཕྱུག་ཏུ་གྱུར། ཁྱད་པར་མཁན་ཆེན་པདྨ་བཛྲ་ཐུན་མིན་རིགས་བདག་ཏུ་བསྙེན་ཞིང་རྗེ་འདི་ཉིད་ཞིང་དུ་གཤེགས་རྗེས་ཀྱང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་བྱིན་རླབས་ཐོབ་པ་དང་། སྐུའི་སྐྱེ་རྒྱུད་དུ་མར་ཕན་ཚུན་འབྲལ་བ་མེད་པའི་ཐུགས་བསྐྱེད་བདེན་པའི་མཐུ་ཟབ་མོ་གཅིག་ཏུ་གྲུབ་པའི་གསང་བ་མཆོག་གི་རྣམ་ཐར་ཀྱང་མཐུན་སྣང་དུ་གྱུར་བས་རྗེས་སུ་དཔག་པར་ནུས། གྲུབ་པའི་རྟགས་མཚན་དུ་རྡོ་བ་ཕྱག་གིས་བཅང་བ་དང་། མངོན་མཁྱེན་ཐོགས་མེད་དུ་མངའ་བ་སོགས་ཀྱིས་སྐྱེ་དགུ་ཡོངས་ཀྱིས་ཞབས་ལ་བཏུད། ཉིད་ཀྱི་གདན་ས་ཀིཿལུང་དགོན་དང་རུ་དམ་ཤྲཱི་སེང་སོགས་སུ་བཀའ་གཏེར་གྱི་སྨིན་ཁྲིད་མཐའ་ཡས་པའི་ཆོས་འཁོར་བསྐོར་བ་དང་། ཁྱད་པར་རྫོགས་ཆེན་གསང་བ་སྙིང་ཐིག་གི་ཁྲིད་ཡིག་ཡེ་ཤེས་བླ་མ་དང་། རྫོགས་རིམ་བར་དོ་དྲུག་ཁྲིད་ཀྱི་ཁྲིད་སྦྱང་དུས་དང་དུས་སུ་མཛད་ཅིང་། བརྒྱུད་པ་འཛིན་པའི་ཞལ་སློབ་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཁན་སྤྲུལ་བདེ་དགའ། བྱ་བྲལ་ཀུན་དགའ་དཔལ་ལྡན། འཇམ་མགོན་མི་ཕམ་རིན་པོ་ཆེ། ཨ་བུ་ལྷ་རྒྱལ་ལམ་པདྨ་ཐེག་མཆོག་བློ་ལྡན། མཁན་བསོད་ཆོས། འཇིགས་མེད་ཡོན་ཏན་མགོན་པོ་དང་། མཁན་འཆི་མེད་སོགས་གྲུབ་དབང་རྫོགས་ཆེན་པའི་བསྟན་འཛིན་སྐྱེས་ཆེན་རྣམས་དང་། ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ། མཁན་ཆེན་ཡོན་ཏན་རྒྱ་མཚོ། སྟག་བླ་དཀོན་མཆོག་རྒྱལ་མཚན། མཁན་ཆེན་ཀུན་བཟང་དཔལ་ལྡན། མཁན་ཆེན་ཐུབ་དགའ་རིན་པོ་ཆེ། མཁན་ཆེན་ངག་དབང་དཔལ་བཟང་ངམ་ངག་ཆུང་། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་སོགས་ཡོངས་ཀྱི་དགེ་བའི་བཤེས་གཉེན་དུ་མ་བྱོན་པས་། དེང་གི་དུས་སུ་བར་དོ་དྲུག་ཁྲིད་ཀྱི་ཁྲིད་རྒྱུན་ཐམས་ཅད་རྗེ་འདི་ལ་མ་ཐུག་པ་མེད་པ་ལྟ་བུར་སྣང་ཞིང་། དེ་བཞིན་སྙིང་ཐིག་གསར་རྙིང་གི་བརྒྱུད་པ་ཐུན་མིན་ལོགས་སུ་མི་སྣང་ཡང་སྐུ་ཚེ་གང་པོར་རྫོགས་ཆེན་སྙིང་ཐིག་གི་ཆོས་སྐོར་འབའ་ཞིག་ཉམས་ལེན་འཆད་ཁྲིད་མཛད་པས། རང་ལུགས་ཀྱི་སྙིང་ཐིག་བླ་བརྒྱུད་གསོལ་འདེབས་སོགས་སུ་བཞུགས་ཤིང་གསང་ཆེན་སྙིང་པོའི་རིང་ལུགས་འཛིན་པ་ལ་འགྲན་ཟླ་དང་བྲལ་བར་བྱོན། ཟླ་རྒྱུད་སྟོད་སྨད་ནས་བྱང་མགོ་ལོག་ཚུན་གྱི་སྐྱེ་བོ་ཕོ་མོ་ཐམས་ཅད་དགེ་སྒྲུབ་སྡིག་སྤང་ལ་བསྐུལ་ཞིང་མ་ཎི་ཞིང་སྒྲུབ་ཀྱི་ཆོས་འཁོར་བསྐོར་བས་ཡུལ་ཁམས་དཀར་འབྱམས་ཡུག་གཅིག་ཏུ་བསྒྱུར། གོང་མའི་རྡོ་མཁར་ལ་རྗེ་འདིས་ཁ་གསོས་རྒྱ་ཆེར་མཛད་པས་སྔར་ལས་བརྒྱ་འགྱུར་གྱིས་ཆེ་བ་དང་ཉེ་འཁོར་དུ་མཆོད་རྟེན་སོགས་བཞེངས་སོ། །དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་རྒྱུན་ཕྱི་མའི་མཐར་ཡང་ནུབ་པ་མེད་པ་བསྐྱངས་ནས་རེ་ཞིག་གདོད་མའི་ནང་དབྱིངས་ཀུན་ཏུ་བཟང་པོའི་དགོངས་ཀློང་དུ་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །

[༤༢] ཉག་བླ་པདྨ་བདུད་འདུལ།

གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱི་ཞལ་སློབ་ཉག་བླ་པདྨ་བདུད་འདུལ་ནི། ཇི་སྐད་དུ། ཨོ་རྒྱན་སངས་རྒྱས་གླིང་པའི་གནས་ཆེན་དཀར་ཆག་ཏུ། གངས་ཅན་ཞིང་ཁམས་གནས་ཀུན་པདྨའི་ཚལ༔ ལྷང་ལྷང་གནས་འདི་ཨུ་དུམ་ཝཱ་ར་བཞིན༔ འདི་འདྲའི་གནས་ཆེན་ཞིང་ཁམས་ལེགས་པ་ན༔ ཐུགས་རྗེ་བྱིན་རླབས་ཤིན་ཏུ་ཆེ་བ་སྟེ༔ མཆོག་ཐུན་གྲུབ་པ་བརྙེས་པའི་གནས་ཆེན་ཡིན༔ ཞེས་དང་། རྗེ་ཉིད་ཀྱི་ལུང་བྱང་ལས། ངོ་མཚར་ལྷོ་གླིང་གངས་ཅན་ཤར་གྱི་ཕྱོགས༔ སྦས་ཡུལ་རོང་ཆེན་འབོར་ར་སྒང་གཉིས་པར༔ ཤེལ་བྲག་དུང་མདོག་ནམ་མཁའི་དབྱིངས་སུ་ཟུག༔ རལ་གྲི་བྲག་གམ་གནམ་རྫོང་བྲག་དཀར་རམ༔ ཁྱད་པར་ལྷང་ལྷང་ནོར་བུའི་ཡང་རྩེར་གྲགས༔ ཡེ་ཤེས་ལྷ་ཚོགས་བསམ་གྱིས་མི་ཁྱབ་བཞུགས༔ རིག་གསུམ་མགོན་དང་སངས་རྒྱས་གཉིས་པ་སོགས༔ རིག་འཛིན་གྲུབ་ཐོབ་གྲངས་མེད་བྱོན་པའི་གནས༔ གྲུབ་རྟགས་རྣམ་པ་སྣ་ཚོགས་གྲངས་ལས་འདས༔ མཐོང་ཐོས་དྲན་རེག་ས་ལམ་ཡོན་ཏན་རྫོགས༔ འཇའ་ལུས་མཁའ་སྤྱོད་ལ་སོགས་གྲུབ་པ་བརྙེས༔ ཞེས་སོགས་རྒྱ་ཆེར་བསྔགས་པའི་གནས་ཆེན་ཉག་ལྷང་བྲག་གི་ཉེ་ཞོལ་དུ། ཡབ་སྟག་བླའི་བརྒྱུད་པ་ལས་བྱུང་བའི་རིགས་རུས་ཕུན་ཚོགས་ཀྱིས་ཕྱུག་པ་ཁང་བརྩེགས་མགོན་པོ་དང་སྐྱེད་ཡུམ་བསོད་ནམས་སྐྱིད་ཅེས་པའི་ཁྱིམ་དུ་སྐུ་བལྟམས་པ་སྟེ། ཐོག་མར་ལྷུམས་སུ་ཞུགས་པའི་ཚེ་མ་ཡུམ་གྱི་སྤྱི་གཙུག་ཏུ་ཉི་མ་རབ་ཏུ་འབར་བ་ཞིག་ཐིམ་པར་རྨིས་པ་དང་། ཕ་ཡབ་ཀྱིས་མནལ་ལམ་དུ་རང་གི་པང་དུ་ཤེལ་གྱི་མཆོད་རྟེན་དྭངས་གསལ་ཤིན་ཏུ་མཛེས་པ་ཞིག་བབ། དེ་ལ་ཉི་ཟེར་ཕོག་པས་ཕྱོགས་བཅུའི་ཁམས་ཁྱབ་པ་སོགས་ངོ་མཚར་བའི་རྨི་ལྟས་དང་བཅས་སྤྱི་ལོ༡༨༡༦པ་སྟེ་མེ་ཕོ་བྱི་བའི་ལོའི་ཟླ་བ་དགུ་པའི་ཚེས་བཅུའི་ཉིན་སྐུ་འཁྲུངས། དུས་དེར་གཟིམས་སྦྲ་ལ་འཇའ་ཚོན་སྣ་ལྔ་ཟུག་ཅིང་དྲི་ཞིམ་པོས་ཕྱོགས་ཀུན་ཁྱབ། ཞག་གསུམ་གྱི་ནང་པར་སྐུ་དཀྱིལ་མོ་ཀྲུང་གིས་བཞུགས་སྟེ་ཞལ་ནས་ཨཱ་མི་དཱེ་ཝ་ལན་གསུམ་དང་། ང་ཨོ་རྒྱན་ཐུགས་ཀྱི་སྤྲུལ་པ་ཡིན་ནོ་ཞེས་གསུངས་བྱོན། དེ་ནས་ཞག་དྲུག་གི་དུས་སུ་ལྕགས་མདུད་བླ་མ་རྣམ་དག་ཞེས་པ་དྲངས་ནས་བྱིན་རླབས་མཛད་སྐབས་སྐུའི་རྣམ་འགྱུར་གར་སྟབས་ལིང་ལིང་མཛད་ཅིང་། ཞལ་ནས་སིདྡྷི་ལན་བདུན་གསུངས། བླ་མས་འདི་སྤྲུལ་པའི་སྐུ་འཁྲུལ་བྲལ་ཞིག་ཡིན་འདུག་གསུངས་ནས་དད་སྤྲོ་དཔག་མེད་མཛད། དེ་ནས་བདུན་ཕྲག་གསུམ་འདས་པའི་ཚེ་ཀཿཐོག་ཞིང་སྤྲུལ་རིན་པོ་ཆེ་རིག་འཛིན་འཇིགས་མེད་མགོན་པོ་ཉག་ཡུལ་དུ་བྱོན་སྐབས་དང་འགྲིགས་པས་གདན་དྲངས་ཏེ་དབང་བསྐུར་བྱིན་རླབས་ཞུས་ཚེ། གཞོན་ནུ་གསེར་བུམ་ཁྲི་གདུགས་མངའ་དབང་ཅན༔ སྨིན་གྲོལ་བདུད་རྩི་སྦྱིན་ནུས་བཅུད་གཏེར་འཁྱིལ༔ ཞེས་པ་སོགས་ལུང་བསྟན་ཡི་གེར་བཀོད་ནས་གནང་ངོ་། །དེ་ནས་ཟླ་བ་དགུ་བཞེས་པའི་ཚེ་ཁུ་བོ་བླ་མ་ཀུན་བཟང་གིས། ཚ་བོ་འདི་བླ་མ་བཟང་པོ་ཞིག་འོང་གསུངས་ཤིང་ཕྱག་གིས་རྡོར་དྲིལ་གཏད་ཚུལ་མཛད་པས་དགའ་ཞིང་སྤྲོ་བའི་ངང་ནས་ཚུར་ལེན་ཚུལ་མཛད། ཁུ་བོ་བླ་མས་བཀྲ་ཤིས་དོན་འགྲུབ་ཅེས་མཚན་གསོལ་ཏོ། །དགུང་ལོ་གཉིས་བཞེས་པའི་དུས་སུ་གནས་ཆེན་ནོར་བུའི་བྲག་གི་མདུན་ཞོལ་ཐང་བཟང་ཞེས་པ་རུ་ཡབ་ཁྱིམ་ཡོད་སྐབས། གནས་འདིའི་གནས་བདག་ཡིན་ཟེར་བའི་མི་དཀར་དར་གྱི་ལ་ཐོད་ཅན་སོགས་དཔའ་བོ་དཔའ་མོ་མང་པོ་བྱོན་ནས་རྩེད་གྲོགས་བྱེད་པ་ལན་འགའ་བྱུང་། ཡང་སྐབས་ཤིག་ཡབ་ཡུམ་དང་བཅས་པ་གནས་ཆེན་བསྐོར་བ་དང་བསང་མཆོད་གཏོང་བར་བྱོན་ཚེ་གནས་མདུན་གཏེར་མཛོད་ཐང་ནས་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོས་བསུ་བར་མཛད་པ་གཟིགས་ཤིང་། གཞན་རྣམས་ལ་འདི་ལྟར་བྱོན་ནོ་གསུངས་ཏེ་ཕྱག་གི་མཛུབ་མོས་བསྟན་ཀྱང་མཐོང་བར་མ་གྱུར། མདོར་ན་སྐུ་གཞོན་ནུའི་དུས་སུ་རྩེད་མོ་གང་མཛད་དབང་བསྐུར་། ཆོས་འཆད། ལྷ་ཁང་བཞེངས་ཚུལ། བྲག་ཕུག་དང་ལྗོན་ཤིང་གང་ཡོད་ཀྱི་རྩར་མཉམ་པར་བཞག་ཚུལ་སོགས་བྱིས་པ་ཕལ་དང་གཏན་ནས་མི་འདྲ་བར་གྲགས། དེ་ནས་དགུང་ལོ་བདུན་པའི་དུས་བླ་མ་པདྨ་ཞེས་པའི་དྲུང་དུ་ཡི་གེ་བསླབ་ཏུ་བྱོན་པ་ན་ཐུགས་རིག་ཤིན་ཏུ་རྣོ་བས་སློབ་དཔོན་གྱིས་འགོ་སྨྲོས་པ་ཙམ་གྱིས་ཤེས་པ་བྱུང་ངོ་། །དགུང་ལོ་དགུ་བཞེས་པའི་དུས་སུ་ཁུ་བོ་སྟག་བླའི་གདན་ས་རུ་རྒྱལ་སྲས་རྡོ་རྗེ་ཆོས་དབང་གདན་དྲངས་ནས་དབང་ལུང་འགའ་ཞིག་གསན། རྒྱལ་སྲས་ཀྱིས་བན་ཆུང་ཁྱོད་ཀློང་གསལ་སྙིང་པོ་སོགས་དམ་པ་མང་པོའི་སྤྲུལ་པ་ཡིན་འདུག་པས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཅན་ཞིག་འོང་གསུངས། དེ་ནས་རེ་ཤིག་ན་ཡབ་ཁང་བརྩེགས་མགོན་པོ་འཇིག་རྟེན་ཕྱི་མའི་ལྔ་ལམ་དུ་སོང་བས་དངོས་འབྱོར་ཕལ་མོ་ཆེ་དགེ་རྩ་ལ་བཏང། མ་ཡུམ་དང་གཅུང་ཆུང་བ་གཉིས་བཅས་ལུས་པ་ཕ་སྤུན་ཁུ་བོ་རྣམས་དགྲར་ལངས་སྟེ་ནོར་རྫས་ཁང་ས་དང་བཅས་པ་འཕྲོག་པས་དཀའ་སྡུག་སྣ་ཚོགས་པ་མྱོང་པ་རྗེ་མི་ལའི་རྣམ་ཐར་བཞིན་བྱུང་བ་སྟེ། སྐབས་དེར་ཉེ་འབྲེལ་འགའ་ཞིག་ནས་ར་མ་གཅིག་དང་། རྫ་མ། སྒྲོ་སྣོད། སྤར་བུ། སྡེར་མ་སོགས་བྱིན་པས་ཕན་ཐོགས་རྒྱ་ཆེར་བྱུང་། གྲུབ་རྗེས་དེ་དུས་ནས་འཁོར་བའི་རང་མཚང་སྒྱུ་མ་ལྟ་བུའི་ཆོས་སུ་གཟིགས་པས་ཐུགས་འགྱོད་ཁོང་ཁྲོ་མི་མཛད་པར་མ་ཡུམ་ལ་སེམས་གསོའི་མགུར་མང་པོ་བཞེངས། ཅུང་མ་འགོར་བར་སྐུ་མཆེད་འབྲིང་བ་དེའང་དུས་ལས་ཡོལ་ཞིང་གྲུབ་རྗེ་ཡང་སྐུ་འབྲུམ་གྱིས་བསྙུངས་པས་གྲོང་པའི་མི་རྣམས་ཀྱིས་རྒྱང་ཐག་རིང་པོ་ཞིག་ཏུ་ནད་གཡོག་རྒྱ་མཚོ་ཟེར་བ་དང་གཉིས་ཀ་བསྐྱལ། མ་ཡུམ་གྱིས་གསོལ་ཆས་ཅུད་ཟད་རེ་ཁྱེར་རྒྱུ་རྙེད་སྐབས་གྲུབ་རྗེའི་བཞུགས་གནས་དང་ཐག་རིང་བ་ཞིག་ཏུ་བཞག་ནས་བརྡ་རེ་བྱེད་ཅིང་སོང་། དེ་ནས་བསྙུན་གཞི་ཡར་དྭངས་སུ་སོང་ཡང་གསོལ་ཆས་རྣམས་ཟད་པས་རྩམ་པ་དང་ཡུངས་མ་བྲ་བོ་ཅུང་ཟད་བརྐུས་ནས་གསོལ་དགོས་བྱུང་། ཉིན་གཅིག་གྲུབ་རྗེ་ཉིད་ར་གཅིག་ཡོད་པའི་རྫི་བོ་ལ་བྱོན་པའི་ཚེ་ན་རྐུན་མ་གཉིས་ཀྱིས་སྤྱན་གཉིས་ཀྱི་ནང་དུ་ཐལ་བ་བླུགས་ཏེ་ར་མ་དང་ན་བཟའ་ཕྱར་བ་དབུ་ཞྭ་དང་བཅས་པ་འཕྲོག་ནས་སོང་། དེ་ནས་སྐུ་མཆེད་ཆུང་བ་ཨ་ལོད་ཟེར་བ་དེའང་མུ་གེའི་རྐྱེན་གྱིས་དུས་ལས་ཡོལ་སོང་བར་མ་ཡུམ་གྱིས་མྱ་ངན་ཆེན་པོ་བྱས་པར་མི་རྟག་པའི་རང་བཞིན་སྟོན་པའི་མགུར་མང་བཞེངས། སྐབས་ཤིག་འབོས་ཨ་བླ་ཚང་ཟེར་བས་ཆོས་ཚོགས་འཚོགས་པའི་གྲལ་དུ་བླ་གྲྭ་མང་མ་དང་མཉམ་དུ་བཞུགས་པ་ན། ཡོན་བདག་ཚང་གི་མི་གཅིག་བྱུང་ནས་སྤྲང་པོ་གནམ་བལྟས་ཁྱེད་འདིར་མ་འདུག་ཕྱི་རོལ་དུ་སོང་ཟེར་ནས་འདུག་མ་བཅུག གྲུབ་རྗེ་ཉིད་བཤུམས་ཤིང་བཤུམས་ཤིང་ཕྱིར་ལོག་ནས་ཕྱི་བལྟས་རེ་མཛད་ཅིང་སོང་བ་ཡིན་གསུངས། དེ་བཞིན་དུ་རྒྱ་ཤོད་བུ་ཀླུ་ཚང་དང་ཀླུ་ཕྱུག་ཚང་སོགས་ཡོན་བདག་མང་པོས་ཚོགས་གྲལ་དུ་མ་བཞག་ནས་ཕྱི་རོལ་དུ་དེད། ཡང་རེ་ཞིག་ན་ཡུལ་བ་སྤྱིའི་ཆོས་འཚོགས་སྐབས་བླ་གྲྭ་རྣམས་ཀྱིས་གསོལ་རྩམ་རང་རང་གིས་ཁྱེར་ནས་བྱོན་སྲོལ་ཡོད་པས། གྲུབ་རྗེ་ལ་གསོལ་རྩམ་མེད་ནས་ཨ་ཉུག་ཟེར་བ་དེའི་ཙམ་ཁུག་ནང་ནས་གསོལ་ཕོར་གསུམ་ཙམ་བརྐུས་པ་བདག་པོས་གོ་ནས་གྲུབ་རྗེ་ལ་ཁུ་ཚུར་འགའ་རེ་བསྣུན་རྗེས་རྐུ་འཇལ་དུ་འབུལ་བ་ཅི་ཡོད་སྦྱིན་དགོས་བྱུང་། ཡང་སྐབས་ཤིག་ལྕགས་མདུད་བླ་མ་རྣམ་དག་གིས་གཙོས་ཚོགས་པ་མང་པོ་ཆོས་འཚོགས་སུ་འདུས་པ་ན། བླ་མ་རྣམ་དག་གིས་གྲུབ་རྗེ་ཉིད་ཀྱང་འཚོགས་པའི་གྲལ་འདབས་ཙམ་ཞིག་ལ་བཞག་ཐབས་བྱེད་དགོས་དགོངས་ཏེ། ཚེ་དབང་དར་རྒྱས་ལ་གསུངས་ཀྱང་། ཅི་ནས་ཀྱང་འོང་མི་དགོས་ཟེར་ནས་ཞག་གཅིག་གི་བར་དུ་བྱོན་མ་བཅུག་སྟེ་སྤྲང་པོ་རྣམས་དང་ལྷན་ཅིག་ཏུ་བཞུགས། ཕྱི་ཉིན་ལྕགས་མདུད་བླ་མ་རྣམ་དག་གིས་ཁང་སྟེང་ནས་གཟིགས་པས་ཚེ་དབང་དར་རྒྱས་ལ། སྦྱིན་བདག་དད་པ་ཅན་ཁྱེད་རང་ཉོན་དང་། དེང་སང་སྒོ་རྩ་ན་བཞུགས་པའི་ཁང་བརྩེགས་ཚང་གི་བུ་ཆུང་འདི་སྐྱེས་ནས་ཞག་དྲུག་ལོན་པའི་ཚེ་ན། བདག་ཀྱང་དེར་ཕེབས་པ་དང་མཉམ་དུ་སྤྲུལ་པའི་སྐུ་འདི་ཉིད་ཀྱིས་ཐུགས་དགྱེས་པ་དང་སྤྲོ་བའི་ཉམས་ཀྱིས་ཞི་བ་དང་ཁྲོ་བོའི་གཟིགས་སྟངས་སྣ་ཚོགས་པ་དང་། ཞལ་ནས་རྡོ་རྗེའི་སྒྲ་དབྱངས་ལན་བདུན་བཟླས་པ་བདག་གིས་མཐོང་བ་དང་ཐོས་པ་ཡིན། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པ་འདི་ལྟ་བུའི་སྤྲུལ་སྐུ་ཡ་མཚན་ཅན་ཚེ་འདིར་མཇལ་མ་མྱོང་བས། ད་རེས་ཚེ་དབང་དར་རྒྱས་ཁྱེད་ཀྱིས་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་ཡར་འཚོགས་པའི་གྲལ་དུ་ཞོག་གསུངས་པས་ཁོས་མི་མོས་བཞིན་དུ་འཚོགས་པའི་གྲལ་མཐའ་རུ་བཞུགས་བཅུག་དགོས་བྱུང་། དེར་འཚོགས་པ་མང་པོའི་གྲལ་མཐའ་རུ་བཞུགས་ཚེ་ལྕགས་མདུད་བླ་མ་རྣམ་དག་སྤྱན་ཆབ་ཕྱུང་བ་ཙམ་གྱི་ཐུགས་མུག་པའི་རྣམ་འགྱུར་མང་པོ་མཛད་ཅིང་། འཚོགས་པའི་ནང་ནས་ཀྱང་གསོལ་རྩམ་ཕྲན་བུ་རེ་བསྡུས་ཏེ་གྲུབ་རྗེའི་གསོལ་ཁུག་ནང་དུ་བླུགས། ལྕགས་མདུད་བླ་མ་འཇིགས་མེད་ཀུན་བཟང་སོགས་ནས་ཀྱང་གསོལ་ཆས་བཟང་པོ་ཕུལ། དེ་ནས་དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་སྐུའི་སྐྱེ་བ་སྔ་མའི་དུས་ཀྱི་འཕགས་པའི་ཡུལ་དུ་གྲུབ་ཐོབ་འགའ་ཞིག་དང་། པདྨའི་དྲུང་དུ་གྲུབ་ཆེན་ལྷ་སྲས་དམ་འཛིན། ཟབ་གཏེར་སྒོ་འབྱེད་ཨོ་རྒྱན་སངས་རྒྱས་གླིང་པ། གྲུབ་པའི་དབང་ཕྱུག་ཆོས་རྗེ་སྣ་ཚོགས་རང་གྲོལ་སོགས་དང་། ཁྱད་པར་ཆོས་འཁོར་དཔལ་གྱི་བསམ་ཡས་སུ་ཨོ་རྒྱན་ཆེན་པོའི་འཁོར་ཚོགས་རྗེ་འབངས་འདུས་པ་བཅས་པར་ཟབ་རྒྱའི་གདམས་ངག་མང་པོ་གསུང་པ་རྗེས་སུ་དྲན། དེ་ནས་དགུང་ལོ་བཅོ་ལྔ་བཞེས་ཚེ་རིག་འཛིན་ཆེན་པོ་འགྲོ་འདུལ་འོད་གསལ་རྡོ་རྗེའམ་ཀུན་བཟང་བདུད་འཇོམས་ཀྱི་དྲུང་དུ། ཉིད་ཀྱི་གཏེར་བྱོན་རྗེ་བཙུན་སྒྲོལ་མའི་སྙིང་ཐིག་གི་ཆོས་སྐོར་གྱི་དབང་ལུང་ཡོངས་རྫོགས་ཞུས་པ་དང་། ཉག་གི་ཕྱོགས་ནས་བདུད་འདུལ་མིང་ཅན་འབྱུང༔ སྐྱེས་བུ་དེར་འཕྲད་ཡོན་ཏན་བདུན་དང་བདུན༔ ཞེས་སོགས་འབྱུང་བ་དེ་ཁྱེད་ཉིད་ཡིན་པར་འདུག་ཅེས་བསྔགས་བརྗོད་མཛད། དགུང་ལོ་བཅོ་བརྒྱད་བཞེས་ཚེ་ཉམས་སྣང་དང་གཟིགས་ལམ་འདྲེས་མའི་ངང་དམྱལ་ཁམས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་གཟིགས། སེམས་ཅན་ལས་ངན་པ་འདི་རྣམས་སྙིང་རེ་རྗེ་སྙམ་པའི་ངང་བླ་མ་དང་དཀོན་མཆོག་ལ་གསོལ་བ་དྲག་པོ་ཕུར་ཚུགས་སུ་བཏབ་པའི་ཚེ། ཐུགས་རྗེ་ཆེན་པོ་ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ་ཞིག་མདུན་མཁར་བཞུགས་པའི་ཕྱག་ཏུ་ཇོ་འཁོར་ལྟ་བུ་ཞིག་བཟུང་ནས་གཡས་སུ་བསྐོར་ཞིང་། གཙོ་འཁོར་དང་བཅས་པས་མགྲིན་གཅིག་ཏུ་ཡི་གེ་དྲུག་མའི་དབྱངས་འཐེན་འཐེན་པའི་མཐར་རྗེ་ཉིད་ཀྱི་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ནས། བུ་ཁྱོད་ཀྱིས་འདི་ལྟ་བུའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་འགྲོ་བ་འདྲེན་པར་ཤོག་ཅིག་ཅེས་ལན་གསུམ་གསུངས། ཕྱི་ཉིན་མ་ཡུམ་ལ་འཕགས་པ་ཐུགས་རྗེ་ཆེན་པོས་ལུང་བསྟན་བཞིན་ཇོ་འཁོར་ཞིག་བསྐོར་ན་ཨེ་ཆོག་གསུངས་པར། མ་ཡུམ་གྱིས། དེ་ཤིན་ཏུ་ལེགས་སོ། །མདང་རྒན་མོ་ང་ཡིས་རྨི་ལམ་དུའང་། ཤར་གྱི་རི་རྩེ་ནས་ཉི་མ་ཤིན་ཏུ་འོད་གསལ་བ་ཅན་ཤར་བ་དང་། ནམ་མཁའ་ལ་འཇའ་འོད་འཁྲིགས་པའི་ཀློང་དུ་ཨོ་རྒྱན་པདྨ་འབྱུང་གནས་དང་འཕགས་པ་སྤྱན་རས་གཟིགས་རེད་ཟེར་བའི་བླ་མ་མང་པོ་བཞུགས་ཤིང་། ཀུན་གྱིས་ཕྱག་ན་ཇོ་འཁོར་བསྐོར་ཞིང་མཐར་ཐམས་ཅད་ཀྱིས་བུ་ཁྱོད་ལ་གཏད་སོང་། ཁྱེད་ཀྱིས་བསྐོར་བ་ན་ཇོ་འཁོར་ལས་འོད་ཉི་ཟེར་ལྟ་བུ་འཕྲོས་ཏེ་ཡུལ་ཁམས་ཀུན་ཁྱབ་པར་རྨིས་ཟེར། དེ་ནས་མ་བུ་གཉིས་ཀའི་ཇོ་འཁོར་གྱི་ཆས་རྣམས་ཟླ་བ་གཅིག་ཙམ་བསྒྲུབས་ཏེ་ཚད་ལྡན་ཞིག་གྲུབ་རྗེས། ཁུ་བོ་བླ་མ་ཀུན་བཟང་བསོད་ནམས་ཞེས་པའི་དྲུང་དུ་ཇོ་འཁོར་ལ་རབ་གནས་ཞུ་བར་སོང་། བླ་མས་མདང་གི་རྨི་ལམ་དུའང་། མེ་ཏོག་སྣ་ཚོགས་པའི་ཐང་ཆེན་ན། དར་དཀར་པོའི་གདུགས་ཕུབ་པ་དང་། ཁྲི་ཤིན་ཏུ་མཐོན་པོ་ཞིག་གི་སྟེང་ན། ཁྱོད་རང་འདུག་ནས་ཆོས་བཤད་པ་སོགས་ངོ་མཚར་གྱི་རྟགས་མང་པོ་རྨིས་པས་ཇོ་འཁོར་འདིས་འགྲོ་དོན་ཞིག་འོང་གསུངས་ཏེ་རབ་གནས་དང་སྨོན་ལམ་མཛད། དེ་ནས་ཡང་ཤང་ལང་གཤིས་པའི་ཡུལ་འབྲོག་སྟོད་སྨད་དང་། ཁྲོམ་ཁོག་སོགས་སུ་བྱོན་ཏེ་ཇོ་འཁོར་སྐོར་བཞིན་བློ་ལྡོག་རྣམ་བཞི་དང་སྐྱབས་འགྲོའི་ཁྲིད་གསུངས་པས་སྐྱ་སེར་ཐམས་ཅད་ཀྱི་བློ་སྣ་ཆོས་ལ་ཕྱོགས་ཏེ་མ་ཎི་དང་སིདྡྷི་དུང་ཕྱུར་འགའ་ཞིག་དང་ཡིག་དྲུག་རྡོ་བརྐོས་སོགས་འགྲོ་དོན་རྒྱས་པ་བྱུང་། དེ་ནས་དགུང་ལོ་ཉེར་གཅིག་བཞེས་པའི་ཚེ་ཉག་སྟོད་སྨད་ཕན་ཚུན་དམག་འཐབ་བྱེད་པའི་སྐབས་ཡིན་པས། སྐུ་ཡུལ་ཁང་བརྩེགས་གྲོང་དུ་ཉག་སྐེད་དཔོན་གྱི་དགྲ་བྱུང་ནས་མི་གསུམ་བཞི་བསད་དེ་རྗེའི་མཆེད་ཡ་ནོར་བུ་ཞེས་པ་བཙོན་དུ་ཁྲིད་ཤོར་བས། རྗེ་འདི་རི་ནང་དཔོན་གྱི་དམག་ཁྲལ་དུ་ཉག་སྐེད་ལ་ངོ་ལོག་བྱེད་པར་བྱོན་དགོས་བྱུང་། སྐབས་དེར་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ཉག་སྟོད་སྨད་ཀྱི་འཁོན་པ་བསྡུམ་པར་བྱོན་པ་དང་མཇལ་ནས་ཟླ་བ་ཁ་ཤས་རིང་མཁྱེན་བརྩེ་རིན་པོ་ཆེའི་ཞལ་སྔ་ནས་སྙིང་ཐིག་རྩ་གསུམ་གྱི་དབང་ལུང་མང་པོ་དང་། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དང་། དངོས་གཞི་ཡེ་ཤེས་བླ་མ་དང་གཞན་གདམས་ངག་ཟབ་མོ་ཁྱད་པར་ཅན་མང་པོ་གནང་བ་ཐོབ། བུ་ཁྱོད་སྒྲུབ་པ་ལ་རྩེ་གཅིག་འབད་ནུས་ན་བསྟན་དང་འགྲོ་བའི་དོན་དཔག་ཏུ་མེད་པ་འབྱུང་ཞེས་གསུངས། མཁྱེན་བརྩེ་རིན་པོ་ཆེས་བཀའ་གསུང་ལྟར་མཆེད་ཡ་སོགས་མི་བདུན་པོ་བཙོན་གྲོལ་བྱུང་། དེ་རྗེས་ཁྲོ་ཟུར་རྒྱལ་སྲས་རིག་འཛིན་བསྐལ་བཟང་ལྡེའུ་བཙན་ཤང་གཤིས་དང་ལྷང་ལྷང་དུ་གནས་མཇལ་དུ་བྱོན་པ་ལས། ཕུར་པ་སོགས་དབང་ལུང་འགའ་ཞིག་གསན་པས་དེ་ཉིད་ཀྱི་ཞལ་ནས་ཀྱང་། བུ་ཁྱོད་ལས་དང་སྐལ་པ་ལྡན་པའི་སྐྱེས་བུར་འདུག་པས་སྒྲུབ་ལ་འབུངས་དང་འགྲོ་དོན་འབྱུང་གསུངས། །སྐབས་དེ་ཙམ་ན་དག་པའི་གཟིགས་སྣང་དུ་ཟངས་མདོག་དཔལ་གྱི་རི་བོ་ལ་བྱོན་ཏེ་གུ་རུ་རིན་པོ་ཆེ་དང་རྗེ་འབངས་འདུས་པ་རྒྱ་མཚོའི་ཞལ་མཇལ་ཞིང་། གསུང་གིས་གནང་བ་ཐོབ་པ་དང་ཐུགས་རྒྱུད་བྱིན་གྱིས་བརླབས། དགུང་ལོ་ཉེར་ལྔར་བཞེས་པའི་ཚེ་གྲུབ་ཆེན་པདྨ་འགྱུར་མེད་ཁྲོམ་ཁོག་ན་བྱོན་པ་ཐོས་པས་མཇལ་སར་བྱོན། གྲུབ་ཐོབ་ཀྱིས་ཁྲོམ་ཚོགས་མང་པོ་ལ་ཆོས་གསུང་བཞིན་པའི་གྲལ་དུ་བཞུགས་པས། བན་ཆུང་ཁྱོད་ཤིན་ཏུ་ལས་དང་སྐལ་པ་བཟང་ཞིང་སྐྱེ་བ་གྲངས་མེད་ནས་ཚོགས་བསགས་སྒྲིབ་པ་དག་པ་སྐྱེས་མཆོག་མང་པོའི་སྤྲུལ་པ་ཡིན་འདུག མདང་སུམ་ང་ཡི་རྨི་ལམ་དུ། ཇོ་བོ་རྗེ་ཨ་ཏི་ཤ་དང་། རྗེ་མི་ལ་རས་པ། རྩེ་ལེ་སྣ་ཚོགས་རང་གྲོལ་རྣམས་ཀྱི་སྤྲུལ་པ་ཡིན་ཟེར་བའི་རྣལ་འབྱོར་པ་ཞིག་གིས་ཤེལ་གྱི་རི་བོ་མཐོ་སང་ངེ་བ་ལ་ལམ་དཀར་པོ་དོད་པ་ཞིག་ནས་སེམས་ཅན་དུང་ཕྱུར་མང་པོ་བདེ་འགྲོར་སྐྱེལ་འགྲོ་བ་རྨིས་གསུངས་ནས་ཐུགས་བརྩེ་ཆེན་པོ་མཛད། བླ་མ་དེ་ཉིད་ཀྱི་དྲུང་ནས་ཀློང་ཆེན་སྙིང་ཐིག་གི་ཆོས་ཚན་འགའི་དབང་ལུང་སོགས་གསན། མ་འོངས་ལུང་བསྟན་ཡང་མང་དུ་གསུངས་ཏེ་མཚན་ལ་པདྨ་བདུད་འདུལ་དུ་གསོལ། ཤང་ལང་བྲག་གི་གནས་ལ་སྒྲུབ་པ་རྩེ་གཅིག་ཏུ་འབད་ཐུབ་ན་འགྲོ་དོན་དཔག་ཏུ་མེད་པ་འོང་གསུངས་སོ། །དགུང་གྲངས་སོ་གཅིག་པ་མེ་ཕོ་རྟ་ཡི་ལོར་མཚོ་ཕུ་གྲུབ་ཆེན་འགྱུར་མེད་ཆོས་དབྱིངས་རང་གྲོལ་གྱི་དྲུང་དུ་ཆོས་ཞུ་གྲོགས་པོ་འགའ་ཞིག་དང་བཅས་ཏེ་ཤིང་སྒོ་གངས་ཀྱི་ར་བ་ལ་ཕེབས། བླ་མའི་ཞལ་མཇལ་བ་དང་རྡོ་རྗེ་འཆང་མི་ཡི་རོལ་གར་དུ་ཕེབས་པའི་ཐུགས་དད་བྱུང་ཞིང་། རྗེ་དེ་ཉིད་ཀྱིས་ཐོག་མར་དབང་བསྐུར་ཞིང་རྒྱུད་སྨིན་པར་མཛད་པ་ནས་ཀློང་གསལ་རྡོ་རྗེ་སྙིང་པོའི་ཐུན་མོང་ཐུན་མིན་གྱི་སྔོན་འགྲོ་ནས་ཁྲེགས་ཆོད་ཐོད་རྒལ་དང་བཅས་པའི་ཞིབ་ཁྲིད་གནང་། འཕོ་ལུང་ཁྲིད་དང་རྩ་རླུང་སོགས་ཀྱི་སྐབས་སུ་རྟགས་ཁྱད་པར་དུ་མ་བྱུང་བ་ཀུན་གྱིས་མཐོང་། གཞན་ཡང་གནས་དེ་ཉིད་དུ་བཤེས་གཉེན་མང་པོའི་དྲུང་ནས་སྙིང་ཐིག་མ་བུ། སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱི་ཆོས་སྐོར། རྒོད་ལྡེམ་ཆོས་སྐོར། བདུད་འདུལ་ཆོས་སྐོར། ཀློང་གསལ་ཆོས་སྐོར་སོགས་དབང་ལུང་བསམ་གྱིས་མི་ཁྱབ་པར་གསན། རྗེ་ཉིད་ལ་ཉམས་སྣང་དང་རྨི་ལམ་ཀུན་དུའང་སྒྲིབ་པ་དག་པའི་རྟགས་མང་དུ་བྱུང་བ་དང་། ཁྱད་པར་དུའང་ཉམས་རྟོགས་རྩོལ་མེད་དུ་འབར་ཞིང་གནས་ལུགས་ལྟ་བའི་ཕུ་ཐག་ཆོད། བླ་མ་ལ་ཉམས་ལེན་གྱི་བདར་ཤ་བཅད་པའི་རྟོགས་འབུལ་ལན་མང་དུ་ཞུས། རེ་ཞིག་ན་བླ་མ་ལ་བདག་རྒྱ་གར་འཕགས་པའི་ཡུལ་ནས་རྒྱ་ནག་རི་བོ་རྩེ་ལྔའི་བར་དུ་གནས་མཇལ་དང་། རང་གི་ཉམས་ལེན་ཡང་བོགས་འདོན་ཕྱིར་འགྲོ་སྙམ་པ་ཞུས་པས། བླ་མ་ཐུགས་ཤིན་ཏུ་ཁྲོས་པའི་ངང་ནས། བུ་ཁྱོད་ཀྱིས་གནས་ལུགས་ལ་ཉམས་ལེན་ཤེས་ཚུལ་ནི་འདི་ལས་གོང་ན་མེད། རིགས་བཟང་ཞིང་བློ་གསལ་བ་ཆུང་ནས་ཆོས་ལ་དད་པའི་སྐྱེ་སྤྲུལ་ཞིག་ཡིན་པ་སོགས་ནི་ང་ཡིས་སྔར་ནས་ཀྱང་ཐོས། ད་ཁྱོད་ཆོས་ཐོས་པའི་རྗེས་སུ་སྒྲུབ་པ་ལ་མི་བརྩོན་པར་འགྲོ་སྣང་བཀྱག་པ་དེ་རྒྱལ་འགོང་ཞུགས་པ་རེད། འཁྱམས་སྙིང་སྤྲོ་བ་དེ་བསླུ་བྲིད་རེད། ད་ཁྱོད་ང་ཡི་ཁ་ལ་ཉན་ན་ཕ་ཡུལ་དུ་སོང་ལ་ཨོ་རྒྱན་པདྨའི་སྦས་གནས་ཁྱད་དུ་འཕགས་པ་ལྷང་ལྷང་བྲག་དཀར་དུ་སྡོད་ལ་སྒྲུབ་ལ་རྩེ་གཅིག་ཏུ་འབད་ཐུབ་ན་རང་གཞན་གཉིས་ཀ་དོན་ཆེན་རེ་འབྱུང་བ་བན་རྒན་ང་ཡིས་བསམ་དུའོ། །ཞེས་གདམས་པར་བསྩལ་བ་ལྟར་རང་ཡུལ་དུ་ཕེབས་ཏེ་བཞུགས་པ་ན། ཆུ་ཕོ་བྱི་བའི་ལོར་སྔོན་གྲུབ་ཆེན་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་གི་གཡས་ཟུར་ནས་པདྨའི་ཟབ་གཏེར་གྱི་ཁ་བྱང་རྙེད་ཅིང་ཟབ་གཏེར་གྱི་དཀྱིལ་འཁོར་ཞལ་ཕྱེས་ཀྱང་། རེ་ཞིག་སྤེལ་བའི་བཀའ་རྒྱ་མཁའ་འགྲོས་མ་གནང་བས་ཤིན་ཏུ་གསང་རྒྱ་མཛད། དེའི་སྐབས་སུ་ཐུགས་ཉམས་འུར་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པས་རྡོ་ལ་ཞབས་ཕྱག་གིས་རྗེས་མང་དུ་བཞག་པར་གྲགས། དེ་ནས་རྗེ་རང་གི་ཟབ་གཏེར་ཁ་བྱང་ལས། བདག་འདྲ་བདུད་འདུལ་རྡོ་རྗེ་གྲོ་བོ་ལོད༔ ང་སྤྲུལ་འཁྲུལ་ཞིག་གླིང་པ་ཞེས་བྱ་འབྱུང༔ དོན་དམ་ཐུགས་ཀྱི་དགོངས་པ་ཀློང་ནས་རྡོལ༔ བརྡ་རྟགས་བྲག་ཆེན་དཀྱིལ་ནས་ཟབ་གཏེར་དྲངས༔ ཅེས་པ་ལྟར་མེ་མོ་སྦྲུལ་གྱི་ལོའི་ཟླ་བ་བཅུ་པའི་ཚེས་བཅུའི་ཐོ་རངས་སུ། གཟིམས་མལ་འོད་གསལ་དང་འདྲེས་པའི་སྣང་ཆ་ལ། རིན་ཆེན་སྣ་ལྔར་འདྲེས་པའི་ཤོག་སེར་ལ༔ བཻཌཱུཪྱ་ཞུན་མས་བྲིས་པའི་གླེགས་བམ་གཉིས༔ ཁྱད་པར་ཁྲོ་ལོད་ཕུར་པའི་སྒྲུབ་སྐོར་དང༔ སྐུ་རྟེན་ཐུགས་རྟེན་བརྒྱ་དང་ཉི་ཤུ་ལྔ༔ མྱོང་གྲོལ་རིལ་བུ་སྐྱེ་བདུན་སྐུ་ཤ་དང༔ པདྨའི་ཕྱག་མཁར་ཙནྡན་སྦྲུལ་གྱི་སྙིང༔ ཞེས་པ་སོགས་ཀྱི་ཁ་བྱང་བབ། རྗེ་ཉིད་ཀྱི་ཐུགས་དགོངས་ལ་ངས་ཚེ་འདི་ལ་བྱ་བྲལ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ཏེ་སངས་རྒྱས་གཞན་ནས་མི་འཚོལ་བའི་ཐེག་པ་མཆོག་གི་གྲུབ་མཐའ་སྙེག་པ་འདི་བས་ལྷག་པའི་དངོས་གྲུབ་ལ་རེ་བ་མེད་ནའང་། སྔོན་གྱི་ལས་འཕྲོ་བཙན་པོའི་མཐུས་ཟབ་གཏེར་གྱི་སྐལ་པ་བབ་པ་བཏང་སྙོམས་སུ་འཇོག་མི་རུང་དགོངས་ཏེ། རྗེ་རང་གི་ཞལ་སློབ་རྣམས་མདུན་དུ་བསྡུས་ཏེ་འོད་གསལ་གྱི་ངང་ནས་དག་པའི་སྣང་བ་གཟིགས་ཚུལ་དང་། ཁ་བྱང་ཡོད་ཚུལ་སོགས་གསུངས། དེ་ནས་དཔོན་སློབ་རྣམས་ཀྱིས་ཚོགས་འཁོར་བཏང་སྟེ་བྲག་རི་ཆེན་པོའི་རྩ་བར་ཕེབས་ཚེ། དམ་པ་ཉིད་སྣང་སེམས་ཆོས་ཉིད་གསུམ་རོ་གཅིག་ཏུ་འདྲེས་པའི་ཐུགས་ཉམས་འུར་ནས་བྲག་ཆེན་གྱི་ངོས་སུ་ཐོགས་པ་མེད་པར་བསྐྱོད་པས། སྔར་གྱི་ཁ་བྱང་ནས་གསུངས་པ་གཞིན་གཏེར་སྒོ་ལ་བརྡ་རྟགས་མི་འགྱུར་བར་སྣང་། ཞལ་ནས། ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་ཚེ་བདུད་འདུལ་རྡོ་རྗེ་གྲོ་ལོད་ཀྱི༔ ཟབ་གཏེར་བསྟན་པ་བསྲུང་བར་ཁས་བླངས་པའི༔ ཕྱི་ནང་གསང་བའི་གཏེར་གྱི་སྲུང་མའི་ཚོགས༔ དམ་བཞག་བཀའ་བསྒོས་ཐ་ཚིག་དྲན་མཛོད་ལ༔ ཕ་ནོར་བུ་ཡིས་ལེན་པའི་དུས་ལ་བབ༔ ཟབ་གསང་གཏེར་གྱི་དངོས་གྲུབ་བདག་ལ་སྤྲོད༔ ཅེས་སྲུང་མ་རྣམས་ལ་དམ་བསྒྲགས་མཛད་དེ་གཏེར་སྒོ་གོང་འོག་ཐམས་ཅད་ཞལ་ཕྱེས་པ་དང་དྲི་བཟང་པོའི་ངད་ཀྱིས་ཕྱོགས་ཀུན་ཁྱབ་ཅིང་མེ་ཏོག་གི་ཆར་བབ་པ་སོགས་ངོ་མཚར་བའི་རྟགས་མང་པོ་བྱུང་། སྐུ་གསུང་ཐུགས་ཀྱི་ཟབ་གཏེར་མང་པོ་སྤྱན་དྲངས་ནས་ཞལ་སློབ་རྣམས་ཀྱི་རྩར་བྱོན་པར་མཛད། དེ་ནས་རྗེ་རང་གིས་ཐག་པ་བཟུང་ནས་སློབ་མ་རྣམས་གཏེར་སྒོ་འོག་མའི་བར་དུ་དྲངས་ཏེ་ཕ་ཝང་དུང་གླང་འདྲ་བའི་རྩ་བར་རྗེ་རང་གི་ཕྱག་འཁར་གྱིས་བཏབ་པས་ཆུ་གཏེར་ལྷའི་བདུད་རྩི་ལ་འགྲན་ནུས་པ་ཅན་ཉིལ་གྱིས་བྱུང་། ཞལ་སློབ་རྣམས་དང་གནས་སྐོར་མཁན་རྣམས་ཀྱིས་ས་རྒོག་དང་རྡོ་སྐམ་དཀྱིལ་ནས་ཆུ་དྲངས་པ་གྲུབ་པའི་རྟགས་ཁྱད་པར་ཅན་འདི་འདྲ་ཞེས་རྗེ་ཉིད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མི་ཕྱེད་པའི་དད་པ་ཐོབ། དེ་ནས་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཞལ་མཇལ་དུ་དཔོན་སློབ་དྲུག་ཅུ་ཙམ་བྱོན་ཏེ། རིན་པོ་ཆེའི་རིགས་དང་། དར་ཟབ་ཀྱི་རིགས་དང་། ལྷ་ཆའི་རིགས་དང་། གཞན་ཡང་ཇ་དང་། རྟ་མཛོ་ལ་སོགས་པ་འབུལ་བ་གྱ་ནོམ་པའི་མནྜལ་ཕུལ་ཞིང་། རྫོགས་སྤྲུལ་རིན་པོ་ཆེས་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུན་མོང་གི་སྔོན་འགྲོ་དང་ཐར་ལམ་དཀར་པོ་གཉིས་སྤེལ་ཏེ་ཆོས་ཁྲིད་རྒྱས་པར་གནང་། རིན་པོ་ཆེ་དང་མཁན་པོ་སྐལ་ལྡན་གཉིས་ཀས་ཐུན་མོང་དུ་ཡེ་ཤེས་བླ་མ་དང་རྩ་རླུང་གཏུམ་མོ་རྣམས་ཀྱི་ཁྲིད་ལུང་གསུངས། གཞན་ཡང་རིག་འཛིན་འདུས་པ་དང་། ཡུམ་ཀ་དང་། རྟ་ཁྱུང་འབར་བ་དང་། དཀོན་མཆོག་སྤྱི་འདུས་དང་། ཁོང་གི་གཏེར་ཆོས་དག་སྣང་གུ་རུ་རཀྴ་ཐོད་ཕྲེང་རྩལ་སོགས་དབང་ལུང་ཡོངས་སུ་རྫོགས་པ་གནང་། རིན་པོ་ཆེ་ཁོང་གི་ཐུགས་བཞེད་བསྐང་ཕྱིར་དུ་དམ་པ་འདིས་ཕར་ལ་རང་གཏེར་གྱི་ལུང་ཕྲན་འགའ་ཞིག་ཕུལ། དུས་དེར་དཔལ་སྤྲུལ་རིན་པོ་ཆེ་དང་མཇལ་འཕྲད་བྱུང་བས། དཔལ་སྤྲུལ་རིན་པོ་ཆེས། དམ་པ་ཁྱོད་ཀྱི་མཛད་སྤྱོད་ངས་ཐོས་པས་ད་ལྟ་སྙིགས་མའི་དུས་སུ་ཁ་བཤད་དོན་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་ངེས་པར་ཡིན་འདུག ཁྱེད་ཀྱིས་སྤྱོད་འཇུག་ཞིག་འཆད་ན་འདྲ་ཆགས་པ་འདུག་གསུངས་ཏེ་སྤྱོད་འཇུག་གི་དཔེ་ཆ་ཚར་བཅོ་ལྔ་གནང་ནས་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་བསྩལ། རུ་དམ་གངས་ཁྲོད་སྒྲུབ་མཚོ་གོང་འོག་རྣམས་སུ་བྱོན་ཏེ་འབྱུང་འགྱུར་ཟབ་གཏེར་འདོན་པའི་ཕྱིར་བྲག་ལ་གཏེར་རྟགས་ཀྱི་རི་མོ་བཀོད། གཞན་ཡང་དགོན་གནས་དེ་ཉིད་དུ་དག་པའི་གཟིགས་སྣང་དཔག་ཏུ་མེད་པ་བྱུང་། ཕྱིར་ཕེབས་ཁར་རྫོགས་སྤྲུལ་རིན་པོ་ཆེས་ཉིད་ཀྱི་དབུ་ཞྭ་དང་མནབ་གཟན་སོགས་དང་། སྐུ་གསུང་ཐུགས་ཀྱི་རྟེན་སོགས་གནང་སྦྱིན་མཛད་དེ་སྐྱེས་བུ་དམ་པ་ཁྱེད་དང་ང་རང་གཉིས་དག་པའི་ཞིང་ཁམས་ཀུན་ཏུའང་འབྲལ་བ་མེད་གསུངས་ཤིང་ཐུགས་ཡིད་གཅིག་ཏུ་འདྲེས་པར་གྱུར། དེ་ནས་རྗེ་ཉིད་ཀྱི་གདན་ས་བསྐལ་བཟང་དགོན་དུ་ཞབས་སོར་འཁོད་དེ་གཙུག་ལག་ཁང་གསར་དུ་བཞེངས་པར་རབ་གནས་བཅས་གྲུབ་མཚམས། ཞི་ཁྲོ་དགོངས་པ་རང་གྲོལ་དང་རྗེའི་རང་གཏེར་མཁའ་ཁྱབ་རང་གྲོལ་གྱི་སྒོ་ནས་བུམ་སྒྲུབ་འཚོགས་པས་རིལ་བུ་རྣམས་ཕྱོགས་མཚམས་ཀུན་ཏུ་འཕུར་བ་བྱུང་། དགོན་གནས་དེ་ཉིད་དུ་འོད་དགོན་བླ་མ་ཤེས་རབ་རྒྱལ་མཚན་གདན་དྲངས་ཏེ་རྒྱུད་གསང་བ་སྙིང་པོ་དང་། རྗེ་རང་བྱུང་རྡོ་རྗེའི་ཟབ་མོའི་ནང་དོན་སོགས་བསྡུས་ཁྲིད་ཙམ་མཛད། དེ་རྗེས་རྫོགས་ཆེན་མཁན་པོ་ཤེས་རབ་མཐར་ཕྱིན་རུ་དམ་མ་དགོན་ནས་གདན་དྲངས་ཏེ་རྗེ་ཉིད་བཅས་པས་སྔ་འགྱུར་རྙིང་མའི་རྒྱུད་འབུམ་ཡོངས་རྫོགས་ཀྱི་ལུང་དང་། ཞི་བ་ལྷའི་སྤྱོད་འཇུག་དང་། རྒྱལ་སྲས་གཞན་ཕན་པའི་མཁས་བྱའི་གནས་དྲུག་རྣམས་ཀྱི་བཤད་ཁྲིད་གསན། སྐབས་ཤིག་ན་ནམ་མཁའ་ཐམས་ཅད་འཇའ་ཚོན་ཁ་དོག་ལྔ་པའི་ཐིག་ལེ་ཐིག་ཕྲན་དང་། འོད་ཀྱི་ཟླུམ་བསྐོར་ཆེན་པོ་ལ། ཕྱོགས་བཞི་ནས་ཟླུམ་བསྐོར་ཆུང་ངུ་བཞིས་བསྐོར་བ་སོགས་སྔར་མཐོང་མ་མྱོང་བའི་ངོ་མཚར་གྱི་རྟགས་ཁྱད་པར་ཅན་མང་པོ་བླ་གྲྭ་ཐམས་ཅད་ཀྱིས་མཇལ། རྗེ་ཉིད་དང་སློབ་བུ་སྐལ་ལྡན་མཐའ་ཡས་སོགས་འགའ་ཞིག་གིས་བསྐལ་བཟང་སངས་རྒྱས་སྟོང་རྩའི་ཞལ་མངོན་སུམ་དུ་མཇལ། དེ་ཙམ་ན་ཁྲོམ་དགེ་གོང་འོག་གི་སྤྲུལ་སྐུ་རིན་པོ་ཆེ་རྣམས་དང་། ཛཿསྤྲུལ་རིན་པོ་ཆེ་ཀུན་བཟང་རྣམ་རྒྱལ། ཨ་འཛོམས་སྤྲུལ་སྐུ་ཁུ་དབོན་རྣམས་དང་མཇལ་འཕྲད་ལེགས་པར་བྱུང་ཞིང་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། གཞན་ཡང་མཁས་དང་གྲུབ་པའི་དབང་པོ་བླ་མ་ལུང་རྟོགས་བྱོན་ནས། རྗེ་བླ་མ་ལ་དཀོན་མཆོག་རྗེས་དྲན་གྱི་མདོའི་དོན་ཁྲིད་དང་། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་བཅས་ཀྱི་ཆོས་ཁྲིད་བསྡུས་པ་ཙམ་གསུངས། ཕྱིས་སུའང་མཁར་ཁོག་རི་ཁྲོད་དུ་བླ་མ་ལུང་རྟོགས་ལས་ཁྲིད་ཡིག་ཡེ་ཤེས་བླ་མའི་བསྡུས་དོན་ཙམ་གསན་པར་གྲགས། དེ་ནས་རེ་ཞིག་ན་སྐུ་ལ་བསྙུན་ཚུལ་དྲག་ཏུ་བཞེས་པའི་ཚུལ་མཛད་དེ་བདུན་གསུམ་ཙམ་གྱི་བར་དུ་གསོལ་བ་ཅང་མ་མཛད། བུ་སློབ་རྣམས་ལ་ང་ནི་ཞི་བའི་དབྱིངས་སུ་གཤེགས་པ་ཡིན། ཨོ་རྒྱན་མཁའ་འགྲོའི་གླིང་སོགས་དག་པའི་ཞིང་ནས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསུ་མ་འབྱོར་བའི་སྣང་བ་བྱུང་གསུངས། རྟོགས་ལྡན་དཔལ་ལྡན་སོགས་བུ་སློབ་རྣམས་ཀྱིས་བསྟན་འགྲོ་སྤྱི་དང་འདིར་འདུས་ཀྱི་བུ་སློབ་རྣམས་ལ་ཐུགས་རྗེས་འདོར་བ་མི་འཚལ་སོགས་ཞུས་ཚེ། ཁྱེད་རྣམས་མྱ་ངན་མ་བྱེད་ང་ད་དུང་ལོ་གཅིག་གཉིས་ལ་འདུག་གསུངས་ནས་སྔ་ཕྱིའི་ཞལ་སློབ་རྣམས་ལ་ཁྲིད་ཡིག་ཡེ་ཤེས་བླ་མའི་ཟབ་ཁྲིད་བསྩལ། སྐབས་སྐབས་སུ་རྡོ་རྗེའི་སློབ་མ་རྣམས་ལ་ང་ཉིད་ཤི་ཡང་རུང་། འདུག་ཀྱང་རུང་། ཁྱེད་རྣམས་ཀྱིས་དོན་མེད་འཇིག་རྟེན་གྱི་འཁྲུལ་སྤྱོད་དང་། ཆོས་བརྒྱད་ལ་བརྟེན་པའི་དགེ་བའི་གཟུགས་བརྙན་དང་། ལྟ་བ་གོ་ཡུལ་ལ་ཤོར་བའི་ཁ་འབྱམས་དང་། རང་རྒྱུད་ལ་སྙིང་རྗེ་མ་འབྱོངས་པའི་འགྲོ་དོན་མིང་བཏགས་རྣམས་ལིང་གིས་བསྐྱུར་བར་གྱིས་དང་རྒན་པོ་ང་ཡི་བསམ་པ་རྫོགས་པ་ཡིན་ཞེས་དང་། ཞལ་སློབ་གསར་བུ་རྣམས་ལ་རེ་རེ་བཞིན་དབྱུག་པ་རེ་གནང་སྟེ་ཁྱེད་རྣམས་ཀྱིས་ཚོགས་དྲུག་ཡུལ་ཕྱིར་འབྲངས་པའི་འཁྲུལ་བར་ནག་འབྱམས་སུ་མ་བཏང་། རང་སེམས་རང་ངོ་ཤེས་པའི་དྲན་པས་མ་ཟིན་པའི་ཚེ། འགྲོ་བར་འདོད་ན་རྐང་པ་ལ་རྒྱོབ། ལས་བྱེད་པ་འདོད་ན་ལག་པ་ལ་རྒྱོབ། སྨྲ་བ་འདོད་ན་ཁ་ལ་རྒྱོབ། ལྟ་སྒོམ་ཡུལ་དུ་མ་བཞག་པར་སྙིང་ལ་རུས་པ་བསྐྱེད་ཅེས་གདམས་པར་མཛད། དེ་ནས་དགུང་གྲངས་ང་བདུན་བཞེས་པ་ཆུ་སྤྲེལ་ལོའི་ས་ག་ཟླ་བའི་གནམ་སྟོང་གི་ཉིན་རྗེ་ཉིད་ཅོག་གུར་ཞིག་ཕུབ་པའི་ནང་བཞུགས་ཡོད་པ་ལ། སློབ་མ་རྣམས་ལ་ཁྱོད་རྣམས་འདིར་ཤོག་གསུངས་ནས་སྨོན་ལམ་ཟབ་རྒྱས་གསུངས། ཀུན་གྱི་སྤྱི་བོ་ལ་རྟེན་སྒམ་བཞག་པར་མཛད་ཅིང་སྨོན་ལམ་རྒྱས་པ་གསུངས། ད་ཁྱེད་རྣམས་རང་གནས་སུ་སོང་ལ་ང་ཡི་ཅོག་གུར་འདིའི་སྒོ་དྲུབ་ནས་ཞག་བདུན་གྱི་བར་དུ་སུ་ཡང་འོང་མ་འཇུག་གསུངས། བུ་སློབ་རྣམས་ཀྱིས་བླ་མས་གསུངས་པ་ལྟར་མི་བྱེད་ཀ་མེད་ཀྱིས་བློ་མ་བདེ་བཞིན་དུ་རང་གནས་སུ་ཕྱིན། ཞག་བདུན་གྱི་ནངས་པར་བླ་མའི་གཟིམས་གུར་ལ་ཕྱག་འཚལ་ཞིང་ཕྱེས་ཚེ་ན་བཟའ་དང་། དབུ་སྐྲ། ཕྱག་ཞབས་ཀྱི་སེན་མོ་རྣམས་རང་མལ་དུ་འདུག་པ་ལས་སྐུའི་དཀྱིལ་འཁོར་མི་སྣང་བ་འཇའ་ལུས་འོད་ཀྱི་ཕུང་པོར་མངོན་སུམ་དུ་གཤེགས་པ་མཛད་དོ། །

[༤༣] ཁྲོ་ཤུལ་དགེ་རྩེ་སྤྲུལ་སྐུ་འབད་མེད་གཞི་གྲོལ།

མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་མཁན་ཆེན་པདྨ་བཛྲ་གྱི་ཞལ་སློབ་ཁྲོ་ཤུལ་དགེ་རྩེ་སྤྲུལ་སྐུ་འབད་མེད་གཞི་གྲོལ་ནི། གྲུབ་དབང་རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ལུང་བསྟན་ལས། མཆོག་གསུམ་གསོལ་བཏབ་རྟེན་མདུན་བརྟགས་པ་ཡིས། །སྔོན་དུས་རིག་འཛིན་ཉི་མ་གྲགས་པ་ཡིས། །ཞབས་བཅག་བྱིན་རླབས་གནས་མཆོག་སྲིན་མོ་རྫོང་། །གསང་བ་སྔགས་ཀྱི་གདུང་རྒྱུད་ཐབས་ཤེས་རབ། །ཉི་ཟླ་ལྷ་ཀླུའི་མཚོ་འཁྱིལ་མཛེས་པ་ལ། །ནམ་མཁའི་གཟུགས་བརྙན་དཀྱིལ་འཁོར་རྩ་གསུམ་འཆར། །བྱི་ཡོས་གང་རུང་ལོ་ལ་འཁྲུངས་པ་དེ། །འཁོར་བའི་སྡིག་སྒྲིབ་སྐྱོན་གྱིས་མ་གོས་ན། །ས་སྟེང་མུན་སེལ་མདོ་སྔགས་རྒྱལ་བའི་བསྟན། །པད་མོ་ཀུན་དཱ་མཛེས་པའི་འོད་ཟེར་བརྒྱ། །སྟོང་འབར་འཁོར་བའི་སྨག་རུམ་བསལ་བར་འོངས། །སྔོན་གྱི་ཐུགས་དམ་བསྟན་བསྲུང་གསོལ་མཆོད་རེམ། །ཉི་ཤུ་ལོན་ནས་བོད་ཁམས་བསྟན་འགྲོའི་དོན། །ཕུན་སུམ་ཚོགས་པའི་དཔལ་དང་ཡོན་ཏན་ངོམས། །ཨོ་རྒྱན་ཆེ་མཆོག་དེ་ཡིས་སྨྲས་པ་དགེ། ཅེས་སླུ་མེད་རྡོ་རྗེའི་གསུང་གིས་གསལ་བར་བསྟན་པ་ལྟར། སྤྱི་ལོ་༡༨༦༧པ་རབ་བྱུང་བཅོ་ལྔ་པའི་ཐོག་མའི་མེ་མོ་ཡོས་ཀྱི་ལོ་ལ། ཁམས་སྲིན་མོ་རྫོང་གི་བྱང་ཕྱོགས་བདུད་འདུལ་སྔགས་པ་གླིང་ཞེས་བྱ་བར། ཡབ་འོད་གསལ་ལྷ་ལས་བབ་པར་བཞེད་པའི་གྲུབ་དབང་ནག་པོ་ཐོག་འཕེན་གྱི་སྲས་ཆུང་བ་རྟ་མགྲིན་དཔལ་གྱི་རྒྱུད་པ་ལ་སྒྲིབ་སེལ་གྱི་སྤྲུལ་པ་ཅི་རོང་ཤཱཀྱར་གྲགས་པའི་གྲུབ་ཐོབ་ཞིག་བྱུང་བ་ནས་གྲུབ་བརྙེས་ཤ་སྟག་བྱུང་བའི་གདུང་རབས་ལྔ་བཅུ་པ་རིག་འཛིན་དངོས་གྲུབ་ཞེས་གྲགས་པའི་གྲུབ་རིག་འཛིན་པ་དེ་ཉིད་དང་། སྐྱེད་ཡུམ་མཉམ་མེད་དྭགས་པོ་ལྷ་རྗེ་དང་སྐུ་རུས་གཅིག་པའི་སྙི་བཟའ་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་གྲངས་དྲུག་ལ་སོན་སྐབས་གཅེན་ཆུང་བ་ཤིང་བྱི་ལོ་པ་གླིང་རྗེ་དྲུང་པདྨ་འགྲོ་འདུལ་རྩལ་གྱི་སྐུ་སྐྱེར་ལྷ་བླ་དུ་མའི་ལུང་བསྟན་གཅིག་མཚུངས་ཀྱིས་ཐུགས་ཐག་བཅད་པ་དང་། གཅེན་ཆེ་བ་མེ་སྦྲུལ་ལོ་པ་ཆེ་ཡོལ་རིག་འཛིན་ཆེན་མོ་དཔའ་བོ་ལས་རབ་རྩལ་གྱི་རྣམ་སྤྲུལ་དུ་ཉི་རྫོགས་གཉིས་ཀའི་ལུང་བསྟན་གཅིག་མཐུན་གྱིས་ངོས་འཛིན་སྐུ་བདག་མཛད་ནས་ཡབ་གཞིས་མདོ་སྨད་སྡེ་དགེའི་ཡུལ་དུ་སྤྱན་དྲངས་པ་དང་ལྷན་དུ་ཆིབས་ཞལ་བསྒྱུར། དེ་སྐབས་རྗེ་ཉིད་ཀྱི་གཟིམས་ལམ་ལ་ང་ཁྲོ་ཤུལ་བླ་མ་འཇིགས་དགའ་ཡིན་ཁྱེད་བསུ་བར་འོང་བ་ཡིན་ཟེར་བའི་བན་རྒན་སྐྲ་སྐྱ་ཉིལ་ལེ་ཡོད་པ་འཁོར་རེ་གོས་ཀྱི་ཞྭ་ལྷན་ཅན་ཞིག་བྱུང་བ་དང་། ཕེབས་ལམ་གྱི་ཡུལ་ལུང་འགའ་ཞིག་གི་གནས་ཚུལ་རྒྱུས་ཡོད་ཀྱི་མི་ལྟར་སྨྲས་པ་ཕ་མའི་ཁ་ངན་གྱིས་བཀག་པས་དེ་ཕྱིན་དེ་འདྲ་མི་གསལ་བར་གྱུར་གསུངས། རྫ་སྟོད་དུ་ཐོག་མར་ཕེབས་སྐབས་དཔལ་སྤྲུལ་རིན་པོ་ཆེས་བཟང་སྤྱོད་སྨོན་ལམ་གྱི་ཁྲིད་གསུང་པ་དང་ཁེལ་བས་ཐུགས་བརྩེས་རྗེས་འཛིན་གྱིས་ཆོས་འབྲེལ་གནང་བ་གསན་ཏེ་ཀོ་མོ་འོར་དུ་ཞག་ཤས་བཞུགས། དེ་ནས་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་དུས་དང་བསྒྲིགས་པ་ལྟར་ཐུབ་བསྟན་ནོར་བུའི་གླིང་དུ་གཅེན་སྤྲུལ་བའི་སྐུ་ཁྲི་གསོལ་མངའ་འབུལ་གྱི་མཛད་སྒོ་ལ་ཕེབས་ཤིང་། ལོ་དེའི་དགུན་ཐོག་དགོན་དེའི་དུས་མཆོད་ཕུར་པའི་བུམ་སྒྲུབ་ཀྱི་ཚོགས་གྲལ་དུ་བཞུགས། དགུང་ལོ་བརྒྱད་ལ་སོན་པ་ཤིང་ཁྱི་ལོར་སྔར་རྫོགས་ཆེན་བཞི་པའི་ལུང་བསྟན་དང་། ཉི་སྤྲུལ་འཇིགས་མེད་ཆོས་དབྱིངས་རྡོ་རྗེའི་གསུང་ཤོག་ལས། སྔགས་པ་རིག་འཛིན་དངོས་གྲུབ་ཀྱི་བུ་ཡོས་ལོ་པ་ཉི་གྲགས་ཆོས་བརྒྱུད་ལ་ཕན་པའི་སྤྲུལ་སྐུ་ཡིན་སོགས་གསུངས་པ་རྣམས་ཕྱོགས་གཅིག་ཏུ་ཁེལ་བ་ལྟར་ཁྲོ་ཤུལ་བླ་མ་རིག་འཛིན་པའི་སྐུ་སྐྱེར་ངོས་འཛིན་མཛད། མཚམས་སྤྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྡོ་རྗེས་རིག་འདུས་ཚེ་དབང་གནང་སྐབས་འདི་ཨ་མི་དཱེ་ཝའི་སྤྲུལ་པ་ཡིན་གསུངས་ནས་བླ་གོས་གསོལ་ཏེ་ཀུན་བཟང་ཆོས་ཀྱི་ཉི་མར་མཚན་སྤོས། ཕྱི་ལོའི་སོས་ཀར་རྒྱ་རོང་དགོན་དུ་ཕེབས་ནས་ནམ་སྤྲུལ་རིན་པོ་ཆེའི་མདུན་ནས་ཕུར་པ་ཡང་གསང་སོགས་དབང་ལུང་ཁ་ཤས་གསན་སྐབས་ཞབས་བརྟན་སྨོན་ཚིག་དང་འབྲེལ་བའི་མཚན་ཨོ་རྒྱན་བདེ་ཆེན་པདྨ་བཞད་པའི་དཔལ་ཞེས་གསོལ། ཡར་ལམ་རུ་དམ་རྫོགས་ཆེན་པའི་ཆོས་སྡེ་མཇལ་བཞིན་ཁྲོ་ཤུལ་དུ་ཞབས་སོར་བཀོད་ཅིང་། དགོན་སྡེ་ཡོངས་ཀྱིས་དད་གུས་ཚད་མེད་པས་བསུ་བ་དང་ཁྲི་སྟོན་ཕུལ་ཏེ་གོང་མའི་གདན་སར་འཁོད་ཅིང་གླིང་བླ་མ་ནམ་མཁའ་ལས་ཡི་གེའི་སྦྱོར་ཀློག་ལ་སྦྱངས་པ་མཐར་ཕྱིན་གནང་། དགུང་ལོ་དགུ་ལ་སོན་སྐབས་མཁྱེན་བརྩེ་ཨ་བུ་སྤྲུལ་སྐུ་ལས་རིག་འདུས་ཀྱི་ཚེ་དབང་གསན་པ་དང་། རང་ཡུལ་གྱི་བླ་མ་པདྨ་བསྟན་འཛིན་པ་ལས་ཀློང་ཆེན་མཛོད་བདུན་རྩ་འགྲེལ་ཆ་ཚང་བའི་ལུང་གསན། མེ་བྱི་ལོར་དབོན་བླ་མ་འཇིགས་མེད་ཐེག་མཆོག་ལས་སིདྡྷིའི་བུམ་སྒྲུབ་དང་འབྲེལ་བའི་སྤྱི་འདུས་ཀྱི་སྒྲུབ་དབང་དང་། ཉི་གྲགས་ཆོས་ཚན། གུ་དྲག་མེ་འཁྱིལ་སོགས་ཀྱི་དབང་ལུང་གང་མང་གསན། དགུང་ལོ་བཅུ་གཅིག་པ་མེ་གླང་ལོར་སླར་ཡང་རྒྱལ་རོང་དགོན་དུ་ཕེབས་ནས་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ་ལས་ཉི་གྲགས་རྩ་གསུམ་གསང་བ་སྙིང་ཐིག་གི་གྲོལ་ཁྲིད་ལེ་ལག་དང་བཅས་པ། ལས་རབ་རྩལ་གྱི་རྡོར་སེམས་སྙིང་ཐིག་གི་ཁྲིད། སྨིན་གླིང་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་རྩ་རླུང་དང་བཅས་པ། རྗེ་དྲུང་པདྨ་འགྲོ་འདུལ་རྩལ་གྱི་དག་སྣང་སྙན་བརྒྱུད་ཀྱི་ཆོས་སྡེ་ཆ་ཚང་བའི་དབང་ལུང་བཅས་ཟབ་ཆོས་དུ་མ་གསན་ཞིང་། འཕོ་བའི་ཁྲིད་སྦྱང་སྐབས་རླུང་སེམས་དབུ་མར་ཚུད་པའི་ཉམས་སྣང་རྩོལ་མེད་དུ་ཤར་བ་དང་། གསང་བ་སྙིང་ཐིག་གི་ཁྱད་པར་གྱི་སྔོན་འགྲོའི་སྐབས་རིག་ངོ་འཕྲོད་པ་ལ་དཀའ་བ་མ་བྱུང་པས་བླ་མ་ཐུགས་ཤིན་ཏུ་དགྱེས་ཏེ་འབད་མེད་གཞི་གྲོལ་ཞེས་གསང་མཚན་བསྩལ། དགུང་ལོ་བཅུ་གཉིས་པ་ས་སྟག་ལོར་ཡང་བསྐྱར་རྒྱལ་རོང་ལ་ཕེབས་ཏེ་ནམ་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀློང་ཆེན་སྙིང་ཐིག་དང་། མཁའ་འགྲོ་སྙིང་ཐིག་གི་ཁྲིད། རཏྣའི་ཐུགས་སྒྲུབ། མ་ནིང་སྐོར། བདུད་འདུལ་རྡོ་རྗེའི་ཕྱག་རྡོར། ཉང་གཏེར་རྟ་ནག ཐུགས་ཆེན་གསང་འདུས། རྗེ་དབོན་པས་མཛད་པའི་སྦྱིན་བསྲེགས། ཉིད་ཀྱི་ཞལ་གསུང་སྨན་བླ་སོགས་ཆོས་བཀའ་མང་པོའི་དབང་ལུང་གསན་པ་དང་། དེ་འཕྲལ་དབོན་སྤྲུལ་རིན་པོ་ཆེ་རུ་དམ་གདན་སར་གྲུབ་དབང་ལྔ་པ་ཆེན་པོ་ལ་དབང་ལུང་འབུལ་དུ་ཕེབས་པའི་ཞབས་འབྲང་དུ་བྱོན་ཏེ། བཀའ་མ་འདུས་མདོ། བླ་མ་དགོངས་འདུས། ཀར་གླིང་ཞི་ཁྲོ། སྤྱི་འདུས། བྱང་གཏེར་བཀའ་བརྒྱད། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། ཟབ་ལམ་བདེ་གཤེགས་འདུས་པ། ཉི་གྲགས་ཆོས་ཚན་ཚང་མའི་དབང་ལུང་། ལས་རབ་རྩལ་གྱི་དག་སྣང་སྙན་བརྒྱུད་ཀྱི་ཆོས་སྐོར་བཅས་ཀྱི་དབང་ལུང་ཡོངས་རྫོགས་དང་། སྙིང་ཐིག་ཡ་བཞིའི་དབང་ཆ་ཚང་། བཱི་མ་སྙིང་ཐིག་དང་། མཁའ་འགྲོ་སྙིང་ཐིག །ཟབ་མོ་ཡང་ཏིག །སངས་གླིང་ཕུར་སྒྲུབ། རྫོགས་སྤྲུལ་བཞི་པའི་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད། ཉི་གྲགས་ཆོས་སྤྱོད་བཅས་ཀྱི་ལུང་གསན། དགུང་ལོ་བཅུ་གསུམ་ནས་བཅུ་བདུན་བར་རང་ཡུལ་སོགས་སུ་གཞན་དོན་གྱི་དགེ་བསྐུལ་དང་ཐུགས་དམ་བསྙེན་སྒྲུབ་ལ་བཞུགས་ཤིང་། སྐབས་དེ་དག་ཏུ་ཉམས་སྣང་རྨི་ལམ་སྣ་ཚོགས་པའི་ངོར་ཡི་དམ་ལྷའི་ཞལ་གཟིགས་བྱིན་རླབས་དང་། ཡུལ་ལྷ་ཟོ་དོར་མང་པོས་ཕྲིན་ལས་སྒྲུབ་པ་བཅས་ངོ་མཚར་བའི་རྣམ་ཐར་དུ་མ་བྱུང་། དགུང་གྲངས་བཅུ་བདུན་པར་རུ་དམ་ཨོ་རྒྱན་བསམ་ཆོས་གླིང་དུ་ཕེབས་ཏེ་དཔོན་སློབ་རིན་པོ་ཆེའི་ཞལ་སྔ་ནས་རྒྱལ་བཀའ་རིན་པོ་ཆེའི་ལུང་དང་། གླིང་སྤྲུལ་གསུམ་པ་ལས་བཀའ་ཐང་ཟང་གླིང་མའི་ལྗགས་ལུང་གསན་པས་གོང་མའི་ན་བཟའ་སྐུ་ཆོས་ཀྱི་གནང་སྐྱེས་བསྩལ། ལོ་དེའི་དཔྱིད་དུས་ཟླ་བ་གསུམ་པའི་མར་ངོའི་གྲལ་ཚེས་བཅུ་གཅིག་པའི་སྔ་དྲོ་ཉི་མ་བརྒྱད་ཆ་ཤར་བ་གྲིབ་ཚོད་སྐྱེས་བུ་གཅིག་གི་དུས་སུ། གྲུབ་པའི་གནས་མཆོག་བདེ་ཆེན་པདྨའི་ཐང་གི་བཀྲ་ཤིས་པའི་གཙུག་ལག་ཁང་འོད་གསལ་ཐེག་མཆོག་གླིང་དུ། མཁན་ཆེན་པདྨ་དམ་ཆོས་འོད་ཟེར་རམ་མཁས་གྲུབ་པདྨ་བཛྲ་རྩལ་གྱི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཚན་པདྨ་ཆོས་དབྱིངས་འོད་ཟེར་དུ་གསོལ། གཞན་ཡང་རྗེ་དེ་ཉིད་ལས་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་གདམས་ཁྲིད་མནོག་ཆོས་སུ་བཞེས་པས་ཉམས་རྟོགས་ཀྱི་རྩལ་འབར། དེ་བཞིན་སྔ་ཕྱི་རྣམས་སུ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། འཇམ་མགོན་མི་ཕམ། མཚམས་སྤྲུལ་རིན་པོ་ཆེ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། ཨ་འཛོམས་འབྲུག་རྒན་སྣ་ཚོགས་རང་གྲོལ། དགེ་གོང་མཁན་པོ་ཀུན་དཔལ། བ་ཐུར་མཁན་རིན་པོ་ཆེ་ཐུབ་བསྟན་ཆོས་འཕེལ། དགེ་མང་མཁན་པོ་བསོད་ནམས་རྡོ་རྗེ། བླ་མ་བསྟན་འཛིན་དར་རྒྱས། བླ་མ་པདྨ་དོན་ཡོད་སོགས་བཤེས་གཉེན་དམ་པ་དུ་མ་དང་ཕན་ཚུན་ཟབ་ཆོས་ཀྱི་སྐྱེས་འབུལ་བཞེས་མཛད། དེ་ལྟར་རྗེ་ཉིད་སྐུ་ན་གཞོན་སྐབས་ཐོས་བསམ་ཉམས་བཞེས་ཀྱི་གནས་ལ་རྩེ་གཅིག་ཏུ་བརྩོན་པས་སྐྱེས་སྦྱང་གི་མཁྱེན་རབ་ཀློང་ནས་བརྡོལ་ཞིང་ས་ལམ་ལྟ་དགོངས་ཀྱི་ཡང་རྩེར་སོན་པའི་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོར་གྱུར་པས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་སྐྱེས་ཆེན་དུ་མས་བསྔགས་བརྗོད་ཀྱང་ཡང་ཡང་མཛད། དམ་པ་འདིས་དགུང་ལོ་བཅོ་བརྒྱད་པ་ཤིང་སྤྲེལ་ལོར་ནོར་གླིང་དགོན་དུ་ཉི་གྲགས་གཏེར་ཆོས་དང་། ལས་རབ་རྩལ་གྱི་དག་སྣང་ཆོས་སྐོར་གྱི་དབང་ཁྲིད་བསྩལ་པ་ནས་བཟུང་སྐུ་ཚེ་གང་པོར་སྔ་འགྱུར་བཀའ་གཏེར་སྤྱིའི་དབང་ལུང་སྨིན་ཁྲིད་ཀྱི་ཆོས་འཁོར་བར་མེད་དུ་བསྐོར་ཞིང་། ཁྱད་པར་སྔ་ཕྱི་ཀུན་ཏུ་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དང་། རྒྱ་རོང་སྒྲུབ་སྡེ་སོགས་སུ་ཉི་གྲགས་ཆོས་སྐོར་ཀྱི་དབང་ཁྲིད་ཀྱི་རྒྱུན་སྤེལ་བ་སོགས་ལུང་དོན་ལྟར་ཆོས་བརྒྱུད་འདི་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་བྱུང་། རྗེ་ཉིད་སྐུ་ཚེ་གང་པོར་ཕལ་ཆེར་སྐུ་མཚམས་བཅད་རྒྱ་ཁོ་ན་ལ་བཞུགས་ཤིང་དེ་དག་གི་སྐབས་སུ་དཔལ་རི་པདྨ་འོད་དུ་ཕེབས་ནས་ཨོ་རྒྱན་ཆེན་པོའི་ཞལ་མཇལ་བ་དང་། དག་པའི་སྣང་ཆར་ཀུན་མཁྱེན་ཀློང་ཆེན་པས་ཞལ་གཟིགས་རྗེས་བཟུང་མཛད་པ་སོགས་གསང་བ་མཆོག་གི་རྣམ་ཐར་ངོ་མཚར་བ་དུ་མ་རྗེ་ཉིད་ཀྱི་མཛད་པའི་རང་རྣམ་དུ་གསལ་བས་འདིར་ཞིབ་པར་མ་བྲིས། དུས་དང་དུས་སུ་རྫ་རྒྱུད་སྟོད་སྨད་ཀྱི་སྡེ་ཤོག་དུ་མ་ལ་བསྙུང་གནས་དང་ཞིང་སྒྲུབ་སོགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས་མཚོན་དགེ་བསྐུལ་རྒྱ་ཆེན་པོས་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད་པར་མཛད། རྗེ་འདི་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་གསུང་ཆོས་རྡོར་སེམས་སྙིང་ཐིག་གི་སྤྱི་དོན་ལེགས་བཤད་ཉི་ཟླའི་འོད་སྣང་དང་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་སོགས་པོད་གྲངས་འགའ་བཞུགས་པ་མཇལ་རྒྱུ་བྱུང་བས་ངོ་མཚར་བའི་ལེགས་བཤད་འབའ་ཞིག་ཏུ་སྣང་། དེ་ལྟར་བསྟན་འགྲོའི་འགྲོ་དོན་རྒྱ་ཆེར་སྤེལ་ངང་དགུང་གྲངས་རེ་གསུམ་བཞེས་པ་ས་སྦྲུལ་ལོར་ཡུན་རིང་མི་བཞུགས་པའི་གསུང་འཕྲོས་གནང་བ་དང་། ཞལ་སློབ་ནང་མ་དག་ལ་ཟབ་ཆོས་འགའི་བཀའ་རྒྱ་བཀྲོལ་ཏེ་གསུངས་པ་བཅས་ཐ་མའི་འགྲོ་དོན་བསྐྱངས་པའི་ཚུལ་གྱིས་དགོངས་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །

[༤༤] མཁས་པའི་དབང་ཕྱུག་མི་ཉག་ཀུན་བཟང་བསོད་ནམས།

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་ཨོ་རྒྱན་བསྟན་འཛིན་ནོར་བུ་རྣམ་གཉིས་ཀྱི་ཞལ་སློབ། དཔལ་སྤྲུལ་རིན་པོ་ཆེ་ལ་རང་ལས་ལྷག་པའི་སློབ་ཆེན་བཞི་ཞེས་གྲགས་པའི་ཡ་གྱལ་སྤྱོད་པ་རང་ལས་ལྷག་པ་མི་ཉག་ཀུན་བཟང་བསོད་ནམས་ནི། དགྲ་བཅོམ་འཕགས་པ་བ་ཀུ་ལ་ཡི་རྣམ་རོལ་ཏུ་དམ་པ་དུ་མས་ཡང་ཡང་བསྔགས། སྐྱེས་ཐོབ་ཀྱི་མཁྱེན་རབ་ཟླ་དང་བྲལ་ཞིང་གྲུབ་མཐའ་རིས་མེད་ཀྱི་ཆོས་སྡེ་དུ་མར་ཕེབས་ནས་མདོ་དང་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་ལ་གསན་བསམ་མཐར་ཕྱིན་མཛད། རི་བོ་དགེ་ལྡན་པའི་ལྟ་གྲུབ་ལའང་རང་བྱན་ཆུད་པས་དགེ་བཤེས་ཀྱི་མཚན་རྟགས་ཐོབ། ཨོ་རྒྱན་བསྟན་འཛིན་ནོར་བུའི་ཞབས་པད་ཡུན་དུ་བསྟེན་ནས་སྔ་འགྱུར་རང་ལུགས་ཀྱི་ལྟ་གྲུབ་སྟོན་པའི་གཞུང་ལུགས་དུ་མའི་བཤད་ཁྲིད་གསན། ཁྱད་པར་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཐུན་མིན་རིགས་བདག་ཏུ་བསྙེན་ནས་སྤྱོད་འཇུག་ཁོ་ན་ཚར་བརྒྱད་ཅུ་ཙམ་གསན་པས་མཚོན་རྒྱ་བོད་ཀྱི་གཞུང་ལུགས་སྤྱི་དང་། རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བ། རྫོགས་ཆེན་སྙིང་ཐིག་ཆེན་མོའི་མྱོང་ཁྲིད་སོགས་ཐུན་མིན་ཟབ་ཆོས་མཐའ་ཡས་པ་བཞེས་ནས་ཐུགས་དམ་ཉམས་བཞེས་མཛད་པས་རྟོགས་པའི་གོ་འཕང་མཐོན་པོར་སོན། རྗེ་ཉིད་ཀྱི་ཞལ་ནས། དཔལ་སྤྲུལ་བཀའ་དྲིན་ཅན་གྱི་མདུན་ནས་སྒལ་ཚིགས་ཀྱི་ངོས་སུ་རི་མོ་གསུམ་བྲིས་ཡོད་པ་ནམ་ཡང་ཟུབ་མི་ཡོང་ཞེས་ཆོས་ཀྱིས་ཐུགས་རྒྱུད་ཡོངས་སུ་ཁེངས་པའི་གསུང་བྱོན། སྐུ་ཚེ་གང་པོར་ངེས་མེད་ཀྱི་རྒྱལ་ཁམས་འགྲིམས་ནས་སྙིང་པོའི་ཉམས་བཞེས་ལ་བརྩོན་པར་བཞེད་ཚེ། ཨ་བུའི་ཞལ་ནས་རྒྱལ་ཁམས་འགྲིམས་ནས་ཕེབས་མི་དགོས་ལུང་རྟོགས་ཁྱོད་གཉིས་རང་ཡུལ་དུ་ལོག་ནས་རི་ཁྲོད་རེ་ཟུང་དང་བསྟན་འགྲོའི་དོན་འབྱུང་ཡོང་གསུངས་པས་རང་ཡུལ་དུ་ལོག་རྒྱུ་མཛད། སྐུ་ཚེ་གང་པོར་བསླབ་སྡོམ་མིག་འབྲས་བཞིན་སྲུང་ཞིང་ལས་འབྲས་ལ་རྩིས་ཞིབ་ཁོ་ན་མཛད་པས་སྤྱོད་པ་རང་ལས་ལྷག་པ་མི་ཉག་ཀུན་བཟང་བསོད་ནམས་ཞེས་ཡོངས་སུ་གྲགས། རང་ཡུལ་དུ་བྱོན་ཁར་ཨ་བུ་རིན་པོ་ཆེས་ཇ་བག་ཞིག་དང་སྤྱོད་འཇུག་ཕྱག་དཔེ་བཅས་སྐྱེས་སུ་གནང་བ་བསྣམས་ཏེ་མི་ཉག་ཕྱོགས་སུ་ཕེབས། སྦ་ཞབས་བྲག་དཀར་དང་བེ་ལོ་རི་ཁྲོད་སོགས་དབེན་གནས་རྣམས་སུ་བཞུགས་ནས་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་དང་། སྤྱོད་འཇུག ཤེར་ཕྱིན། འདུལ་མངོན་སོགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། མདོ་ཕྱོགས་རྣམས་གསར་མའི་ལུགས་དང་། སྔགས་ཕྱོགས་རྣམས་སྔ་འགྱུར་རང་ལུགས་ཀྱི་བཞེད་པ་ལྟར་མཛད། ཕར་ཕྱིན་དང་མངོན་པའི་མཐའ་དཔྱད་སོགས་དཀའ་འགྲེལ་དུ་མ་དང་། ཁྱད་པར་ཨ་བུའི་གསུང་ལས་ཁྱེད་ཀྱིས་གསར་ཕྱོགས་ཀྱི་བཞེད་སྲོལ་ལྟར་སྤྱོད་འཇུག་འགྲེལ་ཆེན་ཞིག་བྲིས་ཞེས་བསྐུལ་བ་ལྟར་རྒྱ་བོད་གཉིས་ལ་མ་བྱུང་བའི་འགྲེལ་ཆེན་གཞུང་མཛོད་གཅིག་གིས་གཞུང་བརྒྱའི་གོ་ཆོད་པ་ཤོག་ལྡེབ་སྟོང་ཕྲག་ལ་ཉེ་བའི་སྤྱོད་འགྲེལ་ཆེན་མོ་མཛད། དུས་རྒྱུན་ཨ་བུས་གནང་བའི་ཇ་དུམ་དེ་དར་གོས་ཀྱིས་དྲིལ་ནས་གར་བཞུགས་ཀྱི་དབུ་ཐོག་ཏུ་བཏགས། ཇ་འདི་ཨ་བུས་ང་འོང་དུས་ཕྱག་གཉིས་ཀྱིས་སྤྱོད་འཇུག་ཕྱག་དཔེ་དང་ལྷན་དུ་རྫ་ཆུ་ཁའི་འབྲོག་སྐད་ཀྱིས་ཀུན་བསོད་ཁྱོད་ཚེ་རིང་ཨི་གོ་ཞེས་ཐུགས་སྨོན་གནང་བཞིན་བསྩལ་བ་ཡིན་ཞེས། ཇ་དེ་ནམ་གཟིགས་སྐབས་ཨ་བུ་བཀའ་དྲིན་ཅན་མཁྱེན་ཞེས་ཕྱག་ཐལ་མོ་རེ་སྦྱར་བར་མཛད་དེ་སྤྱན་ཆབ་ཕྱུང་བར་མཛད། ལོ་གསར་ནམ་ཚེས་སྐབས་ཇ་དེ་ཕྲན་བུ་རེ་གཏུབས་ཏེ་ཐབ་ཏུ་སྐོལ། ཞལ་སློབ་ཐམས་ཅད་ལ་ཤོག་གསུངས་ནས་ཨ་བུས་གནང་བའི་བྱང་ཆུབ་ཀྱི་སེམས་དང་འདྲེས་པའི་བྱིན་རླབས་ཀྱི་བདུད་རྩི་ཡིན་ཞེས་དད་གུས་ཆེན་པོས་བཞེས་པར་མཛད། ཐུགས་སྲས་སློབ་མའི་གཙོ་བོ་མི་ཉག་ཨ་དཔལ་ཞེས་རྫོགས་སྤྲུལ་ལྔ་པ་ཆེན་པོས་ཤྲཱི་སེང་ཆོས་གྲྭར་མངོན་པ་འཆད་པར་ཆེད་དུ་གདན་ཞུས་མཛད་པ་དེ་སོགས་བསྟན་རྒྱུན་ལ་སྨན་པའི་མཁས་པའི་ཁྱུ་མཆོག་མང་པོ་ཤར་མི་ཉག་དང་། རྟའུ། བྲག་མགོ་སོགས་སུ་བྱོན། སྐུ་མྱ་ངན་ལས་འདའ་ཁར་ཉེ་གནས་ལ་ད་དེ་རིང་སྣམ་སྦྱར་འདི་སྒོ་ལ་ཁྱེར་ཏེ་རྡུལ་སྤྲུག་ཅིག་བྱོས་ལ་མི་ཉག་ཀུན་བསོད་ཀྱིས་སྡོམ་མགོ་ཐོན་སོང་ཞེས་སུམ་ཅུ་རྩ་གསུམ་མན་ཆད་གོ་བར་བྱེད་པའི་སྐད་ཤུགས་ཆེན་པོས་འབོད་དགོས་གསུངས། དེ་ནས་ཆོས་སྣམ་ཀུན་ལེགས་པར་མནབས་ནས་ཙོག་པུར་ཆོས་སྐུའི་བཞུགས་སྟངས་མཛད་དེ་གཞི་དབྱིངས་ཆོས་སྐུའི་རྒྱལ་སར་མངོན་པར་བྱང་ཆུབ་པར་མཛད་དོ། །

[༤༥] ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ།

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་མཁན་ཆེན་པདྨ་བཛྲ་རྣམ་གཉིས་ཀྱི་ཞལ་སློབ་ཨ་འཛོམས་འབྲུག་རྒན་རིན་པོ་ཆེ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ནི། ཇི་སྐད་དུ། རིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། ད་ལྟའི་རཏྣ་ཤྲཱི་ཡང༔ མ་འོངས་ཀཿཐོག་ཤར་ཕྱོགས་སུ༔ ཨ་ཡི་མིང་ཅན་འགྲོ་དོན་འབྱུང༔ ཞེས་དང་། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ལུང་བསྟན་དངུལ་དཀར་མེ་ལོང་ལས། པདྨའི་ཕྲིན་ལས་སྤྲུལ་བ་བརྒྱ་ཕྲག་འགྱེད༔ ལྔ་བདོའི་དུས་འདིར་ཕྲིན་ལས་གློག་ལས་མྱུར༔ ཁྲོམ་གྱི་ཡུལ་དུ་སྐྱེས་བུ་གཡུ་འབྲུག་མིང༔ ཞལ་མཇལ་གསུང་ཐོས་རྔ་ཡབ་གླིང་དུ་སྐྱེ༔ སྡེ་གཉིས་འདུ་བའི་མཚན་སྙན་སྲིད་རྩེར་བསྒྲེང༔ ཞེས་དང་རིག་འཛིན་གསང་སྔགས་གླིང་པའི་ལུང་བསྟན་ལས། རྨ་ཐོག་སྤྲུལ་པ་འབྲུག་གི་མིང༔ ཤར་རམ་ལྷོ་ཡི་ཕྱོགས་ནས་འབྱུང༔ ཞེས་དང་། མཆོག་གྱུར་བདེ་ཆེན་གླིང་པའི་རུ་དམ་ཟིལ་ཁྲོམ་གནས་ཀྱི་མདོ་བྱང་ལས། ལས་ཅན་འབྲུག་གི་མིང་ཅན་གྱིསཿ ཟབ་མོའི་ཐུགས་གཏེར་ལྷོ་ནས་འབྱེད། སྦས་ཚུལ་རང་གཞན་དོན་གཉིས་སྤྱོད༔ ཞེས་སོགས་གང་དུ་སྐུ་བལྟམས་པའི་ཡུལ་དུས་དང་མཚན་སྒྲ་སོགས་གསལ་བར་ལུང་གིས་ཡང་ཡང་བསྟན་པ་ལྟར། སྤྱི་ལོ་༡༨༤༢པ་རབ་བྱུང་བཅུ་བཞི་པའི་ཆུ་སྟག་ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་ཉིན་ཡབ་རིག་པ་འཛིན་པ་བསོད་ནམས་རྒྱ་མཚོ་དང་། སྐྱེད་ཡུམ་ཨ་འཛི་ཨ་སྡོ་ཚང་གི་བུ་མོ་ཨ་ཀ་གཉིས་ཀྱི་སྲས་སུ་མདོ་ཁམས་ཁྲོམ་ཁོག་ཏུ་སྐུ་འཁྲུངས། རྨོག་གྲུབ་ཐོབ་ནམ་མཁའ་ཆོས་དབང་གི་ཐུགས་སྲས་ཨ་འཛོམས་རིག་འཛིན་ཆེན་པོ་སངས་རྒྱས་བཀྲ་ཤིས་ཞེས་པ་སྐུ་འདའ་ཁར་ང་རང་གི་ཡང་སྲིད་རང་ཁྱིམ་དུ་འཁྲུངས་འོང་ཞེས་ཞལ་ཆེམས་བསྩལ་བ་ལྟར། ཀཿཐོག་དྲི་མེད་ཞིང་སྐྱོང་དཔལ་ཆོས་ཀྱི་རྡོ་རྗེས་དེ་ཉིད་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད་པ་དང་། ཁྲོམ་གྲུབ་ཐོབ་རྒྱལ་བ་བྱང་ཆུབ་ཀྱིས་འབྲུག་པདྨ་དཀར་པོའི་སྐྱེ་བར་བསྔགས་ནས་ཨ་འཛོམས་འབྲུག་པ་ཞེས་གྲགས། གཅོད་ཀྱི་གྲུབ་ཐོབ་བླ་མ་ཆོས་དཔལ་ཞེས་པས་ཚེ་དབང་གནང་སྟེ་ཁོང་གི་གཟིམས་ལམ་ལ་གཟིམས་སྦྲའི་ཕུག་ཏུ་ཉི་མ་ཤར་ནས་རྒྱལ་ཁམས་འོད་ཀྱིས་གང་བ་ཞིག་རྨིས་པས་གཙང་སྦྲ་ལེགས་པོ་གྱིས་གསུངས་ནས་ཕྱག་མདུད་སོགས་གནང་། དགུང་གྲངས་བཞི་ལྔར་སོན་ཚེ་ཞེ་ཆེན་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་སྐྱབས་སྡོམ་བཞེས་པས་མཚན་པདྨ་མདོ་སྔགས་ལྷུན་གྲུབ་བཟང་པོར་གསོལ། ཁོང་གི་མནལ་ལམ་དུ་དུང་དཀར་ཆེ་ཆུང་གཉིས་འདུག་པ་ཆུང་བ་དེ་བུས་པས་དུང་སྒྲས་བོད་ཡུལ་ལྷ་ས་མན་ཆད་ཐོས་པ་ཞིག་རྨིས་པས་བུ་འདི་རིགས་བཟང་ཞིག་ཡིན་གསུངས། དགུང་གྲངས་བཅུ་གཉིས་པར་ཀཿཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ངེས་དོན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་ཨ་ཁུ་དང་སྐུ་མཆེད་བཅས་ཕེབས་ནས། ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲིད་གསན་པའི་ཉིན་དང་པོར་མཐའ་དཔྱད་རྒྱས་སྤྲོས་མཛད་དེ་གསུངས་པས་ཚིག་ཇི་ལྟ་བ་བཞིན་ཁོང་དུ་མ་ཆུབ་ཀྱང་དོན་གནད་ཕལ་ཆེར་ལ་གོ་བ་རྣལ་མ་སྐྱེས། འཆི་བ་མི་རྟག་པའི་ཁྲིད་ཀྱི་སྐབས་ནམ་འཆི་ཆ་མེད་ཀྱི་མྱོང་བ་སྐྱེས་ནས་ཐུགས་སྐྱོ་སྟེ་ཞལ་རས་མདོག་འགྱུར་བ་དང་ཉིན་མཚན་ཀུན་ཏུ་བཤུམ་པར་མཛད། སི་ཏུ་རིན་པོ་ཆེ་ལན་མང་དུ་མཇལ་བའི་ཐ་མར་སྐུ་གསུང་ཐུགས་རྟེན་བྱིན་ཆེན་གྱིས་གཙོས་པའི་གནང་སྦྱིན་རྒྱ་ཆེན་བསྩལ་ནས་ཕྱིན་ཆད་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་རྗེས་འཛིན་དགོས་ཚུལ་བཀའ་གསུང་ནན་ཏན་གནང་། དགུང་གྲངས་བཅུ་གསུམ་བཞེས་དུས་ནས་སྤྲོས་མེད་ཀྱི་ཉམས་ལེན་ཁོ་ནར་བརྩོན་པ་མཛད་ཅིང་དག་པའི་གཟིགས་སྣང་སྣ་ཚོགས་པ་བྱུང་བ་དང་རྡོ་རྗེའི་མགུར་མང་པོ་བཞེངས། སྤྱིར་སྐུ་གཞོན་ནུའི་སྐབས་དམ་ཆོས་འདུལ་བའི་བསྟན་པ་ལ་ཐུགས་འདུན་ཤིན་ཏུ་ཆེ་ཞིང་ཚིགས་གསུམ་རིམ་ནོད་ལྟ་བུའི་སྡོམ་པ་མ་ཐོབ་ཀྱང་ཆོས་གོས་རྣམ་གསུམ་འབྲལ་མེད་མཛད་ཅིང་། ཕྱིས་སུའང་སོ་སོར་ཐར་པའི་སྡོམ་པ་འདི་ཐུབ་བསྟན་གྱི་གཞི་མ་ཡིན་ཞེས་གཞི་གསུམ་གྱི་ཕྱག་ལེན་བསྟར་བ་སོགས་ལ་ཕྱག་ཐལ་མོ་སྦྱར་བཞིན་རྗེས་སུ་ཡི་རངས་ཁོ་ན་མཛད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་རྒྱ་ཆེན་སྤྱོད་སྲོལ་གྱི་བྱང་ཆུབ་སེམས་སྡོམ་གསན། སྐུ་ན་ཅུང་སྨིན་སྐབས་རུ་དམ་རྫོགས་དགོན་དུ་ཕེབས་ནས་དབུ་མ་རྩ་འཇུག་བཞི་གསུམ་དང་། མངོན་མཛོད་སོགས་མདོ་ཕྱོགས་ཕལ་ཆེར་གསན་བསམ་མཐར་ཕྱིན་གནང་ནས་གཞན་ལ་འཆད་ཐུབ་པ་མཛད། དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་དང་། དགོན་སྤྲུལ་རང་གྲོལ་གཉིས་ལས་གནམ་ཆོས་སངས་རྒྱས་ལག་བཅང་། རཏ་གླིང་ཐུགས་སྒྲུབ་སྐོར། མ་ཏིའི་སེང་གདོང་། ཞི་ཁྲོ་དགོངས་པ་རང་གྲོལ། བར་དོ་དྲུག་ཁྲིད་སོགས་དབང་ལུང་རྒྱ་ཆེར་གསན། བྲག་དཀར་རི་ཁྲོད་དུ་དགེ་ཕྱོགས་ཀྱི་མཁས་གྲུབ་ཆེན་པོ་གྲགས་པ་དོན་གྲུབ་ཕེབས་པའི་དྲུང་ནས། སྤྱོད་འཇུག་ལེའུ་བཞི། གསང་འདུས་ལྷ་མང་། བདེ་མཆོག་དྲིལ་བུ་ལུགས། མགོན་པོ་དཀར་མཐིང་གི་དབང་ལུང་བཅས་གསན་པས་ཐུགས་དགྱེས་ཚུལ་གྱིས་ཁྱེད་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མའི་རིགས་ཅན་དུ་འདུག་པས་བྱང་ཆུབ་སེམས་ལ་བློ་སྦྱོང་གྱིས་ཞེས་གདམས། ཁྱད་པར་འཇའ་ལུས་པ་ཉག་བླ་པདྨ་བདུད་འདུལ་དང་མཇལ་ཏེ། ཁྲོམ་གསེར་གཞུང་དུ་འདུས་པ་མདོ་དབང་ཆེན་པོ་གསུངས་པའི་དབང་དཔེ་འབུལ་རྒྱུ་སོགས་ཞབས་ཏོག་བཀའ་བཞིན་ཞུས་པས། ཁྱེད་རང་སྐྲ་ལྕང་ལོ་ཞོག་ལ་ཁྱིམ་པ་ལོངས་སྐུའི་ཆས་འཆང་ཞིང་འདོད་ཡོན་ལྔ་ལ་སྤྱད་ནས་རྫོགས་པ་ཆེན་པོའི་ཆོས་སྐལ་པ་དང་འཚམས་པར་འཆད་སྤེལ་མཛད་ན་བསྟན་པ་ཉི་མ་ཤར་བ་ལྟར་འབྱུང་བར་ལུང་བསྟན་ཀྱང་། སྐུ་ཆུང་ངུ་ནས་དགེ་སློང་བསོད་སྙོམས་ལ་བརྟེན་པ་ཞིག་གིས་འཆི་ཁ་མི་འགྱོད་པའི་ཐབས་ལ་ཐུགས་འདོད་ཆེ་བས། ཁྱིམ་ཐབས་བཟུང་མི་དགོས་པར་གནང་བ་ཡང་ཡང་ཞུས་ཚེ་མཐར་ནམ་ཞིག་ན་སྐྲ་བཞག་རྒྱུ་སོགས་མ་བྱས་ཐབས་མེད་ཅིག་རེད་འོང་དེ་དུས་རིམ་གྱིས་གསལ་འོང་གསུངས། ཟབ་ཆོས་མཁའ་ཁྱབ་རང་གྲོལ་གྱི་དབང་ཁྲིད་ལུང་བཅས་བུམ་པ་གང་བྱོའི་ཚུལ་དུ་གནང་། ཆོས་བདག་ལུང་བསྟན་ཁ་བྱང་ལས། ཟབ་རྒྱའི་ཆོས་ཀྱི་སྒོ་འཕར་འབྱེད་པའི་ཚེ༔ གྲུབ་ཐོབ་རྨ་ཐོག་རིན་ཆེན་སྤྲུལ་པ་ནི༔ ཁྲོམ་གྱི་ཕྱོགས་སུ་ཟབ་གཏེར་བདག་པོ་འབྱུང༔ དེ་དང་འཕྲད་ན་སྐལ་ལྡན་དཔག་མེད་གྲོལ༔ ཅེས་གསུངས་ཀྱང་འཆད་སྤེལ་དང་ཆོག་བསྒྲིགས་སོགས་རྟེན་འབྲེལ་མ་འགྲིགས། ཧོར་སྟོད་དུ་ཨ་ལ་ཆུ་ཤོད་ཚང་དུ་ཕེབས་སྐབས་ཇོ་བོའི་བྱང་ཆུབ་ལམ་རིམ་མཆན་མ། རྫོགས་ཆེན་ལམ་རིམ། ཕྱག་ཆེན་ལམ་རིམ་སོགས་མཇལ་བས། རྗེ་རིན་པོ་ཆེར་ཐེ་ཚོམ་ལོག་ལྟ་གཞི་མེད་དུ་དྭངས་ཤིང་མོས་གུས་དྲག་པོས་དམིགས་བརྩེ་མ་འབུམ་བསགས། གསར་རྙིང་བན་བོན་ཀུན་ལ་ཁྱད་མེད་ཀྱིས་དག་སྣང་སྐྱེས་པར་བྱུང་གསུངས། སྔར་སི་ཏུ་རིན་པོ་ཆེས་འཇམ་མགོན་མཁྱེན་བརྩེ་ལས་དབང་རྒྱས་པ་ཞིག་ཨེ་ཐོབ་ལྟོས། ད་ལྟ་ཁམས་ཕྱོགས་འདིར་བུམ་པ་ལག་ཏུ་ལེན་ཤེས་པ་ཁོང་ཙམ་ཡིན་ཞེས་བཀའ་བསྩལ་བ་བཞིན། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་དྲུང་དུ་ལན་གྲངས་ཉི་ཤུ་རྩ་བདུན་གྱི་བར་སྐུ་བཅར་ཞུས་པས་ཐུགས་དགྱེས་ཚུལ་གྱིས་དབང་ལུང་ཤིན་ཏུ་མང་པོ་དང་། ཁྱད་པར་སྙིང་ཐིག་མ་བུ་སོགས་འོད་གསལ་གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་ལྷག་མེད་བུམ་པ་གང་བྱོས་ཚུལ་དུ་གནང་སྟེ་རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། གཞན་ཡང་བྱང་གཏེར་དགོངས་པ་ཟང་ཐལ། ལྷ་བཙུན་རིག་འཛིན་སྲོག་སྒྲུབ། འཇའ་ཚོན་ཞི་དྲག་སེང་གསུམ། ཀཿཐོག་ནམ་མཁའ་རྒྱ་མཚོའི་རྫོགས་ཆེན་ཁྲིད། ན་རོ་མཁའ་སྤྱོད་བྱིན་རླབས་ཁྲིད་བཅས། སྒྲུབ་ཐབས་ཀུན་བཏུས་ཀྱི་དབང་ཆེན། གྲུབ་ཐོབ་ཐུགས་ཐིག་ལྟ་སྒོམ་སྤྱོད་པའི་ཁྲིད། རྡོ་རྗེ་བདུད་རྩིའི་སྐོར། སྙན་བརྒྱུད་སྐོར་ཡོངས་རྫོགས། འཆི་མེད་འཕགས་མའི་སྙིང་ཐིག ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་བསམ་པ་ལྷུན་གྲུབ། སྒྲོལ་མའི་ཟབ་ཏིག ཁྱད་པར་དུ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཆོས་བདག་ཏུ་གཟེངས་བསྟོད་ནས་རྩ་བ་ཡན་ལག་གི་དབང་ཁྲིད་རྒྱས་པར་གནང་། ལས་ཀྱི་མཁའ་འགྲོའི་ཟོར་དབང་ལ་སྔགས་ཆས་གསོལ་ནས་ཟོར་འཕངས་པས་ཀླ་ཀློའི་གྲོང་ཁྱེར་མང་པོ་འཇིག་པའི་ལྟས་གསལ་བར་གཟིགས། དབང་ཁྲིད་གྲུབ་རྗེས་ཚོགས་འཁོར་མཛད་ནས་ཐུགས་དགྱེས་ཉམས་བཅས་བཞད་མོ་ཆེན་པོ་མང་དུ་མཛད། རྗེ་འདིས་བཀའ་ཡི་བསྐུལ་མ་བཞིན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བློ་གྲོས་མཐའ་ཡས་ལས་རིན་ཆེན་གཏེར་མཛོད་ཆེན་མོ་དང་། བཀའ་བརྒྱུད་སྔགས་མཛོད་གསན། གྲུབ་དབང་རྫོགས་ཆེན་པའི་མཁན་ཆེན་རྡོ་རྗེ་འཆང་པདྨ་བཛྲ་རམ་པདྨ་རྡོ་རྗེའི་ཞལ་སྔ་ནས་བླ་མ་ཡང་ཏིག་གི་དབང་ཁྲིད་རྒྱས་པ་གསན་ཅིང་ལྷ་བཙུན་ནམ་མཁའ་འཇིགས་མེད་ལྟ་བུའི་རྣལ་འབྱོར་པའི་མཛད་པ་སྐྱོང་དགོས་པར་ལུང་བསྟན། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་མདུན་དུ་སྔ་ཕྱིར་ལན་གྲངས་བདུན་ལ་ཕེབས་ནས་འོད་གསལ་རྫོགས་པ་ཆེན་པོའི་བཤད་བརྒྱུད་སྐོར་ཕལ་ཆེར་མ་ཚང་བ་མེད་པ་གསན་པར་གྲགས་སྟེ། དེ་ཡང་རྗེ་འདི་ཉིད་རྫ་ཆུ་ཁར་དབྱར་སྒར་བྱོན་སྐབས་ཞིག་ན་ཨ་བུའི་གསུང་ཆོས་ཁ་ཤས་མཇལ་བའི་རྐྱེན་གྱིས་ཐུན་མོང་མ་ཡིན་པའི་དད་པ་འཁྲུངས་ནས། དཔལ་སྤྲུལ་རིན་པོ་ཆེ་དྲེལ་དཀར་ཕུག་ན་བཞུགས་ཡོད་པའི་དྲུང་དུ་བྱོན་པར་རྒྱུས་ཤེས་ཀྱི་ལམ་སྣ་པ་ཞིག་ཁྲིད་ནས་བྱོན་པས་ཐད་ཀ་དེར་སླེབས་པ་དང་། བླ་མ་སྐུ་གཟུགས་རིང་པོ་ཞིག་ཆུ་ལེན་དུ་ཕེབས་པར་མཇལ་བ་ཡུལ་མི་དེས་ཨ་བུ་རིན་པོ་ཆེ་ཡིན་ཚུལ་ལབ་པས། ཁོང་དཔོན་གཡོག་ཆིབས་ལས་བབ་སྟེ་ཐུགས་མི་དགྱེས་པར་དོགས་ནས་སྒར་གཞིས་རྒྱང་རིང་དུ་བཞག་སྟེ་སྐུ་བཅར་བྱས། ཕུག་པའི་ཕྱི་རོལ་ནས་ཕྱག་བྱས་ཏེ་ཕུག་པའི་སྒོར་ཡུན་དུ་བཞུགས་པའི་སྐབས་ཤིག་ན་ཁྱེད་སུ་ཡིན་གསུངས་པར་ཁྲོམ་ཐ་པ་ཞིག་ཡིན་པའི་ལན་ཕུལ་བས། ཨ་འཛོམས་འབྲུག་པ་འདིར་ཕྱོགས་དབྱར་ལྡོམ་ཕེབས་ཡོད་པའི་གྲྭ་པ་འདྲ་ཡིན་ནམ་ཞེས་དྲིས་མཛད་པར་དེ་འདྲའི་མིང་ཐོག་ང་རང་ལགས་ཞུས་པས། བཞུགས་གདན་ལས་འབོལ་ཞིག་བླངས་ནས་འདི་ང་ལ་མགོ་ལོག་རྒད་པོ་ཞིག་གིས་བྱིན་པ་ཡིན་པས་དེར་བཞུགས་གསུངས་ཀྱང་བཞུགས་གདན་སྟེང་མ་བཞུགས་ནས་ཕྱག་གི་གྲུ་མོ་བསྟེན་པའི་ཚུལ་གྱིས་བཞུགས། དེ་ནས་ཅང་མི་གསུང་པའི་ཚུལ་གྱིས་ཇ་བསྐོལ་བ་དང་། བག་ཟན་སྲབ་མོ་མར་གྱིས་བྱུག་པ་ཞིག་འདུག་པ་གཡོས་སུ་སྦྱར་ནས། ཇ་ཞིག་གསོལ་དགོས་ཀྱང་ཁྱེད་བླ་ཆེན་གྱི་གསོལ་ཞལ་གྲྭ་པ་ལ་ཁུར་བཅུག་ནས་ཡོད་དམ་གསུངས་པར། དེ་འདྲའི་སྤྲོས་པ་ནམ་ཡང་མེད། ཕོར་བ་རང་གི་རུམ་ན་ཡོད་ཅེས་ཞུས་ནས་རུམ་ནས་གསོལ་ཞལ་བཏོན་པར་ཐུགས་དགྱེས་ཚུལ་ཆེན་པོས། ཕ་འདྲེན་གྱི་བླ་མ་ཕ། མ་འདྲེན་གྱི་བླ་མ་མ། དེ་རིང་ང་ཡི་ཨ་མ་ཐོན་པ་ཡིན་ཞེས་ཐུགས་སྤྲོ་བ་ལྟར་མཛད། སྔར་ཁོང་གི་མ་ཡུམ་འདས་སྐབས་འཕོ་འདེབས་མཛད་པ་ཡིན་པས་དེས་གསུངས་པ་འདྲ་སྙམ་པ་ཐུགས་ལ་ཤར། ཕུག་པའི་སྒོ་ཐོག་ཏུ་སྔོ་ཕུང་ཞིག་ཡོད་པ་དེ་ལ་ཐི་བྱ་ཞིག་བབ་ནས་གཤོག་གུར་ཕུབ་པ་ལ་གཟིགས་ནས། དེ་རིང་དུད་འགྲོ་བྱ་ཚོས་ཉམས་དགའ་དགའ་འབྱེད་འདུག་སོགས་གསུང་གླེང་ཞིབ་རྒྱས་མཛད། སྙིང་ཐིག་གི་རྩ་རླུང་སྐོར་ཕྱག་ཁྲིད་གནང་བར་བསྐུལ་ཚེ་ཕྲན་ནས་སྔ་མོ་ཞིག་ལ་རྩ་རླུང་གི་ཁྲིད་ཧ་ལམ་ཐོབ་པ་ཡིན་ཡང་ད་བརྗེད་ཚར་བ་འདྲ་སྟེ་ཅི་དགོས་བལྟ་གསུངས། ཕྱི་ཉིན་སྔ་བར་རྗེ་འདི་བཞུགས་པའི་གཟིམས་གུར་དུ་ཕེབས་ནས་བཞུགས་གདན་ལ་གཟིགས་ཏེ། ང་བླ་ཆེན་གྱི་གདན་གྲུམ་རྩེ་ཀུན་རིག་གི་དཀྱིལ་ཐང་ལྟ་བུའི་ཐོག་ཏུ་ད་སྔ་འདུག་མ་མྱོང་ཡང་དེ་རིང་ཨ་མཚར་གྱིས་འདུག་གསུངས་ནས་གདན་ལ་བཞུགས། སྐུ་རུམ་ནས་ཨང་རག་ཞིག་བླངས་ནས་གསང་སྔགས་འདི་དར་ཡང་ཆེ་སྟེ་ཀུན་ཀྱི་བགོ་སྐལ་དུ་གྱུར་དཀའ་འདུག གསར་ཕྱོགས་ཀྱི་དགེ་བཤེས་མཁས་པ་འགའ་ཞིག་གིས་ཨང་རག་དེ་ཅི་འདྲ་བ་ཡོད་ཅེས་དྲིས་བྱུང་ཡང་ལོ་རྒྱུས་ཕྱོགས་ཙམ་ལས་གསང་སྒྲོག་མ་བྱས། ངེད་ལ་སྔ་མོ་འོག་གདོན་གྱི་ནད་དྲག་པོ་ཞིག་ཐེབས་པའི་གཉེན་པོར་རྩ་རླུང་སྦྱངས་པས་ལུས་འདིའི་སྟེང་ཨཾ་རག་དགུ་ཟད་པ་ཡིན། དེའི་བྱིན་རླབས་ཀྱིས་ནད་དེ་གཏན་ཡལ་དུ་སོང་བས་ད་ནི་འདས་རྐྱེན་དང་གཞན་ལ་གནོད་དོགས་སོགས་མེད་ངེས་ཡིན། འཕྲུལ་འཁོར་འདི་ཁྱེད་ཀྱིས་གཟིགས་དང་ཐུགས་ལ་ངེས་པ་འདིས་དགའ། ཁྱེད་ཀྱི་སྐུ་ཉེ་སྨིན་གྲོལ་དང་ངེད་རང་གཉིས་ཀྱིས་འཕྲུལ་འཁོར་བྱ་གསུངས་ནས་ཞིབ་རྒྱས་སུ་མཛད། ཧཱུྃ་ཀ་རའི་འཕྲུལ་འཁོར་སྐབས་བླ་མ་ཉིད་ལྷ་སྐུ་དེའི་རང་བཞིན་དུ་གཟིགས་སྣང་ཁྱད་པར་ཅན་བྱུང་། ཐེངས་ཤིག་དཔལ་སྤྲུལ་རིན་པོ་ཆེས་ཕྱག་འཚལ་བ་ལ་མཇལ་བས། ཚུར་གཟིགས་ཏེ་ཁྱེད་ལ་ཅི་གསུང་རྒྱུ་འདུག་གསུངས་པར་གཞན་ཞུ་རྒྱུ་མེད་ཀྱང་ཨ་བུའི་ཕྱག་འཚལ་ལུགས་ལ་བལྟ་བ་ཡིན་ཞུས་པས། ཐུགས་དགྱེས་ཏེ་ཁྱེད་སྐུ་ཚེ་རིང་། ད་ལྟ་ཐམས་ཅད་ཀྱིས་བསྐྱེད་རྫོགས་རྫོགས་ཆེན་ཟེར་ནས་མཐོ་སྙབ་བྱེད་པ་མ་གཏོགས་དགོས་པའི་ཆོས་འདི་ཚོ་ལ་བལྟ་མཁན་ཉན་མཁན་སུ་ཡང་མི་འདུག་ཀྱང་ཕྱག་འདི་གནད་ཆེ། མདོ་ཕྱོགས་ནས་བཤད་པའི་ཡན་ལག་ལྔ་ལྡན་འདི་དང་། གླང་ཆེན་རབ་འབོག་རྒྱུད་ནས་བསྟན་པའི་བརྐྱང་ཕྱག་འདི་ལྟར་འཚལ་དགོས། ཐལ་མོ་སྙིང་གར་སྦྱར་བ་འདི་སྙིང་ཐིག་ཀུན་མཁྱེན་པའི་ཕྱག་སྲོལ་ཡིན་ཞེས་ལུང་གི་རྒྱབ་སྐྱོར་བཅས་གསུངས། གཞན་ཡང་སྔོན་འགྲོ་ཀུན་བཟང་ཞལ་ལུང་དང་། ཁྲིད་ཡིག་ཡེ་ཤེས་བླ་མའི་ཉམས་ཁྲིད་རྒྱས་པ། བཟང་སྤྱོད་ཀྱི་རྒྱས་ཁྲིད། བདེ་ཆེན་ཞིང་ཁྲིད་སོགས་ཟབ་ཆོས་གསན་པ་བསམ་གྱིས་མི་ཁྱབ་ཅིང་། མདོར་ན་རྗེ་འདིའི་སྐུ་དྲུང་དུ་ལན་གྲངས་བདུན་ལ་ཕེབས་ཏེ་འོད་གསལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་གནད་ལ་དོགས་གཅོད་བོགས་འདོན་མཛད་པས་རྗེ་ཉིད་ཀྱི་ཞལ་ནས་རྫོགས་ཆེན་རིང་བརྒྱུད་གསན་པའི་བླ་མ་གཅིག་པུ་ཡིན་ཞེས་གསུངས་སོ། །དེ་བཞིན་གཏུག་རྒྱ་དབོན་པོ་འཇིགས་མེད་ལས་འཕྲུལ་འཁོར་ཞིག་དང་དབང་དྲག་རྒྱ་མཚོའི་གཅོད་ཀྱི་དབང་ཁྲིད། སྨྱོ་ཤུལ་བླ་མ་རིན་པོ་ཆེ་ལུང་རྟོགས་ལས་ངལ་གསོ་སྐོར་གསུམ། མཛོད་བདུན། སྙིང་ཐིག་ཡ་བཞི་དང་། སྤྱོད་འཇུག་གི་བཤད་པ་ཚར་གཉིས་བཅས་ཞིབ་རྒྱས་སུ་གསན། འཇམ་མགོན་མི་ཕམ་རིན་པོ་ཆེ་ལས་ས་ར་ཧའི་དོ་ཧ། བདེ་གཤེགས་སྙིང་པོའི་སྟོང་ཐུན། མདོ་སྡུད་པའི་འགྲེལ་པ། ངེས་ཤེས་སྒྲོན་མེ། བསམ་པ་མྱུར་འགྲུབ་མའི་གསུང་བཤད་བཅས་གསན། འཇིགས་མེད་རྒྱལ་བའི་མྱུ་གུའི་ཡང་སྲིད་མཚམས་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ་ལས། མཁའ་འགྲོ་སྙིང་ཐིག་གི་དབང་ལུང་། ཀུན་བཟང་བླ་མའི་ཞལ་ལུང་བཅས་དང་། མི་ཉག་མཁན་པོ་ནོར་བུ་བསྟན་འཛིན་ལས་ཀུན་བཏུས་ཆ་ཚང་། རྗེ་ཉིད་ཀྱི་གསར་བསྒྲིགས་ཐུགས་རྗེ་ཆེན་པོ་དང་ཚེ་སྒྲུབ་ཕྱོགས་བསྡུས་ཀྱི་དབང་ཁྲིད། མདོ་མཁྱེན་བརྩེའི་སྲས་རྡོ་བྲག་མཁན་ཟུར་རྒྱལ་སྲས་རྣམ་རྒྱལ་ལས་བྱང་གཏེར་དབང་ཆོས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་དབང་ལུང་། རྗེ་དབོན་པདྨ་རྒྱལ་མཚན་ལས་རྙིང་རྒྱུད་དང་། དགེ་རྩེ་པཎྜི་ཏའི་བཀའ་འབུམ་ལུང་། ངོར་ཁང་གསར་མཁན་བསོད་ནམས་རྒྱལ་མཚན་ལས་མཁའ་སྤྱོད་སྐོར་གསུམ་བེའུ་བུམ་བཅས། མི་ཉག་མཁན་པོ་ལས་ཡོན་ཏན་མཛོད་རང་འགྲེལ་དང་རྡོ་གྲུབ་དཀའ་འགྲེལ་བཅས། གླིང་ཚང་མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཀཿཐོག་མཁན་སྐལ་བཟང་དབང་ཕྱུག་ལས་བསྟན་འགྱུར་ལུང་རྒྱུན་གང་བཞུགས་ཐམས་ཅད་གསན། གཏེར་ཆེན་ཨོ་རྒྱན་རིན་ཆེན་གླིང་པའི་ཟབ་གཏེར་གྱི་རྩ་བའི་ཆོས་བདག་ཏུ་བསྔགས་ཏེ་གཏེར་ཆོས་ཡོངས་རྫོགས་གསན་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ལྟར་གསན་པ་ཐམས་ཅད་ཉམས་ལེན་གྱི་སྲང་ལ་བཙུད་པས་གྲུབ་པའི་དབང་ཕྱུག་ཆེན་པོའི་གོ་འཕང་ལ་རྩོད་མེད་དུ་གཤེགས། སྔ་ཕྱིར་དགོན་པའི་འདུས་ཚོགས་འཛིན་སྐྱོང་དགོས་ཚུལ་ཞུ་མཁན་དུ་མ་བྱུང་ཡང་ཞལ་གྱིས་མ་བཞེས་པར་མཐུན་རྐྱེན་མཐའ་གཉིས་སུ་མ་ལྷུང་པ་ཙམ་ལས་གསོག་འཇོག་དང་བླ་བྲང་ཆེན་པོ་མཛད་པར་ཐུགས་མོས་བྲལ། དགུང་གྲངས་སོ་གཉིས་ཐོག་ཀུན་མཁྱེན་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་རྟོགས་པ་ན་འཕར་བ་སྟེ། ཕུན་ཚོགས་དགའ་ཚལ་དུ་བཞུགས་སྐབས་ཚེས་བཅོ་ལྔ་ཞིག་གི་དུས་མདུན་མཁར་ཀུན་མཁྱེན་འཇིགས་མེད་གླིང་པ་མངོན་སུམ་དུ་བཞུགས་པའི་ཞལ་མཇལ་བ་དང་བཞད་གད་ཆེན་པོ་ཞིག་མཛད་པས་སྐབས་ཅིག་རིང་བརྒྱལ་སོང་སྣང་ཤར། བརྒྱལ་སངས་མ་ཐག་སྣང་བའི་བདེན་འཛིན་ཐམས་ཅད་ཞིག་ནས་ཐེག་པ་དང་ལྟ་གྲུབ་གང་ལའང་འགྲམ་ཆུ་ལྡང་མི་དགོས་པར་གུ་ཡངས་བློ་བདེའི་རྣལ་འབྱོར་དུ་གྱུར། རྗེ་ཉིད་ཀྱི་ཞལ་ནས་ང་ལ་གང་ཟག་མི་ཡི་བླ་མ་རྣམས་ཀྱང་བཀའ་དྲིན་ཚད་བཟུང་མེད་པ་ཡིན་མོད། རིག་འཛིན་འཇིགས་མེད་གླིང་པས་མངོན་སུམ་རྗེས་སུ་བཟུང་སྟེ་གཞི་ལམ་འབྲས་བུ་དབྱེར་མེད་དུ་ངེས་ཤེས་རྙེད་པས་བཀའ་དྲིན་འགྲན་ཟླ་དང་བྲལ་བ་ནི་ཀུན་མཁྱེན་བླ་མ་དེ་ཉིད་ཡིན་སོགས་གསུངས་ནས། རྫོགས་ཆེན་ཉེ་བརྒྱུད་ཀྱི་རིགས་བདག་རྩ་བའི་བླ་མ་ཐུན་མོང་མ་ཡིན་པ་ཀུན་མཁྱེན་རང་བྱུང་རྡོ་རྗེ་ཁོ་ན་ལ་མཛད་པ་ཡིན། དེ་བཞིན་ཨོ་རྒྱན་ཆེན་པོ་སོགས་བླ་མ་དང་ལྷག་པའི་ལྷ་དུ་མས་རྗེས་སུ་བཟུང་ནས་དབུགས་དབྱུང་གཟེངས་བསྟོད་མཛད་པ་མང་ཞིང་། ཕྱིས་སུ་ལུང་བསྟན་དུས་བབ་བཞིན་རྟེན་སྔགས་འཆང་དབུ་རལ་ལ་ཐོད་དཀར་པོ། གཟི་བྱུར་དང་གའུ་སོགས་ཀྱི་མགུལ་རྒྱན་ན་བཟའ་བོད་ཚར་བཞེས་པ་རྒྱལ་པོ་རོལ་པའི་ཆས་ཡིན་ཞེས་སྐུ་ཆས་བསྒྱུར་ཏེ་བཞུགས། ཟབ་གཏེར་གྱི་ཁ་བྱང་དང་གསལ་སྣང་བྱུང་ཡང་གྲོ་ལོད་ཕྱག་རྡོར་དང་བཀའ་ཐང་བསྡུས་པ་སོགས་དགོངས་གཏེར་ཁ་ཤས་ལས་རྩལ་འདོན་མ་གནང་། ཐམས་ཅད་མཁྱེན་གཟིགས་ཀཿཐོག་སི་ཏུ་པཎྜི་ཏ་ཆོས་ཀྱི་རྒྱ་མཚོ་དང་། བཱི་མ་དངོས་བྱོན་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་རྣམ་གཉིས་ནས་རང་རང་གི་གདན་སར་ཆེད་དུ་གདན་འདྲེན་ཞུས་ནས། སྔ་མས་སྙིང་ཐིག་ཡ་བཞིའི་དབང་ཁྲིད་ཡོངས་རྫོགས་དང་། ཕྱི་མས་རྫོགས་པ་ཆེན་པོའི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་རིམ་ཞིབ་རྒྱས་སུ་གསན། གདན་ས་དེ་དག་ཏུ་བཞུགས་པའི་བླ་སྤྲུལ་མཁན་སློབ་ཐམས་ཅད་ནས་དབང་ཁྲིད་རྒྱས་བསྡུས་ཅི་རིགས་གསན། སྐུ་ཚེའི་སྨད་དུ་ཀཿཐོག་སི་ཏུ་ཆོས་ཀྱི་བློ་གྲོས་དང་། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ། དཔལ་སྤྲུལ་རིན་པོ་ཆེས་གཙོས་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ལུང་བསྟན་པ་ལྟར་གདན་ས་ཨ་འཛོམས་སྒར་དུ་རྫོགས་པ་ཆེན་པོ་བཀའ་གཏེར་གྱི་དབང་དང་གྲོལ་ཁྲིད་དུས་རྟག་པར་བསྩལ་བས། ཁམས་དབུས་གཙང་གསུམ། ཨ་མདོ། རྒྱ་གར་ཁུ་ནུ། རྒྱ་ནག ལྷོ་འབྲུག་སོགས་ས་ཆ་སྐད་རིགས་མི་གཅིག་པའི་སློབ་མ་མི་ཆེན་སྐུ་དྲག་ནས་འབངས་མི་ཉམ་ཆུང་ཡན་ཆད་འདུས་པ་ལ་མོས་ཁམས་དང་མཐུན་པའི་ཆོས་འཁོར་སྐོར་བས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་མཐར་ཕྱིན་པར་མཛད། དེ་ལྟར་ཞིང་འདིའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་པ་ན་ཞལ་སློབ་ཀུན་ལ་ཞལ་ཆེམས་ཀྱི་ཚུལ་དུ། རང་ལ་ཟབ་གཏེར་གྱི་བཀའ་བབ་སོགས་བྱུང་མོད་ཀྱང་མི་ཚེ་རིལ་པོ་བློ་གཏད་གཅིག་ཆོག་འོད་གསལ་རྫོགས་པ་ཆེན་པོར་བྱས་པས་བཀའ་གཏེར་ཉེ་བརྒྱུད་རིང་བརྒྱུད་ཀྱི་ཆོས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་གདེང་རྙེད། ཁྱེད་ཚོས་ཀྱང་ཉམས་ལེན་རྫོགས་ཆེན་ལ་གྱིས་དང་བསླུ་བ་མེད་ངེས་ཡིན། སྤྱིར་ངོས་དང་རྒྱུ་སྨོན་ཆོས་གསུམ་གྱིས་འབྲེལ་ཚད་ནས་ཁོ་བོའི་མིང་ཙམ་ཐོས་པ་ཀུན་ཀྱང་དག་པའི་ཞིང་དུ་ཁོ་བོའི་འདུས་པར་སྐྱེ་བའི་སྨོན་ལམ་ཆུང་ནས་ད་བར་བརྗེད་མ་མྱོང་། རང་གཞན་སུ་ལའང་དམ་ཚིག་ཉམས་པའི་མི་གཅིག་ཀྱང་མེད་པས་གཤེགས་དགའ་བཞུགས་སྐྱིད་ཟེར་བ་དེ་ཡིན། ད་ནི་རྒད་པོ་སྡོད་པ་ལས་འགྲོ་བ་དགའ། བར་སྲིད་ཀྱི་འགྲོ་བ་དུང་ཕྱུར་གསུམ་འདྲེན་རྒྱུ་གུ་རུས་ལུང་བསྟན་ཡོད་གསུངས། སྐུ་གཤེགས་ཁར། སྒྱུ་འཕྲུལ་ཞི་ཁྲོ། ཕུར་པ་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་དང་མཁའ་འགྲོའི་བསུ་བ་སོགས་ཀྱི་གཟིགས་སྣང་མང་པོ་ཡོད་ཚུལ་ཟུར་ཙམ་རེ་གསུངས། ནམ་ཕྱེད་ནས་ཤངས་སྒྲོམ་ནས་འོད་ཀྱི་གོང་བུ་སྲན་མ་ཙམ་མང་པོ་ཕྲི་ལི་ལི་བྱུང་བ་དང་བཅས་དགུང་གྲངས་གྱ་གཉིས་བཞེས་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས། སྐུ་གཤེགས་ཉིན་ནས་ཉི་མའི་འོད་ཟེར་བཀྲག་ཉམས་པ་དང་། སྒྲ་ཆེན་པོ་གྲགས་པ་སོགས་བྱུང་བ་དང་། སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་སྐབས་ཐུགས་ལྗགས་སྤྱན་གསུམ་མ་ཉམས་པ་དང་། རིང་བསྲེལ་མང་པོ་ཕེབས་པ་སོགས་ཀྱི་རྟགས་སྣང་ངོ་མཚར་བ་བྱུང་བར་གྲགས། རྗེ་འདིའི་ཞལ་གྱི་བདུད་རྩི་བཞེས་པའི་ཐུགས་སྲས་སྐྱེས་ཆེན་མང་པོ་བཞུགས་པ་ལས་གཙོ་བོ་ནི། མཁྱེན་བརྩེ་ཆོས་ཀྱིས་བློ་གྲོས། རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན། མཁན་ཆེན་ཐུབ་བསྟན་སྙན་གྲགས། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ། འབྲས་ལྗོངས་པ་ཐུབ་བསྟན་ཆོས་ཉིད། ངོར་ཐར་རྩེ་མཁན་ཆེན། སྡེ་གཞུང་སྤྲུལ་སྐུ་འཇམ་དབྱངས་བསྟན་འཛིན་སོགས་དང་། གཡུང་དྲུང་བོན་གྱི་བསྟན་འཛིན་སྟེང་ཆེན་སྦྲ་སྤྲུལ། སྨན་རྒྱས་སྤྲུལ་སྐུ་རྣམ་གཉིས་སོགས་མང་དུ་བྱོན་ཞིང་། སྐུ་གསུང་ཐུགས་ཀྱི་རྒྱལ་ཚབ་རྒྱལ་སྲས་འགྱུར་མེད་རྡོ་རྗེ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རྫོགས་ཆེན་མཁན་ཐུབ་བསྟན་སྙན་གྲགས། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་རྣམ་བཞི་ལས་བརྒྱུད་པའི་བཀའ་སྲོལ་ཉམས་མེད་དེང་གི་དུས་བར་ཕྱོགས་བརྒྱར་འཕེལ་བ་བྱུང་ངོ་། །

[༤༦] བྱ་བྲལ་ཀུན་དགའ་དཔལ་ལྡན།

ཨོ་རྒྱན་བསྟན་འཛིན་ནོར་བུ་དང་སྡོམ་བརྩོན་དཀོན་མཆོག་གྲགས་པ་རྣམ་གཉིས་ཀྱི་ཐུགས་སྲས་བྱ་བྲལ་ཀུན་དགའ་དཔལ་ལྡན་ནི། སྤྱི་ལོ་༡༨༧༨པ་བོད་རབ་བྱུང་བཅོ་ལྔ་པའི་ས་སྟག་ལོར་ས་སྐྱོང་སྡེ་དགེའི་རྒྱལ་ས་དང་ཉེ་བའི་ས་ཕྱོགས་འཁོར་ལོ་མདོར་སྐུ་འཁྲུངས། སྐུ་གཞོན་དུས་ཡབ་ཁྱིམ་དུ་བཞུགས་ནས་ཁུ་བོ་རྣམས་དང་ལྷན་དུ་འཇིག་རྟེན་གྱི་བྱ་བ་ཚོང་སོ་ནམ་སོགས་བསྒྲུབས་ཤིང་རི་དྭགས་གཤོལ་བ་ཡང་མཛད། སྐབས་ཤིག་མཚོ་ཟིལ་ཁྲོམ་གྱི་གནས་ལུང་ཞིག་ནས་གླ་བ་ཞིག་ལ་མེ་མདའ་འཕེན་གྲབས་བྱེད་སྐབས་ངོ་མཚར་བའི་གཟིགས་སྣང་སྣ་ཚོགས་བྱུང་། རྐྱེན་དེས་གློ་བུར་དུ་རིགས་སད་ནས་འཁོར་བ་ལ་བཅོས་མིན་གྱི་ངེས་འབྱུང་བཟློག་ཏུ་མེད་པ་རྒྱུད་ལ་སྐྱེས་ཏེ་དེ་ཉིད་དུ་མེ་མདའ་ཚལ་བར་བཅགས་ཤིང་། ཚེ་ལུས་གཅིག་གིས་མངོན་འཚང་རྒྱ་བར་ཐུགས་དམ་བཅས་ཏེ་བཤད་སྒྲུབ་བསྟན་པའི་འབྱུང་གནས་རུ་དམ་རྫོགས་ཆེན་དུ་ཕེབས། རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་ལས་ཚིག་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་དང་། རྫོགས་པ་ཆེན་པོ་ཕྱི་ནང་གི་སྔོན་འགྲོ་ནས་དངོས་གཞི་ཁྲེགས་ཆོད་ཐོད་རྒལ་གྱི་མྱོང་ཁྲིད་མནོག་ཆོས་སུ་བཞེས་ནས་ཉམས་བཞེས་ལ་གནད་དུ་བསྣུན་པས། ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་དེ་ལྟ་སྒོམ་ཡེ་རྫོགས་ས་ལམ་ཆིག་ཆོད་དུ་གྱུར། གཞན་ཡང་མཁན་ཆེན་བློ་གསལ་བསྟན་སྐྱོང་དང་མཁན་ཆེན་གཞན་དགའ་རིན་པོ་ཆེ་སོགས་དུས་མཉམ་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དག་གི་ཞལ་སྔ་ནས་མཛོད་ཆེན་བདུན་དང་། ངལ་གསོ་སྐོར་གསུམ་སོགས་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རབ་སྙིང་ཐིག་གོང་འོག་གི་རྒྱབ་ཆོས་མཐའ་ཡས་པ་གསན་ཏེ་ཐུགས་དམ་བོགས་འདོན་མཛད། ཆོས་ལམ་ལ་ཞུགས་པ་ནས་སྐུ་ཚེ་གང་པོར་བྱ་བཏང་སྤྲོས་མེད་ཀྱི་བརྟུལ་ཞུགས་ཀྱིས་རྒྱ་འོ་རི་ཁྲོད་དང་རུ་དམ་ཚེ་རིང་ལྗོངས་བཅས་སུ་རྒྱུན་བཞུགས་གནང་སྟེ་ཐེག་པ་མཆོག་གི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བས་བྱ་བྲལ་ཀུན་དགའ་དཔལ་ལྡན་ཞེས་མཚན་དུ་ཆགས། སྐལ་བ་མཆོག་ལྡན་གྱི་གདུལ་བྱ་ཁྱད་པར་བ་རེ་ཟུང་ལ་ཆེས་གསང་རྒྱ་དམ་པའི་སྒོ་ནས་སྙིང་ཐིག་གོང་འོག་གི་མྱོང་ཁྲིད་ཟབ་མོས་རྗེས་བཟུང་མཛད་པས་རང་ལུགས་སྙིང་ཐིག་བླ་བརྒྱུད་གསོལ་འདེབས་སུ། ཡང་ཟབ་སྦས་པའི་རྣལ་འབྱོར་ཚེ་མཐར་ཕྱིན། །སྙིང་པོའི་དོན་མཐོང་བཟུང་འཛིན་འཁྲུལ་བ་ཞིག །གདོས་བཅས་ལུས་ལ་ཆོས་སྐུའི་སྙིང་པོ་བརྙེས། །བྱ་བྲལ་ཀུན་དགའ་དཔལ་ལྡན་གསོལ་བ་འདེབས། །ཞེས་རིག་འཛིན་བརྒྱུད་པའི་ཚོགས་གྲལ་དུ་བཞུགས། སྤྱིར་རྗེ་འདི་ཉིད་འཕགས་པའི་ཡུལ་དུ་གྲུབ་ཆེན་ནག་པོ་པ་དང་ཁྲ་མོ་གླིང་གི་དུས་སུ་དགའ་བདེ་ཆོས་སྐྱོང་བེར་ནག་གི་སྐྱེ་སྲིད་ཡིན་པ་དམ་པ་དུ་མས་ཡང་ཡང་གསུངས་ཤིང་རྗེ་ཉིད་ལའང་དེ་དང་དེའི་སྣང་ཉམས་བྱུང་བ་སྟེ། སྐབས་འགར་གླིང་སྒྲུང་ཉམས་མགུར་གྱི་ཚུལ་དུ་དབྱངས་སུ་གྱེར་ཞིང་རྒྱལ་ཕམ་འབྱེད་པའི་དུས་སོགས་སུ་ཐུགས་ཧང་ཧང་པོར་གྱུར་པ་དང་། རེས་འགའ་ཐུགས་ཤིན་ཏུ་མུག་པའི་ཚུལ་གྱིས་སྤྱན་ཆབ་ཉིལ་བ་དང་། ནམ་རྒྱུན་མེ་སྒྱོགས་ཆུང་ཆུང་ཞིག་སྐུ་དྲུང་དུ་ཉར་བ་མར་ངོའི་ཚེས་ཉེར་དགུ་སོགས་དུས་ཚེས་ཁྱད་པར་བ་ལ་སྐུ་རྩེད་ཀྱི་ཚུལ་དུ་འཕེན་པ་དང་། སྐུ་སྟོབས་ཤིན་ཏུ་ཆེ་བས་ཁལ་ཤའི་རྐང་པའི་རུས་པ་དུམ་བུར་བཏང་བ་སོགས་སྐུ་སྐྱེ་སྔ་མའི་བག་ཆགས་དང་མངོན་རྟགས་གསལ་བའི་ངོ་མཚར་རྣམ་ཐར་མཐའ་ཡས་པར་གྲགས། དགུང་གྲངས་དོན་གཉིས་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ལོར་རྗེ་ཉིད་ཀྱིས་སྦྱིན་པའི་བདག་པོ་མཛད་དེ་ཤྲཱི་སེང་ཆོས་གྲྭ་ཆེན་མོ་རུ་བཤད་སྒྲུབ་དགོན་གསུམ་གྱི་འདུས་སྡེ་སྟོང་ཕྲག་འགའ་ཞིབ་འདུས་ཀྱིས་སྤྲེལ་ཟླའི་ཚེས་བཅུ་རྒྱས་འཚོགས་གནང་ཞིང་། དུས་དེར་སྐུ་ཚེ་གང་པོར་གཤིན་རྗེ་སྒྲུབ་ཕུག་ཏུ་ཚེ་མཚམས་ལ་བཞུགས་པའི་ཨ་བུ་ལྷ་སྒང་ངམ་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་རིན་པོ་ཆེ་ཡང་དམ་པ་འདིས་གསུང་བསྐུལ་ལྟར་ཤྲཱི་སེང་ཆོས་གྲྭར་ཕེབས་ནས་ཚོགས་བཞུགས་མཛད་ཅིང་ཐུགས་སྨོན་ཟབ་མོ་གནང་། ལོ་དེའི་ཕྱི་ལོ་ཤིང་བྱ་ལོའི་དཔྱིད་ཁར་སྐུ་སྙུན་སོགས་ཅི་ཡང་མེད་པར་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཏེ་དཀྱིལ་ཀྲུང་མཉམ་བཞག་གིས་བཞུགས་བཞིན་ནང་གསལ་ཁྱད་ཆོས་དྲུག་ལྡན་གདོད་མའི་ནང་དབྱིངས་སུ་ཞི་བར་གཟིམས་པའི་ཚུལ་བསྟན་ཏོ། །

[༤༧] ཤར་རྒྱལ་བ་ཀཿཐོག་པ་སི་ཏུ་ཆོས་ཀྱི་བློ་གྲོས།

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་སློབ་ཤར་རྒྱལ་བ་ཀཿཐོག་པ་སི་ཏུ་ཆོས་ཀྱི་བློ་གྲོས་ནི། མདོ་ཁམས་སྡེ་དགེའི་མངའ་ཁུལ་དུ་ངོ་མཚར་བའི་རྟགས་སྣང་དཔག་ཏུ་མེད་པ་དང་བཅས་སྐུ་འཁྲུངས། སྐུ་ན་ཕྲ་མོ་ནས་ཀཿཐོག་སྐྱབས་མགོན་སི་ཏུ་རིན་པོ་ཆེའི་སྐུ་སྐྱེར་ངོས་འཛིན་གནང་བ་བཞིན་གདན་ས་ཆེན་མོར་དགེ་འདུན་སྟོང་ཕྲག་མང་པོའི་དབུས་སུ་རྗེ་གོང་མའི་གསེར་ཁྲིར་མངའ་གསོལ། རིམ་པས་མཚན་ལྡན་བཤེས་གཉེན་དུ་མ་ལས་ཡི་གེའི་འབྲི་ཀློག་ནས་བཟུང་རིག་པའི་གནས་ལྔ་ལ་གསན་བསམ་མཛད་པས་སྐྱེས་སྦྱངས་ཀྱི་བློ་གྲོས་འགྲན་ཟླ་དང་བྲལ། ཁྱད་པར་ཤེར་ཕྱིན་འབུམ་པ། བྱམས་ཆོས་སྡེ་ལྔ། འདུལ་བ། མངོན་པ་སོགས་བདེ་བར་གཤེགས་པའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་དང་། དཔལ་གསང་བ་སྙིང་པོ་སོགས་སྔ་འགྱུར་མདོ་སྒྱུ་སེམས་གསུམ་ལ་གསན་སྦྱངས་ཉམས་ཞིབ་དཔྱིས་ཕྱིན་གནང་བས་མཁས་གྲུབ་ཀྱི་རྩེ་མོར་སོན། དེ་ལྟར་བཤེས་གཉེན་མང་པོའི་ཞབས་པད་བསྟེན་ཏེ་བཞུགས་སྐབས་དཔལ་སྤྲུལ་རིན་པོ་ཆེ་ཀཿཐོག་ཏུ་ཕེབས་པ་མཇལ་བས་ཐུན་མིན་གཙུག་རྒྱན་དུ་བསྙེན། སྤྱོད་འཇུག་ནས་བཟུང་མདོ་སྔགས་ཀྱི་ལམ་རིམ་སྤྱི་དང་ཐུན་མིན་རྫོགས་པ་ཆེན་པོ་མན་ངག་གི་གནད་ཚང་སྤྲུགས་སུ་གསན། ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པ་རང་བྱུང་དོན་གྱི་དགོངས་བརྒྱུད་ཐུགས་ལ་འཕོས་ཏེ་ཀ་དག་ཆོས་སྐུའི་དགོངས་པ་ལ་མངའ་དབང་འབྱོར། ཕྱིས་དགོན་སྡེ་གྲྭ་ཚང་སོགས་ཀྱི་འགོ་འཛིན་གཏན་སྤངས་མཛད་ནས་ཆོས་རྗེ་ཨ་བུ་རིན་པོ་ཆེའི་རྣམ་ཐར་བདག་གིར་བཞེས་ཏེ་ཤར་ཤིང་སྒོ་གངས་ཀྱི་ར་བ་དང་། རོང་བཙན་ཁ་བ་དཀར་པོ་སོགས་སུ་སྒྲུབ་པར་རྩེ་གཅིག་བཞུགས་པས་ལྷུན་གྲུབ་རིག་འཛིན་གྱི་ས་ལ་གཤེགས་ཏེ་དོན་གཉིས་མཐར་ཕྱིན་པར་གྱུར་ཏོ། །

[༤༨] རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ།

དཔལ་སྤྲུལ་རིན་པོ་ཆེ་དང་མཁན་ཆེན་པདྨ་བཛྲ་ཐུན་མོང་གི་ཞལ་སློབ་རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ་ནི། མི་འགྱུར་ནམ་མཁའི་རྡོ་རྗེའི་ལུང་བྱང་ལས། ལྕགས་ཀོང་བུའི་སྣོད་བཟང་པར་བུ་མཛེས། །ཞེས་རིགས་ལྕགས་ཁུང་དང་ཡབ་ཡུམ་སོགས་ངོས་འཛིན་གསལ་བ་ལྟར། ཡབ་རིག་འཛིན་བདུད་འཇོམས་གྲོ་ལོད་རྩལ་དང་ཡུམ་ཤ་ཟ་ཌཱཀྐིའི་རིགས་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ནང་ཚན་ཤིང་གླང་ལོར་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། ཞབས་མཐིལ་ན་ཆོས་དུང་འབུར་དོད་དུ་ཡོད་པ་སྐུ་ནར་སོན་སྐབས་ཀྱང་ཆེས་གསལ་བར་གྲགས། ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་མཚན་གསོལ། སྐུ་ཆུང་ངུ་ནས་ཆོས་ཀྱི་བག་ཆགས་དང་ལྡན་པས་དགུང་ལོ་བདུན་ཙམ་ནས་ཡི་གེ་བརྡ་སྤྲོད་སོགས་བྱང་ཆུབ་པ་བྱུང་། རྫོགས་ཆེན་དུ་དཔལ་སྤྲུལ་སེམས་དཔའ་ཆེན་པོའི་ཞབས་དྲུང་དུ་ཆེད་ཕེབས་ཀྱིས་སྤྱོད་འཇུག་བཀའ་ཁྲིད་གསན་པ་ན། ཆོས་ཀྱི་ཚིག་དོན་གཏིང་ཟབ་པ་ཞིག་མ་མཁྱེན་པས་ཐུགས་སྐྱོ་ཤས་དྲག་པོས་བསྐུལ་ཏེ་མཚན་མོ་གཟིམས་པའི་དུས་སུ་སྤྱན་ཆབ་ཉིལ་བས་དབུ་སྔས་ཀྱི་སྟེང་ལ་འབྱར་འདུག་པ་ཤ་སྟག་བྱུང་། ཉིན་གཅིག་ཡོངས་འཛིན་ལ་མདང་སུམ་བདག་གི་རྨི་ལམ་དུ་ལྷ་ཁང་ཞིག་གི་ནང་བླ་མ་ཧེ་རུ་ཀའི་ཆ་བྱད་ཅན་གསུམ་བཞུགས་པའི་དབུས་མ་དེའི་ཕྱག་ན་གླེགས་བམ་ཞིག་བསྣམས་འདུག་པར། ཁྱེད་སུ་ཡིན་གླེགས་བམ་འདི་ཅི་རེད་ཞུས་ཙ་ན། ང་མདོ་མཁྱེན་བརྩེ་འཇིགས་མེད་ཡེ་ཤེས་རྡོ་རྗེ་ཡིན། གླེགས་བམ་ནི་འཇིག་རྟེན་ན་སློབ་གཉེར་མི་ཤེས་མཁན་ཚོར་ཤེས་བྱེད་ཀྱི་གླེགས་བམ་རེད་ཅེས་གསུངས། དེ་བདག་ལ་སྩལ་དུ་གསོལ་ཞུས་པས་གནང་བྱུང་བས་སེམས་ཤིན་ཏུ་དགའ་པོ་བྱུང་། གཅིག་བྱས་ན་དེ་རིང་སློབ་གཉེར་ཤེས་འོང་སྙམ་པའི་སྤོབས་པ་འདུག་གསུངས། དུས་དེ་ནས་བཟུང་མཁྱེན་བརྩེ་རིན་པོ་ཆེས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས་དགོངས་པའི་ཀློང་བརྡོལ་ནས་ཤེས་རབ་ཀྱི་རྩལ་སྒོ་བྱེ། ཞག་ཤས་ནས་སྐྱོར་དཔོན་ལ་མ་བརྟེན་པར་བླ་མས་གསུངས་པའི་ཚིག་དོན་ཀུན་དཔར་བཏབ་པ་བཞིན་འཆད་ཐུབ་པའི་མཁྱེན་དཔྱོད་རྒྱས། དགུང་ལོ་བརྒྱད་པར་རྫ་རྒྱལ་དགོན་དུ་དཔལ་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་མཎྜལ་འདེགས་འབུལ་མཛད་ནས་སྤྱོད་འཇུག་ཀྱི་བཀའ་ཁྲིད་གནང་བཅུག་པ་ན། དེར་འདུས་ཀུན་མིག་ནས་མཆི་མ་ཐོན་པའི་དད་པའི་ས་ལ་བཀོད། དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། འདི་ལྟར་ཆོས་བསྟན་པ་མཐའ་དག་ཡི་དམ་ལྷག་པའི་ལྷས་བྱིན་གྱིས་བརླབས་ནས་གསུང་པའི་ཆོས་ཡིན་པ་ལས་རང་གར་མིན། རྡོ་གྲུབ་སྤྲུལ་སྐུ་བྱིས་པ་ལོ་བརྒྱད་པས་ཆོས་འཁོར་འདི་འདྲ་བསྐོར་ནུས་པའི་ཚུལ་ལ་དཔག་ན། ད་དུང་ལུང་གི་བསྟན་པའི་གནས་ཚད་རྫོགས་མི་འདུག་ཅེས་ཐུགས་དགྱེས་པ་ཆེན་པོས་བསྔགས་བརྗོད་མཛད། སྔ་ཕྱིར་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། དཔལ་སྤྲུལ་རིན་པོ་ཆེ། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ། རྒྱལ་རོང་སྤྲུལ་སྐུ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཞེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། ཉག་བླ་གཏེར་སྟོན་བསོད་རྒྱལ། འཇའ་པ་ཨ་ལགས་མདོ་སྔགས་སོགས་བཤེས་གཉེན་དུ་མ་དང་། ཁྱད་པར་ཚེ་རབས་ནས་འབྲེལ་བའི་རིགས་བདག་བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཐུན་མིན་རིགས་བདག་ཏུ་བསྙེན་ནས། མདོ་སྒྱུ་སེམས་གསུམ། བཀའ་དགོངས་ཕུར་གསུམ། སྙིང་ཐིག་གོང་འོག་སོགས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་གསན་བཞེས་དང་། དབུ་ཕར་འདུལ་མཛོད་སོགས་གཞུང་ལུགས་རབ་འབྱམས་ལ་གསར་རྙིང་གི་ཕྱོགས་འཛིན་དང་བྲལ་བའི་སྒོ་ནས་གྲུབ་མཐའི་བཞེད་མཚམས་མ་ནོར་བ་ཐུགས་ལ་མངའ། མཚན་མོ་མར་མེའི་འོད་ཚུན་དཔེ་ཆ་ལ་གཟིགས་པས་བཀའ་དང་བསྟན་བཅོས་ཀྱི་ཚིག་དོན་ཀུན་ཐུགས་ལ་ཆུད་པས། འཇམ་མགོན་མི་ཕམ་རིན་པོ་ཆེས་ཁོང་གིས་བཀའ་འགྱུར་གྱི་དོན་རྣམས་ཐུགས་ལ་མངའ་ཡང་རྡོ་གྲུབ་ནས་ཚིག་དོན་གཉིས་ཀ་བློ་ལ་འདུག་ཅེས་བསྔགས་བརྗོད་མཛད་པས་མཚོན་ཟླ་བྲལ་མཁས་པའི་ཡང་རྩེར་སོན། སྐབས་ཤིག་འཕྲལ་རྐྱེན་གྱིས་བཞུགས་སྟབས་བདེ་མིན་བྱུང་བས་མགོ་ལོག་པདྨ་འབུམ་དཔོན་ཁག་བརྒྱད་ནས་སྤྱན་དྲངས་ཏེ། ཁྲི་ཞེས་རྡོ་ཡུལ་གྱི་ས་གནས་ཤིག་ཕུལ་བ་རྟེན་འབྲེལ་ལེགས་འགྲིགས་ཀྱིས་དགོན་གནས་རྡོ་ཡུལ་དུ་གནས་སྤོས། གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་གི་ཆོས་སྡེ་གསར་འཛུགས་གནང་། འཇམ་དབྱངས་མཁྱེན་བརྩེས་དབུས་ཕྱོགས་སུ་ཕེབས་ན་བསྟན་འགྲོ་སྤྱི་ལ་སྨན་པ་ཆེན་པོ་འབྱུང་བ་དང་། བྱེ་བྲག་སྐུ་གེགས་བར་ཆད་ཀྱི་འཕྲང་སེལ་བའི་ལུང་བསྟན་གནང་ན་ཡང་དུས་བབ་ལྟར་ཕེབས་རྒྱུ་མ་བྱུང་བས་རྟེན་འབྲེལ་ཉེས་པར་གྱུར། དེར་བརྟེན་ལྷོ་རྒྱུད་སྙི་ཁོག་ཏུ་སྨོན་ལམ་ལོག་པའི་མཐུ་གྲུབ་པའི་འགོང་པོ་ངན་པ་ཞིག་ཡོད་པས་མཐོ་འཚམ་པ་སྟེ་ཉིན་གཅིག་ཆོས་གསུང་བཞིན་པའི་སྐབས་སུ་གློ་བུར་དུ་རླུང་འཚུབས་དྲག་པོ་བྱུང་བ་སྐུ་ལ་ཕོག་པ་ནས་བཟུང་སྐུ་ཚེ་ཧྲིལ་པོར་ཁམས་མི་བདེ་བས་གནས་གཞན་དུ་ཕེབས་བཞུགས་གང་ཡང་མཛད་མ་ནུས། དགོན་པའི་གཡོན་ངོས་རྫི་མེད་བཀྲ་ལེབ་གོང་མ་ཞེས་པ་དེར་ཐང་སྟོང་རྒྱལ་པོའི་ལྷ་ཁང་ཞེས་དབེན་ཁྲོད་ཡོད་པར་སྒྲུབ་པ་རྩེ་གཅིག་མཛད་པས་ཡི་དམ་ལྷག་པའི་ལྷས་ཞལ་གཟིགས་ལུང་བསྟན་ཐོབ་ནས་གྲུབ་པའི་མཚན་མ་མངོན་དུ་གྱུར། སྔ་ཕྱིར་རིན་ཐང་བྲལ་བའི་སྐུ་རྟེན་དང་། མཆོད་ཆས། བཀའ་བསྟན་འགྱུར་རོ་ཅོག རྙིང་རྒྱུད་སོགས་བཀའ་གཏེར་གསར་རྙིང་གི་ཆོས་སྐོར་གསུང་འབུམ་སྣ་ཚོགས་པ་པར་བྲིས་ཅི་རིགས་པའི་གླེགས་བམ་དངོས་གཙང་བ་བྲག་རི་བརྩིགས་པ་ལྟ་བུ་འཚོལ་སྡུད་མཛད་ནས་དཔེ་མཛོད་བསྐྲུན། དེ་དག་གི་སྐབས་སུ་མ་གཟའ་དམ་གསུམ་མིར་བརྫུས་ནས་རྩ་ཆེའི་གླེགས་བམ་འགའ་དངོས་སུ་འབུལ་བའང་བྱུང་། ལུང་བསྟན་བཀའ་རྒྱ་མར་ལུང་གིས་ཟིན་ཅིང་རྗེ་ཉིད་དང་ལྟ་དགོངས་མཉམ་པའི་ཐུགས་སྲས། མགར་བའི་མཁན་པོ་འཇིགས་འོད། སེར་ཤུལ་མཁན་པོ། མཁན་པོ་དམ་ཆོས། ཀླུ་ཤུལ་མཁན་པོ་སྟེ་མཁན་ཆེན་བཞི་ཞེས་གྲགས་པ་བྱུང་ནས་འཆད་ཉན་གྱིས་བསྟན་པ་བསྐྱངས་བས་ཡུལ་གྲུ་ཀུན་ནས་འཁོར་སློབ་གྲངས་ཀྱིས་མི་ལང་པ་འདུས། རྗེ་ཉིད་དུས་ཀུན་བསླབ་པ་གསུམ་ལས་མི་འདའ་བར་སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་ནས་བཞུགས་པས་སྐུ་ཆས་དང་གཟིམས་ཁང་ལ་ཡང་ཚུལ་ཁྲིམས་ཀྱི་དྲི་མས་ཁྱབ། འཇིག་རྟེན་གཡེང་བའི་བྱ་བ་ལས་ཐུགས་རིང་དུ་ཕྱོགས་ཤིང་། ཐུགས་སྒམ་ལ་ཚིག་བཙུན་པ་དང་། སྣང་སྲིད་དབང་དུ་འདུས་པའི་རྟེན་འབྲེལ་གྱིས་གཟི་བརྗིད་ཆེན་པོར་རློམ་པ་ཀུན་ཀྱང་ཁེངས་དྲེགས་ཞུམ་བཞིན་འདུད། ཕྱི་རབས་གདུལ་བྱའི་སྐལ་བར་གསང་བ་སྙིང་པོའི་སྤྱི་དོན་མཛོད་ཀྱི་ལྡེ་མིག་དང་། གཟུངས་ཀྱི་རྣམ་དཔྱད་སོགས་གཙོ་བོར་གྱུར་པའི་བསྟན་བཅོས་ཚིག་དོན་གྱི་ཆ་ཐམས་ཅད་འགྲན་ཟླ་བྲལ་བ་དུ་མ་དང་། གཞན་གཏམ་ཚོགས། བསྟོད་ཚོགས། གསུང་མགུར། རྫོགས་ཆེན་སྐོར་སོགས་པོད་ཆེན་དུ་མ་མཛད། ཕྱིས་སུ་མན་ངག་ལྟ་ཕྲེང་ལ་འགྲེལ་པ་རྩོམ་སྐབས་ད་ལྟའི་ལས་མཐའ་དེ་ཙམ་ཡིན། ད་དཔེ་ཆ་དེ་སྡོམས་ཤོག་སླད་ནས་ངའི་སྤྲུལ་སྐུ་ཡིན་ངེས་ཤིག་གིས་འདིའི་མཇུག་ཕུད་འོང་། ཞེས་ཐ་མའི་ཞལ་ཆེམས་ལུང་བསྟན་གནང་ནས་བསྙུང་ཚུལ་བསྟན། དགུང་གྲངས་རེ་གཉིས་བཞེས་པ་རབ་བྱུང་བཅོ་ལྔ་པ་རྫོགས་པའི་མེ་ཕོ་སྟག་གི་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །

[༤༩] དགེ་མང་མཁན་ཆེན་ཡོན་ཏན་རྒྱ་མཚོ།

དཔལ་སྤྲུལ་སེམས་དཔའ་ཆེན་པོ་དང་ཨོ་རྒྱན་བསྟན་འཛིན་ནོར་བུའི་ཐུགས་སྲས་མཁན་ཆེན་ཡོན་ཏན་རྒྱ་མཚོ་ནི། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་འཁྲུངས་ཡུལ་གཅིག་པ་མདོ་ཁམས་རྫ་རྒྱུད་དགེ་མང་དུ་སྐུ་བལྟམས། ཆུང་ངུ་ནས་དགེ་མང་དགོན་དུ་ཚོགས་ཞུགས་མཛད་ཅིང་འབྲི་ཀློག་སོགས་བརྡའ་ཙམ་གྱིས་ཐུགས་ལ་ཆུད་པའི་མཁྱེན་རབ་མངའ། མ་དགོན་རུ་དམ་རྫོགས་ཆེན་དུ་ཕེབས་ནས་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་བཛྲ་སོགས་ཀྱི་ཞབས་ལ་བཏུད་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་མཛད། རབ་ཏུ་བྱུང་བ་ནས་བཟུང་དམ་ཆོས་འདུལ་བའི་གནང་བཀག་གི་གནས་ཕྲ་མོ་ཙམ་ལས་ཀྱང་མི་འདའ་བ་འཕགས་པའི་གནས་བརྟན་གྱི་རྣམ་ཐར་བདག་གིར་གནང་བས་གང་དུ་བཞུགས་པའི་ཁོར་ཡུག་ཀུན་ཏུ་ཚུལ་ཁྲིམས་ཀྱི་དྲི་བཟང་གིས་ཁྱབ་པར་གྲགས། ཨ་བུ་རིན་པོ་ཆེས་ཐུགས་བརྩེས་རྗེས་སུ་བཟུང་ཞིང་རྒྱུད་ལུང་མན་ངག་གི་གདམས་པའི་གནད་སྤྱི་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་གནས་དོགས་གཅོད་དང་བཅས་པའི་ཞལ་ཁྲིད་ཞིབ་རྒྱས་སུ་གནང་བས་མཁྱེན་རབ་ཀྱི་ཀློང་བརྡོལ་ནས་རྒྱུད་དོན་ལ་མཁས་པའི་རྩེ་མོར་ཕྱིན་པས། ཨ་བུའི་ཞལ་ནས། ངེད་དཔོན་སློབ་གཉིས་འཇིག་རྟེན་གྱི་ཕྱོགས་ནས་ཉམ་ཆུང་ཡང་ཆོས་ཀྱི་ཕྱོགས་ནས་རྒྱུད་གསང་བ་སྙིང་པོའི་བཀའ་བབ་ཡིན་ཞེས་སྨྲས་ན་མི་ཆོག་པ་མེད་ཅེས་ཐུགས་དགྱེས་པའི་བསྟོད་བསྔགས་ཡང་ཡང་གནང་། ཕྱིས་སུ་གཙོ་བོའི་གདན་ས་དགེ་མང་སོགས་སུ་གསང་སྙིང་ཕྱོགས་བཅུའི་མུན་སེལ་བློ་ཐོག་ནས་འཆད་པའི་སྲོལ་བཙུགས་སྐབས་བར་ཆད་ཅུང་བྱུང་བ་ན། མི་ཕམ་རིན་པོ་ཆེས། དང་པོ་ཞག་བཅུའི་ནང་བཤད་ཁྲིད་ཆ་ཚང་ཞིག་གྲུབ་པར་མཛོད། དེ་རྗེས་སྐྱོར་སྦྱང་གི་ཚུལ་དུ་འཆད་ཁྲིད་ཞིབ་རྒྱས་ཤིག་གྱིས་གསུངས་པ་བཞིན་མཛད་པས་དེ་ཕྱིན་བར་ཆད་རང་ཞིར་སོང་། དེང་གི་དུས་སུའང་རང་ལུགས་འཛིན་པའི་ཆོས་སྡེ་མང་པོར་རིང་ལུགས་འདི་ཉིད་མི་ཉམས་གོང་འཕེལ་དུ་སྐྱོང་བཞིན་པ་བཅས། སྙིང་པོའི་རྒྱུད་བཤད་ཉི་འོད་འབུམ་དུ་བརྡལ་བ་དུས་ཀྱི་མཐར་ཡང་ཆེས་ཆེར་གསལ་བར་བཞུགས་པ་ནི་ཡབ་སྲས་འདི་དག་གི་བཀའ་དྲིན་ལས་བྱུང་བར་མངོན་སུམ་གསལ་བ་ལགས་སོ། །རྗེ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་ལས་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཉེ་བརྒྱུད་དུ་བབ་པའི་གསང་བ་ཡང་ཏིག་ཡིད་བཞིན་ནོར་བུའི་གདམས་ཁྲིད་གཏད་རྒྱ་དང་བཅས་པ་ཐོབ་པས་ཐུན་མིན་གཙུག་རྒྱན་དུ་འཛིན། རྗེ་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ལེགས་པར་ཐོན་པའི་བསྟན་བཅོས་སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་དང་། ཡོན་ཏན་མཛོད་ཀྱི་འགྲེལ་ཆེན་ཉི་ཟླ་རྣམ་གཉིས་སོགས་མཛད་པས་ཕྱི་རབས་བསྟན་པའི་མིག་གཅིག་ཏུ་གྱུར། སྐུ་ཚེའི་སྨད་ན་དཔལ་སྤྲུལ་རིན་པོ་ཆེས་ཞལ་བཀོད་ལྟར་དགེ་མང་རི་ཁྲོད་དུ་གཏན་བཞུགས་ཀྱིས་མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་། མཛོད་ཆེན་བདུན། ཡོན་ཏན་མཛོད་སོགས་ཀུན་མཁྱེན་གོང་འོག་གི་གསུང་རབ་ཀུན་འཆད་ཁྲིད་ཀྱིས་གཏན་ལ་ཕབ་ནས་སྙིང་པོའི་བསྟན་རྒྱུན་བསྐྱངས། ཐུགས་སྲས་ཞལ་སློབ་ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ། མཁན་ཆེན་ཀུན་བཟང་དཔལ་ལྡན། ལྕང་མའི་མཁན་ཆེན་ཐུབ་དགའ། རྨེ་བ་ཚེ་དབང་རིག་འཛིན། རྒ་སངས་རྒྱས་མཉན་པ་གོང་མ། ཀླུ་ཤུལ་སྤྲུལ་སྐུ། མགོ་ལོག་མཁན་རིག་འཛིན་བཟང་པོ་སོགས་མཁས་གྲུབ་གྲངས་མེད་བྱོན། གཞན་ཡང་ཡུལ་གྱི་མི་སྐྱ་ཕོ་མོ་ཡན་ལ་སྔོན་འགྲོ་དང་། མ་ཎི། ཞིང་སྒྲུབ་སོགས་ཀྱི་དགེ་བསྐུལ་གནང་བས་བྱང་རྫ་རྒྱུད་སྟོད་སྨད། མགོ་ལོག་དམུ་རྒོད་ཀྱི་གདུལ་བྱ་ཐམས་ཅད་ཀྱང་དམ་པའི་ཆོས་ལ་བཙུད། གདུག་པ་ཅན་གྱི་མི་དང་མི་མིན་སོགས་ཞལ་མཇལ་བ་ཙམ་གྱིས་གདུག་རྩུབ་ཀྱི་ཀུན་སློང་ཞི་བ་དང་། ཐ་ན་སྐུའི་ཉེར་སྤྱད་ཀྱི་ཆ་ཤས་ཕྲ་མོ་ཙམ་རེས་ཀྱང་གེགས་བར་མཚོན་འཇིགས་བསྲུང་བ་སོགས་འབྲེལ་ཚད་དོན་ལྡན་གྱི་བདག་ཉིད་ལ་དབང་འབྱོར་བའི་སེམས་དཔའ་ཆེན་པོར་བཞུགས། སྐུ་ཚེ་ཧྲིལ་པོར་ཆོས་གོས་རྣམ་གསུམ་དང་འཕྲལ་འཚོའི་ཡོ་བྱད་ཙམ་ལས་ཟང་ཟིང་ལ་བདག་གཉེར་མི་མཛད་པ་བྱ་བྲལ་གྱི་བརྟུལ་ཞུགས་མཐའ་འཁྱོལ་བ་མཛད། དེ་ལྟར་འགྲོ་དོན་ནམ་མཁའ་དང་མཉམ་པ་བྱུང་ནས་གདོད་མའི་གཞི་དབྱིངས་ཆོས་སྐུའི་རྒྱལ་སར་རེ་ཞིག་མངོན་པར་གཤེགས་སོ། །

[༥༠] མཁས་པའི་ཁྱུ་མཆོག་འབམ་འདའ་དགེ་ལེགས་རྒྱ་མཚོ།

ཕུར་ཚའི་མཁན་ཆེན་ཨ་དཀོན་གྱི་ཐུགས་སྲས་ཐུ་བོ་མཁས་པའི་ཁྱུ་མཆོག་འབམ་མདའ་དགེ་ལེགས་རྒྱ་མཚོ་ནི། དེ་ཡང་གངས་ལྗོངས་ཤར་ཕྱོགས་རོལ་ཆེན་བཅོ་བརྒྱད་ལས་རྡོ་རོལ་གྱི་ཆར་གཏོགས་པ་འཛི་ཀའི་ལྷ་མོ་དར་ཐང་དང་ཉེ་བའི་ཡུལ་འབམ་མདའ་ཞེས་པ་ན། ཡབ་དགྲ་བླ་ལྕགས་ལོ་དང་ཡུམ་སྐྱིད་ཀོ་མ་གཉིས་ལ་སྲས་ལྕམ་སྲིང་ལྔ་ཡོད་པ་ལས་ཆེ་བ་ཉིད་དུ་སྤྱི་ལོ་༡༨༤༤པ་རབ་བྱུང་བཅུ་བཞི་པའི་ནང་ཚན་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོར་སྐུ་བལྟམས། དེ་ཡང་ཡུལ་དེའི་ངག་རྒྱུན་ལ་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཁོང་ཉིད་དང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྐུ་མཆེད་འབྲིང་པོ་སྐྱབས་རྗེ་ཟླ་བ་གྲགས་པ་དང་། ཕྱག་རྡོར་གྱི་རྣམ་རོལ་མཆེད་ཆུང་བ་ཚེ་བསམ་ཞེས་པ་ཁྱིམ་ཐབ་པ་ཞིག་ཡོད་པ་དེ་ཡིན་པར་གྲགས་ཤིང་། དམ་པ་འདི་ནི་ཚད་མའི་སྐྱེས་ཆེན་མང་པོའི་ལུང་གིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཡེ་ཤེས་ཀྱི་རྣམ་པར་རོལ་བར་ཡང་ཡང་བསྔགས་པ་དང་། ཁྱད་པར་གྲུབ་པའི་དབང་ཕྱུག་རྡོ་བླ་ཀུན་བཟང་གཞན་ཕན་གྱི་ལུང་བྱང་ལས། དཔལ་ནཱ་རོའི་སྤྲུལ་པའི་སྐྱེས་བུ་ཞིག །ཅེས་འཕགས་ཡུལ་གྱི་པཎ་ཆེན་ནཱ་རོ་པའི་སྤྲུལ་བར་གསུངས། ཉིད་ཀྱིས་སྔོན་གནས་རྗེས་སུ་དྲན་པའི་གཟིགས་སྣང་ལ་དགེ་ལྡན་བསྟན་པའི་གསལ་བྱེད་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡང་སྲིད་དུ་གསུངས། སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ནས་ཀྱང་བྱིས་པའི་རྒུད་པ་དང་ཉེ་བར་བྲལ་ཞིང་རྣམ་པར་དཔྱོད་པའི་ཁོ་ལག་རབ་ཏུ་ཡངས་པ་སྔོན་སྦྱངས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པའི་སྒོ་རང་ཆས་སུ་མངའ་བ་ཞིག་སྟེ། ཡི་གེའི་རིགས་སྣ་ཚོགས་དང་དཀར་རྩིས་སོགས་རིག་པའི་གནས་དུ་མ་ལ་སློབ་ཚེ་མགོ་སྨོས་པ་ཙམ་གྱིས་གཞུང་ཁོག་མཐའ་དག་ཐུགས་སུ་ཆུབ་པ་སོགས་ཕལ་པ་ལས་ཁྱད་དུ་འཕགས་པས་ཐམས་ཅད་ཡ་མཚན། རྒྱུན་གྱི་ཞལ་འདོན་ཨ་ར་པ་ཙ་དང་འཇམ་དཔལ་མཚན་བརྗོད་གཙོ་བོར་བྱེད་ཅིང་ལྷག་ལྷ་འཇམ་དཔལ་དཔའ་བོ་འབའ་ཞིག་ཡི་དམ་དུ་བསྙེན། དགུང་ལོ་བཅུ་སྐོར་མན་ཆད་དུ་རང་ཡུལ་དུ་ཆོས་སྤྱོད་ཆོ་གའི་ཕྱག་ལེན་ལ་བསླབ་སྦྱང་དང་ཐོས་བསམ་ཅི་རིགས་མཛད། དེ་ནས་དགུང་ལོ་བཅོ་བརྒྱད་ལ་སོན་པ་ལྕགས་བྱ་ལོར་ཡུལ་མདོ་སྨད་ཀྱི་མཁས་པའི་བསྟི་གནས་ཤྲཱི་སེང་ཆོས་གྲྭ་ཆེན་མོར་ཕེབས་ཏེ་གསན་སྦྱང་གི་དབུ་བཙུགས། གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། དཔལ་སྤྲུལ་སེམས་དཔའ་ཆེན་པོ། མཁན་ཆེན་པདྨ་བཛྲ་སོགས་དམ་པ་དུ་མའི་ཞབས་པད་སྤྱི་བོས་བླངས་ཏེ་གསང་སྔགས་གསར་རྙིང་གི་དབང་ཁྲིད་གདམས་པ་མཐའ་ཡས་པ་གསན། ཁྱད་པར་ཕུར་ཚའི་མཁན་ཆེན་ཨ་དཀོན་གདན་ས་འདིའི་ལས་ཐོག་མཁན་ཆེན་ཁྲི་པའི་ཆོས་ཁྲིར་བཞུགས་པ་ལས་ཐུན་མོང་རིག་གནས་ཀྱི་སྐོར་སྣ་ཚོགས་དང་། ཐུན་མིན་མདོ་ཕྱོགས་བཀའ་པོད་ལྔ་དང་ཁྱད་པར་ཕར་ཕྱིན་ལ་སྒྲོ་འདོགས་ཆོད་པའི་གསན་སྦྱང་མཛད། གཞན་ཡང་མཁན་ཟུར་སྐྱེས་ཆེན་རྣམས་ཀྱི་དྲུང་ནས་བཀའ་པོད་གཞན་ཅི་རིགས་པའི་གཞུང་ལུགས་ལ་ཐོས་བསམ་གྱིས་མཐའ་རྒྱ་བཅདཔས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཞལ་ནས་ཀྱང་། ང་མཁས་པ་མང་པོ་དང་མཇལ་ཡང་འཛམ་ཐང་པ་དགེ་ལེགས་ལྟ་བུའི་མཁས་མཆོག་དེང་སང་མཇལ་དཀའ་ཞེས་བསྔགས་བརྗོད་མཛད་པར་གྲགས། དཔལ་སྤུང་དུ་ཕེབས་ཏེ་ཀོང་སྤྲུལ་རིན་པོ་ཆེའི་དྲུང་ནས་ནཱ་རོ་ཆོས་དྲུག་གི་བསྐྱེད་རྫོགས་ཀྱི་དབང་ལུང་ཟབ་ཁྲིད་མན་ངག་སོགས་སྔགས་ཕྱོགས་ཀྱི་ཟབ་ཁྲིད་ཉམས་ལེན་སྐོར་མང་པོ་གསན་ནས་དེ་དག་ཀུན་ལ་མྱོང་བ་ཐོན་པའི་ཉམས་ལེན་མཛད། དེ་ནས་ཉིད་ཀྱི་གཅུང་ཐ་ཆུང་རང་ཡུལ་ནས་འབོད་མིར་བྱུང་སྟེ་མ་ཕེབས་ཐབས་མེད་ཀྱི་བསྐུལ་མ་བྱས་ཚེ། དེ་ནུབ་མནལ་ལམ་དུ་རོལ་མོ་ཞིག་བཀྲོལ་བར་ཆས་པ་འཕྲལ་ཤུབས་སུ་བཅུག་པ་རྨིས་པས་ཁོ་བོ་ད་ལན་རང་ཡུལ་དུ་འགྲོ་བ་ལས་འདི་ཕྱོགས་སུ་འགྲོ་དོན་ཆེ་བར་འདུག་ཀྱང་ཁྱེད་ཚོའི་རེ་བ་སྐོང་གསུངས་ནས་ཕེབས་པར་མཛད། དེ་ནས་ཛམ་ཐང་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་རྒྱ་མཚོའི་སྐུ་དྲུང་དུ་ཕེབས་ཏེ་རྡོ་རྗེ་འཆང་དབང་དང་། རྡོར་སེམས་བཟླས་ལུང་། ལྷན་སྐྱེས་བཟླས་ལུང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། ཀུན་རིག་ས་ལུགས་ཀྱི་དབང་། མི་འཁྲུགས་པའི་དབང་། འཇམ་དབྱངས་དམར་སེར་ས་ལུགས་ཀྱི་རྗེས་གནང་། བརྒྱད་སྟོང་པའི་བཀླག་ལུང་། དཔལ་དུས་ཀྱི་འཁོར་ལོའི་མཆོག་གི་དབང་གོང་མ་བཞི་པོ་ཡོངས་རྫོགས་ལེགས་པར་གསན་པ་སོགས་ཆོས་བཀའ་ཅི་རིགས་མནོས། གཞན་ཡང་གཙང་པའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་སོགས་སློབ་ཚོགས་འགའ་ལ་རིག་པའི་གནས་སྣ་ཚོགས་དང་ཕུང་པོ་ལྔའི་རབ་དབྱེའི་བཤད་པ་གནང་། དགུང་ལོ་སོ་གཉིས་སྐོར་ཛམ་ཐང་གཙང་ཆེན་ཕོ་བྲང་དུ་ངག་དབང་ཆོས་ཀྱི་འཕགས་པའི་ཞལ་སྔ་ནས། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་མཐོང་བ་དོན་ལྡན་གྱི་ཁྲིད་ཡིག་རྩ་བ་དང་། ལྷན་ཐབས་འོད་བརྒྱ་འབར་བ། ཟུང་འཇུག་རབ་གསལ་གཉིས་འགྲེལ་བཤད་དུ་བྱས་པའི་སྒོ་ནས་ཐུན་མོང་སྔོན་འགྲོའི་རིམ་པ་དང་ཐུན་མོང་མ་ཡིན་པའི་བསྐྱེད་རྫོགས་ཀྱི་ཟབ་གནད་མཐའ་དག སྦྱོར་དྲུག་ཐོག་མཐའ་བར་དགེ། ལོ་ཆེན་རརྣ་བྷ་དྲའི་སྦྱོར་དྲུག སྦྱོར་དྲུག་གི་འཕྲུལ་འཁོར་ལག་ལེན་སོགས་ཆ་ལག་ཡོངས་སུ་རྫོགས་པ་དང་། ཤངས་ཆོས་སྐོར་དབང་ཁྲིད་ཡོངས་རྫོགས་ཞལ་རྒྱུན་བཅས་དང་། སྐྱེས་བུ་གསུམ་གྱི་ལམ་རིམ་བློ་སྦྱོང་དོན་བདུན་མ་སོགས་གསན། ཁམས་ཕྱོགས་ནས་མར་རང་ཡུལ་དུ་བྱོན་རྗེས་ཛམ་ཐང་ཆོས་རྗེའི་ཁང་གསར་དུ་གཙོ་བོར་བཞུགས་ནས་སྔ་ཕྱི་ཡོངས་བསྡོམས་མི་ལོ་བཅུ་གཉིས་ཙམ་ལ་མདོ་ཕྱོགས་བཀའ་པོད་སྤྱི་དང་། ཁྱད་པར་ཕར་ཕྱིན་གྱི་སྐོར་བོད་ཕྱི་རབས་པ་རྗེ་ཡབ་སྲས་ཀྱི་ཡིག་ཆ་རྣམས་དང་ཡང་སྒོས་ཀུན་མཁྱེན་བླ་མའི་ཡིག་ཆ་གཙོ་བོར་བྱས་ཏེ་དཔེ་གཟིགས་གནད་ཁེལ་དང་། དེ་མིན་སྔགས་ཕྱོགས་ཀྱི་སྡེ་སྣོད་ཅི་རིགས་ལའང་ཚུལ་དེ་མཐུན་གྱིས་དཔེ་གཟིགས་ཞིབ་རྟོག་གི་སྒོ་ནས་དགོངས་གནད་དཔྱིས་ཕྱིན་པ་གཏིང་ལོན་ངེས་མཛད་ཅིང་། དེ་དག་གི་སྐབས་སུ་སྦྱོང་བརྩོན་ཧ་ཅང་བྱེད་དྲག་པས་སྐུ་ལ་རླུང་ནད་ཀྱི་བསྙུན་གཞི་རྒྱུན་དུ་བྱུང་བས་དབུ་ཞྭ་ཉིས་བརྩེགས་མནབ་པ་དགོས་པ་བྱུང་། བར་བར་རྣམས་སུ་གཞན་ལ་དཔེ་ཁྲིད་རིག་གནས་སྣ་ཚོགས་བསླབ་པར་མཛད་པ་སོགས་གཞན་དོན་ཅི་རིགས་པ་མཛད། དགུང་ལོ་ལྔ་བཅུའི་སྐོར་ནས་བར་གསེང་འགའ་མ་གཏོགས་དགེ་འཕེལ་རི་ཁྲོད་སོགས་དབེན་གནས་དག་ཏུ་འདུ་འཛི་དང་བྲལ་བར་རྒྱུན་བཞུགས་མཛད་དེ་སློབ་ཚོགས་རྣམས་ལ་ཐུན་མོང་གི་རིག་གནས་སྣ་ཚོགས་པ་དང་། ཐུན་མིན་དབུ་ཕར་ཚད་མངོན་སོགས་མདོ་ཕྱོགས་བཀའ་པོད་རྣམས་དང་། སྔགས་རིམ་ཆེན་མོ་སོགས་གསང་ཆེན་ཐེག་པའི་གཞུང་ལུགས་ལས་ཉེ་བར་མཁོ་བ་ཐམས་ཅད་ཀྱི་བཤད་ཁྲིད་ཟབ་རྒྱས་མཛད་ཅིང་། གཞུང་ལུགས་དེ་དག་གི་དཀའ་བའི་གནས་རྣམས་ལེགས་པར་གསལ་བར་བྱེད་པའི་བསྟན་བཅོས་མདོ་ཕྱོགས་བཀའ་པོད་ལྔ་ལས་ཕར་ཕྱིན་གྱི་འགྲེལ་བཤད་ཤིན་ཏུ་རྒྱས་པ་གླེགས་བམ་པོད་ཆེན་དྲུག་ཅན་དང་། ཕར་ཕྱིན་འགྲེལ་ཆུང་དུམ་གཅིག་མ། ཆོས་མངོན་མཛོད་ཀྱི་དགོངས་འགྲེལ། ཕུང་ལྔའི་རྣམ་བཤད། འཇིག་རྟེན་ཁམས་ཀྱི་ཞིབ་བཤད་སོགས། མངོན་པ་དང་ཚད་དགོངས་གཙོ་བོར་བྱས་ཏེ་བཀའ་པོད་ལྔའི་དགོངས་འགྲེལ་མཆོག་གྱུར་བསྡུས་གྲྭའི་སྤྱི་ཟུར་ལྷན་ཐབས་དང་བཅས་སྔ་ན་མེད་པའི་ལེགས་བཤད་འགྲན་ཟླ་དང་བྲལ་བ། དགེ་ཚུལ་སློང་གི་ཕྱིར་བཅོས་ཀྱི་ལས་ཆོག་སོགས་ཉེར་མཁོ་འདུལ་བའི་སྐོར། བཀའ་བར་པའི་དགོངས་འགྲེལ་དབུ་མ་རིག་ཚོགས་ཀྱི་དགོངས་དོན་སློབ་དཔོན་ཟླ་བའི་ཞབས་ཀྱིས་ཇི་བཞིན་བཀྲལ་བ་ལྟར་བོད་ཕྱི་རབས་པའི་དགོངས་བཞེད་ཀྱི་རྗེས་སུ་འབྲངས་ཏེ་ཞིབ་རྒྱས་སུ་ལེགས་པར་བཤད་པ་དབུ་མའི་བསྟན་བཅོས་པོད་ཆེན་གཉིས། བཀའ་ཐ་མ་ཕྱིར་མི་ལྡོག་པ་ངེས་དོན་དབུ་མ་ཆེན་པོའི་དགོངས་པ་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་རང་ལུགས་ལྟར་བཀྲལ་བ། མདོ་ཕྱོགས་ལམ་རིམ་རྒྱས་འགྲེལ་ཆེན་མོ་བཅས་དང་། སྔགས་ཕྱོགས་རྒྱུད་སྡེ་སྤྱིའི་དབང་ཆོག་རྡོ་རྗེའི་འཕྲེང་བ། བདེ་མཆོག་རབ་འབྱམས། དུས་འཁོར་དབང་ཆེན་རྣམས་ཀྱི་ཆོ་ག་ཞིབ་རྒྱས་སུ་བཀྲལ་བ་དང་། དུས་འཁོར་ཆོ་གའི་གསལ་བྱེད་སྔོན་འགྲོའི་ཁྲིད་རྒྱས་པ་བསྐྱེད་རྫོགས་ཀྱི་རྣམ་བཤད་ཆེན་མོ་གཉིས། སྒོམ་རིམ། ཧ་ཀྵའི་རྣམ་བཤད། བླ་རྣམ་གྱི་འབྲུ་འགྲེལ། དཀྱིལ་འཁོར་རྒྱ་མཚོའི་ཐིག་ཡིག་སོགས་སྔགས་གསར་མའི་ལེགས་པར་བཤད་པ་ཆེས་མང་པོ་དང་། གཞན་ཡང་ཕྱག་ཆེན་བཀའ་བརྒྱུད་པའི་གསང་ཆེན་ཟབ་མོའི་ཐེག་པ་གསལ་བར་བྱེད་པ་ནཱ་རོའི་ཆོས་དྲུག་གི་སྒོམ་རིམ་སྤྱི་དོན་ཆ་ལག་སྐོར་དང་། སྔ་འགྱུར་རྙིང་མའི་ཀར་གླིང་ཞི་ཁྲོའི་ཁྲིད་ཡིག་དང་། དཀྱིལ་འཁོར་བྲི་ཐིག་རྩིག་ཐབས་ཀྱི་རྣམ་བཤད། ཁྲིད་ཡིག་འདོན་ཆ་སྣ་ཚོགས་པ། ཐུན་མོང་རིག་གནས་རྩིས་དཀར་ནག་ལ་ཉེ་བར་མཁོ་བའི་རིགས་དུ་མ་དང་། ཐ་ན་གྲོང་ཆོག་གི་ཆོ་གའི་འདོན་འགྲིག་ཚུན་ཆད་ཁྱོན་གླེགས་བམ་པོད་ཆེན་ཉེར་གཅིག་ལྷག་གི་གསུང་རྩོམ་མཛད། རྗེ་འདིའི་སྐུ་ཚེ་གང་པོར་ཉིན་ལྟར་གསུང་རྩོམ་ལྡེབ་མ་མདའ་ཚད་མ་སུམ་ཅུ་ཙམ་རེ་རྒྱུན་རྩོམ་དང་ཡོན་ཆབ་སྟོང་ཕྲག་རེ་བཤམས་རྒྱུ་ཆག་མེད་ཀྱི་དམ་བཅའ་མཛད་པར་གྲགས། གཞུང་ལུགས་དེ་དག་གི་དགོངས་གནད་ཀྱང་ལྷག་པའི་ལྷ་འཇམ་དཔལ་དབྱངས་དང་དབྱངས་ཅན་ལྷ་མོས་ཞལ་གཟིགས་ཏེ་གནད་བཀྲོལ་དུས་དུས་སུ་མཛད་ཅིང་། བར་འགའ་ལ་འཇམ་དབྱངས་བཞད་པ། སྐལ་བཟང་གོ་ཤྲི། ཐུའུ་བཀྭན་ཐམས་ཅད་མཁྱེན་པ་སོགས་སྔོན་བྱོན་མཁས་པའི་དབང་ཕྱུག་དག་དང་ཞལ་འཕྲད་དག་སྣང་གི་སྒོ་ནས་ཕན་ཚུན་ཆོས་ཀྱི་ཟབ་དོན་ལ་བརྒལ་བརྟག་གིས་ཐག་གཅོད་མཛད། འདི་སྐབས་དགུང་གྲངས་ལྔ་བཅུ་ལ་ཉེ་ཙམ་ན་གསུང་མི་འབྱོན་པའི་སྙུན་ནད་ཀྱི་རྣམ་པས་ཁམས་མི་བདེ་བ་བྱུང་བས་ལྷ་ཚེ་སྐྱབས་མགོན་ཆོས་གྲགས་རྒྱ་མཚོའི་དྲུང་དུ་རེ་ཞིག་བཞུགས། སྐབས་ཤིག་མཚན་མོ་ཞིག་ལ་གློ་བུར་དུ་སྐྱབས་མགོན་ཉིད་གཅོད་ཆས་དང་བཅས་ཕེབས་ནས་ཁོང་རྣམ་གཉིས་ལྷན་དུ་ཕ་གི་ཆུ་མིག་ཅིག་ལ་ཕར་ཚུར་ལན་འགའ་འགོམ་སྟབས་མཛད་དེ་སྐྱབས་མགོན་ཉིད་གནས་དེ་ཀར་བཞུགས་ནས་ཟབ་མོ་གཅོད་ཀྱིས་གཉན་ཆེན་མཐའ་གཏད་ཀྱི་ལས་ཚོགས་གནང་། དམ་པ་འདིས་གུས་པས་ལེགས་ཉན་བྱས་རྗེས་ཁོང་རྣམ་གཉིས་འཕྲལ་དུ་རང་རང་གི་གནས་སུ་བཞུད། དེའི་ཕྱི་ནང་སྔ་མོ་དམ་པ་འདིས་ཉིད་ཀྱི་མཆེད་ལ་ཡི་གེ་འབྲི་གཞི་སཾ་ཊ་ཞིག་དགོས་པའི་བརྡ་མཛད་པ་བཞིན་ཕྱག་ཏུ་ཕུལ་ཚེ་ཁོང་གིས་བླ་མ་སྐྱབས་མགོན་གྱི་གསང་གསུམ་གྱི་མཐུ་ནུས་རླབས་ཆེ་བས་ཁོང་ཉིད་ལ་ཕན་ཐོགས་རྒྱ་ཆེར་བྱུང་ནས་སྐུ་གེགས་ལེགས་བསལ་གྱི་མཛད་སྒོའི་ཐད་ནས་ཆེ་བའི་བསྔགས་བརྗོད་ཀྱི་བསྟོད་ཚིག་བསྡུས་གསལ་ཞིག་བྲིས་ཏེ་དངོས་འབུལ་གྱིས་བཀའ་དྲིན་ཉེ་བར་གསོ་བར་མཛད། དེ་ནས་བཟུང་སྐུ་གེགས་སངས་ཀྱིས་སོང་སྟེ་སྐྱབས་མགོན་མཆོག་གི་མདུན་དུ་རེབ་ཙམ་བཞུགས་ནས་ཕན་ཚུན་ཆོས་བཀའ་ཟབ་མོ་གནང་རེས་དང་བཅས། ཐུགས་སྣང་གཅིག་ཏུ་འདྲེས་པའི་དགྱེས་སྤྲོ་ཚད་མེད་ཀྱི་ངང་ནས་གཏེར་ཆེན་རརྣ་གླིང་པའི་ཕུར་པ་ཡང་གསང་གི་དཀྱིལ་འཁོར་བློས་བསླངས་ཀྱི་རྩིག་ཐབས་ལེགས་བཞེངས་མཛད་པ་སོགས་དགའ་སྟོན་གྱིས་དུས་འདའ་བ་བྱུང་། དེ་རྗེས་གྲུབ་དབང་རྡོ་བླའི་ལུང་བསྟན་བཞིན་དུས་སུ་བབ་སྟེ་རྡོ་སྟོད་གཡུ་ཐོག་དགོན་དུ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་ནས་ནཱ་རོ་ཆོས་དྲུག་གི་སྒྲུབ་གྲྭ་གསར་དུ་བཙུགས། སྡེ་དགེ་ནས་ཏའི་སི་ཏུ་པད་མ་དབང་མཆོག་རྒྱལ་པོ་ལ་ཡོངས་འཛིན་གྱི་ཕྱིར་རྗེ་འདི་གདན་འདྲེན་ཞུས་ཀྱང་མ་ཕེབས་པར་གྲགས། དམ་པ་འདིས་སྐུ་ཚེ་གང་པོར་ཨ་ར་པ་ཙ་དུང་ཕྱུར་དྲུག་དང་ཧ་ཀྵ་དུང་ཕྱུར་གཅིག་སོགས་ཡི་དམ་གྱི་བསྙེན་པ་སྣ་ཚོགས་དུང་ཕྱུར་བཅུ་གསུམ་ཙམ་བསྙེན་བཟླས་མཛད་ཅིང་། གྲུབ་པའི་མཐུ་ནུས་ཡང་འཇམ་མགོན་མི་ཕམ་རྣམ་རྒྱལ་དང་ཀུ་རེའི་ཚུལ་གྱིས་ནུས་པ་འགྲན་པས་འཇམ་མགོན་བླ་མས་ངག་ནུས་ཟབ་མོས་སེར་བ་ཤུགས་དྲག་སྐད་ཅིག་ལ་ཕབ་པ་དམ་པ་འདིས་དེ་མ་ཐག་ཕྱག་བརྡབ་ཀྱིས་ཉི་མ་ཤར་བར་བྱས་པ་དང་། ཁོང་ཉིད་མ་ཡུམ་འདས་པའི་རུས་ཆོག་ཏུ་བཞུགས་སྐབས་དཀྱིལ་འཁོར་དུ་བུམ་པ་རྫས་ལྡན་བཞག་པ་ལ་བུམ་ཆུ་རང་ཁོལ་བྱུང་ཞིང་རུས་ཚ་རྣམས་ལས་འོད་འཚེར་བ་སོགས་གྲུབ་རྟགས་ཁྱད་པར་བ་མང་པོ་ཀུན་ཀྱི་མཐུན་སྣང་དུ་བྱུང་། མཁས་མཆོག་འདིའི་གསུང་གི་བདུད་རྩི་བཞེས་པའི་ཞལ་སློབ་ལུང་རིགས་སྨྲ་བའི་སྐྱེས་ཆེན་དུ་མ་བྱོན་པ་ལས་གཙོ་བོ་ཕུར་ཚ་བླ་མ་བློ་རྒྱམ། རི་འཕོངས་བླ་མ་ངག་བསྟན། འཛམ་ངོས་བླ་མ་ངག་དབང་། མགོ་ལོག་བླ་མ་ཚོགས་རྒྱམ། མུ་ར་བླ་མ་མཐུ་རྩལ། ལྷ་སྐོར་བླ་མ་ཀུན་བཟང་། ཆོས་ཤུལ་བླ་མ་བྱམས་པ། ཀཿཐོག་བླ་མ་འཇིགས་གྲོལ། ངང་བ་བླ་མ་ངག་བསྟན། རྒྱ་ཚོགས་བླ་མ་སྒྲ་དབྱངས། རོང་བ་བླ་མ་རབ་ལྡན། ཆོས་རྗེའི་ལུང་མཁས། ཡུ་ངོག་སྤྲུལ་སྐུ་བློ་བཟང་། གསེར་དུང་དཀར་དབོན་པོ་སོགས་མཁས་གྲུབ་གཉིས་ལྡན་མང་དུ་བྱོན་ནོ། །དེ་ལྟར་ལྗོངས་འདིའི་མཛད་པ་རེ་ཞིག་མཐའ་རུ་ཕྱིན་པའི་ཚེ་སྔོན་ཆད་འཇམ་དཔལ་གྱིས་ཞལ་གཟིགས་པའི་བཀའ་ལུང་ལ། ཁྱོད་ཀྱིས་ད་ལན་ལུས་འདིའི་སྟེང་འགྲོ་དོན་ཆེ་ཙམ་མ་བྱུང་ཡང་མ་འོངས་པར་ཚེ་འདི་འཕོས་མ་ཐག་བྱང་ཕྱོགས་ཤམྦྷ་ལར་སོང་སྟེ་རིགས་ལྡན་ཁྲི་ཐོག་པ་དང་བསྟན་པ་མཐོ་དམན་མེད་པ་ཞིག་འོང་། ཞེས་གསལ་བར་བསྟན་པ་དུས་སུ་བབ་སྟེ་དགུང་གྲངས་རེ་གཅིག་ལ་སོན་སྐབས་ཙམ་ནས་ཐུགས་རྒྱུད་སྔར་དང་མི་འདྲ་བ་ཤིན་ཏུ་འཇམ་པའི་ངང་ཚུལ་དུ་གྱུར། སྐབས་ཤིག་ནས་ཁམས་ཅུང་ཟད་མ་སྙོམས་པའི་རྐྱེན་གྱིས་ནང་སློབ་འགའ་དང་ལྷན་རྒྱས་དབེན་གནས་སུ་གསང་སྟབས་ཀྱིས་བཞུགས་པ་ལ། སློབ་བུ་འགའ་ཞིག་སྐུ་མདུན་དུ་ཕྱིན་པ་ན། ད་ལན་རང་ཤི་གསོན་ཇི་ལྟར་གྱུར་ཀྱང་རང་ཐད་ནས་ཚེ་གང་བོར་ཆོས་ཤིག་སྒྲུབ་ཁུལ་བགྱིས་པས་འཇིགས་སྣང་དང་དོན་མ་འགྲུབ་སྙམ་པ་སོགས་གང་ཡང་མེད་མོད། འོན་ཀྱང་ད་དུང་ལོ་འགར་བསྡད་ན་ངག་དབང་ཚོགས་རྒྱམ་སོགས་སློབ་མ་རྣམ་དཔྱོད་ཅན་འགའ་ལ་དེ་སྔ་མ་བཤད་པ་རེ་ཟུང་ཤོད་རྒྱུ་ཡོད་པ་ཙམ་མ་གཏོགས་མ་འགྲུབ་པ་གང་ཡང་མེད་ཅེས་གསུང་འཕྲོས་བསྩལ། ཡང་སྐབས་ཤིག་ཞལ་ནས། ད་ནི་མོ་བ་རྩིས་པ་སོགས་ཀྱིས་བཟང་ལོ་ཇི་ལྟར་བཤད་ཀྱང་ང་རང་འཆི་ཐག་ཆོད་རེད། དེ་ཡང་དབུགས་ཀྱི་རྒྱུ་བ་འདི་མ་ཆད་པའི་ཞག་གི་ཆུ་ཚོད་ཀྱི་དུས་དེ་ཤེས་ཐུབ་ན་རང་ནུས་པ་མི་ཆེ་ཡང་དམིགས་པ་བཟང་རབ་ཡིན་པས་དུས་སྐབས་དེ་ལ་བྱ་ཐབས་ཤིག་རང་ཡོད། ཅེས་སོགས་གསུངས་པས་ཀུན་ཀྱིས་ཡུན་རིང་མི་བཞུགས་པར་སེམས་ཐག་ཆོད། དེ་ནས་དཔོན་སློབ་རྣམས་རྡོའི་གཡུ་ཐོག་དགོན་པར་ཕེབས་ནས་དེར་ཞག་ཤས་བར་ལེགས་བཞུགས་མཛད། ལོ་དེའི་ཟླ་བ་བཅུ་པའི་ཚེས་ཉེར་ལྔའི་ཉིན་སྔར་རྒྱུན་ལྟར་ན་བཟའ་སྐུ་ཆས་རྣམས་ཆ་ཚང་མནབ་སྲོལ་ཡོད་ཀྱང་དེ་ཉིན་སྔ་མོ་ནས་གཟིམས་ཁྲིའི་ནང་གི་མལ་སྟན་སོགས་གཙང་དག་བྱེད་དུ་བཅུག་ཅིང་མནབ་ཤམ་པང་སྟེང་དུ་བཞག་སྟེ་ཉིན་གང་པོར་བཞུགས། མཐར་ནུབ་མོའི་བཟའ་བཏུང་གི་བྱ་བ་ལེགས་པར་མཛད་རྗེས་སྐུ་མདུན་པ་དག་ལ་ད་ཁྱེད་རང་རྣམས་རང་གནས་སུ་སོང་གསུངས། རྗེ་ཉིད་སྐུ་དྲང་པོ་རྣམ་སྣང་ཆོས་བདུན་གྱིས་བཞུགས་ནས་སྤྱན་གཉིས་ནམ་མཁར་ཧྲིག་གེར་གཟིགས་བཞིན་ཞལ་གསུངས་སྙན་པའི་དབྱངས་ཀྱིས། སངས་རྒྱས་རྣམས་ཀྱི་མཚན་དང་། བླ་མ་གོང་མ་དག་གི་གསོལ་འདེབས་སྔོན་དུ་འགྲོ་བའི་སྒོ་ནས་ཟབ་ལམ་འཕོ་བའི་ཆོ་ག་རྒྱས་པ་ཞིག་མཛད་པའི་མཐར་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་གྱི་མཐར་ཧིག་སྒྲ་ཆེས་སངས་མོ་ཞིག་གི་ངང་ནས་གཟུགས་སྐུ་གཡོ་བ་མེད་པར་དགོངས་པ་ཆོས་དབྱིངས་སུ་བཞུགས་པར་མཛད་དོ། དེ་ནས་སློབ་བུ་དག་མྱ་ངན་གྱི་ཁང་བུར་ཞུགས་བཞིན་ཞག་འགའི་མཚམས་ནས་ཐུགས་དམ་ལེགས་བཀྲོལ་དང་བཅས་མཐར་སྐུ་གདུང་རིན་པོ་ཆེ་འཛི་སྲིབས་དགོན་དུ་གདན་དྲངས་ནས་ཞུགས་འབུལ་གྱི་བགྱི་བ་གང་དགོས་ཐམས་ཅད་ལེགས་གྲུབ་མཛད། སྐུ་འདས་པ་ནས་གདུང་ཚྭ་སྒྲུབ་དུས་ཡན་ལ་བར་བར་དུ་མཁའ་ལམ་དུ་འཇའ་གུར་ཕང་ཕུང་འཁྲིགས་པ་སོགས་དགེ་ལེགས་ཀྱི་མཚན་མ་ཅིར་ཡང་འཆར་ཞིང་། ཁྱད་པར་གདུང་རུས་དག་ལས་དབུ་ཐོད་ཀྱི་དུམ་བུ་ལ་འཇམ་དབྱངས་ཀྱི་སྐུ་གསལ་པོར་དོད་ཅིང་རུས་པ་གཞན་རྣམས་ལ་ཡི་གེའི་གཟུགས་ཆེས་མང་པོ་བྱོན་པ་སོགས་ངོ་མཚར་རྟགས་མཚན་མཐའ་ཡས་པ་བྱུང་ངོ་། །

[༥༡] ཞེ་ཆེན་རྒྱལ་ཚབ་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ།

མཁན་ཆེན་པདྨ་བཛྲ་དང་འཇམ་མགོན་མི་ཕམ་རྣམ་རྒྱལ་སོགས་ཀྱི་ཞལ་སློབ་རྒྱལ་ཚབ་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ་ནི། སྤྱི་ལོ་༡༨༧༡པ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་ཧོར་ཟླ་གཉིས་པའི་ཚེས་བཅུ་དགུའི་ཉིན། ཡབ་ཨ་གྲོའི་རུས་སུ་གཏོགས་པ་ཤེས་རབ་དང་། ཡུམ་འབྲོང་པ་དཔོན་ཚང་གི་བུ་མོ་ནམ་མཁའ་སྒྲོལ་མའི་སྲས་སུ་སྡེ་དགེའི་ཆར་གཏོགས་ལྷ་ཐོག་མཚོ་ལུང་ཞེས་པའི་གནས་སུ་སྐུ་བལྟམས་པ་སྟེ། སྐུ་གོང་མ་ཨོ་རྒྱན་རང་བྱུང་རྡོ་རྗེ་དགོངས་པ་ཆོས་དབྱིངས་སུ་གཤེགས་ལ་ཉེ་བའི་སྐབས་གསུང་འཕྲོས་སུ། ད་སྟེ་བདག་ནི་རྒ་བའི་ཟུག་རྔུས་མནར་བའི་ལུས་འདི་བོར་ནས་བྱིས་པ་ལུས་ཡང་ཞིང་གོམ་ཟོ་བདེ་བ་ནད་ཀྱིས་མ་གཙེས་པ་ཞིག་གི་སྐྱེ་བ་བླང་ན་དགའ་འདུག་ཅེས་དང་། ཡང་ངེད་རང་མི་ཚེ་གང་པོར་བསྔོས་ཤ་ཟོས་པའི་རྣམ་སྨིན་ཤིན་ཏུ་ལྕི་བས་ཐར་བ་ཐོབ་དཀའ་བར་འདུག་ཅིང་། སང་ཕྱི་རེས་སྐྱེ་ངན་འདྲ་ལེན་སྲིད་ན་ཤ་འདི་ཟ་མ་དགོས་པ་ཞིག་བྱུང་ན་ཨ་རེ་ཤི་གསུངས་ཤིང་ཐུགས་སྐྱོའི་རྣམ་པ་ཆེས་ཆེར་མཛད་པ་དང་། གསོལ་དཔོན་པདྨ་རང་བྱུང་ལ། ད་ཁྱེད་རང་འདིར་སྡོད་མི་དགོས། ལྷོ་ཁོག་ཏུ་སོང་ལ་ལོ་ཆེན་བཱི་ཛ་ཡའི་མདུན་ནས་རིག་གནས་ཕྲན་བུ་རེ་ཨེ་ཤེས་ལྟོས། ང་དང་མྱུར་བར་འཕྲད་འོང་ཞེས་གསུང་གི་ཐ་མའི་ཞལ་ཆེམས་གནང་བ་དང་། སྒྲིབ་བྲལ་མཁྱེན་པའི་སྤྱན་མངའ་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཡང་སྲིད་སྐོར་གྱི་ཐུགས་བརྟག་ཞུས་པར། རྒྱལ་ཚབ་དམ་པའི་ཡང་སྲིད་ནུབ་ཀྱི་ཕྱོགས། །ཕ་མ་ཐབས་ཤེས་ཉི་ཟླ་ཀླུ་གནས་མཚོ། །ངང་པའི་ལོ་ལ་འཁྲུངས་པའི་རྟེན་བཟང་ཤར། །ཞེས་དང་། རྟ་ནི་ངང་པ་གསེར་ལྡན་ཕུལ་བ་ཡིས། །ཚོར་བ་རྟ་ཡི་ལོ་ནི་དེ་ནས་བྱུང་། །ཞེས་རྟ་ལོར་ལྷུམས་སུ་ཞུགས་པར་གཟིགས་པ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་ནས། གུ་རུ་རིན་པོ་ཆེའི་སྐུ་ཚབ་མདུན་བརྟག་དྲིལ་ཞུས་པར། སྤྱིར་ཡང་སྲིད་འཁྲུལ་མེད་འབྱོན་ངོ་དང་། དེའང་ལུག་ལོ་ལས་མི་འགྱང་པར་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ལ་འབྱུང་སྙམ་པ་ཤར་ལགས་ཅེས་སོགས་གསལ་བར་བསྟན་པས་འཁྲུལ་པ་མེད་པའི་ངེས་ཤེས་རྙེད་དེ་ངོས་འཛིན་སྐུ་བདག་མཛད། དགུང་གྲངས་ལྔ་བཞེས་པའི་དུས་རབ་འབྱམས་ལྔ་པ་རིན་པོ་ཆེས་དབུས་བླ་སྤྲུལ་ཡོངས་ཀྱིས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གདན་སར་སྤྱན་དྲངས་ནས་ཁྲི་གསོལ་དང་གཙུག་ཕུད་བཞེས་ཏེ་མཚན་ལ་ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ། ཁུ་བོ་སྐྱིད་གཡང་ངམ་པདྨ་དབང་ཆེན་ལས་དཀའ་ཚེགས་ལ་མ་བལྟོས་པར་ཡི་གེའི་སྦྱོར་ཀློག་དང་ཕྱག་བྲིས་སོགས་བྱང་ཆུབ་པར་བསླབས། དེ་ནས་གདན་ས་གོང་མ་རུ་དམ་རྫོགས་ཆེན་དུ་ཕེབས་ནས་གསང་ཆེན་རྒྱུད་སྡེའི་མངའ་བདག་མཁས་གྲུབ་པདྨ་བཛྲ་རམ་མཁན་པདྨ་དམ་ཆོས་འོད་ཟེར་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་དངོས་པོར་བསྒྲུབས་པས་འགྱུར་མེད་པདྨ་རྣམ་རྒྱལ་ཞེས་མཚན་གྱི་ཅོད་པཎ་དཔྱངས། རྗེ་འདི་ཐོག་མཐའ་བར་གསུམ་ཏུ་བཀའ་དྲིན་ཆེ་བའི་རིགས་བདག་གཅིག་ཏུ་འཛིན་ཅིང་ཉིད་མཛད་བླ་མ་རྒྱང་འབོད་ལས་ཀྱང་། ཐོག་མར་བསྟན་སྒོར་ཞུགས་མཛད་སོ་ཐར་གྱི་མཁན་པོ། །བར་དུ་བྱང་སྡོམ་འབོགས་པ་ཐེག་ཆེན་གྱི་སློབ་དཔོན། །ཐ་མར་སྨིན་གྲོལ་མཆོག་སྩོལ་གསང་སྔགས་ཀྱི་བླ་མ། །བཀའ་དྲིན་འཁོར་མེད་པདྨ་བཛྲ་དེ་མཁྱེན་ནོ། །ཞེས་སོགས་གསོལ་འདེབས་བསྔགས་བརྗོད་རྒྱ་ཆེར་མཛད། དེ་བཞིན་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་ལྔ་པ་དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོ་ལས་ཉིད་མཛད་ཤེར་ཕྱིན་སྤྱི་དོན་དང་འབྲུ་འགྲེལ། སྡོམ་གསུམ་རྣམ་ངེས། ཡོན་ཏན་མཛོད། རྒྱུད་བླ་དང་འབྱེད་རྣམ་གཉིས་རོང་ཊིཀ་སྟེང་ནས་བཤད་པ་སོགས་མཚན་ཉིད་ཐེག་པའི་གཞུང་བཤད་དུ་མ་གསན། ཀུན་མཁྱེན་བླ་མ་མི་ཕམ་རིན་པོ་ཆེ་ལས། ཐོག་མར་འཇམ་དཔལ་ཚེ་བདག་གི་བསྙེན་སྒྲུབ་གྲོལ་སྐབས་དང་ཁེལ་བས་དངོས་གྲུབ་ལེན་ཆོག་བསྩལ་བ་དང་། རིམ་པས་འཇམ་དཔལ་རྫོགས་ཆེན་སྐོར་དང་། བཀའ་བརྒྱད་སྤྱི་དོན། མཁས་འཇུག་སོགས་ཉིད་མཛད་བསྟན་བཅོས་རྣམས་ཀྱི་བཤད་ལུང་། མདོ་སྔགས་གཞུང་དོན་གྱི་དཀའ་གནད་དོགས་གཅོད། ཡང་དག་གསང་འགྲེལ་སོགས་འགའ་ཞིག་བཤད་ལུང་མཛད་མ་ཐུབ་པ་རྣམས་བྱིན་རླབས་གཏད་རྒྱ་གནང་བ་སོགས་མཛད་པས་འཇམ་མགོན་རྣམ་གཉིས་དང་ངོས་མཉམ་པའི་དད་མོས་མཛད། དགེ་བའི་བཤེས་གཉེན་ཆེན་པོ་དགེ་མང་མཁན་ཡོན་ཏན་རྒྱ་མཚོ་ལས་བསྙེན་པར་རྫོགས་ཤིང་ཕྱི་སོ་སོར་ཐར་བའི་འདུལ་ཁྲིམས་ཀྱི་གནས་ཕྲ་མོ་ཙམ་ལས་མ་འདས་པར་བསྲུངས་པས་འདུལ་འཛིན་ཀུན་ཀྱི་མཆོག་ཏུ་བསྔགས། གཞན་ཞེ་ཆེན་རབ་འབྱམས་ལྔ་པ། ཀཿཐོག་སི་ཏུ་པཎ་ཆེན། དཔལ་ཡུལ་རྒྱ་སྤྲུལ། མཁན་ཆེན་བཀྲ་ཤིས་འོད་ཟེར། དགོན་སྟོད་མཆོག་སྤྲུལ། འབར་ཆུང་མཆོག་སྤྲུལ་ཐུབ་བསྟན་དགེ་ལེགས། ཁྲོ་ཤུལ་མཁན་རིན་པོ་ཆེ་སོགས་བཤེས་གཉེན་བཅུ་ཕྲག་དུ་མ་ལས་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་གཙོས་ཆོས་བཀའ་ཅི་རིགས་གསན་བཞེས་གནང་བ་དང་། ཁྱད་པར་ཐུན་མིན་རིགས་ཀྱི་བདག་པོ་ནི་འཇམ་དབྱངས་མཁྱེན་ཀོང་རྣམ་གཉིས་ཏེ། མཁྱེན་བརྩེ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལས། སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་གཙོས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་བཤད་བརྒྱུད་ཀ་ཆེན་བཅུའི་ཆོས་ཚུལ་གདམས་ཁྲིད་མཐའ་ཡས་པ་གསན་བཞེས་གནང་བ་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ལས། རྗེ་ཉིད་ཀྱི་བཀའ་བསྡུ་གནང་བའི་ཐུན་མོང་ཤེས་བྱ་མཛོད། རྒྱ་ཆེན་བཀའ་ཡི་མཛོད། ཟབ་མོ་གཏེར་གྱི་མཛོད། གདམས་ངག་མཛོད། ཐུན་མིན་གསང་བའི་མཛོད་རྣམས་ལས་ཕལ་ཆེར་འཇམ་དབྱངས་མཁྱེན་བརྩེའི་ཞབས་དང་ལྷན་དུ་གསན། དེ་མིན་རྒྱབ་རྟེན་སྨིན་གྲོལ་བཅས་ཟུར་མང་དྲུང་པ་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་མདུན་ནས་གསན་པ་བཅས་ཐོས་པ་རྒྱ་མཚོའི་ཕ་མཐར་སོན། དེ་ལྟར་ཐོས་པ་ཐམས་ཅད་བསམ་སྒོམ་མེད་པའི་ཁ་ལྟ་སྟོང་སྐད་དུ་མ་ལུས་པར་བྱོན་བཞུགས་ཀྱི་སྐབས་ཐམས་ཅད་དང་། ཁྱད་པར་ལྕགས་བྱ་ལོ་ནས་མེ་སྟག་ལོར་མྱ་ངན་ལས་འདས་པའི་བར་དབེན་ཁྲོད་པདྨ་འོད་གླིང་དུ་བཅད་རྒྱ་ཁོ་ན་མཛད་དེ་བཞུགས་པས་ཡི་དམ་ལྷག་པའི་ལྷའི་བསྙེན་སྒྲུབ་དང་། བསྐྱེད་རྫོགས་རྫོགས་ཆེན་གྱི་ཉམས་བཞེས་ཚད་དུ་འཁྱོལ་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་རྟགས་མཚན་ཐམས་ཅད་མངོན་དུ་གྱུར་པ་སྟེ། ཉེ་གནས་ཀྱི་རུས་པ་རྡུང་སྤྱད་ཀྱི་རྡོ་ཞིག་ཡོད་པ་ལ་འདམ་ལྟར་བརྫིས་པའི་ཞབས་རྗེས་ད་ལྟའང་ཞེ་ཆེན་དགོན་དུ་དངོས་སུ་མཇལ་དུ་ཡོད་པ་དང་། རྡོ་རྗེ་ཕུར་བའི་བསྙེན་སྒྲུབ་སྐབས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོར་ཤར་བ་སོགས་ཐུན་མིན་གསང་བའི་རྣམ་ཐར་ལ་མངའ་དབང་འབྱོར་ཚུལ་རྣམ་ཐར་རྒྱས་པ་རྣམས་སུ་གསལ་བ་ལྟར་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ནས་བྱར་མེད་རང་བྱུང་གི་དགོངས་པ་བརྙེས་པས། བློས་བྱས་ཀྱི་འཛིན་པ་དག །དགོངས་པའི་གཏེར་ཆེན་བརྡོལ་ནས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་ཕྱི་རབས་ཀྱི་སྐལ་བར་བཞག་པ། ཐོག་མར་དགེ་བ་ལེགས་བྱས་མཐར་ཕྱིན་པར་བྱེད་པའི་ཕྱིར་སྒོ་དང་པོ་མཆོད་འབུལ་ལས་ཚོགས་ཀྱི་སྐོར། གཉིས་པ་རྩོམ་པ་དོན་ལྡན་དུ་བྱ་བའི་ཕྱིར་སྒོ་གཉིས་པ་བསྟོད་ཚོགས་ཀྱི་སྐོར། གསུམ་པ་དོན་གཉིས་ཡིད་བཞིན་དུ་བསྒྲུབ་པར་བྱ་བའི་ཕྱིར་སྒོ་གསུམ་པ་གསོལ་འདེབས་ཞབས་བརྟན་གྱི་སྐོར། བཞི་པ་བར་དུ་དགེ་བ་གཞུང་དོན་གསལ་བར་བྱེད་པའི་ཕྱིར་ཐོག་མར་ཡིད་ཆེས་སྐྱེད་བྱེད་ཆོས་འབྱུང་ལོ་རྒྱུས་ཀྱི་སྐོར། ལྔ་པ་ཐུན་མོང་རིག་པའི་གནས་སྟོན་པར་བྱེད་པ། སྒྲ། སྙན་ངག །སྐར་རྩིས་སོགས་ཀྱི་སྐོར། དྲུག་པ་བླང་དོར་གྱི་གནས་གསལ་བར་བྱེད་པ་ཞལ་གདམས་གཏམ་ཚོགས་ཀྱི་སྐོར། བདུན་པ་ཐུན་མོང་གི་ཆོས་བཤད་ཁྲིད་ཡིག་སྐོར། དགུ་པ་གསུང་ཐོར་བུ་སྣ་ཚོགས་ཀྱི་སྐོར། བཅུ་པ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ཏེ་ས་བཅུའི་གྲངས་ཀྱི་སྡེ་ཚན་དུ་དྲིལ་བ་གླེགས་བམ་བཅུ་གསུམ་དུ་ལོངས་པ་མཛད། གཞན་ཡང་དུས་དང་རྣམ་པ་ཀུན་ཏུ་ཞུ་བ་པོ་སོ་སོའི་མོས་ཁམས་ལྟར་ཐ་སྙད་གཙུག་ལག་གི་རིག་གཞུང་ནས། མདོ་སྔགས་གཞུང་ཆེན་གྱི་བཤད་ཁྲིད། བཀའ་གཏེར་ཟབ་ཆོས་ཀྱི་དབང་ལུང་། ཐེག་རྩེ་རྫོགས་ཆེན་གྱི་མྱོང་ཁྲིད་བཅས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་གསུང་སྐྱེས་མཁས་ཤིང་གྲུབ་པའི་སྐྱེས་བུ་གྲངས་མེད་བྱོན་པ་སྟེ། གཙོ་བོའི་མཚན་ནས་སྨོས་ན་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཞེ་ཆེན་རབ་འབྱམས་དྲུག་པ་ཀུན་བཟང་བསྟན་པའི་ཉི་མ། འཇམ་དབྱངས་བློ་གཏེར་དབང་པོ། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ། ཀོང་སྤྲུལ་ཡང་སྲིད་དཔལ་ལྡན་ཆོས་ཀྱི་དབང་ཕྱུག ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། རྫོགས་ཆེན་གླིང་བླ་སྤྲུལ་སྐུ། མཁན་བསོད་ཆོས། ཨ་བུ་ལྷ་སྒང་། ཀཿཐོག་མཁན་པོ་ནུས་ལྡན་སོགས་གསང་ཆེན་སྙིང་པོའི་རིང་ལུགས་འཛིན་པ་ལ་འགྲན་པའི་ཟླ་དང་བྲལ་བ་དུ་མ་བྱོན། དེ་ལྟར་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་ཕྲིན་ལས་དམ་པས་བསྟན་དང་འགྲོ་བའི་ཕན་བདེ་རྒྱ་ཆེར་སྤེལ་ནས་མཐར་དགུང་གྲངས་ལྔ་བཅུ་རྩ་ལྔ་བཞེས་པ་རབ་བྱུང་བཅོ་ལྔ་པ་རྫོགས་མཚམས་ཀྱི་མེ་སྟག་སྣྲོན་ཟླའི་ཚེས་བཅོ་བརྒྱད་ཀྱི་སྔ་ཆར་སྐུ་གཅེར་བུར་བསལ། ཕྱག་གིས་དབང་བཞི་མངོན་དུ་མཛད་པའི་བརྡའ་ཐབས་སྣ་ཚོགས་ཀྱི་མཐར་སྐུ་ཅུང་བསྙེལ་ནས། ཕྱག་གཡོན་པས་རྡོ་རྗེ་ཁུ་ཚུར་ཐུགས་ཀར་གཏད། གཡས་པའི་རྡོ་རྗེ་ཁུ་ཚུར་སྐུ་གཡོན་པར་བརྟེན་པའི་ཚུལ་གྱིས་གསུང་ཤིན་ཏུ་གསལ་བས་ཨ་གསུམ་བརྗོད་པ་དང་། གདོད་མའི་ནང་དབྱིངས་ཁྱད་ཆོས་དྲུག་ལྡན་གྱི་གྲོལ་གཞི་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་སྦུབས་སུ་མངོན་པར་གཤེགས་པར་མཛད་དོ། །

[༥༢] གཏེར་ཆེན་བདུད་འཇོམས་རོལ་པ་རྩལ།

མཁན་ཆེན་པདྨ་བཛྲའི་ཐུགས་སྲས་གཏེར་ཆེན་བདུད་འཇོམས་རོལ་པ་རྩལ་ནི། ཨ་མདོ་རེབ་ཀོང་གི་ཆར་གཏོགས་པ་དཀྱིལ་འཁོར་ཞེས་གྲགས་པའི་ཡུལ་གྲུ་རུ། ཡབ་མཁར་འབུམ་རྒྱལ་དང་། ཡུམ་མཁའ་མོ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བཙའ་སྐབས་འོད་དཀར་ཞིག་གི་སྦུབས་ན་ཡོད་པ་འོད་ཕུང་སྐད་གཅིག་གིས་ཕྱོགས་གཅིག་ཏུ་བསྡུས་ནས་སྤྱི་བོའི་ཐད་སོར་ནས་རང་ཡལ་དུ་གྱུར་པ་དང་། ཁྱིམ་དུ་སྤོས་ངད་དང་འོད་ཟེར་གྱིས་ཁྱབ་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་བྱུང་། དགུང་ལོ་བཞི་ལ་སོན་སྐབས་བཙོག་གྲིབ་ཀྱིས་བསྙུན་རྐྱེན་ཁྱིམ་དང་ཕྲལ་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཨ་ཁུའི་རྩར་བསྐྱལ། དགུང་གྲངས་བདུན་པར་ཆོས་སྡེ་དེའི་བཤེས་གཉེན་ཆེན་པོ་ཐུབ་དབང་བསྟན་པའི་ཉིན་བྱེད་ལས་དགེ་བསྙེན་དུ་བསྒྲུབས་ཤིང་ཀློག་ལ་བསླབས། དགུང་གྲངས་དགུ་ལ་སོན་སྐབས་སྦས་པའི་རྣལ་འབྱོར་བླ་མ་ཁེལ་ཐར་ཞེས་པའི་སྐྱེ་སྲིད་དུ་ངོས་བཟུང་སྟེ་གཙོས་དགའ་ལྡན་ཆོས་གླིང་དུ་སྤྱན་དྲངས་ནས་ཁྲི་གསོལ་མཛད། ཨ་ཁུ་ཤེས་རབ་ཡོངས་འཛིན་དུ་བསྐོས་པ་ལས་ཆོས་སྤྱོད་དང་སྨོན་ལམ་སོགས་དགེ་ལྡན་པའི་ཆོ་ག་བློ་འཛིན་མཛད་དུ་བཅུག བཅུ་གཉིས་པར་སྒེའུ་སྟེང་རིན་པོ་ཆེ་བློ་བཟང་འཇམ་དབྱངས་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་ཞུས། དེ་ནས་བླ་བྲང་གི་ཆེད་དུ་ཡུལ་སྡེ་འགར་འབུལ་སྡུད་བྱས་ཤིང་ཟང་ཟིང་གིས་འདའ་བའི་དགོན་སྡེ་ལ་སྐྱོ་བ་གཏིང་ནས་སྐྱེས། རང་དགོན་དུ་ཡི་དམ་གྱི་བསྙེན་སྒྲུབ་ལ་བཞུགས་པས་རྨི་ལམ་གྱི་སྣང་ངོར་རུ་དམ་གངས་ཁྲོད་དུ་ཕེབས་པའི་གཟིགས་སྣང་བྱུང་ཡང་དེ་སྐབས་གནས་དེ་གར་ཡིན་ངོ་མ་ཆོད། གཞན་ཡང་དག་པའི་གཟིགས་སྣང་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་མཚན་མ་སྣ་ཚོགས་བྱུང་། ཡོངས་འཛིན་དགེ་བཤེས་ལས་རྒྱལ་ཡུམ་ཤེར་ཕྱིན་སོགས་ལ་ཐོས་བསམ་མཛད་པ་དང་། ཆོས་སྡེ་ཆེན་མོ་བླ་བྲང་དུ་ཕེབས་ནས་དུས་འཁོར་དང་གསང་སྡེ་འཇིགས་གསུམ་གྱི་སྨིན་ཁྲིད་གསན་ཅིང་ཉམས་བཞེས་ཀྱང་མཛད། དགུང་གྲངས་ཉེར་ལྔའི་སྐབས་གྲོང་དང་དགོན་སྡེ་ལ་ལྷག་པར་སྐྱོ་ཞིང་དབེན་རི་ལས་དྲན་རྒྱུ་མེད་པའི་མི་རྟག་དང་སྙིང་རྗེའི་བློ་བཅོས་མིན་ཐུགས་ལ་འཁྲུངས། ངེས་མེད་ཀྱི་རྒྱལ་ཁམས་འགྲིམ་པར་འདོད་པས་ཉེ་ཕྱོགས་ཀྱི་སྐྱེས་བུ་དུ་མར་ཕྱག་མོ་དགོངས་བརྟག་ཞུས་པ་དང་། ཁྱད་པར་རྫོགས་སྤྲུལ་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སློབ་ཚོགས་གསུམ་མཚམས་པ་ཞེས་སྐུ་ཚེ་སྒྲུབ་པ་ལ་ཟད་པ་ཞིག་བཞུགས་པའི་དྲུང་དུ་ཕྱིན་ནས་ལོ་རྒྱུས་དང་བཅས་བརྟག་ལུང་ཞུས་ཚེ། ཁྱེད་སྤྲུལ་སྐུ་ཚོའི་གང་དྲན་གྱི་བྱ་བ་ངས་ཤེས་དཀའ་ཞིང་། ངེད་ཅག་ལ་ཁག་འགེལ་བྱས་ནས་ས་མཐར་འཁྱམས་སོང་ན་ངེད་ཅག་ལ་ཆད་ལས་ཡུལ་འདོན་སོགས་འབྱུང་ཉེ་བས་བྱ་བ་ཅི་བྱེད་ཁྱེད་རང་གིས་མ་ཤེས་ན་སུས་ཤེས་གསུངས། སླར་ཡང་ནན་ཞུ་བྱས་པས་ཉིན་འགའི་རྗེས་སུ་ཤོག་དང་བལྟ་གསུངས། ཞག་འགའི་རྗེས་སྐུ་དྲུང་དུ་ཕྱིན་སྐབས་ཞལ་ནས། མཆོག་གསུམ་ལ་གསོལ་བ་བཏབ་སྟེ་མར་མེ་རྨི་ལམ་ཤོ་མིག་སོགས་ལ་བརྟགས་པས་དགེ་མཚན་ཕུན་སུམ་ཚོགས་པའི་ལྟས་བཟང་ཤར། དྲང་པོར་ཞུས་ན་ཉིད་གུ་རུའི་ཐུགས་སྲས་རྗེ་འབངས་ཤིག་གི་རྣམ་རོལ་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་སྨིན་པར་འདུག་པས་ཐུགས་བཞེད་ལྟར་མཛད་དགོས་ལ་དེ་མིན་སྐུ་ཚེའི་མཐའ་ཡང་འཁྱོལ་བ་དཀའ་བས་ན་སྐུ་ཚེར་སྒྲུབ་པ་སྙིང་པོར་བྱེད་གལ་ཆེ། དེ་ཡང་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ་ངེས་པས་ན་རིང་མིན་སྐུ་དྲུང་དུ་བསྙེགས་ཏེ་དབང་ཁྲིད་མན་ངག་རྣམས་རྫོགས་པར་ཞུས། རྗེས་སུ་ཁོང་གི་བཀའ་ལུང་ཇི་བཞིན་སྒྲུབ་པ་ལྷུར་ལེན་བྱས་ན་འབྲས་སུ་མངོན་དུ་གྱུར་ཡོང་། དེ་ནས་བྱང་ཕྱོགས་འདིར་ཕེབས་དང་གདུལ་བྱ་འཕྲོ་ཅན་དུ་འདུག་པས་འགྲོ་དོན་མཐར་ཕྱིན་པ་མ་བྱུང་ན་ངེད་ཚོགས་གསུམ་མཚམས་པས་ཅི་སྨྲས་ཐམས་ཅད་མི་ཆོས་བླ་མའི་རྫུན་ཡིན་ཞེས་ཆགས་ཐོགས་བྲལ་བའི་ལུང་བསྟན་དང་། རྫོགས་ཆེན་མཁན་རིན་པོ་ཆེ་ངེད་རང་རྣམ་གཉིས་བླ་མ་གཅིག་བསྡུས་ཀྱི་མཆེད་གྲོགས་ཡིན་ཕྱིར་སྐུ་དྲུང་དུ་ཞུ་ཡིག་འབུལ་ཆོག་ཅེས་དང་། འཕྲོས་སུ་ཁོང་གིས་རྫོགས་ཆེན་ནས་ཆོས་ཕྱིར་དཀའ་བ་སྤྱད་པའི་ལོ་རྒྱུས་འགའ་གསུང་བཞིན་ཐུགས་སྨོན་གནང་སྟེ་ཞལ་གྱེས་ཞུས། དེ་ནས་བླ་བྲང་གི་སྐུ་འཁོར་འགའ་ལ་དབུས་ཕྱོགས་སུ་ཕེབས་རྒྱུ་ཡིན་ཞེས་གསུངས་ནས་གཅིག་པུར་ཆོས་བྲོས་སུ་བྱོན། རིམ་པར་ཨ་མཆོག རུས་ཚང་། བསམ་ཚ་རོང་འབྲོག སྟག་ཚང་ལྷ་མོ། མཛོད་དགེ། རྡོ་ཁོག གསེར་རྟ། སྙི་ཁོག སྟོང་བཟའ། རྫ་ཁོག་གི་བར་ས་ཐག་རིང་པོ་རིམ་བགྲོད་ཀྱིས་ཟླ་བ་གཉིས་དང་ཞག་བདུན་ན་ཞེ་ཆེན་དགོན་དུ་སླེབས། དེར་རྒྱལ་ཚབ་སྤྲུལ་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་སུ་རྫོགས་ཆེན་རིན་པོ་ཆེའི་གཅུང་དབོན་པོ་འཇིགས་མེད་ཕེབས་པ་དང་མཇལ། མཁན་རིན་པོ་ཆེ་གནས་སྐབས་མི་བཞུགས་ཀྱང་ཞག་ཁ་ཤས་ནས་གདན་སར་ཕེབས་ངེས་ཡིན་གསུངས། ཕྱི་ཉིན་དབོན་པོ་དཔོན་འཁོར་དང་མཉམ་དུ་རུ་དམ་དུ་ཕེབས་ཤིང་སྐྱ་མོ་བྲག་དཀར་དུ་སླེབས་ནས་ཟིལ་ཁྲོམ་གངས་རི་མཐོང་ཚེ་སྔར་གྱི་རྨི་ལམ་ལུང་བསྟན་ལྷག་གེར་དྲན། ཉིན་འགར་རྫོགས་ཆེན་དགོན་དང་ཤྲཱི་སེང་ཆོས་གྲྭ་སོགས་སུ་གནས་སྐོར་མཆོད་མཇལ་བྱས་ཏེ་བཞུགས། དེ་ནས་སྐྱབས་རྗེ་བླ་མ་གདན་སར་ཞབས་པད་བཀོད་པ་ཐོས་པ་དང་བཞུགས་གནས་པདྨའི་ཐང་དུ་ཐེགས་ནས་གསེར་ཞལ་མཇལ་ཞིང་ལོ་རྒྱུས་སྙན་འབུལ་དང་སྦྲག་ཞུ་ཡིག་ཀྱང་ཕུལ། དགྱེས་བརྩེའི་གསུང་གིས་ཕ་ཡུལ་གང་ཡིན་དང་བགྲོད་ལམ་ནས་ཅི་ཐོགས་སོགས་བཀའ་འདྲི་གནང་འཕྲོས་སུ། ད་རེ་ཞིག་སྡོད་དང་ཉམས་རྒྱུས་ཤིག་ལོན་འོང་དེ་དུས་འགྲོ་འདུག་ཅི་དགོས་ཤེས་ནས་འོང་གསུངས། ཡང་ཉིན་འགའ་ནས་རྗེས་སུ་འཛིན་པ་ཞུ་ཕྱིར་སྐུ་གམ་དུ་མཇལ་ཕྱག་བྱས་པར། སྐྱབས་རྗེ་རིན་པོ་ཆེའི་ཞལ་ནས་སྤྱིར་ཆོས་སྒྲུབ་པ་པོ་གང་ཟག་གི་བྱེ་བྲག་ལས་ཐ་དད་པ་ལས་བསྒྲུབ་བྱའི་ཆོས་ལ་འགྱུར་སྔ་ཕྱི་ཙམ་གྱི་ཁྱད་པར་ལས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་གང་ཉམས་སུ་བླངས་ཀྱང་རྣམ་གྲོལ་གྱི་སྒོ་གཅིག་པ་བུ་རམ་དང་སྦྲང་རྩིའི་རོ་བཞིན་ཁྱད་པར་མེད་སོགས་ནས། སྔ་འགྱུར་ཡོ་ག་གསུམ་གྱི་ཆོས་འབྱུང་མདོར་བསྡུས་དང་། བཀའ་གཏེར་དག་སྣང་གི་མན་ངག་གཅིག་ཏུ་དྲིལ་བ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་སྲོལ་སོགས་གསུངས་པའི་འཕྲོས་སུ། ཁྱེད་རང་ཚེ་འདིར་ལམ་སྣ་ཟིན་པའི་རེ་འདོད་ཀྱི་ས་ཐག་རིང་པོ་ནས་འདིར་ལྷགས་ཀྱང་རང་ངོས་ནས་མཁས་གྲུབ་དམ་པ་གོང་མའི་གསུང་གི་བདུད་རྩི་ཐོབ་པའི་བཀའ་དྲིན་ལས་ཐ་སྙད་ཚིག་ཁྲིད་ཙམ་ཤེས་ཀྱང་དོན་ཁྲིད་ཉམས་མྱོང་གི་རྟོགས་པ་ཀློང་དུ་མ་གྱུར་བར་གཞན་རྒྱུད་སྨིན་མི་སྲིད་པས། སྡེ་དགེ་རྫོང་སར་དགོན་དུ་མཁྱེན་བརྩེ་རིན་པོ་ཆེ་ཀུན་མཁྱེན་འཇིགས་མེད་གླིང་པའི་སྒྱུ་འཕྲུལ་དངོས་སུ་བཞུགས་པའི་མདུན་སར་ཕྱིན་ན། ཁོང་གིས་ཆགས་ཐོགས་བྲལ་བའི་ཡེ་ཤེས་ཀྱིས་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པའི་གདམས་ངག་གནང་ཞིང་། ངེད་དཔོན་སློབ་ཐུགས་འདྲིས་ཆེ་ཞིང་ཕན་ཚུན་ས་དགེ་རྙིང་གསུམ་གྱི་དབང་ལུང་ཁྲིད་ཁ་འབུལ་རེས་ཀྱིས་བླ་སློབ་ཟུང་འབྲེལ་ལགས་པས་ཁྱེད་རང་གི་ལོ་རྒྱུས་དང་སྐྱབས་འཇུག་བཅོལ་བའི་ཞུ་ཡིག་ཀྱང་འབུལ་ཆོག ཉིན་འགའ་ནས་འདི་གའི་གདན་སར་བཀའ་མའི་སྒྲུབ་མཆོད་ཁེལ་བས་དེ་དག་ཞིབ་མཇལ་བྱས་ན་ལེགས་ཤིང་སྐབས་དེར་ཚོང་མགྲོན་སོགས་འགྲོ་མཁན་ཡོད་སྲིད་པས་བཅོལ་གཏམ་སོགས་ཅི་ལྕོགས་བྱེད་གསུངས། ཞལ་བཀོད་ལྟར་བཀའ་གཏེར་གྱི་སྒྲུབ་ཆེན་ཁག་གི་མཆོད་པ་གར་འཆམ་དང་བཅས་པ་མཇལ་འཕྲལ་བཀའ་གསུང་ཐམས་ཅད་ངེས་དོན་དུ་སེམས་ནས་ཞབས་དྲུང་རིན་པོ་ཆེའི་མདུན་འགྲོ་དགོས་ཀྱང་དམ་པ་གང་ཉིད་ལས་ཆོས་ཀྱི་འབྲེལ་བ་ཞུ་དགོས་སྙམ་སྟེ་མཎྜལ་མཚོན་ཙམ་ཁྱེར་ནས་མདུན་བཅར་བྱས་པས། ཞལ་ནས་ངེད་རང་གིས་མནོ་བསམ་ཞིབ་ཏུ་བཏང་ན་ཁྱེད་ཀྱིས་གང་སྨྲས་ཐམས་ཅད་བདེན་པར་མི་འདུག སྔོན་བྱོན་ཆོས་མཛད་གོང་མ་དག་ཀྱང་རྐྱེན་དབང་གིས་ཐུགས་རྒྱུད་ཆོས་ལ་བསྐུལ་བ་ལས་ཤུགས་འབྱུང་དུ་ཉམས་ལེན་གནང་བ་ཆེར་མ་བྱོན། ཁྱེད་དགེ་ལྡན་པའི་སྤྲུལ་སྐུ་ཞིག་ཡིན་པས་ཕྱིན་ཆད་ཆོས་སྲིད་གང་གི་ལེགས་ཚོགས་འབྱོར་བཞིན་འདིར་འཁྱམ་དགོས་པ་ནི་རང་དགོན་གྱི་སྒྲིག་ལམ་འདུལ་ཁྲིམས་དང་འགལ་བའི་ནག་ཆང་བསྟེན་པའམ། ཡུལ་ཁྲིམས་ལ་འཇིགས་ནས་བྲོས་སམ་ཡང་ན་གནས་དབྱུང་བྱས་པ་ལས་འོས་མེད་ཅིང། སྔ་འགྱུར་རྙིང་མ་གྲུབ་ཐོབ་ཀྱི་རྒྱུད་པ་ཡིན་གཤིས་རྟགས་དང་ཀུན་སྤྱོད་ལ་ཕྲ་ཞིབ་གཙོ་ཆེར་མི་མཛད་པས་གང་དྲན་རང་འདོད་དུ་བསམ་ནས་འདིར་འོང་ངམ་སྙམ། སྔར་ཡང་རྒྱང་རིང་པོ་ནས་ད་ལྟའི་བར་དུ་སློབ་བུ་སྣོད་ལྡན་ཞིག་ཐོན་མ་མྱོང་། དབང་ཞུ་ནའང་ཡང་ཟབ་མཐར་ཐུག་སྙིང་ཐིག་ཡ་བཞི་དང་ཤིན་ཏུ་བཀའ་གཉན་པ་འདོད་འཇོའི་བུམ་བཟང་སོགས་ཀྱི་དབང་གྲལ་དུ་འཚང་ནས་དམ་ཆུ་ལྷན་དུ་འཐུང་། ཕན་ཚུན་ཚིག་གི་ལེགས་ཉེས་ཙམ་ཡང་མི་ཐེགས་པས་དམ་ཚིག་ཆུ་ལ་ཕོ་ཞིང་བླ་སློབ་ངན་སོང་དུ་འཁྲིད་པ་མ་གཏོགས་མེད་ཚུལ་སོགས་བཀའ་བཀྱོན་མང་དུ་གནང་མཐར། ད་གང་ལྟར་ཡང་ངེད་རང་སྔར་རྒྱལ་མོ་རྨུ་རྡོ། ཁྲོ་ཆེན། ཀེའུ་ཚང་སེང་གེ་ཡང་རྫོང་། ཐུགས་རྗེ་ཆེན་པོ་སོགས་སུ་གནས་མཇལ་ལ་ཕྱིན་སྐབས་ཕོ་བྲང་ལྔ་བརྩེགས་ནས་བླ་མ་བཟང་པོ་ཞིག་གིས་སྙིང་ཐིག་དབང་ལུང་ཞུས་ཀྱང་ཚ་བ་ཆེ་སྟབས་གདམས་ཁྲིད་འགའ་རེ་ལས་དབང་ལུང་ཐོག་ཁེལ་མ་བྱུང་ཞིང་། ད་ལན་སློབ་གྲྭ་བ་ཁ་ཤས་བཅས་སྐུ་ཞབས་རིན་པོ་ཆེའི་དྲུང་ནས་འདིར་ལྷགས་ཏེ་སྙིང་ཐིག་གི་དབང་ལུང་ཡོངས་རྫོགས་ཞུ་བཞིན་ཡོད་པས་དབང་གྲལ་དུ་སྡོད་དང་དེ་ནས་ཞབས་དྲུང་མདུན་འགྲོ་མི་འགྲོ་གང་བྱས་ཀྱང་ཆོག་གསུངས། དེ་ནས་ཉིན་འགའི་རྗེས་ཀློང་ཆེན་སྙིང་ཐིག་གི་རྩ་གསུམ་ཞི་ཁྲོ་ཡོངས་རྫོགས་ཀྱི་སྨིན་དབང་དང་ཟབ་པ་པོད་གཉིས་ཀྱི་ལུང་རྫོགས་པ་དང་། བླ་མ་མཚམས་པ་རིན་པོ་ཆེའི་ཁྲིད་ཡིག་སྟེང་ནས་ཉིན་ལྔའི་བར་ཐུན་མོང་ཐུན་མིན་གྱི་སྔོན་འགྲོའི་ཁྲིད་གནད་དོན་ཞལ་ཤེས་ཉམས་མྱོང་གི་དམར་ཁྲིད་རྩལ་འདོན་མཛད་དེ་གསུངས། དེ་ནས་རྡོ་གྲུབ་རིན་པོ་ཆེས་ཉམས་སྣང་ལ་གཟིགས་པའི་ཕུག་སྒོ་གསར་དུ་ཕྱེས་ནས་སྒྲུབ་པ་མཛད་དེ་བཞུགས་པའི་ཚེ་རིང་ཕུག་པ་རུ་ཞལ་གསུང་ལྟར་ཟླ་བ་གཅིག་དང་ཕྱེད་ལ་སྔོན་འགྲོའི་ཉམས་ལེན་ལ་བརྩོན་ནས་བཞུགས། དེ་འཕྲལ་མཁན་ཆེན་བླ་མའི་དྲུང་དུ་བཅར་བས་རེ་ཞིག་གསུང་གླེང་མི་མཛད་པའི་མཐར་ཁྱོད་གློ་བུར་དུ་ལྷགས་པའི་དོ་གལ་ཆེན་པོ་ཅི་བྱུང་བ་ཡིན་གསུངས། ཟླ་ཞག་རྫོགས་ནས་འོང་བ་ཡིན་ཞུས་ཚེ། ཐུགས་ཤིན་ཏུ་ཁྲོ་ཚུལ་མཛད་དེ་སྔར་ངས་མ་སྨྲས་སམ། ད་ཁྱོད་ཀྱི་སྐྱོན་མཚང་ཐམས་ཅད་ཕྱིར་མངོན་པ་ལྷ་དང་བླ་མའི་ཐུགས་རྗེ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས་ཡིན། དེ་མིན་ཁྱོད་ཀྱིས་ཟོག་རྫུས་སྒྲུབ་ལོ་དང་ང་བླ་མ་ཡིན་ཁུལ་གྱིས་མན་ངག་གི་སྙིང་བཅུད་རྣམས་སྣོད་མིན་ལ་ཟགས་སུ་བཅུག་པས་འུ་ཅག་གཉིས་ཀ་ངན་སོང་དུ་འགྲོ་བ་ལས་གཞན་མེད། སྔ་མོ་ཁྱོད་ནས་སྐྱོ་ཤས་ངེས་འབྱུང་བཅོས་མིན་ཡོད་མདོག་དེ་གང་དུ་ཐལ། བློ་ལྡོག་གི་མན་ངག་ལོག་རྟོག་འཁྲུལ་བའི་གཉེན་པོར་མི་བསྒོམ་པར་དྲན་བསམ་ཐ་མལ་དུ་གོལ་བཞིན་སྡོད་པ་རང་གིས་ཤེས་སམ་གཞན་གྱིས་བསླབས། བསམ་སྦྱོར་ཆོས་མཐུན་གྱི་ཉམས་ལེན་ལྟ་ཅི་ངག་འདོན་འབུམ་ལྔའི་སྒྲིབ་སྦྱོང་ཙམ་མི་དགོས་པར་དུས་གསུམ་གྱི་དྲན་རྟོག་ཞེན་པས་བཅིངས་ནས་སྲིད་པ་ལས་གྲོལ་བ་མདོ་རྒྱུད་བསྟན་བཅོས་གང་ནས་གསུངས། ཁྱེད་སྤྲུལ་སྐུ་ཡིན་པས་མཐོང་ངམ་ཐོས་སམ། བདག་གིས་སྐྱེས་འཕགས་དམ་པ་རྣམས་ཀྱི་ཞལ་ཤེས་དང་གཞུང་ལུགས་དག་ལས་དེ་འདྲ་མཇལ་མ་མྱོང་། ད་ཁྱེད་རང་གིས་ཉིན་རེ་གཉིས་སུ་བསྐྱེད་རྫོགས་རྫོགས་ཆེན་གྱི་ཆོས་འབྲེལ་མཚོན་ཙམ་བྱས་རྗེས་ངེད་རང་གི་མཐོང་ཐོས་མེད་པའི་ཡུལ་དུ་ངེས་པར་འགྲོ་མི་འཇུག་ན་དཀོན་མཆོག་གསུམ་དཔང་ཞེས་ལྡོག་མེད་ཀྱི་ཞལ་མནའ་བཞེས་ཏེ་བཀའ་བཀྱོན་དྲག་པོས་ཚར་གཅོད་མཛད། སེམས་ཁོང་དུ་ཆུད་དེ་སྡུག་ཡུས་མིག་ཆུ་དབང་མེད་དུ་ཤོར་ཡང་སྐུ་ཟིལ་གྱིས་མདུན་ནས་ངུ་མ་སྤོབས་པར་ཕྱིར་ཐོན་པ་དང་བཟོད་བསྲན་མེད་པར་མཆི་མའི་ཕྲེང་བ་ཆར་ལྟར་ཉིལ། ཡང་དུ་བསམ་བློ་བཏང་བས་སྔར་ཡང་ཤི་གསོན་གྱི་དཀོར་ལ་རང་གར་སྤྱད་དེ་སྒོ་གསུམ་གྱིས་ལས་ངན་བསགས། ད་རེས་ཀྱང་བླ་མ་སངས་རྒྱས་དངོས་འདིའི་ཐུགས་རྒྱུད་དཀྲུགས་པའི་ཉེས་ལྟུང་འདི་འདྲ་ཕོག་ཚུལ་གྱིས་སྡིག་ལྡན་ཞིག་ཡིན་པ་ཐག་ཆོད་བསམ་པའི་སྡུག་བསྔལ་དང་བཅས་ལས་ཐོག་མཁན་པོ་ཆོས་གྲོགས་ནོར་བུའི་གམ་དུ་ཕྱིན་ཏེ་ངུ་བཞིན་བསྡད་པས། ནོར་བུ་ནས་བླ་མའི་དགོངས་གཞི་ཚར་གཅོད་རྗེས་འཛིན་གྱི་ཚུལ་ཡིན་པར་ངེས་ཏེ། དུས་ཀུན་ངེད་ཅག་རྣམས་ལ་ཨ་མདོ་སྤྲུལ་སྐུ་འདི་ཤ་ཚ། བན་རྒན་ང་ལའང་སངས་རྒྱས་དངོས་སུ་མཐོང་བའི་དག་སྣང་ཡོད་ཅེས་གསུངས་ཏེ་སྤྱན་ཆབ་རྣམ་པ་ཀུན་ཏུ་བསིལ་བ་སོགས་ལོ་རྒྱུས་བསྙད་དེ་སེམས་གསོ་མཛད། ནུབ་མོ་བྲག་ཕུག་ཏུ་ཡར་ཕེབས་ནས་ཟས་སྐོམ་སོགས་ཡི་གར་མི་འོང་བཞིན་ཐུགས་སྐྱོའི་ངང་བཞུགས་ཤིང་གང་ལྟར་ཡང་བླ་མ་རིན་པོ་ཆེ་འདིའི་སྐུ་དྲུང་ནས་གོམ་གང་ཡང་འབྲལ་བར་མི་བྱེད་པའི་ཐུགས་དམ་བཅས། ཕྱིར་ཉིན་ཆོས་རྗེའི་དྲུང་ནས་འབོད་མི་མངགས་བྱུང་བ་དང་མཉམ་དུ་འཇིགས་སྔང་དང་བཅས་མདུན་བཅར་ཞུས་པས། སྐྱབས་རྗེ་མཆོག་ཐུགས་ཞི་ཞིང་ཞལ་འཛུམ་པའི་ངང་ནས་ཁྱེད་ས་ཐག་རིང་ནས་ངེད་དྲུང་བསྙེགས་ཏེ་འོང་བར་ངེད་རླུང་ཁམས་ཆེ་སྟབས་གང་བསམ་བྱུང་རྒྱལ་དུ་སྨྲས་པས་སྐྱོ་སུན་ཡི་ཆད་ཀྱི་སྡུག་ལས་བཏང་སོང་སྙམ་པའི་ཞེ་འགྱོད་ཀྱང་སྐྱེས་མོད། སྔོན་སློབ་མ་སྣོད་ལྡན་རྣམས་བླ་མ་གྲུབ་ཐོབ་སོགས་ཀྱིས་ཚར་གཅོད་རྗེས་འཛིན་མཛད་ཚུལ་རྒྱ་གར་རིག་འཛིན་རྣམས་དང་མར་མི་སོགས་ཀྱི་རྣམ་ཐར་ལ་དཔག་ན་ཆ་ཙམ་མི་ཉེ་ཡང་། ངེད་ཅག་གི་ཚོད་ཀྱི་ཚར་གཅོད་རྗེས་འཛིན་ཡིན་ཁུལ་བྱས་ཀྱང་ཆོག་མངོན་བྱང་ལྔ་བསྐྱེད། རྡོ་རྗེ་གསུམ་བསྐྱེད། སྐད་ཅིག་དྲན་རྫོགས་སོགས་ཀྱི་གདམས་ཁྲིད་རྫོགས་དགོས་ནའང་། རང་ཅག་བླ་མ་རྟོགས་ལྡན་དང་སློབ་མ་སྣོད་ལྡན་ཡིན་ཁུལ་བགྱིས་ནས་རྫུས་སྐྱེས་སྦྱོང་བ་དབང་པོ་རབ་ཀྱི་བསྐྱེད་རིམ་སྐད་ཅིག་དྲན་རྫོགས་བླ་མ་རིག་འཛིན་འདུས་པའི་སྒོམ་རིམ་ལྟ་ཁྲིད་ཅིག་བྱེད་གསུངས་ནས་ཐུགས་བརྩེས་རྗེས་བཟུང་མཛད། དེ་ཕྱིན་བསྐྱེད་རྫོགས་རྫོགས་ཆེན་གྱི་གདམས་ཁྲིད་སྤྱི་དང་། རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་རྩ་རླུང་གི་དམར་ཁྲིད་སོགས་མནོག་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་བསྩལ། ཚེ་རིང་སྒྲུབ་ཕུག་དང་པདྨ་ཐང་སོགས་སུ་ཁྲེགས་ཆོད་ཀྱི་ཉམས་བཞེས་དང་རྩ་རླུང་གི་ཁྲིད་སྦྱང་ཉམས་བཞེས་མཐར་ཕྱིན་མཛད་པས་འབྲས་བུའི་དྲོད་ཚད་རྫོགས་པའི་རྟགས་སྣང་དུ་མ་མངོན་དུ་གྱུར། རྨི་ལམ་འོད་གསལ་གྱི་སྣང་ཆར་ཨོ་རྒྱན་རྗེ་འབངས་ཀྱིས་ཞལ་གཟིགས་ཤིང་གཏེར་སྒྲོམ་རྙེད་པ་སོགས་དག་པའི་གཟིགས་པ་དུ་མ་བྱུང་ནས་འབྱུང་འགྱུར་རྟེན་འབྲེལ་གྱི་སྒོ་གསར་དུ་ཕྱེས། དེ་ནས་སྐྱབས་རྗེ་རིན་པོ་ཆེས་ད་ནི་རང་མགོ་ཐོན་པའི་དབང་ཁྲིད་གདམས་པ་ཐམས་ཅད་ཡོངས་སུ་རྫོགས་ཟིན་ཞིང་གྲོལ་བའི་འབྲས་བུ་ཐོབ་མིན་རང་ཉིད་ལ་རགས་ལས་ཕྱིར། ངེས་མེད་རྒྱལ་ཁམས་ཉུལ་ནས་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱུང་ན་འདི་ཕྱི་དོན་དང་ལྡན་པའོ་ཞེས་སྙིང་པོའི་ཉམས་བཞེས་ལ་བསྐུལ་བའི་གསུང་དུ་མ་བྱུང་བས། འོ་ན་ལྷ་ལྡན་ཕྱོགས་ཀྱི་དབེན་རི་སྒྲུབ་གནས་རྣམས་སུ་སོང་ནས་ཉམས་བཞེས་ལྷུར་ལེན་གྱི་དམ་བཅའ་འབུལ་བར་ཞུས་པར། ཞལ་ནས། ལྷ་ལྡན་ཇོ་བོ་རིན་པོ་ཆེ་ནི་མཉམ་མེད་ཐུབ་པའི་དབང་པོའི་རྒྱལ་ཚབ་དངོས་ཡིན་ཡང་དམ་སྲི་མི་གཟུགས་སུ་མངོན་པ་འགས་དགེ་འདུན་གྱི་སྡེ་དཀྲུགས་ཏེ་འཐབ་རྩོད་ཁྲིམས་ཉམས་ཀྱི་དབང་དུ་སོང་སྐབས་འདིར། ལྷམ་རྡོལ་ལྟར་སྣང་གི་གནས་སྐོར་སོགས་ངལ་དུབ་ཀྱི་རྒྱུ་ལས་སྙིང་པོ་མེད་མོད། གལ་ཏེ་ཡོད་སྲིད་ན་མི་ཚེ་རྒྱལ་ཁམས་ཉུལ་བའི་སྤྲང་སློང་དག་ཀྱང་གྲོལ་ངེས་ལ། དེ་བས་སྟན་རྡོལ་ཚེ་སྒྲུབ་པ་རོ་སྙོམས་བྱས་ནས་འབྲས་བུ་སྐུ་གསུམ་རང་རིག་ཇོ་བོའི་རང་ཞལ་མཇལ་ཐུབ་པ་ཞིག་བྱུང་ན་ཤིན་ཏུ་ལེགས་པས། རང་གིས་སྒྲུབ་ཚུགས་འཛིན་པར་ནུས་ན་གནས་རི་བྱིན་ཆེན་སོགས་ཡུལ་གང་དུའང་ཐབས་ཆག་མེད་ངེས་ཡིན་སོགས་ནང་བརྩེའི་ཞལ་གདམས་དུ་མ་གསུངས། དེ་ནས་བསྙེན་སྒྲུབ་ལ་ཟླ་འགའ་སོང་རྗེས་སྐུ་དྲུང་དུ་བཅར་སྐབས་ཞལ་ནས། ད་ནས་ཉིན་འགའི་རྗེས་རྫོགས་ཆེན་ཚེས་བཅུ་དང་ཕུར་སྒྲུབ་ཆེན་མོའི་ལྷ་འཆམ་རིམ་པར་ཁེལ་བས་མཐོང་བརྒྱུད་ཀྱི་ཕྱག་བཞེས་ངོ་མཚར་བ་རྣམས་མཇལ་བར་བྱོས་ལ། དེ་སྐབས་ཕྱོགས་དང་ཕྱོགས་ནས་མགྲོན་པོ་མང་པོ་འདུས་འོང་བས་དེ་དག་རང་ཡུལ་དུ་ལོག་པ་དང་བསྟུན་ཏེ་ཁྱེད་ཀྱང་རང་ཡུལ་དུ་ཕེབས་ན་སྟབས་ལེགས་ཞེས་གསུངས་པ་དང་། ད་ཕྱིན་རྩོལ་མེད་རང་བཞག་གི་ཉམས་ལེན་བྱེད་སྐབས་འཛིན་ཞེན་ཡིད་དཔྱོད་སྟོང་ཉམས་དམིགས་གཏད་སོགས་ཉམས་ཀྱི་ཞེན་པ་ཇི་ལྟར་བཟང་ཡང་གོལ་ནོར་ཤོར་གསུམ་ལས་མ་འདས་པས་དེ་དག་ལས་གྲོལ་ཐུབ་པ་ཞིག་དང་། རིག་པས་རང་ས་ཟིན་ཏེ་རྐྱེན་གྱིས་མི་བརྫི་བ་ན་བོགས་འདོན་ལམ་གྲོགས་ཀྱི་ལས་རྒྱ་དག་ཀྱང་རྟེན་དུ་རུང་། ཐོད་རྒལ་ལ་སྔོན་གོམས་ཀྱི་ལས་འཕྲོ་ཡོད་པས་གཙོ་ཆེར་བསྒོམ་དགོས། ལུས་ཆས་ཀྱང་དཀར་ཆས་ཀྱི་ཆས་དྲུག་གྱིས་དང་རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་བའི་དགོས་པ་ཡོད་པ་དང་། ཤེས་རབ་དཔའ་མོའི་དྲིལ་བུ་འདི་ཉིད་དགོས་ཆེད་ཀྱིས་རྫོགས་ཆེན་དགོན་ནས་བཙལ་ཞིང་ཐབས་ཤེས་ཟུང་འཇུག་གི་གསང་བཅུད་སྨན་རཀ་འདི་དག་གསང་སྔགས་ནང་གི་དམ་རྫས་ཡིན་ཕྱིར་རྟེན་འབྲེལ་གྱི་གནད་དོན་ཆེ་སོགས་འབྱུང་འགྱུར་སྒྲིབ་མེད་དུ་གཟིགས་པའི་ལུང་བསྟན་དང་རྟེན་འབྲེལ་གྱི་སྒོ་འཕར་འབྱེད་པའི་གསུང་དང་རྟེན་རྫས་བསྩལ། ཉིན་འགའི་རྗེས་ཐོན་ཕྱག་ལ་བཅར་ནས་སྐྱབས་འཇུག་སྨོན་ལམ་ཞུས་ཚེ་མྱ་ངན་གྱི་མིག་ཆུ་དབང་མེད་དུ་འཐོར་ནས་ཚེ་འདིར་ལན་གཅིག་མཇལ་བ་སྲིད་དམ་སྙམ་པ་ན། ཡེ་ཤེས་ཀྱི་གཟིགས་པས་མངོན་པར་མཁྱེན་ཏེ་ཤ་ཚ་དེ་འདྲ་མི་དགོས་ད་དུང་ལན་གཅིག་འཕྲད་པ་ཞིག་ངེས་པར་འོང་ཞེས་གསུང་གིས་དབུགས་དབྱུང་མཛད། ཞལ་གྱེས་བྱས་ཏེ་བཤུལ་ལམ་རིམ་བརྒྱུད་ཀྱིས་རྡོ་གྲུབ་དགོན་དུ་སླེབས་པ་དང་གྲུབ་དབང་བསྟན་པའི་ཉི་མའི་ཞལ་སྔ་ནས་སྙིང་ཐིག་སྙན་བརྒྱུད་ཀྱི་ཆོས་འབྲེལ་ཞུས། དེ་ནས་འཛི་ཁོག་ཛམ་ཐང་སོགས་བརྒྱུད་ནས་བྲག་དམར་རི་ཁྲོད་ལྷ་ལུང་དཔལ་རྡོའི་སྒྲུབ་ཕུག་ཏུ་གྲགས་པར་སྔོན་གྱི་མཆེད་གྲོགས་འགའ་དང་འཕྲད་པས་དེར་ཡུན་རིང་ཙམ་སྒྲུབ་པར་བཞུགས། གཞན་ཡང་ཁྲོ་ཆེན་ཐུགས་རྗེ་ཆེན་པོ་དང་། བེ་ལེ་བྲག་དཀར། བཻ་རོའི་རྩ་གསུམ་སྒྲུབ་ཕུག་སོགས་སུ་ལོ་གྲངས་བཅུ་ལྷག་ཏུ་མཚམས་བསྙེན་ལ་བཞུགས་ཤིང་། སྐབས་དང་སྐབས་སུ་ཡུལ་ཕྱོགས་དེ་དག་གི་སྐྱ་སེར་ཡོངས་ལ་བློ་སྦྱོང་གི་ཟབ་ཁྲིད་ནས་སྨོན་ལམ་བྱིན་རླབས་ཀྱིས་རྗེས་སུ་བཟུང་བ་བཅས་འབྲེལ་ཚད་དོན་དང་ལྡན་པར་མཛད། བར་སྐབས་ཟབ་གཏེར་གྱི་སྒོ་འཕར་འབྱེད་པའི་རིག་མ་ཐབས་གྲོགས་སུ་བཞེས་ནས་ཐོག་མར་བླ་མའི་རྣལ་འབྱོར་ཡང་ཟབ་སྙིང་པོ་དང་། གསོལ་འདེབས་སྐུ་གསུམ་ཀློང་གྲོལ། སྔོན་འགྲོ་ཟབ་དོན་སྙིང་པོ། རྩ་གསུམ་སྒྲུབ་འཕྲིན་རྣམས་ཀྱིས་མཚོན་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལ་མངའ་དབང་བསྒྱུར། དེ་བཞིན་བདག་ཅག་གི་སྟོན་པའི་སྐུ་བརྙན་དང་། ཨོ་རྒྱན་ཆེན་པོའི་རཀྴའི་ཕྱག་ཕྲེང་། ཤེལ་གྱི་ཤོག་དྲིལ་ཆོས་འབྱུང་གི་དབྱིབས་ཅན་སོགས་རྫས་གཏེར་ངོ་མཚར་བ་དུ་མ་བཞེས། དེ་ནས་རེ་ཞིག་ན་ཟབ་མོ་དགོངས་གཏེར་གྱི་དོགས་གཅོད་ཞུ་ཕྱིར་སླར་ཡང་སྐྱབས་རྗེ་བླ་མ་པདྨ་ཐེག་མཆོག་རོལ་བའི་རྡོ་རྗེའི་དྲུང་དུ་ཕེབས་ཤིང་རུ་དམ་དུ་ཟླ་བ་ཁ་ཤས་བཞུགས་ནས་ཉམས་རྟོགས་ལ་དོགས་གཅོད་སྙན་གསེང་དང་། གཏེར་གསར་གྱི་གླེགས་བམ་རྣམས་གཟིགས་འབུལ་ཞུས་པས་དགྱེས་པ་ཆེན་པོས་བསྔགས་བརྗོད་དང་། ཐུགས་དམ་ལ་བོགས་འདོན་དོགས་སེལ་སོགས་ཅི་དགོས་གནང་སྟེ་འབྲལ་བར་དཀའ་བའི་ངང་ཚུལ་དང་བཅས་ཕྱིར་ཕེབས། དེ་ནས་བླ་མའི་བཀའ་ལྟར་རང་དགོན་དང་ཉེ་བའི་ས་ཕྱོགས་ཚོགས་སུམ་རི་ཁྲོད་དང་། གནས་ཕྲན་འུག་པ་ལུང་། གཙོས། ཁ་ཀྱ། མཛོད་དགེ། རེབ་ཀོང་། ཧོར་ཚང་སོགས་ངེས་མེད་གནས་ཡུལ་དབེན་ཁྲོད་དུ་མ་འགྲིམས་ཏེ་རང་དོན་དུ་ཚེ་དང་སྒྲུབ་པ་མཉམ་པའི་ཉམས་བཞེས་དང་། ཕྱོགས་འདུས་ཀྱི་བུ་སློབ་སྐྱ་སེར་ཇོ་བཙུན་ནས་དམ་པའི་སྐྱེས་བུ་མཁས་བཙུན་གྱིས་འབྱོར་བ་གྲངས་ཀྱིས་མི་ལང་པ་ལ་མན་ངག་རྫོགས་པ་ཆེན་པོའི་ཐུན་མོང་སྔོན་འགྲོའི་ཁྲིད་སྦྱོང་དང་། དངོས་གཞི་སྨིན་གྲོལ་གྱི་གདམས་པ་བསྩལ་པ་བཅས་གཞན་དོན་བསྟན་འགྲོའི་ལེགས་མཛད་ཕྱོགས་མེད་དུ་སྤེལ་ཏེ་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །

[༥༣] སྤྲུལ་བའི་གཏེར་ཆེན་ལས་རབ་གླིང་པ།

མཁན་ཆེན་པདྨ་བཛྲ་གྱི་ཐུགས་སྲས་ཞལ་སློབ་སྤྲུལ་བའི་གཏེར་ཆེན་ལས་རབ་གླིང་པ་ནི། མདོ་ཁམས་ཉག་རོང་ས་སྟོད་ཞི་བ་ཚང་ཞེས་མི་ཁྱིམ་སྟོབས་འབྱོར་ལྡན་པ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། ཉག་བླ་པདྨ་བདུད་འདུལ་དང་ཐུགས་སྲས་བཅོམ་ལྡན་རྡོ་རྗེའི་ཞལ་མཇལ་ཞིང་དབང་ཆོས་ཀྱིས་སྨིན་པར་མཛད། སྐུ་གཞོན་སྐབས་ཕལ་བ་ལྟར་ཁྱིམ་ན་གནས་ཤིང་དཔའ་སྙིང་ཤིན་ཏུ་ཆེ་བས་དམག་ཇག་གི་ལས་ལ་བརྩོན་པར་མཛད། རི་དྭགས་རྔོན་དུ་ཕེབས་སྐབས་མེ་མདའི་སོ་ཁ་ལ་མཁའ་འགྲོའི་བརྡ་ཡིག་གིས་འགགས་ཏེ་གསོད་མ་ཐུབ་པ་སོགས་བག་ཆགས་བཟང་པོ་ལྷན་སྐྱེས་སུ་མངའ། རིམ་པར་རིགས་སད་ནས་འཁོར་བ་ལ་ཐུགས་སྐྱོ་ཞིང་ངེས་འབྱུང་གི་བློས་ཁྱིམ་གཞིས་ཡོ་བྱད་འཁོར་གསུམ་ཐམས་ཅད་བོར་ཏེ་གོས་སྐྱ་ཞིག་ལས་མནབས་རྒྱུ་མེད་པར་མཛད་དེ་བླ་མ་མཐའ་ཡས་ཀྱི་ཆོས་སྒར་དུ་ཕེབས། རྗེ་དེ་ཉིད་ལས་ཟབ་ཆོས་མཁའ་ཁྱབ་རང་གྲོལ་གྱི་སྔོན་འགྲོ་དངོས་གཞིའི་ཁྲིད་སྐོར་ཚང་བར་གསན། དེ་ནས་སྨྱོ་ཤུལ་ལྗོན་པ་ལུང་དུ་ཕེབས་ནས་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ཐུགས་སྲས་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་ཞབས་ལ་བཏུད། གསང་བ་སྙིང་ཐིག་གོང་འོག་གི་ཟབ་ཁྲིད་རྫོགས་པར་གསན་ཏེ་དཀའ་སྤྱད་ཆེན་པོས་ཉམས་བཞེས་མཛད་པས་འཁོར་འདས་རུ་ཤན་སྐབས་ཆུ་སྣོད་ཟང་ཐལ་དུ་རྡོལ་བ་དང་། དངོས་སྣང་ཟང་ཐལ་དུ་ཕྱིན་པ་སོགས་ཨ་འཐས་བདེན་འཛིན་གྱི་འཁྲུལ་རྟོག་ཐམས་ཅད་རང་སར་ཡལ་ཏེ་ཆོས་ཉིད་ཀྱི་དགོངས་པ་མངོན་དུ་གྱུར། དེ་ཚུལ་བླ་མ་ལ་ཞུས་པས་ཆོས་འདི་ལ་དེ་འདྲ་འོང་བ་ཡིན་སྔོན་མི་འགྱུར་ནམ་མཁའི་རྡོ་རྗེས་ཧཱུྃ་སྦྱང་མཛད་དུས་རྫོགས་ཆེན་དགོན་གྱི་རྫ་སྣོད་ཐམས་ཅད་ལ་ཆུ་མ་ཚོག་པ་ཡིན་གསུངས། དེ་བཞིན་གྲུབ་དབང་རྫོགས་ཆེན་གདན་ས་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ནས་མཁན་ཆེན་པདྨ་བཛྲ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོས་མཚོན་རྒྱུད་ལུང་མན་ངག་མཐའ་ཡས་པ་གསན་ཞིང་རྗེ་ཉིད་རྩ་བའི་ཆོས་བདག་ཏུ་ངོས་འཛིན་མཛད། གཞན་ཡང་འཇམ་མགོན་མི་ཕམ། རྡོ་གྲུབ་བསྟན་པའི་ཉི་མ་སོགས་ལས་ཀྱང་སྔགས་རྫོགས་ཀྱི་ཆོས་བཀའ་མང་པོ་གསན། སྐབས་ཤིག་སྔོན་སྨོན་ཟབ་གཏེར་ཀྱི་ལས་འཕྲོ་སད་དེ་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་དང་ཟབ་མོ་གཏེར་གྱི་བཀའ་བབ། ཕུར་པ་ཡང་གསང་ཁྲོས་པ་དང་རྟེན་འབྲེལ་ཉེས་སེལ་སོགས་ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་དཔག་ཏུ་མེད་པ་སྤྱན་དྲངས། སྐུ་ཚེའི་སྨད་དུ་གངས་ཅན་ཆོས་སྲིད་ཀྱི་སྤྱི་བདག་གོང་ས་ཐུབ་བསྟན་རྒྱ་མཚོའི་དབུ་བླར་ཕེབས་པ་སོགས་འགྲོ་དོན་མཁའ་ཁྱབ་ཏུ་འཕེལ་ཞིང་ལུགས་གཉིས་ཀྱི་མཛད་ཕྲིན་ཕྱོགས་མཐར་རྒྱས་བཞིན་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། །

[༥༤] དགུ་རོང་ཧོ་ཐོག་ཐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ།

རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་འཇམ་མགོན་མི་ཕམ་རྣམ་རྒྱལ་གྱི་ཐུགས་སྲས་དགུ་རོང་ཧོ་ཐོག་ཐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ནི། བསིལ་ལྡན་བྷོ་ཊའི་ལྗོངས་ཀྱི་མདོ་སྨད་རྟའི་ཆོལ་ཁ་ལས་ཨ་མདོ་གཅན་ཚའི་ཁོངས་གཏོགས་རོང་ཆེན་བཞིར་གྲགས་པའི་ཡ་གྱལ་དགུ་འགྱུར་པད་མོ་རོང་དུ། ཡབ་ལྷ་ལུང་དཔལ་གྱི་རྡོ་རྗེའི་དངོས་སློབ་དགུ་རོང་གྲུབ་ཆེན་ཀ་བ་མེ་ཏོག་ཆར་འབེབ་ཀྱི་གདུང་རིགས་ལས་བྱུང་བའི་འཇམ་དཔལ་བཀྲ་ཤིས་དང་། ཡུམ་ཁྱི་མོ་ཐར་ཞེས་པ་དཀོན་མཆོག་ལ་དད་གུས་ཆེ་ཞིང་བུད་མེད་ཕལ་བའི་སྐྱོན་གྱིས་དབེན་པ་དེ་ཉིད་ཀྱི་སྲས་སུ། གསེར་གྱི་མཆོད་རྟེན་བང་རིམ་དགུ་བརྩེགས་ཅན་ངོ་མཚར་བ་ཞིག་རྙེད་པ་རྨིས་པ་སོགས་ལྟས་དུ་མ་དང་བཅས། རབ་བྱུང་བཅོ་ལྔ་པའི་ཤིང་ཕག་སྤྱི་ལོ་༡༨༧༥ལོའི་ཆུ་སྟོད་ཟླ་བའི་ཡར་ཚེས་ལ་སྐུ་བལྟམས་ཤིང་། དགུ་རོང་སྔགས་རྒན་བྱ་བའི་མཚན་མཁན་ཞིག་ཡོད་པ་དེས་རྩིས་བྱས་པ་ལས་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་ཡོང་ངོ་ཞེས་ཨོ་རྒྱན་བསྟན་འཛིན་དུ་མཚན་གསོལ་བས་ཡུལ་མི་རྣམས་ངོ་མཚར་སྐྱེས། སྐབས་ཤིག་ཡུལ་སྡེ་དེར་རྒན་མོ་ཞིག་གི་མགོ་ལ་རྡོ་ཕོག་པ་སུས་བརྒྱབ་མ་ཤེས་པར། སྡེ་བས་ལྷ་བསང་བཏང་སྟེ་བྱིས་པ་མནའ་རྟེན་དུ་བཞག་ནས་རེ་རེ་བཞིན་མནའ་བསྐྱལ་ཏེ་ཁོང་གི་ཡབ་ཀྱི་མཚམས་ལ་སླེབས་པ་ན། གློ་བུར་དུ་འཇའ་གུར་སྣ་ཚོགས་པ་ཤར་བས་ཡུལ་མི་ཐམས་ཅད་ཡ་མཚན་སྐྱེས་ཤིང་ཆགས་སྡང་རང་ཞིར་སོང་ནས་ཕྱིན་ཆད་བྱིས་པ་མནའ་རྟེན་མི་བྱེད་པར་ཐམས་ཅད་ཁ་འཆམས་པར་གྱུར། དེ་ལྟར་སྐྱེ་སྲིད་བཟུང་ཙམ་ནས་ཡ་མཚན་པའི་མངོན་རྟགས་མང་དུ་བྱུང་བ་དང་། གཞན་དང་མི་མཉམ་པའི་རྟགས་མཚན་དུ་མ་མངའ་བ་སོགས་ལས་དགུང་ལོ་གསུམ་གྱི་སྟེང་དགུ་རོང་སྣ་ཚོགས་རང་གྲོལ་གྱི་སྤྲུལ་སྐུའི་འོས་ཐོ་འགའ་བསྒྲིགས་པའི་གྲལ་དུ་བཞག་སྟེ། གོང་མའི་ཐུགས་སྲས་ཆེན་པོ་ཨ་ལགས་དགུ་སྟེང་དང་སྐུ་མཆེད་ཨ་ཁུ་རིག་འཛིན་ངོ་གཡོག་དང་བཅས་པ་ཁམས་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་སོང་ནས། རྫོགས་ཆེན་དཔོན་སློབ་སྤྲུལ་སྐུ་དང་རྡོ་གྲུབ་ཆེན་སྤྲུལ་སྐུ་བཅས་ལ་ཐུགས་བརྟག་དགོངས་ལུང་ཞུས་པ་ན། འོས་ཐོའི་བྱིས་པ་དག་ལས་ཁོང་ཉིད་རྗེ་སྣ་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་འཁྲུལ་མེད་དུ་ངོས་འཛིན་མཛད་ཅིང་། འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཞེས་འབྱུང་འགྱུར་དང་མཐུན་པའི་མཚན་གསོལ། དེ་ནས་གོང་མའི་ཐུགས་སྲས་བུ་ཆེན་ཨ་ལགས་དགུ་སྟེང་དང་། ཞབས་དྲུང་། སྣང་རའི་སྤྲུལ་སྐུ་དགེ་འདུན་བློ་བཟང་རྒྱལ་མཚན། མོག་སེར། མི་བསྐྱོད་སོགས་བླ་སྤྲུལ་དང་། སྣང་རའི་ས་སྐྱོང་ཆེན་པོ་སོགས་ཡུལ་དེའི་སྐུ་དྲག་ཁག་དང་། གྲོང་བརྒྱད་ཀྱི་སྔགས་མང་། རེབ་ཀོང་སྔགས་མང་། གཞན་ཡང་རྨ་ཕར་ཚུར་གྱི་སྐུ་ཐོག་གོང་མའི་སློབ་རྒྱུན་རྣམས་འདུས་ཏེ། མེ་གླང་ལོའི་སྨིན་ཟླའི་ཡར་ཚེས་བཅུ་གཉིས་ཉིན་དགུ་རོང་མ་ཎི་ཐང་བྱ་བར་རྟེན་འབྲེལ་གྱི་ལྷ་དར་ཐོག་མར་ཕུལ། མཆོག་སྤྲུལ་རིན་པོ་ཆེའི་སྐུའི་བཞུགས་སྟངས་དང་གསུང་གི་ཕེབས་སྒོ་སོགས་ཡ་མཚན་རྨད་དུ་བྱུང་བས་དེར་འདུས་ཀུན་དད་གུས་ཀྱི་སྤྲོ་དགའ་རྒྱས་བཞིན་ལུགས་གཉིས་ཀྱི་དགྱེས་སྟོན་རྒྱ་ཆེན་པོ་བྱས། དེ་ནས་ཨ་འདར་ཆ་གའི་ཁ་ཀྱ་ཡོན་ཏན་ཚེ་རིང་གི་ཡང་སྤྲུལ་ཨ་ལགས་འཇིགས་མེད་ཚང་སྤྲུལ་སྐུའི་སྐུ་མདུན་དུ་རྒྱུན་བཞུགས་མཛད། དགུང་ལོ་བདུན་པ་ལྕགས་སྦྲུལ་ལོར་འགྲོ་མགོན་ཚོགས་དྲུག་རང་གྲོལ་གྱིས་གཙོས་ཨ་ལགས་དགུ་སྟེང་། ཨ་ལགས་ཉི་མ་སོགས་ཀྱི་ཐུགས་ཁུར་ལ་བརྟེན་ནས་ཕྱི་དར་བསྟན་པའི་ཆུ་འགོ་མདོ་སྨད་ཨ་ཆུང་གནམ་རྫོང་གསང་སྔགས་བསྟན་རྒྱས་གླིང་ཞེས་དཔལ་ཆེན་ནམ་མཁའ་འཇིགས་མེད་དང་། རྫོགས་ཆེན་མ་རིག་མུན་སེལ། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། ཞབས་དཀར་འཇིགས་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་སོགས་ཀྱིས་ཆོས་ཀྱི་བདུད་རྩིས་ཡུན་རིང་བསྐྱངས་པའི་གདན་སར་སྤྱན་དྲངས། དུས་དེར་ཧོར་མོ་ཁ་དང་དོ་རྒྱ། རྐ་ཕུག་སོགས་ཀྱི་བན་སྔགས་སྐྱ་གསུམ་གྱིས་མཚོ་རྒན་ཁུག་སོགས་ནས་ཆིབས་བསུ་མཛད་པ་དང་། བླ་བྲང་བཅུ་གསུམ་གཙོས་ཁམས་རའི་སྔགས་མང་། ཁྲི་ཀ་སྒོ་མེ་སོགས་ཀྱི་སྔགས་མང་དང་། དོ་ཀྱའི་དཔོན་པོ་རྡོ་རྗེ་རྣམ་རྒྱལ་དང་། ཁམས་རའི་དཔོན་པོ་སོགས་དཔོན་ཆེན་དང་བླ་སྤྲུལ་མང་པོས་བསུ་མ་མཛད་ཅིང་། སྐྱབས་མགོན་ཞབས་དཀར་པའི་མཆོག་སྤྲུལ་རིན་པོ་ཆེས་ཚིག་སྦྱོར་གྱི་མེ་ཏོག་བཞད་ཅིང་དོན་གྱི་འབྲས་བུས་ལྕི་བའི་མཎྚལ་བཤད་པ་དང་། བརྟན་བཞུགས་ཕུལ་བ་སོགས་ལུགས་གཉིས་ཀྱི་དགའ་སྟོན་གྱ་ནོམ་པ་ཞིག་བྱས། ལོ་སྔ་ཕྱི་འདི་དག་ཏུ་མཆོག་སྤྲུལ་རིན་པོ་ཆེ་དགུ་རོང་མ་ཎི་ཐང་ན་བཞུགས་དུས་རྡོ་དཀར་པོ་ཞིག་ཕྱག་གིས་ཟན་ལྟར་བརྫིས་པ་ཀུན་ཀྱིས་མཐོང་བ་དང་། གནམ་རྫོང་རྩེར་བཞུགས་སྐབས་མི་ཞིག་གིས་ཀུ་རེས། ཁྱེད་སྣ་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་ཡིན་ན་འདུ་ཁང་གི་བ་གམ་རྩེ་ནས་གོམ་རྒྱུག་མཛོད་ཅེས་ཞུས་པ་ལྟར། དེ་མ་ཐག་ཁང་རྩེག་བཅུ་ཕྲག་ལྷག་གི་མཐོ་ཚད་ཡོད་པའི་བྲག་རི་གནམ་རྫོང་མཁར་རྩེ་ནས་ཐེངས་གསུམ་ལ་མཆོང་རྒྱུག་མཛད་པས་དེར་འདུས་ཐམས་ཅད་ཡ་མཚན་སྐྱེས་ཤིང་ཀུ་རེ་བྱེད་མཁན་ལ་སྔགས་མང་གིས་ཆད་པ་ཡང་བཅད་པར་གྲགས། དགུང་ལོ་དྲུག་ལ་སོན་ནས་དགེ་བའི་བཤེས་གཉེན་རེབ་གོང་ཆུ་མ་རིན་པོ་ཆེ་ལོ་ངོ་བདུན་ཙམ་ལ་ཡོངས་འཛིན་དུ་བསྟེན་ཏེ། ཡི་གེ་གཟབ་གཤར་གྱི་འབྲི་ཀློག་དང་། ཉེར་མཁོ་འདོན་ཆའི་རིགས། དཀྱིལ་འཁོར་དང་མཆོད་རྟེན་གྱི་ཆ་ཚད། ལན་ཝར། བོད་ཀྱི་ཡིག་གསར་འདྲ་མིན་གྱི་ཞིབ་ཆ། སུམ་རྟགས་སོགས་ལ་སྦྱང་པ་གནང་། དགུང་ལོ་བཅུ་གསུམ་པ་མེ་ཕག་ལོར་ཞབས་དཀར་སྐུ་ཕྲེང་གཉིས་པས་གཙོས། ཨ་ལགས་སྐལ་ལྡན་ཚང་། ཨ་ལགས་དཔོན་པོ་སོགས་ཡབ་སྲས་ལྷན་རྒྱས་དབུས་འགྱུར་ལྷ་ལྡན་དུ་ཕེབས་ནས་རྟེན་བྱིན་ཅན་ཡོད་ཚད་ལ་ཞིབ་ཏུ་མཇལ་ཞིང་མཆོད་འབུལ་རྒྱ་ཆེར་བྱས། རྡོ་བྲག་མཁན་པོའི་སྐུ་མདུན་ནས་སྔ་འགྱུར་རྙིང་མའི་བརྒྱུད་པ་གསུམ་གྱི་བབ་ལུགས་ཆ་ཚང་བ་ཞིག་དང་། མདོ་སྔགས་རིག་གནས་ཀྱི་གནད་ཁྲིད་ཅི་རིགས་གསན། རྫོགས་ཆེན་ནས་དགེ་མང་མཆོག་སྤྲུལ་དང་མཁན་པོ་སྐལ་ལྡན་རྒྱ་མཚོ་སོགས་ཕེབས་པར་མཇལ་ཞིང་ཆོས་འབྲེལ་གསན། པཎ་ཆེན་ཐམས་ཅད་མཁྱེན་པ་དང་མཇལ་ཏེ་ཞལ་ཏ་བྱས་པས་སྤྲུལ་སྐུ་རྣམ་དཔྱོད་ཅན་ཞིག་རེད་གསུངས་ནས་ཚེ་དབང་དང་འཇམ་དབྱངས་རྗེས་གནང་བཀའ་དྲིན་བསྩལ། དེ་ནས་ཡར་འབྲོག་གཡུ་མཚོ་བརྒྱུད་ནས་ལྷ་སར་འབྱོར། སྡེ་གཞུང་གིས་ཕྱི་གླིང་གི་དམག་བཟློག་སོགས་ཀྱི་ཞབས་ཕྱི་སྒྲུབ་དགོས་ཀྱི་བཀའ་ལྟར། སྟག་ཚང་རྡོ་རྗེ་ཕུར་པའི་སྒོ་ནས་བདུན་ཕྲག་གཅིག་ལྷག་ལ་སྒྲུབ་པ་གནད་སྨིན་མཛད་དེ་རྒྱལ་འབུམ་མཆོད་རྟེན་འོག་ཏུ་དགྲ་གནན་མཛད་སྐབས་ས་གཡོ་བ་ལྟ་བུས་མཆོད་རྟེན་ཡོམ་ཡོམ་བྱེད་པ་ཀུན་ཀྱིས་མཐོང་བ་བྱུང་། གོང་ས་མཆོག་དང་རྒྱལ་ཚབ་དེ་མོ་རྣམ་གཉིས་ནས་འུ་ལག་ལམ་ཡིག་གནང་སྟེ་ཡར་ལུང་ཤེལ་བྲག་དང་། སྦྲགས་ཀྱི་ཡང་རྫོང་དུ་མཚོ་རྒྱལ་བླ་མཚོ་དང་། བསམ་ཡས་དབུ་རྩེ་རིགས་གསུམ། ཧས་པོ་རི་སོགས་ལ་མཇལ་ཞིང་མཆོད་འབུལ་དང་སྤྱན་འདྲེན་ཁྲུས་གསོལ་རྒྱ་ཆེར་མཛད་བཞིན་ཕྱིར་རང་ཡུལ་གྱི་གདན་སར་འབྱོར། དགུང་ལོ་བཅོ་ལྔ་པ་ས་གླང་ལོར་རྒྱལ་དབང་བཅུ་གསུམ་པ་དང་ཁོང་གི་གཅེན་པོ་གུང་དོན་གྲུབ་རྡོ་རྗེ་སོགས་ཀྱི་ཐུགས་དགོངས་ལྟར་གོང་མ་ཀོང་ཞུས་ཧུ་ཐོག་ཐུའི་ཆོ་ལོ་བསྩལ། དགུང་ལོ་བཅུ་དྲུག་པ་ལྕགས་སྟག་ལོར་བྱ་ཁྱུང་ཐེག་ཆེན་གླིང་དུ་ཕེབས་ཏེ་རྗེ་ཞྭ་དམར་པཎྚི་ཏའི་ཞབས་སྤྱི་བོར་བླངས་ཏེ། ལོ་ཚོགས་གསུམ་ཙམ་གྱི་རིང་ལ་ཕེབས་བཞུགས་གང་གི་སྐབས་སུ་ཡང་སྐུ་མདུན་ནས་བཅར་བཞུགས་མཛད་ཅིང་སྒྲ་ཚད་སྙན་ངག་དང་། གྲུབ་མཐའི་རྣམ་གཞག ལམ་རིམ་ཆེན་མོའི་ཆོས་སྐོར་ཞིབ་ཁྲིད་དང་། འཇམ་དབྱངས་དམར་སེར་གྱི་རྗེས་གནང་སོགས་དབང་བཀའ་མང་པོ་གནང་རྗེས་དགུ་རོང་མཁས་ཕྲུག་ཅེས་པའི་ཆོ་ལོ་སྐབས་དེར་གནང་། ལོ་སྔ་ཕྱི་འདི་དག་ཏུ་ཨ་ཆུང་གནམ་རྫོང་དང་། དགུ་རོང་མ་ཎི་ཐང་། བཀྲ་ཤིས་འཁྱིལ། ཞོ་འོང་ཁོ་ཚེའི་སྔགས་མང་སོགས་ལ་ཕེབས་ཏེ་དབང་ཆོས་གང་མང་བསྩལ། དགུང་ལོ་བཅུ་དགུ་པ་ཆུ་སྦྲུལ་ལོར་གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་སྔོན་གྱི་ལས་འཕྲོ་སད་དེ་ཁམས་རྫོགས་ཆེན་ལ་སློབ་གཉེར་དུ་ཕེབས་པ་ན། སློབ་མ་རྣམས་དང་གྲོང་བརྒྱད་ཀྱི་སྔགས་མང་དང་། ཤོག་ཁ་གསུམ་གྱི་སྔགས་མང་གིས་རྒྱས་སྤྲོས་ཆེ་བའི་ཞབས་སྐྱེལ་ཞུས་པ་དང་ལེན་མ་མཛད་པར་ཞབས་ཐང་རྡོག་ཁྲེས་ཁུར་བའི་ལུགས་ཀྱིས་མགོ་ལོག་བརྒྱུད་དེ་རྡོ་གྲུབ་སྒར་དུ་འབྱོར། དེར་རྡོ་གྲུབ་ཆེན་པའི་སྤྲུལ་སྐུས་རྩ་གསུམ་གྱི་དབང་དང་། སྙིང་ཐིག་གི་ཚེ་དབང་། མཚན་བརྗོད་ཀྱི་ལུང་སོགས་གནང་ནས་དམ་པ་ཆོས་ཀྱི་འབྲེལ་བ་བཙུགས། དེ་ནས་ཧོར་དཀར་མཛེས་བརྒྱུད་དེ་སྔ་འགྱུར་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་རྫོགས་ཆེན་དགོན་དུ་ཕེབས། ཐོག་མར་དཔོན་སློབ་རིན་པོ་ཆེའི་ཞལ་དཀྱིལ་མཇལ་ནས་སྙིང་ཐིག་གི་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་སོགས་ཀྱིས་མཚོན་ཞལ་ལུང་མང་པོ་ཐོབ་པ་དང་། སྐྱབས་མགོན་དགེ་མང་སྤྲུལ་སྐུའི་དྲུང་ནས་འདོད་འཇོའི་བུམ་བཟང་། སྒྱུ་འཕྲུལ་ཞི་བ། སྡུག་བསྔལ་རང་གྲོལ། ཞི་ཁྲོའི་དབང་ཆེན། ཕུར་པ་རྒྱུད་ལུགས་སོགས་ཀྱི་དབང་དང་། ལུང་ཁྲིད་མན་ངག་གི་སྐོར་གང་མང་གསན། དེ་ནས་མཁས་པའི་དབང་པོ་མཁན་བློ་གསལ་དཔལ་བཟང་པོའི་ཞལ་སྔ་ནས་སྤྱོད་འཇུག་དང་། སྡོམ་གསུམ་རྣམ་ངེས། ཡོན་ཏན་མཛོད་བཅས་ཀྱི་ཞིབ་ཁྲིད་གསན་ཅིང་། ཁྱད་པར་དུ་མཁས་དང་གྲུབ་པའི་དབང་ཕྱུག་མཁན་པོ་སྐལ་ལྡན་རྒྱ་མཚོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་། ཁྲིད་ཡིག་ཟབ་ལམ་ནོར་བུའི་བང་མཛོད། དཔལ་སྤྲུལ་གསུང་ཡོན་ཏན་མཛོད་ཀྱི་དཀའ་འགྲེལ། དཔལ་སྤྲུལ་སྔགས་སྨོན་དཀའ་འགྲེལ། གང་བློ་མའི་ཁྲིད། དཔལ་སྤྲུལ་གསུང་འབུམ་ཆ་ཚང་། མི་ཕམ་ཤེར་འགྲེལ་དང་དེའི་བརྒལ་ལན། གསང་སྙིང་སྤྱི་དོན་གསང་བདག་ཞལ་ལུང་། འབྲུ་འགྲེལ་གསང་བདག་དགོངས་རྒྱན། རོང་ཟོམ་དཀོན་མཆོག་འགྲེལ། མཚན་བརྗོད་འགྲེལ་བ། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས། ལོ་ཆེན་གསུང་གི་གཅོད་ཁྲིད། རྩ་རླུང་འཁྲུལ་འཁོར་གཏུམ་མོ་ལ་སོགས་པའི་གེགས་སེལ་བོགས་འདོན་གྱི་ཞལ་ཤེས་སྙན་རྒྱུད་ཀྱི་སྐོར་ཡོངས་རྫོགས། ཐུན་མོང་མ་ཡིན་པའི་ཁྲིད་ཡེ་ཤེས་བླ་མ་དང་ཚིག་གསུམ་གནད་བརྡེག་སོགས་ཞུ་ལོ་ཐོས་ལོ་ཙམ་མ་ཡིན་པར་གསན། ཨ་འཛོམས་འབྲུག་པ་རིན་པོ་ཆེ་འགྲོ་འདུལ་དཔའ་བོ་རྡོ་རྗེ་རྫོགས་ཆེན་དུ་ཕེབས་པའི་དྲུང་ནས་སྙིང་ཐིག་དུམ་གཉིས་ཀྱི་དབང་ལུང་གིས་མཚོན་ཏེ་ཟབ་ཆོས་ཅི་རིགས་མནོས། དེ་ནས་དཔལ་སྤུངས་དང་རྫོང་གསར་དུ་ཕེབས་ཏེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལས་མདོ་སྔགས་ཀྱི་ཞལ་ལུང་མང་པོ་དང་སྒོས་སུ་སྒྲ་ཀ་ཙན་དབྱངས་གསུམ། སྡེབ་སྦྱོར་སྙན་ངག དེབ་ཐེར་སྔོན་པོ་སོགས་ལོ་རྒྱུས་ཆོས་འབྱུང་སྐོར། དཔལ་དུས་ཀྱི་འཁོར་ལོའི་དཀའ་གནད་རྣམས་ཞིབ་ཁྲིད་དང་དོགས་གཅོད་བགྲོ་གླེང་བཅས་མཛད་པས་ཐུན་མོང་མ་ཡིན་པའི་རིག་སྟོབས་རྒྱས་པར་གྱུར་ཅིང་རྩ་གསུམ་གྱི་དབང་སོགས་ཀྱི་རྒྱུན་གང་མང་བླངས། དེ་ནས་དཀར་མོ་སྟག་ཚང་དུ་འཇུ་མི་ཕམ་རིན་པོ་ཆེའི་དྲུང་དུ་ཕེབས་སྐབས་ཁོང་མཚམས་རྒྱ་ཤིན་ཏུ་དམ་པོ་ཞིག་ཏུ་བཞུགས་པས་རྗེས་སོར་མཇལ་བའི་ཞལ་བཞེས་ལེགས་པོ་མཛད། སླར་སྡེ་དགེ་དགོན་ཆེན་ནས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་བྱོན། མཁན་པོ་སྐལ་ལྡན་མཆོག་ལས་མདོ་མཁྱེན་བརྩེའི་སྲས་རྒྱལ་སྲས་རལ་གྲི་ཚང་དང་ལྷན་དུ་གདམས་ཁྲིད་མང་དུ་མནོས། སྐབས་དེ་དག་ཏུ་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་དང་རྒྱལ་རོང་རྫོང་འགག་རྒྱལ་པོ་སོགས་ཀྱིས་ཕོ་བྲང་དུ་གདན་དྲངས་ནས་དབུ་བླར་བཀུར། དེ་ནས་ཡབ་སྲས་འབྲལ་མི་ཕོད་བཞིན་དུ་རང་ཡུལ་དུ་ཕེབས་སྐབས་རེབ་ཀོང་སྨད་པ། དགུ་རོང་། གྲོང་བརྒྱད་ཀྱི་སྐྱ་སེར་བུ་སློབ་རྣམས་དགའ་སྤྲོ་ཤིན་ཏུ་བརྟས་ཏེ་ཐབ་བསུ་དང་ཆིབས་བསུ་རྒྱ་ཆེར་མཛད་ཅིང་ཁོང་ཉིད་ཀྱང་ཐུགས་དགྱེས་པའི་རྩེར་སོན་ཏེ་དགུ་རོང་མ་ཎི་ཐང་ནས་སྤྱོད་འཇུག་ཆེན་མོའི་ཞལ་ལུང་རྒྱས་པ་ཞིག་གསུངས། དེ་ནས་རྐ་ཕུག་དང་སྔོ་སེར་ཁམས་ར་སྔགས་མང་གི་བསུ་བ་དང་བཅས་གནམ་རྫོང་དུ་ཕེབས། དབེན་འབྱུང་ནམ་མཁའ་རྫོང་རྩེ་ནས་རིག་གནས་སྤྱི་དང་ཁྱད་པར་དུ་དོར་ཤུལ་ངག་དབང་རྒྱ་མཚོ་སོགས་རྣམ་དཔྱོད་ཡངས་པ་དུ་མ་དང་མཉམ་དུ་སྐར་རྩིས་ཀྱི་གཞུང་སྤྱི་དང་རྩིས་ཀྱི་ཞགས་གསུམ་སོགས་ཞིབ་དཔྱོད་གླེང་མོལ་ཚུལ་གྱིས་སྦྱངས་པར་མཛད། ལོ་དེའི་དབྱར་ཁར་ཞབས་དཀར་མཆོག་སྤྲུལ་ཚང་དང་གྲུབ་དབང་རྡོ་བ་རྣམ་གཉིས་མཚོ་སྔོན་དུ་བཞུགས་པ་དང་མཇལ་ཏེ་ཐུགས་དགྱེས་པའི་རྩེར་སོན་ཅིང་གཉུག་སེམས་ཀྱི་ཆོས་སྐོར་མང་པོ་ཐོས་བསམ་མཛད་ཅིང་ལོ་དེའི་དགུན་ཁར་དབེན་འབྱུང་ནམ་མཁའ་རྫོང་རྩེར་བཅད་རྒྱར་བཞུགས། ཉེར་གཉིས་པ་མེ་སྦྲུལ་ལོའི་ལོ་གསར་དུ་རྐ་ཕུག་དཔོན་གྲལ་གོང་མའི་སྔགས་ཁང་དུ་མ་ཎིའི་ཚོགས་དབུར་ཕེབས་ཤིང་དོ་ཀྱའི་དཔོན་པོ་དབང་དྲག་སྐྱབས་དང་རྐ་ཕུག་དཔོན་པོ་གདུགས་དཀར་སྐྱབས་གཉིས་ལ་མཛའ་མཐུན་མཛད་རྒྱུའི་བསླབ་སྟོན་ནང་མ་ནན་ཆེར་བཏང་། རྫོགས་ཆེན་དབུ་མཛད་ཚེ་རྣམ་གདན་དྲངས་ནས་འབུད་རྡུང་རོལ་དབྱངས་ཕྱག་རྒྱ་སོགས་ཆོ་ག་ཆོས་སྤྱོད་དང་། དཀྱིལ་འཁོར་གྱི་ཐིག་རྩ་སོགས་གཅན་ཚ་ཉིན་སྲིབ་ཀྱི་དབུ་མཛད་མཆོད་དཔོན་རྣམས་བསྡུས་ཏེ་སྦྱངས་པ་མཛད། ཉེར་གསུམ་པ་ས་ཁྱི་ལོར་རྫོགས་ཆེན་ཡིད་བཞིན་ནོར་བུའི་བཀའ་ལྟར་གཙོས་ཀེ་ཏ་གཏེར་སྟོན་མཆོག་གི་རིགས་སྲས་དཔལ་སྤྲུལ་རྡོ་རྗེ་འཆང་གི་ཡང་སྤྲུལ་དུ་ངོས་བཟུང་མཛད་ནས། མཁས་པའི་དབང་པོ་དོ་རུ་ཡེ་ཤེས་རོལ་བའི་རྡོ་རྗེ་སྐུ་འཁོར་གདན་ཞུར་ཆེད་མངགས་མཛད་པ་གནམ་རྫོང་དུ་ཕེབས་པའི་དྲུང་ནས་སྙིང་ཐིག་སྔོན་འགྲོ་ཀུན་བཟང་ཞལ་ལུང་གི་ཁྲིད་སོགས་རྙིང་མའི་རང་གཞུང་མང་པོའི་ཁྲིད་དང་དོགས་གཅོད་བགྲོ་གླེང་གི་ཚུལ་གྱིས་སྦྱངས་ཤིང་། བཀའ་བརྒྱད་བདེར་འདུས། རྟ་ཁྱུང་འབར་བ། སྡུག་བསྔལ་རང་གྲོལ། མཁའ་འགྲོ་བདེ་ཆེན་རྒྱལ་མོ། ཉི་མ་གྲགས་པའི་སེང་གདོང་རྣམས་ཀྱི་དབང་གསན། ཉེར་ལྔ་པ་ས་ཕག་ལོར་ཁྱུང་དགོན་སྤྲུལ་སྐུ་ཀུན་བཟང་འཇིགས་མེད་རྒྱ་མཚོའི་ཞལ་སྔ་ནས་འགྲོ་མགོན་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ་ཆ་ཚང་གི་བཀླག་ལུང་གསན་ཅིང་ལོ་འདིར་དབེན་འབྱུང་ནམ་མཁའ་རྫོང་རྩེ་རུ་བཅད་རྒྱར་བཞུགས། དགུང་ལོ་ཉེར་དྲུག་པ་ལྕགས་བྱི་ལོར་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ་ཆོས་དབྱིངས་རང་གྲོལ་དང་། དེའི་ཐུགས་སྲས་རྡོ་རིང་སྤྲུལ་སྐུ་འཇིགས་མེད་རྣམ་གྲོལ་བཅས་ཁོང་དཔོན་སློབ་གསུམ་མཚོ་རྙིང་མ་ཧཱ་དེ་ཝར་གནས་འབྲེལ་དུ་ཕེབས་ཏེ་སྒྲུབ་པ་ཉམས་བཞེས་གཙོ་བོར་གྱུར་པའི་ཚོགས་མཆོད་མར་མེ་སོགས་ཚོགས་བསགས་རྒྱ་ཆེན་པོ་མཛད། ལོ་དེའི་ཆུ་སྟོད་ཟླ་བའི་ནང་སླར་ཡང་མདོ་ཁམས་རྫོགས་ཆེན་དུ་ཕེབས་ཏེ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་ཞབས་པད་སྤྱི་བོར་བསྟེན་ནས་དབྱངས་འཆར་གྱི་རྒྱུད་འགྲེལ་གནས་གསུམ་དང་། ཕྱི་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་དཀའ་གནད་ཐམས་ཅད། དཔལ་ལྡན་གསོ་རིག་རྒྱུད་བཞིའི་དགོངས་དོན་མན་ངག་ལག་ལེན་དང་བཅས་པ། སྒྲ་ཚད་སྙན་ངག་གིས་མཚོན་ཐུན་མོང་གི་རིག་པའི་གནས་དང་། ཐུན་མིན་ནང་དོན་རིག་པ་མདོ་སྔགས་གཞུང་བརྒྱའི་རྒྱས་ཁྲིད་དོགས་བཅོད་དང་བཅས་པ་སྤྱི་དང་། སྔ་འགྱུར་ཟབ་གསང་སྙན་བརྒྱུད་ཀྱི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་ལོ་ངོ་བཞི་ལྷག་རིང་གསན་ཞིང་། དུས་མཚུངས་མཁན་ཆེན་གཞན་དགའ་རིན་པོ་ཆེའི་དྲུང་ནས་གཞུང་ཆེན་བཅུ་གསུམ་ཆ་ཚང་བཅས་གསན་པ་ཆེས་ཆེར་མཛད། སྐབས་དེར་རྫོགས་ཆེན་ཡིད་བཞིན་ནོར་བུའི་ཐུགས་བཀོད་ལྟར་རུ་དམ་དཔལ་སེང་གེ་རིའི་ཆོས་སྡེ་ཆེན་མོར་རྩིས་ཀྱི་མཁན་པོ་མཛད། ཕུག་ལུགས་ཉིན་བྱེད་སྣང་བའི་འདས་ལོ་བསྟུངས་ཏེ་རབ་ཚེས་ལྕགས་བྱི་ནས་རྩིས་འགོ་བཟུང་བའི་རྩིས་གཞུང་དཔྱོད་ལྡན་མཁས་པའི་མགུལ་རྒྱན་ལྗགས་རྩོམ་མཛད་པ་ཆོས་གྲྭ་ཆེན་མོའི་སློབ་དེབ་མཛད་པར་གྲགས། དེ་ལྟར་རྫོགས་ཆེན་ཡིད་བཞིན་ནོར་བུ་དང་། རྫ་རྒྱལ་མཚམས་སྤྲུལ། མཁན་པོ་ཨ་དཀོན། སྟག་ལུང་མ་རིན་པོ་ཆེ། ས་སྐྱའི་རྗེ་བཙུན་མ་དངོས་གྲུབ་དབང་མོ། སྤྱན་སྔ་བ་འོད་གསལ་རིན་པོ་ཆེ། དབོན་པོ་བསྟན་འཛིན་ནོར་བུའི་དངོས་སློབ་མི་ཉག་ཀུན་བཟང་བསོད་ནམས་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་དང་གྲུབ་པའི་དབང་པོ་ལྔ་བཅུ་ལྷག་བསྟེན་ཏེ་མདོ་སྔགས་རིག་གནས་ལ་ཐོས་བསམ་རྒྱ་ཆེར་མཛད་པས། མཁས་པའི་གྲགས་པ་དཀར་པོ་བོད་གངས་ཅན་གྱི་ལྗོངས་ཀུན་ལ་ཁྱབ་ཅིང་དབང་ལུང་མན་ངག་གི་མཛོད་དུ་གྱུར། དེ་ནས་རང་ཡུལ་གྱི་ཞལ་སློབ་བུ་ཆེན་ཆོས་དབྱིངས་རང་གྲོལ་སོགས་ཀྱིས་ཡང་ཡང་ནན་ཞུས་ལྟར་ཕྱིར་གདན་སར་ཆིབས་ཞལ་ཕྱོགས་ཚེ་མི་ཕམ་རིན་པོ་ཆེས་རོང་ཟོམ་སྨྲ་བའི་སེདྒེའི་གསུང་འབུམ་ཆ་ཚང་གནང་སྟེ། དེ་རིང་ནས་བཟུང་དབང་ལུང་ཁྲིད་གསུམ་གྱིས་འཁོར་སློབ་རྗེས་སུ་འཛིན་དགོས་ཞེས་བཀའ་ནན་རྡོ་རྗེའི་ཐ་ཚིག་སྤྱི་བོར་བསྩལ་ནས་ཕེབས་སྐྱེལ་མཛད། དགུང་ལོ་སུམ་ཅུ་བཞེས་པ་ཤིང་འབྲུག་མཆུ་ཟླའི་ཆོ་འཕྲུལ་གྱི་དུས་ཆེན་ལ། གནས་ཕུན་སུམ་ཚོགས་པ་མཚོ་སྙིང་མ་ཧཱ་དེ་ཝར་རྣལ་འབྱོར་ཆོས་དབྱིངས་རང་གྲོལ་སོགས་ཕྱོགས་འདུས་བླ་དཔོན་བརྒྱ་ལྷག་ལ། ཟབ་གསང་རྫོགས་པ་ཆེན་པོའི་ལྟ་བའི་སྐོར་གྱི་དམར་ཁྲིད་མཛད་པ་དང་མར་མེ་ཚོགས་མཆོད་ཀྱང་རྒྱས་པར་ཕུལ། འདི་དུས་མཁའ་འགྲོའི་མཚན་ལྡན་རྒྱལ་ཡུམ་འཛོམས་སྐྱིད་མཆོག་ཐབས་གྲོགས་སུ་ཕེབས། སྐབས་དེར་དབུས་ཕེབས་ཀྱི་ཐུགས་འདུན་ཤར་ཏེ་དེའི་སྟ་གོན་བརྩམས་ཀྱང་སྐྱབས་མཆོག་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཚོ་སྔོན་ཕྱོགས་སུ་ཕེབས་པར་ཁོང་གཙོས་ཨ་ལགས་སྐལ་ལྡན་དང་གོས་དཀར་ལྕང་ལོ་འཆང་བའི་བུ་སློབ་རྣམས་ཀྱིས་བསུ་བ་རྒྱ་ཆེར་བྱས་ཤིང་། སྦྱིན་བདག་སོ་སོའི་ངོར་འབྱོན་བཞུད་གནང་བཞིན་ས་ཐོབ་བཀྲ་ཤིས་ཆོས་སྒང་དུ་ཆིབས་ཞལ་བསྒྱུར་ཏེ་རྒྱུད་སྡེའི་སྐོར་གྱི་དབང་ལུང་མང་པོ་མནོས། དེ་ནས་གོང་ས་རྫོགས་ཆེན་རིན་པོ་ཆེར་ཁོང་གིས་ཞུས་པ་ལྟར་རིན་ཆེན་གཏེར་མཛོད་ཀྱི་དབང་ཟླ་བ་གསུམ་ལྷག་གི་རིང་ལ་རྫོགས་པར་གནང་ལ། ཚེ་དབང་མདའ་འཕེལ་གྱི་སྐབས་སུ་རྡོ་བ་རིན་པོ་ཆེས་རྟེན་འབྲེལ་གྱིས་དགུ་རོང་སྤྲུལ་སྐུ་ལ་གནང་རོགས་གསུངས་པ་བཞིན་གནང་པས་ཚེ་མདའ་མངོན་སུམ་དུ་ཇེ་རིང་ལ་བཏང་བའི་བྱིན་རྟགས་བྱུང་བར་གྲགས། རྗེས་འབྲེལ་དུ་ཚོགས་འཁོར་རྒྱ་ཆེན་པོ་དང་དངུལ་སྲང་རྡོ་ཚད་བརྒྱ་ལྷག་གི་མཎྜལ་ཕུལ་ཏེ་ཆིབས་སྐྱེལ་མཛད། དབུས་ཕེབས་བཤོལ་ཏེ་གསེར་དངུལ་རྒྱུ་ནོར་མང་པོ་བཀོལ་ནས་མཆོད་རྫས་སོགས་བཞེངས་པའི་བཟོ་གྲྭ་ཆུང་བ་ཞིག་བཙུགས། སྡེ་དགེ་རྒྱལ་པོས་ཐུགས་གཙིགས་ཆེ་བའི་མགར་བ་དང་པར་རྐོ་ངོ་གཡོག་གདན་དྲངས་ཏེ། དངུལ་དཀར་གྱི་བདེ་གཤེགས་མཆོད་རྟེན་བརྒྱད། གའུ་ཆེ་ཆུང་། དུང་རྒྱ་གླིང་། དུང་དཀར་ནས་བཟེད། མཆོད་སྐོང་། གཏོར་རྒྱན་སོགས་ཀྱིས་མཚོན་ཏེ་མཆོད་རྫས་དང་། ཀློང་ཆེན་མཛོད་བདུན། ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་། སྙིང་ཐིག་དུམ་གཉིས། འཇུ་མི་ཕམ་གྱི་གསུང་འབུམ་ལས་སྐོར་འགའ། ཉེར་མཁོའི་ཞལ་འདོན་དང་ཆོས་སྤྱོད་ཀྱི་སྐོར་སོགས་སྤུས་དག་པའི་དཔར་ཤིང་བརྐོས། ལོ་དེའི་གྲོ་བཞིན་ཟླ་བའི་ཡར་ཚེས་བཅུ་ལ་རྡོ་རྗེ་ཟླ་བ་བཞུས་པའི་ཁམས་ཀྱི་རྒྱུན་བབ་པ་ལས་རིགས་སྲས་མི་ཕམ་བློ་གྲོས་སྐུ་བལྟམས། སྐབས་དེར་སྐུ་མདུན་པ་ཨ་ལགས་མཚམས་པ་བར་ཁམས་སུ་འཇམ་དབྱངས་མི་ཕམ་རིན་པོ་ཆེའི་སྐུ་མདུན་དུ་འཚམས་ཞུར་མངགས་པ་ལ། མི་ཕམ་ཚང་དང་རྫ་རྒྱལ་མཚམས་སྤྲུལ་མཆོག་གིས་ལོ་རྗེས་མར་ཡུམ་འཛོམས་སྐྱིད་དང་ལྷན་དུ་སྐུ་མདུན་དུ་ཕེབས་དགོས་པའི་བཀའ་བྱུང་། དགུང་ལོ་སོ་བཞི་པ་ས་སྤྲེལ་ལོར་ཁོང་ཡབ་ཡུམ་ཨ་ཁུ་མཚམས་པ་དང་སྤྲུལ་སྐུ་ཞབས་དྲུང་སོགས་སྐུ་འཁོར་མང་པོ་དང་བཅས་མགོ་ལོག་བརྒྱུད་རྫ་རྒྱལ་དགོན་ལ་ཕེབས། རྫ་མཚམས་པ་པདྨ་ཀུན་བཟང་བདེ་ཆེན་རྡོ་རྗེའི་སྐུ་གདུང་བཙན་གྱིས་ཁྱེར་བ་ལ་ཁོང་གི་བཀའ་ཡིག་དང་མི་མངགས་ཀྱིས་སླར་སྟོང་དངུལ་གསུམ་གྱི་བཤགས་པ་བྱེད་དུ་བཅུག དེ་ནས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དང་སྡེ་དགེ་ལྷུན་གྲུབ་ཕོ་བྲང་ལ་བྱོན། རྒྱལ་པོ་ཆེན་པོས་འུ་ལག་གིས་བསྐྱལ་ཏེ་རྫོང་མགོ་རི་ཁྲོད་ནས་འཇུ་མི་ཕམ་དང་མཇལ་ཏེ་ཡབ་སྲས་ཐུགས་དགྱེས་པའི་རྩེར་སོན་ཅིང་། ཁྲིད་ལུང་མན་ངག་གི་ཟབ་གནད་མང་པོ་དང་ལྟ་བའི་སྒྲོ་འདོགས་དཔྱིས་ཕྱིན་པར་བཅད། ཡབ་སྲས་ལྷན་དུ་སླར་ཡང་རུ་དམ་དུ་སླེབས་ནས་མི་ཕམ་རིན་པོ་ཆེའི་གསུང་འབུམ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་ལ་དངོས་འབྱོར་རྒྱ་ཆེན་པོ་བསྩལ་ཏེ་ཞུ་བསྐུལ་གནང་ནས་འཇམ་མགོན་བླ་མའི་གསུང་འབུམ་ཤིང་པར་དུ་འཁོད་པའི་བདག་རྐྱེན་མཛད། སྐབས་དེར་མཁས་འཇུག་གི་རྩོམ་འཕྲོ་བསྐྱངས་དགོས་ཀྱི་ནན་ཞུས་མཛད་ཚུལ། མཁས་འཇུག་མཛད་བྱང་དུ་སླར་ཡང་རུ་དམ་དུ་སླེབས་ནས་མཁྱེན་རབ་དང་ལྡན་པ་དགུ་རོང་སྤྲུལ་བའི་སྐུས་དཔར་དུ་སྒྲུབ་བཞེད་ཀྱིས་སྔ་མའི་འཕྲོས་རྩོམ་པར་བསྐུལ་བ་སོགས་ཀྱི་རྐྱེན་ལས་ཡོངས་སུ་གྲུབ་པར་བགྱིས། ཞེས་གསུངས་པ་ལྟར་རོ། །ཡབ་སྲས་ཞལ་གྱེས་ཁར། ཁོང་ལ་རྙིང་མ་རྒྱུད་འབུམ་གཙོས་ཕྱག་དཔེ་རྩ་ཆེན་དང་འཇམ་སྐུ་འབྲལ་སྤོང་སོགས་རྟེན་བྱིན་ཅན་མང་པོ་དང་། ཡུམ་འཛོམས་སྐྱིད་ལའང་སྒྲོལ་དཀར་གྱི་ཞལ་ཐང་བྱིན་ཅན། མགུལ་སྲུང་གའུ། ཕྱག་ཕྲེང་པདྨ་རཱ་གའི་རྒྱན་ཅན་བཅས་བསྩལ་ནས་ཡབ་སྲས་འབྲལ་མི་ཕོད་བཞིན་དུ་ཕྱིར་མདོ་སྨད་ཕྱོགས་སུ་ཆིབས་ཁ་བསྒྱུར། རིམ་པར་ཐེམ་ཆེན་ལ་འབྱོར་སྐབས་གྲུབ་དབང་རྡོ་བ་ཚང་དང་ཞབས་དཀར་མཆོག་སྤྲུལ་ཚང་སོགས་བསུ་བར་ཕེབས། དེ་རྗེས་རྐ་ཕུག སྔོ་སེར། བྱ་ཚང་། ནང་ཁོག གྲོང་བརྒྱད། ཚོ་དྲུག ཉ་མོ། ལྷ་ས། ས་དཀར་གོང་བ། དོ་ཀྱ། སྐྱ་རྒྱ། ཁམས་ར། སྐས་པ་བཅས་ཀྱི་སྔགས་འཆང་དོན་གཉེར་ཅན་མང་པོ་དང་། གཞན་ཡང་ཕྱོགས་འདུས་ཀྱི་སྔགས་འཆང་མང་པོར་ཀློང་ཆེན་མཛོད་བདུན་དང་། སྙིང་ཐིག་པོད་གཉིས། སྨིན་གླིང་གི་ཆོས་ཚན་མང་པོ་བཅས་ཀྱི་དབང་ལུང་རྒྱ་ཆེར་གནང་བ་མ་ཟད། བུ་སློབ་ལྷ་སའི་རྣལ་འབྱོར་པ་ཆེན་པོ་ལྷ་འབུམ་རྒྱལ་མཚན་དང་། དཔའ་རིས་ཞབས་དྲུང་མཆོག་སྤྲུལ་ཚང་། ཉ་སྔགས་པདྨ་རིག་འཛིན་དང་ཚེ་རིང་སྐྱབས་སོགས་དམ་ལྡན་བུ་སློབ་རྣམས་ལ་སྲོག་སྡོམ་གཟེར་བཞི་དང་། ཁྲིད་ཡིག་ཡེ་ཤེས་བླ་མ། ལྟ་བ་མཁའ་ལྡིང་གཤོག་རླབས། མི་ཕམ་བཀའ་བརྒྱད་རྣམ་བཤད། བླ་མ་ཡང་ཏིག ཁྲེགས་ཆོད་ཐོད་རྒལ་གྱི་རྒྱབ་ཡིག་བདེ་སྟོང་རླུང་གི་རྫོགས་རིམ་སོགས་ཀྱིས་མཚོན་ཏེ་ཟབ་ཆོས་ཀྱི་དོན་ཁྲིད་རྒྱ་ཆེར་བསྩལ། དགུང་ལོ་སོ་བརྒྱད་པ་ཆུ་བྱི་ལོའི་ས་ག་ཟླ་བར་ཐུགས་སྲས་རྣལ་འབྱོར་པ་ཆེན་པོ་ཆོས་དབྱིངས་རང་གྲོལ་རྫ་ཁྲོད་རྡོ་རྗེ་གླིང་ནས་ཞི་བར་མནལ་བའི་ཚུལ་བསྟན་པས་རྫ་ཁྲོད་རྡོ་རྗེ་གླིང་དུ་ཕེབས་ཏེ་དགོངས་རྫོགས་ཡོད་ཚད་ཀྱི་ཁུར་བཞེས། ཐུགས་སྲས་འཇིགས་མེད་རྣམ་གྲོལ་ནས་ཞུས་ངོ་ལྟར་མྱུར་འབྱོན་གདུང་དབྱངས་ལྗགས་རྩོམ་མཛད། དུས་དེ་ཙམ་ན་ཉིན་ཞིག་སྐུ་འཁོར་རྣམས་བོས་ཏེ་མདང་ཁོ་བོའི་ཉིང་འཁྲུལ་དུ་མི་ཕམ་རིན་པོ་ཆེ་ཟངས་མདོག་དཔལ་རིར་ཕེབས་རྒྱུ་ཡིན་ཚུལ་གསུངས་པར། བདག་ཀྱང་ཁྲིད་རྒྱུའི་བཀའ་དྲིན་མཁྱེན་ཞེས་གསོལ་བ་བཏབ་པར་ཁོང་མི་འགྱངས་པར་ཕྱིར་ཡོང་། ཁྱོད་མ་འགྲོ་ཞེས་བཀའ་ཕེབས་པ་ཞིག་རྨིས་གསུངས་ཏེ་སྐུ་འཁོར་འགའ་དེ་མ་ཐག་ཁམས་ཕྱོགས་སུ་མངགས་པ་དང་། དེ་གའི་བུ་སློབ་རྣམས་ལ་ཚོགས་འཁོར་རྒྱ་ཆེན་པོ་ཞིག་སྐོར་བཅུག་པ་མཛད་པས། རྗེས་སུ་གཟིམས་ལམ་ལྟར་འཇམ་མགོན་བླ་མ་སྐབས་དེར་ཞིང་དུ་གཤེགས་པར་ཐོས། ལོ་དེའི་དགུན་ཁར་གཏེར་སྟོན་ལས་རབ་གླིང་པའམ་ཉག་བླ་བསོད་རྒྱལ་རིན་པོ་ཆེ་དགོས་དབང་གིས་ཨ་ཆུང་གནམ་རྫོང་དུ་ཕྱག་ཕེབས་ཏེ་དབེན་འབྱུང་ནམ་མཁའ་རྫོང་ནས་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། རྒྱུད་རྒྱལ་གསང་བ་སྙིང་པོའི་ཟབ་ཁྲིད། མི་ཕམ་རིན་པོ་ཆེའི་བདེ་གཤེགས་སྟོང་ཐུན་གྱི་ཁྲིད། འཇམ་དཔལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་ཁྲིད། བིརྦ་པའི་དོ་ཧ་དང་ས་ར་ཧའི་དོ་ཧ་རྡོ་རྗེའི་གླུ་སོགས་ལུང་མང་པོ་གསན། ཕར་འཇམ་དབྱངས་མི་ཕམ་རྡོ་རྗེ་འཆང་གི་གསུང་སྐོར་འགའི་ལུང་ཆ་ཚང་བ་ཕུལ། རྒྱལ་ཟླའི་ཚེས་བརྒྱད་ལ་གདུང་སྲས་བཞི་པ་རྒྱལ་སྲས་བློ་གྲོས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། གཏེར་སྟོན་བསོད་རྒྱལ་ཚང་ནས་འཇམ་མགོན་མི་ཕམ་པའི་ཡང་སྲིད་དུ་ངོས་བཟུང་མཛད་དེ་ཐུགས་བརྩེ་ཆེན་པོས་སྨིན་དབང་བསྩལ། དགུང་ལོ་ཞེ་གསུམ་བཞེས་པ་མེ་སྦྲུལ་ལོར་བཀའ་དྲིན་གསུམ་ལྡན་གྱི་བླ་མ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་གདུང་མཆོད་རྟེན་ཆེན་མོ་བཞེངས་པར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་པར་བརྩམས་ཤིང་། གདོང་སྣའི་མཁར་གྱི་དམག་མི་བརྒྱད་དང་། ཟི་ལིང་ཀྲུའུ་ཞིས་དམག་མི་བཅུ་གཉིས་སྐུ་སྲུང་དུ་ཕུལ་པ་རྣམས་དང་། ཟི་ལིང་ཀྲུའུ་ཞིས་གཙོས་མཁར་ནང་དཔོན་ཁག་རྣམས་ཀྱིས་ཞའོ་ཞ་བར་ལ་ཆིབས་སྐྱེལ་དང་། གཞན་ཡང་གནམ་རྫོང་བླ་བྲང་དང་། དགུ་རོང་། ཁམས་ར། སྣང་རའི་གྲོང་སོ་སོ། དོ་ཀྱ། ཁྲི་ཀ སྒོ་མེ། ཁ་སྒང་། བ་ཡན་སོགས་ཀྱི་རིག་པ་འཛིན་པའི་བུ་སློབ་བརྒྱ་ཕྲག་ལྷག་གིས་ཉིན་ལམ་དྲུག་གི་ས་སྟེ་ལན་ཀྲུའུ་བར་ལ་སྐྱེལ་མ་མཛད་ཅིང་། དེར་ལན་ཀྲུའུ་ཙུང་འདུ་ཡིས་ཁོང་གཙོས་ཕ་ཡུལ་གྱི་ཆིབས་སྐྱེལ་པ་རྣམས་དང་བཅས་པ་ལ་བསུ་སྟོན་རྒྱ་ཆེར་མཛད་པ་དང་། ཙུང་འདུས་ཆིབས་སྐྱེལ་པ་སོ་སོར་གནང་སྦྱིན་འཚམས་རྟགས་སྤོམ་མཐོ་བ་བསྩལ་ཏེ་ཕྱིར་ལོག ཙུང་འདུ་དང་ཏ་བེ་ནས་ཁོང་ལ་ལམ་ཡིག་བཀའ་ཤོག་དང་སྲུང་དམག་བཞི་ཤིང་རྟ་ཁ་ལོ་བ་དང་བཅས་གནང་སྟེ་སྐྱེལ་ཐུང་མཛད། དེ་ནས་རིམ་བཞིན་ཕུན་ལིང་མཁར་དུ་འབྱོར་ཏེ་ཕུན་ལིང་དཔོན་པོས་བསུ་སྟོན་རྒྱ་ཆེར་བྱས་ཤིང་། དཔོན་པོས་ལན་ཀྲུའུ་ཙུང་འདུའི་བཀའ་ལྟར་ཁོའི་དམག་གིས་པེ་ཅིན་བར་ལ་སྐྱེལ་དགོས་ཞེས་པར་མཆོག་སྤྲུལ་རིན་པོ་ཆེའི་བཀས་མ་གནང་། རིམ་བཞིན་ཧྲན་ཞིའི་བརྒྱུད་ཐང་གི་ཙི་ཡུན་ཀྲན་ཟེར་བ་ནས་མེ་འཁོར་ལ་བཞུགས་ཏེ་པེ་ཅིན་མཁར་དུ་ཐོན། དེ་ནས་དགའ་ལྡན་བྱིན་ཆགས་གླིང་དང་མཆོད་རྟེན་དཀར་པོ་སོགས་ཡུལ་དེའི་རྟེན་བརྟེན་པ་ངོ་མཚར་ཅན་ཕལ་ཆེ་བ་ལ་ལྟ་སྐོར་ཕྱག་མཇལ་མཛད་པ་དང་། ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་དང་། མཚོ་སྔོན་ལྷ་དབང་རིག་འཛིན། གོང་མའི་ལོ་ཙཱ་བ་ཡེ་ཤེས་ཐོགས་མེད། ཧར་ཆེན་ཀུན་བཟང་ནོར་བུ། ཇ་སག་ཐུ་ཝང་། ཨ་ལགས་ཤ་ཝང་དང་ཇོ་ནེ་བདེ་བ་ཚང་སོགས་ཡུལ་ཕྱོགས་ཀྱི་བླ་སྤྲུལ་དཔོན་ཁག་མང་པོར་ཟས་སྟོན་རྒྱ་ཆེན་པོ་ཞིག་མཛད་ཅིང་ཕ་ཡུལ་ཕྱོགས་ཀྱི་གནས་ཚུལ་སོགས་ཞལ་ཏ་གླེང་མོལ་མཛད་པས་དེར་འདུས་ཀུན་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་སྤྲོ་དགས་ཁེངས། དེ་ནས་གནས་ཆེན་རི་བོ་རྩེ་ལྔར་ཕེབས་ཏེ་གནས་དེའི་ལྷོ་ནུབ་ཀྱི་མཚམས་ཕུ་ས་ཏེན་གྱི་ལྷ་ཁང་གོང་མའི་གཡས་ཕྱོགས་ཀྱི་ལུང་པ་ཆུང་ཆུང་ཞིག་ཡོད་པའི་གཡོན་ཕྱོགས་སུ་ས་བཟང་པོ་ཞིག་ཡོད་པ་ཉོས་ནས་སྐུ་གདུང་མཆོད་རྟེན་ཆེན་མོ་བཞེངས་པའི་དབུ་བརྩམས་ཤིང་། ཐོག་མར་གནས་དེར་མཆོད་རྟེན་བཞེངས་པར་ཕེབས་སྐབས། ལམ་བར་དུ་མེ་ཏོག་བཟུང་བ་དང་། མཚན་བརྗོད་ཀྱི་དཔེ་ཆ་འབུལ་མཁན་འགའ་བྱུང་བས་རྟེན་འབྲེལ་འགྲིགས་པར་གྲགས། དེ་ལྟར་བཟོ་བོ་སུམ་བརྒྱ་ལྷག་གིས་ཟླ་བ་གཅིག་ལྷག་ལ་བཞེངས་པས་བཟོ་བཀོད་ངོ་མཚར་ཅན་གྱི་མཆོད་རྟེན་ཆེན་པོ་དེ་ཡོངས་སུ་གྲུབ། སྐུ་ཞབས་ར་ཁོ་རིན་པོ་ཆེ་སོགས་དེ་གའི་བོད་ཀྱི་དགེ་འདུན་པ་རྣམས་དང་། སོག་པོ་དགེ་བཤེས་བདེ་གཤེགས་ཉི་མ་སོགས་སོག་པོའི་གྲྭ་བ་མང་པོ། ཕུ་ས་ཏེན་གི་རྒྱ་ནག་ཧ་ཤང་གི་ཚོགས། རྫོགས་ཆེན་ཆོས་རྗེ་འཇམ་དབྱངས་དཀོན་མཆོག་དཔལ་བཟང་གི་ཐུགས་འདུན་བཞིན་བཞེངས་པའི་རྙིང་རྒྱུད་ལྷ་ཁང་གི་གྲྭ་བ་དང་ཁོང་ཡབ་སྲས་བཅས་རྒྱ་བོད་སོག་གསུམ་གྱི་དགེ་འདུན་པ་ལྔ་བརྒྱ་ལྷག་གིས་རང་རང་ལུགས་ཀྱི་རབ་གནས་དང་འབྲེལ་མཆོད་རྟེན་དྲུང་ནས་ཚོགས་འཁོར་རྒྱ་ཆེན་པོ་ཞིག་བསྐོར། དུས་དེར་འཇའ་འོད་ཤར་བས་རྟེན་འབྲེལ་ལེགས་པར་འགྲིགས་ཤིང་བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན། དེ་ནས་རྒྱལ་ས་པེ་ཅིན་དུ་ཕེབས་ཏེ་ལྟ་སྐོར་ཕྱག་མཇལ་བཅས་ལོ་གཅིག་ལྷག་བཞུགས་པའི་རིང་ལ། སྐུ་ཞབས་ར་ཁོ་ཧོ་ཐོག་ཐུ་དང་། སི་རེད་དགེ་བཤེས་ངེས་ལེགས་ཉི་མ། དགེ་བཤེས་རྒྱ་མཚོ་ཚང་། སོག་པོའི་དགེ་བཤེས་བདེ་གཤེགས་ཉི་མ་ཚང་། རྩེ་ལྔའི་མཁན་པོ་བླ་མ་ཞེས་པ་སོགས་དེ་གའི་མཁས་གྲུབ་དམ་པ་མང་པོ་དང་ཕན་ཚུན་སྨན་རྩིས་སོགས་ཐུན་མོང་རིག་གནས་དང་། ནང་དོན་རིག་པ་དབུ་སེམས་ཀྱི་གྲུབ་མཐའི་སྐོར་བགྲོ་གླེང་མཛད་པས་མཁས་པའི་གྲགས་པ་རྒྱས། དེ་གའི་ཆོས་སྲིད་ཀྱི་སྤྱི་བདག་ཇ་སག་བླ་མ་རྒྱལ་མཚན་བཟང་པོས་ཞུས་པ་ལྟར་དཔོན་ཁག་རྣམས་ལ་དབང་ལུང་ཚེ་སྒྲུབ། བྱད་འགྲོལ་བྱབས་ཁྲུས་སོགས་མཛད་པས་ཡུལ་དེར་དགུ་རོང་ཏ་ཧྥོ་ཡེ་ཞེས་འཕྲིན་ལས་ཆེས་ཆེར་རྒྱས་པར་གྱུར། སྐབས་དེའི་པེ་ཡང་སྲིད་གཞུང་གི་ཙུང་ཐུང་ལི་ཡོན་ཧུང་དང་ཐེངས་གསུམ་ལ་ཐུག་འཕྲད་མཛད་དེ། ཉིན་གང་པོར་རྒྱ་བོད་མི་རིགས་དང་ཆོས་ལུགས་ཀྱི་དོན་ཆེན་བགྲོ་གླེང་ཐུགས་བགྲོས་མཛད་པས་དམ་པ་འདིའི་སྐུ་བརྗིད་དང་རྣམ་དཔྱོད། གཞན་དོན་མཛད་པའི་སྤོབས་པ་མཆོག་ཏུ་ཡངས་པས་ཙུང་ཐུང་ལི་ཡོན་ཧུང་གི་ཐུགས་ཡིད་འཕྲོག་སྟེ། བོད་མེ་འབྲུག་ལོའི་ཟླ་༩པའི་ཚེས་༡༣ཉིན་ཙུང་ཐུང་ལི་ཡོན་ཧུང་གིས་སྔ་འགྱུར་རྙིང་མ་པའི་བསྟན་པའི་སྤྱི་བདག་ཆེན་པོ་དགུ་རོང་ཧོ་ཐོག་ཐུ་རྡོ་རྗེ་འཆང་ཆེན་མོ་ཞེས་པའི་ཆོ་ལོ་རྒྱ་བོད་མན་སོག་བཞིའི་ཡི་གེ་ཁ་དོག་སྣ་ལྔའི་གསེར་སྐུད་ཀྱིས་བརྩེགས་དྲུབ་བྱས་པའི་བཀའ་བྱང་ཆེན་མོ་དང་། གསེར་གྱི་ཐམ་ག ཅོ་ཁྲེ་སེར་པོ། དབུ་ཞྭ་ཏོག་ཅན། ན་བཟའ་ཆ་ཚང་རྒྱན་དང་བཅས་གནང་ཞིང་། ཕྱིར་ཕེབས་ཁར་ཀོན་ཡུན་ཐང་བར་མེ་འཁོར་འུ་ལག་གིས་བསྐྱལ་རྒྱུའི་བཀའ་ཤོག་སོགས་གནང་རྗེས་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་ཕྱིར་ཕ་ཡུལ་དུ་ཆས་ཚེ། ཙུང་ཐུང་ཆེན་མོའི་མངགས་མི་དང་། རྩེ་ལྔའི་བླ་མ་དང་ཇ་སག་གི་མངགས་མི། དགའ་ལྡན་བྱིན་ཆགས་གླིང་གི་མི་སྣ། བེ་ལི་ལྷ་དབང་རིག་འཛིན་སོགས་མཚོ་སྔོན་དཔོན་ཁག་རྣམས་ཀྱིས་སྐྱེལ་མ་གནང་། ཟླ་བཞི་པའི་ཚེས་གཅིག་ཉིན་ལན་ཀྲུའུ་ཙུང་འདུ་ཀྲང་གོ་ཅན་ནས་གདན་དྲངས་པ་ལྟར་ལན་ཀྲུར་ཕེབས། ཙུང་འདུ་ཀྲང་གོ་ཅན་གྱིས་པེ་ཡང་སྲིད་གཞུང་ནས་ཀན་སུའུ་དམག་སྤྱིའི་བློ་འདོན་པ་ཆེན་པོ་ལིས་ཀྲུང་ལན་དང་། སྔ་འགྱུར་རྙིང་མའི་ཆབ་སྲིད་ཀྱི་སྤྱི་བདག་ཆེན་པོ་དགུ་རོང་ཧོ་ཐོག་ཐུ། ཀན་སུའུ་དམག་སྤྱིའི་མདུན་ན་འདོན་ཆེན་པོ་ཀྲིག་ཞིག་ཧི། ལབ་སྐྱབས་མགོན་སོགས་ཀྱིས་སྣེ་ཁྲིད་པའི་ཀན་སུའུ་སྲིད་དོན་འཐུས་མི་ཚོགས་པ་ལྷ་སར་གླེང་མོལ་དུ་ཕེབས་པར་ཡིད་འཐད་བྱུང་ཞིང་དོན་ཆེན་དེ་མྱུར་དུ་སྒྲུབ་དགོས་ཅེས་པའི་བཀའ་ཤོག་བསྟན་ཏེ། ཁྱེད་ཅི་ནས་ཀྱང་ཕེབས་ཏེ་རྒྱ་བོད་འགྲིག་མཐུན་མཛད་རྒྱུའི་ཞུ་བ་ཡང་ཡང་ཕུལ་བར་ཞལ་བཞེས་མཛད། རབ་བྱུང་བཅོ་ལྔ་པའི་ས་ལུག་ལོའི་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཕྱོགས་ཀྱི་རྒྱ་བོད་སོག་གསུམ་གྱི་བླ་སྤྲུལ། དཔོན་ཁག སྐུ་དྲག་དང་སློབ་མ་རྣམས་ཀྱིས་སྐྱེལ་མ་དང་བཅས་ཁོང་ཅག་དབུས་འགྱུར་ལྷ་ལྡན་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། དེ་ནས་རིམ་བཞིན་སྒ་སྟོད་སོགས་བརྒྱུད་དེ་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ལ་སྒྲུབ་བརྒྱུད་དགོན་དུ་འཇུ་མི་ཕམ་པའི་རི་ཁྲོད་ཡོད་པར་ཕྱག་མཇལ་དུ་ཕེབས་ཏེ་ཚོགས་འཁོར་རྒྱ་ཆེན་ཞིག་བསྐོར། སི་ཏུ་མཆོག་སྤྲུལ་ཚང་དང་། འབྲུ་ཆུ་གཡུ་བྲག་སྤྲུལ་སྐུ་ཀུན་བཟང་འཕྲིན་ལས་དབང་རྒྱལ། ར་སྤྲུལ་ཚང་། ལྷོ་ནང་ཆེན་ཚང་། ཟུར་མང་དགོན་པའི་བླ་མ་བདེ་ཆེན་འབར་བའི་རྡོ་རྗེ། དཔའ་བོ་སྟོབས་ལྡན་རྡོ་རྗེ་གླིང་བའི་སྲས་འཕྲིན་ལས་དཔལ་བཟང་དང་སྐུ་མཆེད་ཨོ་རྒྱན་ཀུན་བཟང་ཆོས་དབང་སོགས་ལ་མི་ཕམ་མཆོག་གི་གསུང་སྐོར་འགའི་ལུང་དང་མན་ངག་སྐོར་གྱི་ཆོས་འབྲེལ་བསྩལ། དེ་ནས་ཡང་གོན་སྐུ་ཞབས་དང་ས་སྒོ་སྐྱེར་མདོ་དགོན་གྲོང་གི་སྐྱ་སེར་གྱིས་བསུ་བ་རྒྱ་ཆེན་དང་བཅས་སྐྱེ་སྒུ་མདོར་ཕེབས། ཚེས་དྲུག་ལ་རྒྱ་ནག་མ་ཎི་ལ་ཕྱག་སྐོར་དུ་ཕེབས་ནས་སྤྲང་སློང་རྣམས་ལ་རྟ་མཛོ་བཅོ་ལྔའི་རིན་གྱིས་སྦྱིན་གཏོང་རྒྱ་ཆེར་མཛད། དེ་ནས་ཟླ་དགུ་པའི་ཚེས་བདུན་ཉིན་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་ཉེ་གནས་བླ་མ་འོད་གསལ་རིན་པོ་ཆེ་ཕེབས་ཏེ། རྟེན་འབྲེལ་གྱིས་ཁོང་དང་རྒྱལ་སྲས་བློ་གྲོས་ལ་འཇམ་དབྱངས་མི་ཕམ་རིན་པོ་ཆེའི་སྐུ་ཆས་སྐོར་དང་མཆོད་ཆ་ཕྱག་དཔེ་སྨན་རྫས་ཆ་སྒམ་སྒྲོམ་དུ་མ་དང་བཅས་པ་ཕུལ་ཅིང་། ཚེས་དགུའི་ཉིན་འཇུ་མི་ཕམ་མཆོག་གི་གསུང་འགའི་ལུང་གནང་ཞིང་། ཚེས་བཅུའི་ཉིན་བླ་མ་འོད་གསལ་རིན་པོ་ཆེ་ནས་བསང་མཆོད་གནང་ཞིང་འཇུ་མི་ཕམ་མཆོག་གི་འཕྱར་དར་རྣམས་ཕྱར་ཏེ་རྟེན་འབྲེལ་ཤིས་བརྗོད་གནང་། དེ་ནས་རིམ་བཞིན་ཕེབས་པའི་ཚེས་གསུམ་ལ་རྫོགས་ཆེན་མཁན་པོ་བསོད་ཆོས་དང་། མུ་ར་སྤྲུལ་སྐུ་བཅས་ཕེབས་པ་དང་མཇལ། རྫོགས་ཆེན་སྡེ་དགེ་སོགས་ཀྱི་ལོ་རྒྱུས་དང་ལུགས་ཟུང་གི་ཞལ་ཏ་མང་པོ་གནང་བས་ཐུགས་ཤིན་ཏུ་དགྱེས་པ་བྱུང་། ཚེས་ལྔ་ནས་ལམ་དུ་ཆས་པར་རྒྱ་དཔོན་གཉིས་ཀྱིས་ཆབ་མདོ་བརྒྱུད་ནས་སོང་ན་མི་འཐད་པའི་རྒྱུ་མཚན་མང་པོ་ཞུས་པ་ལྟར་གེ་སར་འབེན་རྡེའུ་བརྒྱུད་ནས་གཞུང་གྱེན་ལ་སོང་། ས་ཆེན་གཞུང་དུ་དགེ་རྒྱས་བར་མའི་བརྒྱ་དཔོན་སོགས་ཀྱི་བསུ་མ་དང་བཅས་ཕེབས། རབ་བྱུང་བཅོ་ལྔ་པའི་ས་ལུག་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ལ་གཞུང་ས་མཆོག་ནས་སེ་ར་རྒྱ་རོང་བ། རྩེ་དྲུང་བློ་བཟང་ཆོས་འབྱོར་སོགས་བསུ་མི་མང་པོ་མངགས་པ་དང་བཅས་ཚེས་ཉེར་ལྔ་རེས་གཟའ་ཕུར་བུའི་ཉིན་དབུས་འགྱུར་ལྷ་ལྡན་དུ་ཞབས་པད་འཁོད། སྡེ་དགེ་ཆོས་རྒྱལ་ཨ་ཇ་དང་། རྫོགས་ཆེན་མཁན་པོ་བསོད་ཆོས། སྐུ་ངོ་ཞོལ་ཁང་ཚང་། ས་དབང་ཚ་རོང་བ། བཀའ་བློན་ཁྲི་སྨོན་ནོར་བུ་དབང་ཆེན། བཀའ་བློན་ཀུན་བཟང་། རྩེ་དྲུང་ཆོས་འབྱོར། བཀའ་བློན་ཚ་བ། ལྷ་རམས་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་གཙོས་ཀླུ་འབུམ་ཁང་ཚན་གྱི་མི་སྣ་འཚམས་ཞུར་ཕེབས། ཉིན་འགའི་རྗེས་ནོར་བུ་གླིང་གའི་གཟིམས་ཆུང་ནས་སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན་པ་རྒྱལ་བའི་དབང་པོའི་ཞལ་རས་ཟླ་བ་ཉ་གང་བ་ལྟ་བུ་མཇལ། གཡས་གྲལ་ནས་ཁོང་ལ་གདན་ཆ་མཐོ་ལེགས་ཤིག་དང་གཡོན་གྲལ་ན་རྒྱ་དཔོན་དག་འདུག་བཅུག་སྟེ་ཟས་རིགས་ཕུན་སུམ་ཚོགས་པ་དྲངས་ཏེ་བཀའ་ལུང་ལེགས་པར་བསྩལ། སྐུ་ངོ་ཞོལ་ཁང་པ་དང་བཀའ་བློན། ལོ་ཙཱ་བ་ཆེན་མོ་སོགས་ཀྱང་ཕེབས། དེ་ནས་ཁོང་གིས་རྒྱལ་བའི་དབང་པོ་གཙོས་དེར་བཞུགས་ཀུན་ལ་རྒྱ་བོད་འགྲིག་མཐུན་གྱི་དོན་ཆེན་བདེ་ལེགས་ཞི་འཇམ་ངང་འགྲུབ་རྒྱུའི་སྐྱབས་འཇུག་ཁ་ཁོག་མེད་པར་རྒྱས་སྤྲོས་ཤིག་ཕུལ་བས། རྒྱལ་དབང་མཆོག་ཐུགས་དགྱེས་ཏེ་བཀྲ་ཤིས་པའི་བཀའ་ལན་མང་པོ་གནང་མཐར་ཁོང་ལ་གོས་ཆེན་སེར་པོ་ཡུག་གཅིག་དང་ཉིན་བདེ་མའི་ལྷ་དར། རྒྱ་དཔོན་དག་ལའང་ལྷ་དར་རེ་བཅས་བསྩལ། སྐུ་ངོ་ཞོལ་ཁང་པ་ནས་ཀྱང་ཞལ་གསུང་ནན་ཆེན་གནང་། ཚེས་དྲུག་གི་དུས་ཚོད་བཅུ་པར་ཕོ་བྲང་པོ་ཏ་ལའི་རྩེར་བོད་ཀྱི་ས་དབང་དབུ་ཞྭ་མུ་ཏིག་གི་ཏོག་ཅན་མནབས་ཏེ་བཞུགས་པ་དང་མཇལ་འཕྲད་མཛད་དེ་རྒྱ་བོད་དོན་ཆེན་སྐོར་མདོ་སྦུག་མེད་པར་གསུང་གླེང་མཛད། གཞན་ཡང་པཎ་ཆེན་སྣང་བ་མཐའ་ཡས་ཀྱི་གསེར་ཞལ་མཇལ་སྐབས་ཁོང་ལ་བརྩེ་གཟིགས་དཔེ་མེད་མཛད། དེ་ནས་ཇོ་ཁང་སྟེང་དུ་བཀའ་བློན་གྲོས་ཚོགས་ལ་ཕེབས་ནས་རྒྱ་བོད་ལས་དོན་སྐོར་ལ་ཕན་ཚུན་བགྲོ་གླེང་མཛད། ཁོང་དང་རྒྱ་དཔོན་གཉིས་བཅས་ནས་རྒྱང་རྩེ་ནས་གློག་ཡིག་གཏོང་རྒྱུ་སྐོར་དང་ས་སྐྱ་གོང་མར་ཡི་གེ་འབུལ་རྒྱུའི་སྐོར་རྩིས་བླངས། སླར་ནོར་གླིང་དུ་ཕེབས་དུས་ལྷ་རམས་པ་ཤེས་རབ་རྒྱ་མཚོས་ཚིག་རྒྱན་གྱིས་སྤྲས་པའི་འཕྲིན་ཡིག་ཤླཽ་ཀ་ཉེར་གཅིག་ཙམ་བསྐུར་བ་ལ་ཞིབ་གཟིགས་མཛད། ལབ་སྐྱབས་མགོན་རིན་པོ་ཆེ་ཡང་ལྷ་ལྡན་དུ་འབྱོར། ཚེས་བདུན་ཉིན་རྒྱལ་དབང་མཆོག་གི་མདུན་དུ་སྐུ་གསུང་ཐུགས་རྟེན་མཎྜལ་སོགས་ཕུལ་ཏེ་སྒེར་ངོས་ནས་སྐུ་བཅར་ཞུས་པས་བྱང་ཆུབ་སེམས་དཔའི་བསླབ་སྡོམ་སོགས་ཟབ་ཆོས་ཀྱིས་རྗེས་སུ་བཟུང་། ཚེས་བཅུ་བཞི་ཉིན་ཁོང་དང་ལབ་སྐྱབས་མགོན་ཚང་། རྒྱ་དཔོན་གཉིས་སོགས་ནོར་བུ་གླིང་གའི་དམག་སྒར་གྱི་རྒྱ་བོད་གླེང་མོལ་ཚོགས་འདུར་ཕེབས་ཏེ། ཁོང་གིས་རྒྱ་བོད་ལས་དོན་སྐོར་ཞིབ་རྒྱས་ཤིག་གསུང་བཤད་མཛད་པ་ལ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ཞལ་འཛུམ་བཞད་དང་བཅས་ཐུགས་དགྱེས་པའི་གསུང་གླེང་མང་པོ་བསྩལ་བ་དང་། རྒྱལ་དབང་རིན་པོ་ཆེས་རྒྱ་བོད་གཟུ་བ་ཆེན་པོ་ལ་ཞེས་པའི་ཕྱག་བྲིས་ཅན་གྱི་སྐུ་པར་ཞིག་ཀྱང་གནང་། ཚེས་ཉེར་དགུར་ཕོ་བྲང་པོ་ཏ་ལའི་རྩེར་གདན་དྲངས་པ་ལྟར་ཕེབས་ནས་གར་འཆམ་སོགས་ལ་གཟིགས། རབ་ཚེས་ལྕགས་སྤྲེལ་གྱི་གནམ་ལོ་གསར་བཞད་ཀྱི་འགྲུབ་སྦྱོར་ལ་སྐྱབས་མགོན་རྒྱལ་བའི་དབང་པོར་ཕྱག་མཇལ་ལོ་དར་འབུལ་བར་ཕེབས་ཏེ་ཆོས་སྲིད་ཀྱི་དགའ་སྟོན་དགྱེས་པར་རོལ་ཅིང་། རྒྱལ་དབང་མཆོག་གིས་ཁོང་ལ་ཚེ་དཔག་མེད་ཀྱི་ལི་སྐུ་དང་ཟས་སྣ་གོས་དར་ཕུན་སུམ་ཚོགས་པའི་ལོ་གསར་གནང་སྦྱིན་བསྩལ། ཇོ་བོ་ཡིད་བཞིན་ནོར་བུ་གཙོས་རྟེན་གཙོ་ཕལ་ཆེར་ལ་མཆོད་འབུལ་དང་གོས་བཟང་བུབ་རེའི་ན་བཟའ་ཕུལ། ལྷ་ལྡན་དུ་བཞུགས་རིང་རྫོགས་ཆེན་མཁན་པོ་བསོད་ཆོས་དང་། ལབ་སྐྱབས་མགོན་ཚང་། ཀཿཐོག་སི་ཏུ་རིན་པོ་ཆེ། འབྲས་ལྷ་རམས་པ་ཤེས་རབ་རྒྱ་མཚོ། ལྷ་ལྡན་སྨན་རྩིས་ཁང་གི་སྤྱི་ཁྱབ་པ་མཁས་དབང་མཁྱེན་རབ་ནོར་བུ་སོགས་དང་ཕན་ཚུན་མཇལ་འཕྲད་ལན་མང་མཛད་དེ་ཕྱི་ནང་གི་རིག་གནས་ཀུན་ལ་བགྲོ་གླེང་མཛད། ཁྱད་པར་དགེ་བཤེས་ཤེས་རབ་རྒྱ་མཚོ་ནས་ཁོང་གིས་མཛད་པའི་གློག་ཡིག་འོད་ཟེར་བརྒྱ་བ་ལ་དཔྱད་པ་པུཎྚ་རི་ཀའི་འཁྲི་ཤིང་བརྩམས་པ་དང་། སྔགས་ཕྱོགས་ཀྱི་དཀའ་གནད་མང་པོ་བགྲོ་གླེང་མཛད་པས་དགེ་བཤེས་ཀྱི་ཐུགས་འཕྲོག་ནས་གོས་དར་ཆེ་ལེགས་བཅས་ཕུལ་ཏེ་ཁྱེད་ནི་ངེས་དོན་གྱི་སྔགས་རམས་པ་ཞིག་རེད་གསུངས་ནས་ཐུགས་གཙིགས་མཛད་པ་ནས་བཟུང་མཁས་པའི་གྲགས་དཀར་མཆེད། བོད་ལྕགས་སྤྲེལ་ལོའི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་བཀའ་ཤག་ཆེན་མོ་རྒྱས་ཚོགས་སྟེང་རྒྱ་བོད་འགྲིག་མཐུན་གྱི་འདུན་མ་ལྷུན་གྱིས་གྲུབ། ཕྱི་ཉིན་བཀའ་བློན་ལྷན་རྒྱས་ཚོགས་འདུར་ཕེབས་ཏེ་ཉིན་ཧྲིལ་པོར་རྒྱ་བོད་ཀྱི་ཡི་གེ་ཤན་སྦྱར་བྱས་ཏེ་ཆིངས་ཡིག་བྲིས། ཙུང་ཐུང་ཆེན་མོར་ཕུལ་བའི་ཡི་གེའི་སྟེང་དུ་ཁོང་གི་ཐམ་ག་ཆེན་མོ་དང་ལབ་སྐྱབས་མགོན་ཚང་གི་ཐམ་ག་དང་། རྒྱ་དཔོན་གཉིས་ཀྱི་རང་རང་གི་ཐེལ་ཙེ་བཅས་བརྒྱབ་སྟེ་རྒྱལ་དབང་ཐུབ་བསྟན་རྒྱ་མཚོར་ཕུལ་བས་རྒྱལ་དབང་མཆོག་གིས་གསེར་གྱི་ཐམ་ག་ཆེན་མོ་བཅས་བརྒྱབ་ནས་ཕྱི་དྲོའི་དུས་ཚོད་ལྔའི་སྟེང་ཆེད་མངགས་ཕོ་ཉ་བཏང་སྟེ་ཉི་མ་བཅུ་གཅིག་གིས་སྐྱེ་སྒུ། དེ་ནས་ཉིན་བཅུ་གསུམ་གྱིས་ཟི་ལིང་། དེ་ནས་ཉིན་གཅིག་གིས་ལན་ཀྲོའུ་དང་། དེ་ནས་ཉིན་གཅིག་གིས་པེ་ཅིན་ཙུང་ཐུང་ཆེན་མོའི་མདུན་ཐོན་རྒྱུ་ཐག་ཆོད་བྱས། དེ་ལྟར་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་པཎ་ཆེན་ཆོས་ཀྱི་ཉི་མ། སྐུ་ངོ་ཞོལ་ཁང་བ། ས་དབང་བླ་མ། བཀའ་བློན་ཁྲི་སྨོན་ནོར་བུ་དབང་ཆེན། གདན་ས་གསུམ་གྱི་མཁན་པོ་བཅས་ལྷ་ལྡན་ཡུལ་གྱི་ཆོས་སྲིད་ཀྱི་གདུགས་དཀར་འཛིན་པ་རྣམས་ལ་ཞུ་ཕུལ་དང་ཐུགས་གྲོས་གླེང་མོལ་གང་མང་མཛད་པ་དང་། ལན་ཀྲོའུ་ཙུང་འདུ་དང་པེ་ཡང་སྲིད་གཞུང་ལ་ཐེངས་ལྔར་འཕྲིན་ཡིག་དང་གློག་འཕྲིན་གྱི་སྟེང་ནས་བགྲོ་གླེང་གྲོས་མོལ་མཛད་པ་བརྒྱུད་ཐུགས་བཞེད་ལེགས་འགྲུབ་བྱུང་བས། རྒྱལ་དབང་བཅུ་གསུམ་པ་ཆེན་པོས་ཁོང་ལ་ཚེ་དཔག་མེད་ཀྱི་ལི་སྐུ་དང་སློབ་དཔོན་ཆེན་པོའི་ལི་སྐུ་ཁྲུ་གང་མ་ཆ་རེ་དང་། རྒྱལ་བའི་བཀའ་འགྱུར། གོས་ཕྲུག་ལྷ་རྫས། རྒྱ་བོད་འགྲིག་མཐུན་གྱི་འཕྲིན་ལས་པ་ཆེན་མོ་དགུ་རོང་སྤྲུལ་སྐུ་ཞེས་པའི་གཟེངས་བསྟོད་ཕྱག་ཡིག་ཕྱག་ཟུང་མཐིལ་རྒྱ་ཅན་སོགས་གནང་བ་དང་། གཞན་ཡང་འབྲས་ཀླུ་འབུམ་ཁང་ཚན་གཙོས་གྲྭ་ས་གསུམ་དང་ཕྱོགས་སོ་སོའི་བླ་སྤྲུལ་ཆེ་ཁག་སྡེ་གཞུང་སྤྱི་དང་དཔོན་ཁག་སོ་སོས་ཕེབས་རྫོངས་སྐྱེལ་མ་དང་བཅས་ཟླ་བཞི་པའི་ཚེས་གཉིས་ཉིན་འབྲལ་མི་ཕོད་བཞིན་དུ་ཕྱིར་ཕ་ཡུལ་དུ་ཕེབས་པའི་ལམ་དུ་ཆས། དེ་ནས་ཟླ་བདུན་པའི་ཚེས་བདུན་ཉིན་ཟི་ལིང་དུ་ལེགས་པར་འབྱོར་ནས་བསུ་སྟོན་རྒྱ་ཆེན་ཞིག་མཛད་པ་དང་ཕྱོགས་སོ་སོར་དབུས་སྐལ་ཕུལ་ཏེ་ཚེས་བཅོ་བརྒྱད་ཉིན་ལན་གྲུར་འབྱོར་བ་ན། ཙུང་ཐུང་ཀྲང་གོ་ཅན་གྱིས་གཙོས་དེ་གའི་རྒྱ་བོད་སོག་གི་དཔོན་ཁག་རྣམས་ཀྱིས་སྟོན་ཆེན་མཛད་དེ་ཁོང་ལ་ཀན་ཉིན་ཆེན་ཧུ་དང་། སྐུ་མཆེད་དབང་ཆེན་ལ་མཚོ་སྔོན་བརྒྱ་དཔོན་གྱི་གཟེངས་བསྟོད་ཡི་གེ་གནང་ནས། ཁྱེད་ལན་ཀྲོའུ་ནས་བཞུགས་དགོས་ཞེས་པའི་ཞུ་བ་ནན་ཆེར་ཕུལ་ཡང་ཞལ་གྱིས་མ་བཞེས་པར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ལན་ཀྲོའུ་ཙུང་འདུའི་འུ་ལག་ལ་བརྟེན་ནས་རང་སྒར་མ་དཱའི་སྐྱེད་ཚལ་ལ་ལེགས་པར་འབྱོར། དེ་ནས་དགུང་ལོ་ཞེ་བདུན་པ་ལྕགས་བྱ་ལོའི་ལོ་གསར་གནང་རྗེས་ལོ་ཧྲིལ་པོར་མཚམས་རྒྱ་དམ་པོར་བཞུགས། ཞེ་བརྒྱད་པ་ཆུ་ཁྱི་ལོར་གྱི་ལིང་ཐེག་མཆོག་རྡོ་རྗེའི་སྤྲུལ་སྐུས་གཙོས་ཕྱོགས་འདུས་བླ་སྤྲུལ་སྔགས་འཆང་མང་པོར་སྟག་ཚང་རྡོ་རྗེ་ཕུར་པའི་དབང་བཀའ་ཡོངས་རྫོགས་གནང་ཞིང་། རྫ་ཁྲོད་རྡོ་རྗེ་གླིང་གི་རི་ཁྲོད་པ་རྣམས་ལ་དག་ཡིག་སུམ་རྟགས་ནས་བཟུང་སྟེ་མན་ངག་སྐོར་གྱི་ཟབ་ཁྲིད་བར་རྒྱས་པར་བསྩལ། དེ་ནས་དགུང་ལོ་ལྔ་བཅུ་པ་ཤིང་བྱི་ལོའི་ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན་ཁམས་ཕྱོགས་ཀྱི་ཆེ་དགུ་ཀུན་ཀྱི་ནན་ཞུས་བཟློག་མ་ནུས་པར་མི་ཕམ་རྡོ་རྗེ་འཆང་གི་ཡང་སྲིད་རྒྱལ་སྲས་བློ་གྲོས་མཆོག་དབུས་ཡབ་སྲས་ལྷན་རྒྱས་ཀྱི་ཆིབས་ཞལ་མདོ་ཁམས་ཕྱོགས་སུ་བསྒྱུར། དེ་ནས་ཁོང་ཡབ་སྲས་རྫོགས་ཆེན་ཡང་ཁྲོད་པདྨ་བདེ་ལྡན་གླིང་དུ་འབྱོར་ཏེ་དགུན་ཁར་གནས་དེར་བཅད་རྒྱ་དམ་པོར་བཞུགས། མཚམས་ལས་བཞེངས་མ་ཐག་གླིང་ཚང་རྒྱལ་པོ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་འཆི་མེད་གྲུབ་པའི་སྡེ་འཁོར་བཅས་ཕྱག་མཇལ་དུ་ཕེབས་ཏེ་གླེང་མོལ་མཛད་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྒྱལ་པོས་ཞུས་ངོར་དེ་གའི་སྐྱ་སེར་ལྔ་བརྒྱ་ལྷག་ལ་རྟ་མགྲིན་ཡང་གསང་གི་དབང་ལུང་མཐའ་དག་ཚང་རྒྱས་སུ་བསྩལ་ཏེ་དམ་པ་ཆོས་ཀྱི་འབྲེལ་བ་བཙུགས། སྐབས་དེར་ཟུར་མཁར་སྤྲུལ་སྐུ་ཚང་དང་། ཞེ་ཆེན་རམས་འབྱམས་པའི་མཆོག་སྤྲུལ། མི་ཕམ་ཐུགས་སྲས་ཞེ་ཆེན་རྒྱལ་ཚབ་སོགས་བླ་སྤྲུལ་ཟམ་མ་ཆད་པར་འཚམས་ཞུར་ཕེབས། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཉེ་གནས་བླ་མ་མདོ་སྔགས་འོད་གསལ་ཚང་ཕེབས་ཏེ་རྒྱལ་སྲས་མཆོག་སྤྲུལ་ལ་མི་ཕམ་རྡོ་རྗེ་འཆང་གི་གསུང་འབུམ་རྩ་ཆེན་དཔེ་པོད་བཅུ་ཕྲག་བརྒལ་བ་དང་། སངས་རྒྱས་མཚན་འབུམ་པར་ཤིང་དང་ཚེ་མདོའི་པར་ཤིང་སོགས་པར་ཤིང་བྱིན་ཅན་མང་པོ་ཕུལ་ཅིང་ཟླ་ཕྱེད་ཙམ་བཞུགས་ནས་མི་ཕམ་གསུང་འབུམ་ཕལ་ཆེ་བའི་ལུང་དང་བླ་མའི་ཞལ་རྒྱུན་གནད་ཆེན་མང་པོ་ཡབ་སྲས་ལ་ལྷུག་པར་བསྩལ། དེ་ནས་རབ་ཚེས་མེ་སྟག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་དུས་སྦྱོར་ཕུན་སུམ་ཚོགས་པར་རུ་དམ་ལྷ་ཁང་ཐང་དུ་ཆིབས་བསུ་དང་ཐབ་བསུ་ངོ་མཚར་བ་ཞིག་དང་། རྫོགས་ཆེན་དགོན་པའི་ཉེ་འཁོར་དུ་གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུས་གཙོས་མཁན་ཆེན་པདྨ་བཛྲ་ཀྱི་མཆོག་སྤྲུལ་དང་། རྫོགས་ཆེན་མཁྱེན་ཀོང་རྣམ་གཉིས་སོགས་བླ་སྤྲུལ་བརྒྱད་ཅུ་ལྷག་གིས་དབུ་དྲངས་ཏེ་གྲྭ་མང་གིས་སེར་སྦྲེང་འབུད་རྡུང་རོལ་མོ་དང་མཆོད་པའི་ཡོ་བྱད་སྣ་ཚོགས་པས་མདུན་བསྟར་ཏེ། རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ་རྫོགས་ཆེན་དགོན་གྱི་ལྷ་གསར་ལྷ་ཁང་ཆེན་མོའི་དབུས་སུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། རྫོགས་ཆེན་མཁྱེན་བརྩེ་རིན་པོ་ཆེས་ཚིག་སྦྱོར་གྱི་མེ་ཏོག་བཞད་ཅིང་དོན་གྱི་འབྲས་བུས་ལྕི་བའི་མཎྜལ་བཤད་པ་ངོ་མཚར་བ་ཞིག་ཕུལ་ཅིང་དངོས་འབུལ་རྒྱ་ཆེར་བཏེགས། སྐྱབས་མགོན་དགེ་མང་རིན་པོ་ཆེ་སོགས་མཁན་སྤྲུལ་ཆེ་ཁག་རྣམས་ནས་ཀྱང་གསེར་དངུལ་གྱི་འབུལ་ཆེན་བཏེགས། དེ་ནས་ཟླ་བ་དང་པོའི་ཚེས་བརྒྱད་ཉིན་ཁོང་ཡབ་སྲས་ཀྱིས་གྲྭ་འདུས་པ་རྒྱ་མཚོར་མང་ཇ་དང་གོས་དར་སྒོར་འགྱེད་རྒྱ་ཆེར་ཕུལ་བ་དང་། གྲུབ་དབང་ཡིད་བཞིན་ནོར་བུ་རིན་པོ་ཆེའི་མདུན་གསེར་སྲང་བརྒྱ་ཕྲག་གཉིས། དངུལ་སྲང་སྟོང་ཕྲག་གསུམ་དང་བདུན་བརྒྱས་འབུལ་ཆེན་བཏེགས་ཏེ་དུས་འཁོར་དབང་མོ་ཆེ་ཞུས། མཆོག་སྤྲུལ་རྒྱལ་སྲས་རིན་པོ་ཆེ་བུམ་སྒྲུབ་ཆེན་མོར་འདུས་པ་སྟོང་ཕྲག་གི་གྲལ་དབུས་སུ་རྡོ་རྗེ་རྒྱལ་ཐེབ་མཛད་དེ་བཞུགས། མཇུག་ཏུ་འཆམ་རོལ་སོགས་ལ་གཟིགས་ཤིང་འཆམ་པ་རྣམས་ལ་གནང་སྦྱིན་གྱ་ནོམ་པ་བསྩལ། དེ་ནས་མཁན་པོ་ཀུན་དཔལ་ནགས་ཆུང་རི་ཁྲོད་དུ་གདན་དྲངས་པ་ལས་ཟླ་བ་བཞིའི་རིང་རྒྱལ་སྲས་མཆོག་ནས་བཀའ་ཆོས་གསན་ཅིང་། མཁན་ཀུན་དཔལ་སོགས་ཀྱིས་ནན་ཞུས་ལྟར་ཡབ་རྗེ་མཆོག་ནས་དོན་གཉེར་ཅན་ལྔ་བཅུ་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་དཀའ་གནད་མང་པོ་ཞིབ་ཁྲིད་ཀྱི་བཀའ་དྲིན་བསྐྱངས། དེ་ནས་སྡེ་དགེར་ཕེབས་སྐབས་ཡབ་སྲས་ལྷན་རྒྱས་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་ནས་མདའ་དཔོན་རྩེ་དྲུང་སོགས་དཔོན་འགོ་ཆེ་ཁག་རྣམས་འཚམས་ཞུར་ཕེབས་པས་ལུགས་ཟུང་གི་སློབ་སྟོན་དང་གནང་སྦྱིན་འདོད་ཆོས་ཀྱང་མང་དུ་བསྩལ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་མཆོད་གདུང་མདོ་ཁམས་རྒྱན་གཅིག་གི་རྒྱ་ཕིབས་བཞེངས་པར་གསེར་སྲང་བརྒྱ་ཕུལ། རྙིང་རྒྱུད་ཀྱིས་གཙོས་གསུང་རྟེན་མཛོ་ཁལ་བཅོ་ལྔ་ཙམ་གནང་བ་བཞེས་ཤིང་སླར་རྫོགས་ཆེན་དགོན་དུ་ཕེབས་ནས་སྒྲུབ་ཆེན་གར་འཆམ་སོགས་ལ་གཟིགས། ཟླ་ལྔ་པའི་ཚེས་མགོར་ཕྱིར་རང་ཡུལ་དུ་ཕེབས་པའི་ལམ་ཆས་བྱེད་སྐབས། གྲུབ་དབང་ཡིད་བཞིན་ནོར་བུས་ཟ་འོག་གི་མནབ་སྟོད་སྲམ་ཆེ་ལེགས་ཅན་ཞིག་དང་། སྟོད་འགག་རྒྱན་དྲུག་མ། གཟན་ཤམ། དབུ་ཞྭ་སྣེ་རིང་། ཀུན་མཁྱེན་འཇིགས་མེད་གླིང་པའི་ཕྱག་ཌཱར་བཅུ་དྲུག་ལྟག་སྤྲོད་དང་། ཕྱག་དྲིལ་གསེར་གྱི་དབུ་རྡོར་ཅན། ཏིང་ཤག་དང་བུམ་པ་གསེར་ཚགས་མ་ཆ། དངུལ་དཀར་གྱི་ཚེ་མདའ་དར་མཚོན་གྱི་རྒྱན་ཅན། གསེར་དངུལ་ལས་གྲུབ་པའི་རྩ་གསུམ་གཏོར་ཐེབ་རྒྱན་དང་བཅས་པ། ཞི་དྲག་གི་ཞལ་ཟས་རྒྱན་ཅན། གསེར་དངུལ་བཀྲ་མའི་སྨན་རཀ་ཆ། ནང་མཆོད་སོགས་དངོས་རྫས་གྱ་ནོམ་པ་དང་། སྡེ་དགེའི་དཔར་ཕུད་ཀྱི་བཀའ་བསྟན་ཆ་བཅས་རྟེན་གསུམ་དངོས་འབུལ་གྱ་ནོམ་པ་དང་བཅས་མཁན་སྤྲུལ་སྡེ་དགོན་ཚང་མས་སྐྱེལ་ཐུང་མཛད་དེ་འབྲལ་མི་ཕོད་བཞིན་རིམ་གྱིས་སྟོང་ཁོག་ཏུ་ཕེབས་པར། རང་ཡུལ་གྱི་བླ་དཔོན་བུ་སློབ་ཀུན་བསུ་མར་ཐོན་པ་དང་བཅས་ལྷ་སྡེ་དང་སྒོ་མེ་མཚོ་སྔོན་སོགས་ཀྱིས་རྟ་ཐབ་ཀྱི་བསུ་བ་མཛད་བཞིན་ཟླ་བདུན་པའི་ཚེས་གསུམ་ཉིན་ཐེམ་ཆེན་མདུན་ལུང་སྒར་གཞིས་སུ་ཉིན་ཤས་བཞུགས། དགུང་ལོ་ང་བདུན་པ་ལྕགས་ལུག་ལོའི་གནམ་ལོ་གསར་བཞད་ལ་ཕྱོགས་སོ་སོར་བརྡ་བཏང་སྟེ་ཡུལ་ཕྱོགས་ཀྱི་བུ་སློབ་ནམ་མཁའི་སྐར་ཚོགས་ལྟ་བུ་འདུས་པའི་མོས་འདུན་ལྟར། རང་སྒར་མ་དཱའི་གཙུག་ལག་ཁང་ནས་བླ་སྤྲུལ་དང་རི་ཁྲོད་པ། ངུར་སྨྲིིག་རྒྱལ་མཚན་འཛིན་པའི་གྲྭ་བ་དང་གོས་དཀར་ལྕང་ལོ་འཆང་བའི་སྔགས་འཆང་སྟོང་ཕྲག་ལྷག་ལ་སྨིན་གླིང་གི་ཆོས་ཚན་ཡོངས་རྫོགས་དང་རྡོར་སེམས། ཉང་ལུགས་བཀའ་བརྒྱད་བདེར་འདུས། པདྨ་གར་དབང་། གུར་དྲག འཇམ་དཔལ་དྲེགས་འཇོམས། སྙིང་ཐིག་རིག་འདུས། དཔལ་འདུས། སྡུག་བསྔལ་རང་གྲོལ། རྟ་ཁྱུང་། བདེ་ཆེན་རྒྱལ་མོ། ཡུམ་ཀ་སེང་གདོང་། ཕུར་པ་བདུད་དཔུང་ཟིལ་གནོན། བྱང་གཏེར་རིག་འཛིན་གདུང་སྒྲུབ། ཤངས་ལུགས་རྟ་མགྲིན་གསང་སྒྲུབ་སོགས་དང་། སྙིང་ཐིག་གི་ཡི་དམ་ཆོས་སྐྱོང་གི་སྲོག་དབང་ཉི་ཤུ་སྐོར། ཚིག་བདུན་གསོལ་འདེབས་ཀྱི་འགྲེལ་པའི་ལུང་བཅས་ཀྱིས་མཚོན་ཏེ་དབང་ལུང་ཁྲིད་གསུམ་ཚང་རྒྱས་སུ་བསྩལ། རྗེ་ཉིད་ཀྱི་གསོལ་འདེབས་འཆི་མེད་མ་ཞེས་པ་ལྗགས་རྩོམ་མཛད་དེ་འདུས་བྱས་མི་རྟག་པའི་ངང་ཚུལ་ཤ་སྟག་གསུངས་པས། དེར་འདུས་ཀུན་ཀྱིས་མིག་ཆུ་བཞུར་བཞིན་ཞབས་བརྟན་སྐུ་རིམ་ཞུས་ཀྱང་བསམ་ལྷུན་རེ་ཅི་འགྲུབ་ལྟོས་རིམ་གྲོ་གཞན་མི་དགོས། ཁྱེད་ཅག་གིས། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་ལོངས། །ཞེས་པ་ལྟར་ཀུན་མཐུན་མཛོད་ཅེས་པ་སོགས་སླར་མི་འཕྲད་པའི་གསུང་ཁོ་ན་གནང་། དེ་ནས་དགུང་ལོ་ང་བརྒྱད་པ་ཆུ་སྤྲེལ་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་བར་དམ་ནས་རྒྱ་ཆེར་མཛད་སྐབས་སྦྲ་ནག་ཁག་གསུམ་དང་ཨ་རིག ཡི་ཝིར་སོགས་ཀྱི་བླ་དཔོན་ཆེ་དགུ་རྣམས་ཀྱིས་དབུ་དྲངས་ཕྱོགས་འགྲུལ་ལ་བབ་བསྟུན་གྱི་སྟོན་མོ་གནང་སྦྱིན་དང་ལུགས་གཉིས་ཀྱི་ཞལ་ཏ་འདོད་ཆོས་སོགས་ཀྱིས་ཡིད་ཚིམས་པར་མཛད། རྫོགས་ཆེན་ནས་མཆོད་དཔོན་གདན་དྲངས་ཏེ་ཉ་ནག་ཕྱུག་ནོར་དགོན་གཉིས་ལ་འདོན་རྟ་དབྱངས་དང་། རྡུང་རོལ་མོ། གཏོར་མ་དང་སྦྱིན་སྲེག་གི་ཐིག་སོགས་རྫོགས་ཆེན་གྱི་ཕྱག་བཞེས་ལྟར་ཞིབ་ཁྲིད་མཛད། ཟླ་བཞི་པའི་ནང་ལ་ཞབས་དཀར་མཆོག་སྤྲུལ་ཚང་ཕེབས་པར་རྟ་བསུ་མཆོད་བསུ་སོགས་རྟེན་འབྲེལ་རྒྱ་ཆེན་བསྒྲིགས་ཏེ་གདན་དྲངས། བཞི་པའི་ཉེར་གཉིས་ནས་དབུ་བཟུང་སྟེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ་གྱི་ལུང་བཀྲ་ཤིས་འཁྱིལ་པར་མའི་སྟེང་ནས་ཆ་ཚང་བ་གནང་། གཞན་ཡང་རྟ་མགྲིན་ཡང་གསང་གི་དབང་དང་དེའི་ལས་བྱང་དངོས་གྲུབ་དཔལ་སྟེར། རྟ་ཕག་ལས་བྱང་། སེང་བསྡུས། མ་གཟའ་རྡོར་གསུམ་སོགས་ཆོས་ཚན་མང་པོའི་ལུང་། གང་བློ་མའི་ཁྲིད་སོགས་རྒྱལ་སྲས་མཆོག་སྤྲུལ་དང་ཞབས་དཀར་མཆོག་སྤྲུལ་གཙོས་དེར་འདུས་ཀུན་ལ་བཀའ་དྲིན་བསྐྱངས། རྒྱལ་སྲས་སྤྲུལ་བའི་གླེགས་བམ་དང་ངོ་མཚར་སྤྲུལ་བའི་གླེགས་བམ་གཉིས་རྒྱལ་སྲས་སྤྲུལ་བའི་སྐུ་ལ་ཁྱེད་ཀྱིས་གསུངས་དགོས་ཞེས་བཀའ་བསྩལ་བ་ལྟར་གནང་། དེ་ནས་ཁོང་ཡབ་སྲས་སྐུ་འཁོར་དང་བཅས་པ་ནགས་རྒན་ཞེས་པར་སྤྲོ་བསངས་ལ་ཕེབས་ནས་ཁོང་ཐུགས་དགྱེས་བཞིན་གཅོད་ཀྱི་གདངས་རྟ་སོགས་དམར་ཁྲིད་མཛད། སྐབས་འདིར་སྐུ་མཆེད་གཉིས་དང་རིགས་སྲས་བུ་སློབ་རྣམས་ལ་ཆོས་སྲིད་ཀྱི་གསུང་བཀོད་གནང་བ་དང་། ཁྱད་པར་དུ་སྲས་ཀྱི་ཐུ་བོ་རྒྱལ་སྲས་བློ་གྲོས་མཆོག་ལ། མར་པ་ལོ་ཙ་བ་ཆེན་པོས། ང་ཕ་རྒན་གྱི་བྱ་བ་ཚར་ནས་ཐལ། ཁྱེད་བུ་སློབ་ཚོའི་རེས་ལ་བབ་ནས་འདུག །ཅེས་གསུངས་པ་ལྟར་ལགས་པས་ད་ནས་རྒྱལ་ཚབ་ཏུ་མངའ་གསོལ་བ་ཡིན་སོགས་ཞལ་ཆེམས་ཀྱི་ཐ་མ་གནང་སྟེ་མི་བཞུགས་པར་ཐག་བཅད། སྐབས་དེར་རྒྱལ་སྲས་མཆོག་སྤྲུལ་དང་། སྐུ་མཆེད་དབང་ཆེན་རྒྱལ་སོགས་སྐུ་འཁོར་བུ་སློབ་རྣམས་ཀྱིས་ཕྱག་ཡུལ་དུ་ཕེབས་པར་ཞུ་བ་ནན་ཆེར་ཕུལ་ཀྱང་། ཞལ་ནས་སྒྲུབ་མཆོད་འདི་མ་བཙུགས་པར་མི་འགྲོ་ངེས་ཅན་ཡིན། སྒྲུབ་མཆོད་སྔ་དྲོ་བཙུགས་ན་ཕྱི་དྲོ་སོང་ཆོག་ཅེས་པའི་ཐུགས་བཞེད་ལྟར། ཨོ་རྒྱན་ཆེན་པོ་རྔ་ཡབ་པདྨ་འོད་ཀྱི་གླིང་དུ་བྱོན་པའི་དུས་ཆེན་ཁྱད་པར་ཅན་བདུན་པའི་ཚེས་བཅུ་ནས་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་མཆོད་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས་མཚན་ཉིད་ཚང་བ་ཞིག་བཙུགས་རྗེས། རིམ་བཞིན་ལྷ་བཟང་ཐང་དང་། དུས་སོ། མུ་རི། བ་ལི་མའི་གཞུང་བཅས་བརྒྱུད་དེ་ཕེབས་སྐབས་བརྒྱད་པའི་ཚེས་བཞི་ཉིན་ཉི་ཟླའི་གཞུང་ལ་སླེབས་མ་ཐག ཞལ་ནས་ཡ་ད་ཐོན་ཟིན་གསུངས་ནས་ཞལ་གསུང་ཡང་ཆེར་མི་གནང་བར་ཏིང་ངེ་འཛིན་གཅིག་གི་ངང་དུ་འབྱམས་ཀླས་པར་བཞུགས། དེ་ནས་ཉིན་འགའི་རྗེས། འདི་ནས་མི་སྡོད་ཤམྦྷ་ལ་རུ་འགྲོ། །རིགས་ལྡན་དྲག་པོའི་ཞབས་པད་བསྟེན་སྙིང་འདོད། །ཅེས་གསུངས་ནས་སྐུ་ཆོས་སྐུའི་བཞུགས་སྟངས་སེང་གེའི་འགྱིངས་སྟབས་ཀྱིས་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །

[༥༥] ཨ་མདོ་གཟན་དཀར་བ་བྱ་བྲལ་ཆོས་ཀྱི་སེང་གེ།

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་མཁན་ཆེན་གཞན་དགའ་རྣམ་གཉིས་ཀྱི་ཞལ་སློབ་ཨ་མདོ་གཟན་དཀར་བ་བྱ་བྲལ་ཆོས་ཀྱི་སེང་གེ་ནི། མདོ་སྨད་ཨ་མདོ་དགུ་རོང་གི་ཡུལ་དུ་སྐུ་འཁྲུངས་ཤིང་ན་ཚོད་གཞོན་སྐབས་འཇིག་རྟེན་ཕལ་པའི་ངང་ཚུལ་ལྟར་དགུ་རོང་བླ་བྲང་གི་རྟ་རྫི་མཛད། རེ་ཞིག་ན་སེམས་ཅན་ལ་བརྩེ་བའི་སྙིང་རྗེ་དང་འཁོར་བ་ལ་སྐྱོ་བའི་ངེས་འབྱུང་གི་བློ་བཅོས་མ་མིན་པ་རྒྱུད་ལ་སྐྱེས་ནས། དགུ་རོང་སྤྲུལ་སྐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ལས་ཐུན་མོང་ཐུན་མིན་གྱི་བློ་སྦྱོང་སྔོན་འགྲོ་སོགས་ཟབ་ཆོས་གསན་པའི་དབུ་བཙུགས། རྗེ་དེ་ཉིད་ཀྱིས་ཁྱེད་ཀྱི་ཚེ་རབས་ཀྱི་བླ་མ་འཇམ་མགོན་མི་ཕམ་པ་ཡིན་པས་ཅིས་ཀྱང་མྱུར་བར་ཁམས་ཕྱོགས་སུ་ཕེབས་དགོས། གལ་ཏེ་འཇམ་མགོན་བླ་མ་སྐུ་བཞུགས་པའི་ཞལ་མཇལ་མ་བྱུང་ཡང་བྱིན་རླབས་ཀྱི་མཚན་མ་ཡོད་འོང་སོགས་ལུང་བསྟན་པ་ལྟར་མདོ་ཁམས་ཕྱོགས་སུ་ཞབས་ཐང་གིས་ཕེབས། ལམ་བར་ནས་འཇམ་མགོན་བླ་མ་ཞིང་དུ་གཤེགས་པ་གསན་པས་ཐུགས་སྐྱོ་ཚད་མེད་བྱུང་བཞིན་རུ་དམ་རྫོགས་ཆེན་དུ་འབྱོར། དེ་སྐབས་མཁན་ཆེན་གཞན་དགའ་རིན་པོ་ཆེས་ཤྲཱི་སེང་ཆོས་གྲྭ་ནས་རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་ཁྲིད་གནང་བཞིན་པ་དང་ཁེལ་བས་ཆོས་གྲལ་དུ་བཞུགས། རྗེ་འདི་ཉིད་དང་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་རྣམ་གཉིས་ལས་བཀའ་གཏེར་གྱི་སྨིན་གྲོལ་སྤྱི་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཆོས་སྐོར་བཅས་མནོག་ཆོས་སུ་བཞེས། སྐབས་ཤིག་ཞེ་ཆེན་དུ་འཇམ་མགོན་བླ་མའི་སྐུ་གདུང་མཇལ་དུ་ཕེབས་ཚེ་ལམ་བར་ཞིག་ནས་སྐུ་ངལ་གསོས་པས་ཅུང་ཟད་གཟིམས་སོང་བ་ལྟ་བུའི་དུས་སུ་ཤེར་གྱི་མཆོད་རྟེན་ཞིག་གི་བང་སྒོ་ནས། འཇམ་མགོན་བླ་མ་པཎ་ཊི་ཏའི་ཆ་བྱད་ཅན་ཞིག་གིས་ཞལ་གཟིགས་ཏེ་ང་ནི་མི་ཕམ་རྣམ་རྒྱལ་ཡིན་གསུངས་པ་དང་མཉམ་དུ་མཆོད་རྟེན་བཅས་ཉིད་ཀྱི་ཐུགས་ཀར་ཐིམ། དེ་ནས་བཟུང་དགོངས་པ་ཀློང་བརྡོལ་བས་སྔར་བསླབ་སྦྱང་སོགས་ཅི་ཡང་མ་མཛད་ཀྱང་གསུང་མགུར་དང་ཉམས་ཁྲིད་གནང་བ་སོགས་ལ་ཐོགས་པ་མེད་པའི་མཐུ་ཐོབ། ཞེ་ཆེན་ནས་སྐུ་གདུང་རིན་པོ་ཆེའི་མདུན་དུ་ཚོགས་འཁོར་ཟབ་རྒྱས་ཕུལ་ཏེ་ཁྲོམ་ཁོག་ཏུ་ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཞབས་དྲུང་དུ་ཕེབས། ཐེག་རྩེ་རྫོགས་ཆེན་གྱི་མན་ངག་གིིས་རྗེས་སུ་འཛིན་པར་ཞུས་ཚེ་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་ཚད་དུ་འཁྱོལ་བ་ཞིག་མ་བྱུང་ཕྱིན་དངོས་གཞིའི་གདམས་ཁྲིད་འདེབས་པ་ངེད་ཀྱི་ལུགས་ལ་མེད་པས། ཁྱོད་རང་ཚེ་འདི་བློས་གཏོང་གི་ཆོས་དོན་གཉེར་པ་ཞིག་ཡིན་ཕྱིན་ཐོག་མར་མཚན་བཅས་མཚན་མེད་ཀྱི་ཞི་གནས་ནས་བཟུང་སྟེ་དངོས་གཞིའི་ཆོས་ལ་འཇུག་དགོས་པས་མ་མཐའ་ཡང་འདིར་ལོ་ངོ་དགུ་ལ་འདུག་རྒྱུའི་ཆོད་སེམས་དགོས་གསུངས། ཅུང་ཙམ་ན་ཡ་ཁྱོད་རང་བླ་མ་ཞེ་རྫོགས་གཉིས་ལ་ཕྱིན་ནས་འོང་བ་ཡིན་པས་རྟོགས་པ་མཆོག་ལྡན་གྱི་བླ་མ་འདྲ་མཇལ་ཡོད་ལས་ཆེ་བས་དང་པོ་ངེད་ལ་རྟོགས་འབུལ་ཞིག་གྱིས་གསུངས། འཕྲལ་མར་ཉམས་རྟོགས་ཀྱི་མྱོང་བ་བཅོས་མ་མ་ཡིན་པ་གསལ་རྒྱས་སུ་ཞུས་པས། ཐུགས་ཤིན་ཏུ་དགྱེས་ཏེ་ཨོ་ཁྱོད་རང་གིས་ཤེས་དགོས་རྒྱུ་ཐམས་ཅད་ཤེས་ནས་འདུག་པས་ཁྱོད་ལོ་བཅོ་བརྒྱད་ལ་བསྡད་ཀྱང་ངེད་ལ་དེ་ལས་ལྷག་པ་ཞིག་བཤད་རྒྱུ་མེད་ངེས་ཡིན་པས་འདིར་འདུག་མི་དགོས། ངོས་ནས་སྨོན་ལམ་དང་ཆོས་འབྲེལ་ཞིག་བྱས་རྗེས་སོང་དང་ཆོག ད་ཕྱིན་གནས་ལུགས་ཀྱི་དོན་ལ་གོམས་པ་ཐོབ་ངེས་མཛོད་གསུངས། དེ་ནས་ཀཿཐོག་ཏུ་བྱོན་ཏེ་གནས་མཇལ་ཕྱག་བསྐོར་རྒྱ་ཆེར་མཛད། སི་ཏུ་རིན་པོ་ཆེ་དང་དགེ་རྩེ་མཆོག་སྤྲུལ་རྣམ་གཉིས་ལས་ཆོས་འབྲེལ་ཅི་རིགས་གསན་རྗེས་སྨད་ཕྱོགས་སུ་ཕེབས་ན་སྔོན་སྨོན་ཐུགས་བསྐྱེད་ཀྱི་མཐུ་སད་དེ་བསྟན་འགྲོ་ལ་སྨན་པ་ལུང་བསྟན་པ་ལྟར་དུ་མདོ་ཆེན་ཕྱོགས་སུ་ཞབས་པད་བཀོད། སྔར་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་སྐུ་འདའ་ཁར་ཁོང་གི་སྤྲུལ་སྐུ་ཡིན་ཟེར་མཁན་འཁོར་སློབ་སྒར་པ་ཅན་ཞིག་འོང་ན་དེ་མིན། ཨ་ཅོ་གཟན་དཀར་ཅན་ཞིག་འོང་ན་དེ་ཡིན་གསུངས་པ་དང་། རྡོ་གྲུབ་རྒན་རིན་པོ་ཆེའི་ལུང་བསྟན་དུ། ཨ་ཡི་ཕྱོགས་སུ་པདྨ་དངོས་གྲུབ་ཞེས། །འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་། །ཞེས་སོགས་གསུངས་པ་དང་ཆེས་མཐུན་པ་བྱུང་བས་ཀུན་ལ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་དུ་ངེས་པ་ཐོབ། ལྷ་བླའི་ལུང་བསྟན་དུ་མི་ལྤགས་ཀྱི་གཡང་གཞི་ལྟ་བུའི་ས་ཆར་གདན་ས་བྱེད་པར་འགྱུར་ཞེས་གསུངས་པ་ལྟར་མཁའ་སྤྱོད་མདོ་ཞེས་པར་མ་ཧཱ་སྐྱིད་ལུང་ངམ་ལྕུམ་ལུང་དགོན་པ་ཕྱག་བཏབ། ཐོག་མར་ས་བཙལ་སྐབས་ཕག་རྒོད་ཞིག་བྱུང་ནས་ས་སློགས་པ་བྱས་པས་རྡོ་རྗེ་ཕག་མོའི་ས་འདུལ་མཛད་པ་ཡིན་ཞེས་གཟིམས་ཁང་གནས་དེ་རང་དུ་བཞེངས་པ་མཛད། རྗེ་འདི་མངོན་མཁྱེན་གྲུབ་རྟགས་ལ་ཐོགས་པ་མེད་པ་ཞིག་སྟེ་མདོ་ཆེན་ནས་ཆོས་གསུང་བཞིན་པའི་སྐབས་མ་ཧཱར་ཕེབས་འདུག་པ་དང་། མ་ཧཱ་ན་ཉི་ཤར་སྐབས་བཞུགས་ཚེ་གཡུ་ཁོག་ཏུའང་ཉི་ཤར་སྐབས་ཕེབས་འདུག་པ་སོགས་ངོ་མཚར་བའི་རྣམ་ཐར་མཐའ་ཡས། སྔགས་བཙུན་ཕོ་མོ་མང་པོ་ལ་རྫོགས་ཆེན་གཙོ་བོར་གྱུར་པའི་ཟབ་ཁྲིད་ཀྱི་གདམས་པ་བསྩལ་གནང་བ་དང་། མདོ་ཆེན་དང་གཡུ་ཁོག་སོགས་ཀྱི་སྐྱེ་བོ་ཡོངས་ལ་མོས་ཁམས་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད་པར་མཛད་དོ། །

[༥༦] མཁན་ཆེན་ཀུན་བཟང་དཔལ་ལྡན།

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་འཇམ་མགོན་མི་ཕམ་པའི་ཐུགས་སྲས་མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འཕགས་མཆོག་རིགས་གསུམ་མགོན་པོའི་རྣམ་རོལ་རྒྱུན་མི་ཆད་པ་བྱོན་པའི་ཡུལ་གྲུ་མདོ་ཁམས་ཟླ་རྒྱུད་དགེ་རྩེ་གོང་མར་གྲགས་པའི་འབྲོག་སྡེར་སྐུ་འཁྲུངས། ཆུང་ངུ་ནས་ངེས་འབྱུང་དང་སྙིང་རྗེས་ཐུགས་བརླན་པ་སོགས་ཐེག་ཆེན་བྱང་ཆུབ་སེམས་དཔའི་རིགས་ཀྱི་མངོན་རྟགས་སད་པས་སུས་ཀྱང་བསྐུལ་བ་མ་བྱས་པར་རང་བསམ་གྱིས་རབ་ཏུ་བྱུང་ནས་ཆོས་སྒོར་ཞུགས། ཨོ་རྒྱན་བསྟན་འཛིན་ནོར་བུའམ་དབོན་པོ་བསྟན་དགའ་རིན་པོ་ཆེ་ཐོག་མའི་བླ་མར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཤད་ལ་གསན་སྦྱངས་མཐར་ཕྱིན་པ་མཛད། སྐབས་དེར་མཚན་མོ་མར་མེ་སྒྲོན་བྱེད་ཀྱི་མར་ཁུ་མེད་པས་མཚན་ཐོག་ཐག་ཏུ་ཟླ་འོད་ཀྱི་རྗེས་འདེད་བྱས་ཏེ་དཔེ་ཆ་གཟིགས་ཤིང་། ནམ་ལངས་ཁར་ཟླ་འོད་ནུབ་པ་དང་རི་རྩེར་སླེབས་ཤིང་དེ་འཕྲལ་ཚུར་ཆོས་ཞུར་ཕེབས་པར་མཛད། ཆོས་གྲོགས་རྣམས་ཀྱིས་ཀུ་རེའི་ཚུལ་དུ། འཇིག་རྟེན་ན་མི་དང་ཉི་མ་གཉིས་ཉིན་པར་རི་རྩེ་ལ་ནོར་འཚོ་བར་འགྲོ། ཀུན་དཔལ་དང་ཟླ་བ་གཉིས་མཚན་མོ་རི་རྩེ་ལ་དཔེ་ཆ་འཚོ་བར་འགྲོ་ཞེས་བཞད་གད་མཛད། གཞན་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་བཛྲ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་མི་ཕམ། རྡོ་གྲུབ་བསྟན་པའི་ཉི་མ་སོགས་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་གྱི་སྨིན་དབང་གྲོལ་ཁྲིད་དང་བཅས་པ་གསན་ཞིང་། ཁྱད་པར་དཔལ་སྤྲུལ་སེམས་དཔའ་ཆེན་པོ་སྐུ་ཚེའི་སྨད་དུ་རྫ་སྟོད་ལྕང་མ་རི་ཁྲོད་དང་། དགེ་གོང་སོགས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་རྒྱུན་བཞུགས་མཛད་པ་ཐུན་མིན་རིགས་བདག་ཏུ་བསྙེན་པས་ཐུགས་བརྩེས་རྗེས་སུ་བཟུང་། སྐབས་དེ་དག་ཏུ་ན་བཟའ་སློག་ཧྲུལ་ཞིག་ལས་མེད་ཅིང་ཞྭ་ལྷམ་གཏན་ནས་མེད་པར་དགུན་དུས་ཁ་བའི་ནང་དུ་ཞབས་རྗེན་ལ་བྱོན་པས། རྐང་པ་སེར་ཀ་གས་པའི་བར་ནས་ཁྲག་འཛག་པ་སོགས་ཨ་བུས་གཟིགས་པས་ལྗགས་སྔགས་གནང་ནས་ཀུན་དཔལ་ཁྱོད་སྙིང་རུས་ཀྱིས་ཐོས་བསམ་མཛོད་དང་སྡུག་པོ་མི་ཡོང་སོགས་ཐུགས་བརྩེའི་ཞལ་ཏ་མང་པོ་གནང་། ཡང་ཉིན་གཅིག་མི་ཞིག་གིས་ལིའི་མཎྜལ་ཞིག་ཨ་བུའི་མདུན་དུ་ཕུལ་བར་ཨ་བུ་ཚང་ལགས། ངས་སྔོན་འགྲོ་འབུམ་ལྔ་བསགས་བཞིན་པས་མཎྜལ་འདི་ཨེ་གནང་ཞུས་པར། ཅུང་ཟད་ཐུགས་བསམ་བཏང་ཏེ་འོ་ཤིན་ཏུ་རུང་། འཇིག་རྟེན་འདིར་ཅི་ཡང་མི་སྲིད་ཅི་ཡང་སྲིད་བྱ་བ་ཡིན་པས་ཉིན་གཅིག་ཁྱོད་ཀྱིས་ངའི་མཎྜལ་འདི་བཟུང་སྟེ་ད་ལྟ་འདི་འདྲའི་སློག་ཧྲུལ་ཅན་མ་ཡིན་པར་དགེ་འདུན་སྟོང་ཕྲག་མང་པོའི་དབུར། ས་གཞི་སྤོས་ཆུས་བྱུག་ཅིང་སོགས་གསུངས་ནས་སྡོད་ཡོད་པ་ཞིག་ཀྱང་སྲིད་ཀྭ་ཧོ་གཟབ་གཟབ་གྱིས་དང་སྐྱོན་མི་ཡོང་གསུངས་པ་ནི། ཕྱིས་མཁན་ཁྲིར་ཕེབས་རྗེས་ཀཿཐོག་སྟོང་གྲྭ་ཆེན་མོའི་ཚོགས་དབུར་བྱང་སྡོམ་གནང་ནས་ཡན་ལག་བདུན་པར་མཎྜལ་འབུལ་སྐབས་སྔོན་ཨ་བུས་ང་ལ་གསུངས་པ་དེ་མ་འོངས་ལུང་བསྟན་དངོས་ཡིན་འདུག ངའི་བླ་མ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་སངས་རྒྱས་དངོས་ཡིན། ཨ་བུ་བཀའ་དྲིན་ཅན་གྱི་བཀའ་དྲིན་དེ་ངས་སྟོང་གསུམ་གསེར་གྱིས་བཀང་ཡང་སྐུའི་བ་སྤུའི་ཁུང་བུ་ཙམ་ཡང་གཞལ་དུ་མི་ཡོང་གསུངས་ནས་ཕྱག་ཐལ་སྦྱར་གྱིས་སྤྱན་ཆབ་གསིལ་བཞིན་གསོལ་བ་འདེབས་པར་མཛད། དུས་རྒྱུན་བླ་མ་སངས་རྒྱས་དངོས་མཐོང་གི་དད་གུས་ཐུན་མིན་གྱིས་བསྟེན་པས་ཨ་བུ་ཤིན་ཏུ་མཉེས་ཤིང་མདོ་སྔགས་གཞུང་ལུགས་སྤྱི་དང་། ལྷག་པར་སྤྱོད་འཇུག གསང་སྙིང་། རྫོགས་ཆེན་གསང་བ་སྙིང་ཐིག་ལས་སྙན་བརྒྱུད་ཡི་གེ་མེད་པའི་སྐོར་སོགས་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་མང་པོ་གནང་། དེ་དག་ཀྱང་ཚིག་སྤྱི་གོ་ཡུལ་ཙམ་དུ་མ་བཞག་པར་བསྒྲུབས་ཤིང་ཉམས་བཞེས་རྩེ་གཅིག་ཏུ་མཛད་པས་རྟོགས་པའི་ཕ་ཕོགས་བརྙེས། སྐུ་ཚེའི་སྨད་ཙམ་ལ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་གདན་ཞུས་ཀྱིས་ཀཿཐོག་གདན་སར་བྱོན་ནས། བཤད་གྲྭ་ནོར་བུ་ལྷུན་པོའམ་རྒྱུད་སྡེའི་བཤད་གྲྭ་ཆེན་མོ་འཛུགས་པའི་མཁན་རབས་དང་པོའི་གསེར་ཁྲིར་ལོ་གསུམ་ལ་བཞུགས་ནས། ཀཿཐོག་གཞུང་བརྒྱ་མ་ཞེས་རྒྱ་བོད་མཁས་པའི་གཞུང་འགྲེལ་སྣ་ཚོགས་བརྒྱ་ཕྲག་སྐོར་གྱི་བཤད་པ་ལོ་ལྔ་རེའི་ཁོངས་གྲུབ་པ་མཛད་རྒྱུའི་དབུ་བཙུགས་ནས་བསྟན་སྲོག་གསར་པ་མཐུད། དེ་རྗེས་བཱི་མའི་རྣམ་རོལ་མཁན་ཆེན་ངག་དབང་དཔལ་བཟང་དང་། གླག་བླ་ཆོས་འགྲུབ་སོགས་གཞན་དགའི་སློབ་བརྒྱུད་རིམ་བྱོན་གྱིས་འཆད་ཉན་གྱི་རྒྱུན་བཟང་སྤེལ་བས་ཤར་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་ཀྱིས་གར་ཁྱབ་ཏུ་གྲུབ་དབང་རྫོགས་ཆེན་པའི་བཤད་པའི་བཀའ་སྲོལ་གྱིས་ཡོངས་སུ་ཁྱབ་པ་བྱུང་། སླར་རང་ཡུལ་དུ་བྱོན་ནས་ངས་ཨ་བུ་རིན་པོ་ཆེའི་མདུན་ནས་དཔེ་ཆ་ཤེས་ཏེ་འཆད་ཉན་བྱེད་རྒྱུ་བྱུང་སྐབས་ཉན་མཁན་མི་མེད་པར་དགོན་པའི་ཀ་བ་ལ་བཤད་དགོས་བྱུང་རུང་འཆད་རྒྱུའི་དམ་བཅའ་ཡིན་གསུངས་ཏེ། སྐུ་ཚེའི་འདུ་བྱེད་མ་བཏང་བར་ཉིན་རེར་ཆོས་ཐུན་བཅུ་ཕྲག་རེའམ་ཐ་ན་རེ་རེ་ཆག་མེད་མཛད། ཆོས་ནམ་གསུངསྐབས་ཀུན་སློང་ཀུན་སྤྱོད་རྒྱས་པ་རེ་དང་དབུ་མཇུག་ཏུ་ཆོས་སྤྱོད་ཆག་མེད་རེ་གསུང་སྲོལ་ཡོད་པ་དང་། དངོས་གཞིའི་སྐབས་སུ་བྱང་ཆུབ་སེམས་ཀྱིས་ཁོག་དབུབ་སྟེ་ཉམས་མྱོང་གནད་དུ་བཀྲལ་ཞིང་ཨ་བུ་དང་མི་ཕམ་རིན་པོ་ཆེའི་གསུང་རྒྱུན་སྙིང་པོར་མཛད། གསུང་གི་བདུད་རྩི་བཞེས་པའི་སློབ་ཚོགས་ཉིད་ཀྱིས་ངོས་འཛིན་གནང་བའི་དཔལ་སྤྲུལ་ཡང་སྲིད་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་དང་། ཀཿཐོག་སི་ཏུ། ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། མུ་ར་པདྨ་ནོར་བུ། ལྕང་མའི་མཁན་ཆེན་ཐུབ་དགའ། རྫ་རྒྱལ་འཇིགས་དབང་། དགུ་རོང་རྒྱལ་སྲས། རྡོ་གྲུབ་ཕྲིན་ལས་དཔལ་འབར། ཀཿཐོག་མཁན་ཆེན་ངག་ཆུང་དང་ནུས་ལྡན་སོགས། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན་སོགས་སར་གནས་ཀྱི་སེམས་དཔའ་བསྟན་རྒྱུན་སྐྱོང་མཁན་དུ་མ་བྱོན། གསུང་རྩོམ་བསྟན་བཅོས་ཀྱི་སྐོར་ལ། དཔལ་སྤྲུལ་རིན་པོ་ཆེའི་གསུང་རྒྱུན་ཉམས་མེད་སྤྱོད་འཇུག་འགྲེལ་ཆེན་དང་། འཇམ་མགོན་མི་ཕམ་པའི་ངེས་ཤེས་སྒྲོན་མེའི་འགྲེལ་བ། སོ་ཐར་འདུལ་བའི་གླེང་གཞི། བསམ་ལྷུན་འགྲེལ་བ། རིག་འདུས་སྒྲུབ་ཁོག་སོགས་དང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་རབ་དུ་མའི་བཀའི་བསྡུ་མཛད་པ་སོགས་རང་ལུགས་ཀྱི་བསྟན་རྒྱུན་ལ་སྨན་པའི་མཛད་པ་བསྐྱངས། དགུང་གྲངས་གྱ་གསུམ་པར་བསོད་དཔལ་ཞེས་པའི་རྟོག་གེ་བ་ཞིག་གིས་ཐུགས་དགོངས་དཀྲུག་པའི་དམ་སེལ་གྱི་རྐྱེན་གྱིས་ཞིང་འདིའི་གདུལ་བྱ་རེ་ཞིག་མཐའ་རུ་ཕྱིན་པའི་ཚུལ་བསྟན་པ་སྟེ། ཚེས་ཉེར་བཞིའི་ཉིན་མཁན་ཐུབ་དགའ་དང་། མུ་ར་སྤྲུལ་སྐུ། བོད་པ་སྤྲུལ་སྐུ་རྣམས་སྐུ་མདུན་དུ་བཞུགས་སྐབས་ཞལ་ནས། འགོ་རྫོགས་ཀྱི་གྱོད་དེ་འགྲིག་ན་ཡག་ཐ། ཞེས་དང་། ད་རེས་ང་འཆི་བ་ལ་ཟློག་ཐབས་མེད་ཀྱང་ཕུང་པོ་སྦྱིན་བསྲེགས་མ་སྔ་བར་ཀུན་ཀྱིས་དབང་བཞི་ལོངས་། དེ་ནས་རྡོར་སེམས་དང་ཐུགས་རྗེ་ཆེན་པོའི་སྒོ་ནས་སྦྱིན་བསྲེགས་གྱིས། རུས་པ་རྣམས་ཀྱིས་སཙྪ་ཧྲོབ་བོ་བྱོས་ལ་རྒྱབ་ལུང་སྐེད་ཀྱི་ཝ་བང་རྩར་ས་སྦས་བྱས་ན་རྫ་ཆུ་ཁ་བའི་ས་བཅུད་ལ་ཕན་ཞིང་རྫོགས་ཆེན་ཚང་གི་ཕྱག་བཞེས་ཀྱང་ཡིན། སང་ཉིན་ཚེས་ཉེར་ལྔ་ལ་ཤི་ན་གཟའ་སྤེན་པ་གཡང་གཟའ་ཡིན་པས་ང་ཨར་ཅོ་ལ་མི་གནོད་ཀྱང་རྙིང་མ་ཚང་ལ་གནོད་པས་མི་རུང་། ཚེས་ཉེར་དྲུག་ཉིན་གཟའ་ཉི་མ་ཡིན་པས་མི་ལེགས་ཅེས་གསུངས་འཕྲལ་ཆོས་སྐུའི་བཞུགས་སྟངས་ཀྱིས་ནང་དབྱིངས་ཁྱད་ཆོས་དྲུག་ལྡན་ཀ་དག་གདོད་མའི་གྲོལ་སར་ཞི་བར་གཟིམས་པའི་ཚུལ་བསྟན་ཏོ། །

[༥༧] ར་ཧོར་དཔལ་ལྡན་ཆོས་ཀྱི་གྲགས་པ།

མཁན་ཆེན་གཞན་དགའ་རིན་པོ་ཆེའི་ཐུགས་སྲས་ཆོས་གྲགས་རྣམ་གཉིས་ཀྱི་ཡ་གྱལ་ར་ཧོར་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། རབ་བྱུང་བཅོ་ལྔ་པའི་དཀྱིལ་སྨད་ཙམ་ལ་མདོ་ཁམས་གཙང་ཐང་ར་ཧོར་དུ་སྐུ་འཁྲུངས། བྱིས་པའི་དུས་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་ཆོས་སྡེ་ར་ཧོར་དགོན་པར་ཚོགས་ཞུགས་མཛད། ཆོས་སྤྱོད་ཆོ་གའི་ཕྱག་ལེན་བཅའ་རྡུང་འབུད་དཀྲོལ་སོགས་ལ་མཁས་པར་སྦྱངས་ནས་བླ་གྲྭ་རྒན་གཞོན་ཡོངས་ཀྱི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར། དགུང་ལོ་ཉི་ཤུའི་སྐོར་ཡུལ་དེའི་བཤེས་གཉེན་ཞིག་ལས་དཔལ་སྤྲུལ་སྔོན་འགྲོའི་ཁྲིད་ཡིག་གི་བཤད་ལུང་གསན་ཏེ་འབུམ་ལྔའི་བསགས་སྦྱང་དང་སྙིང་ཐིག་རྩ་གསུམ་གྱི་བསྙེན་སྒྲུབ་རྒྱས་པ་གནང་། སྔོན་གྱི་བག་ཆགས་སད་པ་དང་ཡི་དམ་ལྷའི་ལུང་བསྟན་གནང་བ་སོགས་ལ་བརྟེན་ཏེ་ཆོས་སྡེ་ཆེན་པོ་ཞིག་ཏུ་གྲྭ་སར་ཕེབས་རྒྱུའི་ཐུགས་འདུན་བཟློག་མེད་བྱུང་། དགོན་དེའི་བསྟན་བདག་བླ་མ་ལ་སྐུ་ཚེ་བློས་བཏང་གིས་ཆོས་ཁོ་ན་དོན་གཉེར་མཛད་རྒྱུའི་དམ་བཅའ་ཕུལ་ཏེ་དགོངས་ཞུ་བྱས་ཚེ་བླ་མའི་བཀས་གནང་བ་བཞིན་རྫོགས་ཆེན་ཤྲཱི་སེང་བཤད་གྲྭར་ཕེབས་ཏེ་གཞན་དགའ་རིན་པོ་ཆེའི་ཞབས་པད་སྤྱི་བོའི་རྒྱན་དུ་བསྟེན། ཐོག་མར་འབྱོར་སྐབས་འཚོ་རྒྱགས་ཀྱི་མཐུན་རྐྱེན་དཀོན་སྟབས་ཆོས་ཕྱིར་དཀའ་ཐུབ་ཀྱི་རྣམ་ཐར་བསྐྱངས་པ་བསམ་གྱིས་མི་ཁྱབ་ཅིང་། བསྙེན་རྫོགས་དགེ་སློང་གི་སྡོམ་པ་བཞེས་དུས་ཆོས་གོས་ཙམ་ཡང་མེད་པར་བླ་མ་གཞན་དགའ་རིན་པོ་ཆེས་གཡར་པོ་གནང་། སྔ་ཕྱིར་མི་ལོ་བཅུ་དྲུག་གི་རིང་མདོ་སྔགས་རིག་གནས་དང་བཅས་པ་ལ་བརྩོན་པ་ཆེན་པོས་ཐོས་བསམ་དཔྱིས་ཕྱིན་གནང་བས་འགྲན་ཟླ་བྲལ་བའི་མཁས་པའི་དབང་ཕྱུག་ཏུ་གྱུར། གཞན་དགའ་རིན་པོ་ཆེའི་ཞལ་ནས། ཆོས་གྲགས་ནི་ཆུ་བོ་རྒྱུན་གྱི་རྣལ་འབྱོར་པ་ཡིན་པས་ཁོང་ལ་འགྲན་རྒྱུ་མེད་ཅེས་གསུངས་པ་སོགས་ཁྱད་དུ་འཕགས་པའི་བསྔགས་བརྗོད་མཛད་པ་དང་། ཞལ་སློབ་མཁས་པའི་ཁྱུ་ཚོགས་གྲངས་མེད་པ་བཞུགས་པ་ལས་མཁས་པའི་མཆོག་གྱུར་ཐུགས་སྲས་ཆོས་གྲགས་རྣམ་གཉིས་ཞེས་ཀུན་ལ་གྲགས་ཤིང་། དེ་ལས་ཀྱང་སྔགས་ལ་མཁས་པ་ར་ཧོར་ཆོས་ཀྱི་གྲགས་པ་ཞེས་མཚན་སྙན་གྱི་གྲགས་དཀར་ཕྱོགས་ཀུན་ཁྱབ། སྐབས་ཤིག་འཇའ་བ་དགེ་བཤེས་མདོ་སྔགས་ཤྲཱི་སེང་ཆོས་གྲྭར་ཕེབས་པར་རྗེ་འདིས་མངོན་པ་མཛོད་སྐྱོར་སྦྱང་མཛད་པ་དང་ཁེལ། དགེ་བཤེས་ནས་གྲྭ་པ་དཀྱུས་མ་གནས་མཇལ་བ་ཞིག་ཡིན་ཁུལ་གྱིས་ལྡན་མིན་འདུ་བྱེད་ལས་བརྩམས་པའི་དཀའ་བའི་གནས་འགའ་ལ་འདྲི་བ་བྱས་ཚེ་ཐོགས་པ་མེད་པའི་ལན་གྱིས་སྨྲ་བ་ཡོངས་སུ་བཅད་པས་རྩོད་པའི་སྤོབས་པ་དང་བྲལ་བར་གྱུར། གཞན་དགའ་རིན་པོ་ཆེ་རྫོང་སར་དང་དཔལ་སྤུངས་སོགས་སུ་ཕེབས་སྐབས་སྐུ་འཁོར་ཉེ་གནས་པའི་ཚུལ་དུ་ཞབས་ཕྱིར་ཕེབས་ཏེ་སྐྱོར་དཔོན་མཛད། རེ་ཞིག་ན་བླ་མའི་བཀའ་ལྟར་རང་ཡུལ་ར་ཧོར་དགོན་དུ་ཕེབས་ཏེ་བཤད་གྲྭ་གསར་བཙུགས་ཀྱིས་ལོ་ངོ་གསུམ་ལྷག་སྐལ་ལྡན་མང་པོར་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་འཁོར་བསྐོར་བས་ཞལ་སློབ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་དུ་བྱོན། དེ་ནས་སླར་ཡང་བླ་མའི་དྲུང་དུ་ཕེབས་ནས་རྒྱ་བོ་རི་ཁྲོད་དུ་ཉེ་གནས་སྐུ་བཅར་པའི་ཚུལ་དུ་བཞུགས་ནས་འོད་གསལ་རྫོགས་པ་ཆེན་པོའི་ཟབ་ཁྲིད་ལྷག་མ་མེད་པ་གསན་ཞིང་ཁྲིད་སྦྱང་གནང་། སྐབས་དེར་སྡེ་པ་གཞུང་གི་དམག་སྤྱི་ཁྱུང་རམ་མདའ་དཔོན་ཞེས་པས་གཞན་དགའ་རིན་པོ་ཆེ་དབུ་བླར་བཀུར་ཏེ་དབུས་ཕྱོགས་སུ་གདན་འདྲེན་ཞུས་པ་ན། བླ་མའི་ཞལ་ནས་ང་གནས་འདི་ཁོ་ནར་ཚེ་དང་སྒྲུབ་པ་མཉམ་རྒྱུའི་དམ་བཅའ་བྱས་ཟིན་པས་མི་ཡོང་། ངའི་རྒྱལ་ཚབ་ཏུ་ཆོས་གྲགས་གཏང་ཆོག་ཅེས་རྗེ་ཉིད་ཀྱི་ཆོས་གོས་རྣམ་གསུམ་དབུ་ཞྭ་དང་བཅས་གནང་ནས། བུ་ཁྱོད་ཁྱུང་རམ་པའི་དབུ་བླ་དང་འབྲེལ་ཡུལ་དབུས་ལྷ་སར་སོང་དང་ཁྱེད་ཀྱི་གདུལ་བྱ་བྱང་འབྲི་གུང་ཕྱོགས་ལ་ཡོད་ཅིང་གནས་དེ་ནས་འགྲོ་དོན་མཐའ་རུ་ཕྱིན་པ་གྱིས་ལ་ཕྱིར་མ་འོང་། ང་རང་ད་ནས་ཡུན་རིང་མི་འཚོ་ཡང་རང་ཅག་དཔོན་སློབ་པདྨ་འོད་ཀྱི་ཕོ་བྲང་དུ་མཇལ་བར་བྱེད་ཅེས་ཐུགས་སྨོན་ཟབ་རྒྱས་གནང་ཞིང་འབྲལ་བར་དཀའ་བའི་ངང་ཚུལ་དང་བཅས་ཞལ་གྱེས་མཛད། ཡུལ་དབུས་སུ་འབྱོར་ནས་དབུས་གཙང་ལྷོ་འབྲུག་སོགས་ཀྱི་གནས་ཆེན་རྣམས་རིམ་པས་མཇལ་ཏེ་སྙིང་པོ་དོན་གྱི་སྒྲུབ་པ་ལ་གཞོལ་བཞིན་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཕེབས། མཐར་འབྲི་གུང་ཉི་མ་ལྕང་རའི་བཤད་གྲྭ་དང་ཉེ་བའི་ཆོས་ལུང་རི་ཁྲོད་དུ་གཏན་བཞུགས་ཀྱིས་བྱ་བྲལ་ཀུན་སྤང་གི་རྒྱལ་པོ་གྲུབ་བརྒྱའི་གཙུག་རྒྱན་རྗེ་བཙུན་མི་ལ་བཞིན་ཉིན་མཚན་ཀུན་ཏུ་སྒྲུབ་པ་ལ་བཞུགས་ཏེ་མཐོང་ཐོས་དྲན་རེག་ཐར་པའི་ས་ལ་བཀོད་པའི་རྣམ་ཐར་བསམ་བརྗོད་ལས་འདས། རྩ་གསུམ་གྱིས་གཙོས་ཞི་དྲག་གི་ལྷ་ཚོགས་དུ་མའི་བསྙེན་སྒྲུབ་མཐར་ཕྱིན་པའི་རྟགས་དང་ལྷག་པར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྙེན་པ་དུང་ཕྱུར་བཞི་ཁ་སྐོང་དང་བཅས་གནང་། སྐུ་ཚེའི་སྨད་དུ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་གསང་བ་སྙིང་པོའི་རྒྱུད་བཤད་ཐེངས་གཉིས་བཅས་མདོ་སྔགས་ཀྱི་ཆོས་འཁོར་བསྐོར། འབྲུག་པའི་ཞལ་སློབ་དང་སྦྱིན་བདག་ཚོར་བཀའ་གནང་སྟེ་ཟུར་མཁར་རྡོའི་མཆོད་རྟེན་རྣམ་ལྔའི་དྲུང་བཤད་གྲྭ་ཞིག་ཕྱག་བཏབ་སྟེ་མིང་ཡང་འབྲུག་དགོན་པ་ཞེས་གྲགས། དེ་ལྟར་སྐུ་ཚེ་དང་མཛད་པ་མཐར་ཕྱིན་ཏེ་ལྕགས་བྱི་ཟླ་བ་བཅུ་གཉིས་པའི་ཚེས་སུམ་ཅུ་ནས་ལྕགས་གླང་ཟླ་བ་དང་པོའི་ཚེས་བཅུ་དགུ་ཚུན་ཐུགས་དམ་འོད་གསལ་ངང་སྐུ་དྲང་པོར་བཞུགས་པའི་ངོ་མཚར་གྱི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། སྐུ་པུར་མེ་མཆོད་ཕུལ་ཚེ་གདུང་དང་རིང་བསྲེལ་གྱི་ཆར་བབ་པས་སྐལ་ལྡན་རྣམས་དད་པའི་ས་ལ་འདུན་པར་མཛད། བཤད་སྒྲུབ་ཀྱི་རྒྱུན་སྐྱོང་བའི་ཞལ་སློབ་མཐའ་ཡས་པ་ལས་ཐུགས་སྲས་གཙོ་བོ་བླ་མ་བསྟན་འཛིན་འོད་ཟེར་དང་། མཁན་བསོད་ནམས་དོན་གྲུབ་ཟུང་ནས་ཀུན་མཁྱེན་གདན་ས་ཐར་པ་གླིང་དུ་བཤད་སྒྲུབ་ཀྱི་སྡེ་སྔར་ཡོད་ཉམས་གསོ་དང་གསར་འཛུགས་སོགས་བསྟན་འགྲོའི་དོན་ཆེན་བསྐྱངས་ཤིང་། ཐུགས་སྲས་པདྨ་རྣམ་རྒྱལ་ཡང་འབྲུག་སེམས་རྟོགས་ཁ་ནང་བའི་སློབ་གྲྭའི་དབུ་འཛིན་དུ་བྱོན་ཏེ་མི་ལོ་མང་པོའི་རིང་ཉིན་རེར་རིག་གཞུང་གི་བཀའ་ཆོས་ཁག་བཞི་ལྔ་ལས་མ་ཆད་པར་གནང་བ་དང་གཞུང་ཆེན་པོད་བཅུ་གསུམ་གྱི་མཆན་འགྲེལ་དང་རྩ་བ། ས་བཅད། རིག་གནས་དང་བཅས་པའི་ཤིང་པར་གསར་བསྐྲུན་དང་། ཚང་ཁར་ཨོ་རྒྱན་བཤད་སྒྲུབ་གླིང་དུ་བཤད་སྒྲུབ་ཟུང་འབྲེལ་གྱི་ཆོས་སྡེ་རྟེན་བརྟེན་པ་བཅས་ཐུགས་བསྐྱེད་རྒྱ་ཆེན་པོས་ཕྱག་བཏབ་སྟེ་བཤད་སྒྲུབ་ཀྱི་རྒྱུན་ཉམས་མེད་བསྐྱངས་པ་སོགས་མཛད་ཕྲིན་མཐའ་ཡས་སོ། །

[༥༨] གསེར་ཁ་ཆོས་ཀྱི་གྲགས་པ།

མཁན་ཆེན་གཞན་དགའི་ཐུགས་སྲས་ཆོས་གྲགས་རྣམ་གཉིས་ལས་གསེར་ཁ་ཆོས་ཀྱི་གྲགས་པ་ནི། རབ་བྱུང་བཅོ་ལྔ་པའི་དཀྱིལ་དུ་བོད་མདོ་ཁམས་ཤར་ཕྱོགས་མི་ཉག་གི་ཡུལ་དུ་སྐུ་འཁྲུངས། བྱིས་པའི་དུས་ནས་བག་ཡོད་ཀྱི་སྤྱོད་བཟང་འབའ་ཞིག་ལས་ཐ་མལ་གྱི་བྱིས་པའི་བརྟགས་འཆལ་སྤྱོད་སོགས་གཏན་ནས་མི་མངའ་བ་དང་། སྐྱེས་ཐོབ་ཀྱི་ཤེས་རབ་གཞན་མཚུངས་དང་བྲལ་བས་ཡི་གེ་འབྲི་ཀློག་ནས་རིག་པའི་གནས་ཆེ་ཕྲ་གང་ལ་བསླབས་ཀྱང་ཐམས་ཅད་དཀའ་ཚེགས་མེད་པར་མྱུར་བར་ཐུགས་སུ་ཆུབ། སྐུ་ན་གཞོན་དུས་ནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་ཆོས་བྲོས་སུ་བྱོན་ཏེ་མཁན་ཆེན་གཞན་དགའ་རིན་པོ་ཆེའི་ཞབས་པད་ལ་མཉེས་པ་གསུམ་གྱིས་ཚུལ་བཞིན་དུ་བསྟེན་ཅིང་། རྗེ་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་བསྟན་བཅོས་རྒྱ་གཞུང་ཆེན་མོ་ཁག་གི་མཆན་འགྲེལ་གྱིས་གཙོས་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་ལན་གྲངས་དུ་མ་གསན་ཏེ་ཐོས་བསམ་གྱིས་གཏན་ལ་ཕབ། གཞན་དགའ་རིན་པོ་ཆེའི་སློབ་ཚོགས་བརྒྱ་ཕྲག་དུ་མའི་དབུས་སུ་མཁས་པའི་དབང་ཕྱུག་ཏུ་གཟེངས་བསྟོད་ཡང་ཡང་མཛད། གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་བཀའ་གཏེར་གསར་རྙིང་གིས་མཚོན་སྔ་འགྱུར་ཕྱོགས་ཀྱི་དབང་ཁྲིད་ཟབ་ཆོས་མཐའ་ཡས་པ་གསན། མཁན་ཆེན་གཞན་དགའ་རིན་པོ་ཆེ་རྒྱ་ནག་གི་དཔོན་ཆེན་འགའི་དབུ་བླར་གདན་དྲངས་པ་རྗེ་ཉིད་ཕེབས་མ་ཐུབ་པས་ཐུགས་སྲས་ཐུ་བོ་གསེར་ཁ་ཆོས་གྲགས་ཁོང་དང་ཁྱད་མེད་པ་ཡིན་ཞེས་ཞལ་ཚབ་ཏུ་བཏང་། རི་བོ་རྩེ་ལྔ་སོགས་རྒྱ་ནག་གི་གནས་ཆེན་རྣམས་ལ་མཇལ་ཕྱག་དང་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་སྦྱང་ནས་དངོས་གཞིའི་སྨིན་ཁྲིད་ཀྱི་འགྲོ་ཕན་བསྐྱངས། རྗེ་འདི་ཉིད་མཁས་བཙུན་བཟང་པོའི་རྣམ་ཐར་གྱིས་ཐུགས་རྒྱུད་ཕྱུག་ཅིང་བྱང་ཆུབ་སེམས་གཉིས་ཀྱིས་ཐུགས་རྒྱུད་གཏམས་པས་ཞལ་མཇལ་བ་ཙམ་གྱིས་དང་བ་འདྲེན་པར་གྲགས། སྐུ་ཚེའི་སྨད་དུ་སྐུ་ཡུལ་མི་ཉག་གི་དགོན་སྡེ་རྣམས་སུ་སྔ་འགྱུར་པའི་རིང་ལུགས་འཛིན་པའི་བཤད་གྲྭ་གསར་འཛུགས་དང་གཞི་གསུམ་གྱི་ཕྱག་བཞེས་སྤེལ་བ་དང་། ཡུལ་མི་ཕལ་བ་ཀུན་ལ་རི་རྒྱ་ཇག་ཁྲིམས་ནས་སྲོག་བཅོད་ཀྱི་ལས་སྤང་བར་བསྐུལ་བ་ཚོགས་མ་ཎི་དང་ཞིང་སྒྲུབ་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ལྟར་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་མཛད་པ་མཐར་ཕྱིན་པའི་ངང་རྒྱུད་སྡེའི་གཞུང་ནས་བཤད་པའི་གྲོལ་རྟགས་མངོན་སུམ་དུ་བྱུང་བ་དང་བཅས་དགོངས་པ་རྫོགས་སོ། །

[༥༩] དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ།

མཁས་མཆོག་གཞན་ཕན་སྣང་བའི་ཐུགས་སྲས་ཐུ་བོ་དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ནི། སྤྱི་ལོ་༡༨༨༦པ་རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ལོར་མདོ་སྨད་ལི་ཐང་དུ་སྐུ་འཁྲུངས། ཀརྨ་པ་བཅོ་ལྔ་པ་དང་མཁྱེན་ཀོང་རྣམ་གཉིས་བཅས་དགོངས་མཐུན་གྱིས་སི་ཏུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དཔལ་སྤུངས་སུ་གདན་དྲངས་ནས་གསན་སྦྱང་གི་དབུ་བཙུགས་ཤིང་མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་རབ་ཏུ་བྱུང་། ཁྱུང་པོ་ཀརྨ་འོད་ཟེར་ལས་འདུལ་བ་མདོ་རྩ། བཙད་པོ་ལྷ་རྒྱལ་ལས་བཀའ་འགྱུར་གྱི་ལུང་། འཇམ་མགོན་ཀོང་སྤྲུལ་ལས་བཀའ་བརྒྱུད་སྔགས་མཛོད་བཅས་གསན། དགུང་ལོ་ཉེར་ལྔའི་དུས་མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་བསྙེན་པར་རྫོགས། འཇམ་དབྱངས་ཆོས་རྒྱལ་ལས་སུམ་རྟགས་དག་གསུམ། སྒྲ་ཙནྡྲ་པ། སྡེབ་སྦྱོར། སྙན་ངག་བཅས་རིག་གནས་སྐོར་གསན། མཁན་པོ་སྐལ་བཟང་ལས་ཚད་མ་གསན། མཁན་ཆེན་གཞན་དགའ་རིན་པོ་ཆེ་ལས་ཀཱ་རི་ཀ་ཆེ་ཆུང་། མདོ་རྩ། སོར་མདོ། དབུ་མ་རྩ་འཇུག་བཞི་གསུམ། རིགས་ཚོགས་ཕྱི་མ་རྣམས་དང་། སྤྱོད་འཇུག བྱམས་ཆོས་སྡེ་ལྔ། རྒྱུད་གསང་སྙིང་། ཀློང་ཆེན་མཛོད་བདུན་སོགས་ནས་མན་ངག་རྫོགས་པ་ཆེན་པོའི་མྱོང་ཁྲིད་མནོག་ཆོས་སུ་གསན། རྗེ་ཉིད་ཀྱི་ཞལ་ནས་ཀྱང་གཞན་ཚོས་ཅི་ཟེར་ཡང་འདྲ། ཁོ་བོ་ནི་རང་རྒྱུད་སྨིན་པ། གཞན་རྒྱུད་གྲོལ་ནུས་པ་བླ་མ་གཞན་དགའི་བཀའ་དྲིན་ཁོ་ན་ཡིན་ཞེས་གསུངས་པར་གྲགས། མཁན་ཆེན་གཞན་དགས་མཆན་འགྲེལ་འགའ་དམ་འདིས་གསུངས་བསྐུལ་ལ་རྟེན་ནས་འདི་དུས་བརྩམས་པར་མཛད་ཚུལ་མཇུག་བྱང་ཏུ་གསལ། དབུས་སུ་ཕེབས་ཏེ་རྒྱལ་དབང་ཀརྨ་པ་བཅོ་ལྔ་པ་ལས་ཀཾ་ཚང་རང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་བཅས་མདོར་ན་དགུང་གྲངས་སོ་གཉིས་བར་ཐོས་བསམ་མཛད། དེ་ནས་གསོལ་ཟས་ཞིག་གི་རྐྱེན་གྱིས་དོགས་པའི་བསྙུན་གཞི་ཚབས་ཆེན་བྱུང་བས་སྒྲུབ་ཁང་བསམ་གཏན་གླིང་དུ་ལོ་གསུམ་རིང་སྐུ་མཚམས་བཅད་རྒྱ་མཛད་དེ་སྒྲོལ་དཀར་བསྙེན་པ་དུང་ཕྱུར་གྲུབ། ཞབས་བརྟན་དུ་བླ་མ་རྣམས་ཀྱི་དགོངས་བབ་ལྟར་ཡིག་བརྒྱའི་དུང་འཁོར་ཕྱི་ནང་བཞེངས། མཁན་ཆེན་གཞན་དགའ་རིན་པོ་ཆེ་རྒྱ་འོ་རི་ཁྲོད་དུ་བཞུགས་སྐབས་ཞབས་གསོལ་ཆས་དང་མནབ་གོས་དགོས་རྒྱུན་དུ་ཕུལ་གནང་མཛད། ཞིང་དུ་གཤེགས་རྗེས་ཀྱང་རྗེ་ཉིད་ཀྱིས་དགོངས་རྫོགས་ཚད་ལྡན་བསྒྲུབས་པ་དང་། དཔལ་སྤུངས་ཚོམ་ཆེན་དུ་གསེར་གདུང་ཐོག་ཚད་ཅན་དང་གཞུང་ཆེན་བཅུ་གསུམ་ཤིང་པར་དུ་བཞེངས་པར་མཛད། དེ་ནས་དཔལ་སྤུངས་འདུ་ཁང་གསར་བཞེངས་མཛད་ཅིང་ནང་རྟེན་དུ་གསེར་ཟངས་ཀྱི་བྱམས་ཆེན་ཐོག་ཚད་གཉིས། སྟོན་པ་དང་། ཇོ་བོ། འཇམ་དབྱངས། འོད་དཔག་མེད། སྤྱན་རས་གཟིགས། སློབ་དཔོན་པདྨ་འབྱུང་གནས་སོགས་ཐོག་ཚད་རེ་ཅན། ལོགས་བྲིས་འགྲན་བྲལ་དང་། སྤྱན་གཟིགས་ཡོ་བྱད་མཆོད་རྫས་གྲྭ་གདན་བཅས་གསར་བཞེངས་རྒྱ་ཆེར་བསྒྲུབས། འདུ་ཁང་སྟེང་གསེར་གཡབ་རྒྱ་བསྐྱེད་དང་། རྒྱལ་མཚན་བརྒྱད། རྟེན་ཐུག་དྲུག་བཅས་གསེར་ཟངས་དང་། གཞན་ཡང་འཁོར་ཁང་དུ་ཚེ་ལྷ་རྣམ་གསུམ་དང་། ཨོ་རྒྱན་རིན་པོ་ཆེ་བཅས་གསེར་ཟངས་མི་ཚད་ཆེ་ཙམ་རེ་དང་། སྟེང་དུ་གཉྫིར་དང་། སྤེན་རྒྱན་བཅུ་གཉིས་བཅས་བཞེངས། སྒྲུབ་ཁང་དང་བཤད་གྲྭ་གཉིས་རྩ་བ་ནས་བཤིགས་ཏེ་གསར་བཞེངས། དེ་དག་ལ་གཉྫིར་དང་། སྤེན་རྒྱན་ལོགས་བྲིས་སོགས་དང་།་གཞན་སྐུ་རྟེན་གྲངས་མང་། གསུང་རྟེན་ལ་བཀའ་བསྟན་འགྱུར་ཚར་མང་། བྲིས་སྐུ་དཔག་བསམ་འཁྲི་ཤིང་། བྱམས་པའི་སྐྱེས་རབས། ཕུར་པ་ཁྲོ་བཅུ་བཀའ་སྲུང་བཅས་ཞལ་ཐང་ཉིས་བརྒྱ་ལྷག། ཤིང་པར་གསར་བརྐོས་ལ་གཞན་དགའི་གསུང་སྐོར་གཞུང་ཆེན་བཅུ་གསུམ་རྩ་འགྲེལ་དང་། རྗེ་བརྒྱད་པའི་གསུང་སྐོར་ལས། མདོ་རྩ་པོད་གསུམ། སོར་མདོ་པོད་གཅིག དབུ་མ་འཇུག་པ་པོད་གཅིག ཤེར་ཕྱིན་པོད་གཉིས་བཅས། གཞན་ཡང་ཚད་མ་རིག་གཞུང་རྒྱ་མཚོ་པོད་གཉིས། རླུང་སེམས་དབྱེར་མེད་སོགས་པུསྟི་ཆེ་ཆུང་བརྒྱ་སྐོར་གྱི་པར་གསར་དུ་བསྐྲུན་པ་བཅས་འཁོར་ལོ་གསུམ་གྱི་མཛད་པ་མཐར་རྒྱས་ངང་སྐུ་གཤེགས་སོ། །

[༦༠] འཇམ་དབྱངས་མཁྱེན་བརྩེ་གཉིས་པ་ཆོས་ཀྱི་བློ་གྲོས།

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་མཁན་ཆེན་གཞན་དགའ་རྣམ་གཉིས་ཀྱི་ཞལ་སློབ་འཇམ་དབྱངས་མཁྱེན་བརྩེ་གཉིས་པ་ཆོས་ཀྱི་བློ་གྲོས་ནི། དེ་ཡང་སྐུ་རབས་གོང་མ་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཞལ་ནས་སྐུ་རྗེས་མར་སྤྲུལ་གཞི་པན་ཆེན་བཱིི་མ་མི་ཏྲ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ལྔ་འབྱུང་ཞེས་ལུང་བསྟན་པ་ལྟར། སྐུ་ཡི་སྤྲུལ་པ་རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་དང་བཅས་ཁྲི་གསོལ་མཛད་པ་རྫོགས་ཆེན་མཁྱེན་བརྩེ་གུ་རུ་ཚེ་དབང་དང་། གསུང་གི་སྤྲུལ་པ་ཧོར་བེ་རི་དཔོན་གྱི་སྲས་སུ་འཁྲུངས་པ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་ངོས་འཛིན་མཛད་པ་དཔལ་སྤུངས་སུ་བཞུགས་པ་དང་། ཐུགས་ཀྱི་སྤྲུལ་པ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེས་ངོས་འཛིན་གནང་བའི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་། ཡོན་ཏན་གྱི་སྤྲུལ་པ་ས་སྐྱ་ཕུན་ཚོགས་ཕོ་བྲང་དུ་འཁྲུངས་པ་ངག་དབང་མཐུ་སྟོབས་དབང་ཕྱུག ཕྲིན་ལས་ཀྱི་སྤྲུལ་པ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཞེས་གྲགས་པའི་རིས་མེད་བསྟན་པའི་མངའ་བདག་འདི་ཉིད་དེ། རྗེ་ཉིད་སྐུ་འཁྲུངས་ཡུལ་ནི་མདོ་ཁམས་ས་ཡི་མདུད་བཞི་གྲགས་པའི་ནང་ཚན་ས་ངན་ས་ཡི་མདུད་པ་ཞེས་གྲགས་པའི་གནས་སུ། སྤྱི་ལོ་༡༨༩༣པ་བོད་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་ལོའི་སྟོན་དུས་སུ། ཡབ་གཏེར་སྲས་འགྱུར་མེད་ཚེ་དབང་རྒྱལ་པོ་དང་། བསྐྱེད་ཡུམ་ཚུལ་ཁྲིམས་མཚོའི་སྲས་སུ་བལྟམས། ཡབ་ཀྱིས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞེས་མཚན་གསོལ་ཏེ་རྗེ་གོང་མའི་སྐུ་དབོན་སི་ཏུ་རིན་པོ་ཆེས་ཀཿཐོག་གདན་སར་མཁྱེན་བརྩེའི་སྤྲུལ་སྐུ་གཅིག་ངོས་འཛིན་ཞུ་བསྐུལ་ཡང་ཡང་མཛད་པ་བཞིན་ངོས་འཛིན་གནང་། དགུང་ལོ་དྲུག་ལ་སོན་སྐབས་ཀཿཐོག་གདན་སར་ཕེབས་ཅིང་དེ་ཉིན་ཁ་བ་ཆེན་པོ་བབ་པས་རྟེན་འབྲེལ་མཚན་མ་ཆེས་དགེ་བ་བྱུང་གསུངས། སི་ཏུ་རིན་པོ་ཆེས་ལྷ་ཆེན་དཔལ་འབར་གྱི་ཐུབ་དབང་མདུན་གཙུག་ཕུད་བཞེས་པས་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གསོལ། སླར་རྗེ་དེ་ཉིད་དང་ཡོངས་འཛིན་མཁན་པོ་ཐུབ་བསྟན་རིག་འཛིན་རྒྱ་མཚོས་དབུས་དགེ་འདུན་ལྔ་ཚོགས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་སྔ་མའི་མཚན་སྟེང་དུ་གཙུག་ལག་ལུང་རིགས་སྨྲ་བའི་སེང་གེ་ཞེས་གསོལ། སྐབས་དེར་མཁན་ཆེན་ཀུན་བཟང་དཔལ་ལྡན་ཀཿཐོག་རྒྱུད་སྡེའི་བཤད་གྲྭ་གསར་འཛུགས་ལ་ཕེབས་པ་ཁེལ་བས། དམ་པ་དེ་ཉིད་ལས་སྡོམ་གསུམ་རྣམ་ངེས་རྩ་འགྲེལ། ཡོན་ཏན་མཛོད། ཡིད་བཞིན་མཛོད། མངོན་པ་གོང་འོག བྱམས་ཆོས་སྡེ་ལྔ། དབུ་མ་རྒྱན། འཇུག་པ། འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་སྣ་ཚོགས་བཅས་གསན། ཡོངས་འཛིན་རིག་འཛིན་ལས། འབྲི་ཀློག་ནས་སུམ་རྟགས་དག་གསུམ། སྒྲ་སྙན་རྩིས་རིག་སོགས་ཐུན་མོང་རིག་གནས་ཀུན་བྱང་ཆུབ་པར་སྦྱངས། དགུང་གྲངས་བཅོ་ལྔའི་སྐབས་རྫོང་གསར་གདན་སའི་མཁྱེན་བརྩེའི་ཡང་སྲིད་ལ་སྐུ་ཚེའི་བར་ཆད་བྱུང་བས། རྗེ་གོང་མའི་སྐུ་དབོན་སོགས་ཀྱིས་སི་ཏུ་རིན་པོ་ཆེར་ནན་ཆེར་ཞུས་ངོར་བཀའ་ཁྲོལ་ལྟར་རྫོང་གསར་དུ་ཕེབས་ནས་གདན་ས་ལ་འཁོད། དགུང་གྲངས་ཉི་ཤུ་སྐོར་རྫོགས་ཆེན་དུ་ཕེབས་ནས་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་རྡོར་ལས་འཇའ་ཚོན་དཀོན་སྤྱི་དང་འཛིན་པ་རང་གྲོལ་སོགས་དབང་ཆོས་གནད་ཆེན་འགའ་གསན། རྫོགས་ཆེན་མཁན་པོ་བློ་ཁོའམ་བློ་གསལ་བསྟན་སྐྱོངས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་མཚུངས་མཁན་ཆེན་གཞན་ཕན་སྣང་བ་ལས་འདུལ་བ་མདོ་རྩའི་བཤད་པ་དང་རྒྱུད་སྡེའི་བཤད་པ་གསན་བཞེས་གནང་ནས་བླ་མར་བསྟེན། ཕྱིས་རབ་བྱུང་བཅོ་ལྔ་པའི་ས་རྟ་ལོར་ཁམས་ཀྱི་བྱེ་མ་ཐང་དུ་བཤད་གྲྭ་བཤད་སྒྲུབ་དར་རྒྱས་གླིང་གསར་དུ་དབུ་འཛུགས་སྐབས་གཞན་དགའ་རིན་པོ་ཆེ་ཆེད་དུ་གདན་དྲངས་ནས་ལོ་ངོ་བཞི་ལ་མཁན་རབས་དང་པོའི་གསེར་ཁྲིར་བཞུགས་སུ་གསོལ་ནས་འཆད་ཁྲིད་མཛད། གཞན་འཇམ་དབྱངས་བློ་གཏེར་དབང་པོ་ལས་རྒྱུད་སྡེ་ཀུན་བཏུས་དང་། ལམ་འབྲས་སློབ་བཤད། ཀྱེ་རྡོར་རྒྱུད་བཤད་སོགས་དཔལ་ལྡན་ས་སྐྱ་ལུགས་ཀྱི་སྨིན་དབང་གདམས་ཁྲིད་མ་ལུས་པ་བཞེས་ཤིང་། ལམ་འབྲས་ཀུན་གཞིའི་ཁྲིད་ཀྱི་སྐབས་དབང་དོན་གྱི་རྟོགས་པ་ཐུགས་ལ་འཁྲུངས། ཡབ་རྗེ་ཚེ་དབང་རྒྱལ་པོ་ལས། རིན་ཆེན་གཏེར་མཛོད། མཆོག་གླིང་ཟབ་གཏེར་སོགས་གཏེར་ཁ་མང་པོའི་དབང་གསན། དེ་བཞིན་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ། ཞབས་དྲུང་བཀྲ་ཤིས་རྒྱ་མཚོ་དང་། མཁན་ཆེན་བསམ་གཏན་བློ་གྲོས། དཔལ་སྤུངས་མཁས་དབང་བཀྲ་ཤིས་ཆོས་འཕེལ། མཁན་ཆེན་ངག་དབང་དཔལ་བཟང་སོགས་ཡོངས་འཛིན་བཤེས་གཉེན་དུ་མ་ལས་གདམས་ངག་མཛོད་དང་། སྒྲུབ་ཐབས་ཀུན་བཏུས་སོགས་དབང་ལུང་གྲངས་མེད་གསན་ཞིང་། ཁྱད་པར་ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལས། བྱང་གཏེར་དགོངས་པ་ཟང་ཐལ། བླ་མ་ཡང་ཏིག ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད། རྗེ་ཉིད་ཀྱི་དགོངས་གཏེར་ཡོངས་རྫོགས། ཁྲེགས་ཆོད་ཀྱི་ངོ་སྤྲོད་བོགས་འདོན་སོགས་རྗེ་མཁྱེན་བརྩེ་ནས་བརྒྱུད་པའི་རྫོགས་ཆེན་སྙིང་ཐིག་གི་ཆོས་ཚུལ་ཡོངས་རྫོགས་གནང་སྟེ་རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་དབུགས་དབྱུང། དེ་བཞིན་རྡོ་གྲུབ་གསུམ་པ་བསྟན་པའི་ཉི་མ་ལས། རིག་འདུས། ཡང་གསང་བླ་སྒྲུབ། ཡེ་ཤེས་བླ་མའི་རིག་པའི་རྩལ་དབང་། ཉིད་མཛད་གསང་སྙིང་སྤྱི་དོན། རྗེ་གོང་མ་ནས་བརྒྱུད་པའི་རྫོགས་ཆེན་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་ཕུལ་ནས་བརྒྱུད་པའི་གཏད་རྒྱ་གནང་བ་མཛད་ཅིང་། རྗེ་འདི་གཉིས་དང་རྫོགས་སྤྲུལ་ལྔ་པ་རྣམས་རྫོགས་ཆེན་བརྒྱུད་པའི་བླ་མ་གཙོ་བོ་ཡིན་པས་ཐུན་མིན་རིགས་བདག་ཏུ་འཛིན། སྔ་ཕྱིར་མཚན་ཉིད་ཀུན་ལྡན་གྱི་བཤེས་གཉེན་བརྒྱད་ཅུ་ལྷག་ལས་གསན་པ་རྒྱ་མཚོའི་ཕ་རོལ་དུ་ཕྱིན། རིས་སུ་མ་ཆད་པའི་གྲུབ་མཐའ་ཡོངས་ཀྱི་ལྟ་སྒོམ་སྤྱོད་པའི་གནད་རྣམ་མ་འདྲེས་པར་མཁྱེན་ཞིང་གདུལ་བྱ་སོ་སོའི་སྐལ་བར་འཚམས་པའི་ཆོས་ཀྱི་འཁོར་ལོས་རྗེས་སུ་བཟུང་། སྐབས་དེའི་མདོ་སྨད་ཡུལ་གྱི་བླ་སྤྲུལ་སྐྱེས་ཆེན་བསྟན་འཛིན་ཆེ་དགུ་ཡོངས་ཀྱིས་རྗེ་འདིའི་ཞབས་ལ་བཏུད་ནས་དབང་ལུང་གི་རྒྱུན་གསན་བཞེས་མཛད་པས་ཕྲིན་ལས་ཤིན་ཏུ་རྒྱ་ཆེ། སྔ་ཕྱིར་བཀའ་ཆོས་གནང་བའི་རིམ་པ་ནི། སྔ་འགྱུར་བཀའ་མའི་དབང་ལུང་ཡོངས་རྫོགས་ལན་གསུམ། གསང་སྙིང་ལན་བཞི། སྤྱི་མདོ་དགོངས་འདུས། ཕུར་བ་རྩ་དུམ་བཤད་པ་ལན་ལྔ། རིན་ཆེན་གཏེར་མཛོད་ཚར་གཅིག ལམ་འབྲས་ཚོགས་སློབ་ཚར་ལྔ། གདམས་ངག་མཛོད་ཚར་གཉིས། སྒྲུབ་ཐབས་ཀུན་བཏུས་ཚར་བཞི། ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་ལན་བཞི། བདེ་དགྱེས་གསང་གསུམ། འཇིགས་བྱེད་མཁའ་སྤྱོད་མ། དུས་འཁོར་རྣམས་ལན་བརྒྱད། རྒྱུད་བརྟག་གཉིས་མར་རྔོག་གི་བཤད་ཁྲིད་ལན་ལྔ། གུར་སམ་གྱི་བཤད་ཁྲིད་ལན་གསུམ། བཀའ་བརྒྱད་དབང་ཆེན་ལན་གསུམ། དགོངས་འདུས་དབང་ཆེན་ལན་གཉིས། སྙིང་ཐིག་ཡ་བཞི་ཚར་ལྔ། ས་སྐྱ་གོང་མ་ལྔ་དང་ངོར་ཆེན་བཀའ་འབུམ་ལན་གཅིག མཁྱེན་བརྩེའི་བཀའ་འབུམ་ལུང་ཚར་གཉིས་ཀྱིས་མཚོན་དབྱར་སྟོན་དཔྱིད་གསུམ་དུ་ཉིན་རེར་དབང་སྣ་གཉིས་གསུམ་མ་ཆད་པར་རྒྱུན་གསུངས་མཛད། དུས་དང་རྣམ་པ་ཀུན་ཏུ་ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་ལས་མི་གཡེལ་ཞིང་། སྐུ་ཚེའི་སྨད་དུ་དགུན་ཕྱོགས་ཕལ་ཆེར་སྐུ་མཚམས་བཅད་རྒྱ་དམ་པོ་མཛད་ནས་བཞུགས། དེ་དག་གི་སྐབས་སུ་ལྷག་པའི་ལྷས་ཞལ་གཟིགས་རྗེས་བཟུང་ཐོབ་པ་དང་དངོས་གྲུབ་འགྲུབ་པའི་རྟགས་མཚན་བྱུང་བ་བསམ་གྱིས་མི་ཁྱབ་ཀྱང་ཡི་གེ་མང་བར་དོགས་པས་འདིར་མ་བྲིས་ཀྱང་རྒྱས་པ་རྣམ་ཐར་ཆེན་མོ་སོགས་ན་གསལ། གསུང་སྐྱེས་ཞལ་སློབ་ཀྱི་གཙོ་བོ། རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། ཞེ་ཆེན་རབ་འབྱམས། ཀཿཐོག་སི་ཏུ་རིན་པོ་ཆེ། དིལ་མགོ་མཁྱེན་བརྩེ། བདག་ཅག་གི་སྐྱབས་རྗེ་རིན་པོ་ཆེ་པདྨ་སྐལ་བཟང་། སྐུ་ཞབས་དགེ་མང་སྤྲུལ་སྐུ། ཞེ་ཆེན་རྒྱལ་ཚབ་དང་ཀོང་སྤྲུལ་ཡང་སྲིད། སྨིན་གླིང་མཁན་གཅུང་རྣམ་གཉིས། རྡོར་བྲག་རིག་འཛིན་ཆེན་མོ་བཅས་རང་ལུགས་ཀྱི་བསྟན་འཛིན་ཆེན་མོ་རྣམས་དང་། རྒྱལ་དབང་ཀརྨ་པ་བཅུ་དྲུག་པ། ས་སྐྱ་ཁྲི་ཆེན་ཡབ་སྲས། སི་ཏུ་པདྨ་དབང་མཆོག ཟུར་མང་གཏེར་དྲུང་རྣམ་གཉིས། དཔལ་སྤུངས་ཀོང་སྤྲུལ་སོགས་ཁམས་དབུས་ཀྱི་བསྟན་འཛིན་ཆེ་དགུས་གཙོས། མཁན་སློབ་སྒྲུབ་བཙུན་སྔགས་འཆང་སོགས་ས་དགེ་བཀའ་རྙིང་གི་སློབ་ཚོགས་ཡང་སློབ་གྲངས་མེད་པ་བྱོན། དགུང་གྲངས་རེ་གསུམ་སྐོར་གསང་བའི་ལུང་བསྟན་བཞིན་ཁམས་ནང་ཆེན་བརྒྱུད་དབུས་གཙང་གི་གནས་ཆེན་རྣམས་སུ་ཚོགས་སྐོང་མཆོད་འབུལ་ཟབ་རྒྱས་མཛད་བཞིན་འབྲས་ལྗོངས་སུ་ཕེབས། གནས་དེར་བཞུགས་གཏན་ཁེལ་རྗེས་རྒྱ་གར་གནས་ཆེན་ཁག་དང་། བལ་ཡུལ། འབྲས་འབྲུག་སོགས་ཀྱི་གནས་ཆེན་རྣམས་སུ་ཕེབས་ནས་མཆོད་འབུལ་ཚོགས་སྐོང་རྒྱ་ཆེར་གནང་། མཐར་དགུང་གྲངས་རེ་དྲུག་པ་སྣྲོན་ཟླའི་ཚེས་དྲུག་གི་སྲོད་ཡོལ་ཙམ་ལ་དགོངས་པ་རྫོགས་སོ། །

[༦༡] རྨེ་བ་མཁན་ཆེན་བསོད་ནམས་མགོན་པོ།

མཁས་མཆོག་གཞན་ཕན་སྣང་བའི་ཐུགས་སྲས་རྨེ་བ་མཁན་ཆེན་བསོད་ནམས་མགོན་པོ་ནི། ཝ་ཤུལ་རྨེ་ཡུལ་དུ་ཡབ་ཨ་དཀར་ཨུ་རྒྱན་དང་ཡུམ་རག་གཟའ་ཀ་ཐོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༨༩༥པ་རབ་བྱུང་བཅོ་ལྔ་པའི་ཤིང་ལུག་ལོར་སྐུ་འཁྲུངས། སྐྱེས་ཐོབ་ཀྱི་ཤེས་རབ་དང་ལྡན་པས་ཀློག་སོགས་ཚེགས་མེད་དུ་མཁྱེན། ཆུང་ནས་མཁས་པའི་དབང་ཕྱུག་གླག་བླ་ཆོས་འགྲུབ་ཀྱིས་རྗེས་སུ་བཟུང་། སྐུ་ནར་སོན་སྐབས་རྗེ་དེ་ཉིད་ཀྱི་བཀའ་ལྟར་རུ་དམ་དཔལ་སེང་གེ་རིའི་ཆོས་གྲྭར་ཕེབས་ནས་མཁས་མཆོག་གཞན་ཕན་སྣང་བ་སོགས་མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་དུ་མ་ལས་གཞུང་ཆེན་བཅུ་གསུམ་གཙོ་བོར་གྱུར་པའི་མདོ་ཕྱོགས་ཀྱི་བཤད་པར་མཁས་པར་སྦྱངས། རྒྱུད་སྡེ་ཕྱི་ནང་གི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་རྫོགས་པར་གསན་ཏེ་ཕྱིར་རང་ཡུལ་དུ་ཕེབས། རིགས་བདག་མཚུངས་མེད་གཞན་ཕན་ཆོས་ཀྱི་སྣང་བ་དང་སློབ་དཔོན་བཱི་མ་ལའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། སྐུ་ཚེ་གང་པོར་སྒྲུབ་པ་གཙོ་བོར་མཛད་པས་གྲུབ་པའི་འབྲས་བུ་མངོན་དུ་གྱུར་ཅིང་སྐབས་འགར་སྣོད་ལྡན་གྱི་སློབ་བུ་རེ་ཟུང་ལ་ཟབ་ཁྲིད་ཀྱི་བཀའ་དྲིན་བསྩལ་བ་སོགས་དོན་གྱི་བསྟན་འཛིན་ཆེན་མོར་བྱོན། མཐར་དགུང་གྲངས་དོན་གསུམ་བཞེས་པའི་རྒྱལ་ཟླའི་ཚེས་བཅོ་བརྒྱད་ཉིན་དྲང་སྲོང་ཙོག་པུའི་བཞུགས་སྟངས་ཀྱིས་ཞི་བ་ཆོས་སྐུའི་གོ་འཕང་མངོན་དུ་མཛད་དོ། །

[༦༢] རྨེ་བ་མཁན་པོ་ནོར་བུ་བསྟན་འཛིན།

གྲུབ་དབང་ལྔ་པ་དང་མཁན་ཆེན་གཞན་དགའ་རྣམ་གཉིས་ཀྱི་ཞལ་སློབ་རྨེ་བ་མཁན་པོ་ནོར་བུ་བསྟན་འཛིན་ནི། དེ་ལ་དགེ་བའི་བཤེས་གཉེན་དམ་པ་འདི་མདོ་སྨད་རྨེ་ཁོག་ཏུ་ཡབ་ཁ་ཤུལ་ཚེ་གྲུབ་དང་། ཡུམ་ཆོང་བཟའ་ཨ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༨༩༨པ་རབ་བྱུང་བཅོ་ལྔ་པའི་ས་ཁྱི་ལོར་སྐུ་འཁྲུངས། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤྱན་ལྡན་མཁན་འཆི་མེད་ཡིད་བཞིན་ནོར་བུ་དང་ཚེ་དབང་རིག་འཛིན་རྣམ་གཉིས་ཀྱིས་གདོད་མའི་མགོན་པོ་མིའི་གཟུགས་སུ་སྣང་བ་ཡིན་ཞེས་གསུངས། སྐུ་ན་ཆུང་ངུ་ནས་དད་པ་སྙིང་རྗེ་ཤེས་རབ་སོགས་ཐེག་ཆེན་གྱི་རིགས་སད་ཅིང་འབྲི་ཀློག་སོགས་འབད་རྩོལ་ལ་མ་བལྟོས་པར་མཁྱེན། གཞོན་ནུའི་དུས་སྐུ་རྩལ་ཧ་ཅང་ཆེ་བས་རྩེ་གྲོགས་རྣམས་ལན་གྲངས་དུ་མར་ཕམ་པར་བྱས་པས་དེ་དག་ཁྲོས་ཏེ་ཐམས་ཅད་གྲོས་མཐུན་གྱིས་གྲི་དང་སྟ་རེ་སོགས་མཚོན་ཆ་ཅི་རིགས་ཐོགས་ནས་མཐའ་བསྐོར་ཏེ་དཀྲོང་བར་བརྩམས་ཚེ། མཚོན་ཆས་རེག་མི་ཐུབ་པའི་ནམ་མཁར་བྱ་ལྟར་ལྡིང་བར་མཛད་ཀྱང་ཁོང་ཚོ་བྱིས་པ་ཡིན་པའི་སྟབས་ཀྱིས་ཅི་བྱུང་སྙམ་པ་ཙམ་ལས་གྲུབ་རྟགས་སུ་ངོས་མ་ཟིན་ཞེས་ཡུལ་དེའི་མགོན་བླ་ཁྱོམ་ཐོག་ཨརྦས་ཟེར་བས་ད་ལྟའང་གླེང་། དེ་བཞིན་རྩེད་མོ་རྩེ་ས་ནས་རལ་གྲི་གསེར་གྱི་ཡུ་བ་ཅན་ཞིག་རྙེད་པའི་ཟོལ་གྱིས་གཏེར་ནས་བཞེས་པ་སོགས་ཕལ་པ་ལས་འདས་པའི་གྲུབ་རྟགས་དུ་མ་མངའ། སྐུ་ནར་སོན་ནས་མཁན་ཆེན་ཚེ་དབང་རིག་འཛིན་གྱི་སྐུ་དྲུང་ནས་རབ་ཏུ་བྱུང་སྟེ་སྤྱོད་འཇུག་གསན། དེ་ནས་རྗེ་གང་གི་བཀའ་ལྟར་རྫོགས་ཆེན་རུ་དམ་བསམ་གཏན་ཆོས་གླིང་དུ་གྲྭ་སར་ཕེབས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མཁན་པོ་དང་། མཁས་མཆོག་གཞན་ཕན་སྣང་བས་ལས་སློབ་མཛད་པའི་དགེ་འདུན་གྲངས་ཚང་བའི་མདུན་ས་ནས་མཁས་དབང་ཨ་སྐྱབས་ཨ་དཔལ་དང་ལྷན་དུ་བསྙེན་པར་རྫོགས་པས་དཀོན་མཆོག་མཁྱེན་རབ་དཔལ་བཟང་པོ་ཞེས་མཚན་གསོལ། ཤྲཱི་སེང་ཆོས་གྲྭར་ཞུགས་ཏེ་ཆོས་རྗེ་གཞན་ཕན་སྣང་བའི་མདུན་ནས་དབུ་མ་རྩ་འཇུག་དང་། འགྲེལ་བཤད་ག་ལས་འཇིགས་མེད། བུདྡྷ་པ་ལི། ཤེས་རབ་སྒྲོན་མེ། རྟོག་གེ་འབར་བ། སྤྱོད་འཇུག་འགྲེལ་པ་སྣ་ཚོགས། བཱི་མ་ལའི་སྒོམ་རིམ། ཀ་མ་ལ་ཤཱི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ། ཤེར་ཕྱིན་འགྲེལ་ཆེན་ཉི་སྣང་རྒྱན་སྣང། དོན་གསལ། ཚིག་གསལ། དབུ་མ་རྒྱན་རང་འགྲེལ། ཚད་མ་ཀུན་བཏུས་ལྷ་དབང་བློ་དང་ཤཱཀྱ་བློ་གཉིས་ཀྱི་སོགས་རྒྱ་གར་མཁས་པའི་ལེགས་བཤད་དུ་མ་དང་། བོད་འགྲེལ་སྐོར་རྨ་བྱ་བའི་རྩ་ཤེས་འགྲེལ་ཆེན་དང་། འཇུག་ཊིཀ་དགོངས་པ་རབ་གསལ། གོ་རམས་ལྟ་བ་ངན་སེལ་དང་སྦས་དོན་ཟབ་མོ། མངོན་པ་མཆིམས་ཆེ་ཆུང་། འདུལ་བ་མཚོ་ཆེ་ཆུང་། ཚད་མ་རིགས་གཏེར་རང་འགྲེལ་སོགས་མདོར་ན་གངས་རིའི་ལྗོངས་ན་བཞུགས་སོ་ཅོག་གི་མཚན་ཉིད་གཞུང་འགྲེལ་མ་ལུས་པ་དང་། རང་ལུགས་ཀུན་མཁྱེན་རོང་ཀློང་གཉིས་དང་རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱི་གསུང་འབུམ་ཡོངས་རྫོགས་བཅས་གསན་ནས་ཐོས་པ་རྒྱ་མཚོའི་ཕ་མཐར་ཕྱིན། ཁྱད་པར་བྱ་བྲལ་ཀུན་དགའ་དཔལ་ལྡན་ལས་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་ཚན་ཐམས་ཅད་གསན་པས་བྱར་མེད་བློ་འདས་ཀྱི་དགོངས་པ་མངོན་དུ་གྱུར། སྔ་ཕྱིར་རུ་དམ་གཤིན་རྗེ་ཕུག་པ་དང་། རྒྱ་བོ་ཕུ་སོགས་སྒྲུབ་གནས་བྱིན་ཅན་དུ་མར་བསྙེན་སྒྲུབ་ལ་རྩེ་གཅིག་ཏུ་སྦྱོར་བས་གྲུབ་པའི་ས་མཐོར་གཤེགས་ནས་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་གྱུར་པ་སྟེ། བླ་མ་གཞན་དགའི་དྲུང་དུ་རྒྱ་བོ་རི་ཁྲོད་ན་ཐུན་ལ་བཞུགས་པའི་སྔ་དྲོའི་ཆར་ལྷོ་ཕྱོགས་ནས་སྤྲིན་དཀར་པོ་འཁྲིགས་པའི་དབུས་སུ་འཇའ་འོད་ཀྱི་ཀློང་ན་པཎྜི་ཏ་སྐུ་མདོག་ལྗང་སེར་པཎ་ཞུ་རྣ་རིང་གསོལ་བ་ཞིག་གིས། ང་ནི་བཱི་མ་མི་ཏྲ་ཡིན་གསུངས་བཞིན་མདུན་གྱི་ནམ་མཁར་བྱོན་ནས་བཱི་མ་སྙིང་ཐིག་དབང་ཁྲིད་མན་ངག་དང་བཅས་པ་རྫོགས་པར་གནང་བ་དང་། ཡང་སྐབས་ཤིག་དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་ལ་གཞོལ་ཚེ། ཕུར་སྲུང་དམ་ཅན་བཅུ་གཉིས་ཀྱིས་སྒྲ་དང་བཅས་ནམ་མཁར་བཏེགས་ཏེ་གསེར་གྱི་རི་བདུན་དང་རོལ་མཚོ་རི་རབ་བཅས་གཟིགས་མོར་བསྟན། ཡང་རྒྱ་བོ་ཕུ་ལ་བཞུགས་སྐབས་ཟི་ཁྲོམ་གངས་རིའི་རྩེ་ནས་ནམ་མཁར་འཕུར་ཏེ་རུ་དམ་ལུང་དུ་བབ་པ་ཕྱུགས་རྫི་རྣམས་ཀྱིས་མཐོང་བ་སོགས་གྲུབ་པའི་རྟགས་མཚན་མཐའ་ཡས། ཕྱི་རབས་རྗེས་འཇུག་རྣམས་ལ་བརྩེ་བས་དགོངས་ནས་གསུང་རྩོམ་མཛད་པ་ཡང་བསམ་གྱིས་མི་ཁྱབ་ཅིང་གསུང་སྐྱེས་ཀྱི་སློབ་བུའང་གྲངས་ཀྱིས་མི་ལང་པ་བྱོན། མཐར་དགུང་གྲངས་ལྔ་བཅུ་ང་དགུ་བཞེས་སྐབས་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ཏེ་ཞིང་ཁམས་གཞན་ལ་གཤེགས་པའི་ཚུལ་སྟོན་པ་ན། ས་ཆེན་པོ་གཡོ་ཞིང་འགུལ་བ་དང་། སྒྲ་དང་འོད་ཟེར་ཀྱིས་ཕྱོགས་ཀུན་ཁྱབ་པ་སོགས་སྐྱེས་བུ་ཆེན་པོ་ས་ནས་སར་འཕར་བའི་རྟགས་དང་མཚན་མ་མཐུན་སྣང་དུ་བྱུང་ནས་འགྲོ་བ་རྣམས་ངོ་མཚར་གྱི་ས་ལ་བཀོད་པར་མཛད་དོ། །

[༦༣] གླག་བླ་བསོད་ནམས་ཆོས་འགྲུབ།

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་མཁན་ཆེན་བསོད་ཆོས་རྣམ་གཉིས་ཀྱི་ཐུགས་ཟིན་ཞལ་སློབ། མཁས་པའི་དབང་ཕྱུག་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་ནམ་ཡོངས་གྲགས་སུ་གླག་བླ་བསོད་ནམས་ཆོས་འགྲུབ་ཏུ་གྲགས་པའི་བདག་ཉིད་ཆེན་པོ་གང་ཉིད་ནི། འཕགས་པའི་ཡུལ་དུ་ཚད་མ་རིགས་པའི་རྒྱན་མཆོག་དཔལ་ཕྱོགས་ཀྱི་གླང་པོ་དང་། གངས་ཅན་བོད་ཀྱི་ཡུལ་དུ་ཨོ་རྒྱན་ཆེན་པོའི་ཐུགས་སྲས་རྡོ་རྗེ་སྤྲེལ་ཆུང་དང་། མངའ་རིས་པཎྜི་ཏ། ཀཿཐོག་བྱང་ཆུབ་འབུམ་པ། རྫོགས་ཆེན་པདྨ་རིག་འཛིན་སོགས་མཁས་གྲུབ་དུ་མའི་སྐྱེ་སྲིད་དུ་བྱོན་ནས་བསྟན་འགྲོའི་ཕྲིན་ལས་རྒྱ་ཆེར་བསྐྱངས་ཚུལ་རྗེ་ཉིད་ཀྱི་འོད་གསལ་དག་པའི་སྣང་ཉམས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་ཀྱི་རྡོ་རྗེས་ལུང་གིས་གསལ་བར་བསྔགས་པ་ལྟར་ལ། སྐུ་ཚེ་འདིར་འགྲོ་བའི་དོན་དུ་ཇི་ལྟར་བྱོན་པའི་ཚུལ་ནི། མདོ་སྨད་ཉག་རོང་གི་སའི་སྟོད་ཕྱོགས་ཨ་འཛི་ནམ་ལངས་ཞེས་བྱ་བའི་ཡུལ་ཁམས་དགེ་བཅུའི་སྣང་བའི་དཔལ་གྱིས་ཕྱུག་པའི་ཡུལ་གྲུ་དེར། རབ་བྱུང་བཅུ་བཞི་པའི་རྔ་ཆེན་ཞེས་པ་ཆུ་ཁྱི་ལོ་སྟེ་སྤྱི་ལོ་༡༨༦༢པར་ཡབ་ཚེ་དབང་རྣམ་རྒྱལ་དང་། ཡུམ་པདྨ་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བརྒྱད་པར་ཡི་གེའི་ཕྱི་མོའི་ཀློག་བསླབས་པས་བརྡ་ཙམ་གྱིས་ཚེགས་མེད་པར་མཁྱེན་པ་དང་། དེ་མཚུངས་ཐིག་རྡུལ་ཚོན། རྔ་དབྱངས་རོལ་མོ་སོགས་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་། བརྡ་སྤྲོད་རྩིས་རིག་སོགས་ཐུན་མོང་གི་གཙུག་ལག་ཀུན་ཀྱང་རྩེད་མོའི་ཞོར་ལ་གཟིགས་པ་ཙམ་རེས་ཐུགས་སུ་ཆུབ་པ་བྱུང་། དགུང་ལོ་བཅུ་དྲུག་པར་ངེས་པར་འབྱུང་བའི་ཐུགས་འདུན་བཅོས་མིན་གྱིས་ཀུན་ནས་བསླངས་ཏེ་གསར་མའི་དགེ་བའི་བཤེས་གཉེན་བློ་བཟང་ཚུལ་ཁྲིམས་ལས་རབ་ཏུ་བྱུང་སྟེ་བློ་བཟང་ཆོས་ཀྱི་གྲགས་པ་ཞེས་མཚན་དུ་གསོལ། འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དང་ཐོས་བསམ་གྱི་གནས་ཅི་རིགས་པ་ལ་གསན་སྦྱང་མཛད། དགུང་ལོ་བཅུ་དགུ་པ་ལྕགས་ཕོ་འབྲུག་གི་ལོར་ཟླ་བཤོལ་དང་བཅས་ཉི་ཤུའི་སྟེང་། འདུལ་འཛིན་དམ་པ་ཀེའུ་ཚང་རྡོ་རྗེ་འཆང་ཆེན་ཧོར་བྲག་མགོ་དགོན་དུ་བཞུགས་པའི་དྲུང་ནས་ཁ་ཆེའི་སྡོམ་རྒྱུན་ལས་བསྙེན་པར་རྫོགས་ཤིང་གསར་ཕྱོགས་ཀྱི་ཆོས་འབྲེལ་དུ་མ་གསན། དེའི་རྗེས་སུ་སྔ་འགྱུར་རྙིང་མ་རང་ལུགས་ཀྱི་འདུལ་བསྟན་སྤེལ་བར་དགོངས་པའི་ཐུགས་བསྐྱེད་ཀྱིས་བརྟན་མཁས་ཡོན་ཏན་རྨད་དུ་བྱུང་བ་མཁན་རིན་པོ་ཆེ་ཐུབ་བསྟན་སྐལ་བཟང་ལས་སྨད་འདུལ་མཁན་ཆེན་ཞི་འཚོའི་སྡོམ་རྒྱུན་དུ་སྤོས་པའི་མཚན་ལ་ཐུབ་བསྟན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཞེས་གསོལ། དེ་ནས་བཟུང་དམ་ཆོས་འདུལ་གཞུང་རིན་པོ་ཆེ་ལས་ཇི་སྐད་གསུངས་པ་བཞིན་གནང་བཀག་གི་སྲུང་མཚམས་ལས་མ་འདས་པར་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་གོས་པ་མེད་པས་རྒྱུ་སྐར་གྱི་དབུས་ན་ཟླ་བའི་དཀྱིལ་འཁོར་བཞིན་འདུལ་འཛིན་གསེར་རིའི་ཕྲེང་བའི་དབུས་སུ་ཚུལ་ཁྲིམས་ཀྱི་གཟི་འོད་ལྷམ་མེར་འབར་བ་བྱུང་། དེ་ནས་རང་ཤར་མཁན་པོ་ཀུན་བཟང་བསོད་ནམས་ལས་ཐེག་ཆེན་དབུ་མའི་ལུགས་ཀྱི་བྱང་སྡོམ་མནོས་ཏེ་མིང་དོན་གནས་འགྱུར་བ་ནས་བཟུང་རྒྱལ་སྲས་སེམས་དཔའི་རྣམ་ཐར་ལྷུར་བཞེས་ཀྱིས་བསྟན་འགྲོར་སྨན་པའི་མཛད་པས་དུས་འདའ་བར་མཛད། དགུང་ལོ་ཉེར་གཉིས་པ་ཆུ་ལུག་ལོར་ཐོས་བསམ་དོན་གཉེར་གྱི་འདུན་པ་དྲག་པོས་བསྐུལ་ཏེ་གསང་ཆེན་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་དཔལ་སེང་གེ་རིའི་ཆོས་གྲྭར་ཕེབས་ཤིང་། སྨྲ་བའི་སེང་ཆེན་འཇམ་མགོན་མི་ཕམ་རྣམ་རྒྱལ་དང་། མཁས་པའི་དབང་ཕྱུག་གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། མཁན་ཆེན་བསོད་ནམས་ཆོས་འཕེལ་སོགས་ཀྱི་ཞལ་སྔ་ནས་མདོ་སྔགས་ཀྱི་ཆོས་ཚུལ་ལ་གསན་བསམ་ཕྱོགས་མེད་དུ་མཛད་དེ་ཡུན་རིང་བཞུགས་པས་མཁས་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པ་བྱུང་། སྔ་ཕྱིར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། ཨོ་རྒྱན་བསྟན་འཛིན་ནོར་བུ། རོང་ཐ་རྒྱལ་སྲས་པདྨ་འཇིགས་མེད་སོགས་གསར་རྙིང་གི་བླ་མ་བཅུ་ཕྲག་ལྷག་བསྙེན་ཞིང་དེ་དག་ལས་བཀའ་གཏེར་གྱི་སྨིན་གྲོལ་དང་། མན་ངག་གི་གདམས་ཁྲིད། གཞུང་ལུགས་ཀྱི་བཤད་པ་སོགས་ཆོས་ཚུལ་བདུད་རྩིའི་བཅུད་ཀྱིས་ཐུགས་རྒྱུད་ཀྱི་བུམ་པ་ཡོངས་སུ་གང་བར་མཛད། དེ་ནས་ཕྱིར་རང་ཡུལ་དུ་ཕེབས་བཞེད་དགོངས་ཚེ་རྫོགས་ཆེན་ཡིད་བཞིན་ནོར་བུ་ལྔ་པ་ཆེན་པོས་མ་དགོན་རྫོགས་ཆེན་གདན་སའི་མཁན་རབས་ཀྱི་གསེར་ཁྲིར་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ན་ཕྲིན་ལས་རྒྱ་ཆེར་འབྱུང་ཞེས་གསུངས་ཀྱང་། རྗེ་ཉིད་གྲྭ་སའི་ཁ་འཛིན་ལ་སྔོན་ནས་མི་དགྱེས་ཚུལ་དང་དབེན་རིར་སྒྲུབ་པའི་རྒྱལ་མཚན་བཙུགས་བཞེད་སོགས་ཀྱིས་དགོངས་ཁྲོལ་གནང་བར་ཞུས་པས། འོ་ན་རྟེན་འབྲེལ་གྱི་སྣ་ཁ་མི་ལོག་ཕྱིར་འཇམ་དབྱངས་བསྟོད་པ་གང་བློ་མའི་འགྲེལ་པ་ཞིག་བྲིས་ལ་བཤད་ཁྲིད་མཛོད་དང་ཆོག་ཅེས་གསུངས་པ་ལྟར་ལྡེབ་གྲངས་ལྔ་བཅུ་ལྷག་ཅན་གྱི་འགྲེལ་པ་མཛད་དེ་ཉིན་གྲངས་དུ་མར་བཤད་ཁྲིད་གནང་། དེ་ནས་བྲག་ལྷ་རྫོང་དགོན་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཞབས་སེན་བཀོད་ནས་གྲུབ་དབང་རྫོགས་ཆེན་པའི་རིང་ལུགས་ལྟར་བསྟན་རྩ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས་ནས་མི་ལོ་བཅུ་གསུམ་བར་སྐུ་དངོས་ཀྱིས་དབྱར་གནས་མཁན་པོ་གནང་ཞིང་ལོ་ལྟར་སྡོམ་གསུམ་དང་ཚུལ་ཁྲིམས་རྣམ་དག་གི་མདོ་ཆད་མེད་དུ་གསུངས། དེ་བཞིན་ཆོས་དོན་གཉེར་བའི་སློབ་ཚོགས་བགྲང་ལས་འདས་པ་ལ་སྤྱོད་འཇུག་དང་སྒྱུ་འཕྲུལ་གསང་བ་སྙིང་པོས་མཚོན་མདོ་སྔགས་ཀྱི་འཆད་ཁྲིད་བར་མེད་དུ་བསྩལ་ཅིང་། ཁྱད་པར་དབུ་ཕར་གྱི་དཀའ་བའི་གནད་ཀུན་ལ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་བཤད་སྲོལ་ཐུན་མིན་ཏེ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱིས་རྩལ་འདོན་གནང་བའི་རང་ལུགས་སྔ་འགྱུར་རང་རྐང་གི་གྲུབ་མཐའི་བཞེད་མཚམས་ཀུན་དགག་སྒྲུབ་ཀྱི་དབྱེ་འབྱེད་ཞིབ་མོས་གཏན་ལ་ཕབ་སྟེ་འཆད་རྩོད་ཀྱི་སྒོ་ནས་རྒྱ་ཆེར་སྤེལ་བ་དང་། ཕྱི་རབས་བསྟན་པའི་བཙས་སུ་དགོངས་ཏེ་དབུ་མ་རིན་ཆེན་ཕྲེང་བའི་འགྲེལ་ཆེན་ལུང་གི་གསལ་བྱེད། སྤྱོད་འཇུག་ལུང་བཏུས་དང་ཤེར་ལེའུ་དཀའ་འགྲེལ། ཤེར་ཕྱིན་སྤྱི་དོན། ཨ་རོའི་ཐེག་ཆེན་ཚུལ་འཇུག་གི་འགྲེལ་པ། དཔལ་གསང་བ་སྙིང་པོའི་བསྡུས་དོན་དང་དཀའ་གནད་དོགས་སེལ། འཇུག་པ་དང་རྒྱུད་བླའི་མཐའ་དཔྱད། བརྒལ་ལན་གནམ་ལྕགས་ཐོག་མདའ་དང་། དྲིས་ལན་ལུང་རིགས་འབྲུག་སྒྲ་སོགས་གསུང་འབུམ་རིན་པོ་ཆེ་གླེག་བམ་ལྔའི་བདག་ཉིད་ཅན། མདོ་སྔགས་གཞུང་འགྲེལ་གྱི་སྡེ་ཚན། དཀའ་གནད་དོགས་སེལ་གྱི་སྡེ་ཚན། སྒྲུབ་འཕྲིན་ཆོ་གའི་སྡེ་ཚན། ཞལ་གདམས་ཉམས་མགུར་གྱི་སྡེ་ཚན། སྣ་ཚོགས་ཉེར་མཁོའི་སྡེ་ཚན་བཅས་ཕལ་བའི་ཡིག་ཚོགས་ཀྱི་ཕུང་པོ་ཙམ་མིན་པར་རང་ལུགས་ཀྱི་གྲུབ་མཐའི་འཛིན་མཚམས་གསལ་ཞིང་དཔྱིས་ཕྱིན་པ། རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གྱི་ཆ་ཐམས་ཅད་དཔྱད་གསུམ་ཚད་མས་གཏན་ལ་ཕབ་པས་རྣམ་པར་དག་ཅིང་། ཚིག་གི་སྦྱོར་བ་སྡེབ་ལེགས་པ། དོན་གྱི་བརྗོད་བྱ་གཏིང་ཟབ་པ། དམ་བཅའི་མདུད་པ་རྒྱ་དམ་པ། ལུང་གི་རི་བོ་རྨང་བརྟན་པ། རིགས་པའི་མེ་ལྕེ་དབལ་ཚ་བ་བཅས་དེང་གི་དུས་མཇལ་བའི་སྐལ་བ་དང་ལྡན་པ་ལགས་ན་རྗེས་སུ་འཇུག་པ་ཀུན་ཀྱིས་མཁས་ཚུལ་གསུམ་གྱི་མཛད་པས་ཕྲིན་ལས་ཆུད་མི་ཟ་བར་ཕྱོགས་ཀྱི་མུ་མཐའ་ཀུན་ཏུ་སྤེལ་བར་ཞུ་ཞེས་གསོལ་བ་འདེབས་པ་ལགས་སོ། །དེ་ནས་དགུང་གྲངས་ལྔ་བཅུ་སྐོར་ན་ཕྱོགས་ཀྱི་སྐྱེ་འགྲོ་རྣམས་ཀྱི་དོན་དུ་ཁམས་སྡེ་དགེའི་ཡུལ་ཁམས་དང་། ཉག་ཡུལ་སྟོད་སྨད། མི་ཉག་སོགས་ལ་ཕེབས་ནས་ཁྱིམ་པ་རྣམས་ལ་དགེ་སྒྲུབ་སྡིག་སྤོང་གི་བསླབ་བྱ་དང་། སྨྱུང་གནས་མ་ཎི་བདེ་ཆེན་ཞིང་སྒྲུབ་སོགས་ཀྱི་རྒྱུན་གསར་དུ་བཙུགས་ནས་རྐུ་ཇག་རྔོན་བདའ་སྲོག་གཅོད་སྤང་བ་བཅས་ཀྱི་དགེ་བསྐུལ་གནང་། དེ་བཞིན་བེ་ལོ་རི་ཁྲོད། རང་ཤར་དགོན། གེ་རི་དགོན། རྨེ་གཞུག་གསེར་མཁར་སོགས་རི་ཁྲོད་དགོན་གནས་དུ་མར་ཕེབས་ཏེ་ཐོག་མའི་ཆོས་ཀྱི་འཇུག་སྒོ་བློ་ལྡོག་རྣམ་བཞི་ནས་ཐེག་རྩེ་ཨ་ཏིའི་གསང་ལམ་རིག་སྟོང་ཆོས་སྐུའི་དགོངས་པ་ལ་བཀྲི་བའི་ཟབ་ཁྲིད་བསྩལ་ཏེ་སྐལ་དང་ལྡན་པ་རྣམས་སྨིན་ཅིང་གྲོལ་བའི་ས་ལ་བཀོད། དགུང་ལོ་རེ་ལྔ་པར་བྱ་བྲལ་སྒོ་གཅིག་བརྟུལ་ཞུགས་ཀྱི་མཛད་པ་ལྷུར་བཞེས་ཀྱིས་མཁར་སྒང་འཆི་མེད་རི་ཁྲོད་དུ་ཕེབས་ནས་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་སྟེ། མི་ལོ་བདུན་ལ་སུ་དང་ཐུག་འཕྲད་མ་མཛད་པར་ཉིན་མཚན་ཀུན་ཁོར་ཡུག་ཏུ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བའི་མཐའ་བཅད་ཅིང་། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པའི་ངང་བསྐྱངས་ཏེ་བཞུགས་པས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། མདོར་ན་རྗེ་འདིའི་སྐུ་ཚེ་རིལ་པོར་གཞན་དོན་དུ་འཆད་རྩོད་རྩོམ་གསུམ། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་སྟེ་དམ་པའི་ཚུལ་དགུའི་མཛད་པས་བསྟན་དང་འགྲོ་ལ་སྨན་པའི་ཕྲིན་ལས་ཤ་སྟག་བསྐྱངས་ནས། མཐར་དགུང་གྲངས་གྱ་གསུམ་བཞེས་པ་ཤིང་ཕོ་སྤྲེལ་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔའི་ཉིན་ན་བཟའ་གཙང་མ་མནབས་ཏེ་སེང་གེ་ཉལ་སྟབས་ཀྱིས་དར་ཅིག་གཟིམས་པའི་ཚུལ་གྱིས་དགོངས་པ་ཆོས་དབྱིངས་སུ་གཏད། དེ་ནས་སླར་བཞེངས་ཏེ་ཡ་མཚན་པའི་སྤྱོད་པ་ཅི་རིགས་གནང་ཞིང་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་ཉི་ཤར་སྐབས་འཆི་བྲོད་ཀྱི་གདེང་ཚད་རྙེད་པའི་རྟགས་སུ་བཞད་མོ་དང་བཅས་གདོད་མའི་ནང་དབྱིངས་སུ་ཞི་བར་གཟིམས་པའི་ཚུལ་བསྟན་ཏོ། །ད་དུང་དེ་ལས་ཞིབ་པའི་རྣམ་ཐར་མཁྱེན་པར་བཞེད་ཚེ་ཐུགས་སྲས་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་ཕྱིའི་རྣམ་ཐར་རྗེས་འཇུག་དང་བ་འདྲེན་པའི་དགའ་སྟོན་སོགས་ལ་གཟིགས་པར་འཚལ།

[༦༤] མཁན་ཆེན་ངག་དབང་དཔལ་བཟང་ངམ་ངག་ཆུང་རིན་པོ་ཆེ།

སྨྱོ་ཤུལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེ་རྣམ་གཉིས་ཀྱི་ཐུགས་སྲས་ཐུ་བོ་མཁན་ཆེན་ངག་དབང་དཔལ་བཟང་ངམ་ངག་ཆུང་རིན་པོ་ཆེ་ནི། སྤྱི་ལོ་༡༨༧༩པ་བོད་རབ་བྱུང་བཅོ་ལྔ་པའི་ས་མོ་ཡོས་ཀྱི་ལོའི་ཧོར་ཟླ་བཅུ་པའི་ཚེས་བཅུའི་སྔ་དྲོར་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཀཿཐོག་ཤམ་པོ་རོང་གི་ར་བ་ཞེས་གྲགས་པའི་ཕྲིན་ལས་ཀྱི་གནས་མཆོག །སྔོན་བྱོན་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་པའི་གླིང་རྨོག་པདྨ་བྲག་དཀར་གྱི་ཉེ་འདབས་སུ། སྨུག་པོ་གདོང་གི་རིགས་ལ་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་དུ་ཡོད་པ་ལས་ཆུང་རྒྱུད་ཀྱི་རིགས་རུས་ལས་ཆད་པ། ལྷ་རུས་ཇག་པ་མི་བདུན་གྱི་ནང་ཚན་གླིང་ཕྲུག་ཨ་བཀྲ་ཟེར་བའི་རྒྱུད་ལས་ཆད་པ་སྨྱོ་ཤུལ་ཞེས་གྲགས་པའི་འབྲོག་སྡེ་ཆུང་ངུ་ཞིག་ཏུ། ཡབ་རྣམ་རྒྱལ་དང་། ཡུམ་རྫ་སྟོད་འབྲུ་ཆུ་ཁམས་པའི་རིགས་འཇུ་བའི་རྒྱུད་པདྨ་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཟང་པོ་བཅས་སྐུ་བལྟམས། འཁྲུངས་ནས་ཞག་གསུམ་ཙམ་ན་ལུས་གནད་དང་ལྡན་པས་ཕུར་བའི་བསྙེན་པ་བཟླས་ཤིང་ཕུར་བའི་རྣལ་འབྱོར་པ་ཞིག་གི་སྐྱེ་བརྒྱུད་ཡིན་པའི་གསུང་ངག་བྱོན། ཐ་མལ་གྱི་བྱིས་པའི་བསམ་སྤྱོད་ལས་འདས་པ་རྗེས་དྲན་དང་ལུང་བསྟན་སོགས་གྲུབ་པའི་མཛད་སྤྱོད་ཐམས་ཅད་མ་སྦས་པར་གསལ། དགུང་ལོ་བདུན་པར་ཁུ་བོས་ཡི་གེ་བསླབ་སྐབས་བརྡ་ཙམ་བསྟན་པས་ཐོགས་མེད་དུ་མཁྱེན་པ་དང་། རྗོད་བྱེད་ཀྱི་སྒྲ་དག་ཅིང་བརྗོད་དོན་ཡང་ཅི་རིགས་པ་རྟོགས་པ་བྱུང་བས་ཐམས་ཅད་ངོ་མཚར་བར་གྱུར་ཏེ་བསྟོད་བསྔགས་ཐོབ། དེ་སྐོར་རབ་འབྱམས་སྤྲུལ་སྐུ་ཕྱོགས་དེར་ཕེབས་པས་ཞེ་ཆེན་གྱི་སྤྲུལ་སྐུ་ཞིག་ཡིན་པས་བླུ་གཏོང་དགོས་ཚུལ་གསུངས་ཏེ་བསྟན་པ་རབ་འཕེལ་ཞེས་མཚན་གསོལ། དེ་རྗེས་དགུང་ལོ་བཅོ་བརྒྱད་ཐོག་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དབྱར་སྒར་ཕེབས་པ་ལ་གཙུག་ཕུད་ཕུལ་བས་གཞོན་ནུ་པདྨ་ལེགས་གྲུབ་ཅེས་མཚན་གནང་། དེ་རྗེས་ཛུ་ཕུ་ཞབས་དྲུང་བཅོ་བརྒྱད་པས་ངག་དབང་དཔལ་བཟང་ཞེས་མཚན་བཏགས་ཏེ་འབྱུང་འགྱུར་གྱི་ལུང་བསྟན་མཛད། དེ་སྐབས་ཤིག་ལ་ཕྱུགས་རྫིར་ཕེབས་པའི་ས་སྟོང་ཞིག་ནས་དཔལ་ལྡན་ཟླ་བ་དངོས་སུ་མཇལ་ཞིང་པཎ་ཞྭ་སེར་པོ་ཞིག་དང་འཇུག་འགྲེལ་པུསྟི་བཅས་གནང་ནས་བྱིན་རླབས་རྗེས་གནང་མཛད། དགུང་གྲངས་བཅོ་ལྔ་ནས་མཁན་ཆེན་རྒྱལ་མཚན་འོད་ཟེར་ནས་མཁན་པོ་དང་། ལས་སློབ་ཀིཿལུང་མཁན་ཚུལ་ཁྲིམས་ནོར་བུ། གཞན་ཀརྨ་དམ་ཆོས་འོད་ཟེར། ཚེ་དབང་རིག་འཛིན། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་བཅས་དད་པའི་དགེ་འདུན་གྲངས་ཚང་བ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་སྔོན་ལས་ཀྱི་འཕྲོ་རང་བཞིན་གྱིས་སད་དེ་ཡོན་ཏན་དང་མངོན་རྟོགས་མཐའ་དག་གི་འབྱུང་ཁུངས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་མཇལ་བར་ཐུགས་རྩེ་གཅིག་ཏུ་ཕྱོགས་པ་ན། ས་གསུམ་ན་འགྲན་ཟླ་དང་བྲལ་བའི་བཤེས་གཉེན་ཆེན་པོ་ལུང་རྟོགས་བསྟན་པའི་ཉི་མ་ཞེས། དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་སློབ་རྒྱུ་སྐར་གྱི་ཕྲེང་བའི་དབུས་ན་ཆུ་ཤེལ་གྱི་དབང་པོ་བཞིན་མཁྱེན་བརྩེ་ནུས་གསུམ་དང་ལྡན་པ་གང་དེས་ཕྱོགས་དེར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་བཞུགས་པའི་ཞབས་དྲུང་དུ་བཅར། བླ་མའང་ཤིན་ཏུ་དགྱེས་ཏེ་ཞལ་ནས། ཨ་བུ་བཀའ་དྲིན་ཅན་གྱིས་ང་ལ་ཁྱོད་རང་ཡུལ་དུ་སོང་ལ་སྡོད་དང་བཱི་མའི་རྣམ་སྤྲུལ་ཞིག་འབྱོན་རན་པར་འདུག་པས་ཁྱོད་དང་འཕྲད་ཡོང་གསུངས་པས། ངག་དགའ་འདི་ཡིན་པར་འདུག་གསུངས་ནས་ནང་ཐུགས་ཀྱི་སྲས་སུ་རྗེས་འཛིན་མཛད། ལོ་ངོ་དྲུག་གི་རིང་གཏན་བཞུགས་མཛད་ནས་སྙིང་ཐིག་སྔོན་འགྲོའི་ཁྲིད་ནས་བཟུང་དངོས་གཞིའི་ཟབ་ཁྲིད་སྙན་བརྒྱུད་ཀྱི་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་བ་དང་། གཞན་ཡང་མཛོད་ཆེན་བདུན། ཡང་ཏིག་བཞི། བཅུ་བདུན་རྒྱུད་སོགས་འོད་གསལ་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་གསན་པས་རྟོགས་པ་དོན་གྱི་བདག་པོར་གྱུར། ཆོས་ཉིད་ཡིད་དཔྱོད་དུ་མ་སོང་བར་ཉམས་སུ་བཞེས་པས་ཁྱབ་བརྡལ་ནམ་མཁའི་དགོངས་པ་ཁོར་ཡུག་ཏུ་སོང་སྟེ་སྣང་བཞིའི་རྣལ་འབྱོར་མཐར་ཕྱིན། སྔོན་འགྲོའི་མཎྜལ་བསགས་སྦྱང་སྐབས་རྨི་ལམ་དུ་ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་ཏེ་ཤེལ་རྡོ་ལུག་སྙིང་འདྲ་བ་སྤྱི་བོར་བཞག་སྟེ། ཨ་སེམས་ཉིད་རང་བྱུང་བྱང་ཆུབ་ཨཱ༔ ཨ་རྟོགས་པ་ཆེན་པོ་ཀུན་བཟང་ཀློང་ཨཱ༔ ཨ་ཟང་ཐལ་རིག་པ་ཆོས་ཀྱི་སྐུ་ཨཱ༔ ཨ་གདངས་ཆེན་ལྔ་ལས་ཅིར་ཡང་འཆར་ཨཱ༔ ཨ་ལྟ་སྒོམ་ལས་འདས་རིག་པའི་གཤིས་ཨཱ༔ ཨ་དེ་རིང་སྙིང་ལ་གནས་པར་ཤོག་ཨཱ༔ ཞེས་གསུངས་ནས་སྡེ་གསུམ་རྫོགས་པ་ཆེན་པོའི་ཚིག་དབང་གནང་། ཁྲིད་དངོས་གཞིའི་ནུབ་བླ་མས་རྨི་ལམ་བརྟག་ཤོག་གསུངས་པ་བཞིན་ནམ་སྟོད་ལ་མཚོ་རྒྱལ་གྱིས་བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་མཛོད་ཅེས་པའི་དཔེ་པོད་གཅིག་གནང་བ་དང་། ནམ་སྨད་ལ་སྔར་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་ཙེར་ཡའི་མཆོད་རྟེན་དེ་རྩེ་ནས་མར་ཞིག་སྟེ་ནུབ་ཕྱོགས་ཀྱི་རྒྱ་མཚོར་ཆུ་ལོག་ཆེན་པོ་ལུད་པ་བཞིན་སོང་བས། རྒྱ་མཚོ་མདོག་དམར་ལོག་གེ་སོང་བ་དང་། ནམ་མཁའ་ནས་སྒྲ་ཞིག་ལ་རྒྱ་མཚོའི་ནང་གནས་སྲོག་ཆགས་བྱེ་བས་བདེན་པ་མཐོང་ཞེས་གྲགས་པར་རྨིས་པ་བོད་དུ་བསྟན་པའི་ཆག་འཇིག་གིས་ཕྱི་རྒྱལ་ནུབ་ཕྱོགས་སུ་བསྟན་པ་དར་བའི་ལྟས་སུ་བྱུང་བ་དང་། དགུང་གྲངས་ཉི་ཤུར་སོན་པ་ན་བླ་མའི་བཀའ་བཞིན་མཁན་པོ་རྒྱལ་མཚན་འོད་ཟེར་སོགས་དད་པའི་དགེ་འདུན་གྲངས་ཚང་པ་ལས་དགེ་སློང་གི་སྡོམ་པ་བཞེས། རེ་ཞིག་ན་བླ་མའི་བཀའ་ལས་སང་ལོའི་ལོ་གསར་ཁར་བླ་མ་མི་ཕམ་རྫོགས་ཆེན་དུ་ཕེབས་ནས་ལོ་ཤས་ལ་ཁོང་གི་གསུང་རྣམས་ཀྱིས་གཙོས་ཆོས་གསུང་རྒྱུ་ཡིན་ཚུལ་ཉེ་གནས་འོད་གསལ་གྱིས་ཡི་གེ་འབྱོར་བྱུང་བས་ཁྱོད་རང་རྫོགས་ཆེན་ལ་འགྲོ་དགོས་གསུངས། ལགས་བླ་མ་མི་ཕམ་རིན་པོ་ཆེས་ཆོས་འཁོར་བསྐོར་པ་ཐོབ་ནའང་ལེགས་ཏེ་མཁས་པ་ཆེན་པོའི་གསུང་བཤད་ཕྲན་བློ་གྲོས་གསར་བུ་ཞིག་གིས་གོ་རྒྱུ་ཅི་ཨེ་ཡོད་མི་ཤེས། དེ་བས་བླ་མ་དགུང་ལོ་མཐོ་བས་ཞལ་བཞུགས་རིང་སྐུ་བཅར་ཞུས་ནས་ད་དུང་ཉམས་ལེན་གནད་འགག་རེ་ཟུང་གསུང་ཐུབ་ན་བཀའ་དྲིན་ཆེ་ཡང་སྔར་གསུངས་པ་རྣམས་ཀྱིས་མ་ཚིམས་པ་མེད་པས་འདི་ག་རང་དུ་ཉམས་ལེན་བྱེད་ཆོག་པ་དང་། རྗེས་ནས་ངེས་མེད་ཀྱི་རྒྱལ་ཁམས་ཉུལ་ནས་ཚེ་མཇུག་དབེན་རི་ལ་སྐྱེལ་བའི་འདུན་པ་འདི་གཉིས་ཐུགས་ལ་གང་འཐད་ཞུས་པས། ཅི་ཟེར། རང་ཡུལ་གང་སྤང་ངོ་ཚ་མེད། །བསྒོམ་པ་སུ་ཆེ་གསོག་འཛོག་མཁས། །ཟེར་བ་དེ་ཡིན་ངེས་མེད་ཀྱི་རྒྱལ་ཁམས་ཉུལ་བས་ཉིན་གཅིག་བུད་མེད་ཞིག་དང་འདབས་སྦྲེལ་རྒྱུ་འོང་། འདི་གར་བསྒོམས་ན་རང་དོན་ཙམ་ལ་དེས་མ་ཆོག་པ་མེད་ཀྱང་། ད་ནི་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱི་ཉི་མ་ནུབ་ལ་ཉེ་བས་གཞན་དོན་དུ་སློབ་གཉེར་ཞིག་མ་ཤེས་ན་མི་འོང་། ཁྱོད་ལ་གཞན་དོན་ཞིག་ཨེ་འོང་གི་རེ་བ་ཆེ་བས་ང་ཤི་སྒུག་བྱེད་རྒྱུ་མེད། སློབ་གཉེར་ཞིག་མ་ཤེས་བར་ང་ན་ཡང་མ་འོང་། ཤི་ན་ཡང་མ་འོང་ངེས་པར་འགྲོ་དགོས་ཅེས་བཀའ་ཕེབས་པས། ཡར་ཞུ་མ་ཕོད་པར་མཆི་མ་ཤོར་བས། བླ་མའི་ཞལ་ནས་མཆི་མ་འབྱིན་དགོས་དོན་མེད། དགེ་བའི་བཤེས་གཉེན་མ་མཇལ་ན་ངུ་དགོས། མཇལ་ཀྱང་གདམས་པ་མ་ཐོབ་ན་ངུ་དགོས། ཐོབ་ཀྱང་སྒྲོ་འདོགས་མ་ཆོད་ན་ངུ་དགོས་ཀྱང་ཁྱེད་བརྒྱུད་པ་ཁྱད་པར་ཅན་འོད་གསལ་སྙིང་ཐིག་གི་བརྒྱུད་པ་འཛིན་པའི་བླ་མ་དང་འཕྲད། ཟབ་མོའི་གདམས་ངག་ཞལ་ནས་སྙན་དུ་བརྒྱུད་པའི་མན་ངག་བུམ་པ་གང་བྱོའི་ཚུལ་དུ་ཐོབ། རང་གི་བསྒོམས་པའི་ཉམས་མྱོང་དང་འབྲེལ་བས་སྒྲོ་འདོགས་ལྷག་མེད་དུ་ཆོད། ཉམས་ལེན་རང་རྐྱ་འཕེར་བའི་ཚད་ལ་ཕྱིན། ངས་སྙིང་ཐིག་གི་བསྟན་པ་ཁྱོད་ལ་གཏད་དེ་གཞན་དོན་ནུས་པའི་འགོར་སླེབས་པ་ཡིན་པས་ངེས་པར་འགྲོ་དགོས་གསུངས། འོ་ན་བླ་མ་མི་ཕམ་མ་ཕེབས་ན་ཅི་བྱེད་ཞུས་པར། མ་ཕེབས་རུང་རྫོགས་ཆེན་དགོན་ན་ཁྱེད་ལ་སློབ་གཉེར་ཞུ་ས་ཡོད་པའི་ཁག་ངས་ཐེག་འགྲོ་ཆས་སྒྲིགས་དགོས་གསུངས། དེ་ནས་བཀའ་གསུང་བཟློག་མ་སྤོབས་པར་འགྲོ་ཐག་བཅད། ཁྱིམ་དུ་འཁྱུག་ཙམ་ཕེབས་ནས་གོས་དང་ལྟོ་ཆས་ཀྱི་མཐུན་སྦྱོར་ཚགས་སུ་ཚུད་པ་ན་སྐུ་མདུན་དུ་ཤོག་གསུང་པའི་འཕྲིན་འབྱོར། མཇལ་དུ་ཕྱིན་པས་ཉིན་གུང་ཙམ་ནས་སླེབས་ཀྱང་དགོང་མོ་ས་མ་རུབ་བར་མ་འོང་གསུངས། མུན་རུབ་ནས་མཇལ་དུ་ཕྱིན་པས་བླ་མའི་ཞལ་འདོན་གྱི་ཚིག་མཚམས་རྟེན་འབྲེལ་ལ་བརྟག་པ་མཛད་སྲོལ་ཡོད་པས་ཕ་དམ་པའི་སྨོན་ལམ་སུམ་ཅུ་པ་གསུང་པའི་མཇུག་སྤྲུལ་སྐུ་ཕྲིན་ལས་ཀྱིས་གཞན་དོན་མཐར་ཕྱིན་པར་གྱུར་ཅིག་ཅེས་པ་དང་འཕྲད། དེ་ལན་ཆ་ཤས་བསྐྱར་ཟློས་གནང་ནས་སྤྲུལ་སྐུ་ཕྲིན་ལས་ཀྱིས་གཞན་དོན་མཐར་ཕྱིན་པ་སངས་རྒྱས་ཀྱི་ས་ཡིན་པས་ཁྱེད་དེ་ཙམ་མཐོ་སོང་བ་མིན་ནམ་ཞེས་ལན་འགའ་གསུངས། སངས་རྒྱས་སོང་ན་དེ་མཐོ་སོང་ཡང་ཅི་བྱེད་ཞུས་པས། ད་སྟེ་རྩེད་མོ་ཡིན་ཚིག་མཚམས་ཀྱི་རྟེན་འབྲེལ་ལ་བརྟག་ན་ཁྱོད་ཚེ་འདིར་འགྲོ་དོན་དང་ཕྲིན་ལས་ལ་བར་ཆད་གང་ཡང་མེད། ད་ང་ལོ་ན་རྒས་ཤིང་ན་རྒྱུ་ཡང་མང་པོ་འདུག་པས་ཕྱིན་ཆད་ཕྲད་པ་ཨེ་འོང་མི་ཤེས། ང་ལ་ཨ་བུ་དཀའ་དྲིན་ཅན་གྱིས་ལྔ་བཅུ་མ་ལོན་བར་དུ་རྫོགས་པ་ཆེན་པོ་བཤད་མི་དགོས་གསུངས་ཀྱང་ཁྱོད་ནས་ད་ཕྱིན་ཆད་སྔོན་འགྲོ་དངོས་གཞི་གང་ཞུ་བ་བྱུང་ཡང་གདུལ་བྱའི་རྒྱུད་ཚོད་དང་བསྟུན་པར་རྒྱས་བསྡུས་གང་མཚམས་རེ་ཤོད། རྫོགས་ཆེན་དུ་སོང་ན་སློབ་གཉེར་ཤེས་འོང་། དེ་ན་མ་འདུག་པར་ཀཿཐོག་འདི་རྙིང་མའི་བསྟན་པའི་ཆུ་འགོ་ཡིན་ཞིང་རྒྱལ་སྲས་གཞན་ཕན་མཐའ་ཡས་ཕེབས་རྩིས་གནང་ཡང་དགོངས་པ་རྫོགས་ཤོར་སོང་། དེ་འཕྲོར་ཨ་བུ་དཔལ་སྤྲུལ་རིན་པོ་ཆེ་ཕེབས་ཀྱང་སི་ཏུ་གོང་མ་ཙམ་ལས་ཕན་ཐོགས་ཆེར་མ་བྱུང་། ཨ་བུས་ང་ལ་སོང་གསུངས་ཀྱང་བྱང་སེམས་རི་ཁྲོད་དུ་ལོ་ཤས་མཚམས་ལ་འདུག་རྒྱུ་ཙམ་མ་གཏོགས་བླ་མ་ཞེས་བཀུར་མཁན་སུ་ཡང་མ་བྱུང་། ཁྱོད་འབོད་མི་འདྲ་བྱུང་ན་དེར་ཕན་ཐོགས་རེ་འོང་པ་གོང་མ་རྣམས་ཀྱི་ཐུགས་བསྐྱེད་ཀྱི་མཐུ་བསླུ་བ་མེད། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་འཇམ་དབྱངས་མཁྱེན་བརྩེ་རྣམ་གཉིས་ཀྱི་གདན་སའི་རྟེན་འབྲེལ་འབྲིང་ཤོས་དེ་ཀཿཐོག་ཡིན་ཡང་རྟེན་འབྲེལ་འགྲིགས་མ་སོང་བ་བསྟན་པའི་ཆགས་སྒོ་ཡིན་མཆི། རྫོགས་ཆེན་ནས་བླ་མ་རྣམས་མཇལ་དུས་ལག་སྟོང་དུ་མ་འགྲོ་བར་ཆེ་ཆུང་ལ་མ་ལྟོས་པའི་མཎྜལ་རེ་འབུལ་དགོས། སེམས་བསྐྱེད་པའི་སློབ་དཔོན་དང་ལུས་བསྐྱེད་པའི་ཕ་མ་གཉིས་དྲིན་ཆེ་བས་རྒྱུན་པར་བླ་མ་མ་བརྗེད་པར་མོས་གུས་ཀྱིས་གསོལ་བ་ཐོབ་དང་ང་དང་འབྲལ་བ་མེད། གང་གིས་ན་བླ་མས་བརྩེ་བས་བསྐྱངས་པ་དང་སློབ་མའི་མོས་གུས་ཀྱིས་འབྲེལ་བ་འདི་གཉིས་གལ་ཆེ་བས་རང་རེ་དཔོན་སློབ་གཞན་དང་མི་འདྲ་བ་ཙམ་ཡོད་པ་འདི་ཡིན། ཕྱིན་ཆད་ཕ་མ་གཉིས་མ་ཤི་བར་རང་ཡུལ་གྱི་དབེན་རིར་ཡིད་འཐད་རེར་སྡོད། དེ་ནས་ཅི་བྱེད་ཁྱོད་རང་ཤེས་ད་ནི་སྣ་ཐག་ཁྱེད་རང་མགོར་དཀྲིས་པ་ཡིན། ད་སོང་གསུངས་ནས་ཡར་ལ་ཕུལ་བའི་དངུལ་དེ་ཕྱིར་གནང་སྟེང་ཊཾ་ཉི་ཤུ་སྐོར་དང་དར་བསོད་བཏགས་ལྔ་བཅུ་ཙམ་གནང་། སྒོར་བུད་དེ་ཕྱག་ཕུལ་བས་ད་དུང་ཡར་ཤོག་གསུངས། མདུན་དུ་ཕྱིན་པས་ཁྱོད་རང་གི་ལག་པ་འདིར་ཐོང་སྨོན་ལམ་བྱ་ཡི་གསུངས་ཏེ་བླ་མ་ཡང་ཏིག་གི་གསོལ་འདེབས་སྨོན་ལམ་བཅས་གསུངས་ནས་ད་སོང་གསུངས། ཕྱིར་ཕེབས་ནས་ཕྱག་མཛད་པས། ཡང་ཡར་ཤོག་གསུངས། མདུན་དུ་ཕྱིན་པས་ད་ཕྱིན་ཆད་རང་ཅག་ཕ་བུ་མི་འཕྲད་ངའི་སྙན་བརྒྱུད་ཀྱི་གདམས་པ་རྣམས་ཉམས་སུ་མ་འཇུག་པར་ཅི་འཕེལ་གྱིས། སྣོད་དང་ལྡན་པ་རང་དཀའ་ཡང་དེང་སང་རྫོགས་པ་ཆེན་པོའི་དབང་ཁྲིད་ཐོབ་པ་ལྟ་ཅི་མཚན་ཐོས་པའང་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཀྱི་གདུལ་བྱར་གྱུར་ནས་སྐྱེ་འཆི་བར་དོ་གང་རུང་གི་གྲོལ་ཚད་ཞིག་ལ་གྲོལ་ངེས་པ་ཨ་ཏི་བཀོད་པ་ཆེན་པོའི་ལུང་ལས་གསལ་བས་བསླུ་བ་མེད། ཁྲིད་འཆད་པ་ན་རབ་སྙིང་ཐིག་མ་བུའི་དབང་དེ་མ་བྱུང་ཡང་ཐིག་ལེ་རྒྱ་ཅན་གྱི་དབང་ཞིག་མ་ཐོབ་ན་བཤད་མི་རུང་། རང་གིས་བསྐུར་ཐུབ་ན་དང་མིན་ཡང་བླ་མ་གཞན་རེ་ལ་བསྐུར་ཆུག་གསུངས། གོར་སུམ་ཅུ་དང་ནང་མཛོད་ཉིན་མོ་བདེ་ལེགས་ཤིག་གནང་ནས་ཁྱོད་ངས་བཅུ་གསུམ་རྡོ་རྗེ་འཛིན་པའི་སར་མངའ་གསོལ་དབུགས་དབྱུང་གཟེངས་བསྟོད་པ་ཡིན་གསུངས་ནས་ཕུན་སུམ་ཚོགས་པའི་བཀྲ་ཤིས་རྒྱས་པ་ཞིག་གནང་། ཉིད་ཀྱིས་ཀྱང་གང་དུ་སྐྱེ་བ་སོགས་སྨོན་ལམ་བཏབ་ནས་ཐུགས་སྐྱོ་དང་བཅས་ཕྱིར་ཐོན། ཕྱིར་ཉིན་མི་འགྲོ་ན་སྙམ་པ་འགའ་བྱུང་ཡང་བླ་མའི་བཀའ་བཅག་འགལ་ཚབ་ཆེ་བས་བརྩོན་པ་བསྐྱེད་དེ་ལམ་དུ་ཆས། དགུང་གྲངས་ཉེར་གཉིས་བཞེས་པ་ལྕགས་བྱི་ཧོར་ཟླ་དགུ་པའི་ཚེས་ཉེར་དགུ་ལ་སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་ཉག་གཅིག་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་འབྱོར། དང་པོའི་ནུབ་མོར་ཆོས་འཁོར་ཆེན་པོའི་སྲུང་མ་གནོད་སྦྱིན་ཆེན་མོ་ཟ་འོག་གི་ཞྭ་གོས་ཅན་ཞིག་གིས་ཕྱག་དང་ཞེ་ས་མཛད་ནས་དར་བཏང་། ཁྱེད་ཀྱིས་འདི་ལྟར་བྱེད་པ་ཅི་ཡིན་ཞེས་དྲིས་པས། སྔོན་གྱི་དམ་ཚིག་ཡིན་མོད། སྔར་ཁྱོད་མངའ་རིས་པཎ་ཆེན་དུས་བདག་ཆེན་ས་སྐྱའི་དབུ་བླར་མངའ་གསོལ། བློ་བཟང་རྒྱ་མཚོའི་དུས་སོག་པོ་རྒྱལ་པོའི་བླ་མཆོད་དུ་མངའ་གསོལ་བ་ཨེ་དྲན་གསུངས། མི་དྲན་གསུངས་པས། ཧེ་ཧེ་མངལ་གྱི་དྲི་མས་བསྒྲིབས་པ་ཡིན་ད་ཕྱིན་ཀྱང་ངས་གྲོགས་དན་བྱ་ཡི་གསུངས་ནས་མི་སྣང་བར་གྱུར། འཇམ་མགོན་བླ་མ་བསྙུན་གྱིས་སང་ལོ་ཙམ་ལས་ཕེབས་རྒྱུ་མ་གྲུབ་ཟེར་བས་བླ་མ་ངག་དབང་བསྟན་འཛིན་ཟེར་བའི་མདུན་ནས་ཁོང་རང་གི་དབུ་མ་རྒྱན་འགྲེལ་སྟེང་ནས་ཞུས། དེ་རྗེས་མི་ཉག་རིག་འཛིན་རྡོ་རྗེ་ཞེས་བླ་མ་མི་ཕམ་མདུན་ལོ་བཅུ་གསུམ་བར་བཞུགས་ནས་ཐོས་བསམ་མཛད་པ་མཁས་པའི་གྲགས་པ་ལྡན་པ་ཞིག་ཕེབས་བྱུང་བ་ལས་མི་ཕམ་དབུ་མ་རྒྱན་རྩ་འགྲེལ། རིགས་གཏེར་མཆན་འགྲེལ། དོན་རྣམ་ངེས་རྟོགས་ལྡན་ལྷག་བསམ་འགྲེལ་པ་བཅས་ཞུས། ཀུ་སེ་བླ་མ་དབང་ཆེན་ལས་བཀའ་བརྒྱད་རྣམ་བཤད། གསང་སྙིང་སྤྱི་དོན། ཡང་དག་གྲུབ་པའི་གསང་འགྲེལ་དོན་བསྡུས་བཅས་དང་། ལས་ཐོག་མཁན་པོ་བློ་གསལ་བསྟན་སྐྱོང་མདུན་སྡོམ་འགྲེལ་དཔག་བསམ་སྙེ་མ། ངེས་སྒྲོན་འགྲེལ་ཆུང་། གསང་བ་སྙིང་པོའི་རྒྱུད་བཤད། ཕྱོགས་བཅུ་མུན་སེལ་དང་། དཀོན་མཆོག་འགྲེལ། གཡུང་ཊཱིཀ་རྒྱན་གྱི་མེ་ཏོག རོང་ཟོམ་ཐེག་ཆེན་ཚུལ་འཇུག སྣང་བ་ལྷ་སྒྲུབ། བསྟན་དར་ལྷ་རམས་པའི་ཡོན་ཏན་མཛོད་འགྲེལ་དང་། རྡོ་གྲུབ་འགྲེལ་པ། དཔལ་སྤྲུལ་དཀའ་འགྲེལ། ངལ་གསོ་སྐོར་གསུམ་དོན་ཁྲིད་བཅས། སྒྱུ་འཕྲུལ་ཞི་ཁྲོའི་དབང་། མདོ་སྡེ་རྒྱན། འབྱེད་རྣམ་གཉིས་རོང་སྟོན་ཊཱིཀ རྒྱུད་བླ་དོལ་ཊཱིཀ་བཅས་ཐུགས་བརྩེ་བས་གནང་བས་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཡིན་གསུངས། དེ་འཕྲོས་ཀྱི་ལས་ཐོག་མཁན་པོ་བསོད་ནམས་ཆོས་འཕེལ་ལམ་བཤད་སྒྲུབ་ཆོས་ཀྱི་སྣང་བའི་མདུན་མངོན་རྟོགས་རྒྱན་དཔལ་སྤྲུལ་ཚིག་འགྲེལ་དང་སྤྱི་དོན། སྒོམ་རིམ། རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་། སྤྱོད་འཇུག་ཐོག་འགྲེལ་སྒོམ་རིམ། མི་ཕམ་ཤེར་ལེའུ་རྣམ་དཔྱད། ཀུན་བསོད་ཤེར་ལེའུའི་སྤྱི་དོན་བཅས་དང་། དེ་རྗེས་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུའི་ལུགས་སློབ་བཤད་ཡིན་གསུངས་ནས་གསང་བདག་དགོངས་རྒྱན་དང་ཞལ་ལུང་གཉིས་ཀ་རྒྱས་ཁྲིད་ཉུང་ཤས་ལ་གནང་བ་བཅས་ཤྲཱི་སེང་ཆོས་གྲྭ་ནས་ཐོབ། དེ་རྗེས་རྗེ་འདི་བཀའ་བརྒྱད་ཀྱི་བསྙེན་མཚམས་ཟླ་བ་དྲུག་བཞུགས་པའི་མཚམས་གཡོག་མཛད་ནས་ཐུན་མཚམས་རྣམས་སུ། དབུ་མ་རྩ་བ་ཤེས་རབ། འགྲེལ་པ་ག་ལས་འཇིགས་མེད། ཟླ་བའི་ཚིག་གསལ། རྨ་བྱ་བའི་འགྲེལ་པ། འཇུག་པ་རང་འགྲེལ་དང་། ཨོ་རྒྱན་བསྟན་འཛིན་ནོར་བུའི་མཆན་འགྲེལ། ཤེས་རབ་སྒྲོན་མེའི་འགྲེལ་པ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས། བཞི་བརྒྱ་པ་དཔལ་ལྡན་ཟླ་བ་དང་སློབ་དཔོན་ཆོས་སྐྱོང་གི་འགྲེལ་པ། དེ་ནས་སྐུ་མཚམས་ལས་གྲོལ་རྗེས་ཡིད་བཞིན་མཛོད་རྩ་འགྲེལ་དོན་ཁྲིད་དང་། མི་ཕམ་གྲུབ་བསྡུས་དང་ལེའུ་བཅོ་བརྒྱད་པའི་དཀའ་འགྲེལ། ཐོག་མཐའ་བར་དགེའི་གཏམ། ཐེག་ཆེན་མདོ་མཐོང་ཕན་ཡོན། དབེན་པའི་གཏམ་ལྷ་ཡི་རྔ་སྒྲ། གཞི་བཅུ་བདུན་ཟིན་བྲིས། ཐེག་ཆེན་དབུ་མའི་ལྟ་ཁྲིད། བཀའ་གདམས་གསུང་གི་གཅེས་བཏུས་རྣམས་ཁྲིད་དང་ཐོར་བུ་ཕལ་ཆེ་བའི་ལུང་། སྙིང་ཐིག་རྩ་རླུང་མཛུབ་ཁྲིད་སོགས་དང་། རྗེས་སུའང་འདུལ་བ་མདོ་རྩ། དབོན་རིན་པོ་ཆེའི་མཆན་འགྲེལ། འདུལ་ཊཱིཀ་རིན་ཆེན་ཕྲེང་བ། མཚོ་སྣ་བའི་འགྲེལ་པ། དགེ་འདུན་གྲུབ་ཀྱི་གླེང་འབུམ། རྗེ་རིན་པོ་ཆེའི་དགེ་ཚུལ་སློང་གི་བསླབ་བྱ་གནམ་རྩེ་ལྡིང་མ། སོར་མདོ་མཆན་ཅན། འདུལ་བ་མེ་ཏོག་ཕྲེང་མཛེས། ཤཱཀྱ་བཤེས་གཉེན་གྱི་འདུལ་ཊཱིཀ བཱི་མ་ལའི་འདུལ་ཊཱིཀྲ་བཅས་སྔ་ཕྱི་རྣམས་སུ་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཐོབ་པས་བཀའ་དྲིན་ཆེས་ཆེ་བའི་བླ་མ་གཉིས་པ་ཡིན་གསུངས། ཨ་ལགས་སྐལ་ལྡན་རྒྱ་མཚོའི་ཡང་སྤྲུལ་མདུན། སྙན་ངག་ལེའུ་བར་མའི་རྒྱན་དང་། བོད་མཁས་དང་ཁམས་པའི་འགྲེལ་ཆེན་གཉིས་ཀ བླ་མ་སྨན་ལྷའི་མདུན་རྩིས་སྐོར་གཟའ་ལྔ་དང་ལྔ་བསྡུས། དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་ཨ་བུའི་གསུང། ཞེ་དྲུང་མངོན་བརྗོད་བཅས་དང་། སྟོང་ཟ་བླ་མ་མདོ་སྔགས་མདུན་ནས་མི་ཕམ་སྡུད་འགྲེལ་མདོ་སྦྱར་བཅས། འབྱེད་རྣམ་གཉིས་འགྲེལ་པ། འཇམ་དཔལ་མཆོད་ཆོག་བསྟོད་སྒྲུབ། སུམ་རྟགས་སི་ཏུའི་འགྲེལ་ཆེན་བཅས་གསན། མུ་ར་པདྨ་བདེ་ཆེན་བཟང་པོ་དེར་ཕེབས་པ་ལས། རྫོགས་ཆེན་རང་ལུགས་ཀྱི་རྩ་བའི་བརྒྱུད་པ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་རྒྱས་པ་འཕྲད་ཚད་རང་གྲོལ། འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་གཏོར་དབང་རེག་པ་དོན་ལྡན། བར་དོ་དྲུག་ཁྲིད། གནས་ལུགས་ཅེར་མཐོང་བཅས་གཞུང་པོད་གཉིས་ཀྱི་བཀླག་ལུང་། ཡེ་ཤེས་བླ་མའི་ཁྲིད། ངེས་དོན་བསྟན་འཛིན་བཟང་པོའི་གསུང་མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཐར་ལམ་དཀར་པོ། ཤྲཱི་སེང་ཧའི་ལྷ་ཁང་ནས་སྤྱོདའཇུག་ལེའུ་བཞི་མའི་གསུང་བཤད་དཔལ་སྤྲུལ་ལྟར་དང་ཟབ་མོ་ལྟ་སྲོལ་གྱི་བྱང་ཆུབ་སེམས་སྡོམ་དང་མཁན་བསོད་ཆོས་གཟིམས་ཤག་ཏུ་རྒྱ་ཆེན་སྤྱོད་སྲོལ་བཅས་གསན། མཁན་རིན་པོ་ཆེ་དཀོན་མཆོག་ནོར་བུ་ཞེས་དཔལ་སྤྲུལ་རིན་པོ་ཆེའི་མདུན་ནས་སྤྱོད་འཇུག་ལན་བཅུ་གསུམ་ཙམ་གསན་པ་སྐུ་ཚེ་ཧྲིལ་པོར་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་རྩལ་འདོན་ཉམས་ལེན་གནང་ནས་བཞུགས་པ་དེ་ཉིད་ཀྱི་དྲུང་ནས། དཔལ་སྤྲུལ་རིན་པོ་ཆེའི་ཞལ་རྒྱུན་མ་ཉམས་པ་མན་ངག་དང་སྦྱར་བའི་བཤད་པ་ཟླ་བ་གཅིག་ལ་གསན། མི་ཉག་ཀུན་བཟང་བསོད་ནམས་ཀྱི་ཉེ་གནས་ཨ་དཔལ་ཞུ་བ་མངོན་པའི་འཆད་ཁྲིད་མཛད་པར་་རྫོགས་ཆེན་རིན་པོ་ཆེས་ཆེད་གཏད་ཀྱིས་གདན་དྲངས་ནས། གཞི་བྱེས་ཀྱི་གྲྭ་པ་རིག་པ་བཟང་ཤོས་བཅུ་ཙམ་བདམས་པའི་གྲལ་དུ་ཕེབས་ནས། རང་འགྲེལ་དང་། རྒྱལ་པོའི་སྲས། གང་སྤེལ། མཆིམས་མཛོད་ཆེ་ཆུང་རྣམས་བསྦྲགས་ནས་ཕལ་ཆེར་ཐུགས་ཐོག་ཁོ་ན་ནས་གསུངས་པས་ཚིག་འགྲེལ་ཙམ་མ་ཟིན་པས་ཐུགས་མུག་པར་གྱུར། ཤྲཱི་སེང་གི་རི་ངོགས་སུ་སྔར་དཔལ་སྤྲུལ་རིན་པོ་ཆེས་མངོན་པ་གསུངས་པའི་ཕ་བོང་ཆོས་ཁྲི་འདྲ་བ་ཞིག་ཡོད་པའི་རྩར་ཕྱིན་ནས། རྩ་བ་ཚར་ཆ་ཤས་བཏོན་ནས་ཆོས་མངོན་པ་སློབ་དཔོན་རང་གི་དགོངས་པ་བཞིན་རྟོགས་ནུས་པར་ཤོག་ཅེས་སྨོན་ལམ་བཏབ་ནས་དེར་ཅུང་ཟད་གཉིད་དུ་སོང་བའི་མནལ་ལམ་དུ་སློབ་དཔོན་དབྱིག་གཉེན་གྱིས་རྗེས་སུ་བཟུང་། གཞན་ཡང་དགེ་བཤེས་དེ་ལས། བློ་སྦྱོང་ལེགས་བཤད་ཀུན་བཏུས། གཏམ་རྒྱུད་རིན་ཆེན་སྤུངས་པ། ཀུན་བསོད་གསུང་བློ་སྦྱོང་སྨོན་ལམ། བཀའ་གདམས་གཅེས་བཏུས་བཅས་ཐོབ། ཡང་སྐབས་ཤིག་བླ་མ་མི་ཕམ་འདན་ཁོག་ནས་རྫོགས་ཆེན་དུ་ཕེབས། རྫོགས་ཆེན་ཚང་ནས་སེར་ཕྲེང་གི་བཀོད་པ་རྒྱ་ཆེན་པོས་བསུས་ནས་ཤྲཱི་སེང་ལྷ་ཁང་ཐོག་ཏུ་བཞུགས། དེ་ཉིན་མཇལ་ཙམ་བྱུང་ཞིང་ཕྱི་ཉིན་ཉེ་གནས་འོད་གསལ་བརྒྱུད་མཇལ་ཁ་ཞིབ་པར་ཐོབ། ཆོས་འབྲེལ་ཞིག་བཀའ་དྲིན་ཞུས་པར་སྐབས་ཤིག་མི་རེད་གསུངས། ཟླ་བ་གཅིག་ཙམ་ནས་མཁས་འཇུག་གི་བསྟན་བཅོས་རྩོམ་པའི་དབུ་བཙུགས་ནས་ནགས་ཆུང་རི་ཁྲོད་དུ་ཕེབས། ཟླ་བ་ལྔ་པའི་ནང་སྐུ་མདུན་ཕེབས་ཚེ་དེ་རིང་རྒྱལ་ཕུར་འཛོམས་ཉིན་བསྟན་བཅོས་མཐར་དབྱུང་བ་དང་འཕྲད་པས་ཁྱེད་རྟེན་འབྲེལ་ལེགས་ཞེས་གསུངས་ནས། དཔེ་ཆའི་དབུ་ནས་མཚན་དོན་དང་བར་བར་ནས་ཅུང་ཟད་འགྲེལ་པར་མཛད་དེ་མཇུག་རྫོགས་པ་ན་ཕྱག་དཔེ་དབུ་ཐོག་ཏུ་བཞག་ནས་འདི་ཁྱོད་ལ་གཏད་པ་ཡིན། དབུ་མཇུག་ཚང་བ་འདོན་ཐུབ་མ་སོང་ཡང་ང་བསྟན་བཅོས་མཁན་པོས་གནང་བ་ཐོབ་པ་ཡིན་པས་ཕྱིན་ཆད་འཆད་རུང་། འདི་ལ་བརྟེན་ནས་ཁྱོད་ཀྱིས་བཤད་པ་ཞིག་བྱས་ན་མཁས་པ་མང་པོ་ཐོན་འོང་། ལུང་གཅེས་ནས་ཁྱེད་ལ་བཤད་པ་དགོས་ཚུལ་གྱི་གསུང་སྔ་ཕྱིར་འབྱོར་ཡང་ང་རྩ་དཀར་གྱི་ནད་འདིས་རྒྱུན་དུ་མནར་བའི་སྟེང་ལོ་ཡང་རྒས་པས་བཤད་པ་ལ་སུན་པ་སྐྱེས། དཔེ་ཆ་འགའ་རེ་བཞག་ན་རྙིང་ཕྱོགས་ལ་ཕན་ཐོགས་རེ་འོང་དུ་རེ་ཡང་དུས་དབང་གིས་དཀའ། རྒྱལ་སྲས་གཞན་ཕན་མཐའ་ཡས་ཡུན་རིང་ཙམ་ཞབས་པད་བརྟན་ན་སྔ་འགྱུར་པའི་གྲུབ་མཐའ་རང་རྐང་གི་སྲོལ་ཆེན་པོ་ཕྱེ་གྱིན་ཡོད་ཀྱང་བསོད་ནམས་ཀྱི་སྐལ་བར་མ་དབང་བས་ཞི་བར་གཤེགས། ང་སྔར་ཀཿཐོག་ཏུ་སོང་ནས་སི་ཏུ་སྤྲུལ་སྐུ་ལ་བྱམས་ཆོས་སྡེ་ལྔས་གཙོས་བཤད་པ་ཁ་ཤས་བྱས། དེ་དུས་བཤད་གྲྭ་རེའི་འདུན་པ་བྱས་ཀྱང་དུས་ཐོག་ཏུ་མ་ཁེལ། ད་རེས་སི་ཏུ་སྤྲུལ་སྐུ་ཁོང་གིས་བཤད་གྲྭ་རེའི་ཐུགས་འདུན་གྱིས་ང་ལ་གདན་འདྲེན་བང་མི་དང་ཡི་གེ་འབྱོར་ཡང་འགྲོ་མི་ཐུབ་པ་འདྲ། ཕྱིན་ཆད་ཁོང་གི་ཐུགས་བསྐྱེད་དུས་སྨིན་རེ་འོང་ན་ཁྱོད་ཀྱིས་རོགས་དན་རེ་མ་འཆུག་གསུངས་ཏེ་མཚན་བརྗོད་ཀྱི་དཔེ་ཆ་དཔེ་རས་དང་བཅས་པ་འཇམ་དབྱངས་རིལ་བུ་བདུན་ཆ་བཅས་གནང་། ཡང་ཉིན་གཅིག་ད་རེས་མར་མེ་ཁྲི་མཆོད་ཀྱི་མཇུག་དེ་གྲུབ་དགོས་པས་རོགས་དན་དུ་ཤོག་གསུངས་པས་དེར་ཕྱིན་ཏེ་ཉིན་ཁ་ཤས་བཞུགས། བར་མཚམས་རྣམས་སུ་སེམས་དོན་སངས་རྒྱས་ལག་བཅངས་ཀྱི་སྐོར་ཆོས་ཚན་མང་པོ་ལྡེབ་བཞི་བཅུ་ཙམ་ཡོད་པའི་ལུང་ཞུས། ཉེ་གནས་འོད་གསལ་བརྒྱུད་གང་བློ་མའི་རྗེས་གནང་ཐོབ་པར་ཞུས་པས་གང་བློ་མ་འོད་ཟེར་དགུ་ཕྲུག་གི་རྗེས་གནང་དང་བསྟོད་སྒྲུབ་བཅས་གནང་། ངེད་ཀྱི་འཇམ་དཔལ་རྒྱུད་ལུགས་འདི་ད་སྔོན་བཀའ་རྒྱ་མ་ཡིན་ཞིང་བྱིན་རླབས་ཀྱི་བབ་གཞན་ལས་ཆེ། འདི་གཅིག་འབྲི་ན་དཔེ་གཡར་ཆོག་ཀྱང་གཞན་སུ་ལའང་སྟོན་མི་ཉན་གསུངས། དཔེ་བཤུ་བྱས་ཟིན་ནས་དཔེ་ཆ་ཡར་ལ་འབུལ་དུ་ཕྱིན་སྐབས་དབང་ཞིག་ཡོད་ན་བཀའ་དྲིན་ཆེ་ཞེས་ཞུས་པར། ལུང་ཞིག་འདོན་གསུངས་ནས་སྒྲུབ་ཐབས་སྐོང་བ་ཚེ་སྒྲུབ་གཏོར་མ་དཀར་དམར་བཏང་ཐབས་དང་ལས་ཚོགས་བཅས་གསུངས་ནས་ཕྱིན་ཆད་ཁྱོད་ནས་བསྙེན་ཚད་རེ་མ་སོང་བར་སུ་ལའང་མ་སྤེལ་གསུངས། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་བུམ་སྒྲུབ་ཆེན་མོའི་སྐབས་དངོས་གྲུབ་ལེན་ཆོག་དང་འབྲེལ་བའི་སྤྱི་འདུས་དབང་གནང་བ་ཐོབ། འབྲུག་པ་སྐུ་ཆེན་ཆོས་དབྱིངས་རོལ་བའི་རྡོ་རྗེ་ལས། དགོངས་འདུས་རྩ་བའི་དབང་ཆེན་དོན་དབང་དང་བཅས་གསན་པ་དང་། སྟག་ལོར་ཕྱིར་རང་ཡུལ་དུ་བྱོན་ཁར་འབྲུག་ཆེན་པདྨའི་ཐང་དུ་བཞུགས་པས་ལི་གྲི་གཅིག་ཁྱེར་ལ་སྐྲ་བཞར་དུ་ཤོག་གསུངས་པའི་གསུང་བྲིས་འབྱོར། ལི་གྲི་ཁྱེར་ནས་སྐུ་མདུན་དུ་ཕྱིན་པས་བཞད་མོ་མཛད་དེ། དེ་རིང་ངས་མཁའ་འགྲོ་སྙིང་ཐིག་གི་དབང་ཞིག་བསྐུར་སྙམ་ཡང་གཞན་གྱིས་གོ་ན་ཐམས་ཅད་འཚང་འོང་བསམ་ནས་ཐབས་བྱས་པ་ཡིན། ད་བུ་ལུག་ཁྱི་ཐར་ཁྱོད་གཉིས་ནས་གནས་ཁང་ཕྱག་དར་ལེགས་པོ་གྱིས། རྒྱན་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་། ཚོགས་གཏོར་ཡང་རྒྱ་ཆེན་པོ་དགོས། དེ་རྣམས་མ་གྲུབ་བར་ང་ཐང་དུ་འགྲོ་གསུངས་ཏེ་ཕྱི་ལོག་ཤིང་རའི་ནང་ཕེབས་ནས་གདན་ཁར་བཞུགས། ཕྱི་དྲོ་ཙམ་ན་ཚགས་སུ་ཚུད་པས་ནང་དུ་ཕེབས། མཁའ་འགྲོ་ཡང་ཏིག་འདི་གྲུབ་དབང་རྫོགས་ཆེན་པ་ཞེས་ཆོས་མིང་གང་ཟག་ལ་ཐོགས་པ་འདི་ཀས་ཡིན། འདི་ཆིག་བརྒྱུད་ཀྱི་གང་ཟག་བུ་གཅིག་ཁོ་ན་ལ་གཏད་དགོས་པས་མི་འགྱུར་ནམ་མཁའི་རྡོ་རྗེས་ང་ལ་གཏད། ད་ངས་ཁྱོད་ལ་གཏད་སྙམ་པ་སྟེ། ང་ལ་གྲ་མདའ་ཀརྨའི་ལུང་བསྟན་དུ་ད་ལོ་གངས་ཁྲོད་སོང་ནས་ལོ་གསུམ་ཙམ་འདུག་རྒྱུ་བྱུང་ན་ཚེ་ཆོས་གཉིས་མཐར་ཕྱིན། དེ་མ་གྲུབ་ན་ཞེ་བཞི་འདི་ལ་གེགས་ཆེ་གསུངས། ང་རང་གི་ལུང་བསྟན་དུ་ད་ལོ་མ་ཤི་ནས་ཡུན་རིང་ཙམ་འདུག་རྒྱུ་བྱུང་ན་དེ་ནས་པདྨ་འོད་དུ་འགྲོ། ད་ལོ་ཤི་ན་ཡར་ལུང་ཕྱོགས་སུ་སྐྱེ་བ་གཅིག་བརྒྱུད་མཐར་པདྨ་འོད་དུ་འགྲོ་བྱ་བ་ཡོད་གསུངས། བསྟན་འགྲོའི་དཔལ་དུ་སྐུ་ཚེ་བརྟན་དགོས་པ་དང་ཞབས་བརྟན་ཅི་དགོས་ལོ་ཟླའི་ཁ་མཚམས་ངེས་པ་ཅན་ཅི་གསུངས་ཡང་འགྲུབ་རྒྱུའི་ཁས་ལེན་བྱེད་ཞུས་པར། ཅི་ཟེར་མ་ཤི་ན་དགའ་བ་ལས་ཤི་ན་དགའ་བ་སུ་ཡང་མེད་ཀྱང་ད་ལོ་འཆི་ལྟས་དང་མཁའ་འགྲོའི་བསུ་བའི་སྣང་བ་ཡང་མང་པོ་བྱུང་བས་དབང་འདི་ཁྱོད་ལ་འཕྲོད་དགོས་པ་ཡོད་གསུངས། འོ་ན་བླ་མ་རྡོར་ལུ་ལ་ཨེ་ཐོབ་ཞུས་པས། གཞན་སུས་མ་གོ་ན་ཆོག་གསུངས། དབང་སྒྲུབ་གནང་བའི་རིང་ཁྱི་ཐར་ཤྲཱི་སེང་དུ་རྡོར་ལུ་འབོད་སར་སོང་ནས་སླེབས་པ་དང་སྟ་གོན་མཛད། ཕྱིར་ཉིན་དབང་དངོས་གཞི་གསུངས་པའི་གཏད་རྒྱའི་འགོར་ད་ཁྱེད་རྣམས་ནས་ཁས་ལེན་གྱི་མཎྜལ་རེ་མེད་ན་དབང་འདོན་ཕོད་པ་མི་འདུག་གསུངས། ཁྱི་ཐར་ནས་ཐིག་ལེ་རྒྱ་ཅན་བསྙེན་པ་ཞག་བརྒྱ་ཞིག་དང་། བླ་མ་རྡོར་ལིས་ཐོད་རྒལ་བལྟ་རྒྱུ་ཞག་བརྒྱའི་དམ་བཅའ་ཕུལ། ཁྱེད་ཀྱིས་ཅི་ཁས་ལེན་བྱེད་རྒྱུ་ཡིན་གསུངས་པར། ཉིད་ཀྱིས་དགོངས་ཞུས་པས་འོ་ན་མཁའ་འགྲོ་སྙིང་ཏིག་གི་ཁྲིད་འདི་ཚར་བཅུ་གསུམ་འཆད་རྒྱུ་གྱིས། རང་གར་བཤད་པས་མི་འོང་རང་གིས་ཉམས་སུ་བླངས་ནས་བླ་མ་དང་མཁའ་འགྲོས་གནང་བ་ཐོབ་པའི་དུས་འཆད་སྤེལ་དགོས་གསུངས་ནས་སྨིན་དབང་རྒྱས་པ་གནང་ངོ་། །དེ་ལྟར་གངས་ལྗོངས་མཁས་པའི་འབྱུང་གནས་དཔལ་སེང་གེ་རིའི་ཆོས་སྡེ་ཆེན་མོར་ལོ་ངོ་གསུམ་ལ་བཞུགས་ནས་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་རྣམས་ལས་ཐུན་མོང་མདོ་སྔགས་རིགས་གནས་དང་བཅས་པའི་འཆད་ཁྲིད་སྤྱི་དང་། བཀའ་གཏེར་གསར་རྙིང་གི་སྨིན་དབང་། མན་ངག་སྙིང་ཐིག་གི་གྲོལ་ཁྲིད་བཅས་གསན་བསམ་མཐའ་རུ་ཕྱིན་ཏེ་མཁས་པའི་གོ་འཕང་མཐོན་པོར་རྩོད་མེད་དུ་གཤེགས། རང་ཡུལ་དུ་ཕེབས་ནས་རྗེ་བླ་མའི་གདན་ས་སྨྱོ་ཤུལ་ལྗོན་པ་ལུང་སོགས་སུ་བཀའ་ལུང་ལྟར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཡུན་རིང་བཞུགས་པ་དང་སྣོད་ལྡན་གྱི་སློབ་བུ་འགའ་ལ་བློ་ཚོད་དང་མཐུན་པའི་བཀའ་ཆོས་གནང་། ཀཿཐོག་སི་ཏུ་རིན་པོ་ཆེའི་བཀའ་ལུང་ལྟར་གདན་ས་ཆེན་མོ་གང་དུ་ཕེབས་ནས་རྒྱུད་སྡེའི་བཤད་གྲྭའི་མཁན་ཁྲིར་ལོ་བཅུ་གསུམ་དུ་བཞུགས་ནས་གྲུབ་དབང་རྫོགས་ཆེན་པའི་བཤད་ཁྲིད་ཀྱི་རྒྱུན་མ་ནོར་བ་སྤེལ་བས་མཁས་གྲུབ་གཉིས་ལྡན་གྱི་བསྟན་འཛིན་སྐྱེས་བུ་དུ་མ་བྱུང་བ་དང་། སྔ་ཕྱིར་རབ་བྱུང་རྐྱང་པ་སུམ་ཁྲི་གནང་བ་སོགས་མཁས་གྲུབ་ཀྱི་འབྱུང་གནས་སུ་མཛད། དེ་མཚུངས་སྔ་འགྱུར་གདན་ས་ཆེན་མོ་དྲུག་གི་ཡ་གྱལ་དཔལ་ཡུལ་དུ་ཞབས་སོར་བཀོད་ནས་བཤད་གྲྭ་སྔར་མེད་གསར་བཙུགས་ཀྱི་ཐོག་མར་འདུས་པ་སུམ་ཅུ་སྐོར་ལ་ལྷ་ལས་ཕུལ་བྱུང་དང་། ཁྱད་པར་འཕགས་བསྟོད། དཀོན་མཆོག་རྗེས་དྲན་འགྲེལ་པ་འཇམ་མགོན་བླ་མའི་གསུང་དང་། སྤྱོད་འཇུག་བཅས་ཀྱི་བཤད་པ་མཛད་པས། ཨོ་རྒྱན་གསང་སྔགས་གླིང་པའི་ལུང་བྱང་ལས། དཔལ་ཡུལ་སྒྲུབ་པའི་གྲྭ་ལ་བཤད་གྲྭ་རྒྱས། །སྔར་མེད་མདོ་ཆོས་མང་པོ་དར་ནས་འོང་། །ཞེས་པའི་ལུང་བསྟན་དུས་སུ་སྨིན་པར་གྱུར། གཞན་ཡང་གྲྭ་ལག་དགོན་དུ་བཤད་གྲྭ་གསར་འཛུགས་མཛད་ནས་བཤད་པའི་རྒྱུན་ཆེས་ཆེར་འཕེལ། སྐུ་ཚེ་དེ་ཉིད་ལ་རིན་ཆེན་གཏེར་མཛོད་ཆེན་མོ་རྒྱབ་བརྟེན་སྨིན་གྲོལ་དང་བཅས་ཚར་གསུམ་གནང་། རྡོ་རྗེ་སྙིང་པོའི་དབང་ལུང་ལན་གསུམ། སྙིང་ཐིག་མ་བུ་ཚར་ཉེར་བདུན། མཛོད་བདུན་ཚར་བཅུ་གསུམ། སྔ་འགྱུར་བཀའ་མ་ཚར་གྲངས་དུ་མ་བཅས་སྔ་འགྱུར་སྤྱིའི་བསྟན་པ་ལ་སྨན་པའི་མཛད་པ་མཐའ་རྒྱས་བྱུང་། འཆད་ཁྲིད་སྐབས་སུ་ཁ་ཕྱིར་བལྟས་ཀྱི་སྟོང་སྐད་དང་། ཆེན་པོའི་སྤོམ་ཁྲིད། རྟོག་གེའི་ཚིག་ཁྲིད་སོགས་མིན་པར་གང་གསུང་བའི་གནད་རྣམས་ཉམས་མྱོང་རྒྱུད་ཐོག་ཏུ་བཀལ་ཏེ་བསྟན་པས་མཁས་པ་དང་གྲུབ་པའི་ཁྱུ་མཆོག་ཐམས་ཅད་ཐུགས་ཡིད་དབང་མེད་དུ་འཕྲོག་ནས། རྫོགས་ཆེན་བཤད་པ་འདི་འདྲ་སྔོན་ཆད་ཐོས་མ་མྱོང་ཞེས་བསྔགས་པ་མཛད་ནས་གསུང་རྒྱུན་སྙན་བརྒྱུད་ཇི་ཐོས་མཛད་ཅིང་ཁྲོམ་ཐ་ཡུལ་གྱི་བཱི་མ་ལ་ཞེས་སྙན་པས་ཕྱོགས་ཀུན་ཁྱབ། དུས་དང་རྣམ་པ་ཀུན་ཏུ་སྙིང་པོའི་ཉམས་བཞེས་དང་། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་གཞོལ་བས་བླ་མ་རྩ་གསུམ་རྒྱ་མཚོའི་ཞལ་གཟིགས། སྐུ་ལུས་ལ་གྲིབ་མ་མེད་པར་ཟང་ཐལ་དུ་བཞུགས་ཤིང་སྐུ་གཟུགས་ལ་རིགས་ལྔའི་ཕྱག་མཚན་དང་། ཤངས་རྩེར་ཨ་ཡིག་རང་བྱོན་སོགས་དུས་བཟང་ཀུན་ལ་ཕལ་ཆེར་མཐུན་སྣང་དུ་བྱོན། འོད་གསལ་དག་པའི་སྣང་ཆར་གུ་རུ་ཡབ་ཡུམ་གྱིས་ཞལ་གཟིགས་ཏེ་ཕུར་ཊིཀྲ་འབུམ་ནག་ཆེན་མོ་སྙན་བརྒྱུད་དུ་གནང་། ཨོ་རྒྱན་མཁའ་འགྲོའི་གླིང་དུ་ཕེབས་ནས་རྒྱུད་གསང་བ་འདུས་པ་དང་། དཔལ་འཁོར་ལོ་སྡོམ་པ་སོགས་ཀྱི་བཀའ་བབ། འོག་མིན་དག་པའི་ཞིང་ནས་མཁའ་འགྲོ་གསང་བ་སྙིང་ཐིག་གི་དབང་གསན་སྐབས་གསང་མཚན་འོད་གསལ་རིན་ཆེན་པདྨ་ལས་འབྲེལ་རྩལ་དུ་བཏགས། རིག་འཛིན་ཀུ་མ་རཱ་ཛས་རྗེས་སུ་བཟུང་ནས་མན་ངག་སྙིང་ཐིག་ཆེན་མོ་རྫོགས་པར་གནང་། ཀུན་མཁྱེན་ཀློང་ཆེན་པས་གང་ཤར་རོལ་རྩལ་ཞེས་མཚན་གནང་། རྒྱ་བཟའ་ཀོང་ཇོས་ཞལ་གཟིགས་ནས་སྒྲོལ་མའི་ལས་ཚོགས་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་རྫོགས་པར་གསན། མོན་སྤ་གྲོ་སྟག་ཚང་དུ་དཔལ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་ཆེན་མོ་མཛད། ལས་ཅན་རྒྱལ་པོ་ཛ་དང་། པཎ་ཆེན་བཱི་མ་ལ། ཀློང་ཆེན་པ། འཇིགས་མེད་གླིང་པ། རྗེ་ཙོང་ཁ་པ། གནུབས་སངས་རྒྱས་ཡེ་ཤེས། ཆོས་རྗེ་དཔལ་སྤྲུལ། འཇམ་མགོན་བློ་གྲོས་མཐའ་ཡས་སོགས་དམ་པའི་སྐྱེས་བུ་གྲངས་མེད་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བས་དོན་བརྒྱུད་ཀྱི་དགོངས་པ་འཕོས། བཀའ་བརྒྱད་སྨན་སྒྲུབ་མཛད་པས་སྨན་ཐམས་ཅད་དཔལ་ཆེན་པོའི་སྐུ་རང་བྱོན་དུ་གྲུབ། དཀྱིལ་འཁོར་གྱི་སྟེང་དུ་མེ་ཏོག་དཀར་པོ་མཐོ་ཚད་གང་རེ་ཡོད་པ་རང་འཁྲུངས་སུ་ཤར། སྨན་རཀ་གི་བདུད་རྩི་ཁོལ། བུམ་བཅུད་བདུད་རྩིར་གྱུར། བླ་མ་དགོངས་འདུས་དང་། སྒྲུབ་པ་བཀའ་བརྒྱད། དཔལ་རྡོ་རྗེ་ཕུར་པ། བཅོམ་ལྡན་འདས་གཤིན་རྗེ་གཤེད་སོགས་བསྙེན་པས་ལྷ་མཆོག་དེ་དག་གི་ཞལ་གཟིགས་སོགས་ཐུན་མིན་གྱི་རྣམ་ཐར་མངའ་བ་བཅས་གྲུབ་པའི་རྒྱལ་སར་གཤེགས། དེ་ལྟར་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན་དུ་དགུང་གྲངས་དྲུག་ཅུ་རྩ་གཉིས་ཀྱི་མཐར་དགོངས་པ་གདོད་མའི་ནང་དབྱིངས་སུ་བསྡུ་སྐབས། ལུང་སྤྲུལ་བཤད་སྒྲུབ་བསྟན་པའི་ཉི་མ། མཆོག་སྤྲུལ་འགྱུར་མེད་རྡོ་རྗེ་སོགས་ཀྱིས་སྤུར་སྦྱངས་པས་སྐུ་གདུང་ལས་བདུད་རྩི་རྒྱུན་ཆད་མེད་པར་བབ་པ། གདུང་དུད་གར་སོང་ལ་རིང་བསྲེལ་གྱིས་ཁྱབ་པ། བདུན་ཕྲག་རེའི་མཚམས་སུ་སྒྲ་འུར་པ་དང་ས་ཆེན་པོའང་ལན་རེ་གཡོས། ཕྱོགས་ཀུན་ཏུ་འཇའ་འོད་ཀྱི་གུར་ཁྱིམ་འཁྲིགས་པ་སོགས་རྒྱུད་གཞུང་ནས་བཤད་པའི་རྟགས་རྣམས་མངོན་སུམ་དུ་གྱུར་པས་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད་དོ། །གསུང་གི་བདུད་རྩི་བཞེས་པའི་ཞལ་སློབ། དཔལ་ཡུལ་པད་ནོར་སྤྲུལ་སྐུ། ཀཿཐོག་ཕྱག་ཚྭ་སྤྲུལ་སྐུ། ཁྲོམ་དགེ་ཨ་རིག་སྤྲུལ་སྐུ། ལུང་སྤྲུལ་བསྟན་པའི་ཉི་མ་སྟེ་ཐུགས་སྲས་བཀའ་ཆེན་བཞི་དང་།

མཁས་ཤིང་གྲུབ་པའི་རྩེར་སོན་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཉག་སྟོད་མཁན་ཆེན་དགེ་འདུན་རྒྱ་མཚོ། ཀཿཐོག་མཁན་ཆེན་ལེགས་བཤད་འབྱོར་ལྡན། མཁན་ཆེན་རྒྱལ་མཚན་འོད་ཟེར་ཕྱི་མ། སྤོ་ལི་མཁན་ཆེན་རྡོ་རྗེ། མགོ་ལོག་མཁན་ཆེན་མུན་སེལ། གོ་འཇོ་མཁན་ཆེན་ཀརྨ་བཀྲ་ཤིས། རྒྱ་ར་མཁན་ཆེན་མགོན་པོ་སོགས་བསྟན་པའི་རྩ་ལག་མཁན་ཆེན་སོ་བདུན་དང་། གཏེར་སྲས་མཆོག་སྤྲུལ་ཨོ་རྒྱན་ཆེ་མཆོག བྱ་བྲལ་གཡོ་རུ་རྒྱལ་པོ། བྱ་བྲལ་སྒྲོན་མ་ཚེ་རིང་། བྱ་བྲལ་བླ་མ་ཨོ་རྒྱན་རིག་འཛིན། བྱ་བྲལ་སངས་རྒྱས་རྡོ་རྗེ། གཞི་ཆེན་བཻ་རོ། རྟོགས་ལྡན་བླ་མ་ཡོན་ཏན། ལ་དཀར་རྟོགས་ལྡན་སོགས་བྱང་མགོ་ལོག་ནས། ལྷོ་ཚ་བ་རོང་། སྨད་ས་ངན། གོ་འཇོ་ཚུན་བླ་ཆེན་སྟོན་སྒོམ། མཁས་བཙུན་གྲུབ་ཐོབ་ཐམས་ཅད་ཀྱིས་གང་གི་ཞབས་ལ་མ་གཏུགས་པ་མེད་པས་བསྟན་སྲོག་འཛིན་པའི་སྐྱེས་ཆེན་གྲངས་མེད་པ་བྱོན་ནས་མན་ངག་སྙན་བརྒྱུད་ཆེན་མོ་ཕྱོགས་བཅུ་ཐ་གྲུ་ཀུན་ཏུ་ཁྱབ་པར་བརྡལ་ལ། དེ་ལས་ཐུགས་སྲས་ཐུ་བོ་བྱ་བྲལ་སངས་རྒྱས་རྡོ་རྗེ་དང་མགོ་ལོག་མཁན་ཆེན་མུན་སེལ་རྣམ་གཉིས་རྒྱལ་བསྟན་ཡང་དར་གྱི་དུས་འདིར་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་ཞབས་པད་བརྟན་བཞིན་བཞུགས་པས། སྔ་མས་འབྲས་འབྲུག་བལ་པོ་སོགས་ཀྱི་གནས་ཆེན་ཁག་ཏུ་སྙིང་པོའི་ཉམས་བཞེས་མཛད་པའི་སྒྲུབ་སྡེ་དུ་མ་ཕྱག་བཏབ་ཅིང་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་འཁོར་བར་མེད་དུ་སྐོར་བཞིན་བཞུགས་པ་དང་། ཕྱི་མས་མགོ་ལོག་རྙི་ཁོག་ཏུ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་བྱི་བའི་ལོར་སྒོམ་མེད་འོད་གསལ་ཐང་གི་ཆོས་སྒར་ཞེས་པ་ཕྱག་བཏབ་ནས། ཕྱོགས་ཀྱི་དོན་གཉེར་ཅན་གྱི་སྐལ་ལྡན་རྣམས་ལ་རྫོགས་པ་ཆེན་པོའི་ཆོས་ཆར་ཕབ་པས་སྙིང་པོའི་ཉམས་བཞེས་ལ་གཞོལ་བའི་སྒྲུབ་བརྩོན་རྣལ་འབྱོར་དུ་མ་བྱུང་བ་དང་། དེ་བཞིན་ལུང་སྤྲུལ་བསྟན་པའི་ཉི་མ་ལས་དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་དང་། སྨྱོ་ཤུལ་མཁན་རབས་དྲུག་པ་འཇམ་དབྱངས་རྡོ་རྗེ་རྣམ་གཉིས་ཀྱིས་གསན་ཏེ་འཕགས་བོད་སོགས་སུ་སློབ་ཚོགས་གྲངས་མེད་བྱུང་བ་བཅས་ཀྱིས་དེང་སང་གི་བར་བརྒྱུད་པའི་རིང་ལུགས་འདི་ཉིད་མ་ཉམས་ཕྱོགས་བརྒྱར་འཕེལ་བཞིན་པའོ། །

[༦༥] ཡིད་ལྷུང་འཇའ་ལུས་པ་བསོད་ནམས་རྣམ་རྒྱལ།

གྲུབ་དབང་རྫོགས་ཆེན་པ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་གཡག་ཟེ་གཏེར་སྟོན་རྣམ་གཉིས་ཀྱི་ཞལ་སློབ་ཡིད་ལྷུང་འཇའ་ལུས་པ་བསོད་ནམས་རྣམ་རྒྱལ་ནི། སྤྱི་ལོ་༡༨༨༡པ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ་ལོར་མདོ་ཁམས་གླིང་གི་ས་ཆ་ཡིད་ལྷུང་སྨད་ཕྱོགས་རོང་ཚ་ཞེས་གྲགས་པའི་འབྲོག་སྡེ་རུ། ཡབ་སྟག་རོང་ཨ་ཁུ་ཁྲོ་ཐུང་གི་གདུང་ལས་ཆད་པའི་ཚེ་རིང་དབང་ཕྱུག་དང་སྐྱེད་ཡུམ་དབང་ཆེན་མཚོ་གཉིས་ཀྱི་ཁྱིམ་དུ་སྐུ་འཁྲུངས་། དགུང་གྲངས་གཞོན་དུས་ཁྱིམ་ཐབ་བཞེས་ཏེ་ཡུལ་སྲོལ་ལྟར་ཤིང་གཅད་རྡོ་རྐོ་སོགས་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་པ་དང་། རྒྱ་དང་རྙི་བཙུགས་ཤིང་རི་དྭགས་བཤོལ་བ། ཐ་ན་བྱ་བྱེའུ་ཉ་སྦྲུལ་བཅས་ཀྱི་སྲོག་བཅད་པའང་གྲངས་ལས་འདས་པ་སོགས་གདོལ་སྤྱོད་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྐྱངས། དེ་སྐབས་ནས་ཀྱང་ཉིན་རེ་བཞིན་ལེའུ་བདུན་མའི་ཞལ་འདོན་ཆག་མེད་མཛད་ཅིང་། ཉིན་ཞིག་ཟླ་གྲོགས་འཕུར་ལོ་ཞེས་པ་དང་ལྷན་དུ་ཧོར་དར་རྒྱས་དགོན་པའི་ལྷ་ཁང་ལས་བྱེད་ཀྱི་ཤིང་གཅད་པར་སྟ་རེ་ཡུ་ཆག་ཞིག་དང་སོ་མེད་གཅིག་ཁུར་ཏེ་ནགས་ཚལ་དུ་ཕེབས། འཕུར་ལོས་ཇ་བསྐོལ་ཞིང་དམ་པ་འདི་ཉིད་ཤིང་གཅོད་པར་བྱོན་པ་ན་ལག་ཆ་ངན་པས་ཤིང་སྡོང་འགའ་ལས་མ་ལོན། དེའི་དགོང་མོ་སེམས་ཁྲལ་དང་བཅས་གཉིས་ཀ་ཉལ་ནས་ཡོད་སྐབས་ཤིང་རྣམས་ཚག་སྒྲ་དང་བཅས་ཁོང་གཉིས་ཀྱི་ཉེ་ཕྱོགས་སུ་གཡས་ལོག་གཡོན་ལོག་རེད་འདུག་པར་གྲགས། དགུང་ལོ་སུམ་ཅུའི་སྐབས་ཙམ་ན་རང་བཞིན་གྱིས་ངེས་འབྱུང་དང་སྙིང་རྗེ་སོགས་འཕགས་པའི་རིིགས་སད་དེ་དམ་པའི་སྐྱེས་ཆེན་འགའ་ལས་མན་ངག་གི་ཟབ་ཁྲིད་གསན་པ་སྟེ། ཐོག་མར་མཁན་ཆེན་པདྨ་བཛྲ་གྱི་ཐུགས་སྲས་གཡག་ཟེ་བླ་མ་དཔལ་སྦྱིན་གྱི་ཞལ་སློབ་གཡག་ཟེ་གཏེར་རྒན་གར་དབང་ཐེག་མཆོག་གླིང་པ་ལས་རྫོགས་པ་ཆེན་པོ་ཕྱི་ནང་གི་སྔོན་འགྲོ་ནས་དངོས་གཞིའི་སྨིན་ཁྲིད་མ་ཚང་བ་མེད་པ་གསན་པ་སྟེ། མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེས་གཡག་ཟེ་བླ་མ་དཔལ་སྦྱིན་ལ་ཁྱེད་ཀྱི་སློབ་བརྒྱུད་དུ་འཇའ་ལུས་པ་བདུན་འབྱུང་རྒྱུ་ཡོད་ཅེས་ལུང་བསྟན་པའི་ཡ་གྱལ་གཅིག་ཏུ་གྲགས་པ་དང་། དམ་པ་ཉིད་ཀྱི་སྒྲུབ་གནས་དང་ཉེ་བའི་བྲག་ངོས་སུ་པདྨ་ཐེག་མཆོག་གླིང་པ་མཁྱེན་ཞེས་ཕྱག་མཛུབ་ཀྱིས་ཆེས་གསལ་བ་བྲིས་པ་དེང་སྐབས་མཇལ་དུ་བཞུགས་ཤིང་། དགོངས་པ་ཆོས་དབྱིངས་སུ་གཤེགས་ཁར་པདྨ་གར་དབང་ཐེག་མཆོག་གླིང་པ་མཁྱེན་ཞེས་གསུངས་པས་མཚོན་རྗེ་འདི་ཉིད་ཐུན་མིན་གྱི་རིགས་བདག་ཡིན་པ་གསལ་ལ། གཞན་ཡང་རྟོགས་པའི་དབང་ཕྱུག་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་བ་སྒྱེས་རི་ཁྲོད་དུ་ཕེབས་སྐབས་འཇའ་ལུས་པ་དང་མཇལ་འཕྲད་བྱུང་ཞིང་། བྱ་བྲལ་བླ་མ་ལ་འཇའ་ལུས་པས་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་རྟོགས་འབུལ་ཕུལ་བར་ཁོང་ངོ་མཚར་སྐྱེས་ཏེ་ཁྱེད་མི་སྐྱ་ཕལ་བའི་ཚུལ་ཅན་ཞིག་ལ་འདི་འདྲའི་ལྟ་དགོངས་མཐོན་པོར་སོན་པ་བླ་མ་སུ་ལ་བསྟེན་པ་ཡིན་ཞེས་དྲིས་པར། ཁོང་གི་བླ་མ་རྫོགས་ཆེན་ཡིད་བཞིན་ནོར་བུ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཡིན་པ་དང་རྗེ་དེ་ཉིད་ཀྱི་བཀའ་དྲིན་ལས་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་ངོ་འཕྲོད་པ་ཡིན་ཞེས་གསུང་འདུག་ཅེས། བྱ་བྲལ་སངས་རྒྱས་རྡོ་རྗེ་སྐུ་དངོས་ཀྱིས་གཡག་ཟེ་མཁན་པོ་བསོད་ནམས་རིན་ཆེན་ལ་ཐེངས་མང་གསུང་འཕྲོས་སུ་བསྩལ་བ་ཐོས། དེ་ལྟར་གྲུབ་པའི་དབང་ཕྱུག་མཚན་ལྡན་བཤེས་གཉེན་ཆེན་པོ་རྣམ་གཉིས་ལས་རྫོགས་པ་ཆེན་པོའི་མྱོང་ཁྲིད་མན་ངག་ཉུང་ངུ་ཙམ་གསན་པས་རིག་པ་ཅར་ཕོག་ཏུ་ངོ་འཕྲོད་ནས་ས་ལམ་ཆིག་ཆོད་དང་། ལྟ་སྒོམ་ཡེ་རྫོགས་སུ་གྱུར་ཏེ་ཀ་དག་ལྟ་བའི་རྒྱལ་ས་ཟིན་ཅིང་ལྷུན་གྲུབ་སྣང་བཞིའི་སྒོམ་པ་ཚད་དུ་འཁྱོལ་ནས་ཚེ་ལུས་གཅིག་ལ་འཇའ་ལུས་ཆོས་སྐུའི་གོ་འཕང་མངོན་དུ་མཛད་ཀྱང་། ས་ལམ་རིམ་བགྲོད་པའི་ཚུལ་ལྟར་ཡིད་ལྷུང་བ་སྒྱེས་ནོར་བུའི་རི་ལ་ལོ་གསུམ་རིང་བུག་སྒོ་འདག་སྦྱར་གྱིས་ཉམས་བཞེས་གནད་སྨིན་མཛད་པ་དང་། སྐབས་དེ་ཙམ་ན་སྐུ་སྲས་མཁན་པོ་ཚེ་འགྱུར་སྐུ་མདུན་དུ་མ་ཐོན་ཐབས་མེད་ཀྱི་ཞུ་བ་ཕུལ་ཏེ་བཅར་སྐབས། གསུང་འཕྲོས་སུ། དང་པོ་སྣང་གྲགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་བ་འབའ་ཞིག་སྣང་བ་ནས་ཞི་ཁྲོའི་ལྷ་ཚོགས། བར་དུ་རྒྱལ་བ་རིགས་ལྔ། དེ་རྗེས་ཀུན་བཟང་ཡབ་ཡུམ། ཡང་མཐར་ཀུན་ཏུ་བཟང་པོ་ཡབ་རྐྱང་སྣང་། ད་ལྟ་སྣང་བྱ་སྣང་བྱེད་ཅི་ཡང་མེད་པར་གྱུར་སོང་བ་འདི་ཅི་རེད་གསུངས་པས་མཚོན་སྣང་བ་བཞིི་རིམ་གྱིས་མཐར་ཕྱིན་ཏེ་ཆོས་ཉིད་ཟད་པའི་སར་གཤེགས། ཨེན་དུང་སྒྲུབ་ཕུག་ཏུ་ཀློང་སྙིང་རྟ་དམར་གྱི་བསྙེན་པ་དུང་ཕྱུར་དུ་མ་ལོང་བར་རིམ་གཉིས་ཏིང་འཛིན་ཟབ་མོའི་གནད་དང་ལྡན་པས་སྒྲུབ་པ་རྒྱུན་ཆགས་སུ་མཛད་པས། ཡི་དམ་ལྷས་ཞལ་གཟིགས་དང་རྟ་སྐད་འཚེར་བ་སོགས་མཆོག་ཐུན་གྱི་དངོས་གྲུབ་ཐོགས་མེད་དུ་གྲུབ་ཅིང་། སྒྲུབ་ཕུག་ནང་གི་སྟེང་ངོས་སུ་རྟ་མགྲིན་གྱི་སྐུ་གཟུགས་དང་བྲག་ངོས་ལ་སེམས་མ་ཡེངས་ཞེས་ཚར་མང་པོ་ཕྱག་མཛུབ་ཀྱིས་བྲིས་པ་ད་ལྷའང་མཇལ་རྒྱུ་ཡོད་པ་ཐོས། དེ་བཞིན་ཡིད་ལྷུང་བར་མཚོའི་སྒྲུབ་ཕུག་དང་། བ་སྒྱེས་རྡོ་ཁ། མ་ཎི་གད་འགོ་སོགས་སུ་ཐུན་བཞིའི་རྣམ་འབྱོར་ཆག་མེད་དང་བར་སྐབས་རྣམས་སུ་མཉམ་བཞག་ཆུ་བོ་རྒྱུན་གྱི་ཏིང་འཛིན་ཟབ་མོའི་གདེང་དང་མ་བྲལ་བར་ལྷ་སྐུ་གཟུངས་སྔགས་མང་པོ་རྡོ་བརྐོ་མཛད། དེ་དུས་ཙམ་ན་རྡོ་ལེབ་ནག་པོ་ཁྲུ་གང་བ་ཙམ་གྱི་ངོས་སུ་ཉང་གི་རྟ་ནག་རང་བྱོན་དུ་དོད་པ་གཏེར་བཞེས་མཛད་ཅིང་དེང་དུས་སྟག་རོང་འཆི་མེད་དབང་ཕྱུག་ཚང་ལ་བཞུགས་ཟེར། སྐུ་ཚེའི་སྨད་དགུང་ལོ་བདུན་ཅུ་ཙམ་ལ་སོན་སྐབས་འཕགས་མཆོག་ཕྱག་ན་པད་མོའི་བྱིན་གྱིས་བརླབས་པའི་གནས་ཡི་གེ་དྲུག་མ་རང་བྱོན་དུ་དོད་པས་མ་ཎི་གད་འགོ་ཞེས་གྲགས་པའི་ས་ཆ་རུ། སྐུ་སྲས་རྡོ་བླ་ཚེ་རིང་དགེ་དང་རིག་མ་ཚེ་རིང་མཁའ་འགྲོ་བཅས་སྦྲ་ཆུང་ཞིག་ཕུབ་སྟེ་ཡུན་རིང་ཙམ་བཞུགས། ཉིད་ཀྱིས་གུ་རུ་རིན་པོ་ཆེའི་སྐུ་བརྙན་ཞིག་རྡོ་ལ་བརྐོས་པ་སྒྲུབ་རྟེན་བྱས་ནས་བསམ་ལྷུན་འབུམ་ཐེར་གཅིག་གསུངས། དེ་རྗེས་གཟུངས་སྔགས་འགའ་རྡོ་ལ་རྐོ་ཚུལ་མཛད་ཀྱང་ཡིག་འབྲུ་རེ་ཉིན་ཁ་ཤས་ལ་རྐོ་མ་ཐུབ་པ་དང་། འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་འདྲེས་པས་ཏིང་ངེ་འཛིན་ལས་གཞན་གྱིས་ཆེད་དུ་བསླང་བ་མ་བྱས་ཚེ་མཉམ་བཞག་གཅིག་གི་ངང་ལ་སང་ངེར་བཞུགས་པ་བྱུང་། དགུང་གྲངས་བདུན་ཅུ་རྩ་བཞི་བཞེས་པ་སྤྱི་ལོ་༡༩༥༤ལོར། ཇི་སྐད་དུ། གནས་ཆེན་མ་ཎི་གད་འགོ་ནསཿ སྟག་རོང་དཔོན་པོ་འཇའ་ལུས་འགྲུབཿ ཞེས་གཏེར་སྟོན་པདྨ་བསྟན་འཕེལ་དང་། གར་དབང་ཐེག་མཆོག་གླིང་པ། ཉག་རོང་གཏེར་སྨྱོན་སོགས་ཀྱི་དགོངས་དབྱངས་གཅིག་གིས་ལུང་བསྟན་པ་ལྟར་འཇའ་ལུས་ཆོས་སྐུའི་གོ་འཕང་མངོན་དུ་མཛད་པ་སྟེ། ཐོག་མར་སྐུ་ཅུང་ཟད་སྙུན་ཚུལ་ལྟ་བུས་གར་དབང་ཐེག་མཆོག་གླིང་པ་མཁྱེན་ཞེས་ཡང་ཡང་གསུངས་ཏེ་བཞུགས། མི་ཁ་ཤས་ནང་དུ་སོང་ཚེ་ཡར་བཞེངས་ནས་ང་མི་རེད་བསམ་ཁུ་དང་ལྷ་རེད་བསམ་ཁུ་སོགས་གསུངས་ནས་གར་འཁྲབ་པ་མཛད། ཉིན་ཁ་ཤས་ཀྱི་རྗེས་ཞི་བར་གཤེགས་ཚེ་འཇའ་ལུས་སུ་གཤེགས་སྙམ་པ་ལྟ་ཞོག་བླ་སེར་སྤྱིར་བཏང་བ་ལ་འོས་པའི་གདུང་ཆོས་ཀྱང་མ་བྱས་པར་ཕལ་བའི་སྐྱེ་བོ་ལྟར་ཕྱར་བ་ཞིག་གིས་བཀབ་ནས་བཞག ཞག་གསུམ་ཉིན་ཨོ་གུར་སྤྲུལ་སྐུ་གདན་དྲངས་པ་ན་ཁོང་གིས་དེ་རིང་རྣལ་འབྱོར་པ་ཞིག་སངས་རྒྱས་གསུངས་ནས་ཁྲུས་ཆོག་མ་གསུང་པར་ཚོགས་འཁོར་རྒྱས་པ་ཞིག་ཕུལ། དེ་སྐབས་ཙམ་ནས་ཉིན་རེ་ཕྱར་བ་ཇེ་དམའ་རུ་ཕྱིན་པ་ལྟ་བུ་མཐོང་ཡང་སུས་ཀྱང་ཡིད་འཇོག་མ་བྱས། ལྷ་རྒྱལ་དགོན་གྱི་བླ་མ་ཨོམ་ཛི་སང་གདན་དྲངས་སྐབས་ཁྲུས་གསོལ་རྒྱས་པ་ཞིག་མཛད་ནས་ཕེབས། ཞག་བདུན་ཕྲག་གཅིག་གི་མཚམས་ནས་སྦྲ་ཁྱིམ་གྱི་ནང་དུ་འཇའ་དཀར་སེར་དམར་ལྗང་མཐིང་ག་སོགས་ཁ་དོག་སྣ་ཚོགས་པས་ཁྱབ་ཅིང་སྐུ་གདུང་སྔ་དྲོ་ནས་ཕྱི་དྲོའི་བར་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཏེ་མཐར་སྐྲ་སེན་ཙམ་ལས་མ་ལུས། དེ་འཕྲལ་འཇའ་ལུས་སུ་གཤེགས་པ་ཡིན་མིན་གྱི་གཏམ་ཕྱོགས་དེའི་ཡུལ་དཔོན་བྱ་རྒོད་སྟོབས་ལྡན་པས་ཐོས་མ་ཐག་དཔོན་འཁོར་འགའ་འབྱོར། སྐྲ་སེན་ཡོངས་བུམ་གཏེར་ཞིག་ཏུ་བཅུག་ནས་དར་ཚོན་སྣ་ལྔས་ཁ་བཅད་པ་བཀའ་ཐམ་གྱི་རྒྱ་ཡིས་བཏབ་སྟེ་གདུང་མཆོད་ཀྱི་ཡུལ་དུ་བཞུགས་སུ་གསོལ། གཡག་ཟེ་དགོན་གཙོས་རྒྱ་རོང་དང་། ཨོ་གུར། རྩ་ཤུལ་དགོན་སོགས་ཀྱིས་ཚོགས་མཆོད་རྒྱ་ཆེན་ཕུལ། བྱ་རྒོད་དཔོན་ནས་རྫོགས་ཆེན་དང་རྫོང་སར་སོགས་སུ་བང་མི་བཏང་སྟེ་འཇའ་ལུས་སུ་གཤེགས་པ་ཡིན་མིན་བཀའ་འདྲི་ཕུལ་བར་མངོན་སུམ་རྩོད་མེད་ཡིན་པའི་ཐུགས་ཐག་ཆོད། རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། སྐུ་ཞབས་དགེ་མང་སྤྲུལ་སྐུ། མཁས་གྲུབ་ངག་དབང་ནོར་བུ་སོགས་གདན་ས་འདིའི་མཁན་སྤྲུལ་སྐྱེས་ཆེན་དག་ཆེད་དུ་ཕེབས་ཏེ་ཚོགས་མཆོད་ཐུགས་སྨོན་གནང་། དེ་རྗེས་ལྷག་མའི་སྐྲ་སེན་རྣམས་ཆ་ལྔ་ལ་བགོས་ཏེ་ཆ་གཅིག་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་ཕུལ་བ་དང་། ཆ་གཅིག་རྫོགས་ཆེན་སྐྱབས་མགོན་ལ་ཕུལ། ཆ་གཅིག་བྱ་རྒོད་དཔོན་པོ་རང་གིས་བདག་ཏུ་བཟུང་། ཆ་གཅིག་བླ་མ་ཚེ་རིང་དགེ་ལ་ཕུལ། ཆ་གཅིག་རིག་མ་ཚེ་རིང་མཁའ་འགྲོ་ལ་བཞག་ཅིང་། དུམ་བུ་ཕྱི་མ་འདི་ཕྱིས་སུ་གཡག་ཟེ་མཁན་པོ་བསོད་ནམས་རིན་ཆེན་མཆོག་གི་ཕྱག་ཏུ་འབྱོར་བས་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་མཆོད་རྟེན་མཚད་ཉིད་དང་ལྡན་པ་བཞེངས་པའི་ནང་རྟེན་དུ་བཞུགས་སུ་གསོལ་བར་མཛད་དོ། །

[༦༦] རྫ་སྟོད་ལྕང་མའི་མཁན་ཆེན་ཐུབ་བསྟན་ཆོས་འཕེལ།

ཨོ་རྒྱན་བསྟན་འཛིན་ནོར་བུ་དང་མཁན་ཆེན་ཡོན་ཏན་རྒྱ་མཚོ་སོགས་ཀྱི་ཐུགས་སྲས་ཞལ་སློབ་རྫ་སྟོད་ལྕང་མའི་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལམ། རྫ་སྟོད་ཡུལ་གྱི་ངག་རྒྱུན་དུ་ཐུབ་དགའ་ཡིད་བཞིན་ནོར་བུ་ཞེས་གྲགས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་གང་ཉིད་ནི། གསེར་ལྡན་ཟླ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་སྟོད་རྒྱུད་རི་དབང་ཆེན་པོ་རྡོ་རྗེ་འཕན་ཕྱུག་གིས་བསྲུང་བའི་གནས་མཆོག །འབྲོག་ཐང་མེ་ཏོག་གི་དོ་ར་ཉམས་དགའ་བ་བཱ་ཐུར་ཞེས་གྲགས་པའི་མིག་སྨན་ཐིག་ལེའི་རུ་གྲོང་དུ། སྤྱི་ལོ་༡༨༨༦པ་སྟེ་མི་ཟད་ཅེས་པ་མེ་ཕོ་ཁྱི་ཡི་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་དགའ་བ་དང་པོའི་ནམ་ལངས་ཡོས་ཀྱི་ཆ་ལ། ཡབ་དགེ་རྩེའི་རིགས་ལས་བཱ་ཐུར་ཉི་མ་དོན་གྲུབ་དང་། ཡུམ་སེར་ཤུལ་བཟའ་ཆུང་དགའ་གཉིས་ཀྱི་སྲས་སུ་མཚན་དཔེའི་མེ་ཏོག་གསར་དུ་བཞད། དང་པོ་ཉིད་ནས་དད་དང་ངེས་འབྱུང་སྐྱེས་ཐོབ་ཀྱི་ཤེས་རབ་སོགས་དམ་པའི་ཡོན་ཏན་མ་ཚང་བ་མེད་པ་ཙནྡན་ལ་དྲི་བསུང་བཞིན་རང་ཆས་སུ་མངའ། དགུང་གྲངས་བཅུ་གཅིག་པར་རྫ་རྒྱལ་དགོན་ཕུན་ཚོགས་ནོར་བུའི་གླིང་དུ་བསྟན་སྒོར་ཞུགས་ཤིང་ཡི་གེ་འབྲི་ཀློག་སོགས་ལ་སྦྱང་བར་མཛད། རྗེ་དབོན་མཁས་པ་ཆེན་པོ་གུ་ཎའི་མཚན་ཅན་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་དངོས་པོར་བསྒྲུབས། དགུང་གྲངས་ཉེར་བཞི་པར་མཁས་མཆོག་ཡོན་ཏན་རྒྱ་མཚོས་དབུས་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསྙེན་པར་རྫོགས་པས་ཐུབ་བསྟན་ཆོས་འཕེལ་ཞེས་མཚན་གྱི་ཅོད་པཎ་དཔྱངས།དེ་ནས་བཟུང་སྐུ་ཚེ་ཧྲིལ་པོར་ཉེས་ལྟུང་ཕྲ་མོས་ཀྱང་གོས་པ་མེད་པ་འཕགས་པའི་ཡུལ་གྱི་ཉེ་བ་འཁོར་སླར་ཡང་བྱོན་པ་ལྟར་འདུལ་འཛིན་གསེར་རིའི་ཕྲེང་བའི་དབུས་ན་རི་དབང་ལྟར་མངོན་པར་འཕགས་པའི་རྣམ་ཐར་བདག་གིར་བཞེས། དགེ་མང་དགོན་ལྷུན་གྲུབ་བདེ་ཆེན་གླིང་གི་དབེན་ཁྲོད་དུ་བགྲང་བྱ་མང་པོའི་རིང་མཁས་མཆོག་ཡོན་ཏན་རྒྱ་མཚོ་དང་། གཞན་ཕན་ཆོས་ཀྱི་སྣང་བ། ཀུན་བཟང་ཆོས་ཀྱི་གྲགས་པ་སོགས་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་རིག་གནས་དང་བཅས་པའི་གསན་བསམ་མཐར་ཕྱིན་མཛད། མཚམས་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ་དང་། མུ་ར་པདྨ་བདེ་ཆེན་བཟང་པོ་སོགས་རྡོ་རྗེ་འཛིན་པོ་ཆེན་པོ་རྣམས་ལས་སྔ་འགྱུར་བཀའ་གཏེར་སྤྱི་དང་། ཁྱད་པར་གསང་བ་སྙིང་ཐིག་གི་སྨིན་གྲོལ་གདམས་ཁྲིད་ཆིག་རྫོགས་སུ་གསན་ཞིང་ཉམས་ལེན་མཐར་ཕྱིན་མཛད་པས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། དེ་ནས་རྗེ་ཉིད་དགུང་གྲངས་ཞེ་བདུན་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་གྱི་ལོའི་དམར་ཕྱོགས་དགའ་བ་དང་པོའི་གྲལ་ཚེས་ལ། རྫ་སྟོད་ལྕང་མ་རི་ཁྲོད་ཅེས་སྔོན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། དེའི་ཐུགས་སྲས་ཨོ་རྒྱན་བསྟན་འཛིན་ནོར་བུ། སྨྱོ་ཤུལ་ལུང་རྟོགས་བསྟན་པའི་རྒྱལ་མཚན། བྱ་བཏང་ཀུན་དགའ་དཔལ་ལྡན་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་དབེན་གནས་དེ་ཉིད་དུ་ལྕང་མ་རི་ཁྲོད་བསམ་གཏན་དར་རྒྱས་གླིང་གི་ཆོས་སྡེ་ཕྱག་བཏབ། དེ་ནས་བཟུང་དབུས་གཙང་ཁམས་གསུམ་སོགས་ས་ཆ་ཡུལ་གྲུ་མང་པོ་ནས་ཕེབས་པའི་གྲུབ་མཐའ་རིས་མེད་ཀྱི་ཆོས་དོན་གཉེར་བའི་སློབ་ཚོགས་འདུས་པ་བརྒྱ་ཕྲག་ལོངས་པ་ལ། མ་གི་འདུལ་བ་ཀཱ་རི་ཀ་ནས་ཡ་གི་རྒྱུད་རྒྱལ་གསང་བ་སྙིང་པོའི་བར་གྱི་མདོ་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་སོ་སོའི་བློ་ཚོད་དང་མཐུན་པར་གསུངས་ཤིང་། ཁྱད་པར་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཕྱག་སྲོལ་ལྟར་བྱང་ཆུབ་ལམ་གྱི་རིམ་པ་གཙོ་བོར་སྟོན་པའི་སྤྱོད་འཇུག་དང་། རིམ་དགུའི་ཐེག་པའི་ཟབ་གནད་སྟོན་པ་སྒྱུ་འཕྲུལ་གསང་བ་སྙིང་པོ་གཉིས་ལ་འཆད་སྤེལ་གཙོར་འདོན་མཛད་པས་ཕྱོགས་ཀྱི་མཁས་དབང་རྣམས་ཀྱིས་བསྔགས་པའི་མེ་ཏོག་འཐོར། ཐུབ་ཚུལ་དྲི་མ་མེད་པའི་རིང་ལུགས་འཛིན་པ་ལ་དཔེ་ཆ་བལྟ་བ་དང་སྡོམ་པ་བསྲུང་བ་སྟེ་བལྟ་བསྲུང་གཉིས་སུ་མ་འདུས་པ་མེད་ཅེས་གསུངས་ནས་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པའི་ཕྲིན་ལས་ཀྱིས་ཕྱི་མའི་མཐར་ཡང་ཉམས་པ་མེད་པར་སྤེལ། རྗེ་ཉིད་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལས་འདའ་བ་མེད་པ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་ལྟར་བྱ་བཏང་ཁོ་ན་མཛད་དེ་བཞུགས་པས་ཞལ་སློབ་ཀྱི་རིགས་སུ་གཏོགས་པ་ཐམས་ཅད་འདོད་ཆུང་ཆོག་ཤེས་ལ་གོམས་པ་ཤ་སྟག་བྱུང་། ཕྱོགས་དེའི་ཁྱིམ་པ་རྣམས་ལ་བདེ་ཆེན་ཞིང་སྒྲུབ་དང་མ་ཎི་སིདྡྷི་སོགས་ཀྱི་བསགས་སྦྱང་དང་། རྔོན་དང་རྐུ་ཇག་སྤངས་པ་སོགས་དགེ་བའི་ལས་ལམ་ལ་བཙུད་པས་ཡུལ་ཁམས་དཀར་པོར་སྒྱུར་པའི་འབྲེལ་ཚད་དོན་ལྡན་མཛད། གསུང་སྐྱེས་ཐུགས་སྲས་ཀྱི་ཐུ་བོ་གྲུབ་དབང་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། མཁན་ཆེན་ཡོན་ཏན་མགོན་པོ། མཁན་པོ་ཚུལ་ཁྲིམས་བློ་གྲོས། མུ་ར་པདྨ་ནོར་བུ། བུ་རྒྱུད་ལྷ་བ་སྤྲུལ་སྐུ། མཆོག་ཚང་མཁན་པོ་རྒྱ་མཚོ། དིལ་མཁྱེན་རབ་གསལ་ཟླ་བ། གསེར་རྟའི་མཁན་ཆེན་འཇིགས་མེད་ཕུན་ཚོགས། ཨ་རིག་མཁན་པོ་པདྨ་ཚེ་དབང་། རྫ་རྒྱལ་མཁན་པོ་ཐུབ་བེ། རྨེ་བ་འཇམ་དཔལ། མཚམས་སྤྲུལ་ཐུབ་བསྟན་རྡོ་རྗེ། མཁན་པོ་འབུམ་ཐར། ཀཿཐོག་བླ་མ་བཀྲ་ཤིས། མགོ་ཚྭ་མཁན་པོ་ཉི་མ་རྒྱ་ལོ། ཀཿཐོག་རྨོག་ཚ། བཱ་ཐུར་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་སོགས་མཁས་ཚུལ་གཉིས་ལྡན་གྱི་སྐྱེས་བུ་གྲངས་ལས་འདས་པ་བྱོན་ཞིང་། དེ་དག་གི་ཕྲིན་ལས་ཆོས་བརྒྱུད་ཀྱིས་དེང་གི་དུས་སུ་བོད་ཁམས་སྤྱི་དང་འབྲས་འབྲུག་སོགས་ཕྱི་ཡི་ཡུལ་གྲུ་དུ་མར་ཁྱབ་ཅིང་འཕེལ་བ་ནི་དམ་པ་གང་གི་ཐུགས་བསྐྱེད་ཀྱི་བདེན་སྟོབས་བསམ་མི་ཁྱབ་པའི་མཐུ་ལས་བྱུང་བ་གདོན་མི་ཟའོ། །དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་ནས་དགུང་གྲངས་བདུན་ཅུ་རྩ་གཅིག་བཞེས་པ་རབ་བྱུང་བཅུ་དྲུག་པའི་གདོང་ངན་ཞེས་པ་མེ་ཕོ་སྤྲེལ་གྱི་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་སྟོང་པ་དང་པོའི་ཉི་ནུབ་ཀྱི་ཆ་ལ། ནམ་མཁའ་ནས་སྒྲ་དང་བཅས་སེང་གེ་གཟིམས་སྟབས་ཀྱིས་ཐུགས་ཆོས་སྐུའི་དགོངས་པ་འོད་གསལ་གདོད་མའི་གཞི་དབྱིངས་སུ་ཐིམ་ཞིང་། གཟུགས་སྐུའི་མཆོད་སྡོང་ཉིད་ཞུགས་ལ་སྦྱང་ཚེ་ནམ་མཁའ་སྒྲ་འོད་ཀྱིས་གང་ཞིང་འཇའ་སྤྲིན་འཐིབ་པ་དང་། དབུ་ཐོད་འཕར་བ། ཆར་ཟིམ་བབ་པ་སོགས་ངོ་མཚར་བའི་རྟགས་དུ་མ་སྐལ་ལྡན་གདུལ་བྱ་རྣམས་ཀྱི་དད་པའི་གསོས་སུ་ཐོས་པ་དང་མཐོང་བར་ནུས་པའི་ཐ་མའི་མཛད་པ་བསྟན་ཏེ་ཡི་རང་བར་བྱས་སོ། །

[༦༧] གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ།

ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཞལ་སློབ་ངེས་པ་དོན་གྱི་རྣལ་འབྱོར་པ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ནི། གཏེར་ལུང་དུ་མ་ལས་བཱི་མ་དང་གཡུ་སྒྲའི་རྣལ་རོལ་ཏུ་བསྔགས་ཤིང་། རྗེ་ཉིད་ཀྱིས་རྡོ་བླ་འཇིགས་མེད་སྐལ་བཟང་གྱི་བག་ཆགས་སད་པའི་ཞལ་བཞེས་གནང་། ཞིང་འདིར་གདུལ་བྱའི་སྣང་ངོར་སྐྱེ་སྲིད་ཇི་ལྟར་བཞེས་པའི་ཚུལ་ནི། བོད་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་ཏེ་སྤྱི་ལོ་༡༨༧༢ལོར་ཡབ་ཁྱི་ཤུལ་བཀྲ་ཚེ་དང་། ཡུམ་ཨ་འཛི་བཟའ་བ་ལོ་གཉིས་ཀྱི་སྲས་སུ་མདོ་སྨད་རྒྱལ་མོ་དངུལ་ཆུའི་ཀླུང་ཆེན་མོ་མདུན་ནས་འབབ་པའི་འབྲོག་ཐང་མེ་ཏོག་གི་དོ་ར་ཉམས་དགའ་བ་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་ལྷ་སྡེ་གཡུ་ཁོག་ཏུ་གྲགས་པའི་ཡུལ་དུ་སྐུ་བལྟམས། སྐུ་ན་སོན་ནས་ཧོར་བླ་གཞན་ཕན་འོད་ཟེར་གྱིས་ཀློག་བསླབས་པ་སོགས་བཀའ་དྲིན་གྱིས་བསྐྱངས་ཤིང་ཀུན་བཟང་གཞན་ཕན་མཐའ་ཡས་ཞེས་མཚན་གསོལ། དགུང་གྲངས་བཅུ་གཅིག་བཞེས་པ་ཙམ་ན་རྗེ་དེ་ཉིད་ཀྱིས་ལུང་བསྟན་ཏེ་གསེར་སྨད་ལྷ་རྩེ་གྱང་ཁང་རི་ཁྲོད་དུ་བླ་མ་སངས་རྒྱས་དཔལ་ལྡན་མཇལ་དུ་བྱོན། བླ་མས་ཆོས་ཉིད་སྟོང་པ་ཆེན་པོ་ཀ་དག་གི་ལྟ་བ་ངོ་སྤྲད་པས་རྟོགས་པའི་རང་ཞལ་མཇལ། དེར་སྒྲུབ་གྲྭ་པ་རྣམས་ལ་ཁྱོད་ཚོས་ཅི་སྒོམ་གྱིན་ཡོད། སྟོང་ཉིད་ཟེར་བ་གང་ཡིན་ཞེས་རྩོད་པ་མཛད་ཅིང་། གྲོང་དགོན་སྤེལ་མ་ཡི་ཁྲོད་དུ། །གནས་ཉམས་འཐུག་པོ་ཡི་མལ་དུ། །ཉམས་ཞེན་རོ་མྱོང་ལ་ཆགས་པའི། །ངལ་བ་དོན་མེད་ཀྱི་སྒོམ་ཆེན། །ཨ་འཐས་བདེན་ཞེན་གྱི་འཆིང་བས། །རང་རྒྱུད་བསྡམ་པ་དེ་ཨེ་གོ། སོགས་ལྟ་མགུར་སྣ་ཚོགས་མཛད། སྐབས་ཤིག་མཚམས་རྒྱགས་ཀྱི་ཆེད་དུ་རྡོ་ཁོག་ཏུ་ཕེབས་སྐབས་རྡོ་ཆུ་བརྒལ་སྐབས་རྫིང་ལ་བཞུགས་ཏེ་བྱོན་པ་ན། གློ་བུར་དུ་རླུང་གི་འཚུབ་དྲག་པོས་ཆུ་བོའི་རླབས་བསྐྱོད་དེ་གྲུ་རྫིང་འཐོར་ལ་ཁད་དང་སྟེང་འོག་སྒྱུར་ལ་ཁད་ཙམ་བྱུང་བ་དང་། ཡང་རྡོ་དགྲ་བླ་ཟེར་བའི་ས་རོང་རྩུབ་མོའི་འཕྲང་ཆེན་བརྒྱུད་སྐབས་གཟིག་མ་བུ་གསུམ་གྱིས་དེད་པ་སོགས་འཇིགས་པ་དུ་མ་བྱུང་སྐབས་ཧོར་བླ་མ་གཞན་ཕན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་ཐར་ཐུབ་པ་བྱུང་བ་དང་། ལན་གཅིག་ཆོས་རྗེ་འདིས་ཞལ་གཟིགས་གནང་སྟེ་རིགས་ལྔའི་ཕྱག་མཚན་ཞིག་གནང་ནས་སྒྲ་སྒྱུར་མར་བའི་གདན་ས་ལྷོ་གྲོ་བོ་ལུང་དུ་ཕེབས་པའི་དུས་ལ་བབ་པ་ཡིན་ཞེས་ལུང་བསྟན་བསྩལ་བ་བཅས་ཀྱིས་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་འཛིན། སྐབས་ཤིག་རྗེ་བཙུན་མི་ལའི་རྣམ་མགུར་ཞིག་ལ་གཟིགས་པས་ཉིན་ཞག་ལྔ་ཙམ་ལ་ཚོགས་དྲུག་གི་སྣང་བ་གཏད་མེད་དུ་སོང་ནས་ཅིར་སྣང་སྒྱུ་མའི་རོལ་གར་ལྟ་བུའི་ཉམས་སྣང་བྱུང་ཞིང་རྟོགས་པའི་ན་འཕར། རེ་ཞིག་ན་གསེར་སྟོད་ཕྱོགས་སུ་ཕེབས་ཏེ་ལྕགས་ཀོང་གཏེར་ཆེན་གྱི་ཆོས་སྒར་དུ་འབྱོར། ཡུན་རིང་ཙམ་སྐུ་མདུན་དུ་བཅར་ས་མ་རྙེད་པས་ཐུགས་སྐྱོ་སྣང་ཕྲན་བུ་བྱུང་གསུངས། ཉིན་གཅིག་གཏེར་ཆེན་རིན་པོ་ཆེ་ཐང་སྟོང་ཞིག་ཏུ་གུང་གསེང་ལ་བཞུགས་ཡོད་པའི་མདུན་དུ་བཅར་སྐབས། ཁྱོད་གང་ནས་འོང་སོགས་དྲི་བ་མཛད་པར། འཁྲུངས་ཡུལ་ལོ་རྒྱུས་སོགས་ཇི་བཞིན་ཞུས། ཁྱོད་ཀྱིས་ཅི་ཤེས་གསུངས་པར། ངས་སྟོང་ཉིད་ཤེས་ཞུས་པས། སྟོང་ཉིད་སུ་རེད། ག་ན་ཡོད་གསུངས། ཆོས་ཐམས་ཅད་སྟོང་ཉིད་རེད་ཞུས་པས། གྲི་ཡུ་ཕྱག་ཏུ་བཅིངས་ཏེ་ཤུབས་རྡེབ་མཛད་ནས་བཀའ་བཀྱོན་བཅས་ཁྱོད་ངའི་རྩར་མ་སྡོད་སོང་ཞིག་གསུངས། ཡང་ཅུང་ཙམ་ཐུགས་བསམ་བཞེངས་ནས་ཁྱོད་ཀྱི་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམས་འབྲུག་པའི་མདུན་སོང་གསུངས་ནས་ལམ་གྲོ་ཕྲན་བུ་གསོལ་རས་བསྩལ། ཨ་འཛོམས་འབྲུག་པའི་མཚན་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོས་ཤིང་མོས་གུས་ཚད་མེད་པ་འཁྲུངས། དེ་ནས་ལམ་ཐག་རིམ་བགྲོད་ཀྱིས་དཀའ་ཚེགས་མང་པོ་མྱོང་བའི་རྗེས་འབྲུག་པའི་ཆོས་སྒར་དུ་ཕེབས། བླ་མ་མཇལ་བ་ཙམ་གྱིས་དད་པ་མོས་གུས་ཚད་མེད་པ་འཁྲུངས་ཏེ་ཉམས་དང་རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེས། བླ་མས་རང་བཞིན་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་མངོན་སུམ་རང་གནད་དུ་གཏན་ལ་ཕབ་སྟེ་ཉམས་མྱོང་དམར་ཁྲིད་དུ་གསུངས། བླ་མའི་བཀའ་བཞིན་སྙིང་པོ་དོན་གྱི་སྒྲུབ་པ་ལ་གཞོལ་ནས་རིག་པ་རྐྱང་དེད་ཀྱི་ལམ་ལ་བརྩོན་པས་རང་བཞིན་རྫོགས་པ་ཆེན་པོའི་རྟོགས་པའི་གདེང་ཚད་མངོན་དུ་གྱུར་པས་རྗེའི་ཞལ་ནས། འདི་ནི་འཇིགས་མེད་རྒྱལ་བའི་མྱུ་གུ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བར་བརྒྱུད་པའི་གདམས་པ་ཟམ་མ་ཆད་པ། དབྱིངས་ཀྱི་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི་གྲུབ་བརྙེས་རིག་འཛིན་སྟོང་གི་ཐུགས་བཅུད་ཡིན་པས་ཉམས་ལེན་རྒྱུན་སྤེལ་གང་ཐུབ་གནང་དགོས་ཞེས་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར། དེ་ནས་གསེར་སྨད་རེ་ནང་ཞེས་པའི་དབེན་གནས་སུ་ཕེབས་ཏེ་རྗེ་བཙུན་མི་ལའི་དཀའ་སྤྱད་ལྟར་མཛད་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ཡུན་རིང་བཞུགས་པས་གྲུབ་པའི་འབྲས་བུ་མཐར་ཕྱིན། སླར་ཡང་ཁྲོམ་ཁོག་ཏུ་བླ་མའི་དྲུང་དུ་ཕེབས་ནས་རྟོགས་འབུལ་ཞུས་པས་ཐུགས་དགྱེས་པ་ཆེན་པོས་ད་ནི་རང་ཡུལ་ཕྱོགས་སུ་སོང་ལ་འཁོར་སློབ་སྐྱོང་བའི་དུས་ལ་བབ་འདུག་ཅེས་དབུགས་དབྱུང་གཟེངས་བསྟོད་བསྩལ། རྗེ་གང་གི་ལུང་བསྟན་ལས་རི་བོ་དུང་དཀར་གྱི་དབྱིབས་དང་འདྲ་བའི་གནས་སུ་གདན་ས་མཛོད་གསུངས་པ་ལྟར་རང་ཡུལ་དང་ཉེ་བའི་གསེར་སྨད་ཡག་ཡེ་སྒང་དུ་ཕེབས་ནས་ཆོས་སྒར་བཏབ་ཅིང་སྐུ་ཚེ་ཧྲིལ་པོར་བཞུགས། ཉག་གཏེར་ལས་རབ་གླིང་པ་ལ་ཁྱེད་ཀྱིས་རྡོ་གྲུབ་བསྟན་ཉི་མའི་མདུན་ནས་སྙིང་གི་མན་ངག་དཀའ་གནད་དང་། བསྐྱེད་རྫོགས་ཀྱི་ཟབ་གནད་རྣམས་ཞིབ་ཏུ་གསན་ཏེ་ཕྲན་ལ་གསུངས་དགོས་ཞུས་པ་བཞིན་ཉག་གཏེར་ལས་བརྒྱུད་དེ་རྡོ་གྲུབ་བསྟན་པའི་ཉི་མའི་གསུངས་རྒྱུན་རྣམས་རྫོགས་པར་གསན། བྱང་མགོ་ལོག་ནས་སྨད་རྒྱ་ནག་གི་བར་ཡུལ་གྲུ་སོ་སོ་ནས་སློབ་ཚོགས་འདུས་པ་རྒྱ་ཆེན་བྱུང་སྟེ་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། སློབ་ཚོགས་ཐམས་ཅད་ལ་སོ་སོའི་རྒྱུད་ཚོད་བསྟུན་པའི་ངོ་སྤྲོད་མཛད་པས་མཆོག་དམན་ཀུན་ཀྱི་རྒྱུད་ལ་རྟོགས་པ་སྐྱེས། རྒྱུད་འཛིན་ཞལ་སློབ་ཀྱི་གཙོ་བོ་ནི། རྭ་སྐོར་དྲི་མེད་འོད་ཟེར་དང་། རྡོ་བ་མཆོག་ལྡན་ཏེ་རྟོགས་པ་མཆོག་ལྡན་གྱི་གང་ཟག་གཉིས་དང་། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། གཏེར་སྟོན་ལས་རབ་གླིང་པ། རྡོ་གྲུབ་ཕྲིན་ལས་དཔལ་འབར། བདག་གི་སྐྱབས་རྗེ་བླ་མ་ཆོས་དབྱིངས་ཁྱབ་བརྡལ། ཀཿཐོག་མཁན་ཆེན་ནུས་ལྡན། མཁན་པོ་ཆོས་ཉིད་སྟོང་གསལ། རྒྱལ་རོང་བརྩོན་འགྲུས། འཇའ་ལུས་པ་གྲོང་སྟོད་ཕུར་པ་སོགས་སྙིང་པོའི་བསྟན་འཛིན་དུ་མ་བྱོན། དེ་བཞིན་གསུང་ཆོས་ལྗགས་རྩོམ་གནང་བའི་སྐོར་ལ། སྔོན་འགྲོ་ཀུན་བཏུས། ཀུན་བཟང་ཞལ་ལུང་དང་ཡེ་ཤེས་བླ་མའི་ཟིན་བྲིས་སོགས་རྫོགས་ཆེན་གྱི་སྐོར་སྣ་ཚོགས་དང་། གསུང་མགུར་ཞལ་གདམས་ཡང་དུ་མ་བཞུགས། མཐར་དགུང་གྲངས་བརྒྱད་ཅུ་གྱ་གཅིག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ཟླ་བ་དང་པོའི་ཚེས་ཉེར་གཉིས་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། །

[༦༨] ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ།

ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་མཁན་ཆེན་ཐུབ་བསྟན་སྙན་གྲགས་སོགས་ཀྱི་ཐུགས་སྲས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་ནི། སྤྱི་ལོ་༡༨༩༦པ་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་ལོར་ཡབ་ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་། སྐྱེད་ཡུམ་མཁའ་འགྲོ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་རིགས་སྲས་སུ་ངོ་མཚར་བའི་རྟགས་སྣང་བཅས་སྐུ་བལྟམས། མཁྱེན་གཟིགས་སྐྱེས་ཆེན་དུ་མས་རིག་འཛིན་གཏེར་བདག་གླིང་པའི་སྐུ་སྐྱེ་ཡིན་ཞེས་མཚན་འགྱུར་མེད་རྡོ་རྗེར་གསོལ། ཀུན་མཁྱེན་རོང་ཟོམ་པ་དང་། གཏེར་ཆེན་ཤེས་རབ་འོད་ཟེར། དཔལ་ཡུལ་ཀུན་བཟང་ཤེས་རབ་སོགས་ཀྱི་སྔོན་རབས་དུ་མ་ཐུགས་ལ་གསལ། ཡབ་རྗེ་རིག་འཛིན་ཆེན་པོ་དང་ཕེབས་བཞུགས་གང་གི་སྐབས་སུའང་འབྲལ་བ་མེད་པའི་སྐུ་བཅར་བ་མཛད་དེ་བཞུགས་པའི་ཞལ་སྔ་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་ནས་དངོས་གཞི་ཁྲེགས་ཆོད་ཐོད་རྒལ་བར་གྱི་མྱོང་ཁྲིད་དང་། ལྕེ་བཙུན་སྙིང་ཐིག རྗེ་གང་གི་ཟབ་གཏེར་དག་སྣང་སྙན་བརྒྱུད་ཐིག་ལེ་ཉེར་ལྔ་སོགས་གདམས་པའི་གསང་མཛོད་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་པས་ཐུན་མིན་ཐེག་རྩེའི་རྟོགས་པ་ཐུགས་ལ་འཁྲུངས། རྫོགས་ཆེན་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཡབ་རྗེ་བླ་མའི་སྐུ་དྲུང་དུ་རྫོགས་ཆེན་སྐོར་གྱི་གདམས་ཁྲིད་གསན་པར་ཕེབས་པ་ལས་ཕྱོགས་བཅུའི་མུན་སེལ་དང་། གསང་བདག་ཞལ་དགོངས་སོགས་གསང་བ་སྙིང་པོའི་སྐོར་གྱི་བཤད་ཁྲིད་རྒྱས་པར་གསན་ཏེ་སྒྲོ་འདོགས་བཅད་པས་རྒྱུད་སྡེ་སྤྱི་དང་སྒྱུ་འཕྲུལ་ལ་མཁས་པའི་རྩེར་སོན། གཞན་ཡང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁན་ཆེན་ངག་དབང་དཔལ་བཟང་། མཁན་ཀུན་བཟང་དཔལ་ལྡན་སོགས་ཡབ་རྗེ་བླ་མ་དང་ཟབ་ཆོས་ཀྱི་འབྲེལ་བ་ཟབ་པའི་སྐྱེས་ཆེན་མཁན་སྤྲུལ་རྣམས་ལས་བཀའ་གཏེར་གསར་རྙིང་གི་དབང་ཁྲིད་དང་། མདོ་སྔགས་རིག་གནས་དང་བཅས་པའི་གསན་པ་རྒྱ་ཆེར་མཛད་པས་ཕྱིས་དུས་སུ་སྨིན་གྲོལ་གདམས་ཁྲིད་ཀྱི་མཛོད་ལྟ་བུར་བཞུགས། ཡབ་རྗེ་རིག་འཛིན་ཆེན་པོ་སྐུ་གཤེགས་ཁར་སྐུ་གསུང་ཐུགས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ནས་དོན་བརྒྱུད་ཀྱི་བསྟན་པ་གཏད། མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་རྨད་དུ་བྱུང་ཞིང་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་མཐའ་རྒྱས་སུ་བསྐྱངས་པས་སྟོད་རྒྱ་གར་མན་ཆད། བལ་འབྲུག དབུས་གཙང་ཁམས་གསུམ། རྒྱ་ནག་པོའི་ཡུལ་གྲུ་ཡན་ཆད་ཀྱི་སློབ་ཚོགས་བརྒྱ་སྟོང་མང་པོ་འདུས་ཤིང་། ཉིན་རྟག་པར་རྒྱལ་སྲས་རིན་པོ་ཆེ་ནས་རྩ་བའི་ཆོས་ཁྲིད་མདོ་སྔགས་ཀྱི་གཞུང་བཤད་ཅི་རིགས་ཆག་མེད་མཛད་པ་དང་། ཟུར་དུ་མཁན་ཆེན་ཁག་རྣམས་ནས་འདུལ་མངོན་དང་། དབུ་ཚད། བྱམས་ཆོས་སོགས་ཀྱི་གཞུང་བཤད་ཆག་མེད་མཛད་པས་ཨ་འཛོམས་ཆོས་སྒར་ཞེས་ཡབ་རྗེ་བླ་མའི་སྐུ་རིང་ལས་ལྷག་པའི་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱས། དེ་བཞིན་བྱ་བ་ལས་ཀྱི་འཁོར་ལོ་གདན་ས་རང་དུ་ཡབ་རྗེའི་སྐུ་གདུང་ཁང་དང་། ཚོགས་ཆེན་འདུ་ཁང་ཆེན་མོ། པར་ཁང་། བླ་བྲང་གསེར་ཁང་ཆེན་མོ་སོགས་གསར་བཞེངས་མཛད་ཅིང་། དེ་དག་གི་ནང་རྟེན་དུ་སྐུ་གསུང་ཐུགས་རྟེན་རྩ་ཆེན་གྱི་རིགས་བརྒྱ་ཕྲག་མང་པོ། གསེར་དངུལ་བཀྲ་མའི་འབུད་དཀྲོལ་རྡུང་གསུམ་གྱི་མཆོད་རྫས་ཀྱི་རིགས་སྣ་ཚོགས་པ། དར་གདུགས་འཕན་སོགས་ཕྱི་ནང་གི་ཡོ་བྱད་མ་ཚང་བ་མེད་པ། ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་བཀའ་འབུམ་དང་། འཇིགས་གླིང་པོད་དགུ། ཡབ་རྗེ་བླ་མའི་གཏེར་གསར་སྐོར་སོགས་སྔ་འགྱུར་ཕྱོགས་ཀྱི་ཡིག་ཆ་དཀོན་རིགས་འཚོལ་སྡུད་དང་ཤིང་པར་དུ་རྐོ་བར་མཛད་པ་དང་། སྒྱུ་འཕྲུལ་ལམ་རིམ་ཆེན་མོའི་འགྲེལ་པ་དང་། མདོ་འགྲེལ། བཟང་སྤྱོད་འགྲེལ་པ་སོགས་གསུང་ཆོས་མང་པོ་ལྗགས་བརྩམས་མཛད། གུ་རུའི་ཞལ་གཟིགས་ཀྱིས་ཟབ་མོ་གཏེར་གྱི་ཁ་བྱང་མང་དུ་བབ་ཀྱང་། གཏེར་རྙིང་སྐྱོང་བ་ལས་གསར་འབེབས་ལ་ཐུགས་རྩོལ་ཆེར་མ་གནང་། ཐུགས་སྲས་ཞལ་སློབ་གཙོ་བོ་ཡབ་རྗེ་འབྲུག་པ་རིན་པོ་ཆེ་ཡང་སྲིད་ཐུབ་བསྟན་པདྨ་ཕྲིན་ལས། གོ་འཇོ་མཁར་ལེགས་སྤྲུལ་སྐུ། ཨ་རིག་མཁན་ཆེན་པདྨ་ཚེ་དབང་། ར་མགོ་མཆོག་སྤྲུལ། དཔལ་རི་མཁན་ཆེན། མཁན་པོ་དམ་ཆོས། མཁན་ཆེན་བློ་གྲོས། མཁན་པོ་མཁྱེན་རབ་སེང་གེ། མཁན་པོ་ཀརྨ་རྡོ་རྗེ་སོགས་མཁས་གྲུབ་དགེ་བའི་བཤེས་གཉེན་མཐའ་ཡས་པ་བྱོན། དེ་ལྟར་བསྟན་འགྲོ་ཡོངས་ཀྱི་མཛོད་པ་མཐའ་རུ་ཕྱིན་ནས་དགུང་གྲངས་དྲུག་ཅུ་རེ་གསུམ་བཞེས་པ་སྤྱི་ལོ་༡༩༥༩ལོར་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །

[༦༩] མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ།

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཐུགས་སྲས་མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་ནི། སྤྱི་ལོ་༡༨༩༠པ་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ས་ག་ཟླ་བའི་དུས་ཚེས་བཟང་པོ་ལ་ཡབ་རྒྱལ་སྲས་རིག་པའི་རལ་གྲི་དང་། ཡུམ་པདྨ་ཀུ་རུ་ཀུལླེ་གཉིས་ཀྱི་སྲས་སུ་མདོ་སྨད་ལྷ་སྒང་གི་ཉེ་ཆར་སྐྱིད་སྣང་ཞེས་པའི་སར་སྐུ་བལྟམས་པ་སྟེ། དང་པོ་ལྷུམས་སུ་ཞུགས་ཚེ་ཡུམ་གྱི་རྨི་ལམ་དུ་དཔལ་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་མཇལ་ཞིང་རྡོ་རྗེའི་གཤོག་སྒྲས་གཉིད་ལས་བསླངས་པ་དང་། ཉིན་མཚན་ཀུན་ཏུ་ལྷ་སྔགས་ཏིང་འཛིན་འབྱམས་སུ་ཀླས་ཤིང་སྐུ་ལུས་སྔར་བས་ཡང་པ་སོགས་ཁྱད་པར་དུ་འཕགས་པའི་ལྟས་མང་པོ་བྱུང་། སྐུ་འཁྲུངས་ནས་ཀྱང་དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ་སོགས་སྲུང་མ་རྣམས་ཀྱིས་འབྲལ་བ་མེད་པར་རྟག་ཏུ་བྱ་ར་མཛད། ཆུང་ངུ་ནས་སྔོན་གྱི་ལས་འཕྲོ་སད་པས་སྐུ་དང་ཐིག་ལེ་སོགས་འོད་གསལ་གྱི་སྣང་བ་བསམ་མི་ཁྱབ་པ་འབྱམས་སུ་ཀླས་ཤིང་དད་དང་སྙིང་རྗེའི་མྱུ་གུ་སྨིན་པས་ཤ་ཁྲག་གི་ཟས་རིགས་གཏན་ནས་མི་བཞེས། སྔོན་གནས་རྗེས་སུ་དྲན་པ་དང་ལེགས་ཉེས་ལུང་སྟོན་པ་བཅས་གཟུངས་དང་མངོན་ཤེས་ལ་དབང་འབྱོར། འཕགས་མཆོག་སྤྱན་རས་གཟིགས་དང་ཀུན་མཁྱེན་ཡབ་སྲས་བརྒྱུད་པ་དང་བཅས་པས་ལན་གྲངས་དུ་མར་ཞལ་གཟིགས་བྱིན་བརླབས་ཀྱིས་རྗེས་སུ་བཟུང་བ་དང་། དགུང་གྲངས་ལྔ་ལ་སོན་སྐབས་ཡབ་རྗེ་གྲུབ་པའི་དབང་ཕྱུག་ཆེན་པོས་གསང་ཆེན་རྡོ་རྗེ་ཐེག་པའི་བཀའ་དབང་གིས་ཐོག་མར་རྒྱུད་སྨིན་པར་མཛད་ཅིང་། ཁྱད་པར་དགུང་ལོ་བདུན་པའི་དུས་རང་ལུགས་ཐུགས་ཐིག་རྣམ་གསུམ་དང་སྙིང་ཐིག་གསར་རྙིང་གི་བསྟན་པའི་གཉེར་གཏད། དགུ་པའི་དུས་འཇིགས་མེད་བསྟན་པའི་ཉི་མ་ལས་སྒྱུ་འཕྲུལ་དྲྭ་བའི་དབང་ཁྲིད་དང་དག་སྣང་མཁའ་འགྲོའི་བརྡ་ཆོས་བསྟན་པ་སོགས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་བསྩལ། བཅུ་གཅིག་པ་ནས་དགེ་བའི་བཤེས་གཉེན་དུ་མ་ལས་སྤྱོད་འཇུག་སོགས་མཚན་ཉིད་ཐེག་པའི་གཞུང་བཤད་གསན། བཅུ་གསུམ་པའི་དུས་གསང་ཆེན་བསྟན་པའི་ཆུ་འགོ་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དུ་གྲྭ་སར་ཕེབས་ནས་རྫོགས་ཆེན་སྐྱབས་རྗེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། མཁན་ཆེན་གཞན་ཕན་སྣང་བ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ལས་ཐོག་མཁན་པོ་དཀོན་མཆོག་བློ་གསལ་སོགས་མཁས་བཙུན་གྲུབ་པའི་དབང་ཕྱུག་དུ་མ་ལས། འདུལ་བ། མངོན་མཛོད། དབུ་མ་རིགས་ཚོགས། ཡོན་ཏན་མཛོད། རྒྱུད་རྒྱལ་གསང་སྙིང་སོགས་མདོ་སྔགས་ཀྱི་གཞུང་བཤད་དང་སྔ་འགྱུར་བཀའ་གཏེར་གྱི་སྨིན་དབང་གྲོལ་ཁྲིད་སོགས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་མཐར་ཕྱིན་པས་ཐུགས་རྒྱུད་ཀྱི་བུམ་བཟང་ཡོངས་སུ་ཁེངས་པར་མཛད། དགུང་ལོ་བཅུ་དྲུག་ནས་གདུལ་བྱ་གཞན་དོན་དུ་གསང་བ་སྙིང་ཐིག་སོགས་ཀྱི་ཆོས་འཁོར་བསྐོར་ཚེ་སློབ་ཚོགས་རྣམས་ལ་བྱིན་ཕེབས་པའི་རྟགས་སུ་མཁའ་ལ་སྐྱིལ་ཀྲུང་བཅའ་བ་དང་། མཁའ་འགྲོའི་བརྡ་སྐད་དང་ལེགས་སྦྱར་སྨྲ་བ། ཉམས་རྟོགས་ཀྱི་རྩལ་འབར་ནས་བླ་མ་ཆ་ལུགས་སྣ་ཚོགས་སུ་མཐོང་བ་བཅས་དང་། གཞན་ཡང་རྗེ་ཉིད་ཀྱིས་བྲག་ལ་སྐུ་རྗེས་བཞག་ཅིང་། རོ་ལངས་བཏུལ་བ། གཤིན་གསོན་མང་པོ་ལ་འཕོ་རྟགས་ཐེབས་པ་སོགས་གྲུབ་པའི་སྤྱོད་པ་མཐུན་སྣང་བ་དུ་མ་དང་། ཕ་བོང་གསེར་ཕུག་ཏུ་གྲགས་པ་རུ་ཞག་བརྒྱའི་སྐུ་མཚམས་ལ་བཞུགས་སྐབས་དག་པའི་སྣང་ངོར་སྣང་སྲིད་ཐམས་ཅད་འོད་དམར་བརྡལ་བའི་འཇའ་འོད་ཀྱི་གུར་ཁྱིམ་འཁྲིགས་པའི་དབུས་ན་དབང་དྲག་པདྨའི་ལྷ་ཚོགས་ཀྱིས་ཞལ་གཟིགས་ཤིང་། ཐོད་པ་སྨུག་པོ་ཁྲག་ཞག་གིས་གང་བ་ཞིག་གནང་བ་ཞལ་དུ་གསོལ་ནས་སྐུ་ལ་བྱུགས་པའི་ཚེ་ལྷ་ཚོགས་རྣམས་ཀྱང་ཉིད་ལ་ཐིམ་ནས་དབྱེར་མེད་དུ་གྱུར་ཅིང་བདེ་སྟོང་གི་ཡེ་ཤེས་འབར། དགུང་གྲངས་བཅོ་བརྒྱད་ནས་བཅུ་དགུའི་བར་གོང་མའི་གདུལ་བྱའི་ལྷག་མ་སྐྱོང་ཕྱིར་མི་ཉག་བཞག་བྲའི་གནས་ཀྱི་ཉེ་ཆར་མན་ངག་སྙིང་ཐིག་གི་ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་ནས་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད་པར་མཛད་ཀྱང་རྟེན་འབྲེལ་སྣ་ཁ་འཛོལ་བས་གཏེར་བྱང་ལུང་བསྟན་ལྟར་གསེར་རྟ་བརྒྱུད་ནས་རེབ་ཀོང་ཕྱོགས་སུ་བྱོན། ལམ་བར་ནས་རྨ་ཆེན་སྤོམ་ར་སོགས་ཡུལ་སྐྱོང་རྣམས་ཀྱིས་བསུ་བ་ཡང་ཡང་བྱས་ཤིང་མ་མོ་དང་དམ་ཅན་ལས་ལ་འདུས་ནས་ཕྲིན་ལས་བསྒྲུབས། རིམ་བཞིན་མཚོ་སྔོན་ཕྱོགས་སུ་ཕེབས་ནས་མི་དང་མི་མིན་གྱི་སྐྱེ་འགྲོ་མཐའ་དག་དབང་དུ་བསྡུས་ཏེ་ཡབ་རྗེ་གོང་མའི་རྣམ་ཐར་གྱི་རྗེས་སུ་བསྙེགས་པའི་མངའ་ཐང་སྙན་གྲགས་རྒྱས་ཀྱང་ཁེངས་སེམས་སྐད་ཅིག་ཀྱང་རྒྱུད་ལ་སྐྱེས་མ་མྱོང་གསུངས། རེབ་ཀོང་གི་སྒྲུབ་གནས་རྣམས་ལ་གནས་འབྲེལ་མཛད་བཞིན་སྦྲ་ནག་ཁག་གསུམ་སོགས་ཡུལ་གྲུ་ཀུན་ཏུ་ཆོས་ཆར་ཕབ་པས་ཞལ་མཇལ་བྱིན་བརླབས་ཐོབ་པའི་སློབ་མ་ཁྲི་ཕྲག་ཁ་ཤས་དང་། སྙིང་པོའི་རྟོགས་པ་བརྙེས་པའི་སློབ་བུ་བརྒྱད་ཅུ་ལྷག་ཙམ་བྱུང་། དགུང་ལོ་སོ་གཉིས་པར་ཨ་འཛོམས་འབྲུག་རྒན་རིན་པོ་ཆེ་དང་མཇལ་ཞིང་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་ནས་བཟུང་སྙན་བརྒྱུད་ཀྱི་གདམས་པ་མཐའ་དག་གསན། སོ་ལྔ་པར་རྨ་རྒྱལ་གནས་མདུན་དུ་ཕེབས་ཚེ་དག་པའི་གཟིགས་སྣང་ཚད་མེད་པ་བྱུང་ཞིང་འཁོར་སློབ་ཡོངས་ཀྱི་མཐུན་སྣང་དུ་སྨན་རྒྱལ་ཨ་རུ་རའི་ཆར་བབ་པ་དང་། གནས་སྒོ་གསར་དུ་ཕྱེས་ནས་པཎ་ཆེན་ནཱ་རོ་པའི་སྐུ་གདུང་དང་འཕགས་པ་མ་ཕམ་པའི་སྒྲུབ་གནས་མཇལ། སྒྲོལ་མ་འབུམ་རྫོང་སོགས་མཇལ་བའི་ཚེ་རྗེ་བཙུན་སྒྲོལ་མས་ཞལ་གཟིགས་ལན་གསུམ་མཛད། བཞི་བཅུ་པའི་སྐབས་སྐུ་ཡུལ་དར་མདོ་སོགས་སུ་བྱོན་ཚེ་བཞག་བྲའི་དབུ་རྩེ་དུད་པ་སོགས་གུས་པའི་རྣམ་འགྱུར་བསྟན་ཅིང་འབྲེལ་ཚད་ཆོས་ལ་བསྒྱུར་ནས་སླར་རྨ་སྟོད་ཕྱོགས་སུ་ཕེབས། དེ་ཕྱོགས་ཀྱི་དགེ་འདུན་འདུས་སྡེ་རྣམས་དང་སྐྱེ་བོ་ཕོ་མོ་དག་ལ་རང་རང་གང་འདོད་ཀྱི་ཆོས་སྦྱིན་གནང་བ་དང་། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སྐུ་འཁྲུངས་པའི་གནས་མཆོག་གོང་གསེར་ཁ་མདོ་རུ་བཀྲ་ཤིས་པའི་མཆོད་རྟེན་ཞིག་བཞེངས་པར་མཛད། རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་ཧ་ཁོག་ཏུ་དགོན་གནས་སྤོས་ནས་ཁྲི་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ཞེས་མཚན་གསོལ་ཏེ་གཙུག་ལག་ཁང་ནང་རྟེན་དང་བཅས་པ་ལེགས་གྲུབ་མཛད། སྐབས་དེར་འདུས་པ་ཉིས་སྟོང་ལ་ཉེ་བ་བྱུང་བ་ལ་རྗེ་ཉིད་དང་མཁན་ཆེན་དགེ་བའི་བཤེས་གཉེན་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས་བསྟན་པ་ཤིན་ཏུ་རྒྱས་པ་བྱུང་ཞིང་། ཁྱད་པར་དུ་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་མཆུ་ཟླའི་ཡར་ཚེས་བཟང་པོ་ལ་མཁྱེན་བརྩེ་ཀུན་འདུས་མཁས་མང་གླིང་ཞེས་པའི་བཤད་གྲྭ་ཆེན་མོ་ལོགས་སུ་བཙུགས་ནས། གྲྭ་ས་གོང་མ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ཡིག་ཆ་ལྟར་མདོ་སྔགས་རིག་གནས་དང་བཅས་པ་འཆད་ཁྲིད་ཀྱིས་གཏན་ལ་ཕབ་པས་བཤད་སྒྲུབ་ཀྱི་བསྟན་པ་ཇི་སྲིད་བར་ཉམས་པ་མེད་པའི་ས་བོན་བསྐྲུན། རྗེ་འདིའི་ཞལ་སློབ་ཀྱི་གཙོ་བོ་རྫོང་སར་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་དགེ་མང་གསུམ་པ། དཔལ་ཡུལ་མཆོག་སྤྲུལ་འཇམ་དཔལ་དགྱེས་པའི་རྡོ་རྗེ། མཁན་ཆེན་ཚེ་དབང་རིག་འཛིན་སོགས་རང་དགོན་གྱི་མཁན་སྤྲུལ་དུ་མ་བཅས་བསྟན་པ་འཛིན་པའི་སྐྱེས་བུ་དུ་མ་བྱུང་། དེ་ལྟར་ཞིང་འདིའི་གདུལ་བྱ་རེ་ཞིག་མཐའ་རུ་ཕྱིན་པའི་ཚུལ་གྱིས་ཞིང་ཁམས་གཞན་དུ་ཐུགས་གཏད་པའི་མཛད་པ་ཐ་མ་བསྟན་པ་སྟེ། དགུང་གྲངས་ལྔ་བཅུ་བཞེས་པའི་རྒྱལ་ཟླའི་ཚེས་བཅུ་གསུམ་ཉིན་གཟིམས་མལ་ལས་སྐུ་བཞེངས་ཏེ་མདུན་ཕྱོགས་སུ་གོམ་པ་གསུམ་བོར་བཞིན་སྐྱབས་མགོན་ཡེ་ཤེས་རྡོ་རྗེའི་གསུང་རྗེ་བཙུན་མའི་གསོལ་འདེབས་ཀྱི་ཚིག་མཇུག་གི་མ་ཁྱོད་དང་འགྲོ་དོན་མཉམ་པར་ཤོག ཅེས་པ་ལན་གསུམ་གསུངས་ནས་སླར་གདན་ལ་བཞུགས་པ་དང་དགོངས་པ་ཆོས་དབྱིངས་སུ་གཤེགས་པར་མཛད་དོ། །

[༧༠] རྨེ་བ་མཁན་ཆེན་ཡེ་ཤེས་དར་རྒྱས།

མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་གྱི་ཞལ་སློབ། འཇིགས་མེད་རྒྱལ་བའི་མྱུ་གུའི་རྣམ་རོལ་ཏུ་གྲགས་པའི་མཁན་ཆེན་ཡེ་ཤེས་དར་རྒྱས་ནི། མདོ་སྨད་རྨེ་ཡུལ་དུ་ཡབ་ལྷ་རྒྱལ་དང་ཡུམ་ཚེ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༡༠པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ལོར་སྐུ་འཁྲུངས། ཆུང་ངུ་ནས་སྔོན་སྦྱངས་བག་ཆགས་བཟང་པོའི་མཐུ་རྒྱས་པའི་སྟོབས་ཀྱིས་སྦྱོར་བྱུང་གི་ཤེས་རབ་ལ་ཆེར་མ་བལྟོས་པར་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། མཁན་ཚེ་དབང་རིག་འཛིན་ལས་དབུ་མ་རྒྱན་སོགས་གཞུང་མང་པོ་གསན། རྗེ་གང་གི་བཀའ་བཞིན་གྲྭ་ས་གོང་མ་རྫོགས་ཆེན་ལ་ཕེབས་ནས་སྙིང་ཐིག་བསྟན་པའི་བདག་པོ་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་བསྟེན། སོ་བྱང་སྔགས་ཀྱི་སྡོམ་པ་ནོད་ཅིང་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱང་མཛད་པས་མཁས་པའི་ཡང་རྩེར་སོན། སླར་རང་ཡུལ་རྨེ་ཁོག་ཏུ་ཕེབས་ཏེ་བཤད་གྲྭ་མཁས་མང་ཀུན་འདུས་གླིང་ཐོག་མར་དབུ་བཙུགས་ནས་ལོ་གྲངས་དུ་མར་འཆད་ཉན་གྱི་བྱ་བ་རྒྱ་ཆེར་སྤེལ། ཞལ་སློབ་མཁས་པའི་དབང་ཕྱུག་དུ་མ་བྱུང་ནས་བཤད་སྒྲུབ་ཀྱི་བསྟན་པ་མཐར་རྒྱས་བྱུང་། མཐར་དགུང་གྲངས་སོ་དྲུག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་བྱ་དབོ་ཟླའི་ཚེས་ཉེར་ལྔ་ལ་ཞབས་རྡོ་རྗེ་དཀྱིལ་ཀྲུང་དང་། ཕྱག་སེམས་ཉིད་ངལ་གསོའི་བཞུགས་སྟངས་ཀྱིས་ཆོས་ཀྱི་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཏོ། །

[༧༡] རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན།

མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་གྱི་ཐུགས་སྲས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན་ནི། ཡུལ་མདོ་སྨད་ཝ་ཤུལ་རྨེ་ཁོག་ཏུ་གྲགས་པའི་སའི་ཐིག་ལེ་ཡངས་པར། སྤྱི་ལོ་༡༨༨༣པ་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ལོའི་སྟོན་ཁར་ཡབ་སྤུར་པོ་ཨ་གཟའ་དང་། ཡུམ་ཤུས་ནང་བསོད་ནམས་མཚོ་གཉིས་ལ་ལྕམ་སྲིང་བདུན་བྱུང་བའི་ཆེ་བ་ཉིད་དུ་སྐུ་བལྟམས། ཡུམ་གྱི་ལྷུམས་སུ་ཟླ་བ་ལྔ་ལས་མ་བཞུགས་པ་དང་། སྐུ་ཆུང་ངུའི་དུས་ནས་དད་པ་དང་། ངེས་འབྱུང་། བྱམས་པ། སྙིང་རྗེ་སོགས་ཕྱོགས་མེད་དུ་རྒྱས། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ལུང་གིས་བྱང་སེམས་ས་ཡི་སྙིང་པོའི་རོལ་གར་དུ་བསྔགས། དགུང་གྲངས་བཅུ་པ་སྟེ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་སྤྱི་ལོ་༡༨༩༢ལོར་སོག་བཀྲ་ཤིས་ཆོས་དར་གླིང་ངམ་ཕྱིས་སུ་མདོ་རིན་པོ་ཆེས་ཁྲི་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་དུ་མཚན་གསོལ་བའི་ཆོས་སྡེ་དེར་ཚོགས་ཞུགས་མཛད། མཁར་སྤྲུལ་བསྟན་པའི་ཉི་མ་དང་། རྨེ་གཞུག་སྐལ་བཟང་། དགེ་བཤེས་ཕན་བདེ་སོགས་མཚན་ལྡན་གྱི་བླ་མ་དུ་མ་ལས་དབང་ཆོས་ཅི་རིགས་གསན་པ་དང་། འདོན་རྟ་དབྱངས་གསུམ། བཅའ་རྡུང་འབུད་གསུམ། གར་ཐིག་འཆམ་རོལ་སོགས་ཆོ་གའི་ཕྱག་ལེན་ལ་བྱང་ཆུབ་པར་མཛད། དགུང་གྲངས་བཅོ་ལྔ་བཞེས་སྐབས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འདུལ་འཛིན་ཉེ་བར་འཁོར་གཉིས་པ་མི་ཉག་ཀུན་བཟང་བསོད་ནམས་སམ་ཐུབ་བསྟན་ཆོས་ཀྱི་གྲགས་པའི་ཞབས་དྲུང་དུ་ཕེབས་ཏེ་རབ་ཏུ་བྱུང་བས་ཐུབ་བསྟན་འཇམ་དཔལ་རྒྱ་མཚོ་ཞེས་མཚན་གསོལ། དེ་ནས་རིམ་པ་བཞིན་གསང་ཆེན་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་གླིང་ཆོས་དུ་བྱོན་ཞིང་མཁས་དང་གྲུབ་པའི་འབྱུང་གནས་དཔལ་སེང་གེ་རིའི་ཆོས་གྲྭར་བཞུགས། བགྲང་བྱ་དུ་མའི་རིང་གངས་ལྗོངས་སྨྲ་བའི་དབང་ཕྱུག་གཞན་ཕན་ཆོས་ཀྱི་སྣང་བ་གཙུག་གི་རྒྱན་དུ་བསྟེན་ནས། ཐོག་མར་ཐུན་མོང་ཐེག་པའི་བློ་སྦྱོང་གི་རིམ་པ་ནས་བཟུང་རིམ་བཞིན་དབུ་མ་རྩ་བ་ཤེས་རབ་སོགས་རིགས་ཚོགས་དང་། འཇུག་པ། བཞི་བརྒྱ་པ། དབུ་མ་རྒྱན། སྤྱོད་འཇུག མངོན་པ་གོང་འོག བྱམས་ཆོས་སྡེ་ལྔ། མདོ་དང་མདོ་རྩ་སོགས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་རྒྱ་འགྲེལ་ཆེན་མོ་དག་གི་སྟེང་ནས་ཚར་གྲངས་དུ་མ་ཞིབ་རྒྱས་སུ་གསན་པ་ནས། མཐར་ཟབ་གསང་སྙིང་པོའི་ཡང་བཅུད་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཁྲིད་སྐོར་དང་བཅས་མདོ་སྔགས་ཀྱི་ཆོས་བཀའ་རབ་འབྱམས་མནོག་ཆོས་སུ་གསན། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་འདུས་པ་མདོ་དབང་དང་། འདོད་འཇོའི་བུམ་བཟང། སྙིང་ཐིག་ཡ་བཞིའི་སྨིན་ཁྲིད་རྣམས་གསན་ཞིང་དབང་དུས་སུ་དོན་གྱི་ཡེ་ཤེས་རྒྱུད་ལ་འཕོས་ནས་བླ་སློབ་དགོངས་པ་དབྱེར་མེད་དུ་གྱུར། གཞན་ཡང་བྱ་བྲལ་ཀུན་དགའ་དཔལ་ལྡན་དང་། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་ནམ་ཨ་བུ་ལྷ་སྒང་། མཁན་འཇིགས་མེད་བློ་གྲོས་སོགས་མཁན་རབས་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་བཞུགས་པ་རྣམས་ལས་མདོ་སྔགས་ཀྱི་བཤད་ཁྲིད་དང་ཉམས་ལེན་གྱི་གྲོལ་ཁྲིད་སོགས་མཐའ་ཡས་པ་གསན་ཞིང་། དེ་དག་གི་སྐབས་སུ་མཚན་མོ་སྒྲོན་མེ་མེད་པས་ཡར་ངོ་རྣམས་སུ་ཟླ་འོད་ཀྱི་རྗེས་སུ་འབྲངས་པ་དང་། མར་ངོའི་དུས་འགལ་དུམ་བསྲེགས་པའི་མེ་འོད་ལ་བརྟེན་ནས་དཔེ་གཟིགས་མཛད་པ་སོགས་ཉིན་མཚན་ཀུན་ཏུ་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་མཛད། ཉིན་རེར་ཤོག་ལྡེབ་བཞི་བཅུ་ཙམ་ཐུགས་འཛིན་ཐུབ་པའི་མཁྱེན་རབ་མངའ་བས་རྨེ་བའི་མཁན་པོ་གཟན་ནག་མ་ཞེས་མཁས་པའི་གྲགས་པས་ཡོངས་སུ་ཁྱབ་པ་བྱུང་། མདོར་ན་རྗེ་འདིའི་མཁྱེན་པའི་རྣམ་དཔྱོད་དང་། རྟོགས་པའི་ཡོན་ཏན། བཙུན་པའི་སྤྱོད་པ་སོགས་སྒོ་ཀུན་ནས་མཚུངས་ཟླ་དང་བྲལ་བས་དམ་པ་རྣམས་ཀྱིས་དོན་ལ་གནས་པའི་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར། གཞན་ཡང་རུ་དམ་གངས་ཁྲོད་དང་པདྨའི་ཐང་སོགས་སུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བཞིན་དཀའ་སྤྱད་སྙིང་རུས་ཆེན་པོས་ལོ་གྲངས་མང་པོར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཟབ་དོན་ཉམས་བཞེས་སུ་བསྟར་བ་སྟེེ། རྗེ་ཉིད་ཀྱི་ཞལ་ནས། ཁོ་བོ་དང་པོ་རྫོགས་ཆེན་གངས་ཁྲོད་དུ་སྡོད་དུས་ཉིན་རེར་ཟས་ཐུན་གཅིག་ཙམ་གྱི་འཚོ་བ་ལ་བརྟེན་པ་དང་། སྐབས་རེར་ཟས་ཐུན་གཅིག་པོའང་མེད་པར་ཉིན་མང་པོར་ཆོས་ལ་བརྩོན་པ་བསྐྱེད་ཅིང་། མཚན་མོ་གཉིད་དང་རྨུགས་པ་སོགས་བྱུང་ཚེ་སྨད་ཤམ་རྐྱང་བ་རེ་ལས་མ་གོན་པར་རྐང་པ་རྗེན་པར་འཁྱག་རོམ་གྱི་སྟེང་དུ་བསྡད་ནས་ཉམས་ལེན་ལ་འབད་པའི་རྐྱེན་གྱིས་རྐང་པ་གཉིས་མི་བདེ་བར་གྱུར་པ་ཡིན། ཁྱེད་ཅག་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཁོ་ནས་དུས་འདའ་བ་ལ་ཆོས་གང་ཡང་མི་འགྲུབ། དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་སློབ་པ་ཞིག་ཡིན་ཕྱིན་མི་ཚེ་ཆོས་བརྒྱད་ཀྱི་གཡེང་བ་ལས་ངེས་པར་ལྡོག་དགོས་ཞེས་གསུངས་པ་དང་། དེ་མཚུངས་རུ་དམ་པདྨ་ཡང་རྫོང་དུ་བཞུགས་སྐབས་ཞབས་རྐང་འབམ་ནད་དྲག་པོས་བསྙུངས་ནས་གསོལ་ཆས་ཅི་ཡང་མེད་པར་གྱུར་ཅིང་། ནུབ་གཅིག་ཕུག་པའི་ནང་དུ་མར་རིལ་ཆུང་ངུ་ཞིག་དང་ཞོ་ཟོའུ་གང་བཞག་འདུག་པ་གསོལ་བས་བསྙུངས་ལས་ཀྱང་གྲོལ་བ་ལ། དེ་ཉིད་སྨན་བཙུན་ཚེ་རིང་མཆེད་ལྔས་སྒྲུབ་རྒྱགས་སུ་ཕུལ་བར་གྲགས། དེ་ལྟར་གུས་རྟག་སྦྱོར་བའི་བརྩོན་པ་ཐང་ལྷོད་བྲལ་བའི་སྒོ་ནས་ཕྱི་ནང་སྔོན་འགྲོའི་བློ་སྦྱོང་དང་། བསྐྱེད་རྫོགས་རིམ་གཉིས་ཀྱི་རྣལ་འབྱོར། ཞི་ལྷག་ཟུང་འཇུག་གི་ཏིང་འཛིན་སོགས་ཐུན་མོང་ཐུན་མིན་གྱི་གསང་བའི་ཉམས་ལེན་སྤྱི་དང་། ཁྱད་པར་རིམ་དགུ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོའི་ཉེ་ལམ་ཁྲེགས་ཆོད་ཐོད་རྒལ་གྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བསླབས་པས་སྣང་བཞི་མཐའ་རུ་ཕྱིན། གདེང་བཞིའི་གྲོལ་ཚད་རྫོགས་ཏེ་སྐུ་ཚེ་དེ་ཉིད་ལ་པཎ་ཆེན་བཱི་མ་མི་ཏྲ་དང་། གུ་རུ་པདྨ་འབྱུང་གནས་ལྟར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་བཞེངས། བར་སྐབས་ཤིག་ན་མཆེད་གྲོགས་འདུལ་འཛིན་དམ་པ་ཡག་ཤུལ་དཀོན་མཆོག་དང་ལྷན་དུ་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཤིང་། གནས་རྟེན་ཁྱད་འཕགས་རྣམས་ལ་མཇལ་སྐོར་སོགས་ལེགས་པར་མཛད་ནས་ཕྱིར་རྫོགས་ཆེན་དུ་ཕེབས། སྔ་ཕྱི་ཀུན་ཏུ་རིས་མེད་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོའི་གཙུག་ཏུ་མཆོད་པར་མཛད་པ་སྟེ། སྨྱོ་ཤུལ་ལྗོན་པ་ལུང་དུ་ཕེབས་ནས་གསང་ཆེན་བསྟན་པའི་ཤིང་རྟ་ལུང་རྟོགས་བསྟན་པའི་ཉི་མ་ལས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་ལས་བརྒྱུད་པའི་རྫོགས་ཆེན་སྙན་བརྒྱུད་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་ཆེན་ཕྱོགས་བཅུ་མུན་སེལ། སྤྱི་དོན་གསང་བདག་ཞལ་ལུང་དང་དགོངས་རྒྱན་སོགས་གསན་པས་མཁན་སྤྲུལ་ཉིས་བརྒྱ་ལྷག་གི་ནང་ན་རྗེ་འདིའི་མཁྱེན་དཔྱོད་ལ་འགྲན་པ་མ་མཆིས་ཞེས་བསྔགས་བརྗོད་མཛད། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་དྲུང་དུ་ཕེབས་སྐབས་གཟིམས་ཆུང་རབ་གསལ་ཐད་ངོས་ནས་འཇམ་དབྱངས་བསྟོད་པ་གང་བློ་མ་ཞིག་ལྗགས་ལུང་བསྩལ་བ་ལས་དངོས་སུ་ཞལ་མཇལ་མ་ཐུབ་ཀྱང་། སྐབས་དེར་སྣང་སྤྱོད་ཐམས་ཅད་བདེ་གསལ་མི་རྟོག་པའི་ངང་དུ་དར་ཅིག་འགག་པས་རང་སྣང་སྐུ་དང་ཡེ་ཤེས་ཀྱི་རོལ་བར་འབྱམས་སུ་ཀླས་ཤིང་དེ་ནས་བཟུང་སྔར་དང་མི་འདྲ་བའི་ཤེས་རབ་ཀྱི་རྩལ་འབར་བ་བྱུང་གསུངས། དེ་མཚུངས་ཡུལ་རྫ་སྟོད་ཕྱོགས་ཀྱི་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་མཁན་ཆེན་ཡོན་ཏན་རྒྱ་མཚོ་དང་ཀུན་བཟང་དཔལ་ལྡན་རྣམ་གཉིས་ཀྱི་དྲུང་དུ་ཕེབས་ནས་ཀུན་མཁྱེན་སྔ་ཕྱི་དང་། འཇམ་མགོན་བླ་མའི་གསུང་སྐོར་མཐའ་དག་རྫོགས་པར་ཞུས། གཞན་ཡང་ཞེ་ཆེན་རྒྱལ་ཚབ་དང་། གླག་བླ་ཆོས་འགྲུབ། མཁན་པོ་ངག་ཆུང་། ཧོར་སྡེ་བླ་མ་ཡེ་ཤེས་བསྟན་འཛིན། ཏྲེ་ཧོར་བྲག་དཀར་སྤྲུལ་སྐུ། མཁན་རྡོར་ལུ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་དཔྲལ་བའི་མིག་བཞིན་བསྟེན་ནས་མཉེས་པའི་ཐུགས་ཀྱིས་ཟིན་པར་མཛད། རེ་ཞིག་ན་བསྟན་དང་འགྲོ་བར་ཕན་བདེ་སྒྲུབ་པའི་ཐུགས་བསྐྱེད་ཀྱི་གོ་ཆ་བགོས་ནས་རང་ཡུལ་དུ་ཕེབས་པའི་སྟ་གོན་དུ་ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་ཀྱི་སྒྲུབ་པ་མཛད་པས་ཞག་འགའ་ནས་ཚེ་མདའ་མཐོ་གང་ཙམ་བསྲིངས་ཤིང་། སྨན་རག་ཁོལ་བ་སོགས་སྒྲུབ་པའི་འབྲས་བུ་མངོན་གསལ་དུ་མ་བྱུང། དེ་བཞིན་ཨོ་རྒྱན་ཆེན་པོ་དང་གནས་བརྟན་བཅུ་དྲུག་སོགས་ཀྱིས་ཞལ་གཟིགས་བྱིན་རླབས་དབུགས་དབྱུང་བཅས་ཐོབ་པ་དང་། དམ་ཆོས་འདུལ་བ་ལས་བསྟན་པའི་གནང་བཀག་གི་གནས་ཕྲ་མོ་ཙམ་ཡང་འདའ་བར་མི་བྱེད་པས་བཞུགས་གདན་དང་སྐུ་ཆིངས་སོགས་ལ་ཡང་ཚུལ་ཁྲིམས་ཀྱི་དྲི་བསུང་ཞིམ་པོས་ཡོངས་སུ་ཁྱབ་པ་དང་། ཤིང་ཁྲི་དགོན་ན་བཞུགས་སྐབས་ཉེ་གནས་ཨ་བློ་ཟེར་བས་གཟིམས་ཁང་ལ་སྒོ་ལྕགས་བརྒྱབ་ནས་ཕྱིར་སོང་ཡང་བླ་མ་སྒོ་ཁར་བྱོན་ནས་བཞུགས་འདུག་པ་དང་། ཡང་ཉེ་གནས་དཔལ་ལྡན་བྱ་བས་བླ་མར་སྐུ་ཆིངས་བཅིངས་ཚེ་ན་གཟའ་སྐུ་ལུས་ལ་མ་ཐོགས་པར་ཤར་གྱིས་སྐུ་ཆིངས་ལག་ཏུ་ཐོན་བྱུང་བ་དང་། ཅི་ཡིན་སྙམ་པའི་ཐེ་ཚོམ་གྱིས་ཡང་དུ་མདུད་པ་བརྒྱབ་ནས་བཅིངས་པས་སྔར་བཞིན་སྐུ་ཆིངས་ལ་མདུད་པ་དང་བཅས་བྱུང་བས་འཇའ་ལུས་སྒྱུ་མའི་སྐུ་རུ་གྱུར་པའི་ངེས་ཤེས་འཁྲུངས། དེ་བཞིན་མ་འོངས་ལུང་བསྟན་དང་། སློབ་མའི་རྒྱུད་ཀྱི་རྟོག་ཚོགས་ཅི་ཤར་ས་ལེར་གཟིགས་པ་སོགས་གྲུབ་པའི་རྟགས་མཚན་གྱི་རྣམ་ཐར་མཐའ་ཡས་པ་མངའ། དགུང་གྲངས་ཞེ་གཅིག་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ལོར་རང་ཡུལ་རྨེ་ཁོག་ཏུ་ཕྱིར་ཕེབས་ནས་རྫོགས་ཆེན་གཉིས་པ་ངེས་དོན་བསྟན་འཛིན་བཟང་པོའི་སྐུ་དུས་ནས་དགོན་ལག་ཡིན་པ་སོག་བཀྲ་ཤིས་ཆོས་འཁོར་གླིང་དུ་བཤད་སྒྲུབ་ལས་གསུམ་གྱི་ཕྱག་བཞེས་གྲྭ་ས་གོང་མའི་ཕྱག་སྲོལ་ལྟར་སྤེལ་བ་དང་། ཁྱད་པར་ཐུབ་ཚུལ་དྲི་མ་མེད་པའི་རིང་ལུགས་དམ་ཆོས་འདུལ་བའི་བསྟན་པ་ཉམས་དམན་པ་སོར་ཆུད་གནང་ནས་ངུར་སྨྲིག་གི་སྡེ་ཆེན་པོས་ཡུལ་ཁམས་ཀུན་ཁྱབ་པར་མཛད། དེ་མཚུངས་རྒན་དར་གཞོན་གསུམ་གྱི་སྐྱེ་བོ་ཕོ་མོ་ཡོངས་ལ་དགེ་སྡིག་བླང་དོར་གྱི་གནས་དང་བསྙུང་གནས་དུས་ཁྲིམས་ཀྱི་སྡོམ་པ་གནང་བ་སོགས་འབྲེལ་ཚད་ཐར་བའི་ལམ་དུ་བཀྲི་བར་མཛད། རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་རྨེ་དཔོན་རྣམ་ལོས་ནན་ཞུས་ལྟར་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ་དང་བཀའ་བགྲོས་ནས་སྔར་གྱི་དགོན་པ་ཧའི་དགོན་ཐང་ཞེས་པའི་ས་ཆར་སྤོས་ནས་ཁྲི་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ཞེས་མཚན་བཏགས། དེར་མཆོག་སྤྲུལ་ཤེས་རབ་རྒྱལ་མཚན་དང་། མཁན་དཀོན་མཆོག་རིན་ཆེན། སྤྲུལ་སྐུ་ཆོས་ཉིད་དོན་རྟོགས། མཁན་ཨ་བློ་སོགས་ཐོས་བསམ་པ་བརྒྱ་ཕྲག་ལྷག་ལ་ལོ་ངོ་དགུ་ལྷག་རིང་མདོ་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་བསྩལ། དེ་ནས་མེ་ཕག་ལོར་སྟོང་ཟའི་ལུང་བསྟན་ལྟར་མ་རྒྱུད་འཁོར་ལོ་བདེ་མཆོག་གི་གནས་སུ་གྲགས་པ་ཤར་དུང་རིར་བྱོན་ནས་ལོ་ངོ་གསུམ་ལ་སྙིང་པོའི་སྒྲུབ་པ་གནང་སྟེ་བཞུགས། སྐབས་དེར་རྫོང་སྔོན་སྐུ་ཕྲེང་གསུམ་པ་འཇིགས་མེད་བདེ་ཆེན་རྡོ་རྗེ་མདོ་ཁམས་རུ་དམ་དུ་བྱོན་ནས་ཡུན་རིང་གྲྭ་སར་བཞུགས་ཏེ་མཐར་རང་ཡུལ་དུ་ཕེབས་ཁར། རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེས་མདོ་སྨད་རེབ་ཀོང་དུ་གསང་སྔགས་སྔ་འགྱུར་པའི་བསྟན་པ་སྣུམ་ཟད་ཀྱི་མར་མེ་ལྟར་ཤིན་ཏུ་ཉག་ཕྲ་བས་ཁྱེད་ཀྱིས་སྔ་འགྱུར་རྙིང་མའི་བཤད་གྲྭ་ཞིག་གསར་འཛུགས་བྱེད་དགོས་ཞེས་བཀའ་གནང་བ་དང་ལེན་མཛད་ཅིང་། འོ་ན་བཤད་གྲྭའི་མཁན་པོ་ལོ་ལྟར་རྫོགས་ཆེན་ནས་གཏོང་གནང་མཛད་པར་ཞུས་ཚེ། རྫོགས་ཆེན་རིན་པོ་ཆེའི་ཞལ་ནས། ད་ལྟ་ཤར་དུང་རིར་བཞུགས་པའི་རྨེ་བའི་མཁན་ཆེན་ཚེ་དབང་རིག་འཛིན་གདན་འདྲེན་གྱིས་དང་ཁོང་ནི་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་སུ་བཞུགས་སུ་འོས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་ཞིང་། ཁྱད་པར་ཁྱེད་ཚོའི་ཡུལ་ཁམས་ལ་སྔོན་སྨོན་གྱི་མཐུ་གྲུབ་པའི་སྐྱེས་བུ་ཡིན་པས་བྱོན་པར་ཡང་ངེས་ཞེས་གསུངས་ནས་རྗེ་ཉིད་དང་མཁན་ཆེན་ལྷ་རྒྱལ་ཟུང་ནས་གསུང་བསྐུལ་གྱི་བཀའ་ཤོག་གནང་། ཉིན་ཞིག་མཁན་ཆེན་ཚེ་དབང་རིག་འཛིན་ཐུགས་ཤིན་ཏུ་དགྱེས་པའི་ཉམས་ཀྱིས་ཉེ་གནས་བེར་གཙང་བླ་མ་ཆོས་འགྲུབ་ལ། སང་ཉིན་འགྲུལ་བ་གལ་ཆེན་ཡོང་ངེས་པས་སྟ་གོན་ལེགས་པོ་གྱིས་གསུངས་པ་ལྟར་རྫོང་སྔོན་སྤྲུལ་སྐུ་བྱོན། བཀའ་ཤོག་སོགས་ཕུལ་ནས་རྒྱུ་མཚན་ཞིབ་པར་ཞུས་པས་ཞབས་སོར་འབའ་ཡུལ་དུ་བཀོད་རྒྱུའི་ཞལ་བཞེས་གནང་། དེ་ནས་རྗེ་ཉིད་དགུང་གྲངས་རེ་དགུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ལོར་མདོ་སྨད་འབའ་ཡུལ་དུ་དངོས་སུ་ཕེབས་ནས། ཇི་སྐད་དུ་འཇིགས་མེད་པདྨ་དབང་རྒྱལ་གྱི་མ་འོངས་ལུང་བསྟན་ལས། ཤིང་ཁྲི་དྲུག་ལ་ཤེལ་དཀར་མཆོད་རྟེན་བཞེངས། །དུང་གཡས་འཁྱིལ་སྐད་ལ་ལྷ་ཕྲུག་འཁོར། ཞེས་པ་ལྟར་བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་པོ་གསར་དུ་བཞེངས་ནས་མདོ་རྒྱུད་ཆོས་ཕུང་བརྒྱད་ཁྲིའི་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཕྱོགས་བཅུར་བསྒྲགས། འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་སྤེལ་ཞིང་ཁྱད་པར་སྒྱུ་འཕྲུལ་གསང་བ་སྙིང་པོའི་དཀའ་འགྲེལ་དང་། གསང་སྙིང་ཕྱོགས་བཅུའི་མུན་སེལ་ལ་མཆན་འགྲེལ་དུ་བཀོད་པ་དཔལ་སྤྲུལ་ཞལ་ལུང་། ཡོན་ཏན་མཛོད་ཀྱི་ཚིག་དོན་གསལ་བར་བྱེད་པའི་མཆན་འགྲེལ། གསང་བདག་ཞལ་ལུང་དང་དགོངས་རྒྱན་གཉིས་ཀའི་དོགས་གནས་ཟུར་རྒྱན། སྤྱོད་འཇུག་བསྡུས་དོན་སོགས་མཛད་པར་གྲགས་ཀྱང་ད་ལྟ་མཇལ་བའི་སྐལ་བ་དབེན་པར་གྱུར། ཞལ་སློབ་གཙོ་བོ་མཁན་རིན་པོ་ཆེ་ནོར་བུ་བསྟན་འཛིན་དང་། ཡེ་ཤེས་དར་རྒྱས། མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ། མདོ་སྤྲུལ་བྱང་ཆུབ་རྒྱལ་མཚན། སྤྲུལ་ཤེས་རབ་རྒྱལ་མཚན། མཁན་དཀོན་མཆོག་རིན་ཆེན། བསོད་ནམས་དབང་རྒྱལ། མཁན་པོ་ཨ་འཇམ། ཡར་ཀླུང་གྲུབ་ཆེན་སྤྲུལ་སྐུ། ཨ་ལགས་ལོ་རྒྱ། བྱ་བྲལ་བ་དགའ་རབ། ཨ་ལགས་རྫོང་སྔོན་སོགས་བཤད་སྒྲུབ་ཀྱི་བསྟན་པ་ལ་སྨན་ངེས་ཀྱི་སྐྱེས་བུ་དུ་མ་བྱུང་། དེ་ནས་བར་སྐབས་ཤིག་ནས་རྗེའི་ཞལ་ནས། ད་ནི་རང་ཅག་འདིར་འདུག་པའི་དུས་སྐབས་མ་ཡིན་ཞིང་། ཐག་རིང་པོར་འགྲོ་མ་ནུས་ན་དམག་འོང་གི་འདུག་གསུངས་པ་དང་། ཡང་སྐབས་ཤིག་ན་ཉིན་ཞིག་རང་ཅག་རྣམས་དོང་ནང་ཞིག་ཏུ་བཅུགས་ནས་མདུན་དུ་རྫ་མ་ཞིག་ལས་མི་ཤོང་ཙམ་དུ་སྡོད་དགོས་བྱུང་ན་སྡོད་ཕོད་དམ་གསུངས། ཡང་ཉིན་ཞིག་རྗེ་ཉིད་ཀྱི་སྐུ་ཚེ་ལ་བྱ་བྲལ་མཛད་ནས་བཞུགས་པས་བདོག་པ་གཞན་ཅི་ཡང་མེད་ཀྱང་ཟངས་སྐུ་ཆུང་བ་གསུམ་ཡོད་པ་དེ་ཁྱེར་ཤོག་གསུངས། དེ་དག་ཁྱེར་ཡོང་པ་ན་དེ་རིང་ནས་བཟུང་ཡོ་བྱད་མཐའ་དག་སྤོང་དག་ལེགས་པོ་ཞིག་བྱེད་དགོས་མ་གཏོགས་སྐབས་ཤིག་ན་འདི་དག་ལ་བདག་བཟུང་བྱེད་དཀའ་བའི་དུས་ཤིག་འོང་གི་གསུངས་ནས་སློབ་ཚོགས་རྣམས་ལ་གནང་བ་སོགས་ཆགས་ཐོགས་བྲལ་བའི་ཡེ་ཤེས་ཀྱིས་གཟིགས་པས་ལྐོག་གྱུར་གྱི་ཆོས་ཀུན་མངོན་ལུང་བསྟན། སྤྱི་ལོ་༡༩༥༨ལོར་ཞལ་ནས་ད་ལོ་ནས་བཟུང་བསྟན་དང་འགྲོ་བ་ལ་ཡ་ང་བའི་འགྱུར་ཟློག་ཆེན་པོ་ཞིག་འབྱུང་ངེས་ལ། འདི་ནི་ཇི་སྐད་དུ། བསྟན་ལ་འཕེལ་འགྲིབ་ཡོད་པ་རྒྱལ་བས་གསུངས། །སེམས་ཅན་བདེ་སྡུག་རང་རང་ལས་ལ་རག །ཅེས་གསུངས་པའི་ཚུལ་ལས་མ་འདས་པས་དེ་ཉིད་འཕྲལ་དུ་ཟློག་པའི་ཐབས་ནི་ག་ལ་ཡོད་གསུངས། དེ་ནས་ལོ་དེའི་ས་ག་ཟླ་བའི་ནང་འབའ་སྨད་ཀྱེ་ཕུར་རྫ་རིའི་བཙན་རྫོང་དུ་འགྱོགས་བྱམས་ལ་རྟེན་ནས་བྱོན་སྐབས་གློ་བུར་དུ་དམག་མི་སྟོང་ཕྲག་ལོངས་པས་ཕྱོགས་ཀུན་ནས་བསྐོར་ཏེ་མེ་མདའ་ཚད། དེར་ཡོད་སྐྱེ་བོ་ཐམས་ཅད་འཇིགས་ཤིང་སྐྱི་གཡའ་བར་གྱུར་ཀྱང་། དམ་པ་ཉིད་ཀྱི་ཐུགས་དགོངས་གཡོ་བ་མེད་པར་ཞལ་རས་ཀྱི་འཛུམ་མདངས་ཕྱུང་བཞིན་བཀྲག་བརྗིད་ལྷམ་མེར་བཞུགས་པར་མ་ཟད། ཞལ་ནས། མན་ངག་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་ན་ཐ་མལ་མཚོན་གྱི་འཇིགས་པ་འདི་ཙམ་དུ་མ་ཟད། ཁམས་གསུམ་གྱི་སྲིད་པ་མཐའ་དག་ལྷག་མེད་འཇིག་ཀྱང་དངས་སྐྲག་གི་སྣང་བ་ཅུང་ཟད་མེད། འདི་ནི་བརྒྱུད་ལྡན་བླ་མ་དམ་པའི་བཀའ་དྲིན་དང་མན་ངག་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན་ཞེས་གསུངས། དེ་ནས་བཙོན་ཁང་དུ་བཅུག་པའི་ཉིན་ཞིག་ཞལ་ནས་ཧིཀྲ་སྒྲ་དྲག་པོ་ལན་གསུམ་ཙམ་དུ་བརྗོད་པ་དང་ཀུན་བཟང་གདོད་མའི་དབྱིངས་སུ་དར་ཅིག་མཉམ་པར་བཞག་སྟེ་དགོངས་པ་ཆོས་སྐུའི་ཀློང་དུ་བསྡུ་བར་བཞེད་པ་ན། དེར་གནས་དད་ལྡན་ཀུན་མཆི་མ་འཁྲུག་བཞིན་ཅ་ཅོའི་ངུ་འབོད་ཀྱིས་ཟང་ཟིང་ལང་ལོང་བྱས་པས། འཕྲལ་མར་དམག་མི་ཐོན་ནས་དེ་དག་ལ་བརྡེག་པར་གཟས་ཚེ་སླར་ཡང་འཚོ་བའི་འདུ་བྱེད་དུ་བྱིན་གྱིས་བརླབས་ནས་བཙོན་ཁང་དུ་ཟླ་ཤས་བཞུགས་དགོས་བྱུང་། དེ་རྗེས་ཉིན་ཞིག་ལ་སྤེན་དཀར་ཐང་ཞེས་པའི་ས་ཆར་དམག་མི་དང་། ལས་བྱེད་པ། མང་ཚོགས་སྐྱེ་བོ་གྲངས་ལས་འདས་པ་ཚོགས་འདུར་བསྡུས་ཏེ། ཁོང་ལ་འཐབ་རྩོད་བྱེད་མགོ་བརྩམས་མ་ཐག་གློ་བུར་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཆུ་སྤྲིན་ལང་ལོང་དུ་འཁྲིགས་ཏེ་ཁ་ཆར་བུ་ཡུག་དྲག་པོ་བཅས་ཉེ་འཁོར་རྣམས་སུ་ཐོག་མདའ་འབེབ་པའི་འཇིགས་པ་མི་བཟད་པ་ལན་འགའ་བྱུང་བས་དམག་མི་རྣམས་སྡོད་མ་ཚུགས་པར་གང་སར་བྲོས། ཆར་འབབ་མཚམས་བཞག་རྗེས་བལྟ་བར་ཕྱིན་ཚེ། རྗེ་ཉིད་ཀྱི་སྐུ་ལུས་སྟེང་ཆར་ཐིགས་གཅིག་གིས་ཀྱང་གོས་པ་མེད་པར་སྔར་གྱི་གནས་དེ་གར་ཞལ་རས་འཛུམ་དམུལ་ལེར་བཞུགས་འདུག དེ་ནས་ཉིན་འགའ་སོང་བའི་རབ་རྒྱལ་ས་ཁྱི་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་འབའ་སྨད་དེའུ་རྒན་ཞོལ་མ་བྱ་བར་མི་ཁྲི་ཕྲག་གཅིག་ཙམ་གྱིས་ངོ་རྒོལ་བྱ་རྒྱུའི་འཆར་གཞི་ལྟར། དམག་མི་ལྔས་ཆིབས་རྟ་ལ་དྲངས་ཏེ་རྐ་སུམ་མདོ་སྟེ་འབའ་ཡུལ་ཐུན་ཏེ་རྫོང་མཁར་ནས་ལམ་ལ་ཆས་ཤིང་། རྫོང་དེའི་ཉེ་འདབས་ཀྱི་ས་དོའི་གདོང་ལམ་བརྒྱུད་སྐབས་རྗེ་ཉིད་ཀྱི་ཞལ་ནས་བཛྲ་གུ་རུའི་འཛབ་དབྱངས་དལ་གྱིས་སྒྲོག་པ་དང་ལྷན་ཅིག་རླུང་འཚུབ་དྲག་པོ་ཞིག་ཀྱང་གློ་བུར་ལྡང་བྱུང་བས་དམག་མི་རྣམས་ནས་མིག་གིས་བལྟ་བ་ཙམ་ཡང་མི་ནུས་པར་གྱུར། ཡུད་ཙམ་ན་རླུང་འཚུབ་རང་དྭངས་སུ་སོང་བ་ན་བླ་མ་ཆིབས་སྟེང་དུ་མེད་པས་ཁོ་ཚོ་ཚང་མས་ཚབ་ཚུབ་ངང་ཕྱོགས་གང་སར་བལྟ་སྐབས་བར་སྣང་སྟོང་བའི་དབྱིངས་སུ་ཇེ་མཐོ་ཇེ་མཐོར་འགྲོ་བཞིན་པ་མངོན་སུམ་མིག་གིས་མཐོང་། སྐབས་དེར་དམག་མི་ཚེ་རིང་འབུམ་བྱ་བ་དེས། འདི་ལྟར་ནམ་མཁར་འཕུར་འགྲོ་བ་འཇིག་རྟེན་ལ་དཔེ་སྲིད་སྲོལ་མེད་ཟེར་བཞིན་ཚང་མས་ཇི་ལྟར་བལྟས་ནའང་སྔར་གྱི་མཐུན་སྣང་ལས་མ་བྱུང་བས། བྱ་ཐབས་ཟད་དེ་རྗེས་ལ་མེ་འགའ་བརྒྱབ་ཀྱང་མ་ཕོག་པར་མཐར་ནམ་མཁའ་སྟོང་བའི་དབྱིངས་ནས་དག་པ་མཁའ་སྤྱོད་ཀྱི་ས་ལ་སྐུ་ལུས་མ་སྤང་པར་དངོས་སུ་གཤེགས་སོ། །

[༧༢] འབོ་གངས་དཀར་སྤྲུལ་སྐུ།

མཁན་ཆེན་གཞན་དགའ་རིན་པོ་ཆེའི་ཐུགས་སྲས་ཐུ་བོ་མཁས་པའི་དབང་པོ་འབོ་གངས་དཀར་སྤྲུལ་སྐུ་ནི། མདོ་ཁམས་མི་ཉག་རབ་སྒང་གི་སའི་ཆ་གསར་སྡེ་ཞེས་པ་རུ་ཡབ་བྲག་ནག་ཕྲིན་ལས་དང་། ཡུམ་བྲག་ནག་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་༡༨༩༣ལོའི་ཟླ་དགུ་པའི་ཚེས་བཅོ་ལྔའི་ཉི་ཤར་ལ་སྐུ་འཁྲུངས། བྱིས་པའི་དུས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་བཞག་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་མངའ། དགུང་ལོ་གསུམ་གྱི་སྐབས་སྐུ་གོང་མའི་ཞལ་ཆེམས་དང་བསྟུན་རྒྱལ་དབང་ཀརྨ་པ་བཅོ་ལྔ་པའི་ཞལ་སྔ་ནས་གངས་དཀར་མཆོག་སྤྲུལ་སྐུ་རབས་བརྒྱད་པ་ཀརྨ་ཚེ་རིང་དབང་པོའི་ཡང་སྲིད་དུ་ངོས་འཛིན་ཐུགས་ཐག་བཅད། དགུང་གྲངས་ལྔ་ལ་ཕེབས་པ་མེ་བྱ་ལོར་དགོན་པར་སྤྱན་དྲངས་ནས་གསེར་ཁྲིར་བཀོད་པ་དང་ཀློག་སློབ་པའི་དབུ་བཙུགས། སྐྱེས་ཐོབ་ཀྱི་མཁྱེན་རབ་ཀློང་བརྡོལ་བས་ཀློག་སྦྱོར་འབྲི་གསུམ། འབུད་རྡུང་བཅའ་གསུམ། གདངས་དབྱངས་གར་གསུམ་སོགས་ལ་མྱུར་བར་བྱང་ཆུབ་ཅིང་། དགུང་ལོ་བདུན་གྱི་དུས་སློབ་དཔོན་པདྨའི་གསོལ་འདེབས་ཚིགས་བཅད་མ་ཚིག་དོན་ཁྱད་དུ་འཕགས་པ་ཐོལ་བྱུང་དུ་བརྩམས། སྤྱིར་རྗེ་འདི་ཉིད་གཏེར་སྟོན་འགྲོ་འདུལ་གླིང་པའི་གཏེར་ལུང་དུ་གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ནང་ཚན་ཤུད་བུ་དཔལ་གྱི་སེང་གེའི་རྣམ་རོལ་ཏུ་ལུང་གིས་ཟིན་ཞིང་། དམ་པ་ཉིད་སྔ་འགྱུར་པའི་གྲུབ་མཐའ་ལ་ཐུགས་ངེས་ཁྱད་པར་བ་འཁྲུངས་ཤིང་ཐུགས་དམ་གྱི་མཐིལ་རྫོགས་པ་ཆེན་པོར་ཁོ་ནར་མཛད་པ་སོགས་རིང་ལུགས་འདི་ལ་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཟབ། དགུང་གྲངས་བཅོ་བརྒྱད་པར་ཤར་དཔལ་སྤྲུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་སློབ་གཉེར་ལ་ཕེབས་ནས་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཞལ་མཇལ་བས་ཐུགས་མཉེས་པ་ཆེན་པོས་མ་ཎི་འབྲུ་དྲུག་གི་ལུང་གནང་སྟེ། འབོ་སྤྲུལ་ཁྱེད་ཀྱིས་ཡོན་ཏན་ལེགས་པར་སྦྱངས་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་བྱེད་དགོས་ཞེས་ཞལ་བསྒོས་མཛད། མཁན་ཆེན་ཀརྨ་བདེ་ཆེན་ངེས་དོན་བསྟན་འཛིན་ལས་རབ་རྒྱས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་། ཕྱིས་སུ་དགུང་ལོ་ཉེར་གཅིག་པར་རྗེ་དེ་ཉིད་ལས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་ཏེ་སྐུ་ཚེ་གང་བོར་འདུལ་འཛིན་བསྟན་པའི་རྒྱན་གཅིག་ཏུ་བཞུགས། ཐོག་མར་མཁན་ཆེན་ཚེ་དབང་དཔལ་འབྱོར་ལས་ཀཱ་རི་ཀཱ་ལྔ་བཅུ་པ་ནས་འདུལ་གཞུང་འགའ་ལ་གསན་པའི་དབུ་བཙུགས་པ་ན། བྱམས་མགོན་སི་ཏུ་རིན་པོ་ཆེས་རྫོགས་ཆེན་མཁན་ཆེན་གཞན་དགའ་རིན་པོ་ཆེ་རྗེ་ཉིད་ཀྱི་དབུའི་བླ་མ་དང་དཔལ་སྤུངས་བཤད་གྲྭའི་མཁན་པོར་སྤྱན་དྲངས་པའི་ཞལ་སྔ་ནས་བསྟུད་མར་ལོ་གཉིས་རིང་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ཆ་ཚང་བ་གསན། སྐྱེས་སྦྱངས་ཀྱི་རྣམ་དཔྱོད་ཁྱད་དུ་འཕགས་པས་བླ་མས་གང་གསུང་པའི་ཚིག་དོན་མཐའ་དཔྱད་དང་བཅས་པ་པར་བཏབ་པ་བཞིན་ཆགས་ཐོགས་མེད་པར་ཐུགས་སུ་ཆུད་པ་བྱུང་བས། གཞན་དགའ་རིན་པོ་ཆེ་ཐུགས་ལྷག་པར་དགྱེས་ཏེ་ཁྱེད་ཀྱི་སྐྱེས་ཐོབ་ཀྱི་ཤེས་རབ་འདི་ལ་བལྟས་ན་ཆོས་རྗེ་ས་སྐྱ་པཎ་ཆེན་དང་། ཀུན་མཁྱེན་ཀློང་མཁྱེན་པ་ལྟ་བུ་ཡོངས་ངེས་འདུག་ཅེས་སློབ་ཚོགས་ཀྱི་གྲལ་ནས་བསྔགས་བརྗོད་ཡང་ཡང་མཛད། མི་རིང་བར་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་རབ་ཀྱི་སྤྱན་དཀྱུས་རིང་བའི་མཁས་པའི་ཡང་རྩེར་སོན་ཞིང་དུས་དེར་བཀའ་རྒྱུད་ཕྱོགས་ཀྱི་བསྟན་འཛིན་ཞིག་ལ་རྗེ་འདི་ཁོ་ན་མཁྱེན་པ་ཆེ་བར་གྲགས། གཞན་དགའ་རིན་པོ་ཆེ་མཆོག་ཐུན་མིན་གྱི་གཙུག་རྒྱན་དུ་བསྟེན་ནས་ཕྱིས་སུ་རྒྱ་བོ་རི་ཁྲོད་སོགས་སུ་སྐུ་དྲུང་དུ་ཡུན་རིང་བཞུགས་ཏེ་ཀློང་ཆེན་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། སྙིང་ཐིག་མ་བུ། ཁྲིད་ཡིག་ཡེ་ཤེས་བླ་མ་བཅས་འོད་གསལ་རྫོགས་པ་ཆེན་པོའི་ཟབ་ཁྲིད་གསན་ཏེ་ཐུགས་དམ་གྱི་མཐིལ་མཛད། གཞན་ཡང་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། གྲུབ་དབང་དབོན་རྒན་རིན་པོ་ཆེ། མཁན་ཆེན་ཚེ་དབང་དཔལ་འབྱོར། གནས་ལྔ་རིག་པའི་པཎ་ཆེན་བཀྲ་ཤིས་འཕེལ་སོགས་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་ཡོངས་འཛིན་དུ་བསྟེན་པ་ལས་བཀའ་བརྒྱུད་པའི་གཞུང་འགྲེལ་ཟབ་ཆོས་ཐམས་ཅད་དང་། ཇོ་ནང་པའི་རིང་ལུགས་ཀྱི་ཆོས་སྐོར་ཅི་རིགས་ལ་གསན་བསམ་དཔྱིས་ཕྱིན་པ་གནང་། བར་སྐབས་ནས་དཔལ་སྤྲུངས་སུ་དབྱར་གནས་མཁན་པོ་མཛད་ཅིང་འཆད་ཁྲིད་ཀྱང་རྒྱ་ཆེར་སྤེལ་བ་དང་། དཔལ་སྤྲུངས་སྒྲུབ་ཁང་དུ་ལོ་གསུམ་ཕྱོགས་གསུམ་རིང་སྒྲུབ་བླ་སྒྲུབ་དཔོན་ཟུང་འབྲེལ་གནང་བ་བཅས་སྔ་ཕྱིར་དཔལ་སྤུངས་སུ་ལོ་ངོ་བཅུ་གཉིས་བཞུགས། དེ་ནས་མི་རིང་བར་དབུས་ལྷ་ལྡན་ཕྱོགས་སུ་བྱོན་ཏེ་སེ་འབྲས་དགའ་གསུམ་བསམ་ཡས་སོགས་སུ་གྲྭ་སྐོར་མཛད་པས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས། ཇོ་ཤཱཀ་རྣམ་གཉིས་དང་གནས་ཆེན་ཁག་ལ་མཇལ་བསྐོར་མཆོད་འབུལ་རྒྱས་པ་མཛད། ཁྱད་པར་སྒྲུབ་བརྒྱུད་གདན་ས་ཆེན་མོ་མཚུར་ཕུ་དགོན་དུ་བྱོན་ནས་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་སྤྱན་སྔ་ནས་བཀའ་བརྒྱུད་པའི་ཟབ་ཆོས་ཐབས་ལམ་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་འོད་གསལ་ཕྱག་ཆེན་གྱི་ཁྲིད་ལུང་། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ལྷན་ཅིག་སྐྱེས་སྦྱོར། རྫོགས་རིམ་ཀློང་སེམས་གཉིས་མེད་སོགས་ཀྱི་བཤད་ཁྲིད་དང་། རྗེ་མར་པ་ལོ་ཙཱ་ནས་བརྒྱུད་པའི་གསང་བ་འདུས་པ། བདེ་མཆོག རྡོ་རྗེ་གདན་བཞི་སོགས་བླ་མེད་རྒྱུད་སྡེ་ཁག་གི་དཀྱིལ་འཁོར་རབ་འབྱམས་ཀྱི་དབང་དང་གདམས་ངག་ཕལ་མོ་ཆེ་གསན་ནས་ཕྱིར་མདོ་ཁམས་ཕྱོགས་སུ་ཕེབས། དགུང་གྲངས་སུམ་ཅུའི་སྐོར་རང་དགོན་ཁམས་གསུམ་བྲག་བྱམས་ཆེན་ཆོས་འཁོར་གླིང་དུ་ཞབས་པད་བཀོད་ཅིང་སྐྱ་སེར་མང་པོས་ཆིབས་བསུའི་བཀོད་པ་རྒྱ་ཆེན་པོ་བྱས། དེ་ནས་རིམ་པར་སྐུ་གོང་མའི་གདན་ས་རྨ་སེ་དགོན་ཕྱི་ནང་རྟེན་དང་བརྟེན་པ་ལེགས་བཞེངས་མཛད་དེ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་འཆད་ཁྲིད་ཀྱི་རྒྱུན་བཙུགས། གཞན་ཡང་མི་ཉག་དང་། ཉག་ཆུའི་རྒྱུད། ཕོ་བྲང་ལྔ་རྩེ་སོགས་སུ་དགོན་སྡེ་བཅུ་ཕྲག་ལྷག་གསར་འདེབས་ཉམས་གསོ་ཅི་རིགས་པ་མཛད་པས་ཡུལ་གྲུ་དེ་དག་ཏུ་བཀའ་བསྟན་ཉི་མ་ཤར་བ་ལྟར་བྱུང་། དུས་མཚུངས་མི་ཉག་རི་ཁུག་དགོན་དང་། བྲག་མཁར་དགོན། སྐྱིད་སྣང་དགོན། ལྷ་སྒང་དགོན། དཔལ་རི་དགོན། སེང་གེ་དགོན་སོགས་སུ་གཞུང་བཤད་དང་སྨིན་ཁྲིད་སོགས་ཟབ་ཆོས་ཀྱི་འགྲོ་དོན་རྒྱ་ཆེར་བསྐྱངས། དགུང་གྲངས་སོ་བརྒྱད་བཞེས་པ་ལྕགས་རྟ་ལོར་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་རིག་པའི་སེང་གེའི་ཡོངས་འཛིན་དུ་སྟོད་ལུང་མཚུར་ཕུར་ཆིབས་ཞལ་བསྒྱུར། རྒྱལ་དབང་མཆོག་དང་། གནས་ནང་དཔའ་བོ་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ་སོགས་བཀའ་བརྒྱུད་པའི་བླ་སྤྲུལ་རྣམས་ལ་བདེ་མཆོག མ་ཧཱ་མཱ་ཡ། རྡོ་རྗེ་གདན་བཞི་སོགས་རྒྱུད་སྡེ་ཆེན་པོ་དང་། ཕྱག་ཆེན་ནཱ་རོ་ཆོས་དྲུག བཀའ་གདམས་བློ་སྦྱོང་དོན་བདུན་བཅས་ཀྱི་བཤད་ཁྲིད་མང་དུ་གནང་། མཚུར་དགོན་དང་གནས་ནང་དགོན་པའི་དགེ་འདུན་གྱི་འདུས་ཚོགས་ལ་དབང་ཆོས་ཐེངས་མང་བསྩལ། སེར་འབྲས་དགེ་གསུམ་དུ་བྱོན་ནས་དགའ་ལྡན་ཁྲི་རིན་པོ་ཆེ་ཨ་མེས་དང་། མི་ཉག་སྐྱོར་དཔོན་བློ་བཟང་ཡོན་ཏན་སོགས་དགེ་བཤེས་ཆེན་མོ་མང་པོ་དང་གཞུང་པོད་ལྔའི་དཀའ་གནད་སྐོར་ལ་བགྲོ་གླེང་མཛད་པས་ཁོང་རྣམས་ཐུགས་དབང་མེད་དུ་འཕྲོག་པའི་བསྔགས་བརྗོད་ཐོབ། སྔ་ཕྱིར་རྗེ་འདི་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་བསྟན་བཅོས་ཀྱི་སྐོར་ལ། གཞན་དགའ་རིན་པོ་ཆེས་བཀས་བསྐུལ་ཏེ་བརྩམས་པའི་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ། དབུ་མའི་མཐའ་དཔྱད་ལྟ་བའི་མིག་འབྱེད། རྒྱལ་རོང་དགེ་བཤེས་ཀརྨ་ངེས་དོན་གྱི་དྲིས་ལན་མཁས་པའི་མགུལ་རྒྱན། ཕར་ཕྱིན་ལས་ཆོས་འཁོར་མཐའ་དཔྱད་དང་། བཀའ་དང་བསྟན་བཅོས་ཀྱི་རྣམ་བཞག བྱམས་པ་སངས་རྒྱས་ཡིན་མིན་ལ་དཔྱད་པ། དངོས་བརྒྱད་དོན་བདུན་བཅུའི་སྤྱི་དོན། སྤྱོད་འཇུག་འགྲེལ་པ། སུམ་རྟགས་བསྡུས་དོན་ཤེས་རབ་སྒྲོན་མེ། གངས་དཀར་གནས་བཤད་སོགས་གཞུང་འགྲེལ་དང་བསྟོད་ཚོགས་ཀྱི་སྐོར་དུ་མ་བཞུགས་པར་གྲགས། དགུང་གྲངས་ཞེ་གསུམ་པར་ཕྱིར་ཁམས་སུ་ཕེབས་རྗེས་ནོར་ལྷ་བླ་མའམ་འགར་བ་བླ་མ་ཞེས་པ་རྒྱ་ནག་ཏུ་སྙན་གྲགས་ཆེ་བ་དེ་ཞལ་སློབ་ཏུ་གྱུར་པ་དང་། དེ་ཉིད་ཀྱིས་གདན་ཞུས་སྣ་འདྲེན་གནང་བ་ལྟར་རྒྱ་ནག་གི་ཡུལ་གྲུ་དུ་མར་ཐེངས་འགར་ཞབས་སོར་བཀོད་ཅིང་། རྒྱ་ནག་གི་བླ་ཆེན་ཆོས་དཔོན་དུ་མ་དང་དཔོན་ཆེན་ས་དབང་མང་པོས་བླ་མར་བཀུར་ཏེ་དམ་ཆོས་ཀྱི་འབྲེལ་བ་རྒྱ་ཆེན་བྱུང་ཞིང་བཀའ་རྙིང་གི་ཟབ་ཆོས་ལ་ཉམས་ལེན་བྱེད་པའི་སློབ་ཚོགས་ཁྲི་ཕྲག་འགའ་བྱུང་ཆོས་རྒྱུན་དེང་སང་གི་བར་འཕེལ། དུས་དེར་ཅང་ཅེ་ཧྲི་སོགས་ཆབ་སྲིད་ལ་དབང་བའི་མི་ཆེན་མང་པོས་མཇལ་འཕྲད་མཛད་ཅིང་དངོས་འབྱོར་གྱི་འབུལ་བ་རྒྱ་ཆེན་པོས་བསྙེན་བཀུར་གནང་། རང་ཡུལ་དུ་ཕེབས་ནས་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་། ཕྱོགས་དང་ཕྱོགས་ཀྱི་དགོན་པ་ཆོས་སྡེ་རྣམས་ལ་མཆོད་འབུལ་གནང་སྦྱིན་བསམ་གྱིས་མི་ཁྱབ་པས་བསྟན་འགྲོའི་ལེགས་མཛད་མཐའ་ཡས་སྤེལ། དགུང་གྲངས་རེ་བཞིར་ཕེབས་པ་སྤྱི་ལོ་༡༩༥༧པ་མེ་སྤྲེལ་ལོར་དུས་འགྱུར་གྱི་མངོན་རྟགས་སྣ་ཚོགས་པ་འབྱུང་ལ་ཉེ་སྐབས་ཞལ་སློབ་རྣམས་ལ་སེམས་གསོའི་ལུང་བསྟན་ཞལ་གདམས་སྣ་ཚོགས་གནང་སྟེ་ཡུན་རིང་མི་བཞུགས་པའི་ཚུལ་བསྟན། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ལ་སྐུ་རྣམ་སྣང་ཆོས་བདུན་གྱིས་བཞུགས་ཤིང་རླུང་སྦྱོར་མཛད་བཞིན་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །

[༧༣] ཁུ་ནུའི་བླ་མ་བསྟན་འཛིན་རྒྱལ་མཚན།

མཁན་ཆེན་གཞན་དགའ་རིན་པོ་ཆེའི་ཐུགས་སྲས་ཁུ་ནུའི་བླ་མ་བསྟན་འཛིན་རྒྱལ་མཚན་ནི། སྤྱི་ལོ་༡༨༩༥པ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་ལུག་ལོར་རྒྱ་གར་ནུབ་ཕྱོགས་ཁུ་ནུའི་ཡུལ་གཤོས་རྣམ་ཞེས་པའི་ས་ཆར་སྐུ་འཁྲུངས། ཆུང་ངུ་ནས་རབ་ཏུ་བྱུང་སྟེ་ཡིག་རིགས་ལ་སྦྱང་བརྩོན་གནང་བས་ཚེགས་ལ་མ་བལྟོས་པར་མྱུར་བར་མཁྱེན། སྐུ་ན་སོན་ནས་ཐོས་བསམ་དོན་གཉེར་གྱི་ཐུགས་འདུན་དྲག་པོས་ཡོངས་སུ་བསྐུལ་ཏེ་མདོ་ཁམས་ཕྱོགས་སུ་ཆོས་ཞུར་ཕེབས་པ་ན། མཁན་ཆེན་གཞན་དགའ་རིན་པོ་ཆེའི་སྙན་པ་གསན་ཏེ་ཀུན་མཁྱེན་བླ་མ་རྒྱ་བོ་རི་ཁྲོད་དུ་བཞུགས་པའི་ཞབས་དྲུང་དུ་བཅར། བླ་མའི་ཞལ་རས་མཇལ་མ་ཐག་ཐ་མལ་གྱི་སྣང་ཤེས་དལ་གཅིག་འགག་ཅིང་སེམས་ཉིད་རིག་སྟོང་སྐྱེ་བ་མེད་པར་རང་ངོ་འཕྲོད་དེ་རྟོགས་པའི་ཡེ་ཤེས་ཅར་ཕོག་ཏུ་ཐུགས་རྒྱུད་ལ་འཕོས། ཞལ་སློབ་ཏུ་རྗེས་སུ་འཛིན་པར་ཞུས་ཚེ་རྗེ་བླ་མའི་ཞལ་ནས། ངའི་མཚན་ཉིད་ཀྱི་གཞུང་བཤད་བཞག་ནས་ལོ་མང་ཕྱིན་ཅིང་འདིར་སྒྲུབ་པ་ཉམས་ལེན་བྱེད་ཁུལ་གྱིས་འཆི་བ་བསྒུགས་ནས་ཡོད་པས་གཞུང་བཤད་སོགས་མི་ཡོང་། དེ་བས་ཁྱེད་རང་རུ་དམ་ཤྲཱི་སེང་ཆོས་གྲྭར་ཕེབས་དང་ངའི་སློབ་མ་མཁས་པའི་ཁྱུ་མཆོག་མང་པོས་འཆད་ཁྲིད་མཛད་བཞིན་པ་ཡིན་ལ་ངའི་ཅི་ཤེས་ཐམས་ཅད་ཁོང་ཚོའི་ཤེས་ནས་ཡོད་གསུངས། ད་ལམ་སངས་རྒྱས་དངོས་འདྲའི་བླ་མ་དང་མཇལ་བས་མཚན་ཉིད་ཀྱི་གཞུང་བཤད་མ་ཤེས་ཀྱང་གདམས་ངག་ཞིག་མ་ཐོབ་བར་འབྲལ་བར་མི་བྱེད་སྙམ་པའི་ཐུགས་དམ་བཅས་ཏེ་བླ་མའི་ཉེ་འདབས་ཀྱི་སྒྲུབ་ཕུག་ཞིག་ཏུ་བཞུགས་པ་ན། ཞག་འགའི་རྗེས་བླ་མས་ཉེ་གནས་པ་འབོད་མི་བཏང་བ་ལྟར་སྐུ་མདུན་དུ་ཕྱིན་ཚེ་བྱམས་བརྩེའི་གསུང་གིས་ཁྱོད་ས་ཆ་སྐད་རིགས་མི་གཅིག་པའི་ཁམས་ཕྱོགས་འདིར་དེ་འདྲའི་བརྩོན་པ་ཆེན་པོས་ཡོང་དོན་ཅི་ཡིན་སོགས་བཀའ་འདྲི་གནང་བར། གནས་ཚུལ་རྣམས་རྒྱས་པར་ཞུས་པས་ད་ཁྱོད་ས་ཐག་རིང་པོ་ཞིག་ནས་འོངས་འདུག་པས་མ་འོངས་པར་བསྟན་འགྲོ་ལ་སྨན་པ་ཞིག་བྱུང་ན་ཕན་པ་ཆེ་བས་རྒན་བུས་ཁུར་གྱིས་ཅི་ལྕོགས་ཀྱི་བཤད་པ་རེ་བྱེད་གསུངས་ཏེ། རྗེ་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་གཞུང་ཆེན་བཅུ་གསུམ་ལས་ཕལ་མོ་ཆེའི་བཤད་ཁྲིད་མཛད་ཅིང་ཕྱག་དཔེ་ཆ་ཚང་བསྩལ་ཏེ་དོན་གྱི་བཀའ་གཏད་མཛད། དུས་མཚུངས་ཞལ་སློབ་གཙོ་བོ་འགའ་ལ་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཡེ་ཤེས་བླ་མ་དང་། ཐེག་མཆོག་མཛོད། ཆོས་དབྱིངས་མཛོད་སོགས་རྒྱལ་དབང་ཀློང་ཆེན་པའི་གསུང་སྐོར་སྔགས་རྫོགས་ཀྱི་གདམས་ཁྲིད་གནང་བཞིན་པ་ཡང་ཞིབ་རྒྱས་སུ་ཐོབ། དུས་དེར་རྗེ་བླ་མའི་ཞབས་དྲུང་དུ་བཞུགས་པའི་ཞལ་སློབ་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་དང་། རྨེ་བ་མཁན་ཆེན་ཡེ་ཤེས་དར་རྒྱས་སོགས་མཁས་དབང་རྣམས་ལས་དབུ་ཕར་ཚད་མངོན་གྱི་བཤད་ཁྲིད་དོགས་གཅོད་དང་བཅས་པ་རྒྱས་པར་གསན་པས་མཁས་པའི་གོ་འཕང་བརྙེས། གཞན་དགའ་རིན་པོ་ཆེ་ཞིང་དུ་གཤེགས་རྗེས་རུ་དམ་གཤིན་རྗེ་སྒྲུབ་ཕུག་དང་། ཤྲཱི་སེང་ཆོས་གྲྭ་སོགས་སུ་ལོ་འགར་བཞུགས་ཏེ་བྱ་བྲལ་ཀུན་དགའ་དཔལ་ལྡན་དང་། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཨ་བུ་ལྷ་སྒང་སོགས་སྐྱེས་ཆེན་རྣམས་ལས་འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་གིས་མཚོན་བཀའ་གཏེར་གྱི་དབང་ལུང་ཅི་རིགས་གསན། གཞན་ཡང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཀཿཐོག་སི་ཏུ། འབྲི་འཇམ་གྲགས། མཁན་ཆེན་འབྱོར་ལྡན། མཁན་ཆེན་ངག་དབང་དཔལ་བཟང་སོགས་ཀྱི་ཞབས་ལ་གཏུགས་ནས་གཞུང་ཁྲིད་དབང་ཆོས་ཅི་རིགས་པ་བཞེས། ཁྱད་པར་དཔལ་སྤྲུལ་རིན་པོ་ཆེའི་དངོས་སློབ་དགེ་གོང་མཁན་ཆེན་ཀུན་བཟང་དཔལ་ལྡན་རྫ་ཆུ་ཁར་བཞུགས་པའི་མདུན་དུ་ཕེབས་ནས་བྱང་ཆུབ་སེམས་ཀྱི་མན་ངག་ཨ་བུའི་གསུང་རྒྱུན་ཅན་གྱི་སྤྱོད་འཇུག་རྒྱས་ཁྲིད་གསན། དེ་ལྟར་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པ་དང་དུ་བླངས་ནས་མདོ་ཁམས་སུ་ལོ་ཚོགས་བཅུ་གཉིས་སུ་བཞུགས་ཏེ་ཕྱིར་རང་ཡུལ་དུ་ཕེབས། ཕྱོགས་དེར་ཡབ་རྗེ་གོང་མ་དག་གི་རྣམ་ཐར་བཞིན་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་སྐུ་ཚེ་གང་བོར་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་གཏམས་པའི་བྱ་བྲལ་གྱི་རྒྱལ་པོར་བཞུགས། བར་སྐབས་རྒྱ་གར་གཞུང་ཕྱོགས་ཀྱི་མཐོ་རིམ་སློབ་གྲྭ་ཁག་གི་དགེ་རྒན་དུ་གདན་ཞུས་ལྟར་ཕེབས་ཏེ་ཐུགས་ཉམས་ཆུང་ངུས་ཐུན་མོང་རིག་གནས་སྒྲ་སྙན་དཀར་རྩིས་སོགས་ཀྱི་འཆད་ཁྲིད་མཛད་ཅིང་། རིམ་གྱིས་ཕྱི་ནང་རིག་གནས་ཀུན་ལ་ཆགས་ཐོགས་བྲལ་ཞིང་གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་པའི་དབང་ཕྱུག་ཏུ་མཁྱེན་པས་དེར་བཞུགས་དགེ་བཤེས་བླ་སྤྲུལ་ཡོངས་ཀྱིས་གཙུག་རྒྱན་དུ་བཀུར་བ་དང་། ས་དགེ་བཀའ་རྙིང་གི་མཁས་པ་མང་པོ་ལ་གཞུང་འགྲེལ་དང་རིག་གནས་སོགས་སོ་སོའི་རེ་འདོད་བཞིན་མཆོད་སྤྲིན་དུ་སྤྲོས་པ་མ་ཟད། གོང་ས་རྒྱལ་དབང་བཅུ་བཞི་པ་མཆོག་ནས་ཀྱང་རིགས་བདག་ཏུ་བསྙེན་ཏེ་སྤྱོད་འཇུག་གི་བཀའ་ཁྲིད་སོགས་ཟབ་ཆོས་ཀྱི་གསུང་རྒྱུན་ཐུགས་ཉམས་སུ་བཞེས་ཤིང་བཀའ་ཁྲིད་མཛད་པ་ལས་རི་བོ་དགའ་ལྡན་པའི་ཕྱོགས་ལའང་རང་ལུགས་ཀྱི་བསྟན་རྒྱུན་འཕེལ། བྱང་ཆུབ་སེམས་བསྟོད་སོགས་གསུང་རྩོམ་ཅི་རིགས་པ་བརྩམས་པ་སོགས་བསྟན་འགྲོའི་འགྲོ་དོན་འཐར་ཕྱིན་ངང་སྐུ་གཤེགས་སོ། །

[༧༤] རྫ་མུ་ར་སྐུ་ཕྲེང་བཞི་པ་པདྨ་ནོར་བུ།

མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་གྱི་ཐུགས་སྲས་ཐུ་བོ་རྫ་མུ་ར་སྐུ་ཕྲེང་བཞི་པ་པདྨ་ནོར་བུ་ནི། ཡབ་ཨ་གྲོའི་བསོད་ནམས་ཆོས་འཕེལ་ཞེས་མཁས་དང་གྲུབ་པའི་རྩེར་སོན་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་རྗེ་གོང་མའི་ཞལ་སློབ་དེ་ཉིད་དང་། ཡུམ་མཁས་གྲུབ་པདྨ་བཛྲ་གྱི་སྐུ་ཕྲེང་གཉིས་པ་མཁན་སྤྲུལ་བདེ་མཆོག་རྡོ་རྗེའི་སྐུའི་ལྕམ་སྲིང་འདས་ལོག་མ་དཔལ་སྒྲོན་ཞེས་ཉིན་ཞག་དུ་མར་འོད་གསལ་གྱི་སྣང་ཆར་དམྱལ་ཁམས་སུ་ཕེབས་ཏེ་སེམས་ཅན་དུང་ཕྱུར་མང་པོ་འདྲེན་ཞིང་འཁོར་བ་དོང་ནས་སྤྲུག་པ་དང་། ཡི་དམ་དཔའ་བོ་མཁའ་འགྲོ་ཐོག་བབ་ནུས་ཤིང་ལྐོག་གྱུར་གྱི་ཆོས་སྒྲིབ་མེད་དུ་གཟིགས་པའི་བརྡ་ལུང་སྟོན་པ་སོགས་ཕལ་པ་ལས་འདས་པའི་མཁའ་འགྲོ་མ་དེ་ཉིད་ཀྱི་སྲས་སུ། སྤྱི་ལོ་༡༩༡༨པ་སྟེ་རབ་བྱུང་བཅོ་ལྔ་པའི་ས་རྟ་ལོར་མདོ་ཁམས་རུ་དམ་ཞབས་ཆུང་ལུང་དུ་ངོ་མཚར་བའི་མཚན་ལྟས་བརྒྱ་ཕྲག་དང་བཅས་སྐུ་འཁྲུངས། ཆུང་ངུ་ནས་སྐྱེས་ཐོབ་ཀྱི་མཁྱེན་རབ་ཟླ་དང་བྲལ་བས་ཡི་གེ་འབྲི་ཀློག་སོགས་ཚེགས་ལ་མ་བལྟོས་པར་བྱང་ཆུབ། གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མུ་ར་པདྨ་བདེ་ཆེན་བཟང་པོའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་དང་པདྨ་ནོར་བུ་ཞེས་མཚན་གསོལ་མཛད། རྗེ་དེ་ཉིད་དང་མཁས་མཆོག་གཞན་ཕན་སྣང་བ། བྱ་བྲལ་ཀུན་དགའ་དཔལ་ལྡན། སྐུ་ཞང་བདེ་མཆོག་རྡོ་རྗེ་སོགས་གདན་ས་འདིའི་མཁས་གྲུབ་སྐྱེས་ཆེན་རྣམས་ལས་བཀའ་གཏེར་གྱི་སྨིན་གྲོལ་དང་། མདོ་སྔགས་ཀྱི་གཞུང་བཤད་བཅས་གསན་བསམ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་མཛད། ཁྱད་པར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་བུ་ལྷ་སྒོང་ངམ་པདྨ་ཐེག་མཆོག་བློ་ལྡན་ཐུན་མིན་ཡོངས་འཛིན་དུ་བསྟེན་ནས་ལོ་ངོ་བཅུ་ཕྲག་ལྷག་གཤིན་རྗེ་སྒྲུབ་ཕུག་གོང་མའམ་ད་ལྟ་མུ་རའི་སྒྲུབ་ཕུག་ཏུ་གྲགས་པར་རྒྱུན་བཞུགས་མཛད་དེ་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རབ་སྤྱི་དང་། སྙིང་ཐིག་མ་བུའི་ཆོས་སྐོར་ཆ་ལག་དང་བཅས་པའི་དབང་ཁྲིད་མན་ངག་གི་རྒྱུན་ཐམས་ཅད་ཆིག་བརྒྱུད་ཀྱི་ཚུལ་དུ་གསན་བཞེས་མཐར་ཕྱིན་མཛད་ཅིང་། ཐོག་མར་སྔོན་འགྲོའི་རྒྱུད་སྦྱང་པ་ནས་མཐར་ཐུག་ཁྲེགས་ཆོད་ཐོད་རྒལ་གྱི་ལྟ་བའི་སྐྱེལ་སོའི་བར་ལམ་གནད་ཀྱི་ཉམས་བཞེས་མཐར་ཆགས་སུ་མཛད་པས་གྲུབ་བརྙེས་ཀྱི་རྒྱལ་ས་མཐོན་པོར་གཤེགས། དགུང་གྲངས་སོ་གསུམ་པར་དགེ་རྩེ་སྡེ་དཔོན་ཡོངས་དང་ཀི་ལུང་དགོན་གྱི་བླ་སེར་ཀུན་ཀྱིས་ནན་ཆེར་ཞུས་ངོ་ལྟར་རྫ་སྟོད་ཀི་ལུང་དགོན་ནམ་དགོན་གསར་རིག་འཛིན་འཕེལ་རྒྱས་གླིང་དུ་ཆིབས་ཞལ་བསྒྱུར། བསྟན་སྲིད་ཀྱི་ཁུར་བཞེས་ནས་ལྷ་ཁང་བསྐྱར་བཞེངས་གནང་བ་སོགས་བར་ལམ་ཉམས་རྒུད་དུ་སོང་བའི་རྟེན་དང་བརྟེན་པ་ཀུན་སོར་ཆུད་པར་མཛད། རྗེ་ཉིད་ཐབས་ལ་མཁས་པའི་མཛད་སྤྱོད་བསྡུ་དངོས་བཞི་སོགས་རྒྱལ་བའི་སྲས་ཀྱི་རྣམ་ཐར་ལ་མངའ་དབང་འབྱོར་ཞིང་ཆོས་སྲིད་ལུགས་གཉིས་ཀྱི་མཛད་པའི་རྩེ་མོར་སོན་པས་རྗེ་དཔོན་ཆེ་རྒུ་ཡོངས་ཀྱིས་མངོན་པར་བསྟོད་ཅིང་སྤྱི་བོས་འདུད། རྫ་རྒྱུད་སྟོད་སྨད་ཀྱི་སྡེ་རིས་ཐམས་ཅད་དང་ཕྱོགས་ཀྱི་ཡུལ་སྡེ་ཕན་ཚུན་བར་མི་མཐུན་པའི་འཁོན་རྩོད་བཟླུམ་ཞིང་ཞི་བདེར་བཀོད་པ་སོགས་གཞན་ཕན་གྱི་མཛད་པ་ཁོ་ན་བསྐྱངས་པས་ཀུན་ཀྱི་བླ་དཔོན་ལྟ་བུར་གྱུར། གྲུབ་དབང་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་ཡབ་སྤུན་གྱི་སྐུ་མཆེད་དུ་སོང་གཤིས་སྐབས་དང་སྐབས་སུ་རུ་དམ་གདན་སར་ཕེབས་ནས་ཐུགས་འདོན་ཞལ་བཀོད་གནང་བ་སོགས་ཕྲིན་ལས་ཀྱི་སྣ་འདྲེན་མཛད་པས་འདི་གའི་གདན་ས་ལའང་བཀའ་དྲིན་ཆེ། རྫ་སྟོད་དུ་ཕེབས་རྗེས་མཁན་ཀུན་བཟང་དཔལ་ལྡན་དང་ཐུབ་དགའ་རིན་པོ་ཆེ་རྣམ་གཉིས་ལས་ཐུན་མིན་གྱི་གདམས་ཁྲིད་སྣ་ཚོགས་གསན་པ་དང་བཤེས་གཉེན་རྣམ་གཉིས་ནས་སྤྲུལ་སྡིས་ཞེས་ནང་ཐུགས་ཀྱི་སྲས་གཅིག་ཏུ་འཛིན། རྫ་བརྒྱུད་སྙིང་ཐིག་དགོན་ཁག་ལྔ་དང་། མགོ་ལོག གྲུབ་བརྒྱུད། ཆུ་དམར་སོགས་ཡུལ་གྲུ་ཆོས་སྡེ་དགོན་ཁག་དུ་མར་སྨིན་གྲོལ་གྱི་གདམས་ཁྲིད་གནང་ཞིང་ཟབ་ཆོས་ཀྱི་འབྲེལ་བ་ཟབ་པས་ཀུན་ཀྱིས་གཙུག་རྒྱན་དུ་བཀུར། གྲུབ་དབང་རྫོགས་ཆེན་གདན་ས་དང་། རྒྱལ་རོང་། ཡིད་ལྷུང་རྩ་ཤུལ་དགོན་སོགས་སུ་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་གསུངས་ཤིང་། དེ་དག་གི་སྐབས་སུ་སྒྲ་དྲུག་འགྱུར་གྱིས་གསུངས་པས་ཉིན་རེར་པོད་ཆེན་དྲུག་ལྷག་གསུངས་གྲུབ་པ་སོགས་ཕལ་པའི་སྤྱོད་ཡུལ་ལས་འདས་པའི་རྣམ་ཐར་མངའ། ཐུགས་སྲས་ཞལ་སློབ་ཏུ་གྱུར་པ་རྗེ་ཉིད་ཀྱི་སྐུ་ཚ་བདག་ཅག་གི་སྐྱབས་རྗེ་དམ་པ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་། རིགས་བདག་མཚུངས་མེད་རྟོགས་ལྡན་བློ་གྲོས་རྒྱ་མཚོ། བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མ། བུ་རྒྱུད་ལྷ་སྤྲུལ། རྫ་རྒྱལ་ཐུབ་བེ། མཁན་ཆེན་འཇིགས་མེད་ཕུན་ཚོགས། དགེ་རྒྱལ་མཁན་པོ་ཐུབ་བསྟན་རྣམ་རྒྱལ། རྨེ་བ་མཁན་ཆེན་འཇམ་དཔལ་དང་དཀོན་མཆོག་རིན་ཆེན་རྣམ་གཉིས་སོགས་གདན་ས་འདི་དང་ལྕང་མ་རི་ཁྲོད་སོགས་སུ་བཞུགས་པའི་སྡེ་སྣོད་འཛིན་པ་ཡོངས་ཀྱིས་དབང་ཆོས་མ་གསན་པ་མེད་པ་ལྟ་བུ་དང་། ཁྱད་པར་དུས་སྐབས་དེར་རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཡིག་རྗེ་འདི་ལས་ཀུན་ཀྱིས་གསན་པ་ལྟ་བུར་སྣང་། དགུང་གྲངས་བཞི་བཅུ་ཞེ་གཅིག་པ་སྤྱི་ལོ་༡༩༥༨ལོའི་དུས་འགྱུར་སྐབས་གྲོང་མཐའི་རྒན་མོ་ཚོའི་ཞོན་རྟ་བྱེད་པ་བས་ས་གཙང་གནས་གཙང་དུ་ཤི་ན་དགའ་ཞེས་གསུངས་ནས་སྡེ་དགོན་ཐམས་ཅད་ནུབ་ཕྱོགས་སུ་ཆིབས་ཁ་བསྒྱུར། ཟླ་ལམ་འགའི་རྗེས་བྱང་ནག་ཆུ་ལྷ་རུ་སྒང་ཞེས་མ་ཡུམ་གྱི་སྐུ་ཡུལ་བདེ་མཆོག་རྡོ་རྗེ་འཁྲུངས་པའི་གནས་དེར་ཕེབས་ནས་ཟླ་བ་གཅིག་ལྷག་ལ་བཞུགས། ཉིན་གཅིག་སྐུ་འཁོར་ཐམས་ཅད་ཚུར་བསྡུས་ནས་ད་སྟེ་མི་རིང་བར་རང་རེ་རྣམས་འཆི་བའི་དུས་ལ་བབ་ཡོང་བས་མ་སྐྲག་པར་མོས་གུས་གསོལ་འདེབས་ཀྱིས་བླ་མ་མ་བརྗེད་པར་གྱིས་དང་རང་རེ་སྟོན་འཁོར་རྣམས་པདྨ་འོད་ཀྱི་ཕོ་བྲང་དུ་ཚོམ་བུ་གཅིག་ཏུ་འཚོགས་ཐུབ་པའི་ཁག་ངས་ཁུར་ཞེས་གསུང་གིས་དབུགས་དབྱུང་ཞིང་། ཉིད་ཀྱི་མགུར་གྭ་ན་བཞུགས་པའི་རྟེན་རྫས་བྱིན་ལྡན་ཐམས་ཅད་ཟངས་ཆེན་ཞིག་གི་ནང་དུ་བསྐོལ་ནས་ཀུན་ལ་ཇ་འཐུང་འཐུང་བྱེད་དུ་བཅུག དེ་ནས་ཉིན་འགའི་རྗེས་དྲག་པོའི་མཚོན་མདེལ་ཆར་ལྟར་འབབ་པའི་འོག་ཏུ་ཐམས་ཅད་ཕྱི་མའི་ལྔ་ལམ་དུ་བཏང་ཡང་། རྗེ་ཉིད་ཀྱི་ཡེ་ཤེས་འཇའ་སྐུ་ལ་མདའ་མཚོན་གྱིས་མ་གོས་པར་མངོན་སུམ་མཐུན་སྣང་དུ་ནམ་མཁར་བྱ་ལྟར་འཕུར་ནས་ཕར་ཕྱོགས་ཀྱིི་རི་བོ་དམར་རྩེ་བག་བཀྲམ་ཞེས་པའི་རྩེ་མོར་བབ་པ། རུ་སར་སྤོ་དཀར་ཚང་ཞེས་གྲགས་པའི་ཡུལ་དེའི་དུད་ཁྱིམ་ཞིག་གི་ཕྱུགས་རྫིས་དངོས་སུ་མཐོང་བ་དང་། དེ་རྗེས་ལོག་པའི་ལམ་ལ་ཞུགས་པ་དག་གིས་རྫ་མུ་ར་ཤི་གསོན་གང་རུང་ཞིག་སྟོན་རྒྱུ་མེད་པ་མི་སྲིད་ཞེས་མི་གྲངས་སྟོང་ཕྲག་ཚོགས་པའི་དབུས་ན་ཡང་ཡང་བསྒྲགས་ཤིང་ཉིན་གྲངས་དུ་མར་ལ་ལུང་ཀུན་ཏུ་མི་ཚོགས་མང་པོས་བཙལ་ཀྱང་སྐུ་གདུང་ཙམ་ཡང་ལྟ་ཅི་ན་བཟའི་དུམ་བུ་ཙམ་ཡང་རྙེད་པར་མ་གྱུར། དེ་ལྟར་དུས་འགྱུར་གྱི་སྐབས་དེར་མངོན་སུམ་དུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་རྗེ་འདི་དང་། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན་ཞེས་རུ་དམ་གཤིན་རྗེ་སྒྲུབ་ཕུག་ཏུ་ཨ་བུ་ལྷ་སྒང་གི་ཞབས་ལ་བསྟེན་ནས་བཞུགས་པ་ཁོང་གི་མཆེད་གྲོགས་འདི་གཉིས་ལས་མདོ་དབུས་ཁམས་གསུམ་དུ་སུ་ཡང་མ་བྱུང་ཞིང་། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་གྱི་ཞལ་སློབ་འཇའ་ལུས་འཕོ་ཆེན་གྱི་སྐུར་བཞེངས་པ་རྣམ་གཉིས་ཞེས་ཡོངས་སུ་གྲགས་པ་འདིས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་རང་ལུགས་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བརྒྱུད་པའི་ཆོས་ཀྱི་ཆེ་བ་འབྱིན་པའི་ངོ་མཚར་བླ་ན་མེད་པའི་མཛད་པ་ལགས་ན། རང་རེ་བརྒྱུད་པའི་གྲལ་མཐར་སྐྱེས་ཤིང་གསང་བ་མཆོག་གི་གདམས་ཟབ་ཞལ་ནས་སྙན་དུ་བརྒྱུད་ཅིང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་འདི་ལྟ་བུ་དང་འཕྲད་པའི་དུས་སུ། མི་ཚེའི་ཉི་མ་ཆུད་ཟོས་སུ་མི་གཏོང་བར་གྲུབ་པའི་དབང་ཕྱུག་རིག་འཛིན་གོང་མའི་མཛད་རྗེས་སུ་བསྙེགས་པར་འཚལ་ཞེས་བརྒྱུད་པ་གཅིག་གིས་བསྡུས་པའི་རྡོ་རྗེའི་མཆེད་པོ་རྣམས་ལ་ནང་ལུགས་སུ་གསོལ་བའོ། །

[༧༥] བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ།

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་མཁན་ཆེན་ཀུན་དཔལ་སོགས་ཀྱི་ཞལ་སློབ་མཁས་པའི་དབང་ཕྱུག་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ནི། བོད་རབ་བྱུང་བཅོ་ལྔ་པའི་ནང་ཚན་ས་ཁྱི་སྟེ་སྤྱི་ལོ་༡༨༩༨པར་ཡུལ་དབུས་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་ཀྱི་ཤར་ཕྱོགས་དྭགས་པོའི་ཡུལ་རབ་བརྟན་དགོན་པའི་ཉེ་འགྲམ་དུ་སྒོ་གཞི་ཀ་ཞེས་པར་ཨོ་ཀོ་ཞེས་པའི་ཁྱིམ་རྒྱུད་དུ། ཡབ་རིག་སྔགས་འཆང་འཇིགས་མེད་མཁའ་སྤྱོད་རྡོ་རྗེ་དང་ཡུམ་དངོས་གྲུབ་འཛོམས་ཞེས་པར་སྲས་གསུམ་དང་སྲས་མོ་གཅིག་འཁྲུངས་པའི་ཐུ་བོར་སྐུ་བལྟམས། རྗེ་ཉིད་བྱིས་པའི་དུས་ནས་དམ་པའི་བག་ཆགས་བཟང་བས་བྱམས་དང་སྙིང་རྗེ་ལྷན་སྐྱེས་སུ་མངའ་བ་མ་ཟད་གྲུབ་པའི་རྟགས་མཚན་ཀྱང་མངོན་པ་སྟེ། ཉིན་ཞིག་སྐུ་མཆེད་རྣམས་རྩེད་འཇོའི་སྐབས་ཤིང་གཞུ་ཞིག་ལ་ཤིང་མདའ་སྦྱར་ནས་བྲག་ལ་འཕང་པ་ཐོགས་མེད་དུ་ཟུག་ཅིང་ཚུར་ཕྱུང་བའི་ཤུལ་ནས་ཆུ་ཐོན་པ་དང་། བྲག་ངོས་སུ་ཕྱག་རྗེས་འདམ་ལ་རྗེས་པ་བཞིན་བཞག་པ་དེང་སང་ཡང་མཇལ་རྒྱུ་ཡོད་པར་གྲགས། ཡང་ཉིན་ཞིག་སྐུ་རྩེད་སྐབས་ཕུ་བོ་བྲག་སྟེང་ནས་གཡང་ལ་བསྐྱུར་ཀྱང་རྨས་སྐྱོན་སོགས་ཅུང་ཟད་ཙམ་ཡང་མ་བྱུང་བ་སོགས་ཡུལ་མི་ཀུན་ངོ་མཚར་ཆེ་བར་གླེང་། རབ་བརྟན་དགོན་ནས་ཡབ་ལ་སྲས་དེ་དགོན་པར་གནང་དགོས་པ་བསྐུལ་བས་གནས་སྐབས་དེ་ལྟར་ཆོག་མོད་ཀྱི་འདི་ཉིད་ཁམས་ཀྱི་སྐྱེས་ཆེན་ཞིག་གི་སྐྱེ་སྲིད་ཡིན་པར་སེམས་པས་རྗེས་ཕྱོགས་ཁམས་ཕྱོགས་སུ་ཕེབས་པའི་འགྲོ་དོན་ལ་བར་ཆད་མ་བྱེད་ཅེས་གསུངས། དེ་སྐོར་ཡབ་སྲས་རྣམས་དྭགས་པོ་བན་ཅོག་རི་ཁྲོད་དུ་བཞུགས་ཤིང་རིམ་པས་སྐུ་ནར་སོན་པ་དང་ཡབ་ལས་ཆོས་སྤྱོད་ཀློག་འདོན་སོགས་ལ་སྦྱང་པས་ཚེགས་མེད་དུ་མཁྱེན་ཅིང་དབང་ལུང་ཁྲིད་ཀྱི་རིམ་པའང་མང་དུ་གསན། ཡབ་ཀྱིས་ཕྱི་མཐའ་གཟིགས་པའི་ཞལ་བསྒོས་སུ་མ་འོངས་པར་ཁམས་ཕྱོགས་སུ་ཕེབས་ནས་ཐོས་བསམ་སློབ་གཉེར་མཛད་རྒྱུ་དང་། བདག་གིས་ཁྱོད་ལ་ཟས་གོས་རྟ་ཁལ་སོགས་མ་འཛོམས་ཀྱང་ཀཱ་པ་ལ་འདི་བོར་མ་བཅུག་དང་ཟས་གོས་ཀྱིས་ཕོང་བ་མི་འོང་གསུངས། རིམ་པས་ཡབ་སྲས་ལྷན་རྒྱས་ལྷ་ལྡན་སོགས་ཆོས་འཁོར་ཆེ་ཁག་ལ་གནས་འབྲེལ་དང་ཇོ་ཤཱཀ་རྣམ་གཉིས་སོགས་ཁྱད་འཕགས་ཀྱི་རྟེན་མདུན་ཐུགས་སྨོན་ཟབ་རྒྱས་གནང་། དགུང་གྲངས་བཅོ་ལྔ་ཙམ་ན་ཡབ་སྐུ་གཤེགས་ཤིང་རྗེ་ཉིད་ལ་ཆུང་ངུའི་དུས་ནས་ཁམས་རྫོགས་ཆེན་ཞེས་ནམ་ཐོས་པ་ན་སྔ་མའི་བག་ཆགས་སད་སྟོབས་ཀྱིས་མོས་གུས་ཀྱི་མཆི་མ་དབང་མེད་དུ་འཁྲུགས་ཤིང་ཉིན་པར་ཤར་ཕྱོགས་ཀྱི་གནམ་མཐའི་ཆུ་འཛིན་གྱི་འོག་ཤེད་ན་ཡིན་ནམ་སྙམ་སྟེ་ཕྱོགས་དེར་རྒྱུན་དུ་གཟིགས་ནས་འགྲོ་འདོད་ཀྱི་འདུན་པ་ཟློག་ཏུ་མེད་པའི་ཐུགས་སྣང་ཁྱད་པར་བ་ཡོད་པར་བརྟེན་ད་ལམ་ལྷག་ཏུ་ཕེབས་འདོད་ཀྱིས་མ་ཡུམ་ལ་ཞུས་པས། མོ་རང་གི་རྨི་ལམ་དུ་རང་གི་ལག་ན་ཤེལ་གྱི་མཆོད་རྟེན་ཤིན་ཏུ་ལེགས་པོ་ཞིག་ཡོད་པ་སྐྱ་མི་ཁ་ཤས་སླེབས་ནས་ཁྱེར་ཤོར་བ་རྨིས་པས་ཁྱོད་ལ་བར་ཆད་འདྲ་འབྱུང་བ་མིན་ནམ་གསུངས་ཤིང་ཐུགས་ཁྲལ་དང་བཅས་ཡིད་མཐུན་མ་གནང་། རྗེ་ཉིད་བྱིས་པའི་དུས་ནས་དངོས་ཉམས་རྨི་ལམ་རྣམས་སུ་མི་དཀར་རྟ་ནག་དར་མདུང་ནག་པོ་ཐོགས་པ་ཞིག་གིས་ཡང་ཡང་བསྐོར་ནས་མེལ་ཚེ་བྱེད་པ་གཟིགས་ཤིང་ཕྱིས་སུ་ཡུལ་སྐྱོང་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་ཡིན་པར་འདུག་ཅེས་གསུངས། སྐབས་དེ་ཤེད་དུ་འབྲུག་གསང་སྔགས་ཆོས་གླིང་དུ་ཐོག་གཅིག་བཞུགས་ནས་ཕྱག་དཔེ་ཅུང་ཟད་གཟིགས་ཏེ་བཞུགས་ཤིང་ཁམས་ཕྱོགས་སུ་ཕེབས་འདོད་ཤུགས་དྲག་པས་མཚན་མོའང་དེ་ཁོ་ན་ཡིད་ལ་བྱེད་བཞིན་གཟིམ་ནས་སྤྱན་ཆབ་ཆད་མེད་དུ་བཞུར་བས་ནངས་པར་དབུ་སྔས་ཀྱང་རློན་པར་གྱུར་འདུག་ཅེས་གསུངས། དེ་ནས་དགུང་གྲངས་བཅོ་བརྒྱད་ཡས་མས་སུ་མ་ཡུམ་ལ་དབུས་ལྷ་ལྡན་ཕྱོགས་སུ་ཆོས་མཇལ་འགྲོ་རྒྱུའི་གནང་བ་ཞུས་ཏེ་གསང་ཐབས་ཀྱི་ཁམས་པའི་ཚོང་པ་དང་གནས་སྐོར་བ་འགའ་ཞིག་དང་མཉམ་དུ་རུ་དམ་རྫོགས་ཆེན་གདན་སར་བསྙེགས་ཏེ་ཞབས་བསྐྱོད་གནང་། ལམ་བར་ནས་བྱང་ལྷ་རི་འགོར་རྒན་མོ་ཞིག་སར་དགོང་གཅིག་གནས་ཚང་གཡར་བས་རྒན་མོ་དེས་ཤིན་ཏུ་བརྩེ་བའི་ཚུལ་གྱིས་ཉིན་འགར་བཞུགས་པ་གསོལ་ཡང་མགྱོགས་པར་ཕེབས་དགོས་ཚུལ་གསུངས། ཕྱི་ཉིན་ཕེབས་ཁར་རྒན་མོས་དངོས་པོ་རྡོག་རྡོག་ཐུམ་བུ་ཞིག་ཕུལ་ཏེ་ཆོས་རྒྱགས་མཛོད་ཟེར་བར་ཁ་ཆེ་གུར་གུམ་རེད་འདུག་པས་ཁམས་སུ་སླེབས་ནས་བླ་མ་རྣམས་ལ་མཇལ་རྟེན་དུ་འབུལ་རྒྱུ་ཐུགས་ཕན་ཆེ་བ་བྱུང་གསུངས་པ་དང་། ཕྱིས་སུ་ཡར་ཕེབས་ནས་འབྲི་གུང་དུ་བཞུགས་སྐབས་མ་རྒན་དེ་ཡོད་ན་གཅིག་ཐུག་དགོས་ཀྱང་དེ་ཕལ་ཆེར་སྤྲུལ་བ་ཞིག་ཡིན་པ་འདྲ་ཨེ་ཡོད་མི་ཤེས་གསུངས། གཞན་ཡང་ཕེབས་ལམ་ནས་དུད་ཚང་ཞིག་གི་ཕུག་ན་ཤིང་ཕུང་ཞིག་ཡོད་པ་བཙན་གནས་པའི་གནོད་པས་ཆག་སྒོ་མང་དུ་བྱུང་བར། ཁོང་གིས་ཤིང་ཕུང་དེ་ཐག་པས་བསྡམས་ཏེ་བཀའ་བསྒོ་དམ་བཞག་གནང་བ་དེ་ནས་བཟུང་ན་ཚ་རྒྱུན་ཆད་པར་གྲགས། དེ་ལྟར་ས་ཐག་རིམ་བགྲོད་ཀྱིས་རུ་དམ་རྫོགས་ཆེན་དགོན་དུ་འབྱོར་ནས་གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་ཆོས་གྲྭ་ཆེན་མོར་ལོ་ངོ་བརྒྱད་ལྷག་བཞུགས་ཤིང་དུས་དེའི་ལས་ཐོག་མཁན་ཆེན་ཁྲི་པ་མཁས་དབང་ཐུབ་བསྟན་སྙན་གྲགས་དང་། མཛོ་བའི་མཁན་ཟུར་དགེ་རྣམ་སོགས་ལས་གཞུང་ཆེན་བཅུ་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད་པས་རང་ལུགས་བརྒྱུད་པ་ཟིན་ངེས་ཀྱི་མཁས་པ་ཆེན་པོར་གྱུར་པ་སྟེ། ཐོག་མར་ཆོས་གྲྭར་ཞུགས་སྐབས་སྤྱོད་འཇུག་གསུང་སྐབས་དང་ཁེལ་ཞིང་ཉིན་འགའ་ནས་འཆད་རྒྱུགས་ཅིག་བབས་པས་སྐད་ལུགས་མི་གཅིག་ཅིང་ལས་དང་པོ་བ་ཡིན་པ་དང་ལྟོ་སྐྱ་གོས་ཧྲུལ་སོང་གཤིས་ཐམས་ཅད་གད་མོ་བྱེད་པ་ཞིག་ལས་རྒྱུགས་ལེགས་པོ་མ་འཕྲོད་ཅིང་འགའ་ཞིག་གིས་ཁྱད་གསོད་བྱེད་པ་བྱུང་། རྐྱེན་དེས་ཐུགས་མུག་ཚད་མེད་སྐྱེས་ནས་ལྷག་ལྷ་འཇམ་དཔལ་དཔའ་བོར་གསོལ་བ་བཏབ་སྟེ་བརྩོན་པ་ཤུགས་དྲག་མཛད་པས་ཤེས་རབ་ལེའུའི་སྐབས་ཙམ་ན་མཁན་སློབ་ཀུན་ངོ་མཚར་དགོས་པའི་བློ་གྲོས་ཀྱི་ན་མྱུར་བར་འཕར། ཨ་བུ་ལྷ་རྒྱལ་ལམ་མཁན་ཆེན་པདྨ་ཐེག་མཆོག་ལྡན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པའི་མཚན་ལ་ཐུབ་བསྟན་བཤད་སྒྲུབ་ཐོས་བསམ་རྒྱ་མཚོ་ཞེས་གསོལ། རྗེ་འདི་ཐུགས་དད་ཤིན་ཏུ་ཆེ་བའི་བླ་མ་ཞིག་ཏུ་བཀུར་བ་སྟེ་ཕྱིས་སུ་སྐུ་གཤེགས་སྐབས་དགེ་གོང་ནས་རུ་དམ་གདན་སར་ཆེད་ཕེབས་ཀྱིས་གདུང་མཆོད་དུ་ཉིན་འགར་བཞུགས་པ་དང་གདུང་མདུན་ནས་ཨ་ར་པ་ཙའི་ལྗགས་བསྙེན་དུང་གཅིག་ཁས་ལེན་མཛད་པ་ཐོས། སྐབས་འདི་དག་ཏུ་རྒྱ་གཞུང་རྣམས་དང་ཀུན་མཁྱེན་ཡབ་སྲས་འཇམ་མགོན་མི་ཕམ་པའི་ལེགས་བཤད་རྣམས་ལ་ཉིན་མཚན་ལྟོས་མེད་ཀྱིས་དཔེ་གཟིགས་མཛད་ཅིང་ཐ་ན་ཇ་བསྐོལ་བའི་དུས་ཐུང་ཙམ་ཡང་མ་གྲོན་པར་ཆུ་གྲང་མོར་རྩམ་པ་བཏབ་ནས་བཟའ་བཏུང་གཉིས་གོ་ཆོད་པར་མཛད་པ་དང་། དགུང་མོ་སྒྲོན་མེའི་ཆ་རྐྱེན་ཞན་སྟབས་ཟླ་འོད་དེད་དེ་རི་འགྲོར་ཐེབས་མང་ཕེབས་འདུག་པ་སོགས་དཀའ་སྤྱད་རྟག་འགྲུས་ཀྱིས་སྦྱང་བརྩོན་རྡོ་རུས་ཐུག་པ་མཛད་པའི་རྣམ་ཐར་ངོ་མཚར་བ་མང་། འདི་དུས་ཀྱི་དབྱར་ངོ་ཞིག་ན་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སྐུ་འཁོར་བཅས་བཀྲ་མདའི་ཐང་དུ་ལོ་སྟར་དབྱར་བསང་ལ་ཕེབས་སྲོལ་ཡོད་པ་ལྟར་དེར་མཇལ་གཟིགས་ཆེད་ཉལ་ཆས་སོགས་ཁུར་བོར་ཁུར་ནས་ཕེབས། རྒྱང་གྲགས་འགས་ཆོད་པའི་ས་ཕྱོགས་རུ་དམ་ལྕམ་མོའི་འགག་ཏུ་སླེབས་སྐབས་གྲུབ་དབང་སྐུ་འཁོར་བླ་གྲྭ་བརྒྱ་ཕྲག་རྟ་ཕྲེང་དར་གདུགས་དང་བཅས་རྗེས་ནས་ཕེབས་བྱུང་བའི་བརྗིད་རྔམས་ཀྱི་སྐུ་ཟིལ་མ་བཟོད་པར་ལམ་ཁའི་ཤུག་གསེབ་ཅིག་ཏུ་ཡིབ་ནས་ལྐོག་བལྟས་མཛད་ནས་ཡོད་ཚེ། རྫོགས་ཆེན་ཡིད་བཞིན་ནོར་བུ་ཐད་ཀ་ཙམ་དུ་ཕེབས་པ་ན་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པས་དངོས་སུ་མཁྱེན་ཏེ་ཆིབས་ཁ་འཐེན་ནས་ཞབས་གྲྭ་ཞིག་ལ་ཡ་ཀའི་ཤུག་གསེབ་ཀྱི་ཨ་ལྕོ་དེ་མར་ཤོག་ཅེས་བོས་གསུངས། དེ་མ་ཐག་སྐུ་དྲུང་དུ་བཅར་བས་སྔར་འདྲིས་ཀྱི་མི་བཞིན་ཐུགས་དགྱེས་བརྩེ་ཆེན་པོའི་གསུང་གིས་འདི་ནས་མར་ལ་ཅུང་ཟད་སོང་བའི་རྟ་བསང་ཐང་དུ་སྒར་བ་འབབ་རྒྱུ་ཡིན་པས་དེར་ཤོག་གསུངས། དགོང་དྲོ་ཙམ་ན་སྒར་ཐོག་ཏུ་སླེབས་ཀྱང་ཐད་ཀར་སྐུ་མདུན་འགྲོ་ཕོད་པས་གསོལ་ཐབ་ནས་ཇ་ཞིག་བསླང་ཏེ་བཏུང་བཞིན་བཞུགས་པར། འཕྲལ་མར་ཞབས་གྲྭ་ཞིག་ནས་སྐུ་མདུན་དུ་ཤོག་གསུང་གིན་འདུག་ཅེས་བོས་པས་མདུན་བཅར་ཞུས་པ་ན་ཐུགས་བརྩེའི་གསུང་གླེང་མང་དུ་མཛད། དེ་འཕྲལ་དགུང་གསོལ་འཚོགས་པར་རིན་པོ་ཆེ་ཚོགས་དབུར་ཕེབས་པ་དང་མཉམ་དུ་ཤོག་གསུངས་ནས་ཕེབས་པས་གཡས་གྲལ་གྱི་གྲལ་མགོར་འབོར་གདན་རྩེགས་པར་བཞུགས་སུ་གསོལ་ཏེ་སྤྲུལ་བའི་སྐུ་ཞིག་ཡིན་ཞེས་གསུངས་པས་དེ་ནས་བཟུང་བོད་པ་སྤྲུལ་སྐུ་ཞེས་མཚན་དུ་ཐོགས་ཤིང་ཐམས་ཅད་ཀྱིས་བཀུར་བ་བྱུང་། སྔ་ཕྱི་ཀུན་ཏུ་གྲུབ་དབང་ལྔ་པ་ཆེན་པོ་ལས་སྙིང་ཐིག་ཡ་བཞི་དང་། སྤྱི་འདུས་ཀྱི་དབང་སོགས་སྔ་འགྱུར་བཀའ་གཏེར་གྱི་སྨིན་དབང་གྲོལ་ཁྲིད་མཐའ་ཡས་པ་གསན་བཞེས་མཛད་ནས་ཐུན་མིན་གྱི་རིགས་བདག་ཏུ་བཀུར། སྤྲུལ་སྐུའི་ཁྲི་ཐོབ་དང་ཡར་མར་བྱོན་སྐབས་རྣམས་སུ་རྫོགས་ཆེན་བླ་བྲང་ནས་ཞབས་ཞུ་གྲྭ་པ་རེ་ཟུང་གཏོང་གནང་མཛད་པ་སོགས་ཐུགས་རྗེ་དང་བཀའ་དྲིན་ཤིན་ཏུ་ཆེ་ཞེས་གསུངས་། སྐབས་ཤིག་ན་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བཀའ་ལུང་ཕྱག་ཡིག་དང་བཅས་རྫསྟོད་དགེ་གོང་དུ་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་དྲུང་དུ་བརྫངས་པ་ལྟར་ཀུན་སྤངས་བྱ་བྲལ་བའི་ཚུལ་གྱིས་དེར་བྱོན། མཁན་ཆེན་ཀུན་བཟང་དཔལ་ལྡན་མཆོག་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་གདན་ས་དཀར་ཆུང་རི་ཁྲོད་དུ་དམ་མཚམས་བཞུགས་ཡོད་པས་ཉེ་གནས་ནས་མཇལ་ཁ་ཡོང་དཀའ་བར་བཤད་ཀྱང་གྲུབ་དབང་རིན་པོ་ཆེའི་གསུང་ཤོག་དང་བཅས་ནན་ཞུ་བྱས་པས་སྙན་འབུལ་ཞུ་བར་ཕྱིན། དེ་ཉིན་ཁུ་འཕང་བབ་སྟེ་སོས་ཀའི་འབྲུག་སྒྲ་ཐོག་མར་གྲགས་པ་དང་ཚེས་བཅུའི་ཚོགས་འཁོར་གསུང་བའི་ཚོགས་འབུལ་སྐབས་དང་ཁེལ་བས་རྟེན་འབྲེལ་དགེ་བའི་མཚན་མ་ཤིན་ཏུ་ལེགས་སོང་ཞེས་དགྱེས་ཚོར་མཛད་དེ་མདུན་བཅར་གྱི་ཞལ་བཞེས་ཐོབ་ཅིང་སྐུ་མདུན་དུ་འབོར་གདན་དང་ཚོགས་ཀྱི་དྲངས་པ་ཕུལ་གནང་མཛད། སྔོན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སྐུ་འདའ་ཁར་མཁན་ཆེན་ཀུན་དཔལ་གྱིས་ཡང་སྲིད་མྱུར་འབྱོན་དང་གང་དུ་འཁྲུངས་རྒྱུ་གསུང་བསྐུལ་ནན་མོས་ཞུས་ཚེ། ལར་ཡང་སྲིད་ཞིག་ཅི་ཨེ་ཡོད་མི་ཤེས་གལ་ཏེ་ཡོད་དུ་ཆུག་ཀྱང་ཁྱེད་ཚོས་ཕར་ལ་རྩད་འཚོལ་སོགས་གང་ཡང་མི་དགོས་ཉིན་ཞིག་ཁྱོད་ཀྱི་སྒོ་དྲུང་དུ་རྒྱབ་ཀྱི་ཁུར་པོ་དང་སྔོན་གྱི་མདུད་པ་གང་ཆེ་མི་ཤེས་པ་ཞིག་བྱས་ནས་ཚུར་ཐོན་ཡོང་བས་དེ་དུས་བདག་པོ་གྱིས་ཞེས་གསུངས་པའི་ལུང་བསྟན་ལྟར་དགོངས་ནས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་དུ་ངེས་ཤེས་གནང་། འཇམ་མགོན་མི་ཕམ་རིན་པོ་ཆེ་དང་དཔལ་སྤྲུལ་སེམས་དཔའ་ཆེན་པོ་རྣམ་གཉིས་ཀྱི་གསུང་འབུམ་གྱི་ཁྲིད་ལུང་དང་། མན་ངག་ཞལ་ཤེས་ཀྱིས་མཚོན་མདོ་རྒྱུད་ཀུན་ལ་ཐོས་བསམ་གྱི་སྒྲོ་འདོགས་ལྷག་མེད་དུ་བཅད་པས་གསང་ཆེན་སྔ་འགྱུར་པའི་གྲུབ་མཐའ་ལ་ངེས་ཤེས་ལྷག་པར་འཁྲུངས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས་འཇམ་མགོན་བླ་མའི་ལེགས་བཤད་ཀྱི་སྙིང་པོའི་བཅུད་རྣམས་གཅིག་ཏུ་བསྡུས་པའི་བསྟན་བཅོས་ལྟ་གྲུབ་ཤན་འབྱེད་རྩ་འགྲེལ་དང་། དྲང་ངེས་ལྡེ་མིག སྟོང་ཐུན་གནད་ཀྱི་ཟིན་ཐུན། འཇུག་འགྲེལ་ཟླ་བའི་དགོངས་རྒྱན། བཞི་བརྒྱ་པའི་འགྲེལ་པ་སོགས་བརྩམས་ཏེ་གསང་ཆེན་སྔ་འགྱུར་པའི་གྲུབ་མཐའི་ཟབ་ཁྱད་སྣང་སྟོང་ཟུང་དུ་འཇུག་པ་མཐའ་བྲལ་དབུ་མའི་ལམ་བཟང་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཟླ་བའི་དགོངས་པ་ཇི་བཞིན་དཔྱད་གསུམ་ཚད་མའི་རིགས་ལམ་གྱིས་གསལ་བར་མཛད་པ་དང་། ཁྱད་པར་རྫ་དཀར་ཆུང་རི་ཁྲོད་དུ་སྐུ་མཚམས་ལ་བཞུགས་སྐབས་རྒྱལ་ཚབ་བྱམས་པ་མགོན་པོ་ཕྱག་གཉིས་མེ་ལོང་བསྣམས་པའི་ནང་དུ་མངོན་རྟོགས་རྒྱན་རྩ་འགྲེལ་ལམ་མེར་གསལ་བའི་ཞལ་གཟིགས་པས་མངོན་རྟོགས་རྒྱན་གྱི་དགོངས་དོན་ཇི་བཞིན་ཐུགས་སུ་ཆུད་པ་བྱུང་སྟེ། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབ་པའི་བསྟན་བཅོས་ཤེར་ཕྱིན་མངོན་རྟོགས་རྒྱན་གཞུང་རྩ་བའི་དགོངས་པ་མཐར་ཐུག་ཐལ་འགྱུར་པའི་ལུགས་ལྟར་བཀྲལ་བའི་བསྟན་བཅོས་མ་ཕམ་ཞལ་ལུང་དང་མ་ཕམ་དགོངས་རྒྱན་གཉིས་བརྩམས་ཏེ་ཤིང་རྟ་ཆེན་པོ་བྱམས་ཀླུ་དགོངས་པ་འགལ་མེད་གནད་གཅིག་ཏུ་བསྒྲུབས་པར་མཛད་པ་ལས་ཕྱི་མ་དུས་འགྱུར་སྐབས་རྩ་མེད་དུ་སོང་བས་ད་ལྟ་མི་བཞུགས། མཁན་ཀུན་དཔལ་ཞིང་དུ་གཤེགས་རྗེས་བླ་མའི་བཀའ་ལྟར་བཤད་གྲྭའི་རྒྱུན་བསྐྱངས་དང་དགེ་གོང་དགོན་གྱི་བཤད་སྒྲུབ་ལས་གསུམ་གྱི་བསྟན་འགན་གཟིགས་པའི་ཞོར་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་ཕྱོགས་ཀྱི་སློབ་ཚོགས་མེ་ཏོག་ལ་བུང་བ་བཞིན་འདུས། དགེ་གོང་དུ་གདན་འཇག་པའི་ཉིན་ཞིག་གཟིམ་ཁང་སྟེང་དུ་བྱ་ཡ་མཚན་ཅན་ཞིག་བབས་ཏེ་སྐད་སྣ་ཚོགས་བསྒྲགས་པའི་བརྡའ་ལུང་ལས་ཉིད་ཀྱི་ཚེ་རབས་ཀྱི་བླ་མ་ད་ལྟ་མདོ་སྨད་ན་བཞུགས་པས་གདམས་པའི་སྒྲོ་འདོགས་ཅོད་ཅེས་པ་གསན། ཐུགས་དཔྱད་མཛད་པས་སྔོན་དཔལ་སྤྲུལ་རིན་པོ་ཆེས་རྡོ་བླ་འཇིགས་མེད་སྐལ་བཟང་བླ་མར་བསྟེན་སྐབས་ཟབ་དོན་ཞིག་དོགས་སེལ་ཞུས་ཚེ་འདིའི་དོན་རང་ཅག་སྐྱེ་བ་རྗེས་མ་ཞལ་འཛོམས་མཛད་སྐབས་བཀྲོལ་ཞེས་རྟེན་འབྲེལ་འཕྲོ་ཅན་དུ་མཛད་པ་དུས་སུ་བབས་པར་དགོངས་ནས་རྡོ་བླ་འཇིགས་མེད་སྐལ་བཟང་གི་རྣམ་རོལ་དུ་བསྔགས་པའི་གཡུ་ཁོག་བྲལ་ཆོས་དབྱིངས་རང་གྲོལ་གྱི་མདུན་དུ་ཕེབས་རྒྱུ་ཐུགས་ཐག་བཅད། མི་རིང་བར་དགེ་གོང་དགོན་གྱི་གྲྭ་བ་འཇའ་ཐོག་དང་བློན་པོ་འགོ་ཚའི་ག་དར་སོགས་ཞབས་འཁོར་བཅས་ས་ཐག་རིང་བགྲོད་ཀྱིས་གསེར་སྨད་ཡག་སྒང་དུ་ཆིབས་ཁ་སྒྱུར། ཉིན་འགའི་རྗེས་རི་བོ་དུང་དཀར་གཡས་འཁྱིལ་གྱི་དབྱིབས་ཅན་ཡག་སྒང་རི་ཁྲོད་གྱི་རི་སྐེད་ཆོས་སྒར་མཐོང་ས་ཞིག་ཏུ་སླེབས་པ་ན་ཆིབས་ལས་བཤོལ་ཏེ་གསོལ་ཇ་སྐོལ། དུས་རྒྱུན་སྒར་འདིར་བླ་སྤྲུལ་ཕེབས་མཁན་མང་སྟབས་བསུ་བ་སེར་ཕྲེང་སོགས་བྱ་སྲོལ་མེད་ཀྱང་ཉིན་དེར་བྱ་བྲལ་བླ་མས་དེ་རིང་བྱང་ཆུབ་སེམས་དཔའ་སྐྱེས་ཆེན་དམ་པ་ཞིག་ཕེབས་ངེས་པས་སེར་ཕྲེང་གི་བསུ་དགོས་ཞེས་སྔོན་ནས་གསུངས་པས། གྲྭ་བ་འགའ་ཐེངས་གཉིས་ཙམ་ཡོང་སྟེ་བླ་སྒར་འདི་སུ་ཡིན་སོགས་ཞིབ་འདྲི་བྱས་རྗེས་ཕྱིར་ལོག་སྟེ་སེང་ཕྲེང་གི་བསུ་བ་བྱུང་བས་སྤོས་སྣ་བཅས་ཆོས་སྒར་དུ་སྤྱན་དྲངས། བྱ་བྲལ་རིན་པོ་ཆེ་གཟིམ་ཁང་ལས་ཕྱི་རོལ་ཏུ་ཕེབས་པ་མི་མཛད་ཀྱང་འདི་ཉིན་ཐུགས་དགྱེས་ཉམས་ཀྱིས་ཕྱི་རོལ་དུ་ཕེབས་བསུའི་མཇལ་འཕྲལ་མཛད། བྱ་བྲལ་རིན་པོ་ཆེས་ཁོང་ཉིད་རྡོ་བླ་སྐལ་བཟང་འཇིགས་མེད་ཀྱི་བག་ཆགས་མངའ་ཚུལ་དང་ཉིད་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྲིད་དངོས་ཡིན་པ་དང་། མཆོག་སྤྲུལ་རིན་པོ་ཆེས་སྔ་འགྱུར་རྙིང་མ་རང་ལུགས་ཀྱི་ལྟ་གྲུབ་གཙང་མ་རྩལ་འདོན་གནང་བ་དང་ཁྱད་དུ་འཕགས་པའི་རྣམ་དཔྱོད་ལ་བསྔགས་བརྗོད་རྒྱ་ཆེར་མཛད། དེ་ནས་ཉིན་བདུན་ཕྲག་གཅིག་ཙམ་ལ་གསོལ་འདྲེན་པ་ཙམ་ལས་སུའང་མཇལ་ཁ་མ་གནང་བར་ཐེག་པ་སྤྱི་དང་འོད་གསལ་རྫོགས་པ་ཆེན་པོའི་ལྟ་གྲུབ་སྐོར་བགྲོ་གླེང་དང་ཉམས་རྟོགས་བསྡུར་བས་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་ཀྱིས་རྟོགས་པའི་རྩལ་འདོན་ཆེན་པོ་བྱུང་། སྐབས་དེར་བྱ་བྲལ་རིན་པོ་ཆེས་མདུན་འདུག་གཡུ་ཁོག་འགྱུར་མེད་རྡོ་རྗེ་ལ་ཐེངས་འདིར་ཁྱོད་ཀྱིས་ཁོང་རྣམས་གཉིས་ལ་གསོལ་ཇ་འབུལ་རྒྱུ་དང་མན་ངག་སྐོར་གྱི་གསུང་གླེང་ཐོས་པ་ཤིིན་ཏུ་སྐལ་བ་བཟང་པོ་ཡིན་གསུངས། བྱ་བྲལ་བླ་མས་ཆོས་སྒར་གྱི་དགེ་འདུན་པ་རྣམས་ལ་ཟླ་ཤས་ཆོས་ཁྲིད་གསུང་རྒྱུ་བསྐུལ་བ་བཞིན་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་དང་། སྟོང་ཐུན་སེང་གེའི་ང་རོ་སོགས་ཀྱི་ཆོས་ཁྲིད་ཟླ་གཅིག་ཙམ་གསུངས་ཤིང་སྐབས་དེར་སྟོང་ཐུན་གྱི་ཟིན་ཐུན་ཡང་བརྩམས་པར་མཛད། སླར་དགེ་གོང་ཕྱོགས་སུ་ཆིབས་ཞལ་ཕྱོགས་ཤིང་ཞལ་གྱེས་ཉིན་བོད་སྤྲུལ་རིན་པོ་ཆེ་རི་རྩེར་ཡར་ཕེབས་བཞིན་བླ་མའི་གཟིམ་ཆུང་མ་མཐོང་བར་ཕྱིར་གཟིགས་གྱིན་སྤྱན་ཆབ་ཡུན་རིང་ཕྱུང་བཞིན་ཕེབས། གཞན་སྔ་ཕྱི་ཀུན་ཏུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བྱ་བྲལ་ཀུན་དགའ་དཔལ་ལྡན་དང་། ལྕང་མའི་མཁན་ཆེན་ཐུབ་དགའ། མུ་ར་པདྨ་ནོར་བུ་སོགས་ལས་རྒྱལ་བཀའ་རིན་པོ་ཆེའི་ཀླག་ལུང་དང་། མཛོད་ཆེན་བདུན་། འཇིགས་གླིང་པོད་དགུ །སྙིང་ཐིག་དུམ་གཉིས། བར་དོ་དྲུག་ཁྲིད་ཀྱིས་མཚོན་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་ཚུལ་མཐའ་ཡས་པའི་དབང་ཁྲིད་གསན་བཞེས་མཛད་། ཁྱད་པར་ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའམ་མཁན་པོ་མགོན་རིས་ལས་མི་འགྱུར་ནམ་མཁའི་རྡོ་རྗེ་ནས་ཉེ་བརྒྱུད་དུ་བྱོན་པའི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་ཚན་མཐའ་དག་མནོག་ཆོས་སུ་གསན། དགེ་གོང་དུ་བླ་མའི་གདན་ས་སྐྱོང་ནས་བཞུགས་སྐབས་རྫ་སྟོད་སྨད་ཀྱི་ཡུལ་འབྲོག་གཤིན་གསོན་རྣམས་ལ་འཕོ་བ་དང་ཁྲུས་ཆོག་གི་ཚོགས་དབུར་ཉིན་མཚན་ནམ་བྱུང་ལ་ཕེབས་པར་མཛད་ཅིང་། ཕྱོགས་འདུས་ཀྱི་སློབ་ཚོགས་རྣམས་ལ་ཉིན་རེར་མོས་བློ་དང་བསྟུན་ཏེ་ཆོས་ཐུན་ལྔ་དྲུག་རེ་བསྟར་ཆགས་སུ་བསྩལ། རྒྱང་རིང་ནས་ཕེབས་པའི་སློབ་མ་རྣམས་ལ་ལྷག་ཏུ་ཐུགས་བརྩེ་ཆེན་པོས་བསྐྱངས་ཤིང་དཔེ་ཆ་མེད་པའི་རིགས་ལ་ཉིད་ཀྱི་ཕྱག་དཔེ་གཡར་བ་དང་། མངོན་པ་མཆིམས་ཆེན་སོགས་གསུང་སྐབས་བླ་སློབ་རྣམས་དཔེ་ཆ་གཅིག་ལས་མེད་པས་ལྷན་དུ་གཟིགས་ཏེ་དཔེ་ཁྲིད་མཛད་པ་སོགས་གདུལ་ཕྱོགས་མེད་དུ་བསྐྱངས། དུས་དང་དུས་སུ་དཀོན་མཆོག་སྤྱི་འདུས་དང་། སྙིང་ཐིག་ཡ་བཞི་དང་། དུམ་གཉིས། སྒྱུ་འཕྲུལ་ཞི་ཁྲོ། དུས་ཀྱི་འཁོར་ལོ་སོགས་ཀྱི་སྨིན་དབང་ལན་གྲངས་དུ་མ་བསྩལ། བར་སྐབས་འགར་མཁན་ཆེན་པདྨ་ཚེ་དབང་གིས་གདན་ཞུས་བཞིན་རུ་དམ་ཚེ་རིང་ལྗོངས་སུ་ཕེབས་ནས་རྣམ་པ་གཉིས་སྔ་འགྱུར་བའི་ལྟ་གྲུབ་ཀྱི་འཛིན་མཚམས་ལ་བགྲོ་གླེང་གནང་བ་དང་འདིར་བཞུགས་ཀྱི་ཆོས་ཞུ་བ་རྣམས་ལ་ཉིད་མཛད་བསྟན་བཅོས་རྣམས་ཀྱིས་ཆོས་བཀའ་བསྩལ། མཁན་ཆེན་དམ་པ་འདིས་ལྟ་གྲུབ་ཤན་འབྱེད་རྩ་བར་འགྲེལ་བ་བརྩོམ་པ་བསྐུལ་བ་དང་། བོད་སྤྲུལ་རིན་པོ་ཆེས་ཤེར་ཕྱིན་སྤྱི་དོན་མ་ཕམ་དགོངས་རྒྱན་བརྩམས་གྲུབ་རྗེས་མཁན་ཆེན་དམ་པ་འདི་ཉིད་ཀྱི་སྤྱན་སྔར་གཟིགས་འབུལ་ཕུལ་སྐབས་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོས་ཚར་གཅིག་མཇལ་རྒྱུ་བྱུང་ཞེས་གསུངས་བ་ཁོ་བོ་ཅག་གིས་ཐོས། ཀཿཐོག་རྡོ་རྗེ་གདན་དུ་མཇལ་གཟིགས་ལ་ཕེབས་ཤིང་ལས་ཅན་རྣམས་ལ་ཆོས་འབྲེལ་ཉུང་ངུ་བཞག་པར་མཛད། བར་སྐབས་ཞེ་ཆེན་བཤད་གྲྭ་གསར་འཛུགས་ལ་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་གདན་ཞུས་ལྟར་ཕེབས་ནས་ལོ་ངོ་གཅིག་ཙམ་ལ་འཆད་ཁྲིད་གནང་བས་དེར་བཞུགས་ཆོས་གྲྭ་བ་རྣམས་ལ་བློ་བསྐྱེད་ཆེན་པོ་ཐོབ། གཞན་ཡང་རྫ་སེར་ཤུལ་སོགས་གྲུབ་མཐའ་གཞན་པའི་དགོན་སྡེ་ཁག་ཏུ་ཕེབས་ནས་ལི་ཐང་ལེགས་ལྡན་སོགས་མཁས་པར་གྲགས་པ་མང་པོ་དང་བོད་སྔ་ཕྱིའི་ལྟ་གྲུབ་ཀྱི་བཞེད་མཚམས་བགྲོ་གླེང་མཛད་པས་མཁས་པ་མཁས་པའི་དབུས་ན་ཁྱད་དུ་འཕགས་པའི་མཚན་སྙན་ཕྱོགས་ཀུན་ཁྱབ། དེ་ལྟར་ཁམས་ཕྱོགས་སུ་མཁས་ཚུལ་གསུམ་གྱིས་བསྟན་པ་ཡུན་རིང་བསྐྱངས་མཐར་སྐུ་ཚེའི་སྨད་དུ་དབུས་སུ་ཕེབས་ཏེ་འབྲི་གུང་སོགས་སུ་གདུལ་བྱའི་ལྷག་མ་བསྐྱངས་བར་མཛད་པ་སྟེ། གྲུབ་དབང་སྐུ་ཕྲེང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དབུས་ཕེབས་ནས་ཕྱིར་བྱོན་སྐབས་བོད་སྤྲུལ་རིན་པོ་ཆེ་ལ་ཁྱེད་ཀྱི་མ་ཡུམ་ད་དུང་འཚོ་བཞིན་པ་དང་ལོ་ན་ཤིན་ཏུ་རྒས་ཤིང་ཁྱེད་ལ་མཇལ་འདོད་ཆེ་འདུག་སྟབས་སྐུ་ཉིད་མགྱོགས་པོར་ཕེབས་ན་ལེགས་ཚུལ་གསུངས། རྗེ་ཉིད་ལོ་འགའི་སྔོན་ནས་སྤྱན་མི་གསལ་བར་གྱུར་སྟབས་སྨན་བཅོས་ཀྱི་ཆེད་སོགས་ཕེབས་བཞེད་ཀྱིས་མཁན་ཆེན་ཐུབ་བསྟན་སྙན་གྲགས་ལ་ཐུགས་བརྟག་ཐེངས་མང་ཞུས་ཀྱང་མ་ཕེབས་ན་ལེགས་ཚུལ་གསུངས་པས་ནར་འགྱངས་སུ་ལུས། ཡང་དུ་མཁན་ཆེན་བླ་མའི་མདུན་ཆེད་ཕེབས་ཀྱིས་རྒྱུན་མཚན་བཅས་ཐུགས་བརྟག་ཞུས་པར་ལེགས་ཚུལ་གསུངས་པས་ཐུགས་ཐག་བཅད་ནས་ཕེབས་གྲ་བསྒྲིགས། རབ་བྱུང་དྲུག་པའི་མེ་སྤྲེལ་ལོར་ཞབས་ཞུ་མཁན་པོ་ཟླ་ཟེར་དང་ཐུབ་བསྟན། རྒྱ་རོང་རིག་འཛིན་རྡོ་རྗེ། ཉག་རོང་ཐོགས་མེད། རྨེ་བ་བཀྲ་རྒྱམ་སོགས་གྲྭ་འཁོར་བཅས་དབུས་ཕྱོགས་སུ་ཆིབས་བསྒྱུར་གནང་བས་འབྲི་གུང་དུ་ཕེབས། མཁན་ཆེན་གཞན་དགའི་སློབ་བརྒྱུད་ཨ་ཡང་ཐུབ་བསྟན་ཞུ་བས་ཉི་མ་ལྕང་རར་བཤད་གྲྭའི་དབུ་འཛིན་མཛད་བཞིན་པ་དེ་ཉིད་དང་འབྲི་གུང་བླ་བྲང་བཅས་ནས་གདན་ས་དེར་བཞུགས་ཏེ་བཀའ་ཆོས་གསུང་བར་བསྐུལ་ཡང་དྭགས་པོར་མ་ཡུམ་མཇལ་འཕྲད་དུ་ཕེབས་དགོས་རྐྱེན་ཞལ་བཞེས་མ་གནང་། འོན་ཀྱང་ཁ་བ་ཐེངས་མང་བབས་ནས་དྭགས་པོར་འགྲོ་བའི་ལམ་བགྲོད་བཀའ་བར་གྱུར་ནས་ལུས། ཉིན་ཞིག་ཞལ་ནས་ད་སྟེ་འབྲི་གུང་པའི་མི་ལས་གནང་བ་ཐོབ་ཀྱང་ལྷ་ལས་གནང་བ་མ་ཐོབ་ཁ་བ་འདི་ཡང་ཨ་ཕྱི་ཆོས་སྒྲོན་གྱི་ཆོ་འཕྲུལ་རེད་འདུག་པས་གནས་སྐབས་འདུག་དགོས་པ་འདྲ་གསུངས་ཤིང་། དེར་ལོ་གཅིག་ལྷག་ཙམ་ལ་བཞུགས་ཏེ་འབྲི་གུང་སྐྱབས་མགོན་ཆེ་ཚང་འཕྲིན་ལས་ལྷུན་གྲུབ་སོགས་ཉི་མ་ལྕང་རའི་བཤད་གྲྭ་བར་ཆོས་ཁྲིད་ཀྱི་བཀའ་དྲིན་བསྩལ། དགའ་སྤྲོ་ཁང་གསར་ཞེས་པར་བཞུགས་སྐབས་ཤིག་ལ་འབྲི་གུང་ཨ་ཕྱི་ཆོས་སྒྲོན་གྱིས་ཞལ་གཟིགས་པས་གསོལ་མཆོད་ཞིག་ཀྱང་བརྩམས་པར་མཛད། ས་ཁྱི་ལོར་ཆིབས་བཏེགས་ཏེ་དྭགས་པོར་ཕེབས་ཀྱང་སྐབས་དེར་མ་ཡུམ་གཤེགས་ཟིན་པས་ངོ་འཕྲད་མ་བྱུང་བས་ཐུགས་འགྱོད་བཅས་དགོངས་རྫོགས་སུ་དམིགས་ཏེ་རབ་བརྟན་གླིང་དུ་ཞི་ཁྲོའི་སྒྲུབ་མཆོད་ཞིག་འཛུགས་གནང་མཛད། འཁྲུངས་ཡུལ་གྱི་ཡུལ་མི་རྣམས་ལ་དབང་བཀའ་དང་ཆོས་སྦྱིན་བསྩལ་ནས་ཟླ་ཤས་བཞུགས་རྗེས་སླར་འབྲི་གུང་ཉི་མ་ལྕང་རར་ཚུར་ཕེབས་ཏེ་སྔར་བཞིན་ཆོས་ཁྲིད་གནང་། སྦས་པའི་རྣལ་འབྱོར་ར་ཧོར་ཆོས་གྲགས་ཆོས་ལུང་རི་ཁྲོད་དུ་བཞུགས་པས་ཀྱང་གདན་དྲངས་ཤིང་དེ་དང་གཏེར་སྒྲོམ་ཕྱོགས་སུ་ཟླ་ཤས་བཞུགས་ནས་ཆོས་འབྲེལ་གནང་། མ་ཡུམ་གྱི་དགོངས་རྫོགས་ཆེད་ལྷ་ལྡན་དུ་ཕེབས་ནས་ཇོ་ཤཱཀ་རྣམ་གཉིས་སོགས་ལ་མཆོད་འབུལ་དང་སེ་འབྲས་སོགས་སུ་གནས་གཟིགས་སུ་ཕེབས་ཤིང་སེ་ར་དྭགས་པོ་ཁང་ཚན་ནས་གདན་ཞུས་བཀུར་སྟི་ཆེན་པོ་བྱས་པ་ཐོས། ས་ཕག་ལོར་དུས་འགྱུར་གྱི་འཚུབ་ཆ་བྱུང་བ་དང་འབྱུང་འགྱུར་གཟིགས་པའི་གསུང་གིས་མཁན་པོ་ཟླ་ཟེར་དང་ཐུབ་བསྟན་རྣམ་གཉིས་འཕགས་ཡུལ་དང་། རྨེ་བ་ཐུབ་ཆོས་དང་བཀྲ་རྒྱམ་རང་ཡུལ་དུ་མངགས་པ་བཅས་འཁོར་སློབ་རྣམས་དང་ཞལ་གྱེས་མཛད། རྒྱ་རོང་རིག་འཛིན་རྡོ་རྗེ་དང་། འཇང་པ་དར་རྒྱས། སྐུ་ཚ་ཐུབ་བསྟན་སྨོན་ལམ། ཐོག་མེད་བློ་གྲོས་སོགས་སྐུ་འཁོར་ཁ་ཤས་བཅས་ནག་ཆུའི་ཕྱོགས་སུ་བྲོས་བྱོལ་དུ་ཕེབས། ཀོང་པོ་རྒྱ་མདའི་ས་ཆ་འཕེན་ལྡོག་མ་སོགས་གནས་ངེས་མེད་འགར་བརྒྱུད་མཐར་བེ་གུ་དགོན་གྱི་ཉེ་འགྲམ་དུ་ཕེབས་པ་ན་དེ་ཕྱོགས་སུ་བཅོས་བསྒྱུར་བྱས་ཟིན་ནས་འགོ་ཁྲིད་འདུག་པ་རྣམས་ལ་གནས་ཚུལ་དྲངས་བཤད་དང་སྤྱན་མི་གསལ་བས་དེར་བཞུགས་ཆོག་པ་ཞུས་པས་གནང་བ་ཐོབ། དེར་གཏམ་ཤུལ་ཚང་ཞེས་པའི་དུད་ཚང་ཞིག་གིས་སྦྲ་གུར་ཞིག་ཕུལ་བ་ཤར་ཁ་སྟེང་ཞེས་པའི་སར་ཕུད་དེ་བཞུགས། ཟླ་བ་ཁ་ཤས་ཀྱི་རྗེས་ཆབ་སྲིད་ཀྱང་ཇེ་དམ་དུ་ཕྱིན་པ་དང་ཞལ་ནས་་ད་བན་རྒན་བསྡད་ཀྱང་བསྟན་འགྲོ་ལ་ཕན་ཐོག་པར་མི་འདུག་གསུངས་ཤིང་། ཉིན་ཞིག་མཁའ་འགྲོའི་ཁུག་ཅེས་པའི་སར་ཆིབས་རྟ་དང་ཁལ་མཛོ་རྣམས་ལ་མྱོང་གྲོལ་དམ་རྫས་བླུད་དེ་འདི་རྣམས་ཁམས་ནས་ང་དང་མཉམ་དུ་འོང་བ་ཡིན་པས་སྙིང་རྗེ་ཞེས་གསུངས་ནས་ཐུགས་སྨོན་གནང་། གྲྭ་འཁོར་རྣམས་ལ་ང་རང་ལས་ཀྱི་དབང་གིས་ས་འདིར་འཆི་དགོས་པ་འདྲ་བས་ཁྱེད་རྣམས་ནས་སེམས་སྡུག་མི་བྱེད་པར་རྗེས་ཀྱི་བྱ་བ་དག་སྒྲུབ་དགོས། ད་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་ལ་རྒྱལ་བསྟན་གྱི་སྣང་བ་མེད་པར་འགྱུར་ཕྱིར་དཔེ་ཆ་སོགས་ཀྱིས་དགོས་པ་མེད་པས་ཡིག་ཆ་རྣམས་ཆ་གསུམ་དུ་བགོས་ལ། ཆ་གཅིག་འབྲི་གུང་དུ་སྐྱོལ། ཆ་གཅིག་བེ་ཧུ་དགོན་འདིར་ཞོག ཆ་གཅིག་ཁོ་བོའི་ཕུང་པོ་པུར་སྦྱང་བྱེད་སྐབས་མེ་ལ་བསྲེགས་དགོས་ཚུལ་དང་སྐུ་གདུང་ཡང་ཡུན་རིང་ཙམ་འཇོག་ཐུབ་ན་ལེགས་ཚུལ། ཁམས་ཕྱོགས་ནས་བསྣམས་པའི་གསེར་དངུལ་ལས་བྱས་པའི་མཆོད་ཆ་དེ་བསྟན་དགོན་སླར་གསོ་ཡོང་སྐབས་སྨིན་གླིང་ལ་འཕྲོད་ཐབས་གྱིས་སོགས་ཞལ་ཆེམས་ལུང་བསྟན་གང་མང་བསྩལ། དེ་ནས་ཡུན་རིང་མ་སོང་བར་ས་ཕག་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔའི་སྔ་དྲོར་བསྙུན་གཞིའི་རྣམ་པ་ཅིང་ཡང་མེད་བཞིན་སྐུ་དཀྱིལ་དཀྲུང་མཉམ་བཞག་མཛད་དེ་རབ་ཆོས་སྐུའི་འཕོ་བའི་གསང་ལམ་ནས་ཞི་བར་གཤེགས་པའི་ཚུལ་བསྟན། སྐུ་གཤེགས་མ་ཐག་འོད་ཆེན་པོ་ཞིག་གདུང་ཐད་ནས་ནམ་མཁར་འཕོས་པ་དང་འོད་དཀར་འཇའི་རྣམ་པ་ལྟ་བུ་མཁའ་ངོས་སུ་ཉིན་འགར་འཆར་བ་སོགས་རྟགས་མཚན་ངོ་མཚར་བ་མཐུན་སྣང་དུ་བྱུང་། སྐུ་གདུང་སྲིན་མོ་ཁྲག་རྩ་ཞེས་པའི་སྒྲུབ་ཕུག་ཞིག་ཡོད་པ་དེར་ལྐོག་ནས་གདན་དྲངས་ཏེ་ཟླ་བ་བདུན་ཙམ་རིང་བླ་མ་མཆོད་པའི་སྒོ་ནས་ཚོགས་མཆོད་ཕུལ་ཤིང་དགོངས་རྫོགས་སྒྲུབ། ལྕགས་བྱི་ས་ག་ཟླ་བའི་ནང་འབྲི་གུང་གཏི་སྒྲོའི་འབྲོང་ངུ་སུམ་མདོ་ནས་ཞུགས་འབུལ་བྱས་པས་ཁ་དོག་དམར་པོ་གཙོ་བོ་ཡིན་པའི་རིང་བསྲེལ་མང་དུ་བྱུང་བ་བཅས་འབྲེལ་ཚད་དོན་དང་ལྡན་པས་སྐུ་དངོས་ཀྱི་འགྲོ་དོན་རེ་ཞིག་རྫོགས། གསུང་ལས་སྐྱེས་པའི་སློབ་ཚོགས་གྲངས་ལས་འདས་པ་ཞིག་བྱོན་ནས་རྒྱལ་བསྟན་ཡང་དར་གྱི་ཕྱི་མའི་དུས་འདིར་བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་བོད་ཀུན་ཏུ་གཞིར་བཞེངས་སུ་བསླངས་བ་བྱུང་ཞིང་། གཙོ་བོའི་མཚན་ཙམ་སྨོས་ན་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ། རྫོགས་ཆེན་མཁན་ཆེན་བརྩོན་འགྲུས། ཆོས་རྗེ་འཇིགས་མེད་ཕུན་ཚོགས། སྐྱབས་རྗེ་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ། མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ། རྨེ་བ་མཁན་ཐུབ་བསྟན། ར་ཧོར་མཁན་ཟླ་ཟེར་དང་ཐུབ་བསྟན་ཟུང་། བྲག་ཡབ་མཁྱེན་རབ་སེང་གེ། རྒྱ་གར་སངས་རྒྱས་བསྟན་འཛིན། ཞེ་ཆེན་མཁན་པོ་གང་ཤར། སྨྲུག་སངས་བཀྲ་ཚོགས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བཟང་ལ་མང་བ་བྱུང་ནས་རྒྱ་བོད་ཀུན་ཏུ་སྙིང་པོའི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་བའི་ཕྲིན་ལས་ཕྱི་མའི་མཐར་ཡང་ནུབ་མེད་མཐའ་རྒྱས་སུ་བྱུང་བ་ལགས་སོ།།

[༧༦] སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ།

མཁན་ཆེན་གཞན་ཕན་སྣང་བ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྣམ་གཉིས་ཀྱི་ཐུགས་སྲས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་རིན་པོ་ཆེ་ནི། ཇི་སྐད་དུ། གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་ཡུམ་ཀའི་སྲོག་ཐིག་ལས། མངའ་བདག་འཇམ་དཔལ་དབྱངས་ཆེན་པོ༔ ཁྲག་འཐུང་གར་དབང་མདོ་སྔགས་གླིང༔ ཨོ་རྒྱན་བདག་གིས་རྗེས་བཟུང་བའི༔ སྐལ་ལྡན་གཅིག་ཆར་རིགས་ཅན་ཞིག༔ ལྕགས་ཁམས་བྱ་ཁྱི་ལོ་རུ་སྐྱེས༔ ཟབ་རྒྱས་གསང་བ་དུ་མའི་སྒོ༔ རང་གིས་སྤྱོད་ཅིང་གཞན་ལ་སྤེལ༔ ཞེས་དང་། རྗེ་རང་གི་གཏེར་བྱོན་པདྨའི་ཚེ་རྒྱུད་ལས། པཎ་ཆེན་བི་མ་མི་ཏྲ་དང༔ མངའ་བདག་ཁུ་དབོན་ཡེ་ཤེས་གཟུགས༔ རང་བྱུང་དགོངས་པའི་རྩལ་རྫོགས་པའི༔ དཔའ་བོ་གར་གྱི་དབང་ཕྱུག་རྩལ༔ མདོ་སྔགས་གླིང་པ་ཆོས་ཀྱི་རྗེ༔ འོད་གསལ་སྤྲུལ་བའི་རྡོ་རྗེ་ཞེས། ལྕགས་ཁམས་དཔའ་བོའི་མཚན་དང་ལྡན༔ ཞེས་སླུ་མེད་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར། བོད་ཆེན་པོའི་ལྗོངས་ཀྱི་མདོ་སྨད་ཆུ་བཞི་སྒང་དྲུག་ལས་གསེར་ལྡན་འབྲུ་ཀླུང་དལ་གྱིས་འབབ་པའི་འགྲམ་ངོགས། མཐའ་འདུལ་གྱི་གཙུག་ལག་ཁང་གླང་ཐང་སྒྲོལ་མ་ལྷ་ཁང་བཞུགས་པའི་ས་ཕྱོགས། མི་འགྱུར་ནམ་མཁའི་རྡོ་རྗེ་དང་། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན། ཀརྨ་པ་རིག་པའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་བརྒྱུད་མར་འཁྲུངས་པའི་གནས་མཆོག་ལྡན་ཡུལ་དུ་གྲགས་པའི་སའི་ཆར། ལྷ་རིགས་གཉོས་ཀྱི་གདུང་རྒྱུད་ས་སྐྱོང་སྡེ་དགེའི་གཉེར་ཆེན་དིལ་མགོ་ཞེས་པའི་ཁྱིམ་དུ་ཡབ་དིལ་མགོ་བཀྲ་ཤིས་ཚེ་རིང་དང་། ཡུམ་དབེན་ཐོག་ལྷ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༡༠སྟེ་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ཟླ་བ་བཞི་པའི་ཚེས་སུམ་ཅུ་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་བཟང་པོ། འཇམ་མགོན་མི་ཕམ་རིན་པོ་ཆེས་དཔལ་དུས་ཀྱི་འཁོར་ལོ་བསྡུས་རྒྱུད་ཀྱི་འགྲེལ་ཆེན་བཤད་ཁྲིད་གྲུབ་ནས་དགའ་སྟོན་ཚོགས་ཀྱི་འཁོར་ལོ་སྐོར་བའི་ཉིན་སྐུ་འཁྲུངས། འཇམ་མགོན་བླ་མས་འཇམ་དབྱངས་དང་དབྱངས་ཅན་རིལ་བུ་བསྩལ་ནས་མ་ཡི་འོ་མ་ཁར་མ་མིད་པའི་སྔ་ལོག་ཏུ་ལྕེ་ལ་ཧྲཱིཿདྷཱིས་རྒྱས་ཐོབ་ཅེས་གསུངས་པ་ལྟར་བྱས། ཟླ་བ་གཅིག་གི་རྗེས་འཇམ་མགོན་བླ་མའི་གསེར་ཞལ་མཇལ་བས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་སྨིན་པར་མཛད་ཅིང་། རྒྱ་གར་ལུགས་ཀྱི་བཙས་སྟོན་ཡིན་ཞེས་བཟང་གོས་དང་བུམ་པ་བཅུད་ལྡན་གནང་ནས་བཀྲ་ཤིས་དཔལ་འབྱོར་ཞེས་མཚན་གསོལ། དེ་ནས་རིམ་གྱིས་འབྲི་ཀློག་སོགས་ལ་བྱང་ཆུབ་པར་བསླབས། དགུང་གྲངས་བཅུའི་སྟེང་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣལ་རྒྱལ་ལས་དགེ་ཚུལ་གྱི་སྡོམ་པ་ནོད་པས་འགྱུར་མེད་བསླབ་གསུམ་རྒྱལ་མཚན་ཞེས་མཚན་གསོལ། སྔ་ཕྱིར་རྗེ་འདི་ཉིད་ལས་སྒྱུ་འཕྲུལ་ཞི་ཁྲོ། ཚོགས་ཆེན་འདུས་པ། དོང་སྤྲུགས། ཡང་དག་སོགས་དང་། གཏེར་མ་སྒྲུབ་ཐབས་འདོད་འཇོ་དང་། ཉང་གཏེར་བཀའ་བརྒྱད། སྙིང་ཐིག་ཡ་བཞིའི་ལུང་ཁྲིད་བཅས་དང་། མི་ཕམ་དཀའ་འབུམ་དང་གདམས་ངག་མཛོད་བཅས་ཀྱི་ལུང་རྣམས་གསན། མཁྱེན་བརྩེའི་དབང་པོའི་རྣམ་རོལ་ཏུ་ངོས་འཛིན་མཛད་ནས་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞེས་མཚན་གྱི་ཅོད་པན་གསོལ་ཞིང་ཐུན་མིན་བཀའ་དྲིན་ཅན་གྱི་བླ་མ་གཅིག་ཡིན་གསུངས། སྐུ་ནར་ཅུང་སོན་སྐབས་རྫོགས་ཆེན་མཁན་ཆེན་གཞན་དགའ་རིན་པོ་ཆེ་རྒྱ་བོ་རི་ཁྲོད་དུ་བཞུགས་པ་ཡོངས་འཛིན་ལྟ་བུའི་ཚུལ་དུ་བསྟེན་ཏེ་ལོ་གྲངས་དུ་མར་སྐུ་དྲུང་དུ་རྒྱུན་བཞུགས་མཛད་ཅིང་། སྤྱོད་འཇུག དབུ་མ་འཇུག་པ། དབུ་མ་རྩ་བ་ཤེས་རབ། གཞན་པའི་རིགས་ཚོགས། བཞི་བརྒྱ་པ་སོགས་ཉིད་མཛད་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་རྣམས་ཀྱིས་གཙོས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན་ཞིང་རབ་གསལ་ཟླ་བ་ཞེས་མཚན་གནང་། དེ་མཚུངས་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བློ་གསལ་ལམ་ཨ་བུ་བློ་ཁོ་ལས་སྙིང་ཐིག་རྩ་པོད་གཉིས་ཀྱི་ལུང་ཁྲིད་དང་། རང་གྲོལ་སྐོར་གསུམ་གྱི་ཁྲིད་ལུང་གསན། མུ་ར་པདྨ་བདེ་ཆེན་བཟང་པོ་ལས་ཀར་གླིང་ཞི་ཁྲོའི་རྫོགས་རིམ་བར་དོ་དྲུག་ཁྲིད་དང་། ཨ་འཛོམས་འབྲུག་པ་སྣ་ཚོགས་རང་གྲོལ་ལས་སྙིང་ཐིག་སྔོན་འགྲོའི་ཟབ་ཁྲིད་གསན། ལྕང་མ་བཱ་ཐུར་མཁན་ཆེན་ཐུབ་དགའ་ལས་བྱམས་ཆོས་སྡེ་ལྔ་དང་། གསང་སྙིང་འགྲེལ་བ་ཕྱོགས་བཅུའི་མུན་སེལ་གྱི་ཞིབ་ཁྲིད་ཚར་གསུམ་རྣམས་གསན། ཐུན་མིན་རིགས་བདག་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་། སྒྲུབ་ཐབས་ཀུན་བཏུས་ཀྱི་དབང་ལུང་ཁྲིད་བཅས། ས་སྐྱའི་ལམ་འབྲས་སློབ་བཤད་ཀྱི་དབང་ཁྲིད་ཡོངས་རྫོགས། ངོར་ལུགས་དཀྱིལ་འཁོར་གྱི་དབང་ཆེན། ཞྭ་ལུ་ལུགས་དང་ཇོ་ལུགས་ཀྱི་དུས་འཁོར་དབང་ཆེན། ཤེས་བྱ་ཀུན་ཁྱབ་ཀྱི་རྩ་བའི་བཤད་ཁྲིད། སྙིང་ཐིག་ཡ་བཞི་ཆ་ཚང་། ཀློང་ཆེན་སྙིང་ཐིག་པོད་གཉིས་ཀྱི་དབང་ལུང་ཁྲིད་གསུམ་སོགས་རྫོགས་ཆེན་སྙིང་ཐིག་ཆེན་མོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བཀའ་གཏད་ནས་དོན་གྱི་བརྒྱུད་འཛིན་དུ་མངའ་གསོལ། དེ་བཞིན་དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མ་ལས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་བཤད་པའི་བཀའ་ཆེན་བཅུ་ལས་བྱུང་བའི་ཆོས་ཚུལ་མ་ལུས་པ་གསན་པས་མདོ་རྒྱུད་ཀུན་ལ་ཆགས་ཐོགས་མེད་པའི་མཁས་པའི་དབང་པོ་ཆེན་པོར་གྱུར། སྒྲུབ་པའི་ཉམས་བཞེས་མི་ལོ་ཉི་ཤུ་ཙམ་ཐུགས་དམ་བཅད་རྒྱར་བཞུགས་པས་གུ་རུ་པདྨ་འབྱུང་གནས་དང་། པཎ་ཆེན་བཱི་མ་མི་ཏྲ། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཛཱེ་ཏ་རི་སོགས་ལྷག་པའི་ལྷའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བས་བླ་རྫོགས་ཐུགས་གསུམ་གྱིས་མཚོན་ཟབ་མོ་གཏེར་གྱི་བཀའ་བབ་ཚུལ་རང་གཏེར་ལས། རབ་བྱུང་བཅུ་དྲུག་པའི་མེ་ཕག་དབོ་ཟླའི་ཚེས་སྐོར་ལ་རྫོང་གསར་དུ་བཞུགས་སྐབས། ལྔ་བརྒྱ་སྤྱོད་པའི་གདུལ་བྱའི་ཕྱིར༔ གཉིས་མེད་ཡེ་ཤེས་རོལ་བའི་གར༔ ཡབ་གཅིག་བཙད་པོའི་སྐྱེ་བ་ནི༔ འོད་གསལ་སྤྱོད་པའི་རིག་པ་འཛིན༔ བོད་ཁམས་སྐྱོབ་པའི་མེས་པོ་ཞིག༔ མདོ་ཁམས་བར་དེར་ནོར་སྐྱོང་ལོར༔ བསམ་བཞིན་སྐྱེ་བའི་རོལ་རྩེད་ཅན༔ ཡང་དག་ནང་གི་རྣལ་འབྱོར་གྱི༔ སྔོན་ནས་སྦྱངས་པའི་འཕྲོ་སད་དེ༔ ཞེས་དང་། དེ་ཚེ་དེ་ཡི་སྐལ་བ་རུ༔ དྭངས་པའི་རྩ་ཁམས་ཡེ་ཤེས་ཀྱི༔ རླུང་གིས་བསྐུལ་ཏེ་དབང་མེད་དུ༔ རྡོ་རྗེའི་གསང་ཚིག་འདི་ཡང་རྙེད༔ ཟབ་མོའི་དགོངས་གཏེར་རྡོལ་བ་ཡིན༔ ཞེས་དང་། ཞལ་གསུང་ལས། དེ་དུས་རང་ཉིད་ན་ཚོད་གཞོན། རླུང་རིག་དར། སེམས་རྩ་སྤྲོ་བས་གཏེར་ཆོས་ཀྱི་མིང་བཏགས་པའི་ཐོག་མ་འཇམ་དཔལ་ཐུགས་ཐིག་རྒྱུད་སྡེ་བཞིའི་སྒྲུབ་དབང་བསྐྱེད་རྫོགས་བཅས་ཡོད་པ་རིགས་བདག་ཆོས་ཀྱི་བློ་གྲོས་དང་། ཀཿཐོག་སི་ཏུ་བྱམས་ཆེན་ཆོས་ཀྱི་ཉི་མ། ཞེ་ཆེན་རྒྱལ་ཚབ་རྣམས་ལ་ཕུལ་བས་ཐོག་མའི་རྟེན་འབྱུང་དགེ་བ་བྱུང་། ཞེས་གསུངས་པ་ལྟར། རྗེ་གོང་མའི་གཟིམས་སྤྱིལ་དུ་གཟིགས་པ་ལྔ་ཡི་ཞལ་ཐང་དང་ཧེ་རུ་ཀ་འདུས་པའི་རྩ་ཐོ་མཇལ་བའི་རྐྱེན་བྱས་ཏེ། ཤྲཱི་ཧེ་རུ་ཀའི་སྙིང་ཐིག་ཅེས་པའང་རིག་ཐོག་ནས་སད། ཡང་གནས་མཆོག་པདྨ་ཤྲཱིའི་གནས་ཞལ་འབྱེད་པའི་ཚེ་མདུན་གྱི་སྲེ་འོ་མཚོ་ཞེས་པར་ཚེ་སྒྲུབ་མཛད་སྐབས་མཚོ་གཞི་དཀར་པོར་རི་མོ་ལྗང་སྔོན་གྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་མཆོག་དམན་ཀུན་ཀྱིས་མཐོང་། དུས་དེར་རང་གི་སེམས་ལ་པདྨ་ཚེ་སྙིང་གི་སྒྲུབ་ཐབས་ཤར། ནུབ་གཅིག་མཚོ་རྒྱལ་ཡིན་སྙམ་པ་ཞིག་གིས་ཤོག་སེར་སྤྲད་པ་བལྟས་པའི་རྐྱེན་གྱིས་ཆོས་སྐོར་ཡོངས་རྫོགས་བབ། རྒྱལ་དབང་ཀརྨ་པ། སྨིན་གླིང་མཁན་གཅུང་། ས་སྐྱ་ཕུན་ཚོགས་ཕོ་བྲང་གདུང་སྲས་རྣམས་ལ་ཕུལ་ཞིང་རང་གིས་ཀྱང་ཉམས་ལེན་བྱས་པས་ཞལ་དྲོ་བ་ལྟ་བུ་གྱུར་སྙམ། གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ནང་གསང་བ་དྲིལ་སྒྲུབ་ཀྱི་དབང་ལུང་ཕུལ་བས་དགྱེས་པའི་བཀའ་བསྩལ། ཞེས་གསུངས། རྗེ་ཉིད་ཀྱི་དགོངས་གཏེར་གཙོ་བོ་ཐུགས་ཐིག་རང་བྱུང་པདྨའི་སྙིང་ཐིག་དང་། དཔལ་ཡེ་ཤེས་མགོན་པོའི་ཤོག་དྲིལ་དངོས་སུ་ཕུལ་བའི་ཟབ་གཏེར་གཉགས་ལུགས་རྡོ་རྗེ་ཕུར་བ་ཐལ་འབྱིན་རྣམ་བཞིའི་དགོངས་པ་དང་འབྲེལ་བའི་སྒྲུབ་ཐབས་སོགས་ཟབ་མོ་གཏེར་གྱི་ཕྱོགས་དང་། དག་སྣང་ཆོས་སྡེ་ཐུན་མིན་དང་། ཐུན་མོང་བཀའ་རྩོམ་བཅས་གླེགས་བམ་ཉེར་ལྔ་ལས་བརྒལ་བ་བཞུགས། ཟབ་ཆོས་ཀྱི་བདུད་རྩི་བཞེས་པའི་སློབ་ཚོགས་དང་ཕན་ཚུན་ཆོས་ཀྱི་བདུད་རྩི་གནང་རེས་མཛད་པ་༧གོང་ས་རྒྱལ་དབང་བཅུ་བཞི་པས་དབུ་མཛད་དེ། ས་དགེ་བཀའ་རྙིང་གི་གྲུབ་མཐའ་འཛིན་པའི་སྐྱེས་བུ་མཁན་སྤྲུལ་དགེ་སློབ་བསམ་གྱིས་མི་ཁྱབ་པས་འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་པ་བྱུང་། དུས་དང་གནས་སྐབས་རྣམས་སུ་དབང་ལུང་ཁྲིད་ཀྱི་ཆོས་འཁོར་བསྐོར་བས་དུས་འདའ་བ་ལས་སོས་དལ་དུ་སྐད་ཅིག་ཙམ་ཡང་མི་བཞུགས་ཤིང་། སྔ་ཕྱིར་འཆད་སྤེལ་གནང་བའི་ཆོས་ཀྱི་རྣམ་གྲངས་རགས་ཙམ་སྨོས་ན་རྒྱལ་བཀའ་རིན་པོ་ཆེ་ལན་གཉིས། རྙིང་རྒྱུད་ལན་འགའ། རྙིང་མ་བཀའ་མ་ལན་གསུམ། རིན་ཆེན་གཏེར་མཛོད་ལན་ལྔ། གདམས་ངག་མཛོད་ལན་བཞི། སྒྲུབ་ཐབས་ཀུན་བཏུས་ལན་གསུམ། མཛོད་བདུན་དང་རང་གྲོལ་སྐོར་གསུམ། ངལ་གསོ་སྐོར་གསུམ་ལན་འགའ། འཇིགས་གླིང་པོད་དགུ་ལན་འགའ། རྒྱ་ཆེན་བཀའ་མཛོད་ལན་གཅིག དཔལ་སྤྲུལ་བཀའ་འབུམ་ལན་འགའ། མི་ཕམ་བཀའ་འབུམ་ལན་གསུམ། མཁྱེན་བརྩེའི་བཀའ་འབུམ་ལན་གཅིག བཀའ་རྒྱུད་སྔགས་མཛོད་ལན་གསུམ། ཤེས་བྱ་མཛོད་ལན་འགའ། པད་གླིང་དང་མཆོག་གླིང་གཏེར་གསར་ལན་འགའ། རྒྱལ་ཚབ་བཀའ་འབུམ་ལན་གཅིག གསང་སྙིང་བཤད་ཁྲིད་ཚར་དྲུག་ཅུ་ལྷག སྙིང་ཐིག་ཡ་བཞི་དང་ཀློང་སྙིང་རྩ་པོད་ཚར་ཉི་ཤུ་ལྷག བཀའ་བརྒྱད་དབང་ཆེན་ལན་འགའ། ཡོན་ཏན་མཛོད་བཤད་ཁྲིད་ལན་མང་སོགས་འཆད་སྤེལ་རྒྱ་ཆེར་བསྐྱངས། བྱ་བ་ལས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་རྒྱ་ཆེན་བཞེངས་སྐྲུན་མཛད་པའི་ཚུལ་ནི། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འདབས་སུ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་དང་། འབྲུག་ཡུལ་དུ་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་ཞེས་པའི་སྒྲུབ་སྡེ་གསར་དུ་བཏབ། དེ་བཞིན་བོད་ཡུལ་ཞེ་ཆེན་བསྟན་དགོན་སླར་གསོ་ལ་གང་ཅིའི་རྒྱབ་སྐྱོར་ཐུགས་ཁུར་དཔག་མེད་མཛད་པས་མཚོན། ཕྱི་མའི་དུས་འདིར་དཔལ་ཞེ་ཆེན་པའི་བསྟན་པ་གཞིར་བཞེངས་སུ་བསླང་བར་མཛད་པས་གདན་ས་འདི་ལ་རྗེ་ཉིད་བཀའ་དྲིན་ཁྱད་པར་དུ་ཆེ་བ་ཉིད་དོ། །དེ་བཞིན་སྔ་ཕྱིར་བོད་ཡུལ་དུ་ལན་གསུམ་ཕེབས་ནས་བསམ་ཡས་སོགས་དབུས་གཙང་ཁམས་གསུམ་གྱི་དགོན་སྡེ་བརྒྱ་ཕྲག་དུ་མར་ཞབས་ཀྱིས་བཅགས་ཤིང་ཉམས་གསོ་དང་རབ་གནས་བྱིན་རླབས་མཛད། དད་ལྡན་སེར་སྐྱ་ཡོངས་ལ་དབང་ལུང་ཆོས་འབྲེལ་གནང་བ་སོགས་འབྲེལ་ཚད་དོན་དང་ལྡན་པར་མཛད། མཐར་དགུང་གྲངས་བརྒྱད་བཅུ་གྱ་གཉིས་པ་ལྕགས་ལུག་ཟླ་བ་བརྒྱད་པར་འབྲུག་ཡུལ་དུ་སྙུང་ཚུལ་བཞེས། ཚེས་བཅུ་དྲུག་ལ་ཕྱག་བྲིས་གནང་བར་ཚེས་བཅུ་དགུ་ལས་མི་སྡོད་ཅེས་བསྩལ་ཅིང་སྐབས་དེར་བཞེངས་ནས་ཤར་ཕྱོགས་སུ་གོམ་འགའ་འདོར་བར་མཛད། སྒྲུབ་བུམ་ལས་དབང་ལེན་མཛད་ཅིང་ཞབས་ཞུ་པ་རྣམས་ལ་གསོལ་ཀ་ཐོན་གསུངས་ནས་ཆོས་སྐྱོང་གི་རྟེན་གཏོར་རྣམས་གཤེགས་གསོལ་མཛད། ཚེས་བཅུ་དགུའི་མཚན་གུང་ཡོལ་སྐབས་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་པའི་ཚུལ་གྱིས་སྐུ་ཀྲོང་ངེ་ཞབས་གཉིས་རྒྱལ་པོ་རོལ་སྟབས། དབུ་གཡས་སུ་ཅུང་ཟད་ཕབ་པ་སེང་གེ་འགྱིང་ཚུལ། ཕྱག་གཡས་སེམས་ཉིད་ངལ་གསོ། གཡོན་ས་གནོན་གྱི་ཕྱག་རྒྱའི་རྣམ་པ། སྐུའི་གཟི་མདངས་ལྷག་པར་རྒྱས་བཞིན་ནང་གསལ་ཀ་དག་ཆོས་སྐུའི་དབྱིངས་སུ་མངོན་པར་གཤེགས་པའི་ཚུལ་བསྟན། གཤེགས་རྗེས་ཀྱི་བྱ་བ་རྣམས་ཞལ་སློབ་གཙོ་བོ་འཁྲུལ་ཞིག་རིན་པོ་ཆེ་དང་། གྲུབ་དབང་པད་ནོར་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱིས་རྗེ་ཉིད་ཀྱི་ཞལ་ཆེམས་བཞིན་སྤ་གྲོ་སྟག་ཚང་མདུན་གདན་ས་ཐེག་མཆོག་དགའ་ཚལ་དུ་ཞུགས་འབུལ་ཞུས་པས་ནམ་མཁའ་དྭངས་ཤིང་སླད་བྱེད་ཀྱི་སྐྱོན་དང་བྲལ་བ་སོགས་ཕྱི་ནང་གི་མཚན་མ་ངོ་མཚར་བ་མཐའ་ཡས་པ་བྱུང་ངོ་། །

[༧༧] མཁན་ཆེན་བརྩོན་འགྲུས་རིན་པོ་ཆེ།

མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་དང་ཨ་བོའི་མཁན་པོ་འཇིགས་མེད་བློ་གྲོས་རྣམ་གཉིས་ཀྱི་ཞལ་སློབ་མཁན་ཆེན་བརྩོན་འགྲུས་རིན་པོ་ཆེ་ནི། སྤྱི་ལོ་༡༩༢༠པ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ལོར་ཡབ་ཉེན་པ་བསྟན་པ་འཕེལ་རྒྱས་དང་། ཡུམ་སྐྱ་བཟའ་ཚེ་སྒྲོན་གཉིས་ཀྱི་སྐྱེད་ཁྱིམ་དུ་བྱང་ཕྱོགས་ཆུ་དམར་ལེབ་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་ནས་ཕ་ཡབ་ནས་ཡིག་ཀློག་བསླབས་པས་དཀའ་ཚེགས་མེད་པར་མཁྱེན་པས་ཐམས་ཅད་ཀྱིས་སེ་རའི་གྲྭ་ཆུང་མཁས་པ་ཞེས་བསྔགས་བརྗོད་བྱེད་པ་བྱུང་། ཆུང་དུས་ནས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་བཅོས་མིན་མངའ་བས་རང་མོས་ཀྱིས་ཆོས་ལམ་ལ་ཞུགས་ཏེ་དགེ་རྙིང་གི་ཆོས་སྤྱོད་བསྐང་གསོལ་ཐམས་ཅད་བློ་རྒྱུགས་སྤྲོད་ཐུབ་པ་མཛད། སྐྱེས་ཐོབ་ཀྱི་ཤེས་རབ་རྨད་དུ་བྱུང་བས་རིག་པའི་གནས་ཆེ་ཕྲ་ཀུན་འགོ་སྨྲོས་པ་ཙམ་གྱིས་ཁོང་དུ་ཆུད་པར་གྲགས། དཔལ་ཡུལ་དར་ཐར་དགོན་གྱི་བླ་མ་རིག་བློ་ཡུལ་དེར་འབུལ་སྡུད་ལ་ཕེབས་པ་ལས་འབྱུང་རྩིས་དང་ཡིག་གཟུགས་སོགས་སྦྱངས། དཔལ་ཡུལ་གཟི་འགག་མཆོག་སྤྲུལ་ཡུལ་དེར་འགྲོ་དོན་ལ་ཕེབས་པ་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས། རཏྣའི་ཕུར་བ་དང་། ཀར་གླིང་ཞི་ཁྲོ་སོགས་ཀྱི་དབང་ལུང་ཡང་ཞུས། དེ་ནས་རྫོགས་ཆེན་མཁན་པོ་ཆོས་ཚ་བུ་རྒྱུད་དུ་ཕེབས་པའི་མདུན་ནས་སྔོན་འགྲོ་ཐར་ལམ་དཀར་པོ་དང་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་། སུམ་རྟགས། སྨན་རྩིས། སྨིན་གླིང་རྡོར་སེམས་ཀྱི་དབང་ལུང་། ཕྱག་ལེན་འདོན་རྟ་དབྱངས་སོགས་ལ་མཁས་པར་སྦྱངས་ཤིང་སེམས་ཁྲིད་ཀྱང་ཞུས། ཞེ་ཆེན་མཁན་པོ་གཙུག་ཏོར་ཅན་བུ་རྒྱུད་དུ་ཕེབས་པའི་མདུན་ནས་སྨིན་གླིང་ཆོས་སྤྱོད། དམ་ཅན་སྤྱི་གཏོར། དབྱར་གནས་འདོན་ཆ་སོགས་ཀྱི་ལུང་ཞུས། རྫོགས་ཆེན་ཀོང་སྤྲུལ་དཀོན་མཆོག་འཇིགས་མེད་དབང་པོ་བུ་རྒྱུད་དུ་ཕེབས་པ་ན་ཡབ་རྒན་གྱིས་ངའི་བུ་འདི་ཁྱེད་ལ་ཕུལ་བ་ཡིན་ཞེས་ཞུས་པས་ཐུགས་དགྱེས་ཚོར་ཆེན་པོས་མི་རིང་བར་རྫོགས་ཆེན་དགོན་དུ་འོངས་དགོས་ཞེས་གསུངས་པ་བཞིན་ལོ་རྗེས་མར་གྲྭ་པ་ཁ་ཤས་དང་མཉམ་དུ་རྫོགས་ཆེན་དགོན་དུ་ཕེབས། ཀོང་སྤྲུལ་རིན་པོ་ཆེ་ནས་དམིགས་བསལ་གྱི་བརྩེ་གཟིགས་ཆེན་པོས་ཤྲཱི་སེང་ཆོས་གྲྭའི་ཕོགས་ཐོབ་ཅན་གྱི་གྲྭ་བ་ལྔ་བཅུ་ཡོད་པའི་ཁོངས་སུ་བཞག སྐབས་དེའི་ཤྲཱི་སེང་ཆོས་གྲྭའི་ལས་ཐོག་མཁན་པོ་འཆི་མེད་ཡེ་ཤེས་ལས་ཆོས་སྡེའི་རྩ་བའི་ཡིག་ཆ་རྒྱ་གཞུང་ཆེན་མོ་བཅུ་གསུམ་གྱི་མཆན་འགྲེལ་འགྲེལ་མཆན་ཆ་ལག་དང་བཅས་པའི་བཤད་པ་དང་། སྐབས་དང་སྐབས་སུ་མཁས་གྲུབ་ངག་དབང་ནོར་བུའི་མདུན་ནས་ཡེ་ཤེས་བླ་མ་སོགས་ཀྱི་དབང་ཁྲིད་མང་པོ་དང་། མངོན་པ་མཛོད་རང་འགྲེལ་དང་མཆིམས་ཆེན་སོགས་གཞུང་འགྲེལ་ཆེན་མོ་འགའ། མཁན་པོ་འཇིགས་བློའི་མདུན་ནས་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཚད་མ་རྣམ་འགྲེལ་དང་མཁས་འཇུག་སོགས་ཞུས་ཤིང་། ཆོས་དང་འཇིག་རྟེན་གང་ཐད་ནས་བརྩེ་གཟིགས་ཚད་མེད་པས་འདི་གཉིས་བཀའ་དྲིན་ཆེ་བའི་བླ་མ་གཉིས་ཡིན་གསུངས། གཞན་ཡང་མཁན་ཆེན་ལྷ་སྒང་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་དང་བྱང་ཆུབ་སེམས་སྡོམ་བཞེས་ཤིང་སྐུ་ཚེ་གང་བོར་ཤ་མི་གསོལ་བའི་དམ་བཅའ་མཛད། ཤྲཱི་སེང་ཆོར་གྲྭར་བཞུགས་སྐབས་མཚན་མོའི་རིང་དཔེ་ཆ་སྐྱོར་སྦྱང་ཟླ་འོད་ལ་བརྟེན་ཏེ་མཛད་ཅིང་ཟླ་བ་བརྒལ་བ་ན་ཕྱིར་ལོག་པའི་ལམ་མ་གཟིགས་ཏེ་ལ་མགོར་ལུས་པ་ཐེངས་གཉིས་ཙམ་བྱུང་བ་དང་། ཕལ་སྐད་དང་ཚིག་ལྷད་མེད་པའི་བཤད་སྒྲོས་ཉིན་མཚན་སྦྲེལ་ཏེ་སྐད་ཆེན་པོས་སྦྱངས་པས་མཆེད་གྲོགས་གཞན་དག་གིས་བརྩོན་འགྲུས་ལ་སེམས་སྐྱོན་བྱུང་ཚུལ་གླེང་ཞིང་། ཉི་མ་རེ་རེ་བཞིན་དཔེ་ཁྲིད་གང་གནང་བའི་ཆོས་ཐུན་དེ་ཉུང་མཐར་ཚར་བཅུ་ལས་མི་ཉུང་བར་སྐྱོར་སྦྱང་གནང་བ་སོགས་ཆོས་ཕྱིར་དཀའ་དཔྱད་མཛད་པ་བསམ་གྱིས་མི་ཁྱབ། གཞན་ཡང་མཁན་ཆེན་ཐུབ་སྙན་གྲགས། མཁན་ཆེན་པདྨ་ཚེ་དབང་། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་དང་། གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སོགས་སྐྱེས་ཆེན་རྣམས་ལས་བཀའ་གཏེར་གསར་རྙིང་གི་དབང་ལུང་མང་པོ་གསན། དེ་མཚམས་ཞིག་ན་རང་ཡུལ་དུ་ལོག་ནས་ལོ་གཅིག་ཙམ་བཞུགས། སླར་རྫོགས་ཆེན་དུ་ཕེབས་པའི་ལམ་བར་ནས་མར་དོ་བོ་ཞིག་ཡོད་པ་རྫ་ཆུས་ཁྱེར་ཤོར། རྫོགས་ཆེན་དུ་སླེབས་ནས་ཟླ་ཤས་རིང་སློབ་སྦྱོང་གནང་ནས་དབྱར་ཁར་སྡེ་དགེ་དགོན་ཆེན་དུ་ཕེབས་ཏེ་གཞུང་འགྲེལ་སྐོར་ཕྱག་དཔེ་མང་ཙམ་བླུས་ནས་ཚུར་འབྱོར། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལས་སྙིང་ཐིག་ཡ་བཞིའི་དབང་ལུང་སོགས་ཟབ་ཁྲིད་མང་པོ་ཞུས་པ་དང་། རྫོགས་ཆེན་དགོན་གྱི་དབུ་མཛད་སྐར་མགོན་མདུན་ནས་གདངས་དབྱངས་རོལ་མོ། གཏོར་མ་རྒྱན་བཅའ་སོགས་མཐར་ཕྱིན་པར་སྦྱངས། དེ་སྐོར་ཞིག་ལ་ཞེ་ཆེན་མཁན་པོ་གཙུག་ཏོར་ཅན་ནས་ཕྱག་བྲིས་ཕེབས་གསལ་དུ། ཁྱེད་རང་གི་ལོ་རྒྱུས་ཀོང་སྤྲུལ་རིན་པོ་ཆེ་ལ་ཞུས་པ་ཡིན། ཁྱེད་རང་འདིར་འོང་ན་སེམས་ཁྲིད་ངེས་པར་ཐོབ་ས་རེད་ཨེ་ཡོང་མི་ཡོང་ཁྱེད་རང་ཤེས། ཡོང་ན་སྡོད་གནས་སོགས་ང་རང་གིས་ཐབས་བྱེད་ཆོག་གསུངས་པར། འགྲོ་འདོད་ཆེན་པོ་བྱུང་ཡང་རེ་ཞིག་འགྲོ་མ་ཐུབ་པར་དེའི་མུར་ལུས། ཉིན་གཅིག་རྫོགས་ཆེན་དགོན་ནས་གྲྭ་པ་ཁ་ཤས་ཞེ་ཆེན་ཀོང་སྤྲུལ་མཇལ་དུ་འགྲོ་གི་ཡོད་སྐད་ཐོས་འཕྲལ་བཅའ་ལག་སོགས་ཅི་ཡང་མ་ཁྱེར་བར་ཧར་རྒྱུག་བྱས་ཀྱང་དེ་རྣམས་ཀྱི་རྗེས་མ་ཟིན། ཀོང་སྤྲུལ་རིན་པོ་ཆེའི་སྐུ་མདུན་དུ་སླེབས་པ་དང་གྲྭ་པ་ཁ་ཤས་ལ་དབང་ཞིག་གསུང་མ་རག་པ་འདུག་པ་དང་སྟབས་འགྲིགས། ཕྱག་དང་མཇལ་དར་ཕུལ་བས་དེར་མཁན་པོ་གཙུག་ཏོར་ཅན་བཞུགས་འདུག་པས་ཁོང་གིས་འདི་ཁར་སྔོན་གྲྭ་པ་མཁས་པ་ཡོད་ཚུལ་ཞུས་པ་དེ་རེད་ཅེས་ངོས་སྦྱོར་མཛད། ཀོང་སྤྲུལ་རིན་པོ་ཆེ་ནས་དེ་རིང་གྲྭ་པ་གསར་པ་ཁོང་གིས་མཆོད་དཔོན་གྱིས་གསུང་པ་བཞིན་དབང་གི་མཆོད་དཔོན་བྱས། དབང་གྲོལ་པ་ན་ཐམས་ཅད་ཕྱིར་ལོག་སོང་བས་ཅི་ཞུ་མ་རྙེད་པར་སྒོ་ཕྱིར་ཐོན་པ་ན་གྲྭ་པ་ཞིག་བྱུང་སྟེ་རིན་པོ་ཆེ་ནས་ཁྱེད་རང་ཡར་ཤོག་གསུང་གི་ཟེར་བས་སྐུ་མདུན་དུ་བཅར། ཞལ་ནས་དཔེ་ཆ་གང་དང་གང་བལྟས་པ་ཡིན་སོགས་བཀའ་འདྲི་གནང་བས་ལོ་རྒྱུས་ཞུས། ད་རེས་རིན་པོ་ཆེའི་མདུན་ནས་སེམས་ཁྲིད་ཅིག་ཨེ་ཐོབ་ཀྱི་རེ་བ་ཆེན་པོ་ཡོད་པས་བཀའ་དྲིན་མ་ཆུང་བར་ཞུས་པས་ཞལ་བཞེས་གནང་། སེམས་ཁྲིད་ཀྱི་དཔེ་ཆ་གང་འདྲ་དགོས་ཞུས་པར་ཡི་གེ་གང་ཡང་མི་དགོས་གསུངས། ཕྱི་ཉིན་རྫོགས་ཆེན་དགོན་དུ་ཡར་འབྱོར་ཏེ་མཁན་པོ་འཇིགས་བློའི་མདུན་དུ་ཞེ་ཆེན་ཀོང་སྤྲུལ་མདུན་དུ་སེམས་ཁྲིད་ཞུ་བར་འགྲོ་གི་ཡོད་ཚུལ་ཞུས་པས་དགྱེས་ཚོར་ཆེན་པོས་ཁོང་དམ་པའི་སྐྱེས་བུ་མཁས་གྲུབ་གཉིས་ལྡན་ཡིན་པས་ཤིན་ཏུ་ལེགས་གསུངས། དེ་ནས་མྱུར་བར་ཞེ་ཆེན་དུ་སོང་ནས་ཟླ་བ་དྲུག་རིང་ཁྲིད་དང་དབང་ལུང་མང་པོ་གསན། ཉིན་གཅིག་ཀོང་སྤྲུལ་རིན་པོ་ཆེ་ཁོང་གི་བཞུགས་ཁང་དུ་ཐོབ་རྒྱག་ཏུ་ཕེབས་ཏེ། ཡར་གཟིགས་མར་གཟིགས་མཛད་དེ། ཨ་ཡག་པོ་མི་ལ་རས་པ་ལྟ་བུ་རེད་གསུངས་ནས་ཐུགས་དགྱེས་ཚོར་ཆེན་པོའི་ངང་གསུང་ཡ་མཚན་ཅན་འགའ་གནང་སོང་བ་དེ་ཉིན་སེམས་ངོ་འཕྲོད་པ་ཡིན་ཞེས་གསུང་། དེ་ནས་ཡར་རྫོགས་ཆེན་དུ་ཕེབས་ནས་ཟླ་ཤས་བཞུགས་རྗེས་ཕྱིར་རང་ཡུལ་དུ་ཕེབས་པའི་ལམ་ནས་རྫ་སྟོད་ལྕང་མ་སྒར་དུ་མཁན་ཆེན་ཐུབ་དགའ་རིན་པོ་ཆེ་དང་། དགེ་གོང་དུ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་བཅས་མཇལ་ཏེ་ཆོས་བཀའ་ཅི་རིགས་གསན། རང་ཡུལ་དུ་འབྱོར་ནས་གྲོང་ཆོག་སོགས་ལ་མ་ཕེབས་པར་ཕ་ཁྱིམ་གྱི་ཟུར་དུ་སྦྲ་ཆུང་ཞིག་གི་ནང་དུ་རྒྱུན་རིང་དཔེ་གཟིགས་མཛད་དེ་བཞུགས། དོན་གཉེར་ཅན་འགའ་ཞིག་ལ་སྔོན་འགྲོ་ཀུན་བཟང་ཞལ་ལུང་དང་སྤྱོད་འཇུག་སོགས་བཀའ་ཁྲིད་གནང་། དགུང་གྲངས་སོ་གསུམ་ཙམ་ན་བྱ་བྲལ་ཀུན་སྤོང་བའི་ཚུལ་གྱིས་ཡུལ་དབུས་ལྷ་ལྡན་ཕྱོགས་སུ་གནས་མཇལ་དུ་ཕེབས་ཤིང་རང་ཡུལ་དུ་ཕྱིར་འབྱོར་བ་ན་ཀློང་སྙིང་ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྱི་སྐུ་མཚམས་དམ་པོར་བཞུགས། རེ་ཞིག་ན་སླར་ཡང་དབུས་ཕྱོགས་སུ་ཕེབས་ཏེ་སེར་བྱེས་བྱ་བྲལ་ཁང་ཚན་དུ་སྒྲིག་ཞུགས་གནང་ཞིང་། དེར་དགེ་བཤེས་བཀྲ་ཤིས་འབུམ་གྱི་མདུན་དུ་ལོ་གསུམ་མ་ཟིན་ཙམ་བཞུགས་ནས་གཞུང་ལུགས་ཀུན་ལ་སྒྲོ་འདོགས་བཅད། འདི་སྐབས་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་དབུས་སུ་ཕེབས་པས་གུ་རུའི་སྦས་གནས་ཀོང་པོ་བྲག་གསུམ་མཚོའི་རྩར་བླ་ཚབ་ཏུ་གཏོང་གནང་མཛད་པས་དེར་ལོ་གཅིག་ལྷག་བཞུགས། སྤྱི་ལོ་ང་བདུན་ལོར་མཆེད་གྲོགས་བླ་མ་འཇིགས་ཚེ་དང་མཉམ་དུ་ལྷོ་གནས་ཡར་ལུང་རྟེན་གསུམ་གནས་གསུམ་གྱིས་གཙོས། བསམ་ཡས། རྩེ་ཐང་། ཚེ་རིང་ལྗོངས། སྲོང་བཙན་བང་སོ། འཕྱོང་རྒྱས་དཔལ་རི། གྲྭ་ནང་རྒྱ་གླིང་ཚོགས་པ། གྲྭ་ཕྱི་སྨིན་གླིང་། ཟུར་མཁར་རྡོ་ཡི་མཆོད་རྟེན། སྒྲགས་མདའ་མཚོ་རྒྱལ་བླ་མཚོ། སྒྲགས་ཡངས་རྫོང་། ཐུབ་བསྟན་རྡོ་རྗེ་བྲག ཤུགས་གསེབ། གངས་རི་ཐོད་དཀར། ཨོ་རྒྱན་རྫོང་། གསང་ཕུ་ནེའུ་ཐོག་སོགས་དགོན་གནས་ཆེ་ཕྲ་ཐམས་ཅད་མཇལ་ནས་སེ་རར་ཕེབས། སྤྱི་ལོ་ང་དགུ་ལོའི་ཧོར་ཟླ་གཉིས་པའི་ནང་ཁང་ཚན་དང་འཛིན་གྲྭ་གཅིག་པའི་དགེ་ངག་དབང་གྲགས་པ་དང་མཉམ་དུ་འཕགས་ཡུལ་དུ་བྲོས་བྱོལ་ལ་བྱོན། རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་ཡོལ་མོ་གངས་ར་བརྒྱུད་དེ་བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་མཇལ་ཏེ་རིམ་པས་རྒྱ་གར་ཀ་ལིང་སྤུངས་སུ་ཕེབས། དེར་མཁྱེན་སྤྲུལ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དང་རྡོ་གྲུབ་ཆེན་རིན་པོ་ཆེ་རྣམས་ཀྱི་མདུན་ནས་སྙིང་ཐིག་ཡ་བཞི། ཀློང་ཆེན་སྙིང་ཐིག་དང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་འབུམ་སོགས་ཀྱི་དབང་ལུང་གསན། དེ་ནས་སྤྱི་ལོ་༡༩༦༢ལོར་འབྲུག་གཞུང་གིས་ཆོས་རིག་སློབ་གྲྭ་གསར་བཙུགས་སྐབས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་རོགས་ཀྱི་ཚུལ་དུ་དགེ་རྒན་གྱི་འགན་བཞེས་ཏེ་སེམས་རྟོགས་ཁའམ་གསང་ཟབ་ཆོས་རྫོང་དུ་ལོ་གཉིས་ལྷག་རིང་སློབ་གྲྭ་བ་སེར་སྐྱ་བརྒྱ་ལྷག་ལ་བརྡའ་དག་སྙན་གསུམ་སྤྱོད་འཇུག་སོགས་དཔེ་ཁྲིད་གནང་སྟེ་སློབ་ཚོགས་བསྐྱངས་ཤིང་། འདི་དུས་འདུལ་བའི་མཚན་ཉིད་བསྡུས་པ་བརྩམས། དེ་ནས་རྒྱ་གར་གྱི་གནས་ཆེན་ཁག་ཞིབ་མཇལ་གྱིས་གུ་རུའི་གནས་ཆེན་མཚོ་པདྨ་ཅན་དུ་ལོ་ཤས་བཞུགས་ཤིང་དེར་གནས་བློ་གསལ་རྣམས་ལ་དག་སུམ་དང་དགེ་ཚུལ་ཀཱ་རི་ཀ །སྡོམ་གསུམ་སོགས་འཆད་སྤེལ་གནང་ཞིང་དེ་དུས་དགེ་ཚུལ་གྱི་བསླབ་བྱའི་འགྲེལ་པ་དང་འཇམ་མགོན་བླ་མའི་གསོལ་འདེབས་སོགས་བརྩམས། དེ་ནས་མི་སི་བྷེ་བྲིའམ་མཁས་མཆོག་དཔལ་མོས་རྒྱ་གར་ས་གནས་ཌཱ་ལ་ཧའུ་སིར་བོད་ཀྱི་རིས་མེད་ཆོས་ལུགས་ཁག་གི་སྤྲུལ་སྐུ་ན་གཞོན་རྣམས་ཕྱོགས་བསྡུས་ཀྱིས་ཕྱི་རྒྱལ་གྱི་སྐད་ཡིག་བོད་ཀྱི་ཕྱི་ནང་གི་རིག་གནས་ཡོད་པའི་སྤྲུལ་སྐུའི་སློབ་གྲྭའི་དགེ་རྒན་གནང་སྟེ་ལོ་ཤས་བཞུགས། དེ་མཚམས་སྤྱི་ལོ་༡༩༦༦སྐོར་བོད་ཀྱི་ཆོས་ལུགས་ཁག་བཞིའི་མཁས་པ་སྙན་གྲགས་ཅན་ལྔ་བཅུ་ལྷག་དང་ལྷན་ཅིག་ཏུ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མདུན་དུ་ཟླ་དྲུག་རིང་ཐུན་མོང་དང་ཐུན་མིན་རིག་པའི་གནས་རྣམས་འོས་སྦྱངས་གནང་སྐབས་སྙན་ངག་ལེའུ་བར་པའི་དཔེར་བརྗོད་བརྩམས་པར་མཛད། དེ་ནས་དཔལ་སྤྲུལ་འཇམ་དཔལ་བློ་གྲོས་རིན་པོ་ཆེ་དང་། སྨིན་གླིང་མཁོ་སྤྲུལ་རིན་པོ་ཆེ་མདོ་རྒྱུད་རྒྱ་མཚོ་རྣམ་གཉིས་ཀྱིས་ཕྱག་བཏབ་པའི་སྔ་འགྱུར་གྱི་ཆོས་སྡེ་ངེས་དོན་དགའ་ཚལ་གླིང་གི་བློ་གསལ་རྣམས་ལ་ཚིག་ལ་འཁྲུལ་པ་གཅོད་པའི་སྒྲ་རིག་པ། དོན་ལ་འཁྲུལ་པ་གཅོད་པའི་ཚད་མ་རིག་པ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཉམས་ལེན་སྤྱོད་འཇུག ཤེར་ཕྱིན། དབུ་མ། མཁས་འཇུག་སོགས་ཐུན་མོང་ནང་དོན་རིག་པའི་གཞུང་ལུགས་མང་པོ་འཆད་སྤེལ་གནང་སྟེ་ལོ་ལྔ་ལྷག་ཙམ་བཞུགས་ཤིང་དེ་སྐབས་སུམ་རྟགས་ཀྱི་འགྲེལ་པ་དང་། རྟགས་རིགས་ཀྱི་རྣམ་བཞག་བཅས་མཛད། དེ་ནས་གོང་ས་ཆེན་པོའི་བཀའ་དགོངས་བཞིན་ཝཱ་རཱ་ཎ་སིར་བོད་ཀྱི་ཆེས་མཐོ་སློབ་གྲྭའི་རིག་གནས་དགེ་རྒན་དུ་ཆེད་ཕེབས་ཀྱིས་ལོ་ངོ་གཉིས་ཙམ་བཞུགས་སྐབས་རྟགས་འཇུག་གི་འགྲེལ་པའང་བརྩམས་གནང་། སྤྱི་ལོ་༡༩༧༨པར་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་ནས་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གསར་བཙུགས་སྐབས་ཆེད་དུ་གདན་ཞུས་ལྟར་ཞབས་པད་བཀོད་དེ། བསྟུད་མར་ལོ་གྲངས་འགའ་ལ་མཁན་ཆེན་གཞན་དགའི་རྒྱ་གཞུང་བཅུ་གསུམ་གྱི་མཆན་འགྲེལ་གཙོས། ཚད་མ་རྣམ་འགྲེལ། ངལ་གསོ་སྐོར་གསུམ། ཡོན་ཏན་རིན་པོ་ཆེའི་མཛོད། ཡིད་བཞིན་རིན་པོ་ཆེའི་མཛོད་སོགས་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་གནང་བས་ཐུགས་སྲས་ཞལ་སློབ་ཀྱི་གཙོ་བོ་མཁན་པོ་པདྨ་ཤེས་རབ། མཁན་པོ་རྣམ་གྲོལ། རྒྱལ་སྲས་སྤྲུལ་སྐུ། དྭགས་པོ་སྤྲུལ་སྐུ། མཁན་པོ་འགྱུར་མེད་ཕྲིན་ལས། མཁན་པོ་བདེ་ཆེན་རྡོ་རྗེ། མཁན་པོ་རིག་འཛིན། མངའ་རིས་མཁན་པོ་ཡེ་ཤེས་བཟང་པོ། མཁན་པོ་དཀོན་མཆོག་འོད་ཟེར། མཁན་པོ་ནོར་བུ་སོགས་བརྒྱུད་པ་ཟིན་ངེས་ཀྱི་མཁས་དབང་དུ་མ་བྱོན་ཏེ་འཕགས་ཡུལ་སྔ་འགྱུར་གྱི་ཆོས་སྡེ་ཁག་ཏུ་ལུང་ཆོས་བཤད་པའི་བསྟན་པ་ཉིན་བཞིན་འཕེལ་བ་བྱུང་། དགུང་ལོ་དྲུག་ཅུ་བཞེས་པའི་ལོར་སྔར་གྱི་མཆེད་གྲོགས་བླ་མ་འཇིགས་ཚེ་ལ་ཕྱག་བྲིས་གནང་བར་སང་ཕོད་ང་རང་གཉིས་ལོ་རེ་གཅིག་ཀེག་ཆེ་ཤོས་ལྟ་བུ་རེད་ཕྲན་གཟུགས་པོའང་བདེ་དྭངས་རང་མི་འདུག དུས་ཚོད་འདི་འདྲ་ལ་འགའ་བསྡད་ཀྱང་དོན་ཅི་མི་འདུག་སྙམ། མཚམས་ལ་སྡོད་བསམ་ཀྱང་འདུག་མ་གྲུབ། གྲོགས་པོས་སྐྱབས་འགྲོ་སོགས་གང་ཟབ་བྱེད་རོགས་གསུངས། ལོ་དེའི་རྒྱལ་ཟླ་བའི་ཚེས་བཅོ་བརྒྱད་རྒྱལ་དབང་ཀློང་ཆེན་པའི་འདས་མཆོད་ཉིན་འཕགས་ཡུལ་ལྷོ་ཕྱོགས་རྣམ་གྲོལ་གླིང་དུ་གློ་བུར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །

[༧༨] མདོ་སྤྲུལ་ཐུབ་བསྟན་བྱང་ཆུབ་རྒྱལ་མཚན།

གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་ཐུགས་སྲས་མདོ་སྤྲུལ་ཐུབ་བསྟན་བྱང་ཆུབ་རྒྱལ་མཚན་ནི། རྗེ་ཉིད་ཀྱི་གོང་མ་མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་ཞལ་བཞུགས་པའི་དུས་སུ་བདག་གི་སྤྲུལ་སྐུ་ཨ་ཞེས་བྱ་བའི་སྲས་སུ་འབྱུང་ཞེས་ལུང་བསྟན་པ་ལྟར། ཡབ་ཨ་པང་གཏེར་སྟོན་ཆོས་དབྱིངས་རྡོ་རྗེ་དང་། ཡུམ་དམ་ཚིག་ཅེས་བྱ་བའི་སྲས་སུ་སྤྱི་ལོ་༡༩༤༣པ་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར་འཇའ་འོད་ཀྱི་དཀྱིལ་འཁོར་གུར་ཐབས་སུ་འཁྲིགས་པ་སོགས་ངོ་མཚར་མཚན་ལྟས་དང་བཅས་སྐུ་འཁྲུངས། རྡོ་གྲུབ་སྐུ་ཕྲེང་བཞི་པ་ཐུབ་དཔལ་རིན་པོ་ཆེས་མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེའི་སྤྲུལ་སྐུར་ངོས་འཛིན་གནང་ནས་ཐུབ་བསྟན་བྱང་ཆུབ་རྒྱལ་མཚན་ཞེས་མཚན་གསོལ། དེ་ནས་སྒོ་ཆེན་མཆོག་གི་སྤྲུལ་པའི་སྐུ་པདྨ་རྒྱལ་པོ་སོགས་བླ་གྲྭ་ལྔ་བཅུ་ཙམ་གྱིས་སྐུ་བདག་བྱས་ནས་ན་བཟའ་གསོལ། མ་དགོན་གྲུབ་དབང་རྫོགས་ཆེན་གྱི་སྐུ་ཚབ་བླ་མཆན་དང་ཨ་སྐྱོང་མགོན་ལྷ་སོགས་མི་ཆེན་ཆེ་དགུ་དུ་མས་གཙོས། རང་དགོན་གྱི་བླ་སྤྲུལ་གྲྭ་འཁོར་དད་ལྡན་ཡོངས་ཀྱིས་བསུ་མའི་བཀོད་གཤམ་རྒྱ་ཆེན་པོ་དང་བཅས་གདན་ས་དར་རྒྱས་བྱམས་ཆེན་ཆོས་གླིང་དུ་སྤྱན་དྲངས་ཏེ་གསེར་ཁྲིར་བཀོད། མཁན་པོ་བསོད་ནམས་ཉི་མ་ཡོངས་འཛིན་དུ་ཆེད་བསྐོས་བྱས་ཏེ་ཡི་གེ་འབྲི་ཀློག་སོགས་ལ་སྦྱང་པ་མཛད། རང་དགོན་གྱི་མཁན་ཆེན་ཚེ་དབང་རིག་འཛིན་དང་ནོར་བུ་བསྟན་འཛིན་རྣམ་གཉིས་ལས་གཞུང་བཤད་དང་དབང་ཁྲིད་སོགས་ཆོས་བཀའ་མཐའ་ཡས་པ་གསན་བཞེས་མཛད། དེ་ནས་གོང་མའི་ཕྱག་སྲོལ་ལྟར་མདོ་ཁམས་རྫོགས་ཆེན་དུ་གྲྭ་སར་ཕེབས་ནས་ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་ལས་བསྙེན་པར་རྫོགས་པ་དང་། རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁས་མཆོག་པདྨ་ཚེ་དབང་སོགས་སྐྱེས་ཆེན་དམ་པ་རྣམས་ལས་མདོ་སྔགས་ཀྱི་བཤད་ཁྲིད་དང་། བཀའ་གཏེར་གྱི་དབང་ལུང་། ཟབ་མོའི་གདམས་ཁྲིད་སོགས་ཆོས་བཀའ་རབ་འབྱམས་ལ་གསན་བསམ་མཐར་ཕྱིན་མཛད། དེ་མཚུངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། རྡོ་གྲུབ་ཐུབ་དཔལ་རིན་པོ་ཆེ། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་སོགས་སྐྱེས་ཆེན་རྣམས་ལས་དབང་ལུང་གི་ཆོས་འབྲེལ་ཅི་རིགས་པ་གསན། དེ་ལྟར་མཁས་བཙུན་བཟང་པོའི་མཛད་པ་མཚུངས་ཟླ་དང་བྲལ་བ་བདག་གིར་བཞེས་བཞིན་བཞུགས་ཀྱང་དུས་འགྱུར་གྱི་གོད་ཆག་སྟོབས་སུ་བདོ་བའི་དབང་གིས་ཕྲིན་ལས་མཐར་མ་ཕྱིན་པར་སྐུ་གཤེགས་སོ། །

[༧༩] མཁར་ལེགས་སྤྲུལ་སྐུ་པདྨ་ཀུན་བཟང་རང་གྲོལ།

མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་དང་མཁན་ཐུབ་བསྟན་སྙན་གྲགས། རྒྱལ་སྲས་འགྱུར་མེད་རྡོ་རྗེ་བཅས་ཀྱི་ཞལ་སློབ་མཁར་ལེགས་སྤྲུལ་སྐུ་པདྨ་ཀུན་བཟང་རང་གྲོལ་མཆོག་ནི། སྤྱི་ལོ་༡༩༡༦པ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལོར་གསེར་ལྡན་འབྲི་ཀླུང་དལ་འབབ་ཀྱི་གཡས་ཟུར་བོད་ལྗོངས་འཇོ་མདའ་ཀཾ་ཐོག་དགེ་ཟླ་ཞེས་པའི་ས་ཆར་མགར་ཚང་གི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་བཞི་ལྔ་ཙམ་ནས་མཁར་ལེགས་མཁན་པོ་པད་མ་ཞེས་པའི་སྤྲུལ་སྐུར་ངོས་བཟུང་ནས་མཁར་ལེགས་རི་ཁྲོད་དུ་གདན་དྲངས། གླང་ཞིང་བླ་མ་པདྨ་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་དང་སྨན་རྩིས་སོགས་གསན། སྐུ་ནར་སོན་སྐབས་རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེ་སྐུ་ཞང་དུ་གྱུར་སྟབས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་ཕེབས་ནས་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་ནམ་ཨ་བུ་ལྷ་སྒང་དང་། མཁན་ཐུབ་བསྟན་སྙན་གྲགས། མཁན་ཆེན་ཡོན་ཏན་མགོན་པོ་དང་། མཁན་ཆེན་པདྨ་ཚེ་དབང་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་ལོ་བཅུ་གཅིག་ཙམ་རིང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་མཐའ་དག་ལ་གསན་སྦྱངས་མཛད་པས་མང་ཐོས་ཀྱི་མཁས་པ་ཆེན་པོར་གྱུར། གཞན་ཡང་རྡོར་སྨིན་གཉིས་དང་། ཀཿདཔལ་གཉིས། ཞེ་ཆེན། དཔལ་སྤུངས། རྫོང་གསར། རྨུགས་སངས་སོགས་སུ་ཕེབས་ཏེ། སྨིན་གླིང་གཅུང་རིན་པོ་ཆེ་ངག་དབང་ཆོས་གྲགས་དང་། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། ཀཿཐོག་མཁན་པོ་ལེགས་བཤད་འབྱོར་ལྡན། མཁན་པོ་ནུས་ལྡན་སོགས་སྐྱེས་ཆེན་རྣམས་ལས་དབང་ཆོས་དཔེ་ལུང་སོགས་ཀྱི་རྒྱུན་བཙལ་ཏེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྟན་འགྱུར་གྱི་ལུང་རྒྱུན་གང་བཞུགས་སོ་ཅོག རྙིང་མ་བཀའ་མ། རིན་ཆེན་གཏེར་མཛོད། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་མཛོད། ཀུན་མཁྱེན་ཡབ་སྲས་དང་། རོང་ཟོམ། སྨིན་གླིང་ཡབ་སྲས། རྒྱལ་དབང་ལྔ་པ། ཇོ་ནང་ཏཱ་ར་ནཱ་ཐ། མཁྱེན་ཀོང་རྣམ་གཉིས། འཇུ་མི་ཕམ། དཔལ་སྤྲུལ་སོགས་ཀྱིས་གཙོས་པའི་མཁས་གྲུབ་རྣམས་ཀྱི་གསུང་འབུམ་རྒྱུན་བཞུགས་སོ་ཅོག་ཕལ་ཆེར་མ་གསན་པ་མེད་ཅིང་། དེ་དག་གི་གསན་ཡིག་པོད་ཆེན་ལྡེབ་བཞི་བརྒྱ་ཙམ་ཡོད་པས་ཕྱིས་སུ་བཀའ་ལུང་དབང་གསུམ་གྱི་རྒྱུན་ཕྱུག་པ་ཁོང་ལྟར་གཞན་མེད་པའི་ཚད་དུ་གྲགས། ལྷག་པར་དུ་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་ཐུན་མིན་གྱི་བླ་མར་བསྟེན། རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན། སྙིང་ཐིག་ཡ་བཞི་སོགས་ཀྱི་སྨིན་གྲོལ་གྱི་གདམས་པ་མང་དུ་གསན་ནས་ཉམས་བཞེས་མཛད། རིག་པ་ངོ་འཕྲོད། ཉམས་རྟོགས་མཐར་ཕྱིན། ཕྲིན་ལས་ཕྱོགས་མེད་དུ་རྒྱས་ཏེ། སྨིན་གླིང་མཁན་ཆེན་དང་། གཅུང་རིན་པོ་ཆེ། རྡོ་བྲག་རིག་འཛིན་ཆེན་མོ་སོགས་དམ་པའི་སྐྱེས་ཆེན་རྣམས་ལ་གདམས་ངག་མཛོད་སོགས་ཀྱི་དབང་ལུང་ཁྲིད་གསུམ་བསྩལ། སྨིན་གྲོལ་གླིང་གཙུག་ལག་ཁང་གི་ཐོག་ཏུ་གསེར་གྱི་རྒྱ་ཕིབས་བཞེངས། གུ་རུའི་ཡང་དག་གསང་འགྲེལ་ཆེན་མོ། སྒྱུ་འཕྲུལ་ཕྲ་སྐོར། གནུབས་ཀྱི་མདོ་འགྲེལ། ཡང་འགྲེལ་གཟི་ལྡན་འཆར་ཁའི་འོད་སྣང་། སྨིན་གླིང་སྐུ་མཆེད་དང་། རོང་ཟོམ་གསུང་འབུམ་སོགས་ཤིང་པར་དུ་བཞེངས་པའི་བདག་རྐྱེན་གནང་། དུས་འགྱུར་གྱི་ཡོ་ལང་ཆེན་མོའི་སྐབས་སུ་ཐུགས་དམ་ཉམས་བཞེས་དང་། བསྙེན་སྒྲུབ་བཟླས་བརྗོད་སོགས་ཆོས་སྤྱོད་ཀྱི་མཛད་པ་ཆག་མེད་གནང་རྒྱུ་བྱུང་བ་དང་། སྐལ་བ་དང་ལྡན་པའི་ཞལ་སློབ་འགའ་ལ་ཀློག་ནས་དམ་ཆོས་འཆད་སྤེལ་གྱི་ཕྲིན་ལས་བསྐྱངས། བསྟན་པ་ཡང་དར་གྱི་ཐོག་མའི་དུས་བཟང་ཤར་སྐབས་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་བཀས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་དུ་ཤྲཱི་སེང་ཆོས་གྲྭར་གདན་དྲངས་ནས་དགེ་སློབ་ཡོངས་ཀྱིས་སློབ་དཔོན་དུ་བསྟེན། མཆོག་དམན་གདུལ་བྱ་སོ་སོའི་ངོ་སྐལ་དང་བསྟུན་པའི་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་བསྩལ་བས་དེང་དུས་འདི་འདྲའི་མཁས་པ་བཞུགས་པ་ངོ་མཚར་ཆེ་ཞེས་བསྔགས་བརྗོད་ཐོབ། དེ་རྗེས་སྐུ་ཡུལ་གོ་འཇོའི་ཕྱོགས་སུ་ཕེབས་ཏེ་ལོ་ངོ་གཉིས་ལྷག་རིང་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་རྒྱ་ཆེར་གནང་མཐར་དགུང་གྲངས་རེ་དགུ་བཞེས་པ། སྤྱི་ལོ༡༩༨༤པ་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལོར་ཀརྨ་ལྷ་སྟེང་དུ་སྐུ་གཤེགས། རྗེ་འདི་ཉིད་ཀྱི་ལྗགས་རྩོམ་སྐོར། ཀུན་བཟང་སྨོན་ལམ་གྱི་འགྲེལ་པ་དང་། སྐོང་བཤགས་རྡོ་རྗེའི་ཐོལ་གླུའི་འགྲེལ་པ། རྒྱལ་བསྟན་གྲུབ་མཐའ་རིས་མེད་ཀྱི་ཆོས་འབྱུང་མདོར་བསྡུས། རྒྱལ་སྲས་འགྱུར་མེད་རྡོ་རྗེའི་རྣམ་ཐར་སོགས་རྨད་དུ་བྱུང་བའི་ལེགས་བཤད་པོད་ཆེན་གཅིག་བཞུགས་པ་ལགས་སོ། །

[༨༠] བྲག་ཡབ་མཁྱེན་རབ་སེང་གེ།

མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱི་ཞལ་སློབ་མཁས་པའི་དབང་པོ་བྲག་ཡབ་མཁྱེན་རབ་སེང་གེ་ནི། སྤྱི་ལོ་༡༩༢༡པ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ལོར་གངས་ལྗོངས་མདོ་ཁམས་བྲག་ཡབ་ལྡེའུ་ཁ་ཞེས་གྲགས་པའི་གནས་སུ་སྐུ་བལྟམས་། ཆུང་ངུའི་དུས་ནས་དམ་པའི་རིགས་སད་དེ་དད་དང་སྙིང་རྗེ་ཚད་མེད་པ་མངའ། དེ་ནས་ནར་སོན་པའི་ཚེ་གཙང་དགོན་གྱི་གྲྭ་སར་ཞུགས་ཏེ་མཆོག་སྤྲུལ་ངག་དབང་ཀུན་དགའ་རྒྱལ་མཚན་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། འབྲི་ཀློག་སོགས་རིག་པའི་གནས་ཀུན་ལ་མཁས་པར་བསླབས། དགུངས་གྲངས་ཆུང་ངུའི་དུས་ནས་ཀྱང་ཀུན་རིགས་བསྙེན་ཆེན་བཏང་བ་སོགས་དམ་པའི་རྣམ་ཐར་ཟླ་མེད་ཅིང་གཙང་སྤྲུལ་རིན་པོ་ཆེའི་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར། དེ་ནས་དགུང་གྲངས་བཅུ་དྲུག་དུས་གཞན་སུས་ཀྱང་མ་བསྐུལ་བར་གོ་འཇོ་རག་དགོན་བཤད་སྒྲུབ་རིན་ཆེན་གླིང་གི་བཤད་གྲྭར་བྱོན་ཏེ་རྫོང་སར་མཁན་ཟུར་བྲག་ཡབ་བློ་གྲོས་རྒྱ་མཚོའི་མདུན་ནས་གཞུང་ཆེན་བཅུ་གསུམ་སོགས་མདོ་སྔགས་རབ་འབྱམས་ཀྱི་ཆོས་བཀའ་བསམ་གྱིས་མི་ཁྱབ་པར་གསན་སྦྱང་མཛད། དེ་སྐབས་གནས་དེར་བཞུགས་གནས་ས་ཕུག་ཞིག་བྲུས་ཏེ་ཕྱར་བ་ཞིག་གི་སྟེང་གཡོག་བྱས། སྣང་གསལ་སོགས་ཀྱི་མཐུན་རྐྱེན་མེད་པས་མཚན་མོ་དཔེ་གཟིགས་མཛད་ཚེ་ཟླ་འོད་ཀྱི་སྣང་བ་དང་སྤོས་ཐུར་གྱི་མེ་འོད་སོགས་ལ་བསྟེན་ནས་ཉིན་མཚན་བར་མེད་དུ་བརྩོན་པ་དྲག་པོས་ཐོས་བསམ་མཛད། རག་སྤྲུལ་རིན་པོ་ཆེའི་མདུན་ནས་འོད་གསལ་རྫོགས་པ་ཆེན་པོའི་སྔོན་འགྲོ་དང་དངོས་གཞིའི་སྨིན་དབང་གྲོལ་ཁྲིད་བཅས་ཀྱི་ཟབ་ཆོས་གསན། དེ་ནས་རྫོང་སར་ཁམས་བྱེའི་བཤད་གྲྭར་བྱོན་ཏེ་མཁན་རབས་རིམ་བྱོན་ལས་མདོ་དང་སྔགས་ཀྱི་ཆོས་ཚུལ་ཀུན་ལ་ཐོས་བསམ་མཐར་ཕྱིན་པར་མཛད་པས་མཁྱེན་སྤྲུལ་རིན་པོ་ཆེ་ཐུགས་དགྱེས་ཏེ་གཞན་ལ་ཆོས་འཆད་པའི་སློབ་དཔོན་གྱི་མཚན་གསོལ། དགུང་གྲངས་ཉེར་གཉིས་པར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་བསྙེན་པར་རྫོགས་ཤིང་དེ་ནས་བཟུང་བཙུན་པའི་དཔེར་འོས་པའི་འདུལ་འཛིན་བསྟན་པའི་རྒྱན་གཅིག་ཏུ་གྱུར། ཕྱིས་སུ་མཁྱེན་སྤྲུལ་རིན་པོ་ཆེའི་ཁོ་བོའི་སྡོམ་རྒྱུན་སྨད་འདུལ་ལགས་ཕྱིར་རྒྱུད་པ་ཁུངས་བཙུན་ཞིང་རྨ་མེད་པས་ཁྱེད་ནས་གཞན་ལ་སྡོམ་རྒྱུན་ཅི་ནུས་སུ་སྤེལ་བའི་ཐུགས་འགན་བཞེས་མཛོད་གསུངས། མཁྱེན་སྤྲུལ་རིན་པོ་ཆེའི་མདུན་ནས་བཀའ་གཏེར་གྱི་སྨིན་དབང་སྤྱི་དང་ལྕེ་བཙུན་སྙིང་ཐིག་གི་སྨིན་དབང་གྲོལ་ཁྲིད་སོགས་སྔ་འགྱུར་ཕྱོགས་ཀྱི་ཆོས་བཀའ་དཔག་ཏུ་མེད་པ་དང་། ས་སྐྱའི་ལམ་འབྲས་དང་སྒྲུབ་ཐབས་ཀུན་བཏུས་སོགས་གཙོ་བོར་གྱུར་པའི་གངས་རིའི་ལྗོངས་ཀྱི་བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུ་དང་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་ཆོས་སྐོར་ཡོངས་སུ་རྫོགས་པར་གསན་བཞེས་མཛད། གཞན་ཡང་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་མདུན་ནས་གསང་བ་སྙིང་ཐིག་གི་སྐོར་དང་། རྫོགས་ཆེན་མཁན་ཆེན་ཐུབ་བསྟན་སྙན་གྲགས་ལས་སྙིང་འགྲེལ་གསང་བདག་དགོངས་རྒྱན་རྒྱ་ཆེ་བ་ཟུར་ལུགས་ཀྱི་བཤད་སྲོལ་ལྟར་ལོ་ཕྱེད་ཙམ་ལ་གསན་པ་གཏིང་ཟབ་མཛད་པ་དང་། ཞོར་དུ་དབུ་ཕར་ཚད་མངོན་གྱི་དཀའ་གནས་ལ་དོགས་དཔྱོད་དཔྱིས་ཕྱིན་པ་མཛད་པས་མཁན་ཆེན་མཆོག་ནས་འདི་འདྲའི་རིག་པ་སྨྲ་བ་རེ་ཟུང་ཡོད་ན་ཅི་མ་རུང་ཞེས་ཚོགས་མང་གི་དབུས་སུ་སྔགས་བརྗོད་མཛད། རིམ་བཞིན་ཆོས་ཕྱིར་དཀའ་སྤྱད་ཀྱི་མཛད་པ་ཁུར་དུ་བཞེས་བཞིན་རྫ་ཆུ་ཁ་ལྕང་མ་རི་ཁྲོད་དུ་བྱོན་ནས་མཁན་ཆེན་ཐུབ་དགའ་རིན་པོ་ཆེའི་དྲུང་ནས་གསང་སྙིང་ཞག་བཅུ་མའི་བཤད་ཁྲིད་གསན་པ་སོགས་རིས་མེད་བཤེས་གཉེན་དུ་མ་གཙུག་རྒྱན་དུ་བསྟེན་ནས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། དགུང་གྲངས་སུམ་ཅུ་སྐོར་ཕེབས་སྐབས་འཇམ་མགོན་ཆོས་ཀྱི་བློ་གྲོས་ནས་རྫོང་སར་མཁན་རབས་བཅུ་གསུམ་པའི་ཆོས་ཁྲིར་བཀོད་པ་ལྟར་གཞུང་ཆེན་བཅུ་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཀྱི་འཁོར་ལོ་བསྐོར། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ཞལ་སློབ་མཁས་པའི་དབང་པོ་དུ་མ་བསྐྱེད་བསྲིངས། སྐུ་ཚེའི་སྨད་དུ་གོ་འཇོ་དང་བྲག་ཡབ་ཕྱོགས་སུ་གདུལ་བྱ་སོ་སོའི་མོས་ཁམས་དང་འཚམས་པའི་སྨིན་དབང་གྲོལ་ཁྲིད་བཀླག་ལུང་རྒྱུད་བཤད་སོགས་ཆོས་སྦྱིན་བར་མེད་མཛད་པ་དང་། བསྐྱེད་རྫོགས་རྫོགས་ཆེན་གྱི་རྣལ་འབྱོར་ལ་ཉམས་བཞེས་རྩེ་གཅིག་ཏུ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་བཤེགས། དེ་ལྟར་བསྟན་འགྲོར་སྨན་པའི་མཛད་པ་མཐར་རུ་ཕྱིན་ནས་དགུང་གྲངས་རེ་གཅིག་བཞེས་པ་ལྕགས་མོ་བྱ་ཡི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་དགུ་ལ་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་སངས་རྒྱས་པའི་རྟགས་དུ་མ་དང་བཅས་རེ་ཞིག་གཟུགས་སྐུ་ཞི་བར་གཟིམས་པའི་ཚུལ་བསྟན་ཏོ། །

[༨༡] རྨེ་བ་མཁན་པོ་འཇམ་དཔལ།

གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་མཁན་ཆེན་ཡོན་ཏན་མགོན་པོའི་ཐུགས་ཟིན་ཞལ་སློབ་ལྔ་རིག་མཁས་པའི་དབང་ཕྱུག་རྨེ་བ་འཇམ་དཔལ་ལམ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀུན་བཟང་བསོད་ནམས་ཀྱི་རྣམ་རོལ་ཧོར་མོའི་འཇམ་དབྱངས་དཔལ་ལྡན་ནི། ཝ་ཤུལ་རྨེ་ཁོག་ཏུ་གྲགས་པའི་ནོར་འཛིན་གྱི་ཐིག་ལེར་ཡབ་ཧོར་མོའི་ཚེ་རིང་དང་། ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༡༩པ་རབ་བྱུང་བཅོ་ལྔ་པའི་ས་ལུག་ལོར་སྐུ་འཁྲུངས། སྐུ་ཆུང་ངུ་ནས་དད་པ་དང་ངེས་འབྱུང་གིས་ཐུགས་རྒྱུད་བརླན་ཅིང་སྐྱེས་ཐོབ་ཀྱི་ཤེས་རབ་ཟླ་དང་བྲལ་བས་ཡི་གེ་འབྲི་ཀློག་སོགས་སློབ་དཔོན་ལ་མ་བལྟོས་པར་ཐུགས་སུ་ཆུད། དགུང་ལོ་བཅུ་གསུམ་ནས་འཇམ་དཔལ་མཚན་བརྗོད་དང་། ཤེར་མདོ་སྡུད་པ། བཟང་སྤྱོད་སྨོན་ལམ་གསུམ་ཉིན་བཞིན་ཆག་མེད་དང་ཚིག་བདུན་གསོལ་འདེབས་འབུམ་ཐེར་རེ་ལོ་རེར་ཆག་མེད་དུ་ཞལ་འདོན་གནང་། སྐུ་ནར་སོན་སྐབས་མཁན་ཆེན་ཚེ་དབང་རིག་འཛིན་གྱི་བཀའ་ཡིས་བསྐུལ་བ་ལྟར་རྫོགས་ཆེན་དུ་གྲྭ་སར་ཕེབས། ཨ་བུ་ལྷ་རྒྱལ་དང་། འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ། མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁན་པོ་འཇིགས་བློ། མཁས་མཆོག་པདྨ་ཚེ་དབང་། ཡབ་རྗེ་ངག་དབང་ནོར་བུ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་བགྲང་བྱ་བཅུ་ཕྲག་ལྷག་གི་རིང་གསན་བསམ་མཛད་པས་ལྔ་རིག་མཁས་པའི་དབང་ཕྱུག་ཏུ་གྱུར། གཞུང་ཆེན་བཅུ་གསུམ་གྱི་རྩ་བ་དང་། གསང་སྙིང་ཕྱོགས་བཅུ་མུན་སེལ། མངོན་པ་མཆིམས་ཆེན། མི་ཕམ་རྣལ་འགྲེལ་བཅས་ཐུགས་ཐོག་ལ་མངའ། ཤྲཱི་སེང་དུ་བཞུགས་སྐབས་རྩམ་པ་འཐག་ལོང་དང་ཇ་སྐོལ་ལོང་མེད་པར་རྡོ་ལེབ་ཞིག་གི་སྟེང་དུ་ཡོས་ཁྲ་ཅུང་ཟད་བརྔོ་བ་དང་ཆུ་དྲང་ཁོ་ན་གསོལ་ནས་ཐོས་བསམ་ལ་འབད་པས་བརྩོན་འགྲུས་ཅན་གྱི་མཆོག་ཏུ་བསྔགས། དུས་འགྱུར་སྐབས་སུ་རང་ཡུལ་དུ་ཕེབས་ཅིང་དེ་ནས་བཟུང་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ནས་སྒྲུབ་པ་ཁོ་ནར་ཉིན་མཚན་དབྱེར་མེད་མཛད། ཕྱིས་སུ་རྒྱལ་བསྟན་སླར་གསོའི་དུས་བཟང་བྱུང་སྐབས་ཀུན་ཀྱིས་རང་དགོན་དུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཀྱང་འདུ་འཛིའི་ལས་སུ་དགོངས་ནས་མ་ཕེབས་ཤིང་དབེན་རིར་ཉམས་ལེན་ཁོ་ན་མཛད་ནས་བཞུགས། མཐར་དགུང་གྲངས་བདུན་ཅུ་དོན་བཞི་པ་རྒྱལ་ཟླའི་ཚེས་བཅུ་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །

[༨༢] རྭ་སྐོར་མཁན་པོ་ཐུབ་བསྟན་ནོར་བུ།

ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་དང་མཁན་ཆེན་པདྨ་ཚེ་དབང་སོགས་ཀྱི་ཞལ་སློབ་རྭ་སྐོར་མཁན་པོ་ཐུབ་བསྟན་ནོར་བུ་ནི། སྤྱི་ལོ་༡༩༢༤པ་རབ་བྱུང་བཅོ་ལྔ་པའི་ཤིང་གླང་ལོར་མདོ་ཁམས་སྡེ་དགེའི་མངའ་རིས་ལས་རྭ་སྐོར་གོང་མ་ཞེས་འབོད་པའི་འབྲོག་སྡེ་རུ། ཡབ་ཕུར་བའི་རྣལ་འབྱོར་རིག་སྔགས་འཆང་བ་མཆོག་ཚང་ཀུན་ལྡན་ཞེས་པ་དང་། སྐྱེད་ཡུམ་ཆེ་ཡོལ་བླ་མའི་སྐུ་སྲིང་མེ་ཏོག་ཅེས་པའི་རིགས་སྲས་སུ་བཀྲ་ཤིས་པའི་མཚན་མ་དང་བཅས་སྐུ་བལྟམས། སྐུ་གཞོན་ནུའི་དུས་སུ་གྲྭ་ལག་ཕྱག་ཚྭ་སྤྲུལ་སྐུ་པདྨ་ཕྲིན་ལས་རྒྱ་མཚོ་ཡུལ་དེར་ཕེབས་སྐབས་གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་རོལ་ཏུ་གྲགས་པའི་གྲྭ་ལག་བླ་མ་ཞེས་པའི་ཡང་སྲིད་དུ་ངོས་འཛིན་མཛད། གྲྭ་ལག་ཏུ་སྤྱན་དྲངས་ནས་མངའ་གསོལ་སྐུ་བདག་དང་འབྲེལ་ཡོངས་འཛིན་ཆེད་དུ་བསྐོས་པ་ལས་ཡི་གེ་ལ་སློབ་སྦྱོང་གནང་བས་ཚེགས་ལ་མ་བལྟོས་པར་མཁྱེན། དགུང་གྲངས་བཅོ་བརྒྱད་པར་དེ་གའི་བཤད་གྲྭར་བཞུགས་ཏེ་མཁན་པོ་དྲི་མེད་ཀྱི་ཞལ་སྔ་ནས་སྡོམ་གསུམ་དང་སྤྱོད་འཇུག་སོགས་གཞུང་ལུགས་འགའ་ལ་ཐོས་བསམ་མཛད་ཚེ་སྐྱེས་སྦྱངས་ཀྱི་ཤེས་རབ་མཆེད་གྲོགས་གཞན་དག་ལས་ཁྱད་དུ་འཕགས་པ་བྱུང་། དེ་ནས་རང་ཡུལ་དུ་ཕེབས་པ་ན་ཁུ་བོ་སོགས་ཀྱི་བློ་འདུན་ལྟར་བཤད་སྒྲུབ་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་དུ་ཕེབས། རྫོགས་ཆེན་བླ་བྲང་ནས་གཞན་ལས་ལྷག་པའི་བརྩེ་གཟིགས་ཆེན་པོས་ཤྲཱི་སེང་ཆོས་གྲྭའི་ཕོགས་ཞུགས་པའི་གྲྭ་ཁོངས་སུ་བཞུགས་སུ་གསོལ། སྐབས་དེའི་ལས་ཐོག་མཁན་ཆེན་ཁྲི་པ་པདྨ་ཚེ་དབང་ལས་ཆོས་སྡེ་རང་གི་ཡིག་ཆ་རྒྱ་གཞུང་ཆེན་མོ་བཅུ་གསུམ་དང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས། རིག་འཛིན་འཇིགས་མེད་གླིང་པ། འཇམ་མགོན་མི་ཕམ་བཅས་ཀྱི་མཚན་ཉིད་གཞུང་འགྲེལ་ཆེན་མོ་རྣམས་དང་། རྒྱུད་རྒྱལ་གསང་བ་སྙིང་པོའི་རྒྱ་བོད་ཀྱི་འགྲེལ་བ་ཁག་ལ་གཏིང་ཕྱིན་པའི་ཐོས་བསམ་མཛད་པ་དང་། ཟུར་དུ་མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁས་གྲུབ་ངག་དབང་ནོར་བུ་སོགས་གདན་ས་འདིའི་ལྔ་རིག་སྨྲ་བ་དག་གི་ཞལ་སྔ་ནས་སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་གཙུག་ལག་ལ་སྦྱངས་པ་མཐར་ཕྱིན་གནང་བས་ཕྱི་ནང་གི་རིག་པའི་གནས་ཀུན་ལ་ཆགས་ཐོགས་བྲལ་བའི་མཁས་པའི་དབང་ཕྱུག་ཏུ་གྱུར། བར་སྐབས་ནས་ཤྲཱི་སེང་ཆོས་གྲྭའི་སྐྱོར་དཔོན་མཛད་པ་སོགས་ཀུན་ལས་ཁྱད་དུ་འཕགས་པས་རྭ་སྐོར་ཐུབ་ནོར་ཞེས་གྲགས་པ་བྱུང་། གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། དགེ་མང་སྐུ་ཞབས་སྤྲུལ་སྐུ་རྣམ་གཉིས་ལས་བཀའ་གཏེར་གསར་རྙིང་གི་སྨིན་དབང་རྒྱ་མཚོ་ལྟ་བུ་བཞེས་པ་དང་། སྐུ་ཞབས་སྤྲུལ་སྐུས་སྨན་གྱི་ཕྱག་ལེན་དམར་ཁྲིད་མཛད་དེ་ཕྱིས་སུ་མཁོ་བའི་དུས་ཤིག་ཡོང་སྲིད་གསུངས་པ་དོན་ཐོག་ཏུ་ཁེལ་བ་བྱུང་གསུངས། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་དང་བྱ་བྲལ་ཀུན་དགའ་དཔལ་ལྡན་རྣམ་གཉིས་ལས་ཚིག་གསུམ་གནད་བརྡེག་སོགས་སྙིང་ཐིག་གི་ཆོས་སྐོར་འགའ་ཆོས་འབྲེལ་གྱིས་ཚུལ་དུ་གསན། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་བསླབ་སྡོམ་བཞེས་པ་དང་། ཁྱད་པར་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཡེ་ཤེས་བླ་མ་དང་། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ། ངལ་གསོ་སྐོར་གསུམ། མཛོད་ཆེན་བདུན་ལས་ཕལ་མོ་ཆེའི་བཤད་ཁྲིད་གསན་ཞིང་རིག་སྟོང་ཀ་དག་གི་ལྟ་བའི་རང་ངོ་སྤྲད་པས་ཐུན་མིན་གཙུག་གི་རྒྱན་གཅིག་ཏུ་འཛིན། དེ་ནས་རང་ཡུལ་དུ་ཕེབས་ནས་ལོ་འགར་མཁན་པོ་མཛད་དེ་གཞི་གསུམ་གྱི་ཕྱག་བཞེས་སྤེལ་ཞིང་སྡོམ་གསུམ་གྱི་བཤད་ཁྲིད་གནང་བ་སོགས་འཆད་ཉན་གྱི་བསྟན་པ་སྤེལ། དགུང་གྲངས་སོ་ལྔ་ཙམ་ནས་དུས་འགྱུར་གྱི་ཡོ་ལང་བདོ་བས་སྦས་པའི་ཚུལ་གྱིས་བསྙེན་སྒྲུབ་ཉམས་བཞེས་ལ་གནད་དུ་བསྣུན་པས་བསྐྱེད་རྫོགས་རྫོགས་ཆེན་གྱི་ལྟ་དགོངས་མཐོན་པོར་སོན། དུས་དེར་སྐལ་བ་དང་ལྡན་པའི་ཞལ་སློབ་ནང་མ་འགའ་ལ་མདོ་སྔགས་ཀྱི་གཞུང་ཁྲིད་དང་། རྫོགས་པ་ཆེན་པོ་ཕྱི་ནང་གི་སྔོན་འགྲོ་ནས་དངོས་གཞིའི་ཟབ་ཁྲིད་བར་མོས་ཁམས་དང་མཐུན་པའི་མན་ངག་ཉུང་ངུ་ལྐོག་ཆོས་སུ་བསྩལ། རྒྱལ་བསྟན་ཡང་དར་གྱི་དུས་བཟང་ཐོག་མར་ཤར་སྐབས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་བཙུགས་པའི་དགེ་རྒན་དུ། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་བཀས་བསྐུལ་བ་ལྟར་གདན་ས་འདིར་ཞབས་པད་བཀོད་དེ་ཚད་མ་སོགས་ཀྱི་བཤད་ཁྲིད་གནང་ནས་བོད་རིགས་རིག་པ་སྨྲ་བའི་ན་གཞོན་དུ་མ་སྐྱེད་སྲིང་གནང་། དེ་རྗེས་རང་ཡུལ་དུ་ཕེབས་ནས་དོན་གཉེར་ཅན་གྱི་སློབ་ཚོགས་བཅུ་ཕྲག་འགའ་ལ་ནང་དོན་རིག་པ་གཙོ་བོར་གྱུར་པའི་གཞུང་ཆེན་དུ་མའི་བཤད་ཁྲིད་མཛད། དགུང་གྲངས་རེ་གསུམ་བཞེས་པ་སྤྱི་ལོ་༡༩༨༧པ་མེ་ཡོས་ལོར་སྐུ་ཅུང་ཟད་བསྙུན་པའི་ཚུལ་དང་ཡུན་རིང་མི་བཞུགས་པའི་གསུང་འཕྲོས་བསྩལ་བ་བཅས་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །

[༨༣] མཁན་ཆེན་བླ་མ་ཟླ་བའི་འོད་ཟེར།

མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཐུགས་སྲས་མཁན་ཆེན་བླ་མ་ཟླ་བའི་འོད་ཟེར་ནི། སྤྱི་ལོ་༡༩༢༢པ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལོར་མདོ་ཁམས་གཙང་ཐང་དུ་ཡབ་ཞིས་ཕྲུག་དང་སྐྱེད་ཡུམ་གནམ་ལོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རིམ་གྱིས་སྐུ་ནར་སོན་ཏེ་དགུང་གྲངས་བརྒྱད་ཙམ་གྱི་སྟེང་གཙང་ཐང་ར་ཧོར་དགོན་བཀྲ་ཤིས་ལུང་རིགས་འཆི་མེད་དགའ་ཚལ་གླིང་དུ་ཆོས་ཞུགས་ཀྱིས་འདོན་ཆ་དང་ཆོ་གའི་ཕྱག་ལེན་སོགས་ལ་སྦྱངས། འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བས་སོ་སོར་ཐར་བ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་བསླབ་པ་རིན་པོ་ཆེས་ཐུགས་རྒྱུད་བརྟན་པར་མཛད། དེ་ནས་རྫ་མུ་ར་སྤྲུལ་སྐུ་དང་མཁན་ཆེན་ཡོན་དགའ་ཟུང་གི་དངོས་སློབ་ར་ཧོར་མཁན་པོ་དགེ་མཆོག་དང་། མཁན་པོ་པདྨ་འགྱུར་མེད། གནམ་མཚོ་མཁན་པོ་བསྟན་འཛིན་སོགས་ལས་གཞུང་ཆེན་བཅུ་གསུམ་གཙོ་བོར་བྱས་པའི་སྔ་འགྱུར་ཕྱོགས་ཀྱི་ཕྱག་དཔེ་གསན་ཞིང་ར་ཧོར་བཤད་གྲྭར་བཞུགས། གཞན་ཡང་བཤེས་གཉེན་བྱམས་པ་མཆོག་གྲུབ་དང་། སྐྲ་དགེ་བཤེས་ཐུབ་བསྟན་རྣམ་གཉིས་ལས་ཐོག་གཅིག་རིང་འཇམ་བཞད་ཡིག་ཆ་གཙོ་བོར་བྱས་པའི་གསར་ཕྱོགས་ཀྱི་ཡིག་ཆ་གསན། དེ་ནས་མ་ཡུམ་དུས་ལས་ཡོལ་བའི་མཚན་བྱང་གཡུ་ཁོག་བྱ་བྲལ་གྱི་སྐུ་མདུན་དུ་ཕུལ་ནས་ར་ཧོར་དགོན་གྱི་གནས་བབ་དང་དཔེ་ཆ་དགེ་ལུགས་སུ་འགྱུར་བས་ཐུགས་ཕམ་པའི་ལོ་རྒྱུས་ཞུས་པ་ན། གཡུ་ཁོག་བྱ་བྲལ་རིན་པོ་ཆེས་རྫ་སྟོད་དུ་འཇམ་མགོན་མི་ཕམ་པའི་རང་ལུགས་འཛིན་པ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་བཞུགས་པ་དེར་ཕེབས་ན་མ་འོངས་པའི་བསྟན་འགྲོ་ལ་ཕན་པ་སོགས་ཀྱི་བཀའ་སློབ་བསྩལ། དེ་ནས་མི་རིང་བར་མཆེད་གྲོགས་ར་ཧོར་མཁན་པོ་ཐུབ་བསྟན་དང་མཉམ་དུ་སྟོད་ཕྱོགས་སུ་ཞབས་སྐྱོད་གནང་། དང་པོ་རྫོང་སར་དུ་ཕེབས་ཏེ་གནས་མཇལ་དང་ཆོས་འབྲེལ་ཅི་རིགས་ཞུས། རིམ་གྱིས་རྫོགས་ཆེན་དུ་ཕེབས་སྐབས་རྫོགས་སྤྲུལ་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ལ་མཇལ་ཁ་ཞུས་ཚེ་ཐུགས་ཤིན་ཏུ་དགྱེས་པ་ཆེན་པོས་བློ་མོས་ལྟར་ཆོས་འབྲེལ་དང་། ཤྲཱི་སེང་ཆོས་གྲྭར་ཕོགས་ཐོབ་ཅན་གྱི་གྲྭ་ཁོངས་སུ་སྐྱབས་འཇུག་གནང་ཞེས་གསུངས་ཀྱང་སྐབས་དེར་ཆོས་གྲྭའི་གྲྭ་ཚོད་ལོངས་ཚར་བས་དཔྱལ་མོའི་རི་ཁྲོད་དུ་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱིས་སྐུ་མདུན་དུ་ཕེབས་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་ཅི་རིགས་གནང་། དེ་ནས་རྫ་སྟོད་དགེ་གོང་དགོན་ལུང་རྟོགས་པད་མོ་རྒྱས་པའི་དགའ་ཚུལ་དུ་ཆོས་རྗེ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཞལ་རས་མཇལ། རྗེ་དེ་ཉིད་བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ཏེ་འཇམ་མགོན་མི་ཕམ་པའི་ཡིག་ཆ་རང་ལུགས་ཀྱི་གྲུབ་མཐའ་རྩལ་འདོན་མཛད་པའི་ཞལ་ཁྲིད་ཡུན་རིང་གསན། ལོ་གཅིག་གི་དབྱར་ཚུལ་ཆེན་མོའི་སྐབས་བོད་སྤྲུལ་རིན་པོ་ཆེའི་བཀའ་བཞིན་ལྕང་མ་རི་ཁྲོད་དུ་མཁན་ཆེན་ཐུབ་དགའི་མདུན་ཆོས་འབྲེལ་དང་དབྱར་གནས་ལ་བཞུགས་ནས་གཞི་གསུམ་གྱི་ཕྱག་ལེན་ལ་བྱང་བར་མཛད། ཕྱི་ལོའི་དཔྱིད་ཁར་ཆོས་རྗེ་འཇིགས་མེད་ཕུན་ཚོགས་སོགས་མཆེད་གྲོགས་འགའ་དང་མཉམ་དུ་མགོ་ལོག་བླ་མ་པདྨ་སིདྷི་མཇལ་དུ་ཞབས་ཐང་གིས་ཕེབས། དམ་པ་དེ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས་ཏེ་ཕྱིར་ཕེབས་པའི་ལམ་ནས་ཁ་བ་ཆེན་པོ་བབ་པས་སྐུ་སྲོག་ལ་ཉེན་པའི་སྐུ་ངལ་བྱུང་། སླར་དགེ་གོང་དུ་ལོ་ངོ་བཞི་ཙམ་ལ་བཞུགས་ཤིང་བོད་སྤྲུལ་རིན་པོ་ཆེ་དབུས་སུ་ཆིབས་བསྒྱུར་གནང་སྐབས་ཞབས་འབྲང་པའི་ཚུལ་དུ་མཆེད་གྲོགས་འགའ་དང་བཅས་སྐུ་རྗེས་སུ་འབྲང་། དབུས་ཕྱོགས་སུ་འབྱོར་ནས་གནས་ཆེན་ཆོས་སྡེ་ཁག་ལ་མཇལ་བསྐོར་དང་ཁྱད་པར་བསམ་ཡས་མཆིམས་ཕུ་དང་གངས་རི་ཐོད་དཀར་སོགས་སུ་གནས་འབྲེལ་གནང་། སྨིན་གླིང་དུ་མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུའི་མདུན་སྡོམ་གསུམ་དཔག་སྙེ་སོགས་གསན་ཅིང་མཐོང་བརྒྱུད་ཀྱི་ཕྱག་བཞེས་སོགས་ལ་གཟིགས་ནས་དགུན་ཐོག་གཅིག་རིང་བཞུགས། དེ་ནས་ང་དགུ་ལོའི་དུས་ཟིངས་ལངས་པས་བོད་སྤྲུལ་རིན་པོ་ཆེའི་བཀའ་གསུང་ལྟར་ལྷོ་བྲག་བརྒྱུད་འབྲུག་ཡུལ་དུ་ཕེབས་ནས་རིམ་པར་རྒྱ་གར་དུ་ཞབས་པད་བཀོད། ལོ་དེའི་ཕྱི་ལོར་བདུད་འཇོམས་རིན་པོ་ཆེས་ཀ་ལོན་སྦུག་ཏུ་གཏེར་མཛོད་དབང་ལུང་གནང་བ་གསན་ཏེ་རིམ་གྱིས་རྒྱ་གར་མཚོ་པདྨ་ནས་བཟུང་འཕགས་ཡུལ་ཕྱོགས་ཀྱི་གནས་ཆེ་ཕྲ་ཐམས་ཅད་ལ་གནས་གཟིགས་སུ་ཕེབས། དེ་འཕྲལ་འཛི་སྒར་ཐུགས་སྲས་ནས་གདན་ཞུས་བཞིན་རྡོ་རྗེ་གླིང་གི་ཉེ་འགྲམ་དུ་ལོ་གཅིག་རིང་མཁན་པོའི་བཀའ་དྲིན་བསྐྱངས། སླར་འབྲས་ལྗོངས་རྒྱལ་ས་སྒང་ཐོག་ཏུ་གདན་ཞུས་བཞིན་ཕེབས་ནས་ལོ་གཉིས་ལྷག་ཆོས་ཁྲིད་གནང་སྟེ་བཞུགས། དེ་ནས་འབྲུག་བུམ་ཐང་ཐར་པ་གླིང་གི་དགོན་པའི་རྒྱབ་རིའི་རྩེར་རི་ཁྲོད་ཅིག་ཕྱག་བཏབ་ནས་དེར་ལོ་ཤས་སྐུ་མཚམས་གནང་བ་མ་ཟད་ཕྱིས་སུ་ཡང་བོད་ལ་མ་ཕེབས་བར་དབྱར་ཁ་གནས་ངེས་མེད་དུ་བྱ་བཏང་གི་ཚུལ་དུ་ཕེབས་ཤིང་དགུན་ངོས་ཕལ་ཆེར་རི་ཁྲོད་དེར་བཞུགས། གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེས་གདན་ཞུས་བཞིན་དཔལ་ཡུལ་རྣམ་གྲོལ་གླིང་བཤད་གྲྭར་ཕེབས་ནས་ལོ་གཅིག་ལྷག་ཆོས་ཁྲིད་བཀའ་དྲིན་བསྐྱངས། གོང་ས་མཆོག་ནས་མཚན་ཞབས་མཁན་པོར་གདན་ཞུས་ཕུལ་ཡང་ཞལ་བཞེས་མ་གནང་། དེ་ལྟར་འཕགས་ཡུལ་དུ་བགྲང་བྱ་སུམ་ཅུ་ཉེ་བ་ཙམ་བཞུགས་རིང་བྱ་བཏང་སྤྲོས་མེད་ཀྱི་རྣམ་ཐར་འབའ་ཞིག་བསྐྱངས་ནས་བཞུགས་པ་ལས་ཆེན་པོའི་གོ་ས་དང་ཆོས་བརྒྱད་ཀྱི་རྣམ་གཡེང་ཅུང་ཟད་ཀྱང་ལྷུར་ལེན་པ་མེད་པས། གོང་ས་ཐམས་ཅད་མཁྱེན་པས་ཀྱང་རྙིང་མའི་ཕྱོགས་ནས་མཁན་པོ་ཞེས་པ་མཚན་དོན་དང་ལྡན་པ་དཔེར་ན་མཁན་རིན་པོ་ཆེ་ཟླ་ཟེར་ལྟ་བུ་ཞིག་དགོས་ཞེས་བསྔགས་བརྗོད་གནང་། དེ་རྗེས་བོད་དུ་རྒྱལ་བསྟན་ཡང་དར་གྱི་སྒོ་མོ་ཕྱེས་ནས་མི་རིང་བར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་འཕགས་ཡུལ་དུ་ཆིབས་བསྒྱུར་གནང་སྐབས་མཁན་རིན་པོ་ཆེ་དང་མཇལ་འཕྲད་བྱུང་བས་ཕྱིར་བོད་དུ་ཕེབས་ནས་ཤྲཱི་སེང་ཆོས་གྲྭའི་མཁན་པོ་མཛད་རྒྱུའི་གསུང་བསྐུལ་གནང་བས། རྗེ་ཉིད་ཀྱང་རང་ལུགས་ཀྱི་ཆོས་བརྒྱུད་ལ་ཐུགས་ཞེན་བླ་ལྷག་ཏུ་དཀར་བས་ཞལ་བཞེས་གནང་བ་ལྟར་རབ་བྱུང་བཅུ་དྲུག་བའི་ཤིང་བྱི་ལོར་འཕགས་ཡུལ་ནས་ལྷ་ལྡན་དུ་ཕེབས། བོད་སྤྲུལ་རིན་པོ་ཆེའི་ཕྱག་རྫས་སྐོར་དོ་དམ་མཇུག་སྐྱོང་དང་གངས་རིན་པོ་ཆེ་སོགས་སུ་གནས་མཇལ་དུ་ཕེབས། ཕྱི་ལོར་གདན་ས་འདིར་ཞབས་པད་བཀོད་དེ་ཟླ་འགར་བཞུགས་རྗེས་ར་ཧོར་དགོན་དུ་ཕེབས་ཏེ་དབྱར་གནས་དབུ་འཛུགས་དང་བདེ་ཆེན་ཞིང་སྒྲུབ་སོགས་གསར་འཛུགས་གནང་། དུས་དེར་གསེར་རྟ་རུ་སྔར་གྱི་མཆེད་གྲོགས་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་རྣམ་གཉིས་ཞལ་བཞུགས་པར་མཇལ་འཕྲད་དུ་ཕེབས། རབ་བྱུང་བཅུ་བདུན་པའི་ས་འབྲུག་ལོར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཐུགས་བསྐྱེད་ཀྱི་བདག་རྐྱེན་ལས་ཤྲཱི་སེང་ཆོས་གྲྭ་བསྐྱར་གསོའི་དབུ་འཛུགས་བྱུང་བ་དང་བསྟུན་རྗེ་ཉིད་ཆོས་སྡེ་འདིར་ཕེབས། འདུས་པ་སུམ་བརྒྱ་ལྷག་ལ་སུམ་རྟགས་དག་ཡིག་ནས་བཟུང་ཐུན་མོང་རིག་གནས་དང་། ལྟ་གྲུབ་ཤན་འབྱེད། ཤེར་འགྲེལ་ཀེ་ཏ་ཀ མི་ཕམ་མཁས་འཇུག སྤྱོད་འཇུག དབུ་མ་འཇུག་པ་སོགས་སློབ་མའི་རྒྱུད་ཚོད་དང་བསྟུན་པའི་ཟབ་ཆོས་མཐའ་ཡས་པ་བསྩལ་བ་ཁོ་བོ་ཅག་གི་བགོ་སྐལ་དུ་ཐོབ་པ་བྱུང་ཞིང་། སྤྱིར་རྗེ་ཉིད་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ལ་ཐུགས་ཁུར་འགྲན་ཟླ་དང་བྲལ་བ་སྟེ། ཞལ་ནས། དགོན་ཆུང་སྟོང་ཕྲག་འཐོར་ཞིག་ཏུ་སོང་ཡང་སླ་ཡི་འོན་ཀྱང་རྫོགས་ཆེན་དགོན་ཉམས་མི་རུང་ཕྲན་དང་མཁན་པོ་བརྩོན་འགྲུས་བཅས་ནས་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་དུ་གཏོགས་པ་རྒྱུ་མཚན་དུ་བྱས་ཏེ། འཕགས་ཡུལ་ནས་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ལ་རང་ནུས་གང་ཡོད་ཀྱི་ལྷག་གསུམ་དག་པས་ཞབས་ཞུ་ཞུས་པ་ཡིན་ཀྱང་བར་ཆད་ཀྱིས་མ་འགྲུབ། ད་ཕྱིན་བོད་རྫོགས་ཆེན་དགོན་འདི་ནས་རང་ལུགས་ཀྱི་བསྟན་པའི་རྩ་བ་ཞིག་མ་ཚུགས་ཕྱིན་ཉམས་ཚར་བ་ཡིན་པས་ང་རང་བོད་དུ་ཕྱིར་འོང་པའི་དགོས་པ་གཙོ་བོ་འདི་ཡིན་ཞེས་ཡང་ཡང་གསུངས། གཞན་ཡང་སྐབས་ཤིག་གསུང་ལས་ཕྲན་ཤི་ཡང་རུས་པ་རྫོགས་ཆེན་ཤྲཱི་སེང་དུ་འཐོར་ན་ཐུགས་བློ་བདེ་ཞེས་དང་། དགོངས་པ་རྫོགས་ཉེའི་སྐབས་ཀྱང་རྗེ་ཉིད་ལ་འཇམ་དབྱངས་ཀྱི་སྐུ་བརྙན་འཇམ་མགོན་མི་ཕམ་པའི་ཚེམ་ཀྱི་རིང་བསྲེལ་ནང་གཟུངས་ཅན་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ཤྲཱི་སེང་ཆོས་གྲྭར་འབུལ་དགོས་སོགས་ཕྱི་མཐའ་གཟིགས་པའི་ཞལ་ཆེམས་ཀྱང་མང་དུ་གནང་། འདི་སྐབས་དགུན་དུས་རྣམས་སུ་རྗེ་ཉིད་སྔར་རྒྱ་གར་དུ་བཞུགས་ཡུན་རིང་ཞིང་ཚ་དྲོད་ཆེ་བའི་ཡུལ་དུ་གོམས་པས་ཡིད་ལྷུང་ཚེ་འགྱུར་རི་ཁྲོད་དུ་སྒྲུབ་སྡེ་ཞིག་ཕྱག་བཏབ་ནས་བཞུགས། སྔོན་མཁན་པོ་ཚེ་འགྱུར་རིན་པོ་ཆེ་འཚོ་བཞུགས་སྐབས་མ་འོངས་པར་གཡུ་སྒྲའི་རྣམ་སྤྲུལ་ཞིག་བྱོན་ནས་རི་ཁྲོད་སྐྱོངས་པ་འོང་གསུངས་པ་དུས་སུ་བབ་པ་བྱུང་ཞེས་ཡུལ་དེའི་སེར་སྐྱ་ཡོངས་ཀྱིས་མཐུན་འགྱུར་ཞབས་ཞུ་ཚད་མེད་གནང་། དེར་འདུས་ཀྱི་སློབ་མ་རྣམས་ལ་ཉིན་ལྟར་ཆོས་ཁྲིད་ཀྱི་བཀའ་དྲིན་བསྐྱངས་ཤིང་། ཡུལ་མི་ཐམས་ཅད་ལ་བདེ་ཆེན་ཞིང་ཁྲིད་སོགས་ཟབ་ཆོས་ཀྱི་འབྲེལ་བས་རྣམ་གྲོལ་གྱི་ས་བོན་ཐེབས་པར་མཛད། དེ་ནས་དགུང་གྲངས་རེ་དགུ་བཞེས་པ་རབ་གནས་ལྕགས་རྟ་ལོར་སྙུན་གྱི་རྣམ་པས་རྒྱ་ནག་ཁྲིན་ཏུའུ་སྨན་ཁང་དུ་ཕེབས་པས་སྙུང་གཞི་ཅུང་དྭངས་ཚུལ་གནང་། ལོ་དེའི་ནག་ཟླའི་ཚེས་བཅོ་བརྒྱད་ཀྱི་དགུང་མོ་བསྐང་གསོལ་གྱི་མཇུག་ཏུ་གཤེགས་གསོལ་རྒྱས་པ་མཛད་ཅིང་བསྔོ་སྨོན་ཞལ་འདོན་ཟབ་རྒྱས་གནང་། ཚེས་བཅུ་དགུའི་ཉིན་གྱི་སྔ་དྲོར་གློ་བུར་དུ་སྐུ་ལུས་དྲངས་པོར་བསྲིང་ཏེ་ཞལ་ནས་ཕཊ་སྒྲ་དང་བཅས་རེ་ཞིག་ཞིང་འདིའི་འགྲོ་དོན་མཐའ་རུ་ཕྱིན་པའི་ཚུལ་གྱིས་ཞི་བར་གཤེགས། སྐུ་གདུང་ཡིད་ལྷུང་རི་ཁྲོད་དུ་གདན་དྲངས་ཏེ་ཞག་བདུན་བར་ཐུགས་དམ་ལ་བཞུགས་ཤིང་སླར་གདུང་ཆས་བཅས་ཚེས་ཉེར་གཅིག་བར་ཚོགས་མཆོད་ཀྱི་རྟེན་དུ་བཞག་པས་སྐུ་ལུས་མངོན་གསལ་དོད་པོས་ཇེ་ཆུང་དུ་ཕྱིན། འདི་གའི་ཆོས་སྡེ་ནས་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་སྟོན་འཁོར་དབུས་ཞལ་སློབ་ཐམས་ཅད་མཉམ་དུ་ཕེབས་ཏེ་ཉིན་གྲངས་ཉི་ཤུའི་རིང་གདུང་མཆོད་ཕུལ། སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་མཛད་ཚེ་ནམ་མཁའ་གཡའ་དག་ཅིང་རིང་བསྲེལ་གྱི་ཆར་བབ་པ་བྱུང་། ཐུགས་སྲས་གཙོ་བོ་མཆོག་སྤྲུལ་པདྨ་རིག་རྩལ་སོགས་ཀྱིས་སྔ་ཕྱིའི་དགོངས་རྫོགས་ཀྱི་ཐུགས་འགན་གཙོ་བོ་བཞེས་ནས་གདུང་རྟེན་ཚད་ལྡན་བཞེངས་པ་ར་ཧོར་དགོན་དུ་བཞུགས་སུ་གསོལ་བར་མཛད་དོ། །

[༨༤] དགེ་མང་མཁན་ཆེན་རིག་འཛིན་དབང་རྒྱལ།

བྱ་བཏང་ཀུན་དགའ་དཔལ་ལྡན་དང་མཁན་ཐུབ་དགའ་རྣམ་གཉིས་ཀྱི་ཐུགས་སྲས་དགེ་མང་མཁན་ཆེན་རིག་འཛིན་དབང་རྒྱལ་ལམ་དབང་སྡིས་རིན་པོ་ཆེ་ནི། སྤྱི་ལོ་༡༩༢༤པ་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ལོར་མདོ་ཁམས་རྫ་རྒྱུད་དགེ་མང་སྡེ་བར་ཝ་ཤུལ་ཚང་ཞེས་པའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས། ཆུང་དུས་ནས་དད་དང་ངེས་འབྱུང་སྙིང་རྗེ་སོགས་ལྷན་སྐྱེས་སུ་མངའ་ཞིང་རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་མཁས་གྲུབ་དབང་པོ་བར་མ་ཆད་པར་བྱོན་པའི་གདན་ས་དགེ་མང་དགོན་དུ་ཚོགས་ཞུགས་མཛད། མཁན་འཇམ་དབྱངས་བསྟན་འཛིན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་པདྨ་འོད་ཟེར་ཏུ་བཏགས། སྐུ་ན་ཅུང་སོན་ནས་རྫ་སྟོད་ལྕང་མ་རི་ཁྲོད་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལས་བསྙེན་པར་རྫོགས་པས་ཐུབ་པའི་རྒྱལ་ཚབ་ཆེན་པོར་གྱུར། དེ་ནས་བཟུང་ཉེས་ལྟུང་གི་ཆ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར་སྐུ་ཤིན་ཏུ་བཙུན་ཞིང་སྦྱངས་པའི་ཡོན་ཏན་བཅུ་གཉིས་བདག་གིར་མཛད་པ་གནས་བརྟན་འོད་སྲུང་ཆེན་པོའི་རྣམ་ཐར་བཟུང་། རིམ་པར་རྗེ་དེ་ཉིད་ཀྱི་ཞབས་དྲུང་ནས་མདོ་རྒྱུད་མན་ངག་དང་བཅས་པའི་ཆོས་བཀའ་རབ་འབྱམས་ལ་གསན་སྦྱང་རྒྱ་ཆེར་བྱས་པས་བླ་མའི་ཐུགས་ཟིན་གྱི་སྲས་གཅིག་པུར་གྱུར། དེ་ནས་ཐོས་བསམ་ཕྱོགས་མེད་གནང་རྒྱུའི་ཐུགས་འདུན་གྱིས་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པ་དང་དུ་བཞེས་ནས། ཀཿདཔལ་རྫོང་སར་སོགས་སུ་གནས་དང་བླ་མ་མཇལ་སྐོར་བཅས་གྲྭ་ས་གོང་མ་རུ་དམ་རྫོགས་ཆེན་དུ་ཕེབས་ཏེ་སྒ་ལེན་བླ་མ་ཀུན་དགའ་དཔལ་ལྡན། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་སོགས་ཀྱི་ཞབས་པད་ལ་བཏུད་ནས་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་སྨིན་ཁྲིད་མ་ལུས་པ་གསན་ཏེ་ཐུགས་ཉམས་སུ་བསྟར་བས་ཐེག་མཆོག་འོད་གསལ་སྙིང་པོའི་ལྟ་བའི་གདེང་ཚད་མངོན་དུ་གྱུར། བསྐྱེད་རྫོགས་རྫོགས་ཆེན་གྱི་གནད་མ་ལུས་པ་ཨ་བུ་ལྷ་སྒང་གི་མདུན་ནས་ཞུན་ཐར་ཡང་ཡང་བཅད་དེ་ཐུགས་དམ་རྟོགས་པའི་བོགས་འབྱིན་མཛད། བླ་མ་གཞན་དགའ་རིན་པོ་ཆེའི་གདན་ས་གནས་ཆེན་རྒྱ་བོ་ཕུར་ལོ་གསུམ་གྱི་བར་ཏུ་རྡོ་རྗེ་ཕུར་བའི་བསྙེན་སྒྲུབ་ལ་གཞོལ་བས་ཡུལ་གསུམ་གྱད་དུ་གྱུར་ནས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བར་འབྱམས་སུ་ཀླས། སྤྱིར་རྗེ་འདི་ཉིད་ཕྱི་ལྟར་ན་སོ་སོར་ཐར་པ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་འདུལ་ཁྲིམས་ལས་ཅུང་ཟད་ཀྱང་འདའ་བ་མེད་པ་སྡོམ་བརྩོན་གྱི་རྒྱལ་པོ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པའི་བྱ་བཏང་བ། ནང་ལྟར་ན་འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་བརྩེ་བའི་བྱང་ཆུབ་སེམས་གཉིས་ཀྱིས་ཐུགས་རྒྱུད་ཕྱུག་པ་རྒྱལ་སྲས་བྱང་སེམས་ཆེན་པོ། གསང་བ་ལྟར་ན་བསྐྱེད་རྫོགས་རྫོགས་ཆེན་གྱི་ལྟ་དགོངས་ལ་རང་དབང་འབྱོར་བའི་གྲུབ་པའི་དབང་ཕྱུག་ཞལ་མཇལ་བ་ཙམ་གྱིས་ཐ་མལ་གྱི་སྣང་ཤེས་འགགས་ནས་རིག་སྟོང་རྗེན་པའི་ཡེ་ཤེས་ངོ་འཕྲོད་པའི་བདག་ཉིད་དུ་བཞུགས་པ་སྟེ། རྒྱལ་བསྟན་ཡང་དར་གྱི་ཕྱི་མའི་དུས་འདིར་བརྟན་མཁས་ཡོན་ཏན་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་འདི་འདྲ་མདོ་ཁམས་ཀྱི་ལྗོངས་སུ་གཅིག་ཀྱང་མི་འདུག་ཅེས་དམ་པའི་སྐྱེས་བུ་མང་པོས་བསྔགས་བརྗོད་མཛད་ཅིང་། འཇམ་དཔལ་རྩ་རྒྱུད་དང་བདུད་འཇོམས་གོང་མའི་གཏེར་ལུང་ལས་སྙིགས་མའི་དུས་སུ་འདུལ་བསྟན་གཞིར་བཞེངས་སུ་སློང་བའི་སྡོམ་བརྩོན་འདུལ་འཛིན་གྱི་སྐྱེས་བུ་ཆེན་པོར་མཚན་སྒྲ་དང་བཅས་ལུང་གིས་བསྔགས་པ་ལྟར། གངས་ལྗོངས་བསྟན་པ་ཡང་དར་གྱི་དུས་སུ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་དམ་པ་ཉིད་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་གདན་དྲངས་ནས་སོ་ཐར་འདུལ་བའི་སྡོམ་རྒྱུན་སྤེལ་བར་མཛད་ཅིང་། སྐྱབས་རྗེ་ཉིད་ཀྱང་གནས་བརྟན་ཆེན་པོ་འདི་ཉིད་ཀྱི་ཞལ་སྔ་ནས་བསྙེན་པར་རྫོགས་པ་དང་ཆོས་སྡེའི་མཁན་སྤྲུལ་ཕལ་མོ་ཆེ་བསྙེན་པར་རྫོགས་པར་བསྐུལ། དུས་དེར་ཁོ་བོ་ཅག་ཆོས་གྲྭའི་སྡེ་སྣོད་འཛིན་པ་ཡོངས་ལ་ཟབ་མོ་ལྟ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་དང་། རྫོགས་པ་ཆེན་པོའི་གསང་བའི་མན་ངག་ཚིག་གསུམ་གནད་བརྡེག་གི་རྒྱས་ཁྲིད་བཀའ་དྲིན་ཆེན་པོས་ཉེ་བར་བསྩལ་བ་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་སྐལ་བ་བཟང་པོ་མངོན་དུ་གྱུར། དེ་བཞིན་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དང་། རང་དགོན་དགེ་མང་ལྷུན་གྲུབ་བདེ་ཆེན་གླིང་སོགས་ཕྱོགས་འདིའི་ཆོས་སྡེ་ཁག་ཏུ་རྗེ་འདི་ཉིད་ཀྱི་ཞལ་སྔ་ནས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་ཕྲུག་སྟོང་ཕྲག་ལྷག་བྱུང་བ་བཅས་ཕྱི་མའི་དུས་འདིར་འདུལ་བསྟན་ཉིན་མོ་བཞིན་གསལ་བར་མཛད། སྐུ་ཚེའི་སྨད་དུ་དགེ་མང་རི་ཁྲོད་དུ་རྒྱུན་བཞུགས་མཛད་དེ་སྐལ་བ་དང་ལྡན་པའི་ཞལ་སློབ་བཅུ་ཕྲག་ལྷག་ལ་སྔགས་རྫོགས་ཀྱི་ཆོས་སྐོར་གསུངས་པ་སོགས་གདུལ་བྱ་རྗེས་འཛིན་གྱི་ཕྲིན་ལས་མཐའ་རུ་ཕྱིན་ཏེ་ཞི་བར་གཤེགས་སོ། །

[༨༥] དགེ་རྒྱལ་མཁན་རིན་པོ་ཆེ་ཐུབ་བསྟན་རྣམ་རྒྱལ།

ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་དང་མཁན་ཆེན་པདྨ་ཚེ་དབང་རྣམ་གཉིས་ཀྱི་ཐུགས་སྲས། སྙིགས་མའི་དུས་འདིར་འདུལ་འཛིན་ཉེ་བར་འཁོར་གཉིས་པ་ལྟ་བུའི་སྡེ་སྣོད་འཛིན་པ་ཆེན་པོ་མཁན་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི། སྤྱི་ལོ་༡༩༢༢པ་བོད་རབ་བྱུང་བཅོ་ལྔ་པའི་རྔ་ཆེན་ཞེས་པ་ཆུ་ཁྱི་ལོར་བསིལ་ལྡན་ཆོས་ཀྱི་ཡུལ་གྲུ་ལས་མདོ་ཁམས་དགེ་རྒྱལ་གྱི་ས་ཕྱོགས། གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་ལྷ་སྡེ་དགེ་རྒྱལ་ནག་ཚང་ཤོག་ཁག་ཞེས་སུ་གྲགས་པའི་འབྲོག་མིག་སྨན་ཐིག་ལེའི་གྲོང་དུ། ཡབ་དགའ་རུང་བེ་བོ་དགུ་སྐྱབས་དང་། ཡུམ་དཀར་བཟའ་གུར་མཚོ་གཉིས་ཀྱི་སྲས་སུ་ཁྲུམས་སྟོད་ཟླ་བའི་ཚེས་བཅོ་ལྔ་སྟེ་ཆུ་ཤེལ་དབང་པོ་ཉ་གང་བའི་དུས་སུ་མཚན་དཔེའི་མེ་ཏོག་གསར་དུ་བཞད། དམ་པའི་སྐྱེས་བུ་དུ་མའི་ལུང་གིས་གཙང་ལེགས་གྲུབ་དང་། རྒྱལ་མོ་གཡུ་སྒྲ་སྙིང་པོ་སོགས་ནས་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་བར་སྐྱེ་བརྒྱུད་བར་མ་ཆད་པ་བྱོན་པའི་སྐྱེ་སྤྲུལ་དུ་ཡང་ཡང་བསྔགས། དགུང་ལོ་བརྒྱད་ལ་སོན་སྐབས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་གྱི་གདན་ས་དང་པོ་དགེ་རྒྱལ་རྫོགས་ཆེན་དགོན་ཐུབ་བསྟན་བསམ་འགྲུབ་དགའ་ཚལ་དུ་ཆོས་ཞུགས་མཛད། ལོ་དེའི་ས་ཟླའི་ཡར་ཚེས་དགའ་བ་དང་པོའི་ཉིན་སྐུ་ཞང་རྩ་དཀར་མཁན་པོ་འཇམ་དཔལ་རྒྱ་མཚོ་ལས་ཡི་གེ་འབྲི་ཀློག་ལ་བསླབས་པས་དཀའ་ཚེགས་མེད་པར་བརྡ་བསྟན་པ་ཙམ་གྱིས་མཁྱེན་ཞིང་། ལོ་དེའི་ཟླ་བ་བཅུ་པའི་ཚེས་ཉེར་དྲུག་པདྨ་རིག་འཛིན་གྱི་འདས་མཆོད་སྐབས་ཀློག་གྲྭ་མཁས་པ་རྣམས་དང་མཉམ་དུ་འཚོགས་གྲྭལ་དུ་ཞུགས་ཐུབ་པ་བྱུང་། དེ་ནས་རྒྱལ་བླ་རིན་པོ་ཆེ་ཐབས་མཁས་ཆོས་ཀྱི་ཉི་མའི་མདུན་ནས། བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། དཀོན་མཆོག་སྤྱི་འདུས། ཀར་གླིང་ཞི་ཁྲོ་སོགས་དུས་ཀྱི་མཆོད་པའི་ཆོ་ག་ཁག་གི་དབང་ལུང་གསན་བཞེས་དང་། དཀྱིལ་འཁོར་གྱི་ཐིག་རྡུལ། གར་དབྱངས་རོལ་མོ་སོགས་སྒྲུབ་འཕྲིན་གྱི་ཕྱག་བཞེས་ཀུན་བྱང་ཆུབ་པར་མཛད། བར་མཚམས་རྣམས་སུ་རཏྣ་གླིང་པའི་ཕུར་བའི་བསྙེན་ཚད་ཐེངས་གཉིས་དང་། སྨིན་གླིང་རྡོར་སེམས་ཀྱི་བསྙེན་ཚད་ལན་གསུམ་སོགས་བསྙེན་པ་ལ་བརྩོན་པར་མཛད། དགུང་གྲངས་བཅུ་གཅིག་པར་མཁན་པདྨ་བསྟན་འཛིན་ལས་ཁྲིད་ཡིག་ཀུན་བཟང་ཞལ་ལུང་གི་རྒྱས་ཁྲིད་གསན་ཏེ་འབུམ་ལྔ་བསགས་སྦྱང་གི་རིམ་པ་གནད་དུ་ཁེལ་བ་མཛད། དགུང་གྲངས་བཅུ་བདུན་པར་ཉི་སྤྲུལ་དྲུག་པ་འདམ་བླ་ཚང་ཕྱོགས་སུ་ཕེབས་པའི་ཞལ་མཇལ་ཞུས་ནས་རྡོར་སེམས་དབང་ལུང་སོགས་ཆོས་བཀའ་ཅི་རིགས་དང་། ཉི་གྲགས་མཁན་པོ་ངག་དབང་རྣམ་རྒྱལ་ལས་རྩ་གསུམ་གསང་བ་འདུས་པའི་ཁྲིད་སྦྱང་གསན། ལོ་དེར་རང་དགོན་གྱི་བཤེས་གཉེན་ཨོ་རྒྱན་བསྟན་འཛིན་ལས་སྐར་རྩིས་དང་། སྐུའི་ཞང་པོ་གཅོད་བླ་ལས་ནག་རྩིས་དང་འབྱུང་རྩིས་རྣམས་དང་། མཁན་པདྨ་བསྟན་འཛིན་ལས་སྤྱོད་འཇུག བར་དོ་དྲུག་ཁྲིད། སྙིང་ཐིག་རྩ་རླུང་རྣམས་ཞུས་ནས་དེ་དག་ལ་སྐྱར་སྦྱང་དང་ཉམས་ལེན་ཟབ་ནན་མཛད། འདི་དུས་ཙམ་ལ་སྐུ་མཚམས་བཅད་རྒྱ་མཛད་ནས་སིདྡྷི་འབུམ་ཕྲག་བརྒྱ་ལྷག་བསྙེན་པས་གྲུབ་པའི་རྟགས་མཚན་དུ་མ་བྱུང་། དགུང་གྲངས་བཅུ་དགུ་བཞེས་པ་ལྕགས་འབྲུག་ལོར་རྗེ་ཉིད་ཀྱི་སྐུ་ཞང་འཇམ་དཔལ་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བློ་གྲོས་ཞེས་མཚན་གསོལ། ཕྱི་ལོར་རྫོགས་ཆེན་མཁན་པོ་བློ་ཁོའམ་སྡོམ་བརྩོན་དཀོན་མཆོག་གྲགས་པའི་མཁན་བུ་བཙུན་པའི་རྣམ་ཐར་ཕུལ་ཕྱིན་བཤེས་གཉེན་དམ་པ་ཐུབ་བསྟན་ཕན་བདེའི་ཉི་མ་དཔལ་བཟང་པོས་མཁན་པོ་དང་། རྒྱལ་བླ་སྐུ་ཕྲེང་ལྔ་པ་མཆོག་སྤྲུལ་ཐབས་མཁས་ཆོས་ཀྱི་ཉི་མས་ལས་ཀྱི་སློབ་དཔོན། གཞན་དད་པའི་དགེ་འདུན་གྲངས་ཚང་བའི་ཞལ་སྔ་ནས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་པས་ད་རེས་སྡོམ་པ་རང་གིས་སྲུང་ནུས་ན་སྟོན་པ་སངས་རྒྱས་དངོས་ལས་ཐོབ་དང་ཁྱད་པར་མེད་སྙམ་པའི་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས། སྐབས་དེ་དག་རྣམས་སུ་རྒྱལ་བླ་རིན་པོ་ཆེ་ལས་སྙིང་ཐིག་དུམ་གཉིས། ཀུན་མཁྱེན་འཇིགས་གླིང་གི་མདོ་སྔགས་སྨོན་ལམ་གྱི་འགྲེལ་པ། བོད་མཁས་སྙན་འགྲེལ། གཞན་ཡི་དམ་དུ་མའི་སྒྲུབ་ཆོག་གི་དབང་ལུང་སོགས་མཐའ་ཡས་པ་གསན། དགེ་བའི་བཤེས་གཉེན་ཆེན་པོ་པདྨ་ཕྲིན་ལས་སྙིང་པོའམ་ཇོ་སྐྱབས་དམ་པ་སངས་རྒྱས་མཆོག་ཐོག་མར་མཇལ་བ་ལས་རྒྱ་ཆེན་སྤྱོད་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་དང་། སྡོམ་འགྲེལ་དཔག་བསམ་སྙེ་མ། མཆོག་གླིང་དང་མཁྱེན་བརྩེའི་ལམ་རིམ་ཡེ་ཤེས་སྙིང་པོ་བཅས་ཞིབ་ཁྲིད་མཛད་ནས་ཁྱེད་ནི་གཡུ་སྒྲའི་རྣམ་འཕྲུལ་དངོས་ཀྱི་འདུ་ཤེས་བྱུང་བས་འདི་ཡི་བརྒྱུད་པ་སྤེལ་དགོས་གསུངས་ནས་ཚིགས་སུ་བཅད་པ་སྙན་ཚིག་གི་ལམ་ནས་བསྔགས་བརྗོད་རྒྱ་ཆེར་མཛད། གཞན་ཡང་རོང་ཟོམ་དཀོན་མཆོག་འགྲེལ་དང་། སྣང་བ་ལྷ་སྒྲུབ། གསང་བདག་ཞལ་ལུང་དང་དགོངས་རྒྱན། ཉིད་མཛད་ལྟ་ཕྲེང་མཆན་འགྲེལ། བསྐྱེད་རིམ་ཟིན་བྲིས། སྨྲ་སྒོ་མཚོན་ཆ་སོགས་གསན་པས། རྗེ་འདི་ནི་མང་དུ་ཐོས་པ། ཚུལ་ཁྲིམས་གཙང་བ། མི་གཞི་བཟང་བ་སོགས་ཡོན་ཏན་ཀྱི་ཚོགས་ཐམས་ཅད་འཛོམས་པས་བཻ་རོ་དངོས་ཀྱི་འདུ་ཤེས་བྱུང་གསུངས་ནས་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་འཛིན། རྗེ་དེ་ཉིད་ཀྱི་གཅུང་ལས་ཡིད་བཞིན་མཛོད། གྲུབ་མཐའ་མཛོད། རྡོ་གྲུབ་གསང་སྙིང་སྤྱི་དོན། མི་ཕམ་བཀའ་བརྒྱད་རྣམ་བཤད། གླག་བླ་ཆོས་འགྲུབ་ཀྱི་བདེ་སྨོན་འགྲེལ་པ་སོགས་གསན་ཏོ། །དེ་ནས་བཤུལ་ལམ་རིང་པའི་ས་ཐག་རིམ་བགྲོད་ཀྱིས་མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་ས་ཆེན་མོ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཞབས་སོར་བཀོད། སྐྱབས་མགོན་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་ཞལ་སྔ་ནས། སྙིང་ཐིག་རྩ་གསུམ་དང་། རིག་འདུས་ལ་སྦྱར་བའི་རྗེ་འབངས་ཉེར་ལྔའི་ལྷ་དབང་། འཇའ་ཚོན་དཀོན་སྤྱིའི་ཚེ་དབང་། ཆོས་དབྱིངས་མཛོད་འགྲེལ་ལྗགས་ལུང་བཅས་དང་། རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེ་ལས། འདོད་འཇོའི་བུམ་བཟང། སྙིང་ཐིག་ཡ་བཞིའི་དབང་རྣམས་གསན། འབྲུག་པ་སྐུ་ཆེན་རིན་པོ་ཆེ་ལས། སྒྱུ་འཕྲུལ་ཞི་ཁྲོ། རྒྱུད་ལུགས་ཕུར་བ། སྲུང་མ་འགའི་སྲོག་དབང་བཅས་གསན། དེ་ནས་ཤྲཱི་སེང་ཆོས་གྲྭར་ཕོགས་ཞུགས་པ་མཛད་ནས་བཞུགས། ལས་ཐོག་མཁན་ཆེན་ཁྲི་བ་ཨ་པད་ཚེ་དབང་ལས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པའི་ཞིབ་ཁྲིད་དང་། སྡོམ་གསུམ་མཆན་འགྲེལ། གསང་བདག་ཞལ་ལུང་དང་དགོངས་རྒྱན་རྣམ་གཉིས། གཞན་དགའི་གསང་སྙིང་མཆན་འགྲེལ། མི་ཕམ་དབུ་མ་རྒྱན་འགྲེལ། རྣམ་འགྲེལ་འགྲེལ་ཆེན། གཞུང་སྤྱིའི་དཀའ་གནད། སྟོང་ཐུན་སེང་གེའི་ང་རོ། གཉུག་སེམས་སྐོར་གསུམ། གསང་སྙིང་སྤྱི་དོན། རྫོགས་སྐོར་བཅས་དང་། གཞན་ཀུན་མཁྱེན་གོ་རམས་པའི་གསུང་དབུ་མའི་སྤྱི་དོན། འཇུག་འགྲེལ་ལྟ་བ་ངན་སེལ། ཕར་ཕྱིན་སྦས་དོན་ཟབ་མོ་རྣམས་དང་། རྗེ་རིན་པོ་ཆེའི་འཇུག་འགྲེལ་དགོངས་པ་རབ་གསལ། མཁས་གྲུབ་རྗེའི་རྣམ་དཔྱད་སྙིང་རྒྱན་སོགས་གྲུབ་མཐའ་གཞན་གྱི་ཡིག་ཆའང་དུ་མ་གསན། མཁན་རིན་པོ་ཆེ་ལྷ་རྒྱལ་ལས་རང་གྲོལ་སྐོར་གསུམ་དང་། གསང་སྙིང་མུན་སེལ་སྐོར་གསུམ། ཚིག་བདུན་གསོལ་འདེབས་ཀྱི་འགྲེལ་པ། མཁན་འཇིགས་མེད་བློ་གསལ་ལས་སྤྱོད་འཇུག་དང་། སྔོན་འགྲོ་ཀུན་བཟང་ཞལ་ལུང་། མན་ངག་མཛོད། མཁན་ནོར་གཡང་ལས། གསང་འགྲེལ་སྤར་ཁབ་དང་། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ། སྡོམ་འགྲེལ་དཔག་བསམ་སྙེ་མ། ཡོན་དགའི་སྡོམ་གསུམ་མཆན་འགྲེལ། ཆོ་འཕྲུལ་ཆེན་པོའི་མདོ། ཀུན་མཁྱེན་གསུང་ཐོར་བུ་བཅས་དང་། མཁན་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ལས། རོང་ཟོམ་དཀོན་མཆོག་འགྲེལ་དང་། སྨད་གླིང་པའི་འགྲེལ་ཆེན། བཀའ་མཆིམས་ཕུ་མ། ངལ་གསོ་སྐོར་གསུམ་གྱི་འགྲེལ་པ་ཤིང་རྟ་རྣམ་གསུམ། ཡོན་དགའི་ཡོན་ཏན་མཛོད་འགྲེལ། བར་དོ་དྲུག་ཁྲིད་བཅས་དང་། ཡབ་རྗེ་ངག་དབང་ནོར་བུ་ལས། རྡོ་གྲུབ་གསང་སྙིང་སྤྱི་དོན་དང་། ཐེག་མཆོག་མཛོད། གྲུབ་མཐའ་མཛོད། ཆོས་དབྱིངས་མཛོད་སོགས་དང་། མཁན་པདྨ་ཆོས་དཔལ་མདུན་ནས་སྤྱོད་འཇུག་ཤེར་འགྲེལ་ཀེ་ཏ་ཀ རྩ་ཤེས། རྒྱུད་བླ། རྒྱུད་བཅུ་བདུན། མཁན་འཆི་མེད་ལས་གསང་སྙིང་ཕྱོགས་བཅུའི་མུན་སེལ། མུ་ར་པདྨ་ནོར་བུ་ལས་རྒྱུད་ལུགས་འཇམ་དཔལ་གྱི་བཀླག་ལུང་། ཨ་མདོའི་ཨ་ལགས་རྫོང་སྔོན་ལས་མདོ་འགྲེལ་མུན་པའི་གོ་ཆ་གསན་པ་སོགས། མདོར་ན་བཤད་སྒྲུབ་བསྟན་པའི་ཆུ་འགོ་གདན་ས་ཆེན་མོ་འདི་ཉིད་དུ་བཞུགས་པའི་མཁན་སྤྲུལ་སྐྱེས་ཆེན་རྣམས་ལས་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཚུལ་ཐམས་ཅད་རྫོགས་པར་གསན་པས་མཁས་པའི་ཡང་རྩེར་སོན་པ་དང་། ཁྱད་པར་གདོད་མའི་མགོན་པོ་མིའི་རྫུ་རུ་བྱོན་པ་འོད་གསལ་གསང་བ་སྙིང་ཐིག་གི་བསྟན་པའི་ཤིང་རྟ་ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་ལས། ཟབ་མོ་ལྟ་ལུགས་ཀྱི་བྱང་སྡོམ་དང་། བླ་མ་གཞན་དགའི་ཞལ་གདམས་ཉམས་མགུར། ཚིག་དོན་མཛོད། རང་གྲོལ་སྐོར་གསུམ། སྒོམ་ཕྱོགས་དྲིས་ལན། ཡེ་ཤེས་བླ་མའི་ཁྲིད་སྦྱང་། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་ཚན་ཐམས་ཅད་བཅས་ཐུགས་རྒྱུད་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་ཉམས་བཞེས་མཛད་པས་རྟོགས་པའི་དབང་ཕྱུག་ཆེན་པོར་གྱུར། དེ་ནས་དགུང་གྲངས་ཉི་ཤུ་རྩ་བརྒྱད་པ་ས་གླང་ལོར་རང་ཡུལ་དུ་ཕེབས་པར་བཞེད་ཚེ་རྫོགས་ཆེན་ཡིད་བཞིན་ནོར་བུ་དང་། ཡོངས་འཛིན་མཁན་ཆེན་ཡོན་ཏན་མགོན་པོ་རྣམ་གཉིས་ཀྱིས་སྐུ་གསུང་ཐུགས་རྟེན་དང་སྡེ་སྣོད་གསུམ་ཞྭ་བཅས་གནང་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་དགོས་པའི་བཀའ་སློབ་དང་བཅས་མཁན་པོར་མངའ་གསོལ། སྐུ་ཡུལ་དུ་ཕེབས་ནས་དམ་པ་གོང་མའི་རྣམ་ཐར་ལྟར་བྱ་བྲལ་གྱི་སྤྱོད་པ་མཛད་དེ་དགོན་གྱི་རྒྱབ་རིའི་དབེན་གནས་སུ་སྦྲ་ཆུང་ཞིག་ཕུབ་ནས་ལོ་འཁོར་ཕྱེད་བཞི་ལ་འོད་གསལ་གསང་བ་སྙིང་ཐིག་གི་ཉམས་ལེན་ལ་རྩེ་གཅིག་ཏུ་སྦྱོར་བ་མཛད། སྐབས་དེ་དག་ཏུ་འཁྲུལ་སྣང་གཉིས་འཛིན་གྱི་རྟོག་ཚོགས་ཞིག་པས་དྲེགས་པ་ལྷ་སྲིན་གྱིས་ཞབས་ལ་བཏུད་ཅིང་ཕྲིན་ལས་སྒྲུབ་པ་དང་། ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བའི་བྱིན་རླབས་ཀྱིས་གཅན་གཟན་གཏུམ་པོས་ཀྱང་འཚེ་བ་མི་བྱེད་པ་སོགས་གྲུབ་པའི་རྣམ་ཐར་ལ་མངའ་དབང་འབྱོར། དེ་ནས་རྒྱལ་བླ་སྐུ་ཕྲེང་ལྔ་པས་ནན་པོའི་བཀའ་མཆིད་ཡང་ཡང་བསྩལ་པས་དགོན་དུ་ཕེབས་ནས་བསྟན་སྲིད་ཀྱི་ཐུགས་འགན་བཞེས། དགོན་པའི་གཡས་ངོགས་སུ་བཤད་གྲྭ་གསར་དུ་བཙུགས་ནས་རྟེན་དང་བརྟེན་པའི་བཞེངས་བསྐྲུན་རྒྱ་ཆེར་མཛད་པ་དང་འཆད་ཁྲིད་ཀྱི་སྒོ་གསར་དུ་ཕྱེས། དེ་མཚུངས་སེར་རྩ་དགོན་སོགས་ཉེ་འཁོར་གྱི་ཆོས་བརྒྱུད་གཅིག་པའི་དགོན་ཁག་འགའ་ལ་གཞི་གསུམ་གྱི་ཕྱག་བཞེས་དང་འཆད་ཁྲིད་ཀྱི་བཀའ་དྲིན་སྩལ། དེ་ནས་དུས་ངན་གྱི་འཚུབ་ཆ་སྟོབས་སུ་བདོ་བའི་བགྲང་བྱ་བཅུ་ཕྲག་གཉིས་ལྷག་རིང་ངེས་མེད་ཀྱི་རྒྱལ་ཁམས་དང་དབེན་རི་འགྲིམས་ནས་བསྙེན་སྒྲུབ་ཀྱི་རྣལ་འབྱོར་ཆད་མེད་མཛད་པས་འགལ་རྐྱེན་གྱིས་འཚེ་བ་མ་ནུས། སླར་ཡང་ཡང་དར་བསྟན་པའི་ཉིན་བྱེད་གསར་དུ་ཤར་བའི་དུས་སུ་རང་ཡུལ་གྱི་སྐྱ་སེར་ཀུན་ཀྱིས་ནན་ཆེར་ཞུས་པ་ཐུགས་བརྩེས་མ་དོར་བ་དང་། ཁྱད་པར་སྔར་རྫོགས་ཆེན་མཁན་ཆེན་པདྨ་ཚེ་དབང་རྒྱ་གར་ནས་ཕྱིར་ཕེབས་པའི་ལམ་བར་ནས་དགེ་རྒྱལ་དགོན་དུ་ཕེབས་སྐབས་རྗེ་ཉིད་ལ་མཁན་ཆེན་གཞན་དགའི་སྐུ་པར་ཞིག་གནང་ནས། རྗེས་སོར་དགོན་འདིར་ཁྱེད་རང་མ་གཏོགས་མེད་པའི་དུས་ཤིག་ཤར་ཡོང་བས་དེ་དུས་གང་ཐད་ནས་རེམ་དགོས་ཞེས་གསུངས་པའི་བཀའ་ལུང་དུས་སུ་བབ་པར་དགོངས་ནས་ཕྱིར་རང་ཡུལ་དུ་ཕེབས། བཤད་སྒྲུབ་ལས་གསུམ་གྱི་ཕྱག་བཞེས་སྔར་སྲོལ་ལྟར་སོར་ཆུད་པའི་བཀའ་དྲིན་ཟླ་མེད་པ་བསྐྱངས། དེ་བཞིན་སྐྱབས་རྗེ་རིན་པོ་ཆེ་པདྨ་སྐལ་བཟང་མཆོག་གིས་རུ་དམ་གདན་སའི་བཤད་སྒྲུབ་ཀྱི་བསྟན་པ་སླར་གསོའི་སྐབས་གདན་ཞུས་ཀྱི་གསུང་མཆིད་ཕུལ་བ་ལྟར། དཔལ་སེང་གེ་རིའི་ཆོས་གྲྭར་ཞབས་སོར་བཀོད་ནས་བཀའ་སྲོལ་གཉིས་ལས་བརྒྱུད་པའི་བྱང་ཆུབ་སེམས་སྡོམ་དང་། སྡོམ་གསུམ་དཔག་སྙེ། ཕར་ཕྱིན་སོགས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ཚེ་ཁོ་བོ་ཅག་གིས་ཀྱང་ཞལ་གྱི་བདུད་རྩི་ལ་སྤྱོད་པའི་སྐལ་བ་དང་ལྡན་པ་བྱུང་ངོ་། །དེ་ལྟར་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པས་སྤེལ་བའི་ཕྲིན་ལས་ནམ་ཡང་ནུབ་པར་མེད་པ་བསྐྱངས་ནས་མཐར་དགུང་གྲངས་དོན་བཞིར་ཕེབས་པ་ཕག་གི་ལོར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །

[༨༦] དགེ་མང་མཁན་ཆེན་འཕྲིན་ལས་དབང་རྒྱལ།

མཁན་ཆེན་ཐུབ་བསྟན་ཆོས་འཕེལ་དང་ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་རྣམ་གཉིས་ཀྱི་ཐུགས་སྲས་དགེ་མང་མཁན་པོ་འཕྲིན་ལས་དབང་རྒྱལ་ལམ་དབང་ལོ་རིན་པོ་ཆེ་ནི། སྤྱི་ལོ་༡༩༢༧པ་རབ་བྱུང་བཅུ་དྲུག་པའི་ཐོག་མའི་མེ་ཡོས་ལོར་དགེ་མང་ཨ་དོན་ཚང་དུ་སྐུ་འཁྲུངས། ཆུང་ངུ་ནས་རང་དགོན་དུ་བསྟན་པའི་སྒོར་ཞུགས་ཏེ་མཁན་འཇམ་དབྱངས་བསྟན་འཛིན་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས། སྐུ་ན་ཅུང་སྨིན་སྐབས་རྫ་སྟོད་ལྕང་མ་རི་ཁྲོད་དུ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལམ་ཐུབ་དགའ་ཡིད་བཞིན་ནོར་བུའི་ཞབས་པད་མཉེས་པ་གསུམ་གྱིས་ལེགས་པར་བཏུད་དེ། འདུལ་བ་ཀཱ་རི་ཀ་ནས་རྒྱུད་རྒྱལ་གསང་བ་སྙིང་པོའི་བར་གྱི་མདོ་སྔགས་གཞུང་འགྲེལ་མཐའ་དག་གི་བཤད་ཁྲིད་རྒྱས་པར་གསན་པ་དང་། ཁྱད་པར་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་དང་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་ཡབ་རྗེ་གོང་མ་དག་གི་བཀའ་སྲོལ་ལྟར་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་བཤད་རྒྱུན་ལོ་རེ་བཞིན་བསྩལ་བ་གསན་ཞིང་ཚིག་དོན་བསྟར་ཆགས་སུ་ཐུགས་འཛིན་མཛད་དེ་ཚོགས་རྒྱུགས་ཕུལ། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་སྐུ་ཚེ་གང་བོར་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་གོས་པ་མེད་པ་འདུལ་འཛིན་བསྟན་པའི་རྒྱན་གཅིག་ཏུ་བཞུགས། གཞན་ཡང་བུ་རྒྱུད་ལྷ་བ་སྤྲུལ་སྐུ་དང་། རྫ་རྒྱལ་ཐུ་བེ། མགོ་ཚ་ཉི་མ་རྒྱ་ལོ་སོགས་ཆོས་སྒར་དེར་བཞུགས་པའི་མཁས་པའི་དབང་པོ་དག་ལས་ཐུན་མོང་རིག་གནས་དང་བཅས་པའི་གཞུང་འགྲེལ་མཐའ་ཡས་གསན། རེ་ཞིག་ན་མཁན་ཡིད་བཞིན་ནོར་བུའི་ཞལ་བཀོད་ལྟར་རྫོགས་ཆེན་མཁན་པོ་འཇིགས་མེད་ཡོན་ཏན་མགོན་པོའི་སྐུ་དྲུང་དུ་བཅར་ཏེ་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ཡོངས་སུ་རྫོགས་པ་དང་། ཁྱད་པར་གྲུབ་དབང་རྫོགས་ཆེན་པའི་ཕ་ཆོས་ཟབ་མོ་མཁའ་འགྲོ་སྙིང་ཐིག་དང་། ཀུན་མཁྱེན་ཀློང་ཆེན་པས་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཉེ་བརྒྱུད་དུ་བསྩལ་བའི་ཡང་ཏིག་ཡིད་བཞིན་ནོར་བུའི་ཟབ་ཁྲིད་མན་ངག་གི་གནད་མ་ལུས་པ་མནོག་ཆོས་སུ་བསྩལ་བས་ཀ་དག་རིག་པ་ཅེར་མཐོང་དུ་ངོ་འཕྲོད་ཅིང་། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་ཀློང་དུ་གྱུར་ཏེ་བྱར་མེད་རྫོགས་ཆེན་གྱི་ལྟ་བའི་གདེངས་དང་ལྡན་པ་ན། བླ་མ་རིན་པོ་ཆེའི་ཞལ་ནས་ད་ནི་ཀོང་སྤྲུལ་རིན་པོ་ཆེ་ལ་རྟོགས་འབུལ་ཞིག་གྱིས་ཤོག་གསུངས་པ་ལྟར། རྫོགས་ཆེན་ཀོང་སྤྲུལ་དཀོན་མཆོག་འཇིགས་མེད་དབང་པོའི་མདུན་ནས་རྟོགས་འབུལ་ཞུས་ཚེ། འོ་ཁྱོད་རང་རྟོགས་པ་ཅིག་ཆར་བ་ཡིན་པས་སྒོམ་མི་དགོས་གསུངས་ནས་གཟེངས་བསྟོད་གནང་། གཞན་ཡང་གྲུབ་དབང་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། མུ་ར་པདྨ་ནོར་བུ་དང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་སྐྱེས་ཆེན་རྣམས་ལས་བཀའ་གཏེར་གསར་རྙིང་གི་དབང་ལུང་སྨིན་ཁྲིད་མཐའ་ཡས་པ་གསན་བཞེས་གནང་། ཕྱིས་སུ་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་གདན་ཞུས་ལྟར་བལ་ཡུལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་བྱོན་ཏེ། མཁྱེན་བརྩེ་རིན་པོ་ཆེ་དང་། འཁྲུལ་ཞིག་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་སྤྲུལ་སྐུ། དཔལ་ཡུལ་མཆོག་སྤྲུལ་སོགས་བླ་སྤྲུལ་བཞི་བཅུ་ལྷག་གིས་དབུས་འདུས་པ་ཡོངས་ལ་གསང་སྙིང་ཕྱོགས་བཅུ་མུན་སེལ་དང་། ཡོན་ཏན་རིན་པོ་ཆེའི་མཛོད། གསང་བདག་དགོངས་རྒྱན་བཅས་ཐུབ་དགའ་ཡིད་བཞིན་ནོར་བུའི་ཞལ་རྒྱུན་བཞིན་བཀའ་ཁྲིད་གནང་། དེ་ནས་འཕགས་ཡུལ། འབྲུག་པ། འབྲས་ལྗོངས་བཅས་ཀྱི་གནས་ཆེན་རྣམས་ལ་མཇལ་བསྐོར་ཕྱག་མཆོད་རྒྱས་འབུལ་མཛད་དེ་ཕྱིར་བོད་ཡུལ་གྱི་གདན་སར་ཕེབས། ལྕང་མ་རི་ཁྲོད་དང་དགེ་མང་རི་ཁྲོད་གཉིས་སུ་རེས་མོས་ཀྱིས་ཕེབས་ཏེ་གཞུང་ཆེན་བཅུ་གསུམ་དང་། ཀུན་མཁྱེན་ཡབ་སྲས་ཀྱི་གསུང་། དཔལ་སྤྲུལ་བཀའ་འབུམ། འཇམ་མགོན་མི་ཕམ་པའི་གསུང་སྐོར་སོགས་ཀྱི་བཤད་ཁྲིད་དང་ལུང་རྒྱུན་བསྩལ་བ་དང་། ཁྱད་པར་གསང་བ་སྙིང་པོའི་བཤད་ཁྲིད་ཀྱི་རྒྱུན་སྔར་སྲོལ་གྱི་ཕྱག་བཞེས་འཁྲུལ་མེད་བསྐྱར་གསོ་མཛད་ཅིང་ཞལ་སློབ་སྡེ་སྣོད་འཛིན་པ་བློ་གསལ་འགའ་ལ་ཕྱོགས་བཅུ་མུན་སེལ་ཐུགས་འཛིན་མཛད་པར་བསྐུལ་བ་སོགས་བསྟན་སྲོག་མཐུད། དེ་བཞིན་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་བཀས་ཤྲཱི་སེང་ཆོས་གྲྭར་གདན་ཞུས་གནང་བ་ལྟར་ཞབས་པད་བཀོད་དེ་ཟླ་ངོ་གསུམ་ཙམ་རིང་གསང་འགྲེལ་ཕྱོགས་བཅུ་མུན་སེལ་གྱི་བཤད་ཁྲིད་རྒྱས་པ་བསྩལ་གནང་བ་ཁོ་བོ་ཅག་གི་བགོ་སྐལ་དུ་ཐོབ་ཅིང་། རྗེས་འབྲེལ་ཚོགས་འཁོར་གྱི་ཉིན་གསུང་གསང་མཐོན་པོས་ད་རེས་གདན་ས་ཁྱད་པར་བ་འདིར་རང་རེ་དཔོན་སློབ་ལྷན་འཛོམས་བྱུང་ནས་ཟབ་མོའི་ཆོས་ཀྱི་འབྲེལ་བ་བྱུང་བ་སྐལ་བ་བཟང་ཞིང་། ཁྱེད་སློབ་བུ་སྡེ་སྣོད་འཛིན་པ་རྣམས་ཀྱིས་སྤྱིར་སྔ་འགྱུར་པའི་བསྟན་པ་དང་ཁྱད་པར་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུའི་ཞུ་བསྐུལ་དང་། ངོས་རྒན་བུ་ཕྱི་ནང་གི་རྟགས་དང་རྟེན་འབྲེལ་གང་ལ་གཞིགས་ཀྱང་ཡུན་རིང་མི་སྡོད་པ་འདྲ་བས་ཟངས་མདོག་དཔལ་རིའི་སྨོན་ལམ་ཞིག་ལྷན་དུ་གསུངས་དགོས་ཞེས་སོགས་ཀྱི་གསུང་འཕྲོས་བསྩལ། ལོ་དེའི་ཕྱི་ལོ་རང་དགོན་རི་ཁྲོད་དུ་ཕེབས་ནས་ཐུགས་སྲས་ཐུ་བོ་འགའ་ལ་གསང་བ་སྙིང་པོའི་རྒྱུད་འགྲེལ་གསུང་བ་ལེགས་པར་གྲུབ་རྗེས་ཞིང་འདིའི་འགྲོ་དོན་མཐའ་རུ་ཕྱིན་པའི་ཚུལ་གྱིས་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན། སྐུ་གདུང་ཞུགས་འབུལ་ཆེད་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་ཕེབས་པའི་འཁོར་དུ་ཁོ་བོ་ཅག་ལའང་གདུང་མཇལ་དང་སྨོན་ལམ་ཟབ་མོའི་མཚམས་སྦྱར་བའི་སྐལ་བ་བྱུང་བ་ལགས་སོ།།

[༨༧] བྱ་བྲལ་བླ་མ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ།

བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཐུགས་སྲས། བདག་གི་སྐྱབས་རྗེ་བླ་མ་མཁན་ཆེན་བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ་རིན་པོ་ཆེ་ནི། ཇི་སྐད་དུ། བློན་པོ་བཀའ་ཡི་ཐང་ཡིག་ལས། ལོ་ཙཱ་རྒྱལ་བ་མཆོག་དབྱངས་འདི༔ རྒྱ་གར་ཤར་ཕྱོགས་མུ་སྟེགས་ཡུལ༔ དེ་བ་ཙནྟྲར་སྐྱེ་བ་ལེན༔ བསྟན་བབ་ལྔ་བཅུ་ཁ་རལ་དུས༔ ཆོས་དབྱིངས་མཚན་ཅན་ཞེས་བྱ་འབྱུང༔ ཞེས་དང་། རྡོ་གྲུབ་ལུང་བྱང་ལས། གཡུ་སྒྲའི་རྣམ་སྤྲུལ་མདོ་ཁམས་སྨད་ནས་འབྱུང༔ ཆོས་ཀྱི་མཚན་ཅན་རྫོགས་ཆེན་རྣལ་འབྱོར་བ༔ ཞེས་སོགས་ཚད་མའི་ལུང་གིས་ཡང་ཡང་ཟིན་པ་ལྟར་སྤྱི་ལོ་༡༩༢༠པ་སྟེ་བོད་རབ་བྱུང་བཅོ་ལྔ་པའི་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར། བོད་མདོ་སྨད་ཀྱི་སའི་ཆར་གཏོགས་གསེར་ཆབ་དལ་གྱིས་འབབ་པའི་གཡས་ཟུར་ལྗགས་ཀླག་རྡོ་ཀླས་ཞེས་པའི་ནོར་འཛིན་གྱི་ཐིག་ལེར། ཡབ་མལ་སྟོབས་བློ་དང་ཡུམ་ཐོང་བཟའ་ནོར་བུ་སྐྱིད་གཉིས་ཀྱི་སྲས་སུ་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པ་དང་། དགུན་དུས་སུ་མེ་ཏོག་སྐྱེས་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་བལྟམས། བྱིས་པའི་དུས་ནས་ལྐོག་གྱུར་མཁྱེན་པའི་མངོན་ཤེས་དང་། བྱམས་པ་དང་སྙིང་རྗེ་ཚད་མེད་པ་ལྡན་པ་སོགས་ཐེག་ཆེན་འཕགས་པའི་རིགས་ཀྱི་མངོན་རྟོགས་ལྷན་སྐྱེས་སུ་མངའ། ཁུ་བོ་བསོད་ནམས་དཔལ་ལྡན་ལས་ཡི་གེ་འབྲི་ཀློག་དང་། གར་ཐིག་དབྱངས་རོལ་སོགས་སྒྲུབ་ཕྲིན་གྱི་ཕྱག་བཞེས་སྣ་ཚོགས་པ་སྦྱངས་པས་བྱང་ཆུབ་པ་བྱུང་། ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་ལས་བྱང་གཏེར་རྫོགས་ཆེན་སྔོན་འགྲོ་གསན་ཞིང་འབུམ་ལྔའི་བསགས་སྦྱང་ཁ་སྐོང་དང་བཅས་པ་གྲུབ་པར་མཛད་དེ། སེམས་ཉིད་ཀྱི་ངོ་བོ་སྐྱེ་འགགས་གནས་བྲལ་སྟོང་གསལ་བརྗོད་མེད་ཀྱི་རང་ཞལ་མཇལ་ཚུལ་རྟོགས་འབུལ་ཞུས་ཚེ་དགྱེས་བརྩེའི་གསུང་གིས་དབུགས་དབྱུང་གཟེངས་བསྟོད་བཅས་པདྨ་ཆོས་དབྱིངས་ཁྱབ་བརྡལ་ཞེས་མཚན་གསོལ། གཞན་ཡང་འཁོར་གདོང་གཏེར་སྟོན་འཆི་མེད་རིག་འཛིན་དང་། གཡུ་ཁོག་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན་སོགས་ལས་བྱང་གཏེར་སོགས་དབང་ཆོས་ཅི་རིགས་གསན། དུས་དེ་ཙམ་ན་ཨོ་རྒྱན་ཆེན་པོ་ལ་མི་འཕྲོག་པའི་དད་པ་བརྟན་པོ་ཐོབ་ནས་པདྨ་བཀའ་ཐང་བརྒྱ་འདོན་དང་བསམ་ལྷུན་ཆེ་ཆུང་གྲངས་མང་བསགས་པར་མཛད། ཕྱིས་སུ་རྗེ་ཉིད་ཀྱི་ཞལ་ནས་ཀྱང་། ངས་དེང་སྐབས་སྔ་འགྱུར་པའི་བསྟན་པ་ལ་བྱ་བ་ཅུང་ཟད་བྱེད་རྒྱུ་འོང་བ་འདི་ཨོ་རྒྱན་ཆེན་པོའི་བྱིན་རླབས་ཀྱི་ཟེགས་མ་རེ་ཐོབ་པའི་མཐུས་ཡིན་ཞེས་ཡང་ཡང་ཞལ་བཞེས་མཛད། དུས་མཚུངས་བརྟན་མཁས་ཡོན་ཏན་གཉིས་ལྡན་རྡོ་བ་མཁན་པོ་རིག་རྡོར་ལས་རབ་ཏུ་བྱུང་སྟེ་མཚན་ཐུབ་བསྟན་བློ་བཟང་བརྩོན་འགྲུས་སུ་གསོལ། དེ་ནས་འཁོར་གདོང་བཤད་གྲྭར་ལོ་ངོ་གཉིས་ལྷག་བཞུགས་ཏེ་མཁན་རིག་རྡོར་དང་། གཡུ་སྟག མཁྱེན་རབ་སོགས་ལས་སྔོན་འགྲོ་ཀུན་བཟང་ཞལ་ལུང་དང་། དབུ་མ་རྒྱན། སྤྱོད་འཇུག འདུལ་བ་མདོ་རྩ་སོགས་གསན་བཞེས་མཛད། དགུང་གྲངས་ཉེར་གསུམ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོར་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཆེན་པོ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་དྲུང་དུ་ཕེབས། རྗེ་དེ་ཉིད་ལས་ཐུན་མོང་གི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་ནས། རྒྱལ་སྲས་ལག་ལེན། ངེས་ཤེས་སྒྲོན་མེ་སོགས་ཀྱི་བཤད་ཁྲིད་དང་། ཁྱད་པར་ཡང་གསང་རྫོགས་པ་ཆེན་པོའི་མན་ངག་ཞལ་ཤེས་ཐམས་ཅད་ཆིག་བརྒྱུད་ཀྱི་ཚུལ་དུ་བསྩལ་ནས་རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། དེ་ནས་རེ་ཞིག་གི་ཚེ་ན་རྗེ་བླ་མས་ད་ཁྱེད་རང་རྫ་སྟོད་དགེ་གོང་དུ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་བཞུགས་པའི་དྲུང་དུ་སོང་དང་སྔ་འགྱུར་རང་ལུགས་ཟིན་པ་ཞིག་འོང་ཞེས་ལུང་བསྟན། བྱོན་ཁར་ཇ་བག་གཅིག་དང་དངུལ་སྒོར་འགའ་གནང་ནས་ཁྱོད་ཀྱིས་སྦྱང་བ་མཐར་ཕྱིན་པའི་ཆེད་འཇམ་དཔལ་དབྱངས་ལ་གསོལ་བ་ཐོབ། ལམ་གྱི་འཇིགས་པ་ལས་སྐྱོབ་ཕྱིར་རྗེ་བཙུན་སྒྲོལ་མ་བསྙེན་དགོས། དུས་ནམ་དུ་ཡང་ཨོ་རྒྱན་ཆེན་པོ་ཡིད་ནས་མ་བརྗེད་པར་གྱིས་གསུངས་ནས་བྱོན་སྐྱེལ་དུ་ཞོ་ཁག་གང་དྲངས་པ་བཞེས་ཕོར་གྱི་ཕྱི་རུ་ཐོན་པ་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས་གསུངས། དེ་ནས་རྣལ་འབྱོར་བྱ་བཏང་གི་བརྟུལ་ཞུགས་དང་དུ་བླངས་ཏེ་རྫ་སྟོད་ཕྱོགས་སུ་ཞབས་ཐང་གི་ཕེབས། ལམ་བར་ནས་རྨི་ལམ་སྣང་ཆར་བོད་སྤྲུལ་རིན་པོ་ཆེས་ཞལ་གཟིགས་ལུང་བསྟན་ཐོབ། རིམ་པར་དགེ་གོང་དགོན་དུ་འབྱོར་ནས་རིགས་བདག་བླ་མ་ཀུན་གཟིགས་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཞལ་རས་མཇལ་བས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཤིང་རོང་པ་ཆོས་བཟང་གི་རྣམ་རོལ་དུ་བསྔགས། བགྲང་བྱ་བཅུ་ཕྲག་དུ་མར་མཉེས་པ་གསུམ་གྱིས་ཞབས་པད་བསྟེན་ཏེ་མདོ་སྔགས་ཆོས་ཚུལ་སྤྱི་དང་། ཀུན་མཁྱེན་རོང་ཀློང་གི་གསུང་རབ་དུ་མ། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་གཞུང་འགྲེལ་ཡོངས་རྫོགས། མཁན་ཆེན་ཀུན་དཔལ་གྱི་གསུང་ཆོས་ཐམས་ཅད། ཉིད་མཛད་དབུ་ཕར་གྱི་བསྟན་བཅོས་ཡོངས་སུ་ཚང་བ་བཅས་ཀྱི་བཤད་ཁྲིད་མན་ངག་གི་ཞལ་རྒྱུན་མ་ཉམས་པ་བསྩལ་བས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། བར་སྐབས་ཞེ་ཆེན་བཤད་གྲྭ་གསར་ཚུགས་ཀྱི་ཐོག་མར་ཀོང་སྤྲུལ་རིན་པོ་ཆེས་ཀུན་གཟིགས་བོད་སྤྲུལ་གདན་ཞུས་ལྟར་དེར་ཕེབས་པའི་སྐུ་འཁོར་དུ་བྱོན། གདན་ས་དེའི་དམ་པའི་སྐྱེས་བུ་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་དང་། མཁན་པོ་གང་ཤར་སོགས་ཀྱི་མདུན་ནས་ཟབ་ཆོས་མཐའ་ཡས་པ་བཞེས། དེ་ནས་དུས་ཀྱི་འཚུབ་མ་དྲག་པོའི་སྤྲིན་ནག་གིས་རྒྱལ་བསྟན་ཉིན་བྱེད་ཀྱི་རང་མདངས་སྒྲིབ་ལ་ཕྱོགས་པའི་བཀྲ་མི་ཤིས་པའི་རྟགས་མཚན་སྣ་ཚོགས་མངོན་དུ་གྱུར་པ་དང་། ཁྱད་པར་རྗེ་ཉིད་ཀྱི་རྨི་ལམ་གྱི་སྣང་ངོར་ཆུ་བོ་ཆེན་པོ་བལྟར་མི་བཟོད་པ་དྲག་ཏུ་འབབ་པ་སོགས་ལྟས་མཚན་དུ་མ་བྱུང་བ་བཅས་ཀྱིས་ཕྱིར་རང་ཡུལ་གསེར་ཁོག་ཏུ་ཞལ་ཕྱོགས། ཡུལ་མི་ཀུན་ལ་འདུས་པ་འབྲལ་བའི་ཆོས་ཅན་དང་བསགས་པ་འཛད་པའི་རང་བཞིན་ལས་མ་འདས་པས་མཆོད་སྦྱིན་ཚོགས་བསགས་རྒྱ་ཆེན་པོས་ནོར་ལས་སྙིང་པོ་ལེན་དགོས་པའི་བསྐུལ་མ་དང་། འཇིག་རྟེན་འདི་སྣང་གི་བྱ་བ་མི་སྒྲུབ་པར་མྱུར་དུ་དམ་པའི་ཆོས་ལ་འབད་དགོས་པའི་བསླབ་བྱ་ལུང་བསྟན་གནང་ཞིང་བདེ་ཆེན་ཞིང་སྒྲུབ་དུ་མ་འཚོགས་པར་མཛད། དེ་ནས་བགྲང་བྱ་བཅུ་ཕྲག་གཉིས་ལྷག་རིང་ཆོས་བཞིན་སྤྱོད་པའི་སྐྱེ་བོ་ལྟ་ཞོག་དཀོན་མཆོག་གི་མཚན་ཙམ་ཐོས་པ་མེད་པར་གྱུར་པའི་དུས་ངན་གྱི་མུན་པ་སྟོབས་སུ་བདོ་བའི་ཚེ། རྗེ་ཉིད་ཀྱིས་བླ་མ་ཡང་ཏིག་གི་ནོར་བུ་སྐོར་གསུམ་ལས་རླུང་གི་བཅུད་ལེན་མན་ངག་ཉམས་སུ་བླངས་ནས་ཟས་ཅུང་ཟད་ཀྱང་མ་བཞེས་པའི་ཁར། སྤེན་མའི་མལ་སྟན་དང་ཕྱིང་པའི་ན་བཟའ་ཙམ་གྱིས་གོས་གདན་གཉིས་གོ་ཆོད་པར་མཛད་ནས་ཕལ་བ་རྣམས་ཀྱིས་ནད་པ་དང་སྨྱོན་པ་གང་ཡིན་མི་ཤེས་པ་ཞིག་མཛད་ནས་ཉིན་མཚན་མང་པོར་གཟིམས་ཏེ་བཞུགས། མཐར་ལོག་པའི་ལམ་ལ་འཕྱན་པའི་ལས་སྒྲུབ་པ་ཀུན་ཀྱང་ཅི་བྱ་ཐབས་མེད་དུ་གྱུར་ནས་རང་མོས་སུ་བཏང་། དེ་དག་གི་སྐབས་སུ་ལྷག་པའི་ལྷའི་བསྙེན་སྒྲུབ་དང་། མདོ་སྔགས་ཀྱི་དཀའ་གནས་ལ་བསམ་ཞིབ། རྫོགས་པ་ཆེན་པོའི་ལྟ་བའི་རང་ངོ་སྐྱོང་བ་སོགས་བསྙེན་སྒྲུབ་ཁོ་ནས་དུས་འདའ་བ་མཛད་པས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། སྐབས་དང་སྐབས་སུ་ལས་ལྡན་གྱི་སློབ་བུ་རེ་ཟུང་ལ་ལྐོག་ཆོས་ཀྱང་ཅི་རིགས་གསུང་བར་མཛད། དུས་དེར་ཡུལ་ཁམས་སྤྱི་ལ་མུ་གེས་གཟིར་བས་སྐྱེ་བོ་ཀུན་ལུས་རིད་ཅིང་མདངས་མི་སྡུག་པར་གྱུར་ཀྱང་། རྗེ་ཉིད་གཟི་བརྗིད་བཀྲགས་མདངས་སྔར་ལས་རྒྱས་པར་བཞུགས་ཤིང་ཚེས་བཅུ་ཉེར་ལྔའི་ཚོགས་མཆོད་ཀྱི་དགའ་སྟོན་ཀྱང་མ་ཆད་པ་མཛད། སྐབས་ཤིག་ལས་སྒྲུབ་མི་སྣ་འགས་ཤེས་ཏེ་གཤེ་སྐུར་ངན་སྨྲས་སྣ་ཚོགས་ཀྱི་སྡིག་མོ་བྱས་པར། རྗེའི་ཞལ་ནས། བཤོས་བུ་མཐེབ་གང་ཙམ་ཞིག་མཐོང་བ་ལ། །འདི་འདྲའི་གཏོར་ཆེན་མར་གྱིས་བརྒྱན་པ་ཞེས། །ཡུལ་ཁམས་ཡོངས་ལ་ཧ་ཅང་བསྒྲགས་ཆེ་ན། །པྲེ་ཏ་པུ་རུའི་ངང་ཚུལ་མ་ཡིན་ནམ། །ཞེས་ཐོལ་བྱུང་ཞལ་རྩེད་ཀྱི་ཚུལ་དུ་གསུངས། དེ་ནས་རྒྱལ་དང་སེམས་དཔའི་ཕྲིན་ལས་ཀྱི་འཇུག་པ་ནམ་ཡང་ཆུད་མི་ཟ་བའི་བདེན་སྟོབས་ཀྱིས་བསིལ་ལྗོངས་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་ཡང་དར་བསྟན་པའི་ཉི་མ་གསར་དུ་འཆར་བར་ཕྱོགས་ཚེ། རྗེ་ཉིད་གསང་ཆེན་བསྟན་པའི་མེ་རོ་གསོ་བར་ཐུགས་བསྐྱེད་སྨོན་ལམ་གྱི་བདེན་མཐུ་དུས་སུ་སྨིན་པས། གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་དུ་གདན་ས་མཛད་ནས་སྤྱི་ལོ་༡༩༧༩ནས་༡༩༩༧བར་གྱི་བགྲང་བྱ་བཅུ་དགུའི་རིང་གཟིམས་ཁང་ཉེ་འཁོར་དུ་ཤིང་ར་ཞིག་ཡོད་པ་ལས་མ་འདས་པར་རྒྱུན་བཞུགས་མཛད་དེ། མདོ་སྔགས་ཀྱི་གཞུང་བཤད་སྤྱི་དང་། ཁྱད་པར་རང་ལུགས་ཀུན་མཁྱེན་ཡབ་སྲས། འཇམ་མགོན་བླ་མའི་ལྟ་གྲུབ་ཀྱི་ཟབ་གནད་མ་ནོར་བ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཞལ་རྒྱུན་རྩལ་འདོན་གྱིས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། དུས་དེར་སྐལ་བ་དང་ལྡན་པའི་སློབ་ཚོགས་ཀྱི་སྡེ་ཆེན་པོ་མེ་ཏོག་གི་ཚལ་ལ་བུང་བ་བཞིན་ཕྱོགས་དང་ཕྱོགས་ནས་འདུས་ཤིང་། དམན་བུ་བདག་ཉིད་ཀྱང་དམ་པའི་ལྷ་གྲལ་དུ་ཚོགས་པའི་སྐལ་བ་དང་ལྡན་པ་བྱུང་བས་མ་ཚད་ལྟ་གྲུབ་ཤན་འབྱེད་དང་ཁྲིད་ཡིག་ཡེ་ཤེས་བླ་མ་ཞུས་ངོ་ལྟར་ཆེད་དམིགས་ཀྱིས་གསུངས་ནས་དགྱེས་བརྩེའི་གསུང་གིས་དབུགས་དབྱུང་ལུང་བསྟན་གྱི་བཀའ་དྲིན་ཟབ་མོ་བརྗེད་པ་མེད་པ་སྙིང་དབུས་སུ་ཐོབ། རྗེ་ཉིད་དུས་དང་རྣམ་པ་ཀུན་ཏུ་གཟིམས་ཁང་ཆེས་ཤིན་ཏུ་ཆུང་བ་མི་གཅིག་མ་གཏོགས་མི་ཤོང་བ་ཞིག་ཏུ་བཞུགས་ཤིང་མཇལ་བ་སུ་ཡོང་ཀུན་ལ་རབ་གསལ་ཆུང་ངུ་ཞིག་ནས་བྱིན་རླབས་ཞལ་བརྡའ་མཛད། ནང་དུ་གཟིམས་མལ་དོད་ཙམ་དང་དེའི་འཁྲིས་སུ་ས་ལས་བྱས་པའི་ཐབ་ཀ་ཤིན་ཏུ་ཆུང་བའི་སྟེང་དུ་གནའ་བཟོས་ཟངས་ཆུང་གཉིས་ལས་གཞན་བདོག་པའི་དངོས་པོ་ཅུང་ཟད་ཀྱང་མེད། ཟང་ཟིང་གི་དངོས་འབྱོར་འབུལ་བ་ཐམས་ཅད་དེ་མ་ཐག་མདུན་དུ་སུ་ཡོད་ཀྱི་སློབ་མ་ལ་གསོལ་རས་སྩལ་བའམ་ཟླ་རེ་བཞིན་ཚེས་བཅུ་ཉེར་ལྔའི་སྐབས་སུ་སློབ་ཚོགས་འདུས་སྡེ་ཡོངས་ཀྱིས་མི་ཕམ་ཚོགས་བསྡུས་ཤིག་གསུངས་ནས་མཉམ་དུ་བཞེས། སྐུ་གསུང་ཐུགས་རྟེན་ཕུལ་བའང་མཚོན་བྱེད་དཔེའི་ལྷ་ཡིས་ང་ལ་དགོས་པ་མེད་གང་ལ་ཞེན་ཡང་ཞེན་པ་ཡིན་ཞེས་གསུངས་ནས་གཞན་སུ་དགོས་ལ་འཕྲལ་མར་གནང་སྦྱིན་མཛད། སྟོབས་འབྱོར་སྙན་གྲགས་མངའ་ཐང་སོགས་ཆོས་བརྒྱད་དོན་དུ་གཉེར་བའི་སྙིགས་དུས་ཀྱི་བསྟན་འཛིན་རློམ་པ་ཀུན་དངོས་བརྒྱུད་ནས་བཀའ་བཀྱོན་དྲག་པོས་ཚར་བཅད་པས་ཕལ་མོ་ཆེ་ཞིག་གང་བྱུང་སྐུ་དྲུང་དུ་བཅར་བའི་སྤོབས་པ་ཞུམ་པར་གྱུར། ཐ་ན་མནབ་གོས་ཀྱང་ཕྱིང་པ་ཁོ་ན་ལས་དགུན་དུས་གྲང་ངར་ཇི་ལྟར་ཆེ་ཡང་ཀོ་ལྤགས་ཀྱི་ན་བཟའ་ལག་མཐིལ་ཙམ་ཞིག་ཡང་གསོལ་བར་མི་མཛད། ཕྱིས་དུས་སུ་མ་གཏོགས་སྐུ་དྲུང་དུ་ཇ་སྐོལ་གྲྭ་པ་ཡང་མི་འཇོག་པ་སོགས་མདོར་ན་བྱ་བཏང་གི་སྤྱོད་པ་རྗེ་བཙུན་མི་ལ་དང་གཉིས་སུ་མེད་པར་བཞུགས་པ་ནི། རང་འདོད་ཀྱི་ཆེ་བརྗོད་དང་ཆོས་བརྒྱད་ཀྱི་ཁ་འཛིན་མ་བོར་བ་ལ་དེང་དུས་བྱ་བྲལ་གྱི་མིང་གིས་སྤུད་པ་ལྟར་མིན་པར་དོན་ལ་གནས་པའི་ཐུན་མིན་མཆོག་གི་རྣམ་ཐར་ངོ་མཚར་ལས་ཀྱང་ཆེས་ངོ་མཚར་བའི་རང་བཞིན་མངའ་བ་དང་། ད་དུང་གསང་བ་མཆོག་གི་རྣམ་ཐར་ཡི་དམ་ལྷག་པའི་ལྷས་ཞལ་གཟིགས་ཐོབ་པ་དང་། ལྐོག་གྱུར་གྱི་ཆོས་ཆགས་ཐོགས་མེད་པར་གཟིགས་པའི་མངོན་མཁྱེན་མངའ་ཚུལ། གྲུབ་པའི་མཛད་སྤྱོད་ལ་རང་དབང་འབྱོར་ཚུལ་སོགས་ཀུན་ལ་རྩོད་མེད་མཐུན་སྣང་དུ་བྱུང་བའི་ངོ་མཚར་རྣམ་ཐར་མཐའ་ཡས་ཀྱང་འདིར་ཡི་གེ་མང་དུ་དོགས་པས་རེ་རེ་ནས་མ་བྲིས་ཀྱང་རྣམ་ཐར་གཞན་དུ་རྒྱས་པར་གསལ་བས་དེ་དག་ཏུ་སྤྱན་རས་གཡོ་བར་ཞུ། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མཐར་བརྡལ་ནས་མཐར་དགུང་གྲངས་དོན་བདུན་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་ལོར་ཞིང་འདིའི་གདུལ་བྱ་རེ་ཞིག་མཐའ་རུ་ཕྱིན་པའི་ཚུལ་གྱིས་གཟུགས་སྐུའི་བཀོད་པ་ནང་གསལ་གདོད་མའི་གཞི་དབྱིངས་སུ་བསྡུ་བའི་མཛད་པ་ཐ་མ་བསྟན་པ་སྟེ། ཟླ་བ་གཉིས་པ་ནས་བསྙུན་པའི་རྣམ་པ་ཅུང་ཙམ་བྱུང་ཡང་མདོ་སྡེ་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་གསུང་བཞིན་པའི་ཆོས་ཐུན་མ་ཆག་པར་མཛད། སྐབས་འགར་གསུང་འཕྲོས་སུ་ཁྱེད་རྣམས་ཀྱིས་ཆོས་པ་རྣམ་དག་ཞིག་བྱེད་བསམ་ན་སྔོན་བྱོན་བཀའ་གདམས་པ་རྣམས་ཀྱིས། གྲོང་དུ་འདུག་པར་བྱེད་པ་ནི། །བཙོན་ར་ལྟ་བུའི་འདུ་ཤེས་བཞག །ཅེས་དང་། མི་འཆི་སྡོད་པའི་ས་ཕྱོགས་མེད། །འཆི་ངེས་དེ་ཡང་མྱུར་དུ་འཆི། །འཆི་ལ་ཅིས་ཀྱང་མི་ཕན་པས། །ལོང་མེད་རྒྱུད་ལ་བརྟེན་ཅིག་ཨཾ། །ཞེས་གསུངས་པ་ལྟར་ཚེ་འདི་བློས་ཐོང་དགོས་པ་དང་། ཤོམ་ར་ཆེ་བའི་ཆོས་པ་དེ། །ཆོས་གཟུགས་ཡིན་པས་དོན་འབྲས་མེད། །ཅེས་གསུངས་པས་འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་ནོན་དགོས། ཨོ་རྒྱན་སངས་རྒྱས་གཉིས་པས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་གྱིས། །རྒྱུ་འབྲས་སྤངས་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་ལག་ལེན་གསང་སྔགས་ལུགས་སུ་གྱིས། །བསྐྱེད་རྫོགས་དོན་དང་ལྡན་པའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་གྱིས། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་གསུངས་ཡོད་པས་བན་སེར་མོ་བ་ཞིག་ཡིན་ཕྱིན་དེ་ལྟ་བུ་ཨེ་ཡོང་ལྟ་རྒྱུ་ནི་ངའི་ཁ་ཆེམས་ཡིན་ཞེས་ཡང་ཡང་གསུངས། གཞན་ཡང་མཁན་པོ་ཀུན་དཔལ་གྱི་གདུང་ཤུལ་ན་མཆོད་རྟེན་དཀར་པོ་ཆུང་ངུ་ཞིག་བཞེངས་ཡོད་པས་ང་ལ་ཡང་དེ་ལྟ་བུ་ཞིག་འཛོམས་ན་ཆོག དེ་མིན་མང་པོ་ཞིག་གི་དགོས་པ་གཏན་ནས་མེད་སོགས་ཞལ་ཆེམས་གནང་། ཉེ་གནས་སློབ་ཚོགས་རྣམས་ཀྱིས་རྒྱ་བོད་ཀྱི་ལྷ་རྗེ་དུ་མ་བསུས་ཏེ་སྨན་བཅོས་བྱས་ཤིང་ཚོགས་པ་ཡོངས་ཀྱིས་གནས་བརྟན་ཕྱག་མཆོད་དང་། ཚོགས་སྐོང་སོགས་སྐུ་རིམ་མང་པོ་བསྒྲུབས་པ་ན། སྤྱིར་རྗེ་ཉིད་སྐུ་རིམ་སྨན་བཅོས་སོགས་ལ་ཐུགས་མི་དགྱེས་ཀྱང་སྐབས་དེར་སློབ་ཚོགས་རྣམས་ལ་ཁྱེད་རྣམས་ཀྱི་ཐུགས་བཞེད་སྐོང་ཕྱིར་དུ་སྨན་བཅོས་དང་རིམ་གྲོ་ཇི་ལྟར་བསྒྲུབས་ཀྱང་ངས་དང་ལེན་བྱེད། ང་ལ་མཁའ་འགྲོའི་བསུ་མ་ཞིག་ཨེ་ཡོད་མི་ཤེས་ཏེ་མཁའ་འགྲོའི་བསུ་བཟློག་གཏན་ནས་འདོན་མི་དགོས། རིག་འཛིན་འདུས་པའི་ཚོགས་འཁོར་ཞིག་བསྐོར་ན་བཟང་། ད་ནས་ཉིན་གསུམ་ལ་རང་རེ་དཔོན་སློབ་རྣམས་ཀྱི་ཟ་འཐུང་སོགས་བྱས་ནས་སྐྱིད་སྐྱིད་བྱེད་དགོས་གསུང་བཞིན་སྐུ་ཁམས་ཡར་དྭངས་ལྟ་བུའི་ཐུགས་དགྱེས་དགྱེས་མཛད་ནས་བཞུགས། ཉིན་གསུམ་པའི་ཐ་མ་བོད་ཟླ་གསུམ་པའི་ཚེས་གསུམ་ཉིན་མདུན་ན་འཁོད་པ་ལ་ད་དེ་རིང་གིས་ཉིན་གསུམ་ཚང་མ་སོང་ངམ་གསུངས་པར། མ་སོང་ལགས་དེ་རིང་ཉིན་གཉིས་པ་ཡིན་ཞུས་པས། ཅི་ཟེར་ང་ད་རུང་དེ་འདྲའི་མི་ཤེས་མཁན་ཞིག་རེད་མེད་ཅེས་གསུང་འཕྲལ་ཆོས་སྐུའི་བཞུགས་སྟངས་དང་གཟིགས་སྟངས་མཛད་ནས་ནང་གསལ་ཀ་དག་གི་དབྱིངས་སུ་མངོན་པར་གཤེགས་པར་མཛད་དོ། །དེ་ནས་དགོངས་པ་ཆོས་དབྱིངས་སུ་གྲོལ་བའི་ཕྱི་རྟགས་སུ་ནམ་མཁའ་གཡའ་དག་ཅིང་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པ་དང་འབྱུང་བའི་གྲང་ངར་རང་སར་ལྷོད་དེ་མེ་ཏོག་སྣ་ཚོགས་ཁ་འབུས་པ་སོགས་བྱུང་། ནང་དུ་འོད་གསལ་ཟིན་པའི་རྟགས་སུ་སྐུ་གདུང་གི་བཀྲགས་མདངས་མ་ཡལ་བར་ག་བུར་དང་ཙན་དན་གྱི་དྲི་བསུང་འཐུལ་བ། སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་ཚེ་བར་སྣང་ཐམས་ཅད་ལ་འཇའ་འོད་འཁྲིགས་ཤིང་གདུང་ཁང་ལས་འཇའ་ཟེར་དཀར་པོའི་མུ་ཁྱུད་འཕྲོས་པ། ཐུགས་ལྗགས་སྤྱན་གསུམ་འབྱུང་བས་མ་འཇིག་པར་མཐིང་སྨུག་རིན་པོ་ཆེའི་མདོག་ལྟར་བཞུགས་པ་སོགས་གསང་ཆེན་རྒྱུད་སྡེ་ལས་བཤད་པའི་གྲོལ་རྟགས་ཐམས་ཅད་མངོན་སུམ་དུ་བྱུང་ནས་གདོད་མའི་གཞི་ཀློང་དུ་མངོན་པར་སངས་རྒྱས་པར་གྱུར་ཏོ། །

[༨༨] རྨེ་བ་མཁན་པོ་ཐུབ་བསྟན་འོད་ཟེར།

བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཞལ་སློབ་རྨེ་བ་མཁན་པོ་ཐུབ་བསྟན་འོད་ཟེར་ནི། རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་༡༩༢༨པར་ཡབ་ཚེ་རིང་དབང་ཕྱུག་དང་ཡུམ་མཁར་བཟའ་ལྷ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་ལྔ་ལ་སོན་སྐབས་ཁུ་བོ་མཁན་ཆེན་ཚེ་དབང་རིག་འཛིན་དང་སྐུ་ཞང་མཁན་བསོད་ནམས་ཉི་མ་རྣམ་གཉིས་ཀྱི་མདུན་ནས་བོད་ཡིག་ཀློག་སྦྱང་གི་དབུ་བཙུགས། དགུང་ལོ་དགུའི་སྟེང་རང་དགོན་དར་རྒྱས་བྱམས་ཆེན་ཆོས་གླིང་དུ་ཚོགས་ཞུགས་མཛད་ནས་གར་ཐིག་དབྱངས་རོལ་སོགས་འདོན་ཆའི་རིགས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ་དང་། མཁན་ཆེན་ཚེ་དབང་རིག་འཛིན་རྣམ་གཉིས་ཀྱིས་ཕྱག་བཏབ་མཛད་པའི་བཤད་གྲྭ་མཁྱེན་བརྩེ་ཀུན་འདུས་མཁས་མང་གླིང་དུ་ཞུགས་ནས་མཁན་རབས་དང་པོ་ཡེ་ཤེས་དར་རྒྱས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཚན་ཐུབ་བསྟན་འོད་ཟེར་དུ་གསོལ། དམ་པ་དེ་ཉིད་ལས་སྤྱོད་འཇུག ཡིད་བཞིན་མཛོད། དབུ་མ་རྒྱན་སོགས་གསན། དེ་མཚུངས་ཁུ་བོ་མཁན་ཆེན་ཚེ་དབང་རིག་འཛིན་གྱི་ཞལ་སྔ་ནས། ཡོན་ཏན་མཛོད་དང་། དབུ་མ་རྒྱན། འཇིགས་གླིང་བཀའ་འབུམ་གྱི་དབང་ལུང་གདམས་ཁྲིད་བཅས་གསན་པ་དང་། ཕྱིས་སུ་རྗེ་འདི་ཤར་དུང་རི་ཞེས་པའི་དབེན་གནས་སུ་སྒྲུབ་པ་ལ་ཕེབས་སྐབས་ཞབས་རྗེས་སུ་འབྲངས་ནས་སྔོན་འགྲོ་འབུམ་ལྔའི་བསགས་སྦྱང་དང་། ངལ་གསོ་སྐོར་གསུམ། བར་དོ་དྲུག་ཁྲིད། ཆོས་དབྱིངས་མཛོད་སོགས་ཟབ་ཆོས་མང་པོ་གསན་ཏེ་ཉམས་བཞེས་ཀྱི་ཞུན་ཐར་བཅད། དགུང་གྲངས་ཉེར་གཅིག་པར་ཕ་ཡབ་རྐྱེན་དབང་གིས་འདས་གྲོང་སོང་བའི་དགེ་སྒྲུབ་ཆེད་ཁྱིམ་དུ་ཕེབས་ནས་ལོ་གཅིག་ཙམ་བཞུགས། དེ་ནས་གྲྭ་ས་གོང་མ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ནས་ཤྲཱི་སེང་ཆོས་གྲྭའི་ལས་ཐོག་མཁན་པོ་ནོར་གཡང་ལས་གཞན་དགའི་གཞུང་ཆེན་མཆན་འགྲེལ་འགའ་དང་། མཁན་ཆེན་ཐུབ་བསྟན་སྙན་གྲགས་ལས་མངོན་པ་མཛོད་མཆན་འགྲེལ། མཁན་ཆེན་ལྷ་རྒྱལ་རིན་པོ་ཆེ་ལས་ཚིག་གསུམ་གནད་བརྡེག །མཁན་པདྨ་ཚེ་དབང་ལས་སྤྱོད་འཇུག་སོགས་གསན་ནས་ལོ་ངོ་གཉིས་ལྷག་བཞུགས། དགུང་གྲངས་ཉེར་ལྔའི་སྟེང་རིམ་པར་རྫ་ཆུ་ཁར་ཕེབས་ནས་མཁན་ཐུབ་དགའ་ཡིད་བཞིན་ནོར་བུ་དང་། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་རྣམ་གཉིས་ལས་ཀུན་མཁྱེན་ཡབ་སྲས་དང་འཇམ་མགོན་མི་ཕམ་སོགས་ཀྱི་གསུང་ཡོངས་སུ་རྫོགས་པའི་ལུང་ཁྲིད་ཚང་བར་གསན་ཞིང་། ཁྱད་པར་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ཐུན་མིན་རིགས་བདག་ཏུ་བསྟེན་ཅིང་རྗེ་གང་གིས་ཀྱང་ཐུགས་བརྩེས་རྗེས་བཟུང་མཛད། དུས་འགྱུར་ཆེན་མོའི་ཡོ་ལང་བདོ་བའི་སྐབས་སུ་ཆོས་རྗེ་བོད་སྤྲུལ་རིན་པོ་ཆེ་དང་། མཁན་ཐུབ་ཆོས། མཁན་ཟླ་ཟེར། ར་ཧོར་མཁན་ཐུབ་བསྟན་སོགས་དཔོན་སློབ་རྣམས་དང་ལྷན་དུ་དབུས་ཕྱོགས་སུ་ཕེབས་ཞལ་ཕྱོགས། བོད་སྤྲུལ་རིན་པོ་ཆེ་འབྲི་གོང་དུ་གདན་ཞུས་བཞིན་བཞུགས་རྗེས་མཆེད་གྲོགས་རྣམས་དང་ལྷན་དུ་ལྷ་ལྡན་ཕྱོགས་སུ་ཕེབས་ནས་ཆོས་མཇལ་མཛད། རིམ་པར་བསམ་ཡས་དང་། སྨིན་གྲོལ་གླིང་། མཆིམས་ཕུ། གཡའ་མ་ལུང་། ཡར་ལུང་ཤེལ་བྲག །གངས་རི་ཐོད་དཀར་སོགས་གནས་ཆེན་ཁག་ཏུ་མཇལ་སྐོར་དང་སྒྲུབ་པ་མཛད་ནས་ཕེབས་ཤིང་། སྐབས་དེར་དུས་འཁྲུགས་ཀྱི་ཟིང་ཆ་ཇེ་ཆེར་སོང་སྟབས་ལྷོ་མོན་དང་འབྲུག་ཡུལ་བརྒྱུད་དེ་རྒྱ་གར་དུ་ཞབས་སོར་འཁོད། འཕགས་ཡུལ་དུ་ཕེབས་རྗེས་གོང་ས་སྐྱབས་མགོན་ཆེན་པོ་དང་། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན། བདུད་འཇོམས་རིན་པོ་ཆེ། དིལ་མགོ་མཁྱེན་བརྩེ། སྤོ་ལུ་མཁན་རིན་པོ་ཆེ་སོགས་སྐྱེས་མཆོག་དམ་པ་དུ་མ་ལས་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་རྒྱ་ཆེར་གསན་པར་མཛད་ཅིང་། སྨད་འདུལ་སྡོམ་རྒྱུན་འཛིན་པའི་འདུལ་འཛིན་ཆེན་མོ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་དབུས་དགེ་འདུན་བཅུ་ཚོགས་ཀྱི་གྲངས་ཚང་བ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། སྙིགས་མར་གྱུར་པའི་འདུལ་བསྟན་གྱི་མེ་རོ་གསར་དུ་གསོ་ཕྱིར་གནང་བཀག་གི་གནས་ཕྲ་མོ་ལས་ཀྱང་འདའ་བར་མི་བྱེད་པར་ཉེ་བར་འཁོར་གཉིས་པ་ལྟ་བུའི་རྣམ་ཐར་བདག་གིར་བཞེས་ནས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་རྒྱུན་སྤེལ་བ་གྲངས་ཀྱིས་མི་ལང་། སྐུ་ཚེ་གང་པོར་ཀུན་སྤངས་བྱ་བཏང་གི་བརྟུལ་ཞུགས་དང་དུ་བླངས་ཏེ་བསྙེན་སྒྲུབ་ཉམས་བཞེས་ཀྱི་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ་བས་བསྐྱེད་རྫོགས་རྫོགས་ཆེན་གྱི་ལྟ་དགོངས་མཐོན་པོར་སོན། གཞན་ཡང་རྒྱ་གར་ལྷོ་ཕྱོགས་རྫོགས་ཆེན་དགོན་དང་། ཨོ་རྒྱན་སྨིན་གྲོལ་གླིང་། རྡོ་རྗེ་གདན། བལ་ཡུལ་སོགས་སྔ་འགྱུར་རྙིང་མའི་གདན་ས་ཆོས་སྡེ་རྣམས་སུ་ཞབས་སོར་བཀོད་ནས། སྙིང་ཐིག་སྔོན་འགྲོ། འདུལ་མངོན། དབུ་ཕར། གསང་སྙིང་། སྙིང་ཐིག་ཡ་བཞི་བཅས་གསུངས་ཏེ་སྙིང་པོའི་བསྟན་པ་བཤད་སྒྲུབ་ཀྱི་ཕྲིན་ལས་ཀྱིས་སྤེལ། དེ་མཚུངས་གར་ཞྭ། སྤྱི་ཏི། ཁུ་ནུ། ལ་དྭགས་སོགས་རོང་མཚམས་ཁག་ཏུ་ཕེབས་ནས་བླ་སྤྲུལ་གྲྭ་བཙུན་གྲོང་སྔགས་ཕོ་མོ་སོགས་དད་འདུས་ཀྱི་གདུལ་བྱ་དཔག་ཏུ་མེད་པ་ཐར་དང་རྣམ་མཁྱེན་གྱི་ས་ལ་བཀོད་པར་མཛད། སྐུ་ཚེའི་སྨད་དུ་གནས་ཡུལ་ཉེར་བཞིའི་ཡ་གྱལ་རྒྱ་གར་ནུབ་ཕྱོགས་ཀུལླུའི་ཡུལ་དུ་སྤང་སྒང་རི་ཁྲོད་ཞེས་པའི་སྒྲུབ་སྡེ་གསར་དུ་བཙུགས་ཏེ་གསང་ཆེན་རྫོགས་པ་ཆེན་པོ་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་ཏེ་དགུང་གྲངས་དོན་གསུམ་བཞེས་པ་རབ་བྱུང་བཅུ་བདུན་པའི་ཆུ་རྟ་ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་སྟེ། ལོ་དེའི་ཟླ་བ་དགུ་པའི་ཚེས་བཅུ་གཉིས་ཉིན་སྐུ་སྙུན་ཚུལ་གྱིས་ཐུགས་སྲས་སློབ་མའི་ཚོགས་ལ་ཞལ་གདམས་བཀའ་སློབ་རྒྱས་པ་བསྩལ་ཅིང་། ཚེས་བཅུ་དགུའི་ཉིན་སྔ་མོ་ཕྱག་གཉིས་མཁའ་ལྡིང་གཤོག་རླབས་བཞིན་ནམ་མཁར་བརྐྱངས་ནས་གུ་རུའི་མཚན་སྔགས་སོགས་ཉམས་མགུར་གྱི་ཚུལ་དུ་གསུངས་མཐར་ཕྱག་ཐལ་མོ་སྦྱར་ཏེ་བསྔོ་སྨོན་བསྡུ་རིམ་མཛད་དེ་མཉམ་བཞག་གིས་བཞུགས། དགུང་མོ་ཆོས་གོས་རྣམ་གསུམ་ཚུལ་བཞིན་གསོལ་ཏེ་གཟིམས་ཁྲིར་གདིང་བའི་ཁར་སྐུ་དཀྱིལ་ཀྲུང་གིས་བཞུགས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །

[༨༩] ཨ་འཛོམས་འབྲུག་སྤྲུལ་ཐུབ་བསྟན་པདྨ་ཕྲིན་ལས།

རྒྱལ་སྲས་འགྱུར་མེད་རྡོ་རྗེ་དང་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱི་ཐུགས་སྲས་ཨ་འཛོམས་འབྲུག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་པདྨ་ཕྲིན་ལས་མཆོག་ནི། སྤྱི་ལོ་༡༩༢༦པ་རབ་བྱུང་བཅོ་ལྔ་པའི་ཟད་པ་ཞེས་པ་མེ་སྟག་ལོར་སྡེ་བཞི་དགེ་བཅུའི་དཔལ་གྱིས་མངོན་པར་མཐོ་བ་ཡིད་ལྷུང་ལྷ་རི་དཔོན་གྱི་ཆབ་འོག་རྡོ་ཁུག་ཞེས་པའི་ས་ཆ་རུ། ཡབ་ལྷ་རུ་དཔོན་གྱི་ནང་བློན་ཝ་ལྷའི་མི་བརྒྱུད་ལས་བསོད་ནམས་རྣམ་རྒྱལ་དང་། སྐྱེད་ཡུམ་རྐང་ཚའི་བརྒྱུད་པ་བདེ་སྐྱིད་ཟེར་བའི་སྲས་སུ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་མཚན་དཔེའི་དཀྱིལ་འཁོར་མངོན་པར་བཞད། དེའི་ཚེ་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དགའ་ཞིང་རྩ་གསུམ་ཆོས་སྐྱོང་སྲུང་མས་བྱིན་རླབས་སྲུང་སྐྱོབས་མཛད་པའི་རྟགས་སུ་གཟིམས་སྦྲ་ལ་འཇའ་ཚོན་གྱི་གུར་ཕུབ་པ་སོགས་ཡུལ་མི་ཀུན་ཀྱི་མཐོང་སྣང་དུ་གྱུར་པའི་མངོན་རྟགས་མང་ཞིང་། བྱིས་པ་ཆུང་ངུའི་དུས་སུ་དགོན་སྡེ་གཞན་གྱི་སྤྲུལ་སྐུ་རྩད་འཚོལ་བ་བྱུང་སྐབས་ང་ཁྱེད་རང་ཚོའི་སྤྲུལ་སྐུ་མིན་དགོན་པ་གཞན་གྱི་སྤྲུལ་སྐུ་ཡིན་སོགས་ཀྱི་གསུང་བྱོན་པ་དང་། སྐབས་ཤིག་ཨོ་སྒོ་སྟོད་དུ་སྐུ་གོང་མའི་ཞལ་སློབ་རྒན་པོ་ལོང་བ་ཞིག་གི་ཁྱིམ་དུ་བྱོན་པ་ན། རྒན་པོ་ན་རེ་མདང་གི་རྨི་ལམ་དང་དེ་རིང་གཉིས་ཀར་བླ་མ་འབྲུག་པ་ཚང་མཇལ་བའི་སྣང་བ་ཤར་འདུག་པས་ཁྱེད་ཨ་འཛོམས་འབྲུག་པ་ཨེ་ཡིན་ཞུས་པར། ཆུང་སྲིད་རིན་པོ་ཆེས་ཐུགས་ཤིན་ཏུ་བརྩེ་བའི་རྣམ་འགྱུར་དང་བཅས་ཕྱག་དབང་གནང་བས་དེར་འཁོད་ཚང་མ་དད་སྤྲོ་སྐྱེས། མེ་ཡོས་ལོར་རྒྱལ་སྲས་འགྱུར་མེད་རྡོ་རྗེ་རུ་དམ་རྫོགས་ཆེན་དུ་ཆེད་ཕེབས་མཛད་ནས་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་མདུན་ཡབ་རྗེ་རིག་འཛིན་ཆེན་པོའི་ཡང་སྲིད་བརྟག་ལུང་ཞུས་པར། ཆགས་ཐོགས་བྲལ་བའི་ཡེ་ཤེས་ཀྱི་གཟིགས་པས་གང་དུ་འཁྲུངས་པའི་གནས་ཀྱི་ཆགས་ཚུལ་དང་ཡབ་ཡུམ་གྱི་མཚན་སྒྲ། ཡང་སྲིད་རིན་པོ་ཆེའི་དགུང་སྙིང་སོགས་གསལ་བར་གསུངས་པས་གསང་རྒྱ་དམ་པོས་གྲྭ་པ་གཉིས་བྲག་མགོ་ཡན་ཆད་རྩད་འཚོལ་དུ་བཏང་། ཁོང་གཉིས་རིམ་པས་ཡིད་ལྷུང་དུ་འབྱོར་ཏེ་ས་ཆ་སོགས་ལུང་དོན་དང་མཐུན་པའི་འབྲོག་ཁྱིམ་ཞིག་འདུག་པ་དེར་ཕྱིན་པ་ན་བྱིས་པ་ཆུང་ངུ་དེས་འདི་གཉིས་ང་རང་ཚང་གི་བླ་མ་ཡིན་ཞེས་ཐུགས་བརྩེ་བརྩེ་མཛད་ཀྱང་བྱིས་པ་ངོ་མཚར་ཅན་ཞེས་པ་ཙམ་ལས་ལོ་རྒྱུས་ཅི་ཡང་མ་གསུངས་པར་ཨ་འཛོམས་སྒར་དུ་ལོག དེ་ནས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་གཙང་པ་གྲུབ་ཆེན་རྣམ་གཉིས་ཀྱི་མདུན་བརྟག་ཞུས་བང་མི་བཏང་བས་དགོངས་དབྱངས་གཅིག་གྱུར་གྱིས་ངོས་འཛིན་མཛད་ཅིང་། སླར་ཡང་རྒྱལ་སྲས་དཔོན་གཡོག་གསུམ་རྫོགས་ཆེན་དུ་བྱོན་ནས་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེར་སྙན་འབུལ་ཞུས་ཚེ་ཡང་སྲིད་འཁྲུལ་མེད་དུ་ཐུགས་ཐག་བཅད་དེ། ཐུབ་བསྟན་པདྨ་ཕྲིན་ལས་དཔལ་བཟང་པོ་ཞེས་པའི་མཚན་གསོལ་དང་འབྲེལ་ཞབས་བརྟན་གསོལ་འདེབས་མཛད། མར་ལམ་རྒྱལ་སྲས་སྐུ་འཁོར་ཁྱིམ་དེར་ཕེབས་པ་ན་ཆུང་སྲིད་རིན་པོ་ཆེ་རྒྱལ་སྲས་ཚང་གི་སྐུ་པང་དུ་ཚམ་ཚོམ་མེད་པར་ཕེབས་ནས་དགའ་དགའ་ཚད་མེད་བྱས་པས། ཨ་བུ་དགའ་དགའ་ཞེས་མཚན་གསོལ་ཏེ་སྐུ་བདག་དང་ན་བཟའ་སོགས་ཕུལ། དེ་ནས་དགུང་གྲངས་གསུམ་ལ་སོན་པ་ས་འབྲུག་ཧོར་ཟླ་གཉིས་པའི་ནང་རྗེ་གོང་མའི་གདན་ས་ཨ་འཛོམས་དགོན་དུ་སྤྱན་དྲངས་ནས་གསེར་ཁྲིར་མངའ་གསོལ། དགུང་གྲངས་ལྔ་ལ་ཕེབས་སྐབས་རྒྱལ་སྲས་འགྱུར་མེད་རྡོ་རྗེས་གཙུག་ཕུད་བཞེས་ཏེ་བསྟན་པའི་སྒོར་ཞུགས་པའི་སྐྱབས་སྡོམ་གནང་། རིམ་པར་རྒྱ་གར་ཐུབ་བསྟན་ལོ་གཉིས་ཙམ་ལ་ཀློག་གི་སློབ་དཔོན་དུ་བསྟེན་ནས་བོད་ཡིག་འབྲི་ཀློག་གི་དབུ་བཙུགས་ཏེ་སྦྱང་བ་ལྷོད་མེད་མཛད། དེ་རྗེས་མཁས་དབང་ཀུན་བཟང་རྣམ་རྒྱལ་ལོ་ཉི་ཤུ་ཙམ་ཡོངས་འཛིན་དུ་བཞུགས་པ་ལས་འབྲི་ཀློག་དང་། སུམ་རྟགས་དག་གསུམ། སྙན་ངག་མེ་ལོང་མ། སྒྲ་མཚམས་སྦྱོར་ལྔ་པ་ནས། དབྱངས་ཅན་སྒྲ་མདོ་ཆ་ཚང་། ཙནྡྲ་པ་བཅས་གསན། ཚ་ལུ་བླ་མ་བདེ་ཆེན་ལས་སྒྲ་ཀ་ལ་པ་སྡེབ་སྦྱོར་དང་བཅས་པ་དཔྱིས་ཕྱིན་པ་གསན་ཅིང་སྒྲ་མདོ་ཐུགས་འཛིན་མཛད། དགུང་གྲངས་བཅུ་ཡས་མས་ཙམ་ན་སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་དུ་ཆེད་ཕེབས་ཀྱིས་འཇིགས་བྱེད་དུས་དགྲའི་དབང་པོའི་ཕོ་བྲང་ངམ་གཤིན་རྗེ་སྒྲུབ་ཕུག་ནས་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་ཀྱིས་མཁན་པོ་དང་། མཁན་ཆེན་ཐུབ་བསྟན་སྙན་གྲགས། འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ། མཁན་ཆེན་འཇིགས་མེད་བློ་གྲོས། མཁས་མཆོག་པདྨ་ཚེ་དབང་བཅས་བཤེས་གཉེན་ཆེན་པོ་དེ་དག་གི་མདུན་ནས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས། ཕྱིས་སུ་དགོས་དབང་གིས་སོ་ཐར་གྱི་བསླབ་སྡོམ་འདུལ་བ་རང་གཞུང་གི་ཕྱག་ལེན་ལྟར་ཕུལ་ནས་གོང་མའི་རྣམ་ཐར་གསང་སྤྱོད་ཀྱི་བརྟུལ་ཞུགས་བདག་གིར་མཛད་ཀྱང་། བསྟན་རྩ་སོ་སོར་ཐར་པ་གཞི་གསུམ་གྱི་ཕྱག་ལེན་སྤེལ་བ་སོགས་ལ་རྗེས་སུ་ཡི་རང་གི་ཐུགས་དད་གནང་བ་དང་བསླབ་ལྡན་སྡེ་སྣོད་འཛིན་པ་ཞིག་ཡིན་ཚེ་གཞན་མཚུངས་དང་བྲལ་བའི་ཐུགས་བརྩེས་དགྱེས་སྐྱོང་མཛད། དགུང་གྲངས་བཅོ་ལྔ་པར་རྫོགས་ཆེན་མཁན་ཆེན་གཞན་དགའ་རིན་པོ་ཆེའི་དངོས་སློབ་མཁན་འདུས་པ་རྒྱ་མཚོ་ཆེད་དུ་སྤྱན་དྲངས་པ་ལས་སྤྱོད་འཇུག སྡོམ་གསུམ་རྣམ་ངེས། དབུ་མ་རྩ་འཇུག་བཞི་གསུམ། ཤེར་ཕྱིན་གཙོས་བྱམས་ཆོས་སྐོར། སོར་མདོ། འདུལ་བ་མདོ་རྩ། མངོན་པ་གོང་འོག་བཅས་མདོ་ཕྱོགས་ཀྱི་གཞུང་འགྲེལ་ཕལ་མོ་ཆེ་གསན། མཁས་བཙུན་བཟང་པོའི་མངའ་བདག་རྫོགས་ཆེན་མཁན་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་མདུན་ནས་རྒྱལ་སྲས་རིན་པོ་ཆེ་དང་ལྷན་ཅིག་གསང་འགྲེལ་ཕྱོགས་བཅུ་མུན་སེལ་སོགས་སྒྱུ་འཕྲུལ་སྐོར་ཁ་ཤས་གསན། རིགས་བདག་མཚུངས་མེད་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་པ་ལས་ཐོག་མར་སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་ཐར་ལམ་གསལ་སྒྲོན་བཅས་གསན་ནས་སྔོན་འགྲོའི་བློ་སྦྱོང་གིས་ཐུགས་རྒྱུད་སྨིན་ངེས་མཛད། ཐུན་མིན་མཚན་བཅས་མཚན་མེད་ཀྱི་ཞི་གནས་ནས་བརྩམས་ཏེ། ཆིག་བརྒྱུད་ཀྱི་ལམ་ཁྱེར་ཐིག་ལེ་ཉེར་ལྔ་རྫོགས་ཀྱི་བར་གསན་སྒོམ་མྱོང་བ་ཐོན་ངེས་མཛད། གཞན་ཡང་ཡེ་ཤེས་བླ་མའི་ཁྲིད་སྦྱང་དུ་མ་དང་། སྙིང་ཐིག་ཡུམ་ཀའི་རྩ་རླུང་དང་ཀློང་གསལ་སྙིང་པོའི་རྩ་རླུང་འཕྲུལ་འཁོར། བཅུད་ལེན་དང་མུན་ཁྲིད། སྙིང་ཐིག་ཡ་བཞི་ཟབ་མོ་ཡང་ཏིག་དང་བཅས་པའི་དབང་ལུང་། མཛོད་ཆེན་བདུན་གྱི་བཤད་ལུང་། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ་བཅས་ཀྱི་ཁྲིད་ལུང་། གསུང་ཐོར་བུའི་ལུང་། འཇིགས་མེད་གླིང་པའི་དགོངས་གཏེར་པོད་གཉིས་ཀྱི་དབང་ལུང་། འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཟབ་གཏེར་གསང་མཛོད་སྐོར་གྱི་དབང་ལུང་ཡོངས་རྫོགས། ཨོ་རྒྱན་རིན་ཆེན་གླིང་པའི་ཆོས་སྐོར་པོད་མཚན་བཟང་གྲངས་ལྡན་གྱི་དབང་ལུང་། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཟབ་གཏེར་ལྕེ་བཙུན་སྙིང་ཐིག་གི་སྐོར་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད། བྱང་གཏེར་དགོངས་པ་ཟང་ཐལ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་དག་སྣང་དུ་བསྩལ་བའི་ཉེ་བརྒྱུད་ཀྱི་དབང་ལུང་། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་ཐུགས་ཐིག་འཛིན་པ་རང་གྲོལ་གྱི་དབང་ལུང་ཁྲིད། གཏེར་ཆེན་རཏྣ་གླིང་པའི་ཆོས་སྐོར་གྱི་དབང་ལུང་ཁྲིད། རིག་འཛིན་ཀློང་གསལ་སྙིང་པོ་དང་གཏེར་སྟོན་བདུད་འདུལ་རྡོ་རྗེ་རྣམ་གཉིས་ཀྱི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་རིག་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་འབུམ་པོད་དྲུག་གི་ལུང་། སྒྱུ་འཕྲུལ་གྱི་དབང་། གསང་སྙིང་སྤྱི་དོན་ཡིད་ཀྱི་མུན་སེལ་དང་། སྤྱི་དོན་འོད་གསལ་སྙིང་པོ། གསང་འགྲེལ་ཕྱོགས་བཅུ་མུན་སེལ་བཅས་ཀྱི་བཤད་པ་ལན་བདུན་རེ་ཙམ་དང་། རྒྱ་འགྲེལ་ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ། སྒེག་པ་རྡོ་རྗེའི་སྤར་ཁབ། པདྨ་ཀ་རའི་མན་ངག་ལྟ་ཕྲེང་། སངས་རྒྱས་གསང་བའི་ལམ་རིམ་ཆེ་ཆུང་གཉིས། བོད་འགྲེལ་རོང་ཟོམ་དཀོན་མཆོག་འགྲེལ། སྨིན་གླིང་ལོ་ཆེན་གྱི་སྤྱི་དོན་གསང་བདག་ཞལ་ལུང་། འགྲེལ་པ་གསང་བདག་དགོངས་རྒྱན། ཨོ་རྒྱན་ཆོས་གྲགས་ཀྱི་སྤྱི་དོན་རིན་ཆེན་ཕྲེང་བ། རྡོ་གྲུབ་སྤྱི་དོན་མཛོད་ཀྱི་ལྡེའུ་མིག དགེ་རྩེའི་སྤྱི་དོན། རྒྱལ་སྲས་ཀྱི་ལམ་འགྲེལ་ཆེ་ཆུང་གཉིས་བཅས་ཀྱི་བཤད་པ་ཞིབ་རྒྱས་གསན། ཀཿཐོག་དགེ་རྩེ་གསུམ་པ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱི་ཞབས་པད་གུས་པས་བསྙེན་ནས། སྔ་འགྱུར་བཀའ་མ་དགོངས་འདུས་ཕུར་པ་བཅས་ཀྱི་དབང་ལུང་། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་། སྔ་འགྱུར་གྱི་རྒྱུད་སྡེ་རིན་པོ་ཆེ་གླེགས་བམ་བཅུ་ཕྲག་གཉིས་ལ་དྲུག་གིས་ལྷག་པའི་གྲངས་ལྡན་དུ་བཞུགས་པའི་ལྗགས་ལུང་བཅས་གསན། དབང་གི་སྐབས་གོས་དཀར་ལྕང་ལོའི་ཆས་སུ་ཞུགས་བཅུག་ནས་གསང་མཚན་འགྱུར་མེད་ཐེག་མཆོག་གྲུབ་པའི་རྡོ་རྗེ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གནང་། བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་རག་མགོ་མཆོག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོའི་མདུན་ནས་མདོ་སྒྱུ་སེམས་གསུམ་གྱི་དབང་ལུང་གསན། རག་མགོ་སྤྲུལ་སྐུ་ཆུང་བ་བཀྲ་ཤིས་རྣམ་རྒྱལ་མདུན་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་འབུམ་དང་། འཇམ་མགོན་མི་ཕམ་ཞབས་ཀྱི་གསུང་འབུམ་གྱི་ལུང་བཅས་གསན། གོ་འཇོ་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་བཟང་རང་གྲོལ་མདུན་ནས་རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ་ཆ་ཚང་བའི་ལུང་གསན། སྨིན་གླིང་ཞབས་དྲུང་རིན་པོ་ཆེ་ལས་གསང་སྙིང་རྡོ་གྲུབ་སྤྱི་དོན་གསན། སྨིན་གླིང་གཅུང་རིན་པོ་ཆེ་ལས་གསང་འགྲེལ་གསང་བདག་དགོངས་རྒྱན་དང་། ཨ་ཏི་ཟབ་དོན་གྱི་དབང་ལུང་ཆ་ཚང་གསན། དེ་ལྟར་གསན་པ་ཐམས་ཅད་ཐུགས་ཡེངས་སུ་མ་བཞག་པར་རང་དོན་དུ་བསྙེན་སྒྲུབ་ཉམས་ལེན་གྱི་སྲང་ལ་བཙུད་པས་ལྟ་སྤྱོད་ཏིང་ངེ་འཛིན་ལ་རང་དབང་འབྱོར་བ་གྲུབ་པའི་དབང་ཕྱུག་གི་གོ་འཕང་མཐོན་པོར་གཤེགས་པ་དང་། གཞན་དོན་དུ་མཆོག་དམན་དང་མང་ཉུང་ལ་མ་ལྟོས་པར་ཉིན་མཚན་ཀུན་ཏུ་ཞུ་བ་པོའི་འདོད་པ་ལྟར་དབང་ལུང་ཁྲིད་གསུམ་གྱི་རྒྱུན་བསྩལ་བས་གང་གསན་པ་ཐམས་ཅད་ཚར་གྲངས་དུ་མ་འཆད་སྤེལ་གྱི་ཕྲིན་ལས་བསྐྱངས། དགུང་གྲངས་སོ་གསུམ་ནས་དུས་འགྱུར་གྱི་ཡོ་ལང་སྟོབས་སུ་བདོ་བའི་དབང་གིས་ལོ་ངོ་བཅུ་ཕྲག་ལྷག་ལ་ཁྲིམས་ཁང་དུ་བཞུགས་དགོས་བྱུང་ཞིང་སྐུ་ངལ་སྣ་ཚོགས་པ་བྱུང་ཡང་དེ་དག་གི་ཚེ་ཉམས་ལེན་གྱི་གནད་དང་འབྲལ་མ་མྱོང་ཞེས་གསུངས། དེ་ནས་བསྟན་པ་ཡང་དར་གྱི་དུས་བཟང་ཤར་བ་དང་བསྟུན་གདན་ས་ཨ་འཛོམས་འོད་གསལ་ཐེག་མཆོག་གླིང་དུ་ཞབས་པད་བཀོད་ནས་བསྟན་དགོན་ཉམས་རྒུད་དུ་སོང་བ་སླར་གསོ་དང་། ཁྱད་པར་དགོན་གྱི་གོང་རོལ་དུ་བཤད་གྲྭའི་གཙུག་ལག་ཁང་གྲྭ་ཤག་དང་བཅས་པའི་རྟེན་དང་བརྟེན་པ་གསར་བཞེངས་མཛད་ཅིང་། མཁན་སྤྲུལ་སྡེ་སྣོད་འཛིན་པ་བརྒྱ་ལྷག་གིས་འཆད་ཉན་གྱི་རྒྱུན་རྒྱ་ཆེར་སྤེལ་བའི་མཐུན་རྐྱེན་ཞབས་ཏོག་བླ་བྲང་རང་གིས་སྦྱར་བར་མཛད་པའི། རྗེ་ཉིད་ཀྱིས་ཡབ་རྗེ་གོང་མ་དག་གི་ཕྱག་སྲོལ་ལྟར་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་དང་དངོས་གཞི་ཡེ་ཤེས་བླ་མའི་ཁྲིད་ཀ་དབྱར་དགུན་གྱི་ཆོས་ཐོག་གཉིས་སུ་ཕྱེས་ཏེ་ལོ་སྟར་ཆགས་སུ་གསུངས་པས། ཞལ་སློབ་མཁན་སྤྲུལ་སྐྱེས་ཆེན་ནས་ཇོ་བཙུན་སྐྱ་སེར་བར་རྒྱ་བོད་ཀྱི་གདུལ་བྱ་དཔག་ཏུ་མེད་པ་འདུས་པ་ཐམས་ཅད་སྨིན་ཅིང་གྲོལ་བའི་ས་ལ་བཀོད། རབ་བྱུང་བཅུ་བདུན་པའི་མེ་འབྲུག་ལོར་ཕྱི་ནང་གསང་བའི་རྟེན་འབྲེལ་གྱི་ལེགས་ཚོགས་དུས་སུ་སྨིན་པས་ཕྲན་བུ་ནས་ཀྱང་དམ་པའི་དགྱེས་ཞལ་མཇལ་བའི་སྐལ་བཟང་བྱུང་བ་དང་། ཨ་འཛོམས་སྙན་བརྒྱུད་ཀྱི་ཟབ་ཁྲིད་སོགས་འོད་གསལ་གསང་བ་སྙིང་ཐིག་གི་གདམས་པའི་བདུད་རྩི་ཐུགས་བརྩེ་ཆེན་པོས་ཉེ་བར་བསྩལ་ཏེ་བོང་བ་གསེར་གཟིགས་ཀྱི་དབུགས་དབྱུང་གཟེངས་བསྟོད་ཐོབ་ཅིང་། ཞལ་གྱེས་ཁར་རྗེ་ཉིད་ཡུན་རིང་མི་བཞུགས་པའི་གསུང་འཕྲོས་དང་ཕྱིས་འབྱུང་གསང་ཆེན་སྔ་འགྱུར་པའི་བསྟན་པ་སྤྱི་དང་། ཁྱད་པར་རྫོགས་ཆེན་ཚང་དང་ཨ་འཛོམས་ཚང་གི་བཤད་སྒྲུབ་ཀྱི་བསྟན་པའི་རྒྱུན་འཐུད་རྒྱུ་ཐུགས་ལ་འཇོག་དགོས་སོགས་ཀྱི་བཀའ་གསུང་གནང་། ལོ་དེའི་ཕྱི་ལོ་ལྕགས་སྦྲུལ་རྒྱལ་ཟླའི་ཚེས་གསུམ་ཉིན་བསྟན་འགྲོའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་པའི་ཚུལ་གྱིས་གཟུགས་སྐུའི་བཀོད་པ་ནང་དབྱིངས་ཆོས་སྐུའི་ཀློང་དུ་བསྡུ་པའི་ཚུལ་བསྟན་ཟིན་ཏོ། །

[༩༠] མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ།

མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་ཐུབ་དགའ་ཡིད་བཞིན་ནོར་བུའི་ཞལ་སློབ་ཆོས་རྗེ་དམ་པ་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་རིན་པོ་ཆེ་མཆོག་ནི། གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ལ་འབྲོག་སྡེ་ལྷོ་བྱང་གཉིས་སུ་དབྱེ་བ་ལས་བྱང་སྡེ་རྫ་ཆུ་ཁའི་བྱེ་བྲག་དགེ་རྩེ་ཨ་རིག་རྫ་བ་ཞེས་གྲགས་པའི་འབྲོག་སྡེ་རུ། སྤྱི་ལོ་༡༩༣༡པ་སྟེ་རབ་བྱུང་བཅུ་དྲུག་པའི་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོའི་བོད་ཟླ་དྲུག་པའི་འཕེལ་ཕྱོགས་ཀྱི་ཚེས་བཞིའི་ཉི་ཤར་འབྲུག་གི་སྔ་ཆ་ལ། ཡབ་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པའི་རིག་འཛིན་གྲགས་པ་རྒྱལ་མཚན་དང་ཡུམ་རིག་བཟང་གི་མཁའ་འགྲོ་མ་དཀར་ལྡོག་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུ་ནས་དགེ་བའི་བག་ཆགས་ཡོངས་སུ་སད་དེ་དགེ་སློང་གནས་བརྟན་རྒན་པོ་ལྟར་ཞི་དུལ་བག་ཡོད་ཀྱི་སྤྱོད་ལམ་འབའ་ཞིག་གནང་བ་ལས་ཐ་མལ་བྱིས་པའི་ཀུན་སྤྱོད་ལྟར་སྨྲེ་ངག་གིས་ངུ་བ་དང་། མ་བརྟགས་པའི་མཆོང་རྒྱུག ཁོང་ཁྲོ་བའི་འཁྲུག་རྩོད་སོགས་གཏན་ནས་མི་མངའ་བས་ཉེ་འཁོར་ན་གནས་པ་ཀུན་ཀྱིས་བྱིས་པ་ཆུང་ཆུང་འདིའི་བག་ཡོད་ཀྱི་སྤྱོད་བཟང་ལ་ལྟོས་ཞེས་བསྔགས་པར་བརྗོད། དགུང་ལོ་བརྒྱད་ལ་སོན་སྐབས་སློབ་དཔོན་དཀོན་མཆོག་བསྟན་འཛིན་ལས་ཟླ་བ་གཅིག་གི་རིང་བོད་ཡིག་ཀློག་འདོན་ལ་སློབ་སྦྱོང་གནང་བས་བརྡ་བསྟན་པ་ཙམ་གྱིས་དཀའ་ཚེགས་མེད་པར་བྱང་ཆུབ། དགུང་ལོ་དགུའི་སྐབས་སུ་འབྲི་ཀློག་ལེགས་པར་མཐར་ཕྱིན་པ་དང་རང་ཡུལ་གྱི་ཆོས་སྡེ་རྫ་ཕུག་ཁུང་དགོན་བདེ་ཆེན་ཆོས་འཁོར་ལྷུན་པོ་ལ་ཚོགས་ཞུགས་བྱས། ལོ་འདིར་དགོན་པའི་འདོན་ཆོག་པུསྟི་དུ་མ་ཐུགས་འཛིན་གནང་བས་ཐུགས་བརྩོན་ཆེ་བའི་ཚད་དུ་གྱུར། དགུང་གྲངས་བཅུ་པར་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་རྫ་ཕུག་ཁུང་དགོན་དུ་ཕེབས་ཏེ་ཟླ་བ་དྲུག་གི་རིང་སྔ་འགྱུར་བཀའ་མ་དང་། སྨིན་གླིང་སྐུ་མཆེད་ཀྱི་གསུང་སྐོར་ཡོངས་རྫོགས་ཀྱི་དབང་ལུང་། ཞེ་ཆེན་རྒྱལ་ཚབ་བཀའ་འབུམ་གྱི་ཁྲིད་ལུང་བཅས་བསྩལ་བ་ཆ་ཚང་གསན། དགུང་ལོ་བཅུ་གཅིག་པའི་དུས་སུ་བརྟན་མཁས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཕུག་ཁུང་མཁན་རྒན་དགེ་ལེགས་གྲགས་པའི་ཞལ་སྔ་ནས་རབ་ཏུ་བྱུང་བའི་སྡོམ་པ་ཞུས་པས་དགེ་ལེགས་ཆོས་འཕེལ་ཞེས་པའི་མཚན་གྱི་ཅོད་པན་སྤྱི་བོར་བཀུར། དུས་འདི་ནས་བཟུང་སྐུ་ཚེ་གང་བོར་ཕྱི་སོ་སོར་ཐར་པའི་བསླབ་གཞི་ཕྲ་མོའི་གནང་བཀག་ཅུང་ཟད་ལའང་ལྷོད་ཡེངས་སུ་མི་གཏོང་བར་ཆོས་བཞིན་འདུལ་བ་བཞིན་ཁོ་ན་ཕྱག་ལེན་དུ་བསྟར་ཞིང་། འཆང་བར་འོས་པའི་ཆོས་གོས་རྣམ་གསུམ་དང་ཤེས་རབ་ཀྱི་རྟེན་ཕྱག་དཔེ་འགའ་ཞིག་ལས་ཡོངས་སུ་བཟུང་བའི་དངོས་པོ་ཅི་ཡང་མེད་པ་ཀུན་སྤོང་བྱ་བྲལ་གྱི་སྤྱོད་པ་དང་དུ་བླངས་ནས་སྐུ་ཚེ་འདའ་བ་དང་། ཐུགས་རྒྱུད་ཞི་དུལ་དང་ལྡན་པས་རྟག་ཏུ་དམན་ས་འབའ་ཞིག་བཟུང་ཞིང་ཕྱི་ནང་གསང་བའི་ཡོན་ཏན་མཐའ་དག་སྦས་ཤིང་གསང་བ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ལྟར་གྱི་རྣམ་ཐར་སྐྱོང་བ་སོགས་ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ། དགུང་ལོ་བཅུ་གཉིས་པར་སྐུ་ཞང་མཁན་པོ་ཤེས་རབ་མཆོག་ལས་ཀློང་ཆེན་སྙིང་གི་ཐིག་ལེའི་ཕྱི་ནང་གི་སྔོན་འགྲོ་རྣམས་རྒྱས་པ་གསན་ནས་བསགས་སྦྱང་ལ་གནད་དུ་ཁེལ་བའི་ཉམས་ལེན་མཐར་ཆགས་སུ་གནང་། དགུང་ལོ་བཅུ་གསུམ་ནས་ལོ་ཤས་བར་ཕུག་ཁུང་དགོན་པའི་དབུ་མཛད་རྒན་གྲས་རྣམས་ལས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀུན་ལ་བྱང་ཆུབ་པར་མཛད། གཞན་ཡང་ལོ་འདིར་མཁན་པོ་འཇིགས་མེད་བསྟན་འཛིན་ལས་དཀར་རྩིས་ཉིན་བྱེད་སྣང་བའི་ཞིབ་ཁྲིད་དང་འབྲེལ་འབྱུང་རྩིས་ཟླ་བའི་འོད་ཟེར་ཀྱི་མཛུབ་ཁྲིད། རླུང་ནག་མཁན་པོ་ལས་ཉིན་སྣང་དབྱངས་འཆར་བཅས་ཀྱི་ས་རིས་བཅས་ལ་བསླབ། ཁྱད་པར་མཁས་དབང་མགར་ལྷ་རྒྱལ་མཆོག་ལས་ཞག་གསུམ་གཟའ་ལྔའི་དཀའ་གནད་དང་གོ་ལའི་ཐིག་རྩ། རྩིས་གཞུང་རྒྱས་པ་བཻ་དཀར་ཆ་ལག་དང་བཅས་པའི་གོ་དོན་མན་ངག བྱེད་གྲུབ་ཟུང་འབྲེལ་གྱི་ལོ་ཐོའི་ལག་ལེན་དམར་ཁྲིད་སོགས་ལེགས་པར་སྦྱངས་ཏེ་ལོ་འདི་ནས་བཟུང་ཕུགས་ལུགས་བྱེད་གྲུབ་ཟུང་འབྲེལ་གྱི་ལོ་ཐོ་ལོ་བརྒྱད་ཀྱི་རིང་ལ་འདོན་སྤེལ་བྱས་པར་མཁས་པ་རྣམས་ཀྱིས་བསྟོད་བསྔགས་མཛད། དགུང་ལོ་བཅོ་ལྔའི་སྐབས་སུ་རྫ་ཕུག་ཁུང་དགོན་དུ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་དྲུང་དུ་ཕེབས་ཏེ་འོད་གསལ་གསང་བ་སྙིང་ཐིག་ཆོས་སྐོར་ཐམས་ཅད་ཀྱི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཅས་པ་གནང་བའི་ཆོས་གྲལ་དུ་བཞུགས་སྐབས་ཞག་ཤས་རིང་སྙུན་གཞིའི་རྐྱེན་གྱིས་ཆོས་ཞུར་ཕེབས་མ་ཐུབ་ནས་རེ་ཞིག་ཆོས་དགོངས་ཞུས་ཚེ། བླ་མས་ཚོགས་མང་དབུས་སུ་སེམས་དཔའི་རིགས་རྒྱུད་ཀྱི་དམ་པའི་སྐྱེས་བུ་ཁོང་ལྟ་བུ་ལ་ངས་སྒྲ་ཚིག་རང་མཚན་པས་ཆོས་མ་བཏོན་ཀྱང་བརྡ་ཐབས་དགོངས་པ་གཏད་པ་ཙམ་གྱིས་བཀའ་ལུང་ཡོངས་རྫོགས་ངེས་པར་ཐོབ་ཡོད་ཅེས་ཆེད་དུ་བསྔགས་བརྗོད་ཆེན་པོ་གནང་། དགུང་གྲངས་བཅུ་དྲུག་ནས་མཁས་པའི་དབང་པོ་འགར་ལྷ་རྒྱལ་མཆོག་ལས་དགེ་རྩེ་མ་ཧཱ་པཎྜི་ཏས་འགྲེལ་པ་མཛད་པའི་དབྱངས་ཅན་སྒྲ་མདོས་མཚོན་ཀ་ཙན་དབྱངས་གསུམ་གྱི་སྒྲ་གཞུང་ཆེན་པོ་རྣམས་ལ་ལོ་ཤས་རིང་དུ་ནན་སྦྱང་མཛད་ཅིང་། དུས་ཕྱིས་མཆོག་སྤྲུལ་རྡོ་རྗེ་དགྲ་འདུལ་སོགས་ནས་བསྐུལ་ཞུས་ལྟར་དབྱངས་ཅན་སྒྲ་མདོའི་འགྲེལ་མཆན་ཆེན་མོ་བརྩམས་ཏེ་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་ནང་པར་ཤིང་གསར་བསྐྲུན་གནང་། བྲིས་པ་ཁྲོམ་ཐོག་ཨ་པད་ཀྱི་མདུན་ནས་མ་ཧཱ་པཎྜི་ཏ་ཞེ་ཆེན་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་བརྒྱུད་པའི་ལཉྫ་ཝརྟུ་སོགས་འཕགས་ཡུལ་གྱི་ཡིག་གཟུགས་ཐམས་ཅད་ལ་སྦྱང་བ་གནང་། བླ་མ་མཁས་བཙུན་མཆོག་ལས་གསར་རྙིང་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་གྱི་ཐིག་རྩ་དང་རྡུལ་ཚོན་ལ་ཞལ་ཤེས་ལྟར་ཤིན་དུ་མཁས་པར་སྦྱངས་ནས་ཕྱག་ལེན་བསྟར་བར་མཛད་ཅིང་། མཁན་པོ་ཆོས་རྡོ་སོགས་ལས་མཆོད་རྟེན་གྱི་ཐིག་རྩ་སྣ་ཚོགས་དང་ལྷའི་ཐིག་རྩ་དང་འབྲེལ་བའི་ཐང་ཀའི་རི་མོ་སོགས་བཟོའི་རིག་གནས་དུ་མ་ལ་ལག་ལེན་ཐེབ་པ་སྦྱངས་ནས་བསྟན་པ་ཡང་དར་གྱི་སྐབས་འདིར་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་བློས་བསླང་དང་། བདེ་གཤེགས་མཆོད་རྟེན་ཆ་བརྒྱད་དང་དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་མང་པོ་བཅས་གསར་བཞེངས་ཀྱི་ཕྱག་ཁྲིད་པ་མཛད། དགུང་ལོ་བཅུ་བདུན་སྐབས་སུ་རྫ་ཕུག་ཁུང་དགོན་པའི་བཤད་གྲྭ་གསར་བཞེངས་གྲུབ་པར་བརྟེན་དགུང་གྲངས་ཉེར་ལྔ་པར་དམིགས་བསལ་གྱི་ཆོས་ཐོག་འགའ་མ་གཏོགས་ལོ་ངོ་བརྒྱད་ཀྱི་རིང་བཤད་གྲྭའི་ནང་རྒྱུན་བཞུགས་གནང་ནས་མཁན་ཆེན་ཆོས་རྡོར། མཁན་པོ་པདྨ་ཐབས་མཁས། མཁན་པོ་འགྱུར་མེད་མཁྱེན་རབ། མཁན་པོ་འཇིགས་མེད་བསྟན་འཛིན་སོགས་བརྟན་མཁས་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་ལས་ཀུན་མཁྱེན་རོང་ཀློང་གཉིས་ཀྱི་བཀའ་སྲོལ་རྨད་དུ་བྱུང་བའི་དགོངས་དོན་གསལ་བར་སྟོན་པའི་འཇམ་མགོན་མི་ཕམ་ཡབ་སྲས་ཀྱི་གཞུང་འགྲེལ་རྣམས་དང་། རྫོགས་ཆེན་མཁན་པོ་གཞན་དགའ་མཆོག་ནས་བརྩམས་མཛད་པའི་རྒྱ་གཞུང་ཆེན་པོ་བཅུ་གསུམ་གྱི་མཆན་འགྲེལ་སོགས་ཀྱིས་གཙོར་བྱས་པའི་བོད་ཡུལ་གྲུབ་མཐའ་ཁག་གི་གཞུང་འགྲེལ་ཡིག་ཆ་རྣམས་ལ་ཐོས་བསམ་དཔྱིས་ཕྱིན་པ་གནང་བས་རང་གཞན་གྲུབ་མཐའ་རྒྱ་མཚོར་ནང་བྱན་ཆུད་ཅིང་། རིས་སུ་མ་ཆད་པའི་ཐུབ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་དག་སྣང་ཕྱོགས་མེད་དུ་རྒྱས། དགུང་གྲངས་བཅོ་བརྒྱད་སྐབས་རྫ་ཕུག་ཁུང་དགོན་དུ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་དཔྱིད་ཟླ་དང་པོའི་ཚེས་བཅུ་ནས་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་བར་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་དབང་ཞིབ་ཅིང་རྒྱས་པར་གནང་བ་དང་། དེ་དང་དུས་མཉམ་དུ་སྤྱི་བོའི་དགེ་སློང་མཆོག་ནས་གཏེར་མཛོད་ཀྱི་ལུང་ཆ་ཚང་གནང་སྐབས་དོན་གཉེར་ཆེན་པོས་ཆད་ལུས་ཅུང་ཟད་མེད་པ་ལེགས་པར་གསན། དགུང་གྲངས་བཅུ་དགུའི་སྐབས་དབེན་གནས་བྲག་དམར་རི་ཁྲོད་དུ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ལས་རྫོགས་པ་ཆེན་པོ་ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་མན་ངག་སྨིན་ཁྲིད་ཟབ་མོ་མང་དུ་ཞུས་ནས་སྐུ་ཚེ་དང་སྒྲུབ་པ་མཉམ་པའི་གསང་སྔགས་ཀྱི་ཉམས་ལེན་གནང་། དགུང་གྲངས་ཉི་ཤུའི་སྐབས་ཀུན་སྤངས་བྱ་བྲལ་པ་ཆེན་པོ་ཨ་ཁུ་ནམ་མཁའ་ཡེ་ཤེས་ལས་དམིགས་བསལ་དུ་ཤེར་འགྲེལ་ཀེ་ཏ་ཀ་དང་བརྒལ་ལན་རྣམ་གསུམ། རལ་གྲི་ལྔ་དང་ཨུཏྤལ་ལྔ་སོགས་ཀྱི་བཤད་ཁྲིད་གསན། དགུང་གྲངས་ཉི་ཤུ་ནས་བཟུང་ཉེར་ལྔའི་བར་དགུན་ལོ་རེ་བཞིན་ཡི་དམ་ཁག་གི་བསྙེན་མཚམས་ཞག་བརྒྱ་ཐེངས་ལྔ་བཞུགས་པ་དང་། དགུང་ལོ་ཉེར་ལྔའི་སྐབས་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པ་རྫ་ལྕང་མ་རི་ཁྲོད་ཞེས་ཡོངས་སུ་གྲགས་པའི་ཆོས་གྲྭ་དེར་ཕེབས་ནས་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་ལས། རྩ་རྒྱུད་གསང་བ་སྙིང་པོ་ཐེག་རྩེ་ཨ་ཏིའི་ལུགས་སུ་བཀྲལ་བའི་ཕྱོགས་བཅུའི་མུན་སེལ་ཆ་ལག་དང་བཅས་པ་སྙན་བརྒྱུད་ཞག་བཅུ་མའི་བཀའ་སྲོལ་དང་། དཔལ་སྤྲུལ་རྡོ་རྗེ་འཆང་ནས་བརྒྱུད་པའི་སྤྱོད་འཇུག་མན་ངག་ལུགས་ཀྱི་བཤད་ཁྲིད་ཐུན་མོང་མ་ཡིན་པ་གསན་བཞེས་ཐུགས་ཉམས་སུ་བསྟར་བས། སེམས་ཡོད་ཀྱི་སྲོག་ཆགས་ལྟར་ཞོག་སེམས་མེད་ཤིང་དུམ་ཙམ་ལ་ཡང་ཁོང་ཁྲོ་བ་ཡེ་ནས་མི་མངའ་བ་ཀུན་ལ་སྙོམས་པའི་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས་པ་སྟེ། རྗེ་ཉིད་ཀྱི་གསུང་མགུར་ལས། ཕྱི་ནས་ཆོས་པའི་ཨོ་ཟོབ་གྲགས་འུར་སོགས། །མེད་ཀྱང་གཉོམ་ཆུང་ཁས་ཞན་སྤྱོད་ལམ་གྱིས། །ལྐོག་ནས་རང་སེམས་འདུལ་བའི་ཉམས་ལེན་ཞིག །ཡོད་ན་ཆོས་ཀྱི་རྩ་བ་འདི་ཉིད་ཡིན། །ཞེས་གསུངས་པ་ལྟར་གནད་འདི་ལ་ཉམས་ལེན་ཁོ་ན་གནང་། གཞན་ཡང་མཁན་ཆེན་ཐུབ་དགའ་ཡིད་བཞིན་ནོར་བུའི་མདུན་ནས་དཔལ་སྤྲུལ་རིན་པོ་ཆེའི་ཕྱག་སྲོལ་ལྟར་བདེ་བ་ཅན་གྱི་ཞིང་ཁྲིད་མན་ངག་མདོ་སྔགས་ཀྱི་ཆོ་ག་བཞིན་ཞུས་ཏེ། དུས་ཕྱིས་སུ་ལོ་ལྟར་སྐྱེ་བོ་ཁྲི་འབུམ་དུ་མ་ལ་བདེ་ཆེན་ཞིང་ཁྲིད་ཀྱི་འགྲོ་ཕན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་བའི་ཕྲིན་ལས་གཅིག་པུའི་བཀའ་དྲིན་ཡང་བསམ་གྱིས་མི་ཁྱབ། ཐུབ་དགའ་ཡིད་བཞིན་ནོར་བུའི་ཐུགས་སྲས་མཁས་པའི་དབང་པོ་ལྷ་སྤྲུལ་ངག་དབང་བློ་གྲོས་རྒྱ་མཚོའི་མདུན་ནས་དམ་པའི་ཆོས་མངོན་པ་གོང་འོག་གི་འགྲེལ་ཆེན་ཁག་འགའ་དང་དབུ་ཕར་གྱི་དཀའ་གནད་རྣམས་ལ་དོགས་དཔྱོད་དང་། ཚེ་རབས་ལས་རྩིས་སོགས་འབྱུང་རྩིས་དཀར་རྩིས་ཀྱི་མན་ངག་མཐའ་དཔྱད་དཔྱིས་ཕྱིན་པ་གནང་། རིགས་པ་སྨྲ་བ་མཁན་ཆེན་ཚུལ་དགའི་མདུན་ནས་འཇམ་མགོན་མི་ཕམ་པའི་ཚད་མ་རྣམ་འགྲེལ་འགྲེལ་ཆེན་དང་། རིགས་གཏེར་རྩ་འགྲེལ་སོགས་ཚད་མའི་གཞུང་འགྲེལ་དུ་མ་ལ་ཞིབ་ཚགས་ཀྱིས་ནན་ཞུས་གནང་ནས་གཏན་ཚིགས་རིག་པའི་གནས་ལ་མཐའ་དཔྱད་བགྲོ་གླེང་རྒྱས་པ་གནང་། མཁས་དབང་རྫ་རྒྱལ་མཁན་པོ་ཐུ་བེ་ལས་སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཀྱི་དཀའ་གནད་མ་ལུས་པ་ཞིབ་དཔྱོད་བྱས་ནས་དཔེར་བརྗོད་ཆ་ཚང་མཛད་པ་དང་འབྲེལ། སྙན་ངག་མེ་ལོང་མའི་བཤད་ཁྲིད་རྒྱས་པ་ཞུས་ཤིང་ལེའུ་ཐོག་མཐའ་བར་གསུམ་གྱི་དཔེ་བརྗོད་ཆ་ཚང་སྤྱན་བསྟར་ཞུས་པས། ཐུགས་ཤིན་ཏུ་དགྱེས་ནས་རིག་བྱེད་ཀྱི་མཚན་ལ་དབྱངས་ཅན་དགའ་བའི་གོ་ཆ་འཇིགས་བྲལ་སྨྲ་བའི་སེང་གེ་ཞེས་གནང་། དགུང་གྲངས་ཉེར་བདུན་པར་རྫ་སྟོད་དགེ་གོང་དུ་ཕེབས་ནས་ཀུན་མཁྱེན་བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མའི་མདུན་ནས་ཉིད་མཛད་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་མ་ཕམ་ཞལ་ལུང་དང་། དབུ་མ་བཞི་བརྒྱ་པའི་འགྲེལ་པ། ལྟ་གྲུབ་ཤན་འབྱེད་རྩ་འགྲེལ། སྟོང་ཐུན་གནད་ཀྱི་ཟིན་ཐུན་སོགས་ཀྱི་བཤད་ཁྲིད་དཀའ་གནད་དང་བཅས་པ་ཞིབ་པར་གསན་པས་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་རབ་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་མཆོག་ཏུ་རྒྱས་པར་གྱུར། དགུང་གྲངས་ཉེར་བརྒྱད་སྐབས་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཞབས་དྲུང་དུ་ཕེབས་ཚེ་མཇལ་མ་ཐག་ཕ་བུ་འཕྲད་པ་བཞིན་ཐུགས་བརྩེ་གཅིག་འདྲེས་སུ་གྱུར། འོད་གསལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཁྲིད་ཡིག་ཡེ་ཤེས་བླ་མའི་སྨིན་ཁྲིད་ཆ་ལག་དང་བཅས་པ་ཨ་འཛོམས་སྙན་བརྒྱུད་ལྟར་བུམ་པ་གང་བྱོའི་ཚུལ་དུ་བསྩལ། དེ་སྐབས་ཨ་འཛོམས་རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། ཡར་ཕེབས་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་དེ་རྫོགས་ཆེན་མཁན་ཆེན་ཐུབ་བསྟན་སྙན་གྲགས་མཆོག་ལས་ཞུས་ཤིག་དང་གདན་ས་དེར་མཁན་ཆེན་ཞི་བ་མཚོའི་རྣམ་སྤྲུལ་ལན་བདུན་བྱོན་རྒྱུའི་རྟེན་འབྲེལ་ཡོད་པས་བསྟན་པ་རིན་པོ་ཆེ་ལ་ཕན་ཐོགས་ཆེན་པོ་ཡོད་ཅེས་ལུང་བསྟན་གནང་། བླ་མའི་བཀའ་བཞིན་དཔྱལ་གྱི་བྲག་དཀར་དུ་ཕེབས་ནས་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱིས་དབུས་གྲངས་ཚང་པའི་དགེ་འདུན་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ནས་འདུལ་འཛིན་གསེར་རིའི་ཕྲེང་བའི་དབུས་ན་ལྷུན་པོ་ལྟར་མངོན་པར་གསལ་བ་ཉེ་བར་འཁོར་ལྟ་བུ་བྱུང་། གནས་དེ་ནས་མཁན་ཆེན་དེ་ཉིད་ཀྱིས་དབུས་མཁས་པ་དུ་མ་ལས་གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེའུ་མིག་སོགས་གཞུང་འགྲེལ་དུ་མ་གསན་བཞེས་གནང་། དེ་ནས་ཞེ་ཆེན་དགོན་དུ་གནས་མཇལ་ལ་ཕེབས་པས་རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེས་ཐུགས་མཉེས་པ་ཆེན་པོས་ཞེ་ཆེན་བཤད་གྲྭའི་ནང་བཞུགས་དགོས་གསུངས་པ་ལྟར་ལས་ཐོག་མཁན་པོ་ལེགས་བཤད་འབྱོར་ལྡན་ལས་གཉུག་སེམས་སྐོར་གསུམ་སོགས་གསན་ཏེ་ཅུང་ཟད་བཞུགས་རྗེས་དུས་ཀྱི་ཡོ་ལང་གི་བྲེལ་ཟིང་བྱུང་བས་རང་ཡུལ་དུ་ཕེབས། དུས་དེར་ཆོས་གཞི་དགེ་འདུན་གྱི་སྡེ་ཐམས་ཅད་རྩ་མེད་དུ་བཏང་བ་སོགས་ཀྱི་ཡ་ང་བའི་ལས་འགུལ་རིམ་པར་སྤེལ་བའི་ལོ་ངོ་ཉི་ཤུའི་ལྷག་རིང་རྗེ་འདི་མངོན་ཆུང་གིས་བཞུགས་པས་སུས་ཀྱང་བརྒྱབ་རྡུང་མ་བྱས་ཤིང་། ཆེས་གསང་བ་དམ་པོའི་སྒོ་ནས་འཇམ་དཔལ་མཚན་བརྗོད་འབུམ་ཕྲག་དུ་མ་ཞལ་འདོན་གནང་བ་དང་། མདོ་སྔགས་རིག་གཞུང་དང་བཅས་པ་ལ་ཐུགས་བརྩོན་ཆེན་པོས་ཐོས་བསམ་སྒོམ་གསུམ་གྱིས་ཉམས་ལེན་གནང་ནས་རྐྱེན་ངན་གྲོགས་སུ་བསྒྱུར། དེ་རྗེས་གངས་ལྗོངས་བསྟན་པ་ཡང་དར་གྱི་དུས་བཟང་ཐོག་མར་ཤར་བའི་ཚེ་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་བོད་ཀྱི་བཅུ་ཕྲག་རིག་གནས་སླར་གསོར་དམིགས་པའི་བོད་ཡིག་སློབ་གྲྭ་ཆེན་མོ་རྫོགས་ཆེན་དུ་གསར་དུ་འཛུགས་མཛད་པ་ན། རྭ་སྐོར་མཁན་པོ་ཐུབ་བསྟན་ནོར་བུ་རིན་པོ་ཆེའི་ཞལ་སྔ་ནས། ཡོངས་སུ་མ་གྲགས་པའི་མཁས་པ་ཆེན་པོ་ཞིག་ཨ་རིག་རྫ་ལ་ཡོད་པས་དེ་གདན་འདྲེན་ཐུབ་ན་ཤིན་ཏུ་ལེགས་ཞེས་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་ལ་གསུང་འཕྲོས་གནང་བ་ལྟར་གདན་དྲངས་ཤིང་། རྟེན་འབྲེལ་གྱི་ལེགས་ཚོགས་དུས་སུ་སྨིན་པས་འགལ་རྐྱེན་གྱི་རིགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་རྫོགས་ཆེན་ཤྲཱི་སེང་སློབ་གྲྭར་ཞབས་སོར་བཀོད་ནས་ཕྱོགས་འདུས་ཀྱི་སློབ་ཚོགས་བརྒྱ་ཕྲག་འགའ་ལ་བཅུ་ཕྲག་རིག་གནས་ཀྱི་འཆད་ཁྲིད་ལོ་ལྔར་གནང་བ་ནས་ཕྲིན་ལས་ཀྱི་སྒོ་མོ་བྱེ། དེ་རྗེས་ལོ་ཤས་དབྱར་ཁའི་སྐབས་སུ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཐུགས་མོས་ཆེན་པོས་ཆེད་ཕེབས་གནང་ནས་དབྱར་གནས་གསར་འཛུགས་དང་། ཞེ་ཆེན་བཤད་གྲྭ་སླར་གསོའི་དབུ་བཙུགས་ཤིང་ལན་གྲངས་མང་པོར་ཞབས་སོར་བཀོད་དེ་གཞུང་འགྲེལ་དུ་མའི་བཤད་ཁྲིད་སྤེལ། སྤྱི་ལོ་༡༩༨༧པར་སྤྲུལ་སྐུ་ལེགས་པའི་བློ་གྲོས་སོགས་ཀྱིས་མཐུན་རྐྱེན་བསྒྲིགས་པ་ལྟར་ཨ་རིག་རྫ་ཆོས་གྲྭ་ཆེན་པོ་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་རྟེན་དང་བརྟེན་པ་གསར་བཞེངས་དབུ་འཛུགས་གནང་ནས་གནས་དེར་གདན་ས་གཙོ་བོར་གནང་ཞིང་། ཕྱོགས་འདུས་ཀྱི་བུ་སློབ་ཉིས་བརྒྱར་ཉེ་བ་ལ་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་ཞིང་། དུས་མཚུངས་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་ནས་འདི་གའི་ཤྲཱི་སེང་ཆོས་གྲྭ་ཆེན་མོ་སྐྱར་གསོའི་སྐབས་སྐུ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་གདན་ཞུས་གནང་བ་བཞིན་ལོ་ལྟར་ཟླ་བ་ཁ་ཤས་ལ་ཕེབས་ནས། སྔ་ཕྱིར་གཞུང་ཆེན་བཀའ་པོད་ལྔ་ཆ་ཚང་བའི་བཤད་ཁྲིད་ཟབ་རྒྱས་བསྩལ་བ་ཁོ་བོ་ཅག་གི་ཆོས་སྐལ་དུ་ཐོབ་ཅིང་། ཁྱད་པར་རབ་བྱུང་བཅུ་བདུན་པའི་ལྕགས་ཕག་སྤྲེལ་ཟླའི་ཡར་ཚེས་བཟང་པོ་ལ་བསླབ་གསུམ་སྡེ་སྣོད་འཛིན་པའི་དགེ་འདུན་འདུས་པ་བརྒྱ་ཕྲག་གི་དབུས་སུ་མི་འཇིགས་གདོང་ལྔས་གཏེགས་པའི་ཁྲི་འཕང་མཐོན་པོར་རྗེ་ཉིད་བཞུགས་སུ་གསོལ་ཏེ། གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་ཤར་སྒོ་སྲུང་བའི་པཎྜི་ཏ་དང་ཆོས་གྲྭའི་མཁན་ཆེན་གྱི་མཚན་གནས་དང་འཇའ་ས་སྟབས་གཅིག་ཏུ་ཕུལ་བ་དང་འབྲེལ། ཇི་སྐད་དུ། ཆོས་རྗེ་པདྨ་སྐལ་བཟང་རིན་པོ་མཆོག་གི་ཞལ་སྔ་ནས། ཕྱོགས་རེའི་གཞུང་ལུགས་ཉི་ཚེའི་རྣམ་དཔྱོད་ལས། །རིང་དུ་བརྒལ་བ་ཤེས་བྱའི་ཕ་མཐའ་སོན། །ཐོགས་མེད་གནས་ལྔ་རིག་པའི་པཎྜི་ཏ། །དེང་དུས་གངས་རིའི་ལྗོངས་ན་ཁྱེད་ལས་སུ། །རྒྱལ་གསུང་ཟབ་དང་རྒྱ་ཆེའི་ཆོས་ཀྱི་ཕུང་། །དེ་ཡི་དགོངས་འགྲེལ་འཕགས་བོད་མཁས་པའི་གཞུང་། །རྣམ་དག་དཔྱད་གསུམ་ཚད་མས་ཉེར་བཀྲལ་བ། །སྔ་འགྱུར་ཤིང་རྟའི་སྲོག་འཛིན་ཁྱོད་ལས་སུ། །གང་ཁྱེད་གཞོན་ནུའི་དུས་ནས་ཞི་བ་ཡི། །བརྟུལ་ཞུགས་མཆོག་ལ་གོམས་པའི་ཉེར་ལེན་གྱིས། །ངུར་སྨྲིག་རྒྱལ་མཚན་གསར་བའི་དཔལ་འཆང་བ། །འདུལ་འཛིན་ཁྱེད་འདྲ་སྲིད་འདིར་མཐོང་བ་ཉུང་། །དམ་པ་དམ་པ་མང་པོས་བསྔགས་པའི་ལྗོངས། །མཁས་པ་མཁས་པ་དག་གིས་བསྟི་བའི་གནས། །མང་ཐོས་མང་ཐོས་ཚོགས་པའི་དོ་ར་ན། །ཡང་དག་ཡང་དག་ལམ་སྟོན་ཁྱོད་གཅིག་མཆོག །གང་གི་གསང་གསུམ་མི་ཤིགས་རྡོ་རྗེའི་ཁམས། །ཤྲཱི་སེང་རྨད་བྱུང་ཆོས་ཀྱི་ཁྲི་ཆེན་པོར། །ཞབས་ཟུང་གཡོ་མེད་བསྐལ་བརྒྱར་བརྟན་གྱུར་ཅིག །ཅེས་སོགས་ཆེད་དུ་བརྗོད་པ་ཚངས་པའི་གསུང་གིས་བསྔགས་ཤིང་སྐུ་ཚེ་མཐར་ཕྱིན་པའི་རྟེན་འབྱུང་གི་སྒོ་འཕར་གསར་དུ་ཕྱེ་བར་མཛད་ཀྱང་ཐུགས་བཞེད་བཞིན་གནད་ཐོག་ཏུ་མ་ཁེལ་བས་རྟེན་འབྲེལ་གཞན་དབང་དུ་གྱུར། དེ་རྗེས་འཕགས་ཡུལ་དུ་ཞབས་སོར་བཀོད་ནས་གནས་ཆེན་ཆོས་སྡེ་ཁག་ལ་མཇལ་བསྐོར་དང་འབྲེལ་དེ་ཕྱོགས་ཀྱི་སྔ་འགྱུར་རྙིང་མའི་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དང་། རྫོགས་ཆེན་དགོན། དཔལ་ཡུལ་རྣམ་གྲོལ་གླིང་། བལ་ཡུལ་ཞེ་ཆེན་དགོན་སོགས་སུ་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་གདན་ཞུས་ལྟར་ཕེབས་ཏེ་སོ་སོའི་ངོ་སྐལ་ལྟར་བཀའ་ཆོས་ཟབ་རྒྱས་བསྩལ། དུས་མཚུངས་འབྲུག་ཡུལ་དང་། འབྲས་ལྗོངས། ཡོ་རོབ། ཨུ་རུ་སུ། ཨ་རི། ཁ་ན་ཌ། ཉི་ཧོང་། ཐེ་ཝན། ཧོང་ཀོང་། སིང་ག་ལ། སིང་ག་པུར་སོགས་ཕྱི་གླིང་པའི་རྒྱལ་ཁབ་མང་པོར་ཕེབས་ཏེ་དུས་ལ་བབ་པའི་གདུལ་བྱ་རྣམས་མཐོང་ཐོས་དྲན་རེག་གི་སྒོ་ནས་ཕན་བདེའི་དཔལ་ལ་བཀོད་པར་མཛད། ཕྱིར་གདན་སར་ཕེབས་ནས་དཔལ་དུས་ཀྱི་འཁོར་ལོའི་སྨིན་ཁྲིད་སོགས་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོས་ཕྱོགས་འདུས་ཀྱི་སྐྱ་སེར་སྟོང་ཕྲག་མང་པོ་རྗེས་སུ་བཟུང་བ་བཅས་འགྲོ་ཕན་རྒྱ་ཆེར་བསྐྱངས། དགུང་གྲངས་བདུན་ཅུ་བཞེས་པ་ལྕགས་འབྲུག་ལོར་སྐུ་ཅུང་ཟད་ལྡེམ་པ་ལྟ་བུའི་སྙུན་གཞི་བྱུང་བས་མཚན་ཉིད་གཞུང་ཆེན་ཁག་གི་བཤད་ཁྲིད་མཚམས་འཇོག་གནང་ནས་ཐུགས་དམ་བོགས་འདོན་གྱི་ཚུལ་དུ་སྐུ་མཚམས་བཅད་རྒྱ་ལ་ཡུན་རིང་བཞུགས། དེ་རྗེས་སློབ་ཚོགས་ཡོངས་ཀྱིས་ནན་ཆེའི་བསྐུལ་ཞུས་ལྟར་སྨན་ཁང་ཆེ་ཁག་ལ་ཕེབས་པར་མཛད་ཀྱང་ཞབས་བཅར་བ་ཀུན་ལ་ཡུན་རིང་མི་བཞུགས་པའི་གསུང་འཕྲོས་བསྩལ། དགུང་གྲངས་དོན་གཉིས་བཞེས་པ་ཆུ་རྟ་ཧོར་ཟླ་དང་པོའི་ཡར་ཚེས་ནང་བསམ་ཡས་མཆིམས་ཕུར་ཕེབས་པའི་ཐུགས་བཞེད་བཞིན་རྒྱ་ནག་ཁྲིན་ཏུའུ་ནས་གནམ་གྲུར་བཞུགས་ཏེ་བསམ་ཡས་སུ་ཕེབས། དགོན་དེའི་འདུས་སྡེ་ཡོངས་ཀྱིས་བསུ་མ་རྒྱ་ཆེན་དང་བཅས་ཆོས་སྡེ་ཆེན་མོར་ཞབས་སོར་བཀོད། ཉིན་འགའི་རྗེས་སྙུན་གཞི་ཡར་དྭངས་དང་སྐུ་ལུས་ཇེ་ཡངས་ལྟ་བུས་ཚོགས་མང་ལ་ཐེག་ཆེན་བྱང་སེམས་ཀྱི་ཕན་ཡོན་ལས་བརྩམས་པའི་ཆོས་འབྲེལ་གསུངས། ཕྱི་ཉིན་ཚེས་བཅུའི་སྔ་དྲོར་ཚོགས་མཆོད་ཞིག་འབུལ་གནང་མཛད་ནས་དེ་ཉིན་ཞིང་དུ་གཤེགས་རྒྱུ་ཡིན་ཚུལ་གསུངས་པ་ན། བུ་སློབ་རྣམས་ཀྱིས་གསོལ་བ་ནན་བཏབ་ངོར་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་དུ་བྱིན་གྱིས་རླབས་ཏེ་ཞག་བཅོ་ལྔ་ལ་བཞུགས་པར་མཛད། དེ་ནས་འབུམ་འགྱུར་ཟླ་བའི་དམར་ཕྱོགས་ཀྱི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་གྱི་སྔ་དྲོའི་ཆ་ལ་སྐུ་རྣམ་སྣང་ཆོས་བདུན་གྱིས་བཞུགས་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །བོད་ཟླ་གཉིས་པའི་ཡར་ཚེས་བཅོ་ལྔའི་ཉིན་མཆིམས་ཕུ་བྲག་དམར་ཀེ་ཚང་གི་ཉེ་འགྲམ་ཟངས་མདོག་དཔལ་གྱི་རི་བོའི་མགུལ་བར་རྡོར་སྨིན་བསམ་ཡས་སོགས་ཀྱི་འདུས་པ་མང་པོས་ལས་བཞིའི་སྦྱིན་སྲེག་གི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་བ་ན། ལྷོ་ནས་བྱང་དུ་སྣ་ལྔའི་མཇའ་ཚོན་དང་། ཤར་ནས་ནུབ་ཏུ་ནམ་མཁའི་མདངས་དང་མ་འདྲེས་པའི་མཇའ་འོད་སྔོན་པོ་བ་ཐག་རྐྱང་བ་ལྟ་བུ་དེར་ཡོད་གདུང་མཇལ་བ་མཆོག་ཕལ་ཡོངས་ཀྱིས་མིག་གི་བདུད་རྩིར་གྱུར་པ་དང་། འབྱུང་འགྱུར་གདུལ་བྱའི་བསོད་ནམས་ཀྱི་རྟེན་སྐལ་དུ་དབུ་ཐོད་བུམ་རིལ་མེས་མ་རྨས་པ་ལ་ཡི་དམ་དཔལ་ཆེན་པོའི་སྐུ་རང་བྱོན་དུ་གསལ་བ་སོགས་ཐ་མའི་མཛད་པ་མཐོང་ཞིང་ཐོས་པ་དག་ཀྱང་རྣམ་པར་གྲོལ་བའི་ས་ལ་དབུགས་འབྱིན་པར་མཛད་དོ། །

[༩༡] མི་ཕམ་མཆོག་སྤྲུལ་དགུ་རོང་རྒྱལ་སྲས་ཆོས་ཀྱི་བློ་གྲོས།

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་གཏེར་སྟོན་བསོད་རྒྱལ་རྣམ་གཉིས་ཀྱི་ཞལ་སློབ། གངས་རིའི་ལྗོངས་ཀྱི་སྨྲ་བའི་སེང་གེ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་སྤྲུལ་བའི་རྣམ་རོལ་དེ་མ་ཐག་པ་དགུ་རོང་རྒྱལ་སྲས་རིན་པོ་ཆེ་ནི། བསིལ་ལྡན་བྷོ་ཊའི་རྒྱལ་ཁམས་ཀྱི་བྱེ་བྲག་ཕྱི་དར་བསྟན་པའི་འབྱུང་གནས་མདོ་སྨད་རི་བོ་དན་ཏིག་དང་ཁད་ཉེ་བའི་སའི་ཆ། བོད་ཀྱི་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེས་དངོས་སུ་ཞབས་ཀྱིས་བཅགས་ཤིང་འོད་གསལ་ཐེག་པ་མཆོག་གི་གསང་ལམ་ནས་གྲུབ་བརྙེས་རིག་པ་འཛིན་པའི་འཕགས་ཆེན་བརྒྱུད་མར་བྱོན་པའི་གནས་མཆོག སྡེ་བཞི་དཔལ་གྱི་འབྱོར་བས་མངོན་པར་ཕྱུག་པའི་ཡུལ་གྲུ་དགུ་འགྱུར་པད་མོ་རོང་ངམ་དགུ་རོང་ཞེས་གྲགས་པའི་ལྷ་སྡེ་རུ། ཡབ་དགུ་རོང་ཧོ་ཐོག་ཐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཞེས་པ་གྲུབ་དབང་རྫོགས་ཆེན་པའི་གདན་ས་ཆེན་མོར་འདིར་ཕེབས་ནས། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་ཞབས་པད་ལ་ལོ་གྲངས་བདུན་ལྷག་བཏུད་དེ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད་པས་མཁས་དང་གྲུབ་པའི་ཡང་རྩེར་སོན་པ། འཇམ་མགོན་བླ་མའི་ནང་ཐུགས་ཀྱི་སྲས་གཅིག་ཏུ་གྱུར་པས་ས་སྐྱོང་སྡེ་དགེ་རྒྱལ་ཁབ་ཏུ་བཀའ་འབུམ་ཤིང་པར་དུ་བསྐྲུན་པའི་བདག་རྐྱེན་གནང་བ་སོགས་ཕྲིན་ལས་ཀྱི་ཞབས་འགྱུར་ཚད་མེད་གནང་བ་མཛད་པོ་དེ་ཉིད་དང་། ཡུམ་བཀའ་བརྗིད་སྟོང་དཔོན་གྱི་བུ་མོ་འཛོམས་སྐྱིད་ཅེས་རིགས་དང་ལང་ཚོའི་མྱུ་གུས་རབ་ཏུ་མཛེས་ཤིང་དད་བརྩོན་ཤེས་རབ་སོགས་དཀར་ཆོས་ཀྱི་ཡོན་ཏན་མ་ཚང་བ་མེད་པས་མངོན་པར་ཕྱུག་པ་དེ་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༩༡༢པ་སྟེ་བོད་རབ་བྱུང་བཅོ་ལྔ་པའི་ཡོངས་འཛིན་ཞེས་པ་ཆུ་བྱི་ལོའི་ཧོར་ཟླ་བཅུ་གཉིས་པའི་འགྲུབ་སྦྱོར་བཟང་པོའི་ཉིན་སྐུ་བལྟམས། ཉིན་དེར་གཏེར་ཆེན་ལས་རབ་གླིང་པས་གསང་ཆེན་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་དར་ཞལ་བསལ་ཏེ་སྨིན་གྲོལ་གྱི་སྒོ་མོ་གསར་དུ་ཕྱེས་པའི་སྟ་གོན་དང་ཁེལ་ཞིང་། ཡུམ་གྱི་ནུ་ཞོ་ཞལ་དུ་མ་མིད་པའི་སྔ་རོལ་དུ་གཏེར་ཆེན་མཆོག་གིས་ལྗགས་ལ་ཧྲཱིཿདང་དྷཱིས་རྒྱས་ལེགས་པར་བཏབ་ཅིང་འཇམ་དབྱངས་རིལ་བུ་བསྩལ། ཞག་བདུན་གྱི་མཚམས་ནས་ཡབ་དགུ་རོང་ཚང་དང་གཏེར་སྟོན་བསོད་རྒྱལ་ལྷན་རྒྱས་ཀྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་སྒོ་ནས་སྨིན་པར་བྱས་ཤིང་ཚེ་འགུགས་རྒྱས་པ་མཛད་ནས་རྒྱས་སྲས་བློ་གྲོས་ཞེས་མཚན་གསོལ། ལོ་དེའི་ཕྱིར་ལོ་གཏེར་ཆེན་བསོད་རྒྱལ་རིན་པོ་ཆེ་སླར་ཡང་ཆེད་གཏད་ཀྱིས་དགུ་རོང་ཕོ་བྲང་དུ་ཕེབས་ནས་ཐུགས་བརྩེ་ཆེན་པོས་རྒྱལ་སྲས་ཚང་སྐུ་པང་དུ་བཟུང་ནས་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཅིང་། རྫོགས་ཆེན་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གོས་དར་བཀའ་ཁྱབ་ཐམ་ཀ་ཅན་དང་ཁོང་གི་བརྡ་ལུང་ཤོག་སེར་བཅས་ཕུལ། སླར་ཡང་བླ་མ་རིག་འཛིན་འདུས་པའི་ཚེ་དབང་གི་སྒོ་ནས་གསང་གསུམ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས། སྔོན་མི་ཕམ་རིན་པོ་ཆེ་དགུང་ལོ་དྲུག་ཅུ་ལ་སོན་སྐབས་ཕྱག་བྲིས་ཀྱི་ལམ་ནས་བླ་སློབ་ཐེངས་གཅིག་མཇལ་འཕྲད་དགོས་པའི་བཀའ་གསུང་བྱུང་བ་ལྟར་ས་སྤྲེལ་ལོར་ཡབ་དགུ་རོང་ཚང་དང་ཡུམ་འཛོམས་སྐྱིད་འཁོར་གཡོག་བཅས་ཆེད་དུ་མདོ་ཁམས་སུ་ཕེབས། བླ་མ་མི་ཕམ་རྫོང་མགོ་རི་ཁྲོད་དུ་བཞུགས་པ་དང་མཇལ་བས་ཐུགས་དགྱེས་ཚོར་ཆེན་པོས་ཉིན་གྲངས་དུ་མར་ལྷན་དུ་བཞུགས་ཤིང་བཀའ་རྒྱ་ཅན་གྱི་ཟབ་ཁྲིད་ཀྱི་རྒྱུན་མང་པོ་གསུངས་ནས་བྱང་ཆུབ་སྙིང་པོའི་བར་རྗེས་སུ་འཛིན་པའི་ཞལ་བཞེས་གནང་། ཡབ་སྲས་ཞལ་གྱེས་ཁར་དགུ་རོང་ཚང་ལ་རྙིང་མ་རྒྱུད་འབུམ་གྱིས་གཙོས་ཉིད་ཀྱི་ཕྱག་དཔེ་རྩ་ཆེན་མང་པོ་དང་། ཐུགས་དམ་རྟེན་འཇམ་དབྱངས་སྐུ་འབྲལ་སྤོང་ཅན་ཁྱད་མཚར་བཅས་དང་། ཡུམ་འཛོམས་སྐྱིད་ལ་སྒྲོལ་དཀར་གྱི་ཞལ་ཐང་བྱིན་ཅན། གསེར་གྱི་གའུ། ཕྱག་ཕྲེང་པདྨ་རཱ་གའི་རྒྱན་ལྡན་སོགས་བསྩལ་ནས་རིན་པོ་ཆེ་འདི་དག་ལ་ཕྱིན་ཆད་བྱི་དོར་ལེགས་པོ་བྱེད་དགོས་ཞེས་དགོངས་པ་ཅན་གྱི་གསུང་གིས་དབུགས་དབྱུང་མཛད་པ་དང་། ཡང་ས་བྱི་ལོར་མི་ཕམ་རིན་པོ་ཆེ་ཁམས་ནས་སྐུ་གཤེགས་པའི་དུས་སྐབས་དང་ཁེལ་བའི་ནང་མོ་ཞིག་ལ་དགུ་རོང་ཚང་གིས་སྐུ་འཁོར་རྣམས་བོས་ཏེ། མདང་ཁོ་བའི་ཉིང་འཁྲུལ་དུ་མི་ཕམ་རིན་པོ་ཆེས་ཁོང་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་སུ་ཕེབས་རྒྱུ་ཡིན་ཚུལ་གསུང་བར་བདག་ཁྲིད་རྒྱུའི་གསོལ་བ་ཕུར་ཚུགས་སུ་བཏབ་པས་ཞལ་འཛུམ་པ་དང་བཅས་ང་མི་འགྱངས་པར་ཕྱིར་ཡོང་། ཁྱོད་མ་འོང་ཞེས་གསུངས་པར་གཞིག་ན་ཞིང་དུ་གཤེགས་པ་འདྲ་གསུངས་ཏེ་ཐུགས་ཐག་ཆོད་པོས་སྐུ་འཁོར་འགའ་ཞིག་ཁམས་སུ་བཏང་བ་དང་། དཔོན་སློབ་མང་པོས་དགོངས་རྫོགས་ཚོགས་མཆོད་རྒྱ་ཆེར་འབུལ་བ་སོགས་ཕྱི་ནང་གསང་བའི་ལུང་དོན་རྟེན་འབྲེལ་མངོན་དུ་གྱུར་ཏོ་ཞེས་ཀུན་ལ་ཡོངས་སུ་གྲགས་པ་བྱུང་། གཏེར་སྟོན་བསོད་རྒྱལ་ལས་སྔ་ཕྱི་རྣམས་སུ་སྒྱུ་འཕྲུལ་གསང་བ་སྙིང་པོ་དང་། གྲུབ་ཆེན་ས་ར་ཧ་དང་བིརྦ་པའི་རྡོ་རྗེའི་དོ་ཧ། ཟབ་མོ་ལྟ་སྲོལ་དང་རྒྱ་ཆེན་སྤྱོད་སྲོལ་གྱི་བྱང་ཆུབ་སེམས་སྡོམ་སོགས་གསན་པས་ཐེག་ཆེན་མདོ་སྔགས་ཀྱི་ལམ་ལ་ཐོག་མར་འཛུད་པའི་བཀའ་དྲིན་ཅན་ཡིན་ཞེས་ཐུན་མིན་རིགས་བདག་ཏུ་འཛིན། དགུང་ལོ་ལྔ་ལ་སོན་སྐབས་མ་ཡུམ་འཛོམས་སྐྱིད་ནས་ཀློག་གི་སློབ་དཔོན་མཛད་དེ་ཡི་གེའི་སྦྱོར་ཀློག་ལ་བྱང་ཆུབ་པ་བསླབ་པར་མཛད་ཅིང་། གཞན་ཡང་རྩིས་དཀར་ནག་གི་རྒྱུན་ཤེས་དང་། རི་མོ་ཐིག་རྩ། གདངས་དབྱངས་འདོན་རྟ་བཅས་ཐུན་མོང་རིག་གནས་ལ་སྦྱངས་པ་མཛད། དགུང་ལོ་བརྒྱད་པ་ནས་གཟུ་ལུང་པ་མཁས་པའི་དབང་པོ་བློ་བཟང་དགེ་འདུན་ཆེད་དུ་ཡོངས་འཛིན་དུ་གདན་དྲངས་པ་ལས་དབུ་ཅན་དབུ་མེད་ཀྱི་བྲིས་དང་། སི་ཏུའི་འགྲེལ་ཆེན་གཙོ་བོར་གྱུར་པའི་བརྡ་སྤྲོད་རིག་པའི་སྐོར། སྙན་ངག་དོན་རྒྱན་སོ་ལྔ་དཔེར་བརྗོད་ཀྱི་སྟེང་ནས་རྒྱས་ཁྲིད་བཅས་དང་། ཟུར་དུ་ཡབ་རྗེ་དགུ་རོང་རིན་པོ་ཆེ་ལས་མི་ཕམ་བཀའ་འབུམ་དང་། དཔལ་སྤྲུལ་བཀའ་འབུམ། ཞབས་དཀར་བཀའ་འབུམ། རྗེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་བཅས་ཀྱི་ལྗགས་ལུང་བསྩལ། དེ་ནས་དགུང་གྲངས་བཅུ་གཉིས་པ་ཆུ་ཕག་ལོར་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མདོ་སྨད་དུ་གསེར་ཞལ་སྒྱུར་སྐབས་འཇམ་མགོན་བླ་མའི་རྣམ་སྤྲུལ་དུ་ཐུགས་ཐག་ཡང་དུ་བཅད་ནས་མགུལ་དར་སྒྲོན་པ་དང་། གོང་མའི་གདན་ས་རུ་དམ་རྫོགས་ཆེན་དུ་གསེར་ཁྲིར་འཁོད་དགོས་པའི་བཀའ་གསུང་ལ་དང་ལེན་གཏན་ཁེལ་མཛད། གྲུབ་དབང་རིན་པོ་ཆེས་ཕྱོགས་དེའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཡོངས་ལ་སྒྱུ་འཕྲུལ་ཞི་ཁྲོ་དང་། འདོད་འཇོའི་བུམ་བཟང་། སྨིན་གླིང་རྡོར་སེམས། ཉང་གཏེར་བཀའ་བརྒྱད་བདེ་འདུས། སྙིང་ཐིག་ཡ་བཞི། ཀློང་ཆེན་སྙིང་ཐིག་རྩ་པོད་ཀྱི་དབང་ལུང་གནང་བ་བཅས་ཡོངས་རྫོགས་གསན། ལོ་དེའི་ཕྱིར་ལོ་གསང་ཆེན་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཆིབས་ཞལ་སྒྱུར་བའི་འགོ་རྩོམ་ཞིང་། ལམ་བར་གྱི་ལྷ་སྡེ་དགོན་སྡེ་མང་པོས་གདན་ཞུས་ལྟར་སོ་སོར་ཕེབས་ནས་དབང་ཆོས་དང་དགེ་བསྐུལ་རྒྱ་ཆེན་པོས་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད་པ་དང་། དངོས་འབྱོར་གྱི་འབུལ་བ་སྤོམ་ཆེན་པོ་བྱུང་བ་ཀུན་ཀྱང་སྐུ་གསུང་ཐུགས་རྟེན་དང་གཙུག་ལག་ཁང་བཞེངས་སྐྲུན་གྱི་ཐེབས་རྩ་འབའ་ཞིག་ལ་གནང་། སླར་བཤུལ་ལམ་རིམ་བགྲོད་ཀྱིས་སྒྲུབ་གནས་པདྨ་བདེ་ལྡན་གླིང་དུ་ཕེབས་པ་དང་དེར་ཞེ་ཆེན་རབ་འབྱམས་དང་། རྒྱལ་ཚབ་པདྨ་རྣམ་རྒྱལ། ཟུར་མཁར་སྤྲུལ་སྐུ་སོགས་གོང་མའི་ཞལ་སློབ་སྐྱེས་ཆེན་དུ་མ་ཕེབས་ཏེ་མཇལ་བཅར་ཞུས། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཉེ་གནས་མདོ་སྔགས་མཆོག་གིས་རྒྱལ་སྲས་ཚང་ལ་མི་ཕམ་རིན་པོ་ཆེའི་ན་བཟའ་ཆ་ཚང་དང་། སྐུ་གསུང་ཐུགས་ཀྱི་རྟེན་ཕལ་ཆེ་བ། ཕྱག་དྲིལ་ཕྱག་ཌལ། ཕྱག་དཔེ་རྩ་ཆེན་ཕལ་མོ་ཆེ། པར་ཤིང་བྱིན་ཅན། སྨན་སྣ་རིན་བྲལ་མང་པོ་བཅས་ཕ་ནོར་བུ་ཡི་ལག་ཏུ་འཕྲོད་པ་ཡིན་ཞེས་ཕུལ་བ་དང་། ཟླ་བ་ཕྱེད་ལྷག་རིང་མི་ཕམ་གསུང་འབུམ་ཕལ་མོ་ཆེའི་ལུང་དང་རྫོགས་སྐོར་ཀྱི་ཟབ་ཁྲིད་མཐའ་ཡས་པ་བསྩལ་ནས་འབྲལ་བར་དཀའ་བའི་ངང་ཚུལ་དང་བཅས་ཞལ་གྱེས་ཞུས། དེ་ནས་མེ་སྟག་ཟླ་བ་དང་པོའི་ཚེས་གཅིག་ཉིན་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དུ་ཐོག་མར་ཞབས་སོར་བཀོད་པ་དང་། འདི་གའི་ཆོས་སྡེ་ཆེན་མོ་ནས་བདེ་ཀོང་མཁྱེན་གསུམ་སོགས་མཁན་སྤྲུལ་བརྒྱད་ཅུ་ལྷག་གིས་དབུ་དྲངས་ཏེ་གྲྭ་མང་ཆིག་སྟོང་ལྷག་གིས་དར་གདུགས་སོགས་མཆོད་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཐོགས་ཏེ་ཚོགས་ཆེན་ལྷ་ཁང་དུ་སྤྱན་དྲངས། གྲུབ་དབང་ལྔ་པ་ཆེན་པོ་དབུས་སུ་བཞུགས་པའི་གཡས་ཀྱི་གསེར་ཁྲི་ལ་མངའ་གསོལ་ནས་འཆི་མེད་ཚེ་ཡི་དབང་མཆོག་གིས་སྐུ་ཚེ་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བྱིན་གྱིས་བརླབས་ཤིང་། མཐའ་རྟེན་མནྜལ་གྱི་སྐབས་སུ་མཁྱེན་སྤྲུལ་གུ་རུ་ཚེ་དབང་མཆོག་གིས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་དང་འབྲེལ་བའི་ལེགས་བཤད་ཚོགས་གཏམ་ཡིད་འཕྲོག་པ་སྤེལ་བས་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད། དགུ་རོང་ཡབ་སྲས་ནས་ཀྱང་སྐུ་འགྱེད་མང་ཇ་སོགས་ཚོགས་བསགས་ཀྱི་སྒོ་རླབས་ཆེ་བ་སྤེལ་ཏེ་ཐོག་མའི་ཕྲིན་ལས་ཀྱི་སྒོ་འཕར་གསར་དུ་ཕྱེས། དེ་ནས་ཁོང་ཡབ་སྲས་ཀྱིས་ཞུས་ངོ་ལྟར་གྲུབ་དབང་ལྔ་པ་མཆོག་ལས་དུས་འཁོར་དབང་ཆེན་དང་། སྔ་འགྱུར་བཀའ་མ་པོད་དགུའི་དབང་ལུང་། རིན་ཆེན་གཏེར་མཛོད། སྒྲུབ་ཐབས་ཀུན་བཏུས། དགོངས་འདུས་དབང་ཆེན། བདེ་འདུས་དབང་ཆེན། ཀར་གླིང་ཞི་ཁྲོའི་སྨིན་དབང་། འཇིགས་གླིང་པོད་དགུའི་ལྗགས་ལུང་། ཆོས་སྐྱོང་གི་སྲོག་དབང་སྐོར་བཅས་མནོག་ཆོས་སུ་ཐོབ། གཞན་སྐུ་ཞབས་དགེ་མང་མཆོག་སྤྲུལ་ལས་མཛོད་ཆེན་བདུན་གྱི་ལྗགས་ལུང་། མཁན་སྤྲུལ་བདེ་མཆོག་རྡོ་རྗེ་ལས་སྨིན་གླིང་གཏེར་ཆེན་གྱི་གསུང་ཆ་ཚང་དང་། གདམས་ངག་མཛོད་ཀྱི་ལུང་བཅས་གསན། རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེ་ལས་ཤེས་བྱ་ཀུན་ཁྱབ་རྩ་བའི་བཤད་ཁྲིད། མཁྱེན་བརྩེ་རིན་པོ་ཆེས་གསུང་འབུམ་གྱི་ལུང་བཅས་ཐོབ། འཇམ་མགོན་བླ་མའི་ཐུགས་སྲས་མཁན་ཆེན་ཀུན་དཔལ་རིན་པོ་ཆེ་ཆེད་གཏད་ཀྱིས་གོང་མའི་གཟིམས་ཕུག་ནགས་ཆུང་རི་ཁྲོད་དུ་གདན་དྲངས་ནས་ལོ་ཕྱེད་ཙམ་ལ། མི་ཕམ་གསུང་འབུམ་ཕལ་མོ་ཆེ་དང་། ཉིད་མཛད་སྤྱོད་འཇུག་འབྲུ་འགྲེལ། ལོ་ཆེན་སྡོམ་གསུམ་དཔག་སྙེ་བཅས་ཀྱི་བཤད་ཁྲིད་དང་། རྙིང་མ་རྒྱུད་འབུམ། རྒྱུད་བཅུ་བདུན། རྡོ་གྲུབ་བསྟན་ཉིའི་གསུང་འབུམ་བཅས་ཀྱི་བཀླག་ལུང་ཡོངས་རྫོགས། མི་ཕམ་འཇམ་དཔལ་ཞི་དྲག་གི་སྒོམ་བཟླས་མན་ངག་དང་བཅས་པ་སོགས་ཟབ་རྒྱས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན། དེ་མཚུངས་ཡར་མར་ཆོས་སྡེ་ཁག་ལ་ཕེབས་ནས་དབང་ཁྲིད་ཅི་རིགས་གསན་བཞེས་མཛད་པ་སྟེ། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་ས་སྐྱའི་ལམ་འབྲས་སློབ་བཤད་དང་། ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་ཆེན། མཆོག་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་། ཞེ་ཆེན་རབ་འབྱམས་ལྔ་པ་ལས་འཇམ་དབྱངས་ཀྱི་ཆོས་སྐོར་དང་། ཡོན་ཏན་མཛོད་འགྲེལ་བདེན་གཉིས་ཤིང་རྟ་ཆ་ཚང་། རྒྱལ་ཚབ་པདྨ་རྣམ་རྒྱལ་ལས། འོད་མདོ། འཇམ་དཔལ་མཚན་བརྗོད། འཇམ་དཔལ་ཚེ་བདག་གི་དབང་། བླ་མ་མི་ཕམ་པའི་སྒྲུབ་རྒྱུན་ཟབ་མོའི་སྐོར་བཅས་ཐོབ་པ་སྟེ། མདོར་ན་གདན་ས་འདིར་ལོ་ངོ་གཉིས་ལྷག་བཞུགས་རིང་། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། སྙན་བརྒྱུད་གདམས་པའི་ཆུ་བོ་ངོ་སྤྲོད་དམར་ཁྲིད་བཅས་པ། ཕྱག་བཞེས་སྒྲུབ་འཕྲིན་གྱི་ཆུ་བོ་བསྟན་བསྲུང་དྲག་སྔགས་བཅས་པ་ཞེས་ཡོངས་སུ་གྲགས་པའི་སྔ་འགྱུར་ཆུ་བོ་བཞི་རྫོགས་ཀྱི་རིང་ལུགས་དྲི་མ་མེད་པ་ཐུགས་ཀྱི་བུམ་པར་བསྐྱིལ། སླར་དགོས་དབང་ཁྱད་པར་ཅན་གྱིས་སྐུ་ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཕེབས་ཞལ་བསྒྱུར་བ་དང་། དགུང་ལོ་བཅོ་བརྒྱད་ནས་དཔའ་རིས་མ་ཞབས་དྲུང་ཚང་ཞེས་མདོ་ཁམས་རྫོགས་ཆེན་དུ་ཕེབས་ནས་གྲྭ་ས་བཅད་པའི་མཁས་མཆོག་བཤེས་གཉེན་དེ་ཉིད་ཆེད་དུ་ཕོ་བྲང་དུ་གདན་དྲངས་ཏེ། མཁས་མཆོག་གཞན་ཕན་སྣང་བའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་དང་། མི་ཕམ་ཚད་མའི་སྐོར། སྙིང་ཐིག་སྔོན་འགྲོའི་ཁྲིད་སྦྱང་། རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཡིག་སོགས་ཆོས་བཀའ་ཟབ་མོ་དུ་མ་གསན་བཞེས་གནང་། དུས་སྐབས་ཅི་རིགས་པར་ཡབ་དགུ་རོང་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ལས་ཀྱང་། སྙིང་ཐིག་རྩ་གསུམ་དང་ཚེ་དབང་། རྡོ་རྗེ་ཕུར་བ་རྒྱུད་ལུགས་ཀྱི་དབང་ལུང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་བརྒྱུད་པའི་འདོད་འཇོའི་བུམ་བཟང་། ངོར་ལུགས་དང་། ཞྭ་ལུགས། ཇོ་ལུགས་བཅས་ཀྱི་དུས་འཁོར་དབང་ཆེན། རྩ་རླུང་འཕྲུལ་འཁོར་དང་གཏུམ་མོའི་ཞལ་ཤེས་སྙན་བརྒྱུད་སྐོར། གསང་བ་སྙིང་པོའི་སྤྱི་དོན་ཞལ་དགོངས་རྣམ་གཉིས། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས། སྔོན་འགྲོ་ཀུན་བཟང་ཞལ་ལུང་། སྡོམ་གསུམ་རྣམ་ངེས། དཔལ་སྤྲུལ། མི་ཕམ། གཏེར་སྟོན་བསོད་རྒྱལ་བཅས་ཀྱི་གསུང་འབུམ་ཆ་ཚང་གི་ལུང་། བཀའ་བརྒྱུད་སྔགས་མཛོད་དང་གདམས་ངག་མཛོད་གཉིས་ཀྱི་དབང་ལུང་སོགས་ཆོས་ཚུལ་མཐའ་ཡས་པ་བཞེས་པ་དང་། རྡོ་གྲུབ་སྤྲུལ་སྐུ་རིག་ལོའི་མདུན་ནས་རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ་ཆ་ཚང་གི་ལུང་གསན། དགུང་གྲངས་ཞེ་གསུམ་པ་ཤིང་རྟ་ལོར་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཚོ་སྔོན་དུ་ཕེབས་པ་ཕོ་བྲང་དུ་གདན་དྲངས་ཏེ། བཀའ་བརྒྱད་དབང་ཆེན། ཀར་གླིང་ཞི་ཁྲོའི་རྒྱབ་ཆོས། བཀའ་གཏེར་གྱི་དབང་ལུང་རྒྱུན་དཀོན་རིགས་འགའ་གསན་ཞིང་། ཕར་ལ་མི་ཕམ་ཆོས་སྐོར་ལས་ཟབ་ཁྲིད་འགའ་གསུངས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལས། འཇིགས་གླིང་པོད་དགུའི་ལུང་། རྫོགས་ཆེན་རིག་པའི་རྩལ་དབང་། མི་ཕམ་སེམས་ཁྲིད་སྐོར་ཞུས་ཤིང་། ཕར་ལ་མི་ཕམ་མན་ངག་སྐོར་གྱི་ཁྲིད་རྒྱུན་དཀོན་པོ་འགའ་ཕུལ་བ་བཅས་ཀྱིས་རྗེ་འདི་གཉིས་བླ་སློབ་ཟུང་འབྲེལ་དུ་གྱུར། དགུང་གྲངས་བརྒྱད་ཅུ་གྱ་སྟོད་ཙམ་ལ་སོན་སྐབས་བདག་ཅག་གི་སྐྱབས་རྗེ་བླ་མ་པདྨ་སྐལ་བཟང་རིན་པོ་ཆེ་ལས་དཔལ་སྤྲུལ་ཚིག་གསུམ་གནད་བརྡེག་དང་། འདོད་འཇོའི་བུམ་བཟང་གི་སྨིན་དབང་གིས་མཚོན་དབང་ལུང་མང་པོ་གསན། དེ་བཞིན་མཁན་ཆེན་བླ་མ་པདྨ་ཚེ་དབང་རིན་པོ་ཆེ་ཆེད་དུ་བྲག་ཁུང་སྣ་དགུ་རོང་དགོན་པར་སྤྱན་དྲངས་ཏེ། བླ་སྤྲུལ་སྔགས་བཙུན་སོགས་འདུས་པ་མང་པོ་ལ་སྒྱུ་འཕྲུལ་གསང་སྙིང་དང་ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་དང་བཅས་གསུང་སྐབས་རྗེ་ཉིད་ཚོགས་གྲྭལ་དུ་རྒྱུན་བཞུགས་མཛད་ནས་གསན་པ་དང་། ཕར་མཁན་ཆེན་མཆོག་ལ་འཇམ་དཔལ་གྱི་ཆོས་སྐོར་དུ་མའི་དབང་ལུང་ཕུལ་བས་མཚོན་རྗེ་ཉིད་ཀྱིས་སྐུ་ཚེ་གང་པོར་ཐོས་བསམ་ཉམས་བཞེས་ལ་གཙིགས་སུ་འཛིན་ཞིང་། གཞན་མཚོ་སྔོན་ཕྱོགས་ཀྱི་བླ་སྤྲུལ་ཀུན་ལའང་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་བར་ཁོ་ནར་གདམས། དེ་ལྟར་གསན་ཞིང་ཐོས་པའི་ཆོས་རྣམས་གོ་ཡུལ་དཔེ་ཐོག་ཏུ་མ་ལུས་པར་ཉམས་ལེན་སྲང་ལ་རྒྱུན་དུ་གཞལ་བར་མཛད་པ་སྟེ། རྗེ་ཉིད་ཀྱི་གསུང་ལས། རང་གིས་ཉིན་མཚན་དུས་དྲུག་ཏུ་ཆོས་འཇིག་རྟེན་གྱི་བྱ་བ་གང་ཞིག་བསྒྲུབས་ཀྱང་བྱ་བ་དེའི་འགོ་རྩོམ་སྐབས་སྦྱོར་བ་སེམས་བསྐྱེད་དམ་པའི་རྩིས་ལས་འདས་མ་མྱོང་། བྱ་བ་དེ་དངོས་སུ་སྒྲུབ་སྐབས་དངོས་གཞི་དམིགས་མེད་དམ་པས་རྒྱས་བཏབ་ཅིང་། མཇུག་བསྡུ་སྐབས་རྗེས་བསྔོ་བ་དམ་པས་རྩིས་མ་ཟིན་པ་མེད་ཅེས་གསུངས་པས་མཚོན་གང་འདུལ་གྱི་མཛད་སྤྱོད་ཐམས་ཅད་སྨོན་དང་འཇུག་པའི་བདག་ཉིད་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་བཟང་ལས་ནམ་ཡང་འདའ་བར་མི་སྲིད་པ་དང་། ཐོག་མར་སྐུ་ན་ཕྲ་དུས་མཚོ་སྔོན་བར་དམ་དབྱིངས་རིག་ནས་བཅད་རྒྱ་དམ་པོར་བཞུགས་ཏེ་རྫོགས་པ་ཆེན་པོའི་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་མཛད་ཅིང་། བླ་མའི་རྣལ་འབྱོར་སྐབས་རྨི་ལམ་འོད་གསལ་གྱི་སྣང་ཆར་གཏེར་སྟོན་བསོད་རྒྱལ་རིན་པོ་ཆེས་ཞལ་གཟིགས་པས་ལུས་སེམས་ལ་བདེ་སྟོང་བརྗོད་མི་ཤེས་པའི་ཚོར་བས་ཁྱབ་ཅིང་རྟོགས་པའི་ཡེ་ཤེས་ལ་བོགས་ཐོན། དགུང་ལོ་བཅུ་དགུ་ནས་སྙིང་ཐིག་རྩ་གསུམ། མི་ཕམ་འཇམ་དཔལ་ཞི་དྲག་གི་སྒོམ་བཟླས། གཏེར་སྟོན་བསོད་རྒྱལ་གྱི་ཆོས་སྐོར་བཅས་ཀྱི་བསྙེན་སྒྲུབ་དང་། རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་བཞེས་ལ་གནད་དུ་བསྣུན་པའི་བཅད་རྒྱ་དམ་མཚམས་ལ་ཐེངས་མང་བཞུགས་ཤིང་། དེ་དག་གི་སྐབས་སུ་ལས་བཞིའི་ཕྲིན་ལས་ལ་མངའ་དབང་འབྱོར་བའི་རྟགས་དང་ཉམས་རྟོགས་སྒོམ་བྱུང་གི་ཡེ་ཤེས་དབྱར་མཚོ་རྒྱས་པ་ལྟར་བྱུང་ཚུལ། ཞལ་གསུང་ལྟ་བའི་ཉམས་མགུར་ལས། ཨེ་མ་ཧོ། ཕ་མཆོག་བླ་མ་དགྱེས་འཛུམ་བཞད་ལྡན་པར། །མདོ་མེད་རྒན་པོ་དགྱེས་པའི་གླུ་ཞིག་འབུལ། །ཕྱི་ནང་སེམས་ཀྱི་གཞལ་ཡས་ཁང་བཟང་དུ། །སེམས་ཉིད་འོད་གསལ་གདན་གསུམ་ཆ་ལག་རྫོགས། །ཞི་ཁྲོའི་ལྷ་ཚོགས་གསལ་བའི་སྤྱན་སྔ་རུ། །ཉམས་སྣང་རྩལ་སྦྱང་རྒྱང་གླུའི་མཆོད་པ་འབུལ། །སྣང་སྟོང་ལྷ་སྐུའི་རོལ་གར་བསྒྱུར་བའི་སྐུ། །གྲག་སྟོང་འཛབ་དབྱངས་དྲུག་འགྱུར་གླུ་དབྱངས་དངོས། །རིག་སྟོང་འཇམ་དཔལ་གཞོན་ནུའི་དབྱིངས་སུ་གྲོལ། །གནས་ལུགས་འདུ་འབྲལ་མེད་པའི་ཀློང་དུ་བསྡུ། །རང་རྩལ་འགགས་མེད་ལྷ་སྐུའི་སྣང་ཞེན་ཡལ། །རྒན་པོ་དགྱེས་པའི་བསྐྱེད་རིམ་རྒྱང་གླུ་ཡིན། །ལུས་སྣང་སྟོང་པ་ལྷ་སྐུའི་འཇའ་གུར་དབུས། །རྩ་འདབ་འཁོར་ལོ་མཚོན་མདངས་སྣ་ལྔས་བཀླུབས། །དབྱིངས་ཡེ་ཡབ་ཡུམ་གསལ་བའི་མཁའ་ཀློང་དུ། །རླུང་གཡོས་དབྱིངས་རིག་རྡོ་རྗེ་བཟླས་པའི་གཤིས། །གཉུག་དོན་ཤེས་རབ་གཟུངས་མའི་དབྱིངས་ཆེན་པོར། །གསང་བའི་པད་མོ་བཟུང་འཛིན་རྩ་བྲལ་ཡང་། །བདེ་དགས་མྱོས་པའི་རོལ་རྩལ་འབུམ་སྤྲོ་བ། །རྒན་པོ་དགྱེས་པའི་རྩ་རླུང་རྒྱང་གླུ་ཡིན། །མ་བཅོས་རང་བྱུང་སེམས་ཉིད་སྐུ་གསུམ་གར། །འཁོར་འདས་དག་མཉམ་ཆེན་པོ་རོ་གཅིག་ངང་། །དབྱིངས་རིག་འགྱུར་མེད་ཐིག་ལེ་ཆེན་པོ་རུ། །འོད་གསལ་ཉམས་སྣང་ཨེ་དབྱིངས་གནད་ལ་གཟིར། །ཆོས་སྐུའི་དགོངས་ཀློང་གདོད་མའི་ངང་ཉིད་ལས། །ཆོས་ཉིད་འདུ་འབྲལ་མེད་པའི་རྩལ་སྦྱོང་བ། །རྒན་པོ་དགྱེས་པའི་ཉམས་ལེན་རྒྱང་གླུ་ཡིན། །སྦྱོར་བ་སེམས་བསྐྱེད་གསེར་འགྱུར་རྩི་ཡིས་བཀླུབས། །དངོས་གཞི་དམིགས་མེད་ཉི་ཟླའི་དཀྱིལ་འཁོར་གསལ། །རྗེས་ལ་བསྔོ་བ་རྡོ་རྗེ་རྒྱ་ཡིས་ཐེབས། །སྒོ་གསུམ་བྱ་བྱེད་དམ་པ་གསུམ་གྱིས་ཟིན། །བླ་མ་སངས་རྒྱས་དངོས་ཀྱི་ཞབས་པད་ཟིན། །གདམས་ཟབ་ཚེ་གཅིག་གྲོལ་བའི་བདུད་རྩིས་མྱོས། །དོན་གཉིས་ལྷུན་གྲུབ་ཚེ་ཆོས་མཐར་ཕྱིན་པ། །རྒན་པོའི་སེམས་གཏམ་རྒྱང་གླུ་བླངས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་སྨིན་གྲོལ་ཆོས་ཀྱི་བདུད་རྩིས་སྐལ་བ་ལྡན་པའི་གདུལ་བྱ་ཇི་ལྟར་རྗེས་སུ་བཟུང་ཚུལ་ནི། དགུང་ལོ་བཅུ་གཉིས་སྟེང་བཀའ་བརྗིད་སྟོང་དཔོན་གཙོས་དེ་གའི་སྔགས་མང་ལ་བཀའ་བརྒྱད་དབང་ཆེན་གནང་ནས་ཐོག་མའི་ཆོས་སྒོ་གསར་དུ་ཕྱེས་པ་ནས་ད་ལྟའི་བར་དུ། གྲུབ་དབང་རྫོགས་ཆེན་པ་དགུ་རོང་ཡབ་སྲས་ཀྱི་ཆོས་བརྒྱུད་འཛིན་པའི་དགོན་ཁག་གནམ་རྫོང་མ་ལག་དང་བཅས་པས་གཙོས། ཁམས་ར་སྔགས་མང་། འགྲམ་ཚང་སྔགས་གཞུང་། སྔོ་སེར་སྔགས་མང་། བྲག་ཁང་དགུ་རོང་དགོན་པའི་སྔགས་མང་། བྱ་ཚང་སྔགས་མང་། དོ་རྒྱལ་སྔགས་མང་། སྐྱ་རྒྱལ་སྔགས་མང་། ཆོས་ཚང་མ། ཚོ་དྲུག་སྔགས་མང་། གྲོང་བརྒྱད་སྔགས་མང་། རེབ་ཀོང་སྔགས་མང་། བ་ཡན་ཕྱོགས་ཀྱི་ཁ་སྒང་སྔགས་མང་། ཚེ་བརྟན་བུ་རྒྱུད་ཀྱི་སྔགས་མང་། བྲག་དཀར་རྒྱལ་སྔགས་མང་། བ་ཡན་སྟག་ཚང་སྔགས་མང་། ཁོ་བར་སྔགས་མང་། ཁུ་སྒར་ཐང་དང་གཡུ་ཚ་སྔགས་མང་། བ་ཡན་ཁོ་ཚེ་སྔགས་མང་། དོ་ཞོལ་སྔགས་མང་། འཐབ་རྒྱལ་སྔགས་མང་། འགགས་ཚ་སྔགས་མང་། དུག་རྒྱལ་མང་སྔགས་མང་། མཁོ་དཀར་རྒྱལ་སྔགས་མང་སོགས་དང་། མཚོ་སྔོན་རྐང་ཚ་ཕྱོགས་ནས་ཉ་ནག་དགོན། ཕྱུག་ནོར་དགོན། ས་ཐོ་དགོན། བྲག་དཀར་བྲ་ཚ། སོག་རྩ་ཕར་ཚུར། མཁར་ཟུར་ཚང་དགོན། མཚོ་ལྷོ་ཕྱོགས་ནས་སྒོ་མེ་ཏིང་ཀྱཱ་དགོན། གཡུ་ལུང་དགོན་པ། བ་ཝོ། གཏེར་ཆེན་དགོན་དང་ཐུབ་བསྟན་དགོན་སོགས། ཁྲི་ཀ་ཕྱོགས་ཀྱི་སྨད་པ་སྡེ་བདུན་སྔགས་མང་། ཁྲི་ཀའི་མི་ཀན་དགོན། སྟོང་ཆོས་བ་བརྒྱ་ལྷ་ས་སྔགས་མང་། སྟག་རིག་ལམ་འགྲོ་སྔགས་མང་། ཀྱོ་མེ་བརྒྱ་སྔགས་མང་། སྨད་པ་གཤོང་པའི་སྔགས་མང་། སྐེ་བ་སྔགས་མང་། སེར་བརྒྱ་སྔགས་མང་། ཀོ་རོལ་གཞུང་སྲང་གཞུག་དང་ཧོར་བརྒྱ་སྔགས་མང་། རྡི་རིས་ཚང་སྔགས་མང་། རྡོ་རིས་རྫོང་མགོ་སྔགས་མང་། སྒོ་མེ་མཛོ་སྣ་སྔགས་མང་། སྒོ་མེ་ནེའུ་ན་སྔགས་མང་། སྒོ་མེ་ལྷ་ཁང་ཐང་སྔགས་མང་། བཀའ་བརྗིད་སྔགས་མང་། སེར་བརྒྱ་སྔགས་མང་སོགས་དང་། སྒོ་མེ་བརྒྱ་ར་སྔགས་མང་། མཐེབ་རྒྱའི་སྤྲེའུ་ནག་སོག་རྩ་དགོན། མཚོ་ནུབ་ཐེམ་ཆེན་ཕྱོགས་ཀྱི་མཁར་ཟུར་ཚང་དགོན་པ། ནག་བཟའ་འབྲུག་ཆུང་བཀྲ་ཤིས་འབྱུང་གནས་དགོན་པ། བོང་སྟག་བྲ་ཚའི་བྲག་དམར་དགོན་པ། མཚོ་ནུབ་ཕྱོགས་ཀྱི་བར་དམ་དབྱིངས་རིག་སྔགས་མང་དགོན། དཔའ་རིས་ཕྱོགས་ཀྱི་བ་བཟའ་ཀན་ཆུང་དགོན། སུམ་མདོ་སྔགས་དགོན་སོགས་མདོ་སྨད་ཀྱི་སྔ་འགྱུར་རྙིང་མའི་དགོན་ཁག་རྣམས་ཀྱི་བླ་སྤྲུལ་མཁན་པོ་རྣམས་དང་། རབ་བྱུང་དང་སྔགས་པའི་གྲྭ་ཚང་། དད་ལྡན་ཕོ་མོ་ཁྲི་ཕྲག་མང་པོ་བཅས་ལ་ལས་འབྲས་དགེ་བསྐུལ་གྱི་ཆོས་འཁོར་ནས་རང་ལུགས་ཀྱི་འདོན་ཆའི་རིགས་ཀྱི་དབང་ལུང་། ཐུན་མོང་བློ་སྦྱོང་གི་སྐོར། ཐུན་མིན་ཟབ་ཆོས་ཀྱི་གདམས་ཟབ་ཐམས་ཅད་གང་ལ་གང་འདུལ་དུ་བསྩལ་བར་མ་ཟད། སྐལ་བ་མཆོག་ལྡན་གྱི་གང་ཟག་རྣམས་ལ་མན་ངག་རྫོགས་ཆེན་གྱི་སེམས་ཁྲིད་བསྩལ་བ་སོགས་འབྲེལ་ཚད་དོན་ལྡན་ཐར་དང་རྣམ་མཁྱེན་གྱི་གོ་འཕང་ལ་མངོན་པར་སྦྱོར་བར་མཛད་དོ། །དེ་མཚུངས་བྱ་བ་ལས་ཀྱི་འཁོར་ལོས་བསྟན་དང་འགྲོ་བའི་ཕན་བདེ་རྒྱ་ཆེན་པོ་སྤེལ་ཚུལ་ནི། དགུང་ལོ་ཉེར་གཉིས་ནས་ཟི་ལིང་མཚོ་སྔོན་སོགས་ཀྱི་སྔ་འགྱུར་རྙིང་མའི་ཆབ་སྲིད་སྤྱི་བདག་ཆེན་པོ་དགུ་རོང་ཏཱ་བླ་མ་ཞེས་གོང་མའི་ལུང་གིས་བསྔགས་པའི་ཡབ་དགུ་རོང་ཚང་གི་ཆོས་སྲིད་ཀྱི་དབང་ཆ་ཡོངས་རྫོགས་ཀྱི་ཐུགས་འགན་རྗེ་འདིས་བཞེས་པ་ནས་ད་ལྟའི་བར་དུ། ཟི་ལིང་མ་པུའུ་ཧྥང་གི་བློ་འདྲི་གྲོས་འདོན་པ་དང་། མ་པུའུ་ཧྥང་སྲིད་གཞུང་གི་དྲུང་ཆེན་གཞོན་པ། རྒྱལ་ཁབ་རྙིང་པ་གོ་མིན་ཏང་སྲིད་གཞུང་གི་འཐུས་མི་དང་། ཀྲུང་གོ་གསར་བའི་རྒྱལ་ཁབ་དབུ་བརྙེས་ནས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་མཚོ་སྔོན་མཚམས་འདྲི་ཚོགས་པའི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་མགོ་ལོག་ལས་དོན་ཚོགས་པའི་ཚོགས་གཙོ་གཞོན་པ། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ས་མཚམས་ཐག་གཅོད་འགོ་ཁྲིད་ཚན་ཆུང་གི་མཚན་གཙོ་བཅས་ཀྱི་ཐུགས་འགན་བཞེས་ཏེ། རྒྱལ་ཁབ་ཀྱི་འཆར་འགོད་ལྟར་མི་དམངས་ཀྱི་འཚོ་བར་དངོས་སུ་ཐུགས་ཁུར་དང་རོགས་སྐྱོར་ཚད་མེད་གནང་བ་དང་། སློབ་གྲྭ་དང་དགོན་སྡེ་མང་པོ་ལ་དངུལ་སྒོར་གྱི་རོགས་རམ་གནང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་ཀྱི་རྩ་བ་བསྐྲུན་པ་སོགས་བསྟན་འགྲོར་སྨན་པའི་མཛད་པ་དངོས་ཤུགས་ཅི་རིགས་ནས་རྒྱ་ཆེར་བསྒྲུབས། དེ་ལྟར་སྐུ་ཚེ་དང་མཛད་པ་མཐའ་རུ་ཕྱིན་པའི་ངང་དགུང་གྲངས་དགུ་བཅུ་བཞེས་པ་རབ་བྱུང་བཅུ་བདུན་པའི་ཆུ་རྟ་ལོར་དགོངས་པ་ཆོས་དབྱིངས་སུ་ཉེ་བར་བསྡུ་བར་མཛད་ཅིང་། དུས་དེར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་དགུ་འགྱུར་པད་མོ་རོང་དུ་ཞབས་པད་མངོན་པར་བཀོད་པའི་དབུས་སེར་སྐྱ་སྟོང་ཕྲག་མང་པོས་གདུང་མཆོད་འབུལ་བ་དང་། གསང་ཆེན་ཆོ་གའི་དར་ཞལ་ཕྱེས་ཏེ་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་ཚེ་རྒྱུད་སྡེ་རང་གཞུང་ནས་གསུང་པའི་ཕྱི་ནང་གི་གྲོལ་རྟགས་ཐམས་ཅད་མངོན་སུམ་མཐུན་སྣང་དུ་བྱུང་བ་དང་། ཁྱད་པར་སྐུ་རུས་ཀྱི་དུམ་བུ་འགའ་ལ་ཨ་ར་པ་ཙའི་ཡིག་འབྲུ་ཆེས་གསལ་བ་དོད་པ་སོགས་ཐ་མའི་མཛད་པས་ཀྱང་གདུལ་བྱ་རྣམ་པར་གྲོལ་བའི་ལམ་ལ་བཀོད་པར་མཛད་དོ། །

[༩༢] རིགས་བདག་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ།

ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་དང་མཁན་ཆེན་པདྨ་ཚེ་དབང་རྣམ་གཉིས་ཀྱི་ཐུགས་སྲས་ཐུ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་རིགས་བདག་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་ནི། སྤྱི་ལོ་༡༩༣༠པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་རྟ་ཡི་ལོར་གངས་ཅན་བོད་ཀྱི་ཤར་ཕྱོགས་སྲིད་པའི་ཟོ་དོར་ཡུལ་ལྷ་རྨ་རྒྱལ་སྤོམ་རས་བདག་ཏུ་བཟུངས་ཤིང་། རྨ་ཀླུང་དལ་འབབ་རིང་མོ་གཡུ་འབྲུག་གི་ཟོལ་གྱིས་འཁྱིལ་བའི་ཁུག་སོ་མགོ་ལོག་ཨ་སྐྱོང་གི་སའི་ཆ་སྟོང་སྐྱབས་ཞེས་པ་རུ། ཡབ་སྤེ་ནེ་རྒྱ་རྡོ་དང་སྐྱེད་ཡུམ་སྒར་བཟའ་ཨ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་ནམ་མཁར་འཇའ་སྤྲིན་གྱིས་གང་ཞིང་མེ་ཏོག་གི་ཆར་བབ་པ་དང་། ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཞལ་ནས་ན་མོ་བུདྡྷ་དྷརྨ་སངྒ་ཡ་ཞེས་ཀུན་ཀྱིས་ཐོས་པར་ཞལ་འདོན་གནང་བཞིན་སྐུ་བལྟམས། ཟླ་བ་གཅིག་ཙམ་རྫོགས་པའི་དུས་ཨ་ར་པ་ཙ་རྒྱུན་མར་བགྲང་པ་དང་། སྐུ་ན་ཆུང་ངུའི་དུས་སུ་དད་དང་སྙིང་རྗེ་ངེས་འབྱུང་གིས་ཐུགས་རྒྱུད་ཕྱུག་པ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་ཡོན་ཏན་མཐའ་དག་ལྷན་སྐྱེས་སུ་མངའ། དེ་ཡང་རྗེ་བཙུན་བླ་མ་རིན་པོ་ཆེ་འདི་ཉིད་ནི་ལོ་ཆེན་བཻ་རོ་ཙ་ན་དང་སློབ་དཔོན་བཱི་མ་ལ་ཟུང་དུ་འཇུག་པའི་རྣལ་རོལ་ཏུ་ངེས་ཤིང་། སྐུ་ཚེ་འདིའི་སྐྱེ་སྲིད་སྔ་མ་ནི་སྔ་འགྱུར་བསྟན་པའི་ཉི་མ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཏེ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ལུང་བྱང་ལས། གཞན་ཕན་མཐའ་ཡས་གསུང་གི་སྤྲུལ་པ་ཞིག༔ ཨ་སྐྱོང་ནང་དུ་བདེ་བའི་མྱུ་གུ་བཞད༔ ཅེས་པ་ནས། འབྲེལ་ཚད་བདེ་ཆེན་གླིང་དུ་འདྲེན་པར་འགྱུར༔ ཞེས་གསུངས་ཤིང་། དེ་ཉིད་རྗེ་འདི་ཉིད་དུ་ངེས་པའི་ཚུལ་གུ་རུའི་ཞལ་གདམས་ཡིད་བཞིན་ནོར་བུ་ལས། བཻ་རོའི་སྤྲུལ་པ་བློ་གྲོས་མིང༔ འཆད་རྩོམ་མཐའ་ཡས་བཀའ་བབ་འབྱུང༔ ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སྤྲུལ་གཞི་ལོ་ཆེན་བཻ་རོ་ཙ་ནར་ཡོངས་སུ་གྲགས་ཤིང་བློ་གྲོས་མིང་ཞེས་པས་རྗེ་བླ་མའི་མཚན་སྒྲ་གསལ་བར་གསུངས་པ་དང་། དེ་བཞིན་པདྨ་གླིང་པའི་ལུང་བྱང་ལས། ལྕགས་རྟ་ལོ་ལ་མཐའ་དམག་བོད་དུ་བརྡོལ༔ ང་ཡི་སྤྲུལ་པ་དགེ་སློང་བློ་གྲོས་མིང༔ ཆུ་བོ་གསེར་ལྡན་འབབ་པའི་འགྲམ་དུ་འབྱུང༔ སྨོན་ལམ་དབང་གིས་དུས་ཀྱི་འཁྲུགས་པ་ཟློག༔ ལྕགས་ལུག་ལོ་ལ་སྐྱིད་པའི་ཉི་མ་ཤར༔ ཞེས་པས་དགུང་སྙིང་ལྕགས་རྟ་ཡིན་པ་དང་འཁྲུངས་གནས་རྨ་ཆུའི་འགྲམ་ཡིན་པ། བསླབ་རྟེན་དགེ་སློང་འདུལ་བ་འཛིན་པ་ཆེན་པོ་བློ་གྲོས་ཞེས་པའི་མཚན་སྒྲ་དང་བཅས་གསལ་བར་བསྟན། དེ་མཚུངས་རྗེ་ཉིད་ཀྱི་ཞལ་ནས་ཐུགས་སྲས་ཐུ་བོ་མགོ་ལོག་སྤྲུལ་སྐུ་བསྟན་པོའམ་བན་ནག་དབོན་སྤྲུལ་ལ། ང་རང་བཻ་རོ་ཙ་ནའི་དུས་སུ་ཁྱོད་རྒྱལ་མོ་གཡུ་སྒྲ་སྙིང་པོ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་དུས་སུ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་ཡིན་པ་བཅས་རང་ཅག་སྐྱེ་བ་ཚེ་རབས་དུ་མར་བླ་སློབ་འབྲལ་མ་མྱོང་བ་ཡིན་པ་ཁྱོད་ཀྱིས་དྲན་གི་འདུག་གམ་ཅེས་ནང་འཕྲོས་སུ་གསུངས་པ་དང་། རྒྱལ་བསྟན་ཡང་དར་གྱི་ཕྱི་མའི་དུས་འདིར་རྗེ་གོང་མའི་གདན་ས་རུ་དམ་ཤྲཱི་སེང་ཆོས་གྲྭར་ཞབས་ཀྱིས་བཅགས་ཏེ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་གཞིར་བཞེངས་སུ་བསླང་བ་འདི་ཉིད་གཅིག་པུའུ་ཡང་། ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་གྲུབ་པའི་ཕྲིན་ལས་ཉག་གཅིག་ལས་བྱུང་བ་ལས། སྟབས་ལེགས་སྟེས་དབང་གིས་མིན་པ་བློ་གྲོས་ཀྱི་མིག་མ་ལྡོང་བ་ཀུན་ལ་གསལ་ལེར་ངེས་པས་མང་དུ་སྨྲ་མ་དགོས་ལ། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེས་ཀྱང་བཻ་རོའི་སྤྲུལ་བ་ཡིན་ཚུལ་དབུགས་དབྱུང་གནང་ནས་སྤྲུལ་སྐུའི་མཚན་འདོགས་རྒྱུ་ཡོད་ཀྱང་ཚེ་གེགས་འདུག་པས་རེ་ཞིག་རྡོ་རྗེ་མགོན་པོ་བཏགས་ན་ཚེ་ཆོས་མཐར་ཕྱིན་པ་འོང་ཞེས་གསུངས། གཞན་ཡང་ཨོ་རྒྱན་མཁའ་སྤྱོད་གླིང་པའི་གཏེར་ལུང་ལས། རྨ་ཡི་སྟོད་དུ་བཱི་མའི་སྤྲུལ་པ་འབྱུང་། །སྙིང་ཐིག་སྙིང་པོའི་བསྟན་པས་གདུལ་བྱ་སྐྱོང་། །ཞེས་གསུངས་ཤིང་ཤང་གི་རྩེ་མོར་ཨ་ཡིག་གི་རི་མོ་ཆེས་གསལ་བ་བཱི་མའི་རྒྱ་རྟགས་དང་ལྡན་པ་ཀུན་ཀྱིས་མ་འདྲེས་པར་མཇལ་ཞིང་། རིག་འཛིན་ཉི་མ་གྲགས་པའི་གཏེར་ལུང་ལས། ཡོན་ཏན་རིག་འཛིན་བཱི་མ་ལ༔ ཤར་ཕྱོགས་མདོ་ཁམས་སྨད་ནས་འབྱུང༔ པདྨའི་མིང་ཅན་བརྟུལ་ཞུགས་ཅན༔ བརླ་གཡས་སྨེ་བ་སྤྱན་འདྲས་མཚན༔ ཞེས་བཱི་མའི་རྣམ་རོལ་འཁྲུལ་མེད་དུ་ངེས་པའི་རྟགས་ཁྱད་པར་བ་བརླ་གཡས་སུ་སྨེ་བ་སྤྱན་དང་འདྲ་བས་མཚན་པ་གསུངས་པའང་རྗེ་འདི་ཉིད་ལ་མངོན་སུམ་དུ་བཞུགས་ཤིང་ཁོང་གི་སྐྱེ་བའི་རབས་ཐམས་ཅད་རྟགས་མཚན་དེ་དང་འབྲལ་མ་མྱོང་ཞེས་ཞལ་བཞེས་གནང་བ་སོགས། མདོར་ན་རིམ་དང་གཅིག་ཆར་གཅིག་དང་དུ་མའི་སྒྱུ་འཕྲུལ་གྱི་རོལ་གར་ཚད་མེད་པ་མངའ་བ་རྒྱལ་བ་རྣམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལས་མ་འདས་པ་སྤྱི་ལྟར་རོ། །དགུང་གྲངས་བརྒྱད་ཀྱི་དུས་སུ་སུས་ཀྱང་བསྐུལ་བ་མེད་པར་རང་མོས་ཀྱིས་ཡི་གེ་འབྲི་ཀློག་སོགས་སློབ་སྦྱང་གནང་བས་ཚེགས་ལ་མ་ལྟོས་པར་མཁྱེན། དེ་ནས་འགྲོ་མགོན་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་བསྟན་བཅོས་ངོ་མཚར་སྤྲུལ་བའི་གླེགས་བམ་ཞིག་ཕྱག་སོན་བྱུང་བ་དབྱངས་རྟ་སྣ་ཚོགས་པས་ཞལ་འདོན་མཛད་པས་ཐ་མལ་གྱི་སྣང་ཤེས་འགག་ཅིང་བདེ་སྟོང་གི་ཡེ་ཤེས་དང་སྙིང་རྗེ་བཅོས་མིན་རྒྱུད་ལ་སྐྱེ་བ་བྱུང་། དགུང་ལོ་བཅོ་བརྒྱད་པར་འཁོར་བ་ལ་སྐྱོ་ཤས་གཏིང་ནས་འཁྲུངས་ཏེ་རི་དྭགས་རྙི་ནས་ཤོར་བ་ལྟར་ཉིན་ཞག་གཅིག་གི་ལྟོ་ཆས་དང་ཞལ་ཕོར་ཙམ་ཡང་མ་བསྣམ་པར་གནས་མཆོག་རྨ་རྒྱལ་སྤོམ་རའི་ལྷ་རི་གོ་མཚོན་ཕྱུག་མོའི་སྒྲུབ་གནས་ཤིག་ཏུ་ལོ་ངོ་གཅིག་ལྷག་རིང་སྐུ་མཚམས་ལ་བཞུགས། དེ་སྐབས་ཆུ་གྲང་ཁོ་ན་གསོལ་ནས་ཉིན་མཚན་ཁོར་ཡུག་ཏུ་གནས་ལུགས་ཀྱི་ལྟ་བའི་ངང་ལ་བཞུགས་པས་ཟས་གོས་ཀྱི་མཐུན་རྐྱེན་ཞན་ཡང་ཤིན་ཏུ་སྐྱིད་དར་ཞེས་གསུངས། འདི་དུས་སྣང་སེམས་ལ་མངའ་དབང་འབྱོར་བའི་རྟགས་སུ་སྒྲུབ་ཕུག་ཉེ་གམ་གྱི་བྲག་རྡོ་ཞིག་གི་ངོས་ལ་ཞབས་རྗེས་བཞག་པ་དེང་སང་ཡང་གསལ་བོར་མཇལ་དུ་ཡོད་པར་གྲགས། དགུང་གྲངས་ཉི་ཤུའི་དུས་གནས་བརྟན་འདུལ་འཛིན་ཆེན་པོ་འབྲོག་པ་མཁན་པོ་ལས་རབ་ཏུ་བྱུང་བས་མཚན་བློ་གྲོས་རྒྱ་མཚོ་ཞེས་གསོལ། མཁན་པོ་དེའི་དྲུང་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དྲན་པ་ཉེར་བཞག་དང་། ལག་ལེན་འདེབས་པ། སྤྱོད་འཇུག་རྩ་བ་བཅས་ཞུས་ཏེ་འབུམ་ལྔའི་བསགས་སྦྱང་ཁ་སྐོང་དང་བཅས་པ་གྲུབ་པར་མཛད། དེ་རྗེས་གླིང་དཔོན་རོང་ཚ་ཁྲ་རྒན་གྱི་ས་ཆར་གྲགས་པའི་ཁྲ་སྟོད་གནམ་རྫོང་ཕྱུག་མོའི་ཁྲ་ཆོག་ཕུག་པ་ཞེས་པ་རུ་སྒྲུབ་པ་ལ་བཞུགས་པའི་ཚེ་གཞན་སྣང་ཟིལ་གྱིས་གནོན་པའི་རྟགས་སུ་ལྷ་ཀླུ་མི་མིན་གྱིས་བཟའ་བཏུང་ཉེར་སྤྱོད་ཀྱི་འཚོ་བ་ཕུལ། བར་ལམ་དར་གྱི་སྙན་མོ་དགོན་དུ་བྱོན་ཏེ་མཁས་པའི་དབང་ཕྱུག་སྙན་དགོན་སྤྲུལ་སྐུ་གསུང་རབ་ཀྱི་མདུན་ནས་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་། དྲན་པ་ཉེར་བཞག ལག་ལེན་འདེབས་པ། ལམ་རིམ་ཉུང་ངུ་། ཉག་བླ་བསོད་རྒྱལ་གྱི་རྩ་གསུམ་གསང་བ་དྲིལ་སྒྲུབ་ཀྱི་དབང་ལུང་བཅས་ཞུས། དགུང་ལོ་ཉེར་གཉིས་དུས་སྔོན་སྨོན་ཐུགས་བསྐྱེད་ཀྱི་བག་ཆགས་ཟབ་མོས་ཉེ་བར་བསྐུལ་ཏེ་རུ་དམ་རྫོགས་ཆེན་ཕྱོགས་སུ་ཆོས་བྲོས་སུ་བྱོན། མར་ལམ་རྫ་ཆུ་ཁ་ནས་སྤྲུལ་སྐུ་ནམ་མཁའ་འཇིགས་མེད་མཇལ་བ་ལས་སངས་རྒྱས་སྟོང་དབང་དང་། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་བ། རོང་ཟོམ་གསུང་སྣང་བ་ལྷ་སྒྲུབ། འཇམ་དཔལ་མཚན་བརྗོད་དང་། མན་ངག་ལྟ་ཕྲེང་འགྲེལ་བ། དམ་ཚིག་འགྲེལ་བ་སོགས་ཟབ་ཆོས་ཅི་རིགས་གསན། རྫོགས་ཆེན་དུ་འབྱོར་སྐབས་མདོ་ཆེན་མཁན་པོ་བསོད་ནམས་རྡོ་རྗེ་སྐུ་ཡུལ་ཨ་སྐྱོང་ཕྱོགས་སུ་མཁན་བསྐོས་ཕེབས་སྐབས་དང་ཁེལ་ཞིང་། སྤྱན་འདྲེན་པ་ཧོར་རྒྱུད་བཀྲ་ཤིས་ཞེས་པ་རང་ཡུལ་གྱི་འགོ་དཔོན་ཞིག་སླེབ་འདུག་པ་དེས་ཨུ་ཚུགས་མཐའ་སྐྱེལ་བྱས་པ་ཟློག་ཐབས་བྲལ་ཏེ་ཕྱིར་ཨ་སྐྱོང་དུ་མ་ཕེབས་ཐབས་མེད་བྱུང་། འདི་སྐབས་གདན་ས་ཆེན་མོའི་མཁན་སྤྲུལ་སྐྱེས་ཆེན་རྣམས་ལས་ཆོས་འབྲེལ་ཙམ་ལས་གསན་པ་ཅི་ཡང་མ་གྲུབ་པས་མི་རིང་བར་གནས་འདིར་མ་སླེབ་ཐབས་མེད་ཡིན་པའི་ཐུགས་དམ་བཅས། མཁན་རིན་པོ་ཆེ་བསོད་ནམས་རྡོ་རྗེའི་དྲུང་ནས་སྤྱོད་འཇུག་མཆན་འགྲེལ། ཀུན་དཔལ་སྤྱོད་འགྲེལ།སྡོམ་གསུམ་མཆན་འགྲེལ། ཡིད་བཞིན་མཛོད། སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ། སྙིང་ཐིག་ཡ་བཞིའི་ལུང་རྒྱུན། གནས་ལུགས་མཛོད་བཅས་ཞུས་ཏེ་ལོ་ཕྱེད་ལྷག་བཞུགས་སྐབས་ཁོང་གིས་གསར་བུ་གོ་བ་ཅན་ཞེས་བསྔགས་བརྗོད་མཛད། དེ་རྗེས་ཁྲོ་བའི་བླ་མའི་དྲུང་ནས་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ། དཔལ་སྤྲུལ་ཤེར་ཕྱིན་ཚིག་འགྲེལ་དང་། སྤྱི་དོན། དགེ་འདུན་ཉི་ཤུའི་ཟིན་བྲིས། གཏམ་པདྨའི་ཚལ་གྱི་ཟློས་གར། ཀློང་ཆེན་པའི་གཏམ་ཚོགས་བཅས་གསན་པ་དང་། སྟག་དགོན་སྤྲུལ་སྐུའི་དྲུང་ནས་སྐུ་གསུམ་ཆོ་གའི་དབང་ལུང་སོགས་ཕྱོགས་དེའི་བཤེས་གཉེན་རྣམས་ལས་ཆོས་འབྲེལ་ཅི་རིགས་གསན། དགུང་གྲངས་ཉེར་བཞི་པར་སླར་ཡང་མཚན་བྲོས་ཀྱིས་རུ་དམ་རྫོགས་ཆེན་དགོན་དུ་བྱོན། མཁན་པོ་བསོད་ནམས་རྡོ་རྗེས་རུ་དམ་ཡང་དབེན་ནས་ཡིད་བཞིན་མཛོད་འགྲེལ་གསུང་བཞིན་པ་གསན། དེ་རྗེས་ཁོང་གིས་གནས་ལྔ་རིགས་པའི་པཎྜི་ཏ་ཨ་པན་ནམ་མཁན་ཆེན་པདྨ་ཚེ་དབང་རྒྱ་མཚོར་བཅོལ་གཏམ་མཛད་པ་བཞིན་རྗེ་དེ་ཉིད་ཀྱི་ཞབས་པད་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ཏེ་རུ་དམ་ཚེ་རིང་ལྗོངས་སུ་དཀའ་སྤྱད་ཆེན་པོས་ལོ་ངོ་དྲུག་ལྷག་བཞུགས། ཐོག་མར་མངོན་པ་མཆིམས་ཆེན་གསུང་བཞིན་པས་ཆོས་ཀྱི་སྒོ་དང་པོ་ཕྱེས་པ་ནས་བཟུང་འདུལ་བ་མདོ་རྩའི་མཆན་འགྲེལ། ཡོན་ཏན་མཛོད་ཡོན་དགའི་འགྲེལ་བ། ངལ་གསོ་སྐོར་གསུམ་གྱི་རྒྱས་ཁྲིད་བསྡུས་དོན་དང་བཅས་ཐོབ། དེའི་ཕྱི་ལོར་ཀཱ་རི་ཀ་ལྔ་བཅུ་པ། འདུལ་བ་མདོ་རྩ། སོར་མདོ། སྤྱོད་འཇུག དབུ་མ་འཇུག་པ། དབུ་མ་བཞི་བརྒྱ་པ། ཐལ་ཟློག རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་སོགས་རིགས་ཚོགས་གཞན་བཅས་ཀྱི་མཆན་འགྲེལ་དང་། དབུ་མ་རྒྱན་རང་འགྲེལ་དང་། ཀ་མ་ལ་ཤཱི་ལའི་འགྲེལ་བཤད། ཕར་ཕྱིན་འགྲེལ་མཆན། མངོན་མཛོད་འགྲེལ་མཆན། མངོན་མཛོད་མཆན་འགྲེལ། མངོན་པ་ཀུན་བཏུས་མཆན་འགྲེལ། མདོ་སྡེ་རྒྱན། རྒྱུད་བླ་མ། འབྱེད་རྣམ་གཉིས་བཅས་གཞུང་ཆེན་བཅུ་གསུམ་ཆ་ལག་འཆད་ཐབས་དང་བཅས་པའི་མཆན་འགྲེལ་དང་། སྡོམ་གསུམ་རིག་འཛིན་འཇུག་ངོགས་དང་། དཔག་བསམ་སྙེ་མ། མི་ཕམ་རྣམ་འགྲེལ་འགྲེལ་ཆེན། ཡིད་བཞིན་མཛོད་འགྲེལ། གསང་སྙིང་འགྲེལ་བ་སྤར་ཁབ་དང་། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ། སངས་རྒྱས་གསང་བའི་སྒྱུ་འཕྲུལ་ལམ་རིམ་ཆེ་ཆུང་། གཞན་ཕན་སྣང་བའི་གསང་སྙིང་མཆན་འགྲེལ། གསང་སྙིང་ཕྱོགས་བཅུ་མུན་སེལ། སྤྱི་དོན་ཡིད་ཀྱི་མུན་སེལ། བསྡུས་དོན་མ་རིག་མུན་སེལ། རོང་ཟོམ་དཀོན་མཆོག་འགྲེལ། གསང་བདག་དགོངས་རྒྱན་དང་ཞལ་ལུང་། མི་ཕམ་སྤྱི་དོན་འོད་གསལ་སྙིང་པོ། རྡོ་གྲུབ་སྤྱི་དོན་མཛོད་ཀྱི་ལྡེའུ་མིག མཁན་ཆེན་པདྨ་ཚེ་དབང་ཉིད་ཀྱིས་མཛད་པའི་གཞི་བཅུ་བདུན་གྱི་འགྲེལ་བ་དང་ཐལ་ཟློག་འགྲེལ་བ། གཞན་ཡང་བཀའ་པོད་ལྔའི་བོད་འགྲེལ་ཆེན་མོ་ཁག་འགའ་སྤྱི་དོན་དང་བཅས་པའི་བཤད་ཁྲིད་རྒྱས་པ་གསན་ཞིང་། རྗེ་འདི་ཉིད་ཀྱིས་ལྟོ་གོས་ཆོས་གསུམ་གྱིས་དགྱེས་སྐྱོང་གནང་བས་བཀའ་དྲིན་སུམ་ལྡན་གྱི་བླ་མ་ཡིན་ཞེས་གསུངས། དུས་མཚུངས་མཁས་གྲུབ་ངག་དབང་ནོར་བུ་ལས། ཡོན་ཏན་མཛོད་ཀྱི་རྩ་བ། ཡིད་བཞིན་མཛོད་རང་འགྲེལ་དོན་ཁྲིད་དང་བཅས་པའི་བཤད་ཁྲིད། རྩ་རླུང་འཕྲུལ་འཁོར། ཞབས་དཀར་པའི་མཁའ་ལྡིང་གཤོགས་རླབས། གསང་སྙིང་རྒྱ་བོད་ཀྱི་འགྲེལ་བ་གལ་ཆེན་འགའི་བཤད་རྒྱུན་བཅས་བཞེས། མཁན་ལྷ་རྒྱལ་མདུན་ནས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྨོན་ལམ་དང་། ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་ཁྲིད་གསན། མཁས་དབང་ནང་ཆེན་ཀུན་དགའི་དྲུང་ནས་རྩིས་དཀར་ནག་དང་། སི་ཏུའི་སུམ་རྟགས་འགྲེལ་ཆེན་སོགས་ཐུན་མོང་རིག་གནས་དང་། བསྐང་བཤགས་རྡོ་རྗེའི་ཐོལ་གླུའི་འགྲེལ་བ། དཀོན་མཆོག་རྗེས་དྲན་གྱི་འགྲེལ་བ། རྒྱལ་སྲས་ལག་ལེན་གྱི་འགྲེལ་བ། བཤེས་སྤྲིངས། སྤྱོད་འཇུག་དངུལ་ཆུ་ཐོགས་འགྲེལ་སོགས་ཞུས། རྫོགས་ཆེན་གླིང་བླ་སྤྲུལ་སྐུའི་དྲུང་ནས་སྒྱུ་འཕྲུལ་ཞི་ཁྲོའི་དབང་། མཁན་པོ་ནོར་གཡང་མདུན་ནས་བར་དོ་དྲུག་ཁྲིད་དང་། ཐོས་གྲོལ་ཆེན་མོའི་ལུང་། འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་མདུན་ནས་སྙིང་ཐིག་དུམ་གཉིས་དང་བླ་མ་ཡང་ཏིག་སོགས་ཡ་བཞིའི་དབང་། དཀོན་མཆོག་སྤྱི་འདུས་ཀྱི་དབང་། སྐུ་ཞབས་སྤྲུལ་སྐུའི་དྲུང་ནས་གཤིན་རྗེ་གཤེད་དམར་ནག་གི་དབང་གསན། རྫ་མུ་ར་སྤྲུལ་སྐུ་པདྨ་ནོར་བུའི་མདུན་ནས་འཛིན་གྲོལ་དབང་ལུང་དང་ཁྲིད་ཡིག་རྣམ་གསུམ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་དྲུང་ནས་ངེས་ཤེས་སྒྲོན་མེ་དང་ལྟ་གྲུབ་ཤན་འབྱེད་རྩ་འགྲེལ། ཉག་རོང་མཁན་པོ་ཚུལ་ཁྲིམས་མདུན་ནས་རོང་ཟོམ་གྱི་ཐེག་ཆེན་ཚུལ་འཇུག་དང་། ལྟ་བའི་བརྗེད་བྱང་། གྲུབ་མཐའི་བརྗེད་བྱང་སོགས་གསན་པ་བཅས། མདོར་ན་སྔ་རྗེས་རྣམས་སུ་མཁས་གྲུབ་སྐྱེས་ཆེན་དུ་མ་ཞིག་གི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་ཕྱོགས་མེད་དུ་མཛད་པས་ཐོས་པ་རྒྱ་མཚོའི་ཕ་མཐར་ཕྱིན་ཅིང་། ཕྱི་ནང་གི་གྲུབ་པའི་མཐའ་ཀུན་ལ་ཆགས་ཐོགས་བྲལ་བའི་མཁས་དང་གྲུབ་པའི་རྩེ་མོར་སོན། གདོད་མའི་མགོན་པོ་མིའི་རྫུ་ལ་བྱོན་པ་ཐུན་མིན་རིགས་བདག་བླ་མ་ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོའི་ཞབས་དྲུང་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་པ་ནས་སྐུ་ཚེ་གང་བོར་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་མ་གོས་པ་ཉེ་བར་འཁོར་གཉིས་པ་ལྟ་བུའི་རྣམ་ཐར་བསྐྱངས་ཤིང་། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བའི་རྗེས་གནང་གི་ཐོག་མའི་བཀའ་ཆོས་ཀྱི་སྒོ་ཕྱེས་པ་ནས། ཀློང་ཆེན་མཛོད་བདུན་གྱི་ཟབ་ཁྲིད། ངལ་གསོ་སྐོར་གསུམ་འགྲེལ་བ་དོན་ཁྲིད་དང་བཅས་པ། ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་དང་བཅས་སྙིང་ཐིག་གོང་འོག་གི་ཆོས་སྐོར་སྤྱི་དང་། ཁྱད་པར་ཀུན་མཁྱེན་ཆོས་རྗེས་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཞལ་གཟིགས་གནང་སྐབས་ཡང་ཏིག་ཡིད་བཞིན་ནོར་བུ་སྙན་བརྒྱུད་དམར་ཁྲིད་ཀྱི་ཚུལ་དུ་བསྩལ་བ། རྗེ་དེ་ཉིད་ལས་རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་དང་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་རྣམ་གཉིས་ཀྱིས་རིམ་པར་ཆིག་བརྒྱུད་དུ་གསན། མཁན་ཆེན་གཞན་ཕན་སྣང་བས་ཡོངས་འཛིན་མཁན་ཆེན་རིན་པོ་ཆེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་ལ་བཀའ་ལུང་གཏད་རྒྱ་དང་བཅས་བསྩལ་བ། རྗེ་དེས་དམ་པ་འདི་ཉིད་ལ་ཐུགས་བརྩེ་ཆེན་པོས་སྔ་ཕྱིར་ལན་གྲངས་གཉིས་སུ་ཉེ་བར་བསྩལ་ཏེ་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ཚབ་ཏུ་དབུགས་དབྱུང་། རྗེ་བླ་མའི་ཞལ་ནས་ཀྱང་། བདག་གི་ཕྱི་ནང་གསང་གསུམ་ལ་ཉམས་རྟོགས་ཀྱི་ཡོན་ཏན་ཅུང་ཟད་ཀྱང་མེད་པ་ཀུན་ཀྱིས་མཁྱེན་གསལ་ལགས་ཀྱང་གདོད་མའི་མགོན་པོ་མངོན་སུམ་དུ་བྱོན་པ་ལྟ་བུའི་བླ་མའི་ཞལ་རས་མཇལ་བར་མ་ཟད། ཐུགས་བརྩེ་བས་ཉེ་བར་རྗེས་སུ་བཟུང་སྟེ་གསུང་གི་གདམས་ངག་ཟབ་མོ་ཐོབ་པའི་སྐལ་བ་བཟང་པོ་བྱུང་། རང་ངོས་ནས་ཐུགས་དགོངས་རྫོགས་པའི་ནུས་པ་ཆེན་པོ་མེད་ཀྱང་བླ་མའི་སྤྱན་ལོག་གིས་གཟིགས་པ་ཙམ་གྱི་ཐུགས་འགལ་འགྲོ་མ་མྱོང་བ་ངེས་ཅན་ཡིན་པས། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡི་དྲི་མས་གོས་མ་མྱོང་པ་འདི་ཉིད་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་རྫོགས་ཆེན་སྐོར་གྱི་ཁྲིད་རྒྱུན་རེ་སྤེལ་བ་ཡིན་གསུངས་པ་དང་། ཕྱིས་སུ་རྗེ་ཉིད་བཙོན་ཁང་དུ་བཞུགས་སྐབས་ཀྱང་ཡོངས་འཛིན་མཁན་ཆེན་བླ་མས་དངོས་ཉམས་རྨི་ལམ་རྣམས་སུ་ཞལ་གཟིགས་འདས་རྗེས་ཡང་ཡང་བསྩལ་བ་བཅས་རིགས་བདག་མཚུངས་མེད་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་མཆོག་ནི། ཐོག་མར་དབང་བཞིའི་ཡེ་ཤེས་ཀྱིས་རྒྱུད་སྨིན་པར་བྱེད་པ་པོ་དང་། བར་དུ་རྟོགས་པ་ངོ་སྤྲོད་ཀྱིས་མཉམ་བཞག་གི་བོག་དབྱུང་བ་པོ་དང་། རྗེས་ཡེ་ཤེས་ཀྱི་སྐུས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས་རྩ་བའི་རིགས་བདག་བླ་མ་གཅིག་ཆོག་ཏུ་འཛིན། དེ་ལྟར་ལོ་གྲངས་དུ་མའི་རིང་དབྱར་དུས་སྔོ་ལྡུམ་ཆུ་ནང་དུ་བཙོས་པ་ཁོ་ན་བཞེས་ཤིང་འབྲུ་ནས་ཅུང་ཟད་འབྱོར་ཚེ་དགུན་ཆོས་ཁར་གསོལ་རྒྱུ་ཉར་འཇོག་མཛད་པ་དང་། དབྱར་དགུན་གཉིས་ཀར་པགས་པའི་འགག་རིང་ཧྲལ་པོ་ཞིག་ལས་མནབ་གོས་ཅི་ཡང་མེད་ཅིང་། དགུན་དུས་ཁ་བའི་ནང་དུ་ཞབས་རྗེན་ཁོ་ནས་ཕེབས་པར་མཛད་ཅིང་། སྐབས་རེར་ཚེ་རིང་ལྗོངས་ནས་སྔ་མོའི་ཆོས་ཁྲིད་གྲོལ་མ་ཐག་ཏུ་ནགས་ལམ་གཟར་མོ་འཕྲེད་ཀྱིས་བཅད་དེ་དམ་ཅན་སྒང་དུ་མཁས་གྲུབ་ངག་དབང་ནོར་བུས་ཆོས་ཁྲིད་གསུང་སར་ཕེབས། དེ་ནས་ལམ་ཁ་ཞིག་ནས། རྩམ་པའི་ཕྱེ་མ་ཅུང་ཟད་བསྣམས་ཡོད་པ་ཆུ་གྲང་གིས་བརྫིས་ཏེ་གསོལ་རྗེས་རྫོགས་ཆེན་དགོན་ལྟེ་བའི་ཕོ་བྲང་ཡང་སྟེང་དུ་ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོས་སྔགས་རྫོགས་ཀྱི་གདམས་ཁྲིད་གནང་བ་གསན། དགུང་མོ་མུན་རུབ་སྐབས་ད་གཟོད་རུ་དམ་ཡང་དབེན་ཚེ་རིང་ལྗོངས་ཀྱི་སྒྲུབ་ཕུག་ཏུ་ཕེབས་ཤིང་མཚན་མོ་ཐུན་གཅིག་ཁོ་ནར་གཟིམས་པ་སོགས་ཆོས་ཕྱིར་དཀའ་དཔྱད་ཀྱི་བཟོད་པ་ལྷུར་བཞེས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། དེ་དག་གི་ཚེ་དངོས་ཉམས་རྨི་ལམ་སྣ་ཚོགས་པར་ལྷག་པའི་ལྷ་དང་རྩ་བརྒྱུད་ཀྱི་བླ་མས་ཞལ་གཟིགས་ཏེ་བྱིན་རླབས་རྗེས་གནང་བསྩལ་པ་སྟེ། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་དྲུང་ནས་བླ་མ་ཡང་ཏིག་གསན་ནས་རུ་ཤན་བྱོན་སྐབས་ཤྲཱི་སེང་ཆོས་གྲྭའི་རྒྱབ་རིའི་ངོས་ཀྱི་མི་ཕམ་སྒྲུབ་ཕུག་གི་ཀླད་དེར་ཅུང་ཟད་གཟིམས་སོང་བ་ལྟ་བུའི་ཚེ། དགའ་རབ་རྡོ་རྗེ། འཇམ་དཔལ་གཤེས་གཉེན། ཤྲཱི་སིང་ཧ། ཛྙཱ་ན་སུ་ཏྲ། བཱི་མ་མི་ཏྲ་སོགས་གྲུབ་པའི་རིག་འཛིན་མང་པོ་ཤིག་ཡོད་སྣང་ལ་ཨ་བུ་མགོན་རིས་ཚང་ནམ་བྱོན་ན་སྙམ་པའི་ཚེ་གཉིད་ལས་སད་ཅིང་། ཛྙཱ་ན་སུ་ཏྲས་བུམ་ཆུ་བླུགས་ཀྱང་འཐུང་ཡོད་མེད་མ་དྲན། དེ་ཚུལ་བླ་མ་རིན་པོ་ཆེར་ཞུས་པས་རིག་འཛིན་བླ་མ་བརྒྱུད་པའི་དགོངས་བརྒྱུད་ཀྱི་བྱིན་རླབས་ཐོབ་པའི་རྟགས་ཡིན་པས་ཤིན་ཏུ་ལེགས་གནས་སྐབས་སུ་ལའང་མ་བཤད་གསུངས། ཡང་སྐབས་ཤིག་རྨི་ལམ་ལ་རུ་དམ་དབེན་ཁྲོད་སྒྲུབ་གྲྭའི་ཀླད་ནས་རྡོ་སྦྲ་གུར་ཙམ་ཞིག་འདྲིལ་བས་ལུས་གཏོར་ཏེ་འདི་སྣང་གི་རྟོག་ཚོགས་ཐམས་ཅད་འགགས་སོང་བས། ཕྱི་ཉིན་ལའང་བར་དོ་ཡིན་སྙམ་པ་མ་གཏོགས་མི་འདུག་གསུངས། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་དོན་ཁྲིད་ཁྲིད་སྦྱོང་སྐབས་རླུང་སེམས་དབུ་མར་ཚུད་དེ་དབུ་མའི་རྩ་མདུད་གྲོལ་བའི་རྟགས་ཁྱད་པར་བ་མཐའ་ཡས་པ་བྱུང་། དེ་ལྟར་བགྲང་བྱ་བཅུ་ཕྲག་གཅིག་ལྷག་རིང་གྲྭ་སར་བཞུགས་རྗེས་དུས་འགྱུར་གྱི་ཡོ་ལང་སྟོབས་སུ་བདོ་ལ་ཉེ་བ་བྱུང་བས། མཁན་ཆེན་པདྨ་ཚེ་དབང་མཆོག་གི་ཞལ་སྔ་ནས་ད་ལམ་རང་ཡུལ་དུ་ཕྱིར་ཕེབས་ན་དགའ་བའི་བཀའ་ནན་བསྩལ་བ་དང་། གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་ཡོངས་འཛིན་མཁན་ཆེན་རྣམ་གཉིས་ནས་ཀྱང་ཐུགས་དགོངས་གཅིག་མཐུན་གྱིས་གསང་ལུང་གནང་ཞིང་ལྷུན་མཉམ་བྱ་བྲལ་ཞེས་པའི་མཚན་གསོལ་དབུགས་དབྱུང་གནང་། དེ་ནས་རིགས་བདག་བླ་མ་དམ་པ་རྣམས་དང་ཆེས་འབྲལ་བར་དཀའ་བའི་ངང་ཚུལ་བཅས་སྐུ་ཡུལ་མགོ་ལོག་ཕྱོགས་སུ་ཕེབས་ཤིང་། ལམ་དུ་བསྐྱོད་སྐབས་བླ་མ་རྣམས་དྲན་པའི་གདུང་བས་ཕྱིར་ལོག་མི་དགོས་སམ་སྙམ་པ་ཐེངས་འགའ་བྱུང་གསུངས། དེ་ནས་རང་ཡུལ་དུ་འབྱོར་རྗེས་ཡུན་རིང་མ་སོང་བར་རྨ་སྟོད་རྫོང་གི་ཁྲིམས་ཁང་དུ་བཙུད་ཅིང་ཉིན་ཞིག་སྒོ་སྲུང་མེ་མདའ་ཐོགས་པ་གཉིས་ཀྱི་བར་ནས་ཨོ་རྒྱན་ཆེན་པོ་ལ་གསོལ་འདེབས་བྱེད་བཞིན་ལུག་རྒྱུག་པ་བཞིན་བྲོས་པས་མེ་མདའ་འགའ་འཕང་བྱུང་ཡང་མ་ཕོག་པར་ཐར། བཙོན་གྲོགས་ཞིག་དང་ལྷན་དུ་ཉིན་གྲངས་མང་པོར་མི་མེད་ཀྱི་བྱང་སྟོང་ཁོ་ན་འགྲིམ་ནས་གསོལ་ཆས་ཅུང་ཟད་ཀྱང་མ་འབྱོར་བས་སྐུ་ལུས་ཤིན་ཏུ་རིད་དེ་བྱོན་མི་ཐུབ་པ་ཙམ་བྱུང་། བཙོན་གྲོགས་མི་སྐྱ་དེས་ལམ་ཁར་ཕྱུགས་ཟོག་ཡོད་པ་ལ་གནོད་པ་རྩོམ་གྲབ་བྱེད་སྐབས་ཐུགས་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་སྲོག་ལ་གནོད་པ་ལས་རང་ཉིད་ལན་གྲངས་དུ་མ་ཤི་ཡང་སླ་གསུངས་ཏེ་གཏན་ནས་མ་གནང་། དེ་དུས་ཁོ་རང་ཁོང་ཁྲོ་ལངས་ནས་བླ་མ་རིན་པོ་ཆེ་ལ་ཁ་ལན་བྱིན་ཡང་ཕྱིས་སུ་བདག་བས་གཞན་གཅེས་གོམས་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ངོ་མ་ཡིན་དར་ཞེས་དད་པའི་མིག་ཆུ་འདོན། སླར་ཡང་བཙོན་ཁང་དུ་ཚུད་ནས་ཐང་དཀར་མོ་སོགས་སུ་ལོ་གྲངས་ཉི་ཤུ་ཙམ་བཞུགས་དགོས་བྱུང་ཞིང་། སྐབས་དེའི་ཕྱི་ནང་གསང་བའི་རྣམ་ཐར་ཐུགས་སྲས་དབོན་སྤྲུལ་བསྟན་པོ་རིན་པོ་ཆེར་ཐུགས་མངའ་ཆེ་ཕྱིར་ཁོང་གི་ཕྱག་བྲིས་དཀྱུས་སུ་འགོད་པ་ནི། ང་རང་སྤྱི་ལོ་༡༩༦༩ལོར་ཐང་དཀར་མའི་ཁྲིམས་ཁང་དུ་འབྱོར་ཞིང་དེ་དུས་བཙོན་པ་རྣམས་ཀྱི་ངག་ལམ་ནས་ཐོས་པ་ནི། སྔར་ཨ་ཁུ་རྟོགས་ལྡན་རིན་པོ་ཆེ་དང་ཐུགས་རྗེ་གཉིས་ཉིན་གཅིག་བཙོན་པ་རྣམས་ཀྱིས་ལས་ཀ་ལས་བཞིན་པའི་སྐབས་དམག་གི་མགོ་ལ་བརྒྱུགས་ནས་བྲོས་ཤིང་། བཙོན་སྲུང་དམག་གིས་རྗེས་འདེད་བྱས་ནས་མེ་མདའ་མང་པོ་འཕངས་ཀྱང་ཤོར་སོང་། དགུང་མོ་ཨ་ཁུ་རིན་པོ་ཆེས་སྐུ་ཆིངས་བཤིགས་སྐབས་རུམ་ནས་མདའ་མགོ་མང་པོ་ལྷུང་བྱུང་ཡང་སྐུ་ལུས་ལ་མེ་མདས་གཏན་ནས་ཆོད་མི་འདུག་ཟེར། ཡང་ཁོང་གིས་ཐང་དཀར་མའི་ཁྲིམས་ཁང་དུ་བཙོན་གྲོགས་མང་པོ་ལ་དག་ཡིག་དང་སྙན་ངག་སོགས་རིག་གནས་ཀྱི་སྐོར་སློབ་ཁྲིད་མཛད། རྐྱེན་དེས་རྗེས་སོར་རིག་གནས་གསར་བརྗེའི་སྐབས་འཐབ་རྩོད་གཅར་བརྡུང་ཐེངས་མང་བྱས་ཀྱང་ས་རྡོ་ལ་བརྡུང་བརྡེག་བྱས་པ་ལྟ་བུ་ལས་སྐུ་གཟུགས་ལ་སྡུག་བསྔལ་གྱི་ཚོར་བ་སྤུ་ཙམ་ཡང་མེད་ཁར། རྐྱེན་ངན་ཐོག་བརྫིས་སྡུག་བསྔལ་དང་ལེན་གྱི་སྒོ་ནས་སྨྱོན་པ་འུར་ལང་བ་བཞིན་ཐུགས་སྤྲོ་ཉམས་ཀྱིས་ཁེངས་ཏེ། བཙོན་གྲོགས་གཞན་རྣམས་ལ་ཞལ་གདམས་སུ། འུ་ཅག་ལ་ཁྲིམས་བདག་རྣམས་ཀྱིས་ཆེ་བ་བརྡུང་བརྡེག་དང་བཀྱིག་བསྡམ། འབྲིང་བ་མུ་གེ་དང་སྒྲིག་ཁྲིམས་ཀྱིས་གདུང་བ་དང་། ཆུང་བ་མཚང་འབྲུ་དང་སྐྱོན་བརྗོད་ཅི་བྱས་ཀྱང་ཁོང་ཁྲོ་བར་མ་བྱེད་པར་སྙིང་རྗེ་སྒོམ་དགོས། སྔར་འུ་ཅག་གིས་སྐྱེ་བ་སྔོན་མ་རྣམས་སུ་འདི་དག་ལ་ཕར་གནོད་པ་བྱས་པའི་ལས་ཀྱི་ལན་ཆགས་ད་ལྟ་རང་གི་མགོ་ཐོག་ཏུ་ཚུར་འཁོར་བ་ཡིན་པས་དགའ་བས་རྗེས་སུ་ཡི་རངས་བའི་སྒོ་ནས་དུས་གསུམ་གྱི་དགེ་རྩ་ཁོང་ཚོ་ལ་བསྔོ་བ་མཛོད་དང་། རང་ཅག་གི་ཐོག་མེད་ནས་བསགས་པའི་ལས་ངན་བག་ཆགས་ཐམས་ཅད་དག་ངེས་ཡིན། དེ་ཡང་སྒྲིབ་པ་དག་པ་ལ་མྱོང་སྟོབས་ཀྱིས་དག་ཚུལ་དང་། སྦྱངས་སྟོབས་ཀྱིས་དག་ཚུལ་གཉིས་ཡོད། སྔ་མ་ནི་འུ་ཅག་གི་ལས་ཀ་བྱེད་ཚེ་སྐྱོ་བ་སྐྱེ་བཞིན་དུ་སྡུག་བསྔལ་མྱོང་ནས་རྣམ་སྨིན་སྦྱོང་བ་དེ་ཡིན། ཕྱི་མ་ནི་སྔོན་གྱི་ལས་ངན་གྱི་འབྲས་བུ་ཡིན་པར་ཤེས་བཞིན་དགའ་བའི་ངང་ངལ་རྩོལ་ལ་ཞུགས་པ་དེ་ཡིན། མདོར་ན་དགེ་བ་སྟོབས་ཆེ་ཞིང་སྒྲིབ་པ་སྦྱང་སླ་བ་ཡིན་པས་ཀུན་སློང་བཅོས་པ་གལ་ཆེ་ཞེས་ཡང་ཡང་གསུངས། འདི་དུས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཡིན་པས་ཆོས་ལུགས་ལ་ཧ་ཅང་གུ་དོག་ཕྱིར། ཞྭ་ཐུམ་བརྒྱབ་ནའང་ཁྱོད་ཀྱི་ལྐོག་མ་འགུལ་ནས་ཆོས་འདོན་བཞིན་འདུག་ཅེས་ཕན་ཚུན་སྐྱོན་འདོགས་བྱེད་ཀྱང་། ཆོས་རྗེ་རིན་པོ་ཆེ་འདིས་ནི་ལོ་ལོན་རྒས་པ་རྣམས་ལ་ལྐོག་ནས་སྐྱབས་འགྲོ་དང་། སེམས་བསྐྱེད། རྡོར་སེམས་སྒོམ་བཟླས། ལས་འབྲས་བསླུ་མེད་ཀྱི་ཚུལ་སོགས་གསུངས་ནས་ཐམས་ཅད་ཀྱི་བློ་ཁ་ཆོས་ལ་བསྒྱུར་བའི་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བསྐྱངས། དེའི་ཚེ་བཙོན་པ་རྣམས་ཀྱི་ནང་ནས་ཆོས་རྗེ་རིན་པོ་ཆེ་ལ་བསམ་པ་དཀར་བའི་མི་འགའ་རེས་ཁྱེད་ཀྱིས་དེ་ལྟར་མི་མཛད་པར་ཞུ། ལས་བྱེད་པ་རྣམས་ཀྱིས་ཐོས་ཚེ་ཁྱེད་ལ་འོ་བརྒྱལ་ཆེན་པོ་བྱེད་འོང་ཞུས་ཚེ། ཁོང་རིན་པོ་ཆེའི་ཞལ་ནས། ལས་ངན་པའི་སེམས་ཅན་འདི་དག་གི་བློ་སྣ་ཆོས་ལ་སྒྱུར་ཐབས་རེ་བྱུང་ན་ང་ཡི་མགོ་ལ་འཇིགས་པ་ཅི་འདྲ་ཞིག་བྱུང་ཡང་འགྱོད་པ་མེད་གསུངས། ཆོས་རྗེ་རིན་པོ་ཆེ་ཁོང་ནི་དུས་ནམ་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་སྐད་ཅིག་ཀྱང་འདའ་མི་སྲིད་པ་དང་། སྤྱོད་ལམ་རྣམ་བཞི་གང་གི་དུས་ཡིན་ཡང་ལྟ་བ་ཁྱབ་གདལ་ཀློང་ཡངས་ནམ་མཁའ་ལྟ་བུའི་ངང་ལས་ནམ་ཡང་མི་གཡོ་བ་ནི། དཔེར་ན་ཉིན་གཅིག་ངེད་ཅག་ལྷན་དུ་ས་ཞིང་བདེ་ཐང་སྙོམས་པའི་ལས་ཀ་བྱེད་སྐབས་ཐམས་ཅད་ཀྱིས་ས་མཐོ་ས་ནས་དམའ་ས་རུ་སྙོམས་བཞིན་པ་ལ། ཁོང་གིས་དམའ་ས་ནས་མཐོ་སར་འཕངས་ཚེ་བཙོན་བསྲུང་དམག་གིས་ལོ་ཝན་ཀུའུ་ཁྱོད་ཀྱི་མིག་ལོང་སོང་བ་མ་ཡིན་ནམ་ཞེས་བཀྱོན་བྱུང་། ལོ་བན་ཀོའི་ཞེས་པ་ནི་རྒྱ་སྐད་དུ་ཀླད་པ་བྲག་རྡོ་ལྟ་བུ་བརྗེ་རྒྱུ་མེད་པ་ཞིག་གི་དོན་ཡིན་འདུག དུས་དང་རྣམ་པ་ཀུན་ཏུ་ཉིན་མོར་དཀའ་ངལ་ཅི་བྱུང་ཡང་། བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་སྙིང་རྗེའི་ལྟ་བ་ལས་སྐད་ཅིག་ཙམ་ཡང་འདའ་མི་སྲིད་པ་དང་། མཚན་མོ་ནི་ལོ་དེ་ཙམ་གྱི་རིང་ལ་ནུབ་གཅིག་ཀྱང་སྐུ་ཆིངས་བཤིགས་མ་མྱོང་བར་སྒོ་གསུམ་བཞག་ཐབས་ཀྱི་ངང་ན་ཀྲོང་ངེར་བཞུགས་པར་མཛད། ཉིན་ཞིག་ཆོས་རྗེ་རིན་པོ་ཆེ་མཚན་མོ་མི་གཟིམས་པའི་ཚུལ་དེ་བཙོན་གྲོགས་ཞིག་གིས་གོང་རིམ་ལ་སྙན་ཞུ་བྱས། གོང་རིམ་ལས་བྱེད་པས་ཆོས་རྗེ་རིན་པོ་ཆེ་ཁོང་ལ་འདྲི་རྩད་བྱས་ཚེ། ཁོང་གི་ཞལ་ནས། ང་རང་ཆུང་ངུའི་དུས་ནས་ལུག་རྫི་ཡིན་པས་ནུབ་མོ་འཕར་སྤྱང་གི་འཇིགས་པ་སྐྱོབ་ཕྱིར་སྐེད་རགས་མི་དཀྲོལ་བར་ལུག་གི་མཐའ་ནས་ཙོག་པུར་འདུག་རྒྱུ་གོམས་ཆ་སོང་བས་ཙོག་པུར་གཉིད་རྒྱུ་ལས། མལ་དུ་ཉལ་ན་གཉིད་མི་འོང་བར་འདུག་གསུངས། ཁོ་ཚོ་རྒྱ་མི་དག་མ་ཡིན་ཕྱིར་བདེན་པར་འདུག་སྙམ་ནས་ཨ་མཚར་པོ་ཟེར། ཐང་དཀར་མའི་ཁྲིམས་ཁང་དེར་བླ་སྤྲུལ་གྱི་མིང་ཐོགས་པ་ལྔ་བཅུ་ལྷག་ཡོད་ཅིང་། དེ་དག་གི་ནང་ནས་སྐྱ་བླ་མ་དཀར་དབང་དང་། རྟོགས་ལྡན་མགོན་ནེ་རྒྱལ། རྒྱ་ཟའི་སྐུ་ལོ་ཚང་། མགར་ལུང་སྤྲུལ་སྐུ་དང་། སིདྡྷི་བླ་མ། རྒྱ་སྤྲུལ་སྐུ་བྱང་ཆུབ་དཔལ་དང་། རྫོགས་ཆེན་རས་པ་སོགས་ཀྱིས་ཀྱང་ཆོས་རྗེ་རིན་པོ་ཆེ་ཁོང་གཙུག་ཏུ་བཀུར་ཞིང་ཕལ་ཆེར་ཁོང་གི་སློབ་མར་གྱུར། ཁྱད་པར་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་ཞེས་དགའ་ལྡན་བསྟན་པའི་བདག་པོ་བྱང་ཆུབ་སེམས་ཀྱི་མངའ་བདག་ཞིག་ཡོད་པ་དེ་དང་ཆོས་རྗེ་རིན་པོ་ཆེ་ཁོང་གཉིས་ཐུགས་ནང་ཤིན་ཏུ་གཤིན་པོར་གྱུར། ཡོངས་འཛིན་དགེ་བཤེས་ནས་ཞལ་མཚར་གྱི་ཚུལ་དུ་ང་རང་ལ་འདི་སྐད་གསུངས། འདིར་ཁྱོད་ཚོ་སྙིང་རྒན་མང་པོ་ཡོད་ཀྱང་། ཨ་ཁུ་བློ་གྲོས་འདྲ་བའི་མན་ངག་ཁྱད་པར་ཅན་ཡོད་པ་གཅིག་ཀྱང་མཐོང་མ་བྱུང་། ཁྱེད་ཅག་འདི་དང་ལྷན་དུ་འདུག་རྒྱུའི་སྐལ་བ་ལྡན་པ་ནི་ཁྱོད་རྙིང་རྒན་རྣམས་ཀྱིས་ཚོགས་བསགས་སྔོན་དུ་སོང་བའི་འབྲས་བུ་ཡིན་སྙམ་ཞེས་གསུངས། དེ་རྗེས་༡༩༧༢ལོའི་སྟོན་མཇུག་ཏུ་ངེད་ཅག་བཙོན་པ་ཁག་གཅིག་ཚ་འདམ་ཁྲིམས་ཁང་དུ་སྤོ་རྒྱུའི་བཀའ་བཀོད་བྱུང་། ས་ཆ་དེ་རང་ཡུལ་ཕྱོགས་དང་ཐག་ཇེ་རིང་དུ་འགྲོ་བས་ན་བཙོན་གྲོགས་རྣམས་སྡུག་བསྔལ་བར་གྱུར། ཆོས་རྗེ་རིན་པོ་ཆེ་ཁོང་འགྲོ་རྒྱུའི་མིང་བྱང་ནང་དུ་འདུག་པས་ང་རང་སེམས་ཧ་ཅང་སྐྱིད་པ་བྱུང་། དེ་དུས་ཁོང་རིན་པོ་ཆེས་བདག་ལ་འདི་སྐད་གསུངས། ད་ནི་རང་ཅག་ཚ་འདམ་ཕྱོགས་སུ་གནས་སྤོར་བྱས་ན་མན་ངག་རྫོགས་པ་ཆེན་པོ་ཡོངས་ཁྱབ་ཏུ་བཤད་ཀྱང་ཆོག་པ་ལྟ་བུའི་གོ་སྐབས་ཤིག་དཀོར་སྒྲིབ་ཁུར་མི་འོང་ན་ཞེས་ཞལ་མནའ་བཅས་གསུངས། དེ་ནས་ངེད་ཅག་བཙོན་པ་རླངས་འཁོར་ཆེ་བ་གང་དང་། མདུན་རྒྱབ་ལ་དམག་མི་རླངས་འཁོར་ཆུང་བ་གཉིས་བཅས་ལམ་དུ་ཞུགས། བྱང་ཐང་ས་སྟོང་ཞིག་ནས་ཤིང་ཏོག་སྨྱུག་སྒམ་གསུམ་གཞན་གྱིས་བོར་བ་ངེད་ཅག་གིས་རྙེད་བྱུང་། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། འདི་ནི་རྟེན་འབྲེལ་ཤིན་ཏུ་བཟང་། གདམས་ངག་ཟབ་མོའི་ཕ་ཕོགས་ངོམས་པ་མེད་པར་ལོངས་སུ་སྤྱོད་པའི་རྟེན་འབྲེལ་ཡིན་གསུངས། དེ་ནས་ངེད་ཅག་ཚ་འདམ་ས་ཆ་ཀ་ཧོ་ལུང་ཁྲང་ཟེར་བ་དེར་སླེབས་པས་སྒྲིག་ལམ་ཡང་ཅུང་ཟད་གུ་ཡངས་པ་བྱུང་། གནས་དེ་ནས་ཆོས་རྗེ་རིན་པོ་ཆེས་ལྐོག་ནས་ལོ་ལོན་རྒས་པ་འགའ་རེ་ལ་སྦྱོར་དངོས་རྗེས་གསུམ་དང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི། གཞན་སྐྱབས་འགྲོ་དང་། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། འཕོ་ཁྲིད་དང་། མན་ངག་གི་མྱོང་ཁྲིད་ཉུང་ངུ་ཙམ་བློ་ཚོད་ལྟར་གསུངས། ཁྱད་པར་དུ་ཨ་ལགས་རྩིབ་བཞག་སང་དང་། ཨ་ཁུ་ལོ་ཡག རྩང་སྤྲུལ་བློ་གྲོས་རྣམ་རྒྱལ། ཁྲ་གླིང་ཨ་ཁུ་རིན་པོ་ཆེ། ཁྲ་རྣམ་གྲོལ། གཙང་དཀར་དགའ། ཚེ་རིང་རྡོ་རྗེ་དང་། ཁོ་བོ་སོགས་སྐལ་ལྡན་གྱི་སློབ་མ་འགའ་ལ་མན་ངག་མང་པོ་ཐུགས་ཐོག་ནས་མནོག་ཆོས་སུ་གནང་། ཁོ་བོ་ཅག་གི་ཁྲིམས་ཁང་གི་སྡུག་བསྔལ་བརྗེད་འགྲོ་བ་ལྟ་བུའི་སྣང་བ་སྐྱེས། ཞལ་ནས། ཁྱེད་ཅག་གིས་ཉམས་ལེན་ལ་བརྩོན་པ་མ་ཞན་དང་། ངའི་བརྒྱུད་པ་འདི་ནི་ཤིན་ཏུ་ཉེ་རྒྱུད་ཟབ་མོ་ཚེ་འདི་ལ་ཀློང་ཆེན་པའི་ཞལ་མངོན་སུམ་དུ་ལན་གསུམ་ལ་གཟིགས་པ་ཡིན། ང་མི་རྒན་གྱིས་རྫུན་ལབ་པ་ག་ལ་སྲིད་གསུངས། རྒྱལ་ཁྲིམས་ཇི་ལྟར་གུ་དོག་ཀྱང་ཀུན་མཁྱེན་ཆོས་རྗེའི་གདུང་མཆོད་གཏན་ནས་ཆག་མི་སྲིད་པ་ཡིན། ང་རང་ལ་ཀུན་ལས་ཁྱད་དུ་འཕགས་པའི་ཐུགས་བརྩེ་བ་ཆེན་པོའི་རྗེས་སུ་བཟུང་ནས། བཀའ་པོད་ལྔའི་དོན་བསྡུས། ཁྲེགས་ཆོད་དང་། ཐོད་རྒལ། མཛོད་བདུན་གྱི་དོན་བསྡུས་དང་། བླ་མ་ཡང་ཏིག་གི་དོན་བསྡུས་སོགས་ཐུགས་ཐོག་ནས་ལོ་བདུན་གྱི་རིང་ལ་གསུངས་པས་བཀའ་དྲིན་བརྗོད་པའི་མཐའ་ལས་འདས། ཀློང་ཆེན་མཛོད་བདུན་གྱི་མཛོད་རེ་རེ་བཞིན་ནང་དོན་རགས་རིམ་གསུང་སྐབས་གནད་བསྡུས་ཡིག་ཐོག་ཏུ་ཕབས་པ་རྣམས་ད་ལྟ་བལྟས་ན་ཧ་ལས་པའི་གནས་ལགས་ཏེ། ནང་དོན་གཙོ་བོ་ཟིན་མེད་པ་མི་སྲིད་པ་ལྟ་བུར་འདུག དེ་བཞིན་དུ་ཐེག་པ་རིམ་པ་དགུའི་རྣམ་བཞག་དུ་དཔེར་ན་ཐེག་པ་རེ་རེ་བཞིན་རང་ལམ་གྱི་ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་དང་བཅས་པ་རྒྱས་བསྡུས་རན་པ་བྱས་ནས་གསུངས་པ་རང་གིས་ཟིན་བྲིས་ཀྱང་འབྲི་ཁུལ་བྱས། ཁྱད་པར་དུ་ཁོ་བོའི་ངོ་སྐལ་དུ་མན་ངག་རྫོགས་པ་ཆེན་པོའི་ལམ་ཆ་ཚང་བ་ཞིག་ཞལ་རྩོམ་མཛད་པར་རྟེན་འབྲེལ་གྱི་རྫས་བཅས་ཕུལ་ནས་ཡང་ཡང་བསྐུལ་ཞུས་བྱས། ནུབ་གཅིག་ཁོ་བོའི་རྨི་ལམ་ལ་རྒྱ་ནག་རི་བོ་རྩེ་ལྔ་ནས་པཎ་ཆེན་བཱི་མ་ལས་མངགས་པ་ཡིན་ཞེས་བུད་མེད་དམར་མོ་གཅེར་བུ་ཨང་རག་ཅན་ཞིག་གིས་ཐོད་པའི་ནང་དུ་ཀླད་པ་དཀར་དམར་གྱིས་བཀང་བ་ཞིག་གཏད་བྱུང་བས་བདག་གིས་འཐུང་ཐུབ་དགོས་སྙམ་ནས་ལྷག་མེད་དུ་རོལ། དེའི་ཕྱི་ཉིན་ངེད་ཅག་ངལ་གསོ་བའི་ཉིན་ཞིག་ཡིན། ངའི་ཁང་པའི་ནང་གི་བཙོན་གྲོགས་ཚོ་ཕྱི་རོལ་དུ་སོང་ཤུལ་དུ་ཆོས་རྗེ་རིན་པོ་ཆེའི་ཕྱག་ན་སྨྱུ་གུ་ཞིག་ཐོགས་ནས་གློ་བུར་དུ་ཞལ་ངོ་ནག་རོག་གེ་བ་ལྟ་བུ་ཞིག་མཛད་ནས་བྱོན་ཏེ། བསྟན་པོ་ཁྱོད་ཀྱིས་མདང་གི་རྨི་ལམ་ཅི་རྨིས་བཤད་མི་དགོས་ན་དཀོར་སྒྲིབ་ཁུར། ཤོད་ཤོད་གསུངས། ཁོ་བོ་རྟབ་རྟབ་པོར་གྱུར་ནས་མདང་གི་རྨི་ལམ་ཇི་བཞིན་ཞུས་པས། ཨོ་ཨོ་གསུངས་ནས་ཕྱིར་ཕེབས་སོང་། ཅང་མི་འགོར་བར་ལྟ་བ་ནམ་མཁའ་སྤྲིན་བྲལ་གྱི་ཡི་གེ་ཞལ་རྩོམ་མཛད་ཟིན་ནས་ང་ལ་གནང་བྱུང་། ཁོང་གི་ཞལ་ནས། མན་ངག་འདིའི་མཇུག་ཏུ་སྔགས་སྲུང་མར་གཏད་གཉེར་ཞིག་བྱེད་དགོས་སྙམ་ནས། སྔགས་ཀྱི་སྲུང་མ་ཨེ་ཀ་རལ་གཅིག་མ། །སྐད་ཅིག་འབྲལ་མེད་བཀའ་ཡི་བྱ་ར་གྱིས། །ཞེས་བྲིས་ཚེ་ཁོང་གི་སྙིང་དང་ལུས་ཡོངས་རྫོགས་ཡོམ་ཡོམ་ལན་གསུམ་དུ་གཡུགས་བྱུང་། འབྲི་མི་ཉན་ནམ་སྙམ་ནས་ཁྱེད་ཀྱི་གམ་དུ་འོང་བ་ཡིན། ཁྱོད་ཀྱི་རྨི་ལམ་ལ་བལྟས་ན་ལེགས་འདུག འུ་ཅག་ལ་སྔགས་སྲུང་མའི་སྲུང་སྐྱོབས་བྱེད་པའི་རྟགས་དང་ཕྲིན་ལས་མྱུར་བའི་རྟགས་སུ་འདུག སྔར་ཁོང་རང་ཡུལ་ས་ཆའི་རྨ་སྟོད་རྫོང་ཐོག་གི་ཁྲིམས་ཁང་ནང་རྐང་ལག་ལྕགས་སྒྲོགས་ཀྱིས་བཅིངས་ནས་ཡོད་སྐབས་ནུབ་གཅིག་རྨི་ལམ་ན། རྩ་བའི་བླ་མ་མཁན་པོ་མགོན་རིས་བྱོན་ནས། ཕྱག་གཉིས་ཁོང་གི་དབུ་ཐོག་ཏུ་བཞག་ནས་འདི་སྐད་གསུངས། འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རྩལ་ལས་རོལ་བར་ཤར་བ་ངོས་བཟུང་ལ། །སྤངས་བླང་མེད་པར་སོ་མའི་ངང་ལ་ཞོགས། །རྗེས་མེད་ཙམ་ལ་གྲོལ་ཞེས་བརྗོད་པ་ཡིན། །སེམས་ཀྱི་གླང་ཆེན་སྨྱོ་རུ་མ་འཇུག་ཅིག །ཅེས་གསུངས་པས། ཚིག་འདི་རྣམས་བྱིན་རླབས་ཅན་ཡིན་སྙམ་ནས་ཚིག་རྗེས་མ་དེ་དོར་ནས་གཞན་རྣམས་འདིའི་ཚིག་དཀྱུས་མའི་ནང་དུ་བཞག་ཡོད་གསུངས། དེ་རྗེས་ཚེ་རིང་རྡོ་རྗེ་སོགས་ཀྱི་ཆོས་སྐལ་དུ་ཐོད་རྒལ་ཞིག་ཀྱང་གསུངས་སོང་། དེ་ནི་ཞབས་དཀར་བའི་ཐོད་རྒལ་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཆར་འབྱེད་པའི་ལྡེའུ་མིག་དང་ཚུལ་མཚུངས་པ་ལྟ་བུ་ཞིག་ཡིན། དེ་བཞིན་དུ་རྫོགས་པ་ཆེན་པོའི་བཀའ་སྲུང་མ་བཟའ་དམ་གསུམ་གྱིས་རྒྱུན་དུ་འབྲལ་བ་མེད་པར་སྲུང་སྐྱོབ་དང་བྱ་ར་བྱེད་བཞིན་ཡོད་པ་ནི་ཀུན་ཀྱིས་རྟོགས་ནུས་ཏེ། དཔེར་ན་ཉིན་གཅིག་གློ་བུར་དུ་བཅའ་ལག་ལ་རྟོགས་དཔྱོད་བྱེད་མཁན་སྤྱི་བདེ་ལས་ཁུང་དང་ཁྲིམས་སྲུང་མང་པོ་སྒོ་དྲུང་དུ་སླེབས་བྱུང་། ཆོས་རྗེ་བླ་མ་རིན་པོ་ཆེ་ལ་ཕྱག་བྲིས་ཡིག་ཆ་མང་པོ་ཡོད་པ་སྐུང་ལོང་མ་བྱུང་བ་ཅི་བྱ་གཏོལ་མེད་དུ་གྱུར་པས། ཁོང་གིས་མ་གཟའ་དམ་གསུམ་ལ་བཀའ་གཏད་ཞིག་གནང་ནས་གཟིམས་ཐུལ་གྱི་སྟེང་དུ་མངོན་མངོན་དུ་བཞག་སྟེ་ངེད་ཅག་སྒོ་ལ་ཕྱིན། བཙོན་བསྲུང་པ་རྣམས་ནང་དུ་འོང་ནས་རྟོགས་ཞིབ་བྱས་པ་ནི་ཤིན་ཏུ་འཇིགས་སྐྲག་སྐྱེ་བའི་གནས་ཏེ། ངེད་ཅག་གི་བཅའ་ལག་ནང་དུ་ཡི་གེ་ཚིག་བཞི་ཞིག་ཡོད་ཀྱང་མི་མཐོང་རྒྱུ་མི་སྲིད་པ་ལྟ་བུ་རེད། དེའི་ཉིན་ཆོས་རྗེ་རིན་པོ་ཆེའི་བཅའ་ལག་ཐམས་ཅད་ཁོ་ཚོའི་མིག་གིས་ཀྱང་མཐོང་མ་ཐུབ་པས་ང་ཚོ་བཙོན་པ་རྣམས་ཧ་ལས་ཏེ་ཁོང་ལ་མི་ཕྱེད་པའི་དད་པ་དང་དག་སྣང་བསམ་གྱིས་མི་ཁྱབ་པ་སྐྱེས། ཡང་ཆོས་རྗེ་རིན་པོ་ཆེ་ལ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱང་ཐོགས་པ་མེད་པ་མངའ་བ་སྟེ། སྐབས་ཤིག་ངལ་གསོའི་ཉིན་མོ་ཞིག་ལ་ངེད་བླ་སློབ་གཉིས་ལྷན་དུ་ཐུན་སྦྱང་ལ་གནས་སྐབས། ཁོང་ཉམས་འུར་བའི་ཚུལ་གྱིས་ང་རང་བཻ་རོ་ཡིན་པའི་སྐབས་འུ་ཅག་ལྷན་དུ་ཡོད་པ་དྲན་འདུག ཁྱེད་ཀྱིས་དྲན་ནམ་གསུངས། ཁོ་བོ་ནི་མོས་གུས་ཀྱི་མཆི་མ་འཁྲུགས་ནས་ཅི་ཡང་ཞུ་མ་སྤོབས། དེ་བཞིན་དུ་ཁོང་རིན་པོ་ཆེ་ནི་རྟེན་དགེ་སློང་ཡིན་པས་སྐུ་ཚེ་གང་པོར་སོ་ཐར་གྱི་སྡོམ་པའི་མི་མཐུན་ཕྱོགས་ཉེས་ལྟུང་ཕྲ་མོས་ཀྱང་མི་གོས་པ་བཙུན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི་ཀུན་ཀྱིས་ཤེས་གསལ་ལགས་མོད། དོན་དུ་ན་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་ལྟ་བུའི་ཟབ་མོའི་དགོངས་གཏེར་ཐོགས་པ་མེད་པའི་གཏེར་སྟོན་ཞིག་སྟེ། ཉིན་གཅིག་ཁྲིམས་ཁང་དུ་ངལ་གསོ་བའི་སྐབས་ཤིག་ཆོས་རྗེ་རིན་པོ་ཆེའི་མདུན་དུ་ང་རང་གཅིག་པུ་འདུག་སྐབས། ཁོང་རིན་པོ་ཆེ་ཉམས་འུར་བའི་ཚུལ་གྱིས་ཁོ་བོ་ལ་འདི་སྐད་གསུངས། ང་རང་ལ་སྐྱེ་བ་སྔོན་མ་རྣམས་སུ་གཏད་རྒྱ་རེ་བྱས་པའི་རྐྱེན་ཡིན་ནམ། ད་ལྟ་དགོངས་གཏེར་ཀྱི་ཚུལ་དུ་རིག་ཐོག་ཏུ་གནས་ནས་ཅི་ཞིག་བྲིས་ཀྱང་འགག་པ་མེད་པ་ཡོད་འདུག་ཞེས་གསུངས། ཡང་ཉིན་གཅིག་ཁོང་རིན་པོ་ཆེའི་ཞལ་ནས། ང་རང་གི་རྨི་ལམ་ལ་བུད་མེད་རལ་པ་ཁམ་སེར་ཅན་ཞིག་གིས་བཙོན་ཁང་གི་སྒོ་གཏོར་ཏེ་ད་སོང་ཞེས་ལམ་བསྟན་བྱུང་བས་ང་རང་མྱུར་དུ་བཙོན་གྲོལ་ཐོབ་འོང་བ་འདྲ། བུ་ཁྱོད་ཀྱང་ཡུན་མི་རིང་བར་རང་ཡུལ་ལ་ལོག་ཐུབ་པ་འོང་ཞེས་གསུངས། སྤྱིར་ངེད་ཅག་བཙོན་པ་རྣམས་ཀྱི་ལུགས་སྲོལ་ནི་མི་སུ་ལ་བཙོན་གྲོལ་ཐོབ་ཀྱང་འགྲོ་མི་དེས་ཤུལ་ན་ཡོད་པ་རྣམས་ལ་སེམས་ཆགས་ནས་མཆི་མ་མ་བཏོན་ན་མི་ཁ་ཡོད་ལ། ཤུལ་ན་འདུག་མི་དེས་འགྲོ་མཁན་ལ་མཆི་མ་འདོན་ན་མི་ཁ་ཧ་ཅང་ཆེ་བས། ང་རང་གི་རྨི་ལམ་དུ་ཆོས་རྗེ་རིན་པོ་ཆེ་དང་ཁ་བྲལ་འགྲོ་བའི་སྣང་བ་ཤར་བས་ནམ་ཡང་ངུ་སྙིང་འདོད་པ་ཞིག་བྱུང་སྟེ་ཁོང་རིན་པོ་ཆེའི་མདུན་དུ་བཅར་མ་ནུས། ཉིན་གཅིག་ཁོང་རིན་པོ་ཆེའི་ཞལ་ནས། བུ་ཁྱོད་ཀྱིས་སེམས་སྡུག་མ་བྱེད་དང་། ནམ་ཞིག་འུ་ཅག་ལྷན་དུ་འཕྲད་ནས་འབྲས་བུའི་ཆོས་ལ་ཅི་དགར་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པ་ཞིག་མི་འབྱུང་ན་དཀོར་སྒྲིབ་ཁུར་གསུངས། དེའི་ཚེ་བདག་གིས་མཆི་མ་བཏོན་ནས་ཁྱེད་ལ་དགོངས་གཏེར་ཐོགས་པ་མེད་པ་ཡོད་པས། ང་རང་ལ་སྐྱེ་བ་སྔོན་མ་རྣམས་ཀྱི་སྐྱེ་འཕྲེང་དང་། ཚེ་འདིའི་སྐྱིད་སྡུག་དང་ཚེ་ཚད། མ་འོངས་སྐྱེ་བ་ཕྱི་མ་རྣམས་སུ་གར་འགྲོ་སོགས་དུས་གསུམ་དང་འབྲེལ་བའི་ལུང་བསྟན་ཞིག་ཅིས་ཀྱང་གསུངས་པར་ཞུ་ཞེས་ཡང་ཡང་ནན་ཞུ་བྱས། དེའི་ཚེ་ཁོང་རིན་པོ་ཆེས་དགོངས་གཏེར་གྱི་ཚུལ་དུ་གང་ཤར་མ་བཅོས་པའི་ངང་ནས་དུས་གསུམ་དང་འབྲེལ་བའི་ལུང་བསྟན་རྒྱས་པ་ཞིག་གསུངས། དེའི་ནང་དུ་སྔོན་ཆད་གུས་འབངས་བདག་ཀྱང་སྐྱེ་བ་མང་པོར་ཁོང་གི་ཞབས་འབྲེང་དུ་སྐྱེས་ཚུལ་དང་སྐྱེ་བ་ཕྱི་མ་རྣམས་ཀྱི་སྐྱིད་སྡུག་སོགས་གསལ་བ་མ་ཟད། ཚེ་འདིར་བཙོན་ཁང་ནས་བཙོན་གྲོལ་ཐོབ་པའི་དུས་ཚོད་དང་། རང་ཡུལ་དུ་སླེབས་རྗེས་ཆོས་སྡེ་ཞིག་གསར་འཛུག་བྱེད་ཚུལ། དང་པོ་གྲུབ་མཐའི་ཕྱོགས་རིས་ལྟ་བུའི་རྐྱེན་གྱིས་བར་ཆད་བྱུང་ཡང་མཐར་བར་ཆད་གྲོགས་སུ་འགྱུར་ཚུལ་སོགས་གསལ་བར་གསུངས་པ་སྟེ། དཔེར་ན་ང་རང་གི་ཚེ་འདིའི་གནས་གཞི་ལུང་བསྟན་པ་ནི། ཇི་སྐད་དུ། གསའ་ཕྲུ་གུའི་རི་ལ་གནས་མལ་ཆགས། །བརྒྱུད་འཛིན་གྱི་བུ་སློབ་ཕྱོགས་སུ་རྒྱས། །ཕ་པདྨའི་ཟབ་ཆོས་བགོ་སྐལ་འབྱེད། །བུའི་དབང་ཐང་དར་བའི་དུས་ཤིག་འོང་། །འཁོར་གདུལ་བྱ་འགྲོ་བའི་ཁ་ལོ་བསྒྱུར། །ཞེས་སོགས་ཀྱི་དོན་ནི་གསའ་ཡི་ཕྲུ་གུ་སྟག་ཞེས་ཡོངས་སུ་གྲགས་པ་བཞིན་ད་ལྟ་ངེད་ཅག་གི་དགོན་གནས་ལ་སྟག་ལུང་ཟེར་བས་འདི་རུ་གནས་མལ་ཆགས་རྒྱུ་ལུང་གིས་ཟིན་ཡོད་པ་སོགས་ཐམས་ཅད་དོན་ཐོག་ཏུ་ཁེལ་བ་བྱུང་། སྐབས་དེར་ཆོས་རྗེ་རིན་པོ་ཆེ་ཁོང་གི་སློབ་མ་རྣམས་ཀྱི་ནང་ནས་མཆོག་གྱུར་གྱི་སློབ་མ། སྒྲུབ་བརྒྱུད་དགོན་གྱི་སྤྲུལ་སྐུ་ཀུན་བཟང་དང་། རིན་ཆེན་རྒྱལ་ཟེར་བ་གཉིས་ཡོད། ཀུན་བཟང་ནི་ཁོང་རིན་པོ་ཆེ་ཕྱི་བཙོན་ལྟ་བུར་བཞུགས་སྐབས་ཕྲད་པ་ཡིན། ཁོ་ལ་ཆོས་རྗེ་རིན་པོ་ཆེའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མན་ངག་མང་པོ་གསུངས། རྗེས་སུ་རིང་པོ་མ་འགོར་བར་འདས་སོང་། འདའ་ཚེ་ཕྱི་ནང་གསང་གསུམ་གྱི་རྟགས་ཡ་མཚན་པ་མང་པོ་ཡོད་ཅེས་ཁོ་བོས་ཐོས་པ་ལ་དཔག་ན་ཉམས་གོང་འཕེལ་ལ་ཐོན་པ་འདྲ། རིན་ཆེན་རྒྱལ་ནི་ཁྱིམ་པ་རང་ཁ་མ་ཞིག་ཡིན་ཡང་ཁོང་རིན་པོ་ཆེའི་དགོངས་རྒྱུད་ཀྱི་རྟོགས་པ་འཕོས་ནས་རྗེས་སོར་གནས་ངེས་མེད་དུ་བྱ་བཏང་གི་མཆོག་གྱུར་ཞིག་ཏུ་གྱུར་པ་ཐོས་སོ། །དེ་ཡན་ཁྲིམས་ཁང་དུ་བཞུགས་སྐབས་ཀྱི་རྣམ་ཐར་མཆོག་སྤྲུལ་བསྟན་པོ་རིན་པོ་ཆེའི་ཕྱག་བྲིས་ལྟར་བཀོད་ཅིང་། དེ་རྗེས་ཁྲིམས་ཁང་ནས་གློད་གྲོལ་བྱུང་འཕྲལ་སྐུ་ཡུལ་ཨ་སྐྱོང་ཕྱོགས་སུ་ཕེབས་ནས་མི་མེད་ལུང་སྟོང་ཞིག་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ལོ་འགར་བཞུགས། རིམ་གྱིས་རྒྱལ་བསྟན་གྱི་ཉི་གཞོན་གངས་རིའི་ལྗོངས་སུ་སླར་ཡང་འཆར་བའི་དུས་བཟང་ཤར་བ་ན་སྔོན་སྨོན་ཐུགས་བསྐྱེད་ཀྱི་དམ་བཅའ་དུས་སུ་སྨིན་པས་མདོ་སྔགས་བཤད་སྒྲུབ་ཆོས་གླིང་ཞེས་པའི་བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྡེ་གསར་དུ་ཕྱག་བཏབ། འཁོར་ལོ་གསུམ་གྱི་མཛད་པ་སྤྱི་དང་ཁྱད་པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོས་མཆོག་དམན་བར་མའི་མོས་ཁམས་ལྟར་རྗེས་སུ་བཟུང་བས་བོད་མདོ་དབུས་ཁམས་གསུམ་ནས་སློབ་ཚོགས་བགྲང་གིས་མི་ལང་པ་འདུས། དེ་དག་ལ་ལོ་ངོ་བཅུ་ཕྲག་གཅིག་ལྷག་རིང་སྔ་རྗེས་རྣམས་སུ་གཞུང་ཆེན་བཅུ་གསུམ་ཆ་ཚང་ཚར་བཞི་ལྷག རྒྱལ་དབང་ཀློང་ཆེན་པའི་མཛོད་ཆེན་བདུན་ཐེངས་བཅུ་ལྷག་དང་། དེ་ལས་ཆོས་དབྱིངས་མཛོད་དང་། མན་ངག་མཛོད་གཉིས་ཚར་ཉི་ཤུ་ལྷག ངལ་གསོ་སྐོར་གསུམ་པོ་ཞིབ་ཁྲིད་ལན་གསུམ། བར་དོ་དྲུག་ཁྲིད་ཚར་བཅུ་ལྷག སེམས་ཉིད་ངལ་གསོ་ཚར་བདུན། ཡོན་ཏན་མཛོད་འགྲེལ་ལན་བཞི་ལྔ། སྔོན་འགྲོ་ཀུན་བཟང་ཞལ་ལུང་ཚར་བཅུ་ལྷག ཀུན་དཔལ་སྤྱོད་འཇུག་ཚར་བདུན། མི་ཕམ་མཁས་འཇུག་ཚར་གཉིས། དབུ་མ་རྒྱན་འགྲེལ་ཚར་གསུམ། གསང་སྙིང་ཕྱོགས་བཅུ་མུན་སེལ་ལན་གསུམ། དེའི་སྤྱི་དོན་ལན་གསུམ། རོང་ཟོམ་དཀོན་མཆོག་འགྲེལ་ཚར་གསུམ། ལོ་ཆེན་གསང་བདག་དགོངས་རྒྱན་ཞིབ་ཁྲིད་ལན་གཉིས་སོགས་མདོ་དང་སྔགས་ཀྱི་གཞུང་ལུགས་ཆེན་མོ་སྣ་ཚོགས་པ་དང་། རྗེ་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་ཁྲེགས་ཆོད་ནམ་མཁའ་སྤྲིན་བྲལ་རྒྱབ་ཆོས་དང་བཅས་པ། ཐོད་རྒལ་མཁའ་དབྱིངས་ཉི་ཟླ། གནད་གསུམ་ཤན་འབྱེད། གྲུབ་ཐོབ་པདྨ་རིག་འཛིན་གྱི་ཉམས་ལེན་སྤར་བཅང་མ། ཞབས་དཀར་བའི་མཁའ་ལྡིང་གཤོག་རླབས་དང་ཐོད་རྒལ་ཞལ་ཤེས། དཔལ་སྤྲུལ་རིན་པོ་ཆེའི་ཚིག་གསུམ་གནད་བརྡེགས། མི་ཕམ་སེམས་ངོ་མཛུབ་ཁྲིད་ཀྱི་གདམས་པ་རྣམས་ལན་གྲངས་བརྒྱ་སྟོང་གི་བར་དུ་གསུངས་པ་དང་། ཁྱད་པར་སྐལ་བཟང་དམ་ལྡན་གྱི་སློབ་བུ་རྣམས་ལ་ཡབ་རྗེ་གོང་མའི་ཕྱག་བཞེས་ལྟར་སྙིང་ཐིག་སྔོན་འགྲོ་ཕྱི་ནང་གི་འབུམ་ལྔ་བསགས་ཟིན་པའམ། ཡང་ན་གཞུང་ཆེན་བཅུ་གསུམ་པོ་རང་རྒྱུད་ལ་འབྱོར་བའི་ཐོས་བསམ་གཏིང་ཕྱིན་གནང་ཟིན་རྗེས་ཁྲིད་ཡིག་ཡེ་ཤེས་བླ་མའི་ཆོས་སྐལ་བསྩལ་བ་སྟེ། ལོ་རེ་བཞིན་དབྱར་ཆོས་སུ་ཆད་མེད་ཀྱིས་ཡེ་ཤེས་བླ་མའི་ཁྲིད་སྦྱང་རྒྱས་པ་ལན་རེ་གནང་བས་སྔ་རྗེས་སུ་ལན་གྲངས་བཅུ་དྲུག་སོང་བ་དང་། དགུན་ཁའི་དུས་སུ་བླ་སློབ་ཐམས་ཅད་ཉིན་མཚན་ཐུན་དྲུག་གི་རྣལ་འབྱོར་ལས་མི་འདའ་བ་རྩ་རླུང་ཞག་བརྒྱ་ལ་བཞུགས་པ་ལོ་སྟར་ཆད་མེད་གནང་། དུས་རྒྱུན་ཆོས་ཁྲིད་གསུམ་བཞི་ཆད་མེད་ཐོག་ས་ཐག་རིང་པོ་ནས་འབྱོར་བའི་དམ་ཆོས་དོན་གཉེར་ཅན་སྣོད་ལྡན་ཞིག་ཡིན་ཕྱིན་མོས་ངོ་ལྟར་ཁྲིད་ཐུང་འདེབས་པར་མཛད། སྤྱིར་རྗེ་ཉིད་དུས་རྒྱུན་བྱོན་བཞུགས་གང་གི་སྐབས་སུའང་ཐུན་བཞིའི་རྣལ་འབྱོར་ཆགས་མེད་གནང་བ་དང་། མཚན་མོའི་དུས་སུའང་སྐུ་ཆིངས་དཀྲོལ་སྲོལ་མེད་པར་སྐྱིལ་ཀྲུང་གིས་བཞུགས་ཤིང་མཉམ་པར་བཞག་པ་ཁོ་ན་ལས་འདའ་བ་མི་སྲིད་པ་སྟེ། སྡེ་ཤོག་དེའི་ཡུལ་མི་ན་ཤི་བྱུང་སྐབས་ཉེ་གནས་པ་མཚན་དཀྱིལ་གློ་བུར་དུ་སྐུ་མདུན་ལ་འགྲོ་དགོས་བྱུང་ཚེ་བླ་མ་རིན་པོ་ཆེ་མཉམ་བཞག་གིས་བཞུགས་འདུག་པ་དང་། ཞག་བརྒྱའི་སྐབས་སུ་བླ་སློབ་ཐམས་ཅད་ཁྲེགས་ཆོད་ལྟ་བའི་ངང་བསྐྱངས་ནས་ཉིན་མཚན་བར་མེད་དུ་ལྷན་དུ་བཞུགས་པར་མཛད་ཅིང་། ངེད་ཅག་ལ་ཡང་ཏིག་ཡིད་བཞིན་ནོར་བུའི་རྒྱས་ཁྲིད་བཀའ་དྲིན་བསྩལ་སྐབས་མཚན་དཀྱིལ་ཆུ་ཚོད་གསུམ་ཕྱེད་སྟེང་སྐུ་མདུན་དུ་ཕྱིན་ཚེ་སེམས་ཉིད་ངལ་གསོའི་བཞུགས་སྟངས་མཛད་དེ་ཀྲོང་ངེར་བཞུགས་འདུག་པ་བཅས་ཐུགས་དམ་ལས་སྐད་ཅིག་ཙམ་ཡང་འདའ་བ་མི་སྲིད། མདོར་ན་རང་འདོད་ཀྱི་ཆེ་བརྗོད་དང་དག་སྣང་གི་མོས་བསྟོད་ཙམ་མ་ཡིན་པར་ཆོས་རྗེ་བླ་མ་འདི་ནི་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་འཛོམས་པའི་མཁས་གྲུབ་སྐྱེས་བུ་ཆེན་པོ་མཚུངས་ཟླ་དང་བྲལ་བ་ཞིག་སྟེ། ཕྱི་ལྟར་ན་སོ་སོར་ཐར་པའི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུར་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་མ་བསླད་པ་གནས་བརྟན་འདུལ་བ་འཛིན་ཆེན་པོ། ནང་དུ་ན་སེམས་ཅན་ཀུན་ལ་མ་གཅིག་གི་བུ་ལྟར་བརྩེ་བའི་བྱང་ཆུབ་སེམས་གཉིས་ལ་རང་དབང་འབྱོར་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ། གསང་བ་བསྐྱེད་རྫོགས་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་རང་དབང་འབྱོར་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་དུས་གསུམ་སྒྲིབ་མེད་དུ་གཟིགས་པས་ལྐོག་གྱུར་གྱི་ཆོས་ཀུན་གཏན་ལ་དབབ་པར་ཆགས་ཐོགས་བྲལ་ཞིང་དམ་ཅན་བྲན་དུ་ཁོལ་བ། ཡང་གསང་རྫོགས་པ་ཆེན་པོ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཚད་ལ་ཕེབས་ཏེ་ཆོས་བརྒྱད་ཀྱི་འཛིན་པ་དག་པས་འཁོར་འདས་ལྷུན་མཉམ་དུ་བརྡལ་བ་། ཀུན་མཁྱེན་ཆེན་པོའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་བའི་རྟེན་འབྲེལ་ལས་རྟོགས་པ་ཀློང་དུ་གྱུར་ཅིང་མགྲིན་པ་ལོངས་སྤྱོད་ཀྱི་རྩ་མདུད་གྲོལ་བས་གང་སྣང་བརྡའ་དང་དཔེ་ཆར་ཤར་ཏེ། གང་བརྩམས་པར་མཛད་པའི་བསྟན་བཅོས་ཀྱི་ཚིག་དོན་མཐའ་དག་རྒྱལ་དབང་ཀློང་ཆེན་པའི་གསུང་དང་དབྱེར་མི་ཕྱེད་པ་སོགས་དམ་པའི་རྣམ་ཐར་སྨོས་ཀྱིས་མི་ལང་། རྗེས་ལས་ཐོབ་པའི་ཡེ་ཤེས་སྒྱུ་མ་ལྟ་བུའི་སྣང་ཆར་ཚོགས་བསགས་རྟེན་བཞེངས་ཀྱི་སྒོ་འཕར་རྒྱ་ཆེན་པོ་སྤེལ་བའང་བསམ་གྱིས་མི་ཁྱབ་པ་སྟེ། རྗེ་ཉིད་ཀྱི་གདན་སར་མ་ཎིའི་རྡོ་མཁར་དང་། ལྷ་ཁང་ཆེ་བ། སྒྲུབ་གྲྭའི་འདུ་ཁང་། བཤད་སྒྲུབ་གཉིས་ཀྱི་གྲྭ་ཤག་ཕལ་ཆེ་བ། ཟངས་མདོག་དཔལ་རིའི་བློས་བསླངས་བཅས་ཕྱིའི་རྟེན་དང་། ནང་རྟེན་དུ་སྟོན་པ་གཙོ་འཁོར་གསུམ། མཁན་སློབ་ཆོས་གསུམ། ཉེ་སྲས་བརྒྱད། དཔལ་ཆེན། ཡུམ་ཀ་བདེ་ཆེན་རྒྱལ་མོ། ཕུར་པ། ཀུན་མཁྱེན་ཡབ་སྲས་བཅས་ཀྱི་འདྲ་སྐུ་དུ་མ་བཞེངས་པ་དང་། དུས་ཀྱི་མཆོད་པའི་སྐོར་བདེ་ཆེན་ཞིང་སྒྲུབ་དང་། རྡོར་སེམས་སྒྲུབ་པ། ཆོས་རྒན་མ། བུམ་སྒྲུབ། དབྱར་གནས་སོགས་སྒྲུབ་འཕྲིན་མཐོང་བརྒྱུད་ཀྱི་ཕྱག་བཞེས་གྲུབ་དབང་རྫོགས་ཆེན་པའི་རིང་ལུགས་ལྟར་ཉམས་པ་མེད་པའི་རྒྱུན་བཙུགས། སྔ་ཕྱིར་ཞལ་གསུང་མཛད་པའི་དགོངས་གཏེར་བསྟན་བཅོས་ཀྱི་སྐོར་ཁྲེགས་ཆོད་ནམ་མཁའ་སྤྲིན་བྲལ། ཐོད་རྒལ་མཁའ་དབྱིངས་ཉི་ཟླ། རྒྱབ་ཆོས་ནམ་མཁའ་ཀློང་ཡངས། ཐེག་དགུའི་རྣམ་བཤད་རིན་ཆེན་ཐེམ་སྐས། བདེ་ཆེན་ཞིང་ཁྲིད་ཀྱི་འགྲེལ་བ་ཐར་ལམ་གསལ་བའི་སྒྲོན་མེ། ཟངས་མདོག་དཔལ་རིའི་སྨོན་ལམ་གྱི་འགྲེལ་བ་རིན་ཆེན་ཐེམ་སྐས། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པའི་འགྲེལ་བ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ། རྩ་གསུམ་དབང་གི་ཆོ་ག་དངོས་གྲུབ་མཆོག་སྟེར། འཇིགས་གླིང་གི་བླ་མའི་རྣལ་འབྱོར། བླ་སྒྲུབ་བྱིན་རླབས་འོད་སྣང་། ཡི་དམ་སྒྲུབ་པ་བདེ་ཆེན་མྱུར་ལམ། མཁའ་འགྲོའི་གསང་སྒྲུབ་བདེ་སྟོང་རོལ་འཚོ། རིག་བྱེད་ལྷ་མོའི་སྒྲུབ་ཐབས་འདོད་དགུ་དབང་སྡུད། ཆོས་དབྱིངས་མཛོད་ཀྱི་བསྡུས་དོན། འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་བདེ་ཆེན་ཞིང་དུ་བགྲོད་པའི་མྱུར་ལམ། ནམ་མཁའ་སྤྲིན་བྲལ་གྱི་བསྡུས་དོན་རྡུལ་བྲལ་མེ་ལོང་། དམ་ཆོས་འདུལ་བའི་གླེང་གཞི་རྟོགས་བརྗོད་རིན་ཆེན་བུམ་བཟང་། རྫོགས་ཆེན་སྙིང་ཐིག་བརྒྱུད་པའི་བླ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས། མ་གཟའ་དམ་གསུམ་གྱི་གསོལ་མཆོད་འདོད་དོན་ལྷུན་གྲུབ། རྣལ་འབྱོར་སྨྱོན་པའི་ཐོལ་གླུ། བརྒྱུད་གསུམ་བླ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས། མོས་གུས་རྒྱང་གླུ་སྐུ་གསུམ་དག་པའི་དགའ་སྟོན། སྐུ་གསུམ་རང་ཞལ་མཐོང་བའི་མགུར་དབྱངས་ངོ་མཚར་བདུན་ལྡན། དབེན་གཏམ་དམ་ཆོས་སྒྲུབ་པའི་སྐུལ་མ། ཉམས་ལེན་སྙིང་གཏམ་སུམ་ཅུ་པ། ཀློང་ཆེན་སྙིང་ཐིག་གི་བླ་མ་རྒྱང་འབོད་བྱིན་རླབས་སྤྲིན་ཕུང་། བླ་མའི་རྣལ་འབྱོར་བྱིན་རླབས་འོད་སྣང་སོགས་ཆོས་ཚན་ཆེ་ཕྲ་བརྒྱ་ཕྲག་ལྷག་གི་གསུང་འབུམ་བཞུགས། དགུང་གྲངས་བདུན་ཅུ་བཞེས་པ་ས་ཡོས་ལོ་ནས་བསྟུད་མར་དབྱར་ལོ་འགར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་གདན་ཞུའི་ཐུགས་བསྐྱེད་ཀྱི་ཤིང་རྟས་ཉེར་བར་དྲངས་པ་དང་། རྗེ་ཉིད་ཀྱི་སྔོན་སྨོན་གྱི་དམ་བཅའ་དུས་སུ་སྨིན་པས་གངས་རིའི་ལྗོངས་ཀྱི་ནཱ་ལེནྡྲའི་ཆོས་སྡེ་གཉིས་པ་ཤྲཱི་སེང་ཆོས་གྲྭ་ཆེན་མོར་ཞབས་སོར་བཀོད། ཆོས་གྲྭ་ཆེན་མོའི་མཁན་སྤྲུལ་འདུས་སྡེ་ཡོངས་ལ་མཛོད་ཆེན་བདུན་དང་། ངལ་གསོ་སྐོར་གསུམ། གསང་བ་སྙིང་པོའི་རྒྱ་འགྲེལ་ཕལ་མོ་ཆེ། རྒྱུད་བཅུ་བདུན། ཁྲིད་ཡིག་ཡེ་ཤེས་བླ་མ། བར་དོ་དྲུག་ཁྲིད། རྗེ་ཉིད་ཀྱི་ཁྲེགས་ཆོད་ཐོད་རྒལ་དང་། ཞབས་དཀར་པའི་ཁྲེགས་ཆོད་ཐོད་རྒལ་སོགས་མོས་ཁམས་ལྟར་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བས་གྲུབ་དབང་རྫོགས་ཆེན་པའི་གདན་ས་ཞེས་གྲགས་པ་དོན་དང་ལྡན་པའི་གནས་སུ་བཀོད་ཅིང་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས་། ཁྱད་པར་ངེད་ཅག་མཁན་སྤྲུལ་བདུན་ཚན་གཅིག་ཁོ་ན་ལ་ཡང་ཏིག་ཡིད་བཞིན་ནོར་བུ་ཆོས་ཚན་ལྔ་བཅུ་རྩ་གསུམ་མནོག་ཆོས་སུ་བསྩལ་ཏེ་དམན་བུ་བདག་ཉིད་ལའང་བུང་བ་གསེར་གཟིགས་ཀྱི་དབུགས་དབྱུང་གཟེངས་བསྟོད་མཛད། དགུང་གྲངས་བདུན་ཅུ་རྩ་གཉིས་བཞེས་པ་ལྕགས་སྦྲུལ་ལོའི་སྟོན་ཁར་རྗེ་ཉིད་ཀྱི་གདན་སའི་ཟངས་མདོག་དཔལ་རིའི་བློས་བསླངས་ཕྱི་ནང་རྟེན་བརྟེན་པ་བཅས་ལེགས་འགྲུབ་བྱུང་བས་རབ་གནས་ཉིན་གཅིག་ལ་འཚོགས། དེ་ཉིན་གཏོར་མ་ལས་བདུད་རྩི་བབས་པ་དང་། ཕྱི་དྲོ་འཇའ་གུར་འཁྲིགས་ཤིང་ཁ་བ་སབ་སིབ་བབ་པ་ལས་རིང་བསྲེལ་འཐོར་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་བྱུང་། ལོ་དེའི་དགུན་ཁར་ཆོས་ཞུ་པ་ཡོངས་ལ་ཡིད་བཞིན་མཛོད་ཀྱི་ཆོས་ཁྲིད་གསུངས་ཤིང་དེ་སྐབས་ཡུན་རིང་མི་བཞུགས་པའི་གསུང་འཕྲོས་གནང་བ་དང་། དགུན་ལོར་ཆོས་ཐུན་གཅིག་ཁོ་ན་གསུང་པ་ལས་གཞན་སྐུ་མཚམས་དམ་པོར་བཞུགས། ཆུ་རྟ་ལོ་ནས་སྙུན་གཞིའི་རྣམ་པ་ལྟ་བུ་བྱུང་བས་ཉེ་གནས་སོགས་ཞལ་སློབ་ཡོངས་ཀྱིས་སྨན་ཁང་དུ་ཕེབས་པར་ཞུ་བསྐུལ་ཞུས་ཚེ་སྤྱིར་འདུས་བྱས་མི་རྟག་པའི་ཆོས་ཉིད་ལ་ཟློག་ཐབས་མེད་ཅིང་། ཁྱད་པར་རྒན་བུ་ལོ་ན་བདུན་ཅུར་སོན་པ་ཞིག་ན་ཤི་ཅི་བྱུང་ཡང་ཧང་སང་རྒྱུ་མེད་པས་སྨན་ཁང་དུ་འགྲོ་བ་ལས་སྡོད་ཐུབ་ན་དགའ་ཞེས་ཞལ་བཞེས་མ་གནང་། དེ་ཚུལ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེར་ཞལ་པར་ཐོག་སྙན་གསན་ཕུལ་བས་འཕྲལ་མར་ཁྲིན་ཏུའུ་སྨན་ཁང་དུ་མ་ཕེབས་ཐབས་མེད་ཡིན་པའི་བཀའ་ཕེབས་གསུང་བསྐུལ་མཛད། རྗེ་ཉིད་ལ་ཇི་བཞིན་ཞུས་པས་བླ་མ་དང་མཆེད་གྲོགས་ཀྱི་དམ་ཚིག་ཆེས་ཟབ་པ་སྐྱབས་རྗེ་རིན་པོ་ཆེ་ཁོང་འདྲ་བ་འཇིག་རྟེན་འདིར་ད་ལྟ་སུ་ཡང་མེད་པས་བཀའ་གཅོག་ཐབས་མེད་ཅེས་གསུངས་ནས་སྐུ་མཚམས་ལས་བཞེངས་ཏེ་ཁྲིན་ཏུར་ཕེབས། སྐྱབས་རྗེ་རིན་པོ་ཆེས་ཐུགས་བཀོད་མཐུན་འགྱུར་གནང་བ་ལྟར་ཟླ་ཕྱེད་ཙམ་སྨན་ཁང་དུ་བཞུགས་རྗེས་སྙུན་ཁམས་ཅུང་ཟད་ཡར་དྭངས་ལྟ་བུ་བྱུང་། ཉིན་ཞིག་སྐྱབས་རྗེ་རིན་པོ་ཆེ་སྨན་ཁང་དུ་བྱོན་སྐབས་རྣམ་གཉིས་ནས་ཞབས་གྲལ་ཉེ་གནས་པ་ཀུན་སྒོར་སོང་གསུངས་ཏེ་ཆུ་ཚོད་ཕྱེད་ཙམ་རིང་ཐུགས་གྲོས་མཛད། སླར་ཞབས་གྲལ་བ་ཀུན་ནང་དུ་ཕྱིན་སྐབས་སྐྱབས་རྗེ་མཆོག་གི་ཞལ་ནས་བླ་མ་རིན་པོ་ཆེ་མཆོག་ནས་ད་སྔོན་སྐུ་ཚེ་གང་བོར་མེ་བཙའ་ཙམ་གྱིས་སྨན་བཅོས་བྱེད་མ་མྱོང་ལ་ད་ཕྱིན་ཡང་ན་ཚ་དང་ལེན་རྐྱེན་ངན་ལམ་ཁྱེར་མཛད་པ་ལས་སྨན་བཅོས་ལ་ཐུགས་འཐད་མི་གནང་མོད། ཉེ་ཆར་ངོས་ཀྱིས་ཞུས་ངོ་ལྟར་སྨན་ཁང་དུ་ཕེབས་པར་མཛད་ཀྱང་ད་ནི་རྗེ་ཉིད་ཀྱི་ཐུགས་དགོངས་ལྟར་ཉིན་འགའི་རྗེས་ཡར་གདན་སར་ཕེབས་ནས་སྐུ་མཚམས་ལ་བཞུགས་རྒྱུའི་ཐུགས་ཐག་ཆོད་པ་ཡིན་ཞེས་གསུང་བཀོད་བསྩལ། ཕྱི་ཉིན་སྐྱབས་རྗེ་རིན་པོ་ཆེས་དབུས་རྫོགས་ཆེན་གདན་སའི་ཞལ་སློབ་མཁན་སྤྲུལ་སྐྱེས་ཆེན་ལྷན་རྒྱས་ནས་རིག་འདུས་ཚེ་དབང་དང་འབྲེལ་བའི་བརྟན་བཞུགས་དང་བཞུགས་ཞུས་ཕུལ་སྐབས་རྟེན་འབྲེལ་གྱི་ཆེད་དུ་ལགས་སོ་ཟེར་དགོས་པ་ཡིན་ཞེས་གསུང་འཕྲོས་བསྩལ། ཉིན་འགའི་རྗེས་ཕྲན་པ་དང་འབྲུག་སྤྲུལ་རིན་པོ་ཆེ་སོགས་རྫོགས་ཆེན་གདན་སའི་ཞལ་སློབ་ཕེབས་འཁོར་ཆུང་བ་གསུམ་བཅས་ཀྱིས་ཨ་སྐྱོང་གདན་ས་བར་ཕེབས་སྐྱེལ་ཞུས། དེ་ནས་དཔྱིད་ཟླ་ཐ་ཆུང་གི་ཟླ་དཀྱིལ་བར་སྐུ་མཚམས་དམ་པོར་བཞུགས་ཚེ་ཐུགས་ཁམས་ཤིན་ཏུ་དྭངས་ཤིང་སྙུན་གཞིའི་རྣམ་པ་ཅུང་ཟད་ཀྱང་མེད་པ་ལྟ་བུ་བྱུང་ཡང་སྐུ་ལུས་ཅུང་ཟད་རིད་པ་བྱུང་། བར་སྐབས་ནས་ཕྱོགས་འདུས་ཀྱི་སློབ་ཚོགས་རྣམས་ལ་མཇལ་འཕྲད་མཛད་ཅིང་སྐུ་དྲུང་དུ་འབྱོར་བ་ཀུན་ལ་ཚེ་རབས་རྗེས་འཛིན་གྱི་ཐུགས་སྨོན་ཟབ་རྒྱས་གནང་། ཚེས་ཉེར་ལྔ་ཙམ་ནས་སྐུ་བཅར་ཉེ་གནས་པ་རྣམས་ལ་ད་སྟེ་ཞག་བདུན་གྱི་བར་རང་རེ་རྣམས་ལྷན་དུ་སྡོད་རྒྱུ་ཡོད་པས་དེ་བར་སྐྱིད་སྐྱིད་བྱེད་དགོས་ཞེས་གསུངས་པ་དང་། ཐུགས་སྲས་ཐུ་བོ་འགའ་སྐུ་དྲུང་དུ་ཕྱིན་སྐབས་ད་ཁྱེད་རང་རྣམས་ལ་རྫོགས་པ་ཆེན་པོའི་སྐོར་གྱི་དྲི་བ་འདྲ་ཡོད་ན་བྱེད་རན། ལར་ང་རང་ལ་ཀུན་མཁྱེན་ཆེན་པོས་མི་དང་མི་ལབ་པ་ལྟ་བུའི་ཞལ་གཟིགས་ནམ་རྒྱུན་ཡོད་པ་ཡིན་ཡང་ཉེ་ཆར་ཅི་ཡང་མཇལ་རྒྱུ་མི་འདུག་ཅེས་ཆོས་ཉིད་ཟད་སར་ཕྱིན་པའི་གསུངས་བྱོན་པ་དང་། ད་ཕྱིན་ང་རང་གི་སློབ་གྲལ་ཏུ་གཏོགས་པ་ཀུན་ཀྱིས་བྱང་ཆུབ་ཀྱི་སེམས་ཉག་མ་རེ་རྒྱུད་ལ་ཨེ་སྐྱེ་རེམ་དགོས། ད་ལམ་ངས་རྗེས་ཐོབ་ཀྱི་སྣང་ཤེས་ངོར་ངན་སོང་གསུམ་གྱི་འགྲོ་བའི་སྡུག་བསྔལ་ལ་བསམ་ཚེ་ལུས་འདི་ཚལ་བར་ཚལ་བར་གས་འགྲོ་བ་ལྟ་བུའི་སྙིང་རྗེ་བཟོད་མི་ཐུབ་པ་སྐྱེས་ཀྱིན་འདུག་ཅིང་། བྱར་མེད་ཀ་དག་གི་ལྟ་བའི་ངང་དུ་མཉམ་པར་བཞག་ཚེ་ཆུ་ཡི་རི་མོ་བཞིན་རྗེས་མེད་རང་སར་ཡལ་འགྲོ་གིན་འདུག་ཅེས་གསུངས་པ་དང་། གནམ་གང་ཉིན་མཁན་སྤྲུལ་ཐོས་ལྡན་རིན་པོ་ཆེ་སྐུ་དྲུང་དུ་བཞུགས་སྐབས་གློ་བུར་དུ་ཨ་ཀ་དག་ཀ་དག་སོགས་ཉམས་མགུར་ཚིག་བཅད་མང་པོ་ཀློང་རྡོལ་བའི་ཚུལ་དུ་གསུངས་པ་མཛད་ཀྱང་ཁོང་གིས་ཐུགས་ཐོག་ཏུ་ཟིན་པ་མ་བྱུང་གསུངས། དེ་ཉིན་ད་དུང་ཞག་གཉིས་ཡོད་མོད་སོགས་གསུངས་ནས་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་དུ་བྱིན་གྱིས་བརླབས་ཏེ་བདག་ཅག་གི་སྟོན་པ་སྐུ་བལྟམས་ཤིང་མྱ་ངན་ལས་འདས་པའི་ཟླ་བ་ས་གའི་བར་བཞུགས་པར་མཛད། ས་ག་ཟླ་བའི་ཚེས་གཅིག་གི་ནུབ་མོ་མདུན་འདུག་ཉེ་གནས་པ་མར་ལོ་དང་ཞབས་འགྲེང་བཙུན་མ་གཉིས་ཡོད་པ་སྐུ་དྲུང་ནས་ཡང་ཡང་ངུས་ཚེ་ད་ཁྱེད་རང་རྣམས་ཀྱིས་མྱ་ངན་མ་བྱེད་དང་རང་རེ་མི་རིང་བར་འཕྲད་པར་འོང་། ང་ཐོག་མར་བདེ་བ་ཅན་དུ་སྐྱེ་རྒྱུ་ཡིན་པས་ཁྱེད་རང་རྣམས་ཀྱིས་བདེ་སྨོན་དང་འོད་མཚན་བསྙེན་བཟླས་ཅི་ནུས་གྱིས། ང་ལ་སྐྱེ་བའི་ཚེ་རབས་མང་པོར་ནོར་བ་མི་སྲིད་པའི་རྟགས་མཚན་འདི་དང་འདི་ཡོད་པས་སྐྱེ་བ་རྗེས་མ་ཡང་ནོར་བ་མི་སྲིད། གཡོན་ཕྱོགས་ཀྱི་རྟགས་འདི་ཨེ་ཀ་ཙ་ཊིའི་སྤྱན་དང་མཚུངས་ཤིང་ལོ་རྒྱུས་ཀྱི་བྱུང་བ་བརྗོད་ན་ཤིན་ཏུ་མང་པོ་བཤད་རྒྱུ་ཡོད་ཀྱང་དགོས་པ་མེད་སོགས་གསུང་འཕྲོས་དང་ཐུགས་སྨོན་གནང་། དེ་ནུབ་ནམ་ཕྱེད་ཙམ་ན་ཉེ་གནས་པ་ལ་གཟིམས་ཁྲི་བསལ་དུ་བཅུག་སྟེ་ཞལ་ཕྱག་ཆུ་ལ་བཀྲུས་ཤིང་། ད་སྟེ་ཞག་བདུན་བར་ཁང་སྒོ་དམ་པོར་ཆོད་ལ་སུའང་ནང་དུ་མ་གཏང་དེའི་ཚེ་རྫོགས་ཆེན་དུ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེར་ཞལ་པར་འཕྲོད་ཐབས་གྱིས་དང་དེ་ནས་ཁོང་གི་ཐུགས་བཀོད་ཡོད་ཡོང་ཞེས་ཞལ་བགོས་གནང་བ་དང་། གདན་འབོར་ཞིག་གི་སྟེང་དུ་ཆོས་གོས་ཁོ་ན་གསོལ་ནས་སྐྱིལ་ཀྲུང་སེམས་ཉིད་ངལ་གསོའི་ཕྱག་རྒྱས་བཞུགས་པར་མཛད། དེ་མ་ཐག་སྐུ་གསུམ་གྱི་གཟིགས་སྟང་གཡས་གཡོན་གྱེན་ཐུར་དུ་ལན་གསུམ་གཟིགས་རྗེས་སྤྱན་བར་སྣང་ལ་གཏད་པ་ཙམ་གྱིས་དབྱིངས་དང་རིག་པ་བསྲེས་ཏེ་གཞི་དབྱིངས་ཆོས་སྐུའི་ངོ་བོར་མངོན་པར་བྱང་ཆུབ་པར་གྱུར། དེ་ཉིན་ནས་ཞག་འགར་ནམ་མཁའ་གཡའ་དག་ཅིང་གཟིམས་ཁང་གི་ཕྱི་ལོགས་སུའང་ཕལ་བའི་དྲི་གང་གིས་ཀྱང་མི་མཚོན་ཞིང་དཔེར་མི་འོས་པའི་དྲི་བཟང་གིས་ཁྱབ་པ་དང་། ཞག་བདུན་གྱི་ནང་མོར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་གཟིམ་ཁང་དུ་བྱོན་སྐབས་སྔར་དུས་བཞིན་སྐུ་བཀྲག་བརྗིད་ལྡན་པའི་ངང་མཉམ་བཞག་གིས་བཞུགས་འདུག་པ་དང་། ཐུགས་དམ་བཞེངས་བསྐུལ་གནང་སྐབས་ད་གཟོད་དབུ་དུད་ཅིང་སྤྱན་རས་ཟིམ་པ་དེར་ཡོད་ཀུན་ཀྱིས་མངོན་སུམ་དུ་མཇལ། ས་ཟླའི་ཚེས་བཅོ་ལྔའི་ཉིན་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་དབུས་མཁན་སྤྲུལ་འདུས་སྡེ་ཡོངས་ཀྱིས་ལས་བཞིའི་སྦྱིན་སྲེག་གི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་མཛད་ཅིང་། དེ་སྐབས་ཉིན་གྲངས་བཅུ་ལྷག་ལས་མ་ཕྱིན་ཡང་སྐུ་གདུང་ཆུང་ཞིང་ཡང་པ་མི་གཅིག་གིས་འདེགས་ནུས་པའི་ཚོད་དུ་གྱུར་འདུག་པ་དང་། ཐོག་མར་གདུང་ཁང་དུ་གདན་དྲངས་སྐབས་བྱང་ཕྱོགས་ནས་སྙན་ལ་བརྗིད་ཆགས་པའི་སྒྲ་ཆེན་པོ་རྒྱུན་རིང་པོར་གྲགས་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྒྲ་ལའང་རྣམ་པ་གཉིས་ཏེ། འུར་གྱིས་བྱུང་ན་ཞག་བདུན་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་དང་། སྒྲ་རྣམ་པ་གཉིས་ལས་འུར་བའི་སྒྲ་དལ་ལ་རྒྱུན་རིང་བ་ཞི་བའི་རྔ་སྒྲ་ལྟ་བུ་བྱུང་ན་ལས་བཞིའི་ཆ་ལས་རྡོ་རྗེའི་རིགས་སམ་པདྨའི་རིགས་སུ་སངས་རྒྱས་པའི་རྟགས་སོ་གསུངས་པ་དང་། སྐུ་གདུང་འབར་བ་ལས། སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང་། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདི་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །དེ་ཀུན་ལོངས་སྤྱོད་ཚད་དང་མཉམ། །འདི་ལྟར་ལོངས་སྤྱོད་རྫོགས་ནས་ཀྱང་། །སྤྲུལ་པའི་སྐུ་ཡང་འབྱིན་པར་ནུས། །ཞེས་གསུངས་པ་ཐམས་ཅད་ཀྱིས་མཐུན་སྣང་དུ་ཐོས་པ་བྱུང་ཞིང་ཕལ་བའི་སྐྱེ་བོ་ཀུན་ཀྱིས་ལོ་དེའི་འབྲུག་སྒྲ་ཐོག་མར་གྲགས་པ་ཡིན་པས་ཆེས་ངོ་མཚར་བའོ་ཞེས་ཀྱང་གླེང་པ་བྱུང་། དེ་བཞིན་ནམ་མཁའ་གཡའ་དག་ཅིང་ཉི་མའི་མཐའ་བསྐོར་དུ་འཇའ་འོད་ཁ་དོག་ལྔ་པའི་འོད་ཁྱིམ་ཆེས་གསལ་པ་ཉིན་གང་བོར་མངོན་པ་དང་། ཕྱི་དྲོའི་དུས་སུ་མཁའ་ངོས་ཀུན་ཏུ་སྤྲིན་འཇའ་ཁ་དོག་སྣ་ཚོགས་པ་གྱེན་འགྲེང་དང་རྩིབ་ཤར་གྱི་དབྱིབས་ཅན་རྒྱུན་རིང་པོར་བྱུང་བ་སྟེ། ཇི་སྐད་དུ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་བྱུང་བ་དང་། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་བྱུང་བའོ། །འོད་ཁྱིམ་ལྟར་བྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པའོ། །འོད་སྐས་ལྟར་བྱུང་བ་དེ་ནི་ཞག་བདུན་ན་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་དང་། སྐུ་གདུང་འབར་བའི་རྒྱུད་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པ་ནི། །གང་གི་ཤུལ་དུ་བྱུང་བ་ན། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡི་ནི་འབྲས་བུ་ཐོབ། །ཅེས་གསང་ཆེན་རྒྱུད་སྡེ་ཆེན་མོ་དག་ལས་མངོན་པར་རྫོགས་པ་སངས་རྒྱས་པའི་རྟགས་མཚན་སྒྲ་འོད་དང་བཅས་པ་གསལ་བར་བསྟན་པ་ལྟར་བྱུང་ཞིང་། ཁྱད་པར་དུ་ཇི་སྐད་དུ། སྐུ་གདུང་འབར་བ་ལས། སྐྱེས་མཆོག་མྱ་ངན་འདས་པ་ལ། །སངས་རྒྱས་ཀུན་གྱི་གདུང་ཡང་འབྱུང་། །སངས་རྒྱས་རིགས་ཀྱི་ཁྱད་པར་ལས། །གདུང་གི་རིགས་ནི་ལྔ་ལྔར་འབྱུང་། །ཤ་རཱི་རམ་ནི་བདེ་གཤེགས་གདུང་། །དེ་བཞིན་བ་རཱི་རམ་ཞེས་ནི། །རྡོ་རྗེ་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རམ་ནི་རིན་པོ་ཆེ། །བསེ་རི་རམ་ནི་པདྨའོ། །དེ་བཞིན་ཉ་རཱི་རམ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་དང་། རང་ཤར་ལས། ཤ་རཱི་རམ་གྱིས་སྐྱེ་མེད་འཐོབ། །ཆུ་རཱི་རམ་གྱིས་དོན་ཡོད་དོ། །བ་རཱི་རམ་གྱིས་ལོངས་སྐུ་འཐོབ། །ཉ་རཱི་རམ་གྱིས་སྤྲུལ་སྐུ་འཐོབ། །པཉྩ་རམ་གྱིས་རྡོ་རྗེ་ཉིད། །ཅེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གདུང་ལ་ཡང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི། ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱི། ཁ་དོག་དམར་པོ་སྣང་བ་མཐའ་ཡས་ཀྱི། ཁ་དོག་ལྗང་གུ་ནི་དོན་ཡོད་གྲུབ་པའི། ཁ་དོག་སྣ་ཚོགས་པ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །ཞེས་པ་ལྟར་གདུང་དུད་གང་དུ་ཕྱོགས་པའི་ས་རུ་གདུང་ཆེན་ཁ་དོགས་སྣ་ཚོགས་པ་བརྒྱ་སྟོང་གི་གྲངས་བབ་པ་དང་། དེ་ལས་ཀྱང་ཁ་དོག་དཀར་པོ་དང་སྔོན་པོ་ཆེས་མང་བས་སྐྱབས་རྗེ་པདྨ་སྐལ་བཟང་མཆོག་གི་ཞལ་ནས་སྒྲ་འོད་སོགས་གང་ལ་བཞིག་ཀྱང་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་གྲོལ་བར་འདུག་ཀྱང་། རྗེ་ཉིད་ཀྱིས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཞེས་ཞལ་བཞེས་གནང་བ་ལྟར་ན་པདྨའི་རིགས་སུ་མངོན་པར་སངས་རྒྱས་པ་ཡིན་དགོས་གསུངས་ཤིང་། གཞན་ཡང་ཇི་སྐད་དུ། སྐུ་གདུང་འབར་བ་ལས། འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདིས་ནི་སྤྲུལ་བའི་ཞིང་ཁམས་སོ། །ཞེས་འབྱུང་བ་ལྟར་ཡུངས་འབྲུ་ལྟ་བུ་དང་སྲན་ཆུང་ལྟ་བུའི་རིང་བསྲེལ་ཕྲ་མོ་ཆར་ལྟར་བབ་ཅིང་། གདུང་མཇལ་བ་ཀུན་ཀྱིས་ཧབ་ཐོབ་བྱས་ཚེ་རྒན་པོ་ལོ་ན་རྒས་པ་ཞིག་གིས་ཅི་བྱེད་ཐབས་མེད་ཀྱིས་ངུ་འབོད་བྱས་པས་དེ་མ་ཐག་གོས་ཀྱི་ཕུ་ཐུང་སྟེང་དུ་རིང་བསྲེལ་རྡོག་གཅིག་བབ་པ་སོགས། མདོར་ན་ཕྱི་ནང་གི་གྲོལ་རྟགས་མཐའ་ཡས་པ་རྒྱུད་སྡེའི་གཞུང་ནས་བསྟན་པ་བཞིན་ཐམས་ཅད་ལ་མངོན་སུམ་མཐོང་ཆོས་སུ་བྱུང་བས་ཆོས་དང་བླ་མ་ལ་དད་པ་མེད་པ་དག་གིས་ཀྱང་འདི་འདྲའི་མཚར་པོ་འབྱུང་རྒྱུ་འདུག་ཅེས་ཡ་མཚན་པར་འཛིན་པ་དང་། རྗེ་ཉིད་ཀྱི་ཐུགས་སྲས་ཞལ་སློབ་སངས་རྒྱས་དངོས་མཐོང་གི་དད་པ་བརྟན་པོ་ཐོབ་པ་དག་ལའང་ངེས་ཤེས་དང་དད་པ་ལྷག་པར་འཁྲུངས་ནས་མིག་མཆི་མས་བརླན་པ་སོགས་ཐ་མའི་མཛད་པ་མཐོང་ཞིང་ཐོས་པ་དག་གི་རྒྱུད་ལ་རྣམ་གྲོལ་གྱི་ས་བོན་བསྐྲུན་པར་མཛད་ཅིང་། ཕྱིས་སུ་གདུང་རྟེན་ལེགས་བཞེངས་གྲུབ་ནས་གཟུངས་སྒྲུབ་བྱེད་སྐབས་ཀྱང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དཀར་པོ་དང་སེར་པོའི་ཁ་དོག་ཅན་གྲངས་མེད་པ་ཚེག་སྒྲ་དང་བཅས་སྐུ་གདུང་བཞུགས་སུ་གསོལ་བའི་གཟིམ་ཁང་གི་པང་གཅལ་སྟེང་དུ་བབ་པ་དང་། རྒྱུད་གཞུང་ནས་བསྟན་པའི་གསེར་ཕྱེ་ལྟ་བུའི་རིང་བསྲེལ་བབ་པ་མཆོད་སྟེགས་སོགས་སུ་ལག་པས་ཕྱགས་རྒྱུ་ཡོད་པ་བྱུང་བ་ན། རྒྱུ་མཚན་མི་ཤེས་པ་དག་གིིས་གཟུངས་འབུལ་གནོད་སྦྱིན་བང་མཛོད་འཇོག་སྐབས་གཡང་སྒྲུབ་བྱས་པའི་བྱིན་བརླབས་ཀྱིས་ནོར་ལྷས་གསེར་ཕྱེ་ཕབ་པ་ཡིན་སོགས་ཟེར་བ་བྱུང་ངོ་། །དེ་ལྟར་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་རྗེ་བཙུན་བླ་མ་རིན་པོ་ཆེ་ནི་ངེས་པའི་དོན་དུ་གདོད་ནས་མངོན་པར་བྱང་ཆུབ་ཏུ་ཟིན་ཀྱང་། ཚུར་མཐོང་གི་སྣང་ངོར་གདོད་མའི་མགོན་པོ་དང་མི་གཉིས་པ་ཉམས་དང་རྟོགས་པའི་དབང་ཕྱུག་དམ་པའི་ཚུལ་དགུའི་མངའ་བདག་ཏུ་བྱོན་ནས། མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་ཐར་དང་ཐམས་ཅད་མཁྱེན་པའི་ས་ལ་བཀོད་དེ་ཞིང་འདིའི་འགྲོ་དོན་རེ་ཞིག་རྫོགས་པའི་ཚུལ་བསྟན་ཏོ། །

[༩༣] ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས།

མཁན་ཆེན་ཐུབ་དགའ་ཡིད་བཞིན་ནོར་བུ་དང་འཇིགས་མེད་ཡོན་ཏན་མགོན་པོ་རྣམ་གཉིས་ཀྱི་ཐུགས་སྲས་ཞལ་སློབ། སྙིགས་དུས་བསྟན་པའི་གསལ་བྱེད་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ཞེས་གྲགས་པའི་དམ་པའི་སྐྱེས་མཆོག་གང་ཉིད་ཀྱི་སྤྲུལ་གཞི་ནི། རྒྱལ་བ་རྡོ་རྗེ་འཆང་གི་སྤྱན་སྔར་བྱང་སེམས་ཡེ་ཤེས་སྙིང་པོ། འོད་སྣང་སྤྲུལ་བའི་ཞིང་ཁམས་སུ་སྟོན་པ་གཞོན་ནུ་ཁྱེའུ་ཆུང་། སྟེང་ཕྱོགས་སུམ་ཅུ་རྩ་གསུམ་དུ་འོད་གསལ་རྫོགས་པ་ཆེན་པོའི་སྟོན་པ་ལྷ་དེ་བ་བཟང་སྐྱོང་། ལྷོ་ཕྱོགས་འཛམ་བུའི་གླིང་འདིར་མཉམ་མེད་ཐུབ་པའི་དབང་པོའི་གསོ་ཡུམ་སྐྱེ་དགུའི་བདག་མོ་དང་། རིག་འཛིན་དགའ་རབ་རྡོ་རྗེའི་སྐྱེད་ཡུམ་མི་ལས་འདས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདེ་ལྡན་དབང་མོ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དངོས་སློབ་བྲམ་ཟེ་ཡིད་བཞིན་དཔལ། ཆོས་རྒྱལ་ཨིནྜ་བོ་དྷིའི་དྲུང་དུ་ཆོས་བློན་དམ་པ་ཏྲིཀ་ན་འཛིན། ཨོ་རྒྱན་སངས་རྒྱས་གཉིས་པས་རྒྱ་གར་དུར་ཁྲོད་བརྒྱད་དུ་གསང་སྔགས་ཀྱི་ཆོས་འཁོར་སྐོར་ཚེ་སྲས་ཤཱཀྱ་མི་ཏྲ། གངས་ཅན་བོད་ཀྱི་ཡུལ་དུ་འབྲས་བུ་གསང་སྔགས་ཀྱི་བསྟན་པ་སྤེལ་ཚེ་ཐུགས་སྲས་གྲུབ་ཆེན་ཉེར་ལྔའི་ཡ་གྱལ་སྣ་ནམ་རྡོ་རྗེ་བདུད་འཇོམས། རྒྱལ་བསྟན་ཕྱི་དར་གྱི་སྐབས་སུ་ཁ་ཆེ་པཎ་ཆེན་གྱི་དངོས་སློབ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ། གུ་རུའི་ཐུགས་གཏེར་གྱི་མངའ་བདག་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན། རིག་འཛིན་སྐུ་ཕྲེང་གཉིས་པ་མངའ་རིས་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། གསུམ་པ་ངག་གི་དབང་པོ། བཞི་པ་རིག་འཛིན་པདྨ་ཕྲིན་ལས། དེའི་སྐུ་སྐྱེ་ཉག་རོང་ལྕགས་མདུད་གྱི་ཡུལ་དུ་འཁྲུངས་པ་གཏེར་སྟོན་པདྨ་དབང་ཕྱུག དེའི་ཡང་སྲིད་གཏེར་ཆེན་ལས་རབ་གླིང་པའམ་བསོད་རྒྱལ་རིན་པོ་ཆེ་ཞེས་ཡོངས་གྲགས་གཙོ་ཆེར་བགྲངས་པའི་ལུགས་དང་། གཞན་ཡང་གཏེར་ལུང་འགའ་ལས་དེ་ལས་གཞན་པའི་སྐྱེ་རྒྱུད་བྱུང་བ་སོགས་རིམ་དང་གཅིག་ཆར་གྱི་སྒྱུ་འཕྲུལ་བཀོད་པ་མཐའ་ཀླས་པ་མངའ་བ་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལྟར་ལ། འདིར་སྤྲུལ་བའི་གཏེར་ཆེན་ལས་རབ་གླིང་པའི་སྐུ་སྐྱེ་དེ་མ་ཐག་པ་ཡིན་པའི་ཚུལ་ནི། ལས་གླིང་རང་གི་སྐུ་སྐྱེ་ཕྱི་མ་ངོས་འཛིན་དུ་མི་འགྱུར་བའི་རྟགས་བདུན་བསྟན་པ་སྟེ། ཇི་སྐད་དུ། གནས་མི་འགྱུར་ཆོས་དབྱིངས་འབྱུང་གནས་སུ༔ མདངས་མི་འགྱུར་གཡུ་ཡི་མཚོ་མོ་ལ༔ རིགས་མི་འགྱུར་པདྨའི་སྡོང་པོའི་རྩེར༔ སྔགས་སྣ་ནམ་གྱི་སྤྲུལ་པའི་ཁྱེའུ་མཆོག༔ ལོ་མི་འགྱུར་མཁའ་ལྡིང་བྱ་ལ་བལྟམས༔ ལུས་མི་འགྱུར་ལག་མཐིལ་མཁའ་འགྲོའི་དལ༔ ངག་མི་འགྱུར་སྡེ་སྣོད་རྒྱ་མཚོའི་བརྒྱན༔ སེམས་མི་འགྱུར་ཆོས་སྐུའི་རང་ངོ་འཕྲོད༔ དེ་རང་ལོ་ཉེར་དྲུག་ཉེར་བདུན་ལ༔ སྨན་བདུད་རྩི་དཔལ་འཛིན་ཆོས་དབྱིངས་མས༔ ལས་སྨོན་དང་ཐབས་ཀྱིས་བཏུལ་བྱས་ནས༔ ཟབ་གཏེར་ལྔའི་སྒོ་འཕར་འབྱེད་ནུས་ན༔ དུས་འཁྲུག་གི་མུན་ནག་དབྱིངས་སུ་ཡལ༔ བོད་གངས་ཅན་ལ་བདེ་བའི་ཉི་མ་ཤར༔ ཞེས་གསུངས་པ་ལྟར་སྤྱི་ལོ་༡༩༣༣པ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་ཉིན་ཡབ་པད་ཏེ་དང་། ཡུམ་གཡུ་མཚོ། འཁྲུངས་ཡུལ་རྡོ་ཁོག་རྫུ་མེད་ཆོས་ཀྱི་འབྱུང་གནས། དགུང་སྙིང་བྱ། ཕྱག་མཐིལ་དུ་མཁའ་འགྲོའི་དལ་ཆོས་འབྱུང་ཟུར་དྲུག་པའི་རི་མོ་ཡོད་པ་སོགས་མ་འཁྲུལ་བར་སྐུ་བལྟམས། འཁྲུངས་པའི་སྐབས་སུའང་སྐུ་དྲང་པོར་བསྲངས། སྤྱན་གྱིས་ནམ་མཁར་གཟིགས། ཕྲུ་མ་ཆོས་གོས་ཀྱི་ཚུལ་དུ་མནབས་ཏེ་ཞལ་ནས་རིག་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་ལན་བདུན་གསུངས་པ་དེར་འཁོད་ཀུན་ཀྱིས་ཐོས་པས་ཐམས་ཅད་ཡ་མཚན་པར་གྱུར། དགུང་ལོ་བདུན་ལ་སོན་སྐབས་ཡི་གེའི་ཕྱི་མོ་ལ་བསླབས་ཀྱང་ཤེས་དཀའ་བའི་རྐྱེན་གྱིས་འཇམ་དཔལ་སྨྲ་བའི་སེང་གེ་ལ་དད་མོས་དྲག་པོས་ཞག་འགར་བསྒྲུབས་པས་བྱིན་རླབས་ཀྱི་རྟགས་མཚན་ཐོབ་པ་ནས་བཟུང་ཀློག་སོགས་ལ་མ་བརྩོན་པར་མཁྱེན་པར་མ་ཟད། གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་འོལ་སྤྱི་ཙམ་ཐུགས་སུ་ཆུད་པ་བྱུང་། དགུང་གྲངས་བཅུ་བཞི་པར་ངེས་པར་འབྱུང་བའི་ཐུགས་རྒྱུད་བསྐུལ་བས་བྲག་རྫོང་མཁན་པོ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་བས་ཐུབ་བསྟན་ལེགས་བཤད་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པན་གསོལ། དེ་ནས་བཟུང་བཤེས་གཉེན་དུ་མ་བསྟེན་ཏེ་ཐོས་བསམ་མཛད་པས་ཉིན་རེ་ཤོག་ལྡེབ་མདའ་ཚད་བཅོ་ལྔ་ཙམ་ཐུགས་འཛིན་ནུས་པའི་གཟུངས་སྤོབས་ཀྱི་བློ་གྲོས་རྒྱས། དགུང་གྲངས་བཅོ་ལྔ་སོན་སྐབས་འོད་གསལ་རྫོགས་པ་ཆེན་པོའི་ཆོས་དང་ཀུན་མཁྱེན་བླ་མ་མི་ཕམ་རྒྱ་མཚོ་ལ་མོས་གུས་བླ་ལྷག་ཏུ་འཁྲུངས་ཏེ་རིག་སྟོང་འཇམ་དཔལ་གཞོན་ནུའི་ཚིགས་བཅད་ཀྱི་སྒོ་ནས་གསོལ་བ་ཕུར་ཚུགས་སུ་བཏབ། གསོལ་འདེབས་གྲངས་བརྒྱ་རེའི་མཚམས་སུ་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པ་རེ་བསྒྲགས་པས་སྔ་མ་ས་ཡ་གཅིག་དང་། ཕྱི་མ་ཁྲི་ཚོའི་གྲངས་འཁྱོལ་བའི་མོད་ལ་དོན་བརྒྱུད་ཀྱི་དགོངས་པ་རིག་སྟོང་གཉུག་མའི་རང་ཞལ་མངོན་སུམ་རྗེན་ཅེར་དུ་མཐོང་བས་རྩོལ་མེད་འབྲས་བུའི་རྒྱལ་སར་གཤེགས། དགུང་གྲངས་བཅོ་བརྒྱད་པར་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཁྲུལ་མེད་འཛིན་པ་རྫ་སྟོད་ལྕང་མ་སྒར་དུ་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཐུབ་བསྟན་ཆོས་འཕེལ་ལམ་ཐུབ་དགའ་ཡིད་བཞིན་ནོར་བུའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན། མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་ཤིན་ཏུ་ཟབ་པ་བསྐྱེད་རྫོགས་རྫོགས་ཆེན་གྱི་གདམས་ཁྲིད་བཅས་ཐུགས་རྒྱུད་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་མཛད། དགུང་གྲངས་ཉེར་གཉིས་པར་རྗེ་དེ་ཉིད་ཀྱི་དྲུང་ནས་བསྙེན་པར་རྫོགས་པ་ནས་སྐུ་ཚེ་གང་བོར་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའི་གནང་བཀག་གི་གནས་ཕྲ་མོ་ལས་ཀྱང་མི་འདའ་བའི་རྣམ་ཐར་བདག་གིར་བཞེས། སློབ་ཚོགས་བརྒྱ་ཕྲག་དུ་མའི་དབུས་སུ་ང་ཡི་སྤྲུལ་སྐུ་རྒྱ་སྒོང་མ་ཞེས་ཐུགས་བརྩེས་རྗེས་སུ་བཟུང་བའི་སྔགས་བརྗོད་དང་ནང་མའི་ཞལ་གདམས་རྒྱུན་དུ་གནང་། གཞན་ཡང་རྫོགས་ཆེན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལས་ལྕེ་བཙུན་སྙིང་ཐིག བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ལས་སྙིང་ཐིག་ཡ་བཞིའི་དབང་དང་། དུས་འཁོར་དབང་ཆེན། སྤྲུལ་སྐུ་ནམ་མཁའ་འཇིགས་མེད་ལས་བླ་མ་ཡང་ཏིག ཞི་ཁྲོའི་དབང་། མ་ཎི་བླ་མ་པདྨ་སིདྡྷི་ལས་ཁྲེགས་ཆོད་ཐོད་རྒལ་གྱི་གདམས་པ་དང་། བར་དོའི་ཆོས་སྐོར། བུ་རྒྱུད་ལྷ་བ་སྤྲུལ་སྐུ་ལས་ཕར་ཚད་ཀྱི་སྐོར་དང་། སྐར་རྩིས་སོགས་རིག་གནས་སྐོར། མཁན་པོ་རྒྱ་མཚོ་ལས་དབུ་མའི་སྐོར། བླ་མ་ཚུལ་དགའ་ལས་མཛོད་ཀྱི་བཤད་རྒྱུན་དང་། རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་། མཁན་པོ་ཨོ་རྒྱན་མགོན་པོ་ལས་འདུལ་ཊིཀ་ཉི་མའི་འོད་ཟེར། དེ་མཚུངས་མཆོག་སྤྲུལ་པད་ནོར། བླ་མ་གར་ཆོས། མཁན་པོ་ཟླ་འོད། བཤེས་གཉེན་དགེ་འདུན་དར་རྒྱས་སོགས་ལས་ཀྱང་ཆོས་བཀའ་ཅི་རིགས་གསན་པས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། དགུང་ལོ་ཉེར་བཞིའི་དུས་རང་ཡུལ་གནུབས་ཟུར་དགོན་གྱི་ཆོས་ཁྲི་ལ་མངའ་གསོལ་ཏེ་བཤད་གྲྭའི་ལས་ཐོག་མཁན་པོའི་ཐུགས་འགན་བཞེས་ནས་གཞུང་ཆེན་བཀའ་པོད་ལྔ་དང་སྙན་སུམ་སོགས་ཐུན་མོང་རིག་གནས་ཀྱི་འཆད་ཁྲིད་རྒྱ་ཆེར་བསྐྱངས། དེ་ནས་དུས་ངན་གྱི་གོད་ཆག་བདོ་བའི་ལོ་གྲངས་ཉི་ཤུ་ཙམ་རིང་དབེན་པའི་གནས་ཡུལ་འགྲིམས་ཏེ་རང་དོན་དུ་བསྙེན་སྒྲུབ་ཉམས་བཞེས་ཀྱིས་ཐུགས་དམ་ལ་བོགས་འདོན་དང་། གཞན་དོན་དུ་སྣོད་ལྡན་གྱི་སློབ་བུ་འགའ་ལ་ཀུན་མཁྱེན་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། མི་ཕམ་གསུང་འབུམ་གཙོ་བོར་གྱུར་པའི་ཆོས་ཁྲིད་ཉིན་བཞིན་བསྩལ་ཅིང་། ཁྱད་པར་རྒྱལ་བསྟན་ཡང་དར་གྱི་ཉི་མ་གསར་དུ་ཤར་བའི་སྐབས་འདིར། ཇི་སྐད་དུ། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་མ་འོངས་ལུང་བསྟན་ལས། གསེར་རྔ་དམ་ལྷ་ཡི་བླ་ལུང་དུ༔ དཔལ་ཨོ་རྒྱན་སྤྲུལ་པ་འཇིགས་མེད་མཚན༔ འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ༔ ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ༔ ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག༔ འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ༔ དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད༔ ཅེས་གསུངས་པ་ལྟར་སྔོན་སྨོན་ཐུགས་བསྐྱེད་གོ་ཆ་དུས་སུ་སྨིན་ཏེ་སྤྱི་ལོ་༡༩༨༠པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ཟླ་བ་དྲུག་པའི་ཚེས་བཅུ་ལ། ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་སྐུ་ཚེའི་སྟོད་ཀྱི་གདན་ས་གསེར་ལྗོངས་བླ་མ་རུང་དུ་ལྔ་རིག་ནང་བསྟན་སློབ་གླིང་ཞེས་པའི་ཆོས་སྡེ་གསར་དུ་དབུ་བཙུགས་ནས་མདོ་སྔགས་སྨིན་གྲོལ་དང་བཅས་པའི་ཆོས་འཁོར་རྒྱ་ཆེར་བསྐོར། སྤྱི་ལོ་གྱ་ལྔ་པ་ཤིང་གླང་ལོ་ནས་མདོ་དང་རྒྱུད་སྡེའི་དགོངས་དོན་དཔང་པོར་བཞག་སྟེ་དམ་སྡོམ་ཉམས་པའི་སྐྱེ་བོ་ཀུན་ཚར་གཅོད་གནས་དབྱུང་བཏང་ནས་རྙོག་མར་གྱུར་པའི་རྒྱལ་བསྟན་དག་ཐེར་དྭངས་གཙང་མཛད། རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོར་ཕྱོགས་འདུས་ཀྱི་དགེ་འདུན་སུམ་སྟོང་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ་ནས་འདུས་པའི་སྡེ་གོང་འཕེལ་དུ་ཕྱིན། རབ་བྱུང་བཅུ་བདུན་པའི་ཐོག་མའི་མེ་ཡོས་ལོར་དད་ལྡན་སྐྱ་སེར་ཇོ་བཙུན་ཆེས་མང་བའི་འཁོར་ཚོགས་དང་བཅས་རྒྱ་ནག་རི་བོ་རྩེ་ལྔ་ལ་ཕེབས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཟབ་ཆོས་ཀྱི་དགའ་སྟོན་སྤེལ་བས་ལས་ལྡན་གྱི་འཁོར་ཚོགས་རིག་འཛིན་གྱི་ས་ལ་བཀོད་པའི་ཕྲིན་ལས་མཛད། སྤྱི་ལོ༡༩༩༠ལོར་རྒྱ་གར་འཕགས་ཡུལ་དུ་ཕེབས་ནས་གོང་ས་ཐམས་ཅད་མཁྱེན་པ་མཆོག་དང་ཕན་ཚུན་ཐུགས་བརྩེ་ཆེན་པོས་དམ་པའི་ཆོས་ཀྱི་སྐྱེས་བཟང་འབུལ་རེས་མཛད་པ་སོགས་ལེགས་ལམ་གྱི་མཛད་ཕྲིན་ཐུགས་བཞེད་བཞིན་གྲུབ་སྟེ་ཕྱིར་གདན་སར་ཕེབས། དེ་ནས་ལོ་ངོ་གཉིས་ཙམ་གྱི་རྗེས་སུ་སླར་ཡང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀྱིས་གཙོས་ཕྱི་གླིང་གི་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ནས་དམ་པའི་ཆོས་ཀྱི་ཆར་བ་ཕབ་སྟེ་གདུལ་བྱ་སྨིན་གྲོལ་གྱི་ས་ལ་བཀོད། ལོ་དེའི་ཕྱི་ལོ་མདོ་ཁམས་སྟོད་སྨད་ཀྱི་སྔ་འགྱུར་རྙིང་མའི་དགོན་སྡེ་མང་པོར་བསྟུད་མར་ཕེབས་ཏེ་སྡེ་དགོན་སོ་སོའི་བླ་སེར་ཇོ་བཙུན་ནས་ཕལ་བ་མི་སྐྱ་ཕོ་མོ་ཀུན་ལ་ཟབ་ཆོས་ཀྱི་འབྲེལ་བ་དང་དགེ་སྒྲུབ་སྡིག་སྤོང་གི་བསླབ་བྱ་སྙིང་ནོར་དུ་བསྩལ་བ་བཅས་རྒྱལ་ཁམས་ཕན་བདེའི་ལམ་ལ་དྲངས། གཞན་ཡང་སྔ་ཕྱི་ཀུན་ཏུ་གསེར་རྟ་དང་མི་ཉག་སོགས་ཡུལ་ཁམས་འགར་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོས་ཚོགས་རྒྱ་ཆེར་སྤེལ་བ་སོགས་འབྲེལ་ཚད་ཐར་བའི་ལམ་ལ་བཀྲི་བའི་མཛད་པ་བསྐྱངས། ཁྱད་པར་གདན་ས་རང་ནས་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་བའི་མཛད་པ་ཟླ་མེད་བསྐྱངས་པས་མཁས་ཚུལ་གསུམ་གྱིས་མཛེས་པའི་ཞལ་སློབ་བགྲངས་ཀྱིས་མི་ལང་པ་བྱོན་ཞིང་གཙོ་བོའི་མཚན་ཙམ་སྨོས་ན། མཁན་པོ་ཚུལ་ཁྲིམས་བློ་གྲོས། མི་ཉག་མཁན་པོ་གུ་རུ། རྨེ་བ་མཁན་པོ་འཆི་མེད་རིག་འཛིན། གཡུ་མཁར་མཁན་པོ་ནོར་བུ། རྩ་ཤུལ་མཁན་པོ་ཤེས་རབ་བཟང་པོ། མགོ་ལོག་མཁན་པོ་ཀུན་བཟང་། མཁན་པོ་ཡེ་ཤེས་ཕུན་ཚོགས། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། ཤུགས་ཆུང་སྤྲུལ་སྐུ་ལུང་རྟོགས། ཝ་གནས་སྤྲུལ་སྐུ་ཆོས་ཀྱི་ཉི་མ་སོགས་ཕྱི་རབས་བསྟན་པའི་བརྒྱུད་འཛིན་པ་དུ་མ་སྐྱེད་སྲིང་གནང་བ་བཅས་ཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ཆེ་ངང་གིས་བསྡུས་ཏེ། དགུང་གྲངས་དོན་གཅིག་ཏུ་ཕེབས་པ་ཆུ་ལུག་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན་ཞིང་འདིའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་པའི་ཚུལ་གྱིས་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །

[༩༤] རྡོ་གྲུབ་སྐུ་ཕྲེང་བཞི་པ་འཇིགས་མེད་ཕྲིན་ལས་དཔལ་འབར།

གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་ཞལ་སློབ་རྡོ་གྲུབ་སྐུ་ཕྲེང་བཞི་པ་འཇིགས་མེད་ཕྲིན་ལས་དཔལ་འབར་ནི། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་བཀའ་ལུང་ལས། རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱི། །སྤྲུལ་གཞི་རྔ་ཡབ་དཔལ་གྱི་རི་བོ་དང་། །དབུས་འགྱུར་ལོངས་སྐུའི་ཞིང་ཁམས་ཆེན་པོ་རུ། །སྐུ་གསུང་ཐུགས་དང་ཡོན་ཏན་སྤྲུལ་པ་བཞི། །ཁྱད་པར་ཕྲིན་ལས་སྤྲུལ་བའི་ཟློས་གར་ནི། །དགོན་གནས་དེ་ཡི་གཤིན་རྗེར་ཕྱོགས་པའི་སར། །རིན་ཆེན་ལྗོན་ཤིང་བྲག་རི་འཛོམས་པའི་གནས། །ཐབས་ཤེས་ཀ་དང་ད་ཡི་མིང་ཅན་ལས། །རིགས་ལྡན་ཁྱེའུ་མེ་ཡོས་ལོ་པ་ཡིས། །བསྟན་དང་འགྲོ་ལ་སྨན་པའི་ལྟས་བཟང་འབྱུང་། །དེ་ལྟར་དད་ལྡན་གཞན་གྱིས་བསྐུལ་བའི་ངོར། །རྫོགས་སྤྲུལ་ལྔ་པ་དྷརྨ་བཛྲ་གྱིས། །རང་སེམས་འཁྲུལ་བའི་བློ་ལ་གང་དྲན་བྲིས། །དགེ་ལེགས་སྣང་བས་ས་སྟེང་ཁྱབ་གྱུར་ཅིག །ཅེས་གསལ་བར་བསྟན་པ་ལྟར། སྤྱི་ལོ་༡༩༢༧པ་བོད་རབ་བྱུང་བཅུ་དྲུག་ཐོག་མའི་མེ་ཡོས་ལོའི་ཟླ་ཚེས་བཟང་པོའི་ཉིན་ཞིག་ལ་། མདོ་སྨད་གསེར་ཁོག་གྲུབ་ཆེན་དགོན་གྱི་ལྷོ་ཕྱོགས། གསེར་ཆུའི་འགྲམ་རྩའི་གྲོང་པ་ཞེས་པའི་ནང་། ཡབ་རྗེས་དཀར་དགྲ་བླ་དང་། ཡུམ་ཀ་བཞི་གཉིས་ཀྱི་སྲས་སུ་འོད་ཀྱི་སྣང་བས་ཁྱིམ་ཐམས་ཅད་གསལ་བར་གྱུར་བ་སོགས་ལྟས་མཚན་དང་བཅས་སྐུ་བལྟམས། གྲུབ་ཆེན་ཕོ་རོགས་ཡ་ལོ་ཞེས་ར་མཆུ་ཆག་པ་ཞིག་ཡོད་པ་དེ་ཡང་མཚམས་མཚམས་སུ་སླེབས་པ་དང་། ཁང་སྟེང་མེ་ཏོག་གཅིག་རང་བྱུང་གིས་སྐྱེ་བ་སོགས་ངོ་མཚར་བའི་དགེ་མཚན་དུ་མ་བྱུང་། རྫོགས་ཆེན་ལྔ་པས་གྲུབ་ཆེན་དགོན་གྱི་ལྷོ་ཕྱོགས་ལི་རྩང་ཚུན་ཆོད་ལ་ཚོལ་ཅིག་ཅེས་བཀའ་ཕེབས་ལྟར་ཡུལ་སྡེ་སོ་སོར་བླ་གྲྭ་མང་པོ་བཀྲམ་སྟེ་འཚོལ་བའི་སྐབས། གཡུ་ཁོག་བྱ་བྲལ་རིན་པོ་ཆེར་ལུགས་གཉིས་ཀྱི་བཀའ་སློབ་ཞུས་པར་མདང་སུམ་བདག་གི་རྨི་ལམ་ལ་བརྟགས་ན་གྲུབ་ཆེན་ཡང་སྲིད་འཁྲུངས་ཟིན་ངེས་མ་ཟད། རྟ་བྲ་བོ་ལ་ཞོན་པ། མདུང་དར་དམར་པོ་ཐོགས་པ་ཞིག་གིས། ཆོས་དབྱིངས་རང་གྲོལ་ང་ལ་དོན་ཞིག་བསྒྲུབ་རྒྱུ་ཡོད་པས་འགྲུབ་ས་ཨེ་རེད་ཟེར་བར། ངས་ཁྱི་ཞིག་གི་རྐང་རྗེས་འདུག་པ་འདི་དེད་ནས་སོང་དང་དོན་འགྲུབ་སྨྲས་སོང་བས། སྲུང་མ་ཙིའུ་དམར་ཡིན་པས་དེའི་བསྐང་གསོལ་ལ་བརྩོན་དང་ལག་སོན་འབྱུང་ངེས་ཡིན་གསུངས། རྗེས་སོར་བྱིས་པ་མེ་ཡོས་ལོ་པ་གང་ཡོད་ཀྱི་མིང་ཐོ་མཐའ་དག་བསྡུས་ནས་རྫོགས་ཆེན་རིན་པོ་ཆེའི་མདུན་དུ་ཕུལ་སྐབས། མིང་ཐོ་གཅིག་བཏོན་ནས་འདི་ཡིན་གསུངས་ཏེ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ་ཞེས་མཚན་གསོལ་མཛད། དགུང་གྲངས་བཞི་པ་ལྕགས་རྟ་ལོར་བུ་སློབ་ཀུན་རྒྱས་འཛོམས་ཀྱིས་གསང་ཆེན་དངོས་གྲུབ་དཔལ་འབར་གླིང་དུ་རྗེ་གོང་མའི་གསེར་ཁྲིར་བཀོད། དེ་ནས་རང་དགོན་གྱི་མཁན་ཆེན་ཀླུ་ཤུལ་མཁན་པོ་དང་། ཀྱ་ལ་མཁན་ཆོས་མཆོག བོ་ཆུང་རང་རིག་སོགས་བཤེས་གཉེན་དུ་མ་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་ནས། བཤེས་སྤྲིང་དང་། སྤྱོད་འཇུག ཡོན་ཏན་མཛོད་སོགས་ལ་གསན་སྦྱང་མཛད། དགུང་གྲངས་བཅུ་གཅིག་པར་ཨ་པང་གཏེར་སྟོན་གྱི་ལུང་བསྟན་ལྟར་རྫ་སྟོད་དགེ་གོང་དུ། མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་དྲུང་དུ་ཕེབས་ནས་སྙིང་ཐིག་གོང་འོག་གཉིས་ཀྱི་སྨིན་གྲོལ་ཡོངས་རྫོགས་ཞུས་པས། རྗེའི་ཞལ་ནས་ངའི་བརྒྱུད་པ་འདི་བརྒྱུད་ཐག་ཉེ་བ་བྱིན་རླབས་ཀྱི་ཚན་ཁ་གཞན་དང་མི་འདྲ་བ་ཞིག་ཡིན་ལ། ད་ཕ་ནོར་བུ་ཡི་ལག་ཏུ་འཕྲོད་པ་ཡིན་ཞེས་ཐུགས་དགྱེས་པའི་དབུགས་དབྱུང་གནང་། དགུང་གྲངས་བཅུ་ནས་བཅོ་བརྒྱད་བར་ཆོས་སྐོར་མཁན་པོ་གང་རྣམ་དང་། ཀྱ་ལ་མཁན་པོ་ཆོས་མཆོག ཤོར་བག་མཁན་པོ་ཤེར་གྲགས། མཁན་ཐུགས་སྲུང་རྣམས་ཀྱི་མདུན་ནས། ཚད་མ། དབུ་མ། འདུལ་བ། རྒྱུད་རྒྱལ་གསང་བ་སྙིང་པོ། བློ་སྦྱོང་སྐོར་བཅས་ཀྱི་བཤད་ཁྲིད་གསན། དགུང་ལོ་བཅུ་དགུ་པར་དབུས་ཕེབས་དང་པོ་མཛད་དེ་གདན་ས་ཆོས་སྡེ་ཁག་ལ་མཆོད་འབུལ་མཇལ་ཕྱག་རྒྱས་པ་ཕུལ་ནས་ཕྱིར་རང་དགོན་དུ་ཕེབས་པ་དང་བསྟན་སྲིད་ཀྱི་ཐུགས་འགན་བཞེས། དགུང་གྲངས་ཉེར་དགུ་བཞེས་པ་ལྕགས་ཡོས་ལོར་ཉམས་དང་ལུང་བསྟན་དུ་མ་བྱུང་བ་བཞིན། བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་གདན་ས་གོང་མ་རུ་དམ་རྫོགས་ཆེན་དགོན་དུ་ཆིབས་ཞལ་བསྒྱུར། རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། ཡོངས་འཛིན་མཁན་པོ་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་ཐུབ་བསྟན་སྙན་གྲགས་སོགས་ལས་སྨིན་གྲོལ་ཟབ་ཆོས་མཐའ་ཡས་པ་གསན་བཞེས་གནང་བ་དང་། རྒྱལ་རོང་ནམ་སྤྲུལ་རུ་དམ་གདན་སར་ཆེད་དུ་གདན་དྲངས་པ་ལས་དགོངས་འདུས་གསེར་པོད་བཅུ་གསུམ་གྱི་དབང་ལུང་གསན། གཞན་ཞེ་ཆེན་དང་རྫོང་སར་སོགས་སུ་ཕེབས་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་། ཞེ་ཆེན་ཀོང་སྤྲུལ་སོགས་ལས་བཀའ་གཏེར་གསར་རྙིང་གི་སྨིན་དབང་གང་མང་གསན། མར་ལམ་བཀའ་བསྟན་གྱིས་མཚོན་མདོ་སྔགས་ཀྱི་ཆོས་ཚུལ་བཞུགས་སོ་ཅོག་གི་ཡིག་ཆ་རྣམས་བླུས་ཏེ་རང་དགོན་དུ་གདན་དྲངས། དེ་དག་བཞུགས་སུ་གསོལ་བའི་གཙུག་ལག་ཁང་བཟོ་ཁྱད་ཕུལ་དུ་བྱུང་བ་གསར་དུ་བཞེངས། བཀའ་དགོངས་ཕུར་གསུམ་སྨིན་གྲོལ་རྒྱ་ཆེར་བསྩལ་པ་སོགས་བསྟན་འགྲོར་སྨན་པའི་ཕྲིན་ལས་སྣ་ཚོགས་སྤེལ། དགུང་ལོ་སུམ་ཅུ་བཞེས་པ་མེ་སྤྲེལ་ལོར་མཐའ་དམག་གི་རུ་མཚོན་བདོ་བའི་རྟགས་མཚན་དུ་མ་བྱུང་བས་སྤྱི་དང་བྱེ་བྲག་གི་ལུང་དོན་ལྟར་རྒྱ་གར་ཕྱོགས་སུ་ཞབས་སྐྱོད་གནང་། སྡེ་དགེ་དང་ཆབ་མདོ་སོགས་བརྒྱུད་ནས་སྤྱི་ལོ་༡༩༥༧ལོའི་ཟླ་བ་༥པའི་ཚེས་༡༥ཉིན་འབྲས་ལྗོངས་སྒང་ཏོག་ཏུ་འབྱོར། དེ་ནས་རྒྱ་གར་གནས་ཆེན་ཁག་ལ་མཇལ་བསྐོར་དུ་ཕེབས་ནས་མེ་ཁྱི་ལོར་སྦས་ཡུལ་འབྲས་མོ་གཤོངས་སུ་བཞུགས། དེ་ནས་ད་ལྟའི་བར་སྐལ་པ་ལྡན་པའི་གདུལ་བྱ་ཡོངས་ལ་སྔ་འགྱུར་བཀའ་མ་དང་རིན་ཆེན་གཏེར་མཛོད། མཛོད་བདུན། ཡ་བཞི། པོད་དགུ། འཇའ་ཚོན་པོད་དྲུག་སོགས་སྙིང་པོའི་ཆོས་ཀྱི་ཆར་བ་བར་མེད་དུ་བསྩལ་ཅིང་གསང་ཆེན་བསྟན་པའི་རིང་ལུགས་ཕྱོགས་བརྒྱར་སྤེལ་བར་མཛད་བཞིན་བཞུགས་པ་དང་། སླད་མའི་ཆར་ཡང་ཞབས་པད་བསྐལ་བ་རྒྱ་མཚོར་རྡོ་རྗེ་ཆོས་ཁམས་ལྟར་བརྟན་པར་ཤོག་ཅེས་གསོལ་སྨོན་འདེབས་པ་ལགས་སོ། །

[༩༥] སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ།

གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་མཁན་ཆེན་པདྨ་ཚེ་དབང་སོགས་ཀྱི་ཞལ་སློབ་སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་ནི། སྤྱི་ལོ་༡༩༤༣པ་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར་མདོ་ཁམས་མི་ཉག་ལྷ་སྒང་གི་ཉེ་འདབས་སུ་ཡབ་ཉི་མ་འོད་ཟེར་དང་། ཡུམ་རྒྱལ་རོང་རྫོང་འགག་པ་རིན་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཕལ་བའི་བྱིས་པ་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་རྩལ་ཡངས་ཤིང་། སྙིང་རྗེའི་ཐུགས་རྒྱུད་གཏམས་པ་དང་བྱང་སེམས་ཀྱི་སྤྱོད་པར་ལྷན་སྐྱེས་སུ་གོམས་ཤིང་མངོན་ཤེས་གྲུབ་རྟགས་མངའ་བ་ཞིག་སྟེ། རྗེ་ཉིད་ཀྱི་སྐུ་ཕྲེང་དང་པོ་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེས་སྔོན་ལྷ་སྒང་དགོན་པའི་བླ་མ་ཞིག་ལ་རྡོའི་སྒྲོམ་བུ་ཞིག་འདི་རྟེན་རྩ་ཆེན་ཞིག་ཡིན་གསུངས་ཏེ་གནང་སྐབས། དེས་རྡོ་ཞིག་ལ་རྩ་ཆེ་རྒྱུ་ཅི་ཡོད་ཞུས་པས་རྟེན་འབྲེལ་ཅུང་མ་འགྲིགས་པའི་དབང་གིས་རྡོའི་སྒྲོམ་བུ་དེ་ལྷ་སྒང་དགོན་པའི་ཉེ་འགྲམ་གྱི་མ་ཎིའི་རྡོ་ཕུང་ཞིག་ཡོད་པའི་ནང་དུ་གཏེར་དུ་སྦས། མ་འོངས་པར་ངའི་སྐྱེ་ཕྲེང་གསུམ་པས་འདི་གཏེར་ནས་འདོན་ཡོང་གསུངས། ཕྱིས་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་དགུང་ལོ་གསུམ་གྱི་ཐོག་རྡོ་ཕུང་དེའི་རྩར་རྟག་པར་རྩེད་མོ་རྩེ་བཞིན་ཡོད་པ་ལ་ཉིན་ཞིག་རྡོ་ཕུང་དེའི་ནང་ནས་རྡོའི་སྒྲོམ་བུ་ཞིག་ཁྱེར་ནས། ཡབ་ལ་གཅོག་དུ་བཅུག་པས་དེའི་ནང་ནས་ཁྱུང་གི་སྐུ་བརྙན་ཞིག་བྱུང་བ་ཕྱོགས་དེའི་ཡུལ་མི་ཀུན་ལ་རླུང་ལྟར་གྲགས། མི་རིང་བར་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པ་མ་ཧཱ་སྐྱིད་ལུང་དགོན་པ་དང་ལྷ་སྒང་དགོན་པ་གཉིས་ཀྱིས་མདོ་མཁྱེན་བརྩེའི་རྣམ་རོལ་ཨ་ལགས་གཟན་དཀར་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་སྐུ་བདག་བྱས། རྒྱ་ཀོང་གཞན་དགའ་རིན་པོ་ཆེའི་ཞལ་སློབ་མཁས་པའི་དབང་ཕྱུག་གངས་དཀར་སྤྲུལ་སྐུ་སོགས་བླ་མ་བཅུ་གསུམ་ཡོངས་འཛིན་དུ་བརྟག་རིལ་འཕང་པ་ལས་བླ་མ་ཨོ་རྒྱན་རང་གྲོལ་ལ་བབ། དགུང་ལོ་ལྔའི་ཐོག་སྐུ་ཚེ་གང་བོར་ཐུགས་དམ་བསྙེན་སྒྲུབ་ཁོ་ནར་བཞུགས་པའི་བཤེས་གཉེན་ཆེན་པོ་དེ་ཉིད་ཡོངས་འཛིན་དུ་བསྟེན་ཏེ་ཀློག་བསླབ། དགུང་ལོ་བདུན་ལ་སོན་སྐབས་འབྲི་ཀློག་སོགས་ལ་ཐོགས་པ་མེད་པར་བྱང་ཆུབ་ཅིང་མཁྱེན་རབ་དང་ཐུགས་བརྩོན་རྨད་དུ་བྱུང་བས་ཀུན་ཀྱིས་བསྔགས་བརྗོད་ཐོབ། དེ་ནས་སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ཏེ། རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། འབྲུག་པ་སྐུ་ཆེན་སོགས་ལས་རང་ལུགས་བཀའ་གཏེར་གྱི་དབང་ལུང་མང་པོ་གསན་པ་དང་། མཁས་པའི་ཁྱུ་མཆོག་མཁན་ཆེན་པདྨ་ཚེ་དབང་རུ་དམ་ཚེ་རིང་ལྗོངས་སུ་བཞུགས་པའི་མདུན་དུ་ལོ་གཅིག་ཙམ་བཞུགས་ཏེ་སྤྱོད་འཇུག་དང་ཚད་མ་སོགས་གསན། དེ་ནས་རྫོང་སར་དུ་ཕེབས་ཏེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་ས་སྐྱའི་དབང་ལུང་རྣམས་གསན་ཏེ་ཟླ་བ་བརྒྱད་ཙམ་བཞུགས། དགུང་ལོ་བཅུ་གཉིས་ཐོག་རྡོ་ཁོག་གྲུབ་ཆེན་དགོན་དུ་ཕེབས་ཏེ་རྡོ་གྲུབ་བཞི་པ་ཐུབ་པ་རིན་པོ་ཆེའི་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཞུས་ཏེ་ཟླ་བ་བཞི་ཙམ་བཞུགས། དེ་ནས་སླར་ཡང་རྫོགས་ཆེན་དུ་ཕེབས་ཏེ་ནང་དོན་རིག་པ་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱང་གནང་བ་སྟེ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་ཡུལ་དུས་ཀྱི་རྐྱེན་ངན་སྣ་ཚོགས་པའི་སྐབས་སུ་བསླབ་སྡོམ་མིག་གི་འབྲས་བུ་བཞིན་བསྲུངས་ཏེ་བཙུན་པའི་མཆོག་ཏུ་བཞུགས། མཁས་གྲུབ་ངག་དབང་ནོར་བུའི་མདུན་ནས་མདོ་སྔགས་ཀྱི་ཟབ་ཆོས་ཅི་རིགས་པ་དང་། ཐུན་མོང་རིག་གནས་ལ་སྦྱང་བ་མཛད་ཅིང་སྙན་ངག་གི་ལུང་ཙམ་གསན་ནས་བྱ་དཀའ་བའི་རྒྱན་ཀུན་བཟང་འཁོར་ལོའི་རྩོམ་རྒྱུགས་ཕུལ་བ་ཀུན་གྱིས་བསྔགས་བརྗོད་ཐོབ། གཞན་ཡང་མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་། དགེ་མང་སྐུ་ཞབས་སྤྲུལ་སྐུ་སོགས་གདན་ས་འདིའི་མཁན་སྤྲུལ་རྣམས་ལས་རང་ལུགས་གཙོ་བོར་གྱུར་པའི་སྨིན་གྲོལ་གྱི་ཟབ་ཁྲིད་དང་། རྒྱ་བོད་ཀྱི་གཞུང་འགྲེལ་མཐའ་ཡས་པར་གསན་བསམ་དཔྱིས་ཕྱིན་པ་གནང་། སྤྱིར་རྗེ་ཉིད་སྐྱེས་ཐོབ་ཀྱི་ཤེས་རབ་དཔལ་དུ་འབར་ཞིང་། སྐུ་ཚེ་གང་བོར་གཙུག་ལག་གི་གནས་ཕྱི་ནང་ཀུན་ལ་མེ་ཏོག་གི་ཚལ་ལ་བུང་བ་བཞིན་ཐུགས་ངོམས་མེད་པའི་སྦྱང་བརྩོན་ནམ་དུའང་ལྷོད་པ་མི་མཛད་པས་ཡོན་ཏན་གྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་ཀྱང་། སྙེམས་པའི་དྲི་མ་དང་ཆོས་བརྒྱད་ཀྱི་ཆགས་སྡང་སོགས་གཏན་ནས་མི་མངའ་བ་འཁོས་ཆུང་བྱ་བཏང་བའི་བརྟུལ་ཞུགས་ཀྱིས་བཞུགས། དགུང་གྲངས་བཅོ་ལྔ་ཙམ་ནས་དུས་ཀྱི་འགྱུར་བ་སྣ་ཚོགས་པ་བྱུང་ཞིང་དེ་དག་གི་སྐབས་སུ་རོང་བྲག་རྫོང་དང་། དཔལ་ལྷ་སྒང་། དར་མདོ་རྫོང་བཅས་སུ་ལོ་ངོ་བཅུ་ཕྲག་གཉིས་ཙམ་བཞུགས་ཏེ་ངལ་རྩོལ་སྒྱུར་བཀོད་ལ་ཞུགས་པ་སོགས་སྐུ་ཚེགས་འོ་རྒྱལ་ཚད་མེད་བྱུང་། སྤྱི་ལོ་༡༩༨༡པ་གངས་ལྗོངས་ཆོས་རིག་སླར་གསོའི་དུས་བཟང་ཤར་ནས་བཟུང་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྫོགས་ཆེན་དུ་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་འཛུགས་ཀྱི་སློབ་གཙོ་གཞོན་པའི་ཐུགས་འགན་བཞེས་ཏེ་ཕྱག་ལས་བསྐྱངས་པ་དང་། ༡༩༨༤ལོར་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གེ་སར་གཞུང་ལས་ཁང་གི་གཙོ་འགན་བཞེས་པ་དང་། གཞན་ཡང་སྔ་རྗེས་སུ་བཀའ་བསྟན་འགྱུར་རོ་ཅོག་གིས་མཚོན། སྔ་འགྱུར་བཀའ་གཏེར་གྱི་ཕྱག་དཔེ་དང་། བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་གཞུང་ལུགས། གེ་སར་སྒྲུང་ཡིག་སོགས་རྩ་ཆེའི་དཔེ་རྙིང་མང་པོ་འཚོལ་སྡུད་གནང་སྟེ། དཔེ་བསྡུར་དང་། ལེགས་སྒྲིག་པར་སྐྲུན་བྱེད་པའི་ཐུགས་བཀོད་གནང་བ་མ་ཟད། བོད་རྒྱ་ཚིག་མཛོད་ཆེན་མོ་དང་། གེ་སར་ཚིག་མཛོད། བོད་རྒྱ་ནང་དོན་རིག་པའི་ཚིག་མཛོད། རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་སོགས་སྒྲིག་སྒྱུར་སྐབས་གཙོ་སྒྲིག་པ་དང་ཞུས་ཆེན་པའི་ཐུགས་འགན་བཞེས་པ་བཅས་གཟིགས་རྒྱང་རིང་བའི་སྤྱི་ཕན་གྱི་མཛད་པ་བསྐྱངས་པ་བསམ་གྱིས་མི་ཁྱབ། མདོར་ན་དུས་རབས་བརྗེ་མཚམས་ཀྱི་སྐབས་འདིར་གངས་ཅན་བོད་ཀྱི་ཆོས་དང་རིག་གནས་སླར་གསོ་ལ་མཛད་རྗེས་འགྲན་ཟླ་དང་བྲལ་ཞིང་བཀའ་དྲིན་གཞལ་མཐའ་དང་བྲལ། སྤྱི་ལོ་༡༩༨༩ལོར་དབྱིན་ཇིར་ཕེབས་ཏེ་དབྱིན་ཇིའི་སྐད་ཡིག་སློབ་གཉེར་གནང་བ་དང་བསྟུན་དབྱིན་ཇི་པ་འགྱུར་མེད་རྡོ་རྗེ་དང་ལྷན་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་དབྱིན་ཡིག་ལ་བསྒྱུར་བར་མཛད་ཅིང་། དེང་གི་དུས་སུའང་ཕྱི་གླིང་དུ་བཞུགས་ཏེ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བརྡ་ཆད་ཀུན་བཏུས་ཞེས་པའི་ཚིག་མཛོད་གསར་སྒྲིག་གི་ཕྱག་ལས་གནང་བཞིན་པ་ཐོས་པ་བཅས། སླད་ཆར་ཞབས་པད་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་བསྟན་འགྲོར་སྨན་པའི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པར་ཤོག་ཅེས་སྙིང་ནས་སྨོན་པའོ། །

[༩༦] མི་ཉག་རྩ་ར་མཁན་ཆེན་ཐུབ་བསྟན་ཆོས་ཀྱི་གྲགས་པ།

ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་དང་མཁན་ཆེན་པདྨ་ཚེ་དབང་སོགས་ཀྱི་ཐུགས་སྲས་མཁས་པའི་ཁྱུ་མཆོག་མི་ཉག་རྩ་ར་མཁན་ཆེན་ཐུབ་བསྟན་ཆོས་ཀྱི་གྲགས་པ་ནི། དེ་ཡང་ཁ་བའི་རྡུལ་མང་བརྩེགས་པའི་ས་འཛིན་གྱི་ཕྲེང་བ་ཚར་དུ་དངར་བའི་བསིལ་ལྡན་བྷོ་ཊའི་ལྗོངས་ཆེན་པོ་འདི་ལ། སྟོད་ན་མངའ་རིས་སྐོར་གསུམ། བར་དུ་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་སྟེ་ཡུལ་གྲུ་ཆེན་མོ་གསུམ་དུ་ཕྱེ་བའི་ཕྱི་མའི་ཆ་ཤས་མི་ཉག་ར་བ་སྒང་ཞེས་གྲགས་པའི་ཆོས་ལྡན་གྱི་རྒྱལ་ཁམས། དཀར་ཕྱོགས་སྐྱོང་པའི་ཡུལ་ལྷ་ཆེན་པོ་བཞག་བྲ་ལྷ་རྩེའི་གནས་ཀྱི་གངས་རི་ཤེལ་དཀར་གྱི་མཆོད་རྟེན་ལྟར་བརྗིད་ཆགས་པའི་མདུན་ཐང་ནང་སྐོར་དགུ་འབྲུག་སུམ་མདོ་ཞེས་པའི་སྨན་ལྗོངས་སུ། ཡབ་དགེ་ལེགས་དང་ཡུམ་རྩ་ར་རྡོ་རྗེ་བཟང་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༡༦པ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉི་ཤར་ལ་སྐུ་འཁྲུངས། ཉིན་དེར་ཡུལ་ཕྱོགས་དེའི་གནས་རི་གྲགས་ཅན་དཔལ་རི་མཚོ་བདུན་དང་རི་བདུན་ཞེས་འབོད་པའི་ཡ་གྱལ་མཚོ་ཤིས་བརྟན་མ་ཟེར་བ་ལས་གཡུ་འབྲུག་བདུན་དུས་གཅིག་ཏུ་ནམ་མཁར་སོང་བ་དང་། བར་སྣང་དུ་འཇའ་འོད་ཀྱི་གུར་ཁང་ཕུབ་པ་སོགས་ངོ་མཚར་བའི་མཚན་རྟགས་དུ་མ་ཐམས་ཅད་ལ་མཐུན་སྣང་དུ་བྱུང་། གཞོན་པའི་དུས་ནས་ཕལ་བའི་བྱིས་པ་དང་མི་འདྲ་བ་སེམས་ཅན་ལ་སྙིང་རྗེ་ཆེ་ཞིང་སྐྱེས་ཐོབ་ཀྱི་ཤེས་རབ་རྨད་དུ་བྱུང་བ་དང་། རྩེད་མོའི་སྐབས་སུ་གཙུག་ལག་ཁང་བཞེངས་པ་དང་། སྒོམ་སྒྲུབ་ཁ་ཏོན་བྱེད་པ། ཆོས་འཆད་ཉན་སོགས་སྔོན་གོམས་ཀྱི་བག་ཆགས་བཟང་པོ་ལྷན་སྐྱེས་སུ་མངའ། ཕྱུགས་རྫིར་ཕེབས་སྐབས་ཉི་ཁུག་ལུང་པ་ཞེས་པར་བྲག་རྡོ་ཆེན་པོ་ཞིག་ཡོད་པ་དེ་གཞུང་ཆེན་བཀའ་པོད་ལྔའི་ཆོས་རྩིགས་ཡིན་པའི་སྣང་ཉམས་བྱུང་ཞིང་། རྫི་གྲོགས་བྱིས་པ་གཞན་རྣམས་ལ་འདི་མངོན་པ་ཡིན། འདི་དབུ་མ་ཡིན་སོགས་རེ་རེ་ནས་བརྡ་སྤྲད་ཀྱང་སུས་ཀྱང་གོ་མི་དར་ཞེས་གསུངས་པས་མཚོན་དག་པའི་གཟིགས་སྣང་མཐའ་ཡས་པ་འབྱམས་སུ་ཀླས་པའི་རྣམ་ཐར་མང་། སྐབས་ཤིག་བྲག་ཞབས་པ་ཞེས་པའི་ཁྱིམ་ཚང་ཞིག་ཏུ་གཤིན་ཆོག་ལ་བྱོན་པའི་ཉིན་གཅིག་ཇ་སྐབས་ཀྱི་ཚེ། བླ་མ་ཚེ་རིང་རྡོ་རྗེ་ཞེས་པས་ཁོང་སྔོན་ཆད་རྫོགས་ཆེན་དུ་གྲྭ་སར་ཕེབས་ཚུལ་དང་མཁན་ཆེན་གཞན་དགའ་རིན་པོ་ཆེའི་ཞལ་སྔ་ནས་དབུ་མ་སོགས་ལ་གསན་བསམ་གནང་ཚུལ་ཞལ་བརྡ་བྱས་པས། རྗེ་ཉིད་ཀྱི་སྙན་ལམ་དུ་དབུ་མ་ཞེས་པའི་ཚིག་དེ་ཐོས་མ་ཐག་སྔོན་གྱི་བག་ཆགས་སད་དེ་སྤྱན་ཆབ་དབང་མེད་དུ་ཤོར་བས་བན་རྒོད་འགས་མ་གིའི་གྲྭ་ཕྲུག་དེ་ལ་ལྟོས་དང་རྒྱུ་མཚན་མེད་པར་ཅི་ལ་ངུ་ཟེར་ནས་འཕྱ་སྨོད་བྱས། དགུང་ལོ་བདུན་ལ་སོན་སྐབས་མི་ཉག་ཀུན་བཟང་བསོད་ནམས་ཀྱི་ཉེ་གནས་མཁས་པ་ཆེན་པོ་ཨ་དཔལ་གྱི་སྐུ་དྲུང་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན། རྗེ་དེ་ཉིད་ཀྱིས་མི་ཉག་ཀུན་བཟང་བསོད་ནམས་ཀྱི་མཆོད་རྫས་ཕྱག་དཔེ་སོགས་གནང་སྟེ་བླ་མའི་སྐྱེ་སྲིད་དུ་དོན་གྱིས་ངོས་འཛིན་མཛད། དགུང་ལོ་བཅུ་པའི་ཐོག་བྲག་མཁར་དགོན་དུ་ཆོས་ཞུགས་མཛད་པས་ཧོར་བླ་མ་ཨ་ཁྱུག་མཆོག་ནས་གསོལ་ཆས་ན་བཟའ་སོགས་འཚོ་བའི་མཐུན་རྐྱེན་གནང་། དེ་ནས་བཅའ་དབྱངས་རྡུང་གསུམ་སོགས་དགོན་དེའི་མཐོང་བརྒྱུད་ཀྱི་ཕྱག་བཞེས་མཐའ་དག་ལ་བསླབ་ཚེ་ཚེགས་མེད་དུ་མཁྱེན་པས་བླ་གྲྭ་ཐམས་ཅད་ཐུགས་མཉེས་པའི་བསྔགས་བརྗོད་ཐོབ། དགུང་གྲངས་བཅུ་གསུམ་སྐབས་མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་དགོན་དེར་ཕེབས་ནས་ཁྲིད་ཡིག་ཀུན་བཟང་ཞལ་ལུང་དང་དངོས་གཞིའི་ལྟ་ཁྲིད་ཡེ་ཤེས་བླ་མ་མནོག་ཆོས་སུ་བསྩལ་བ་གསན། དེ་ཕྱིན་མདོ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་ཅིང་གསོལ་བ་རྩེ་གཅིག་ཏུ་བཏབ་པས་ཉིན་ཞིག་གཟིམས་ཁང་གི་རྩིག་པའི་ངོར་མདོ་རིན་པོ་ཆེ་པཎ་ཞྭ་གསོལ་བ་ཞིག་མངོན་སུམ་དུ་མཇལ། བཅོ་ལྔ་པའི་ཐོག་ཁྲི་རྒན་བླ་མ་རྡོ་རྗེ་ཚེ་རིང་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་ཐུབ་བསྟན་གྲགས་པ་འོད་ཟེར་ཞེས་གསོལ། རེ་ཞིག་གི་ཚེ་ན་བཱ་གནས་སྐུ་ཆེན་དཔའ་བོ་ཉི་མ་འོད་ཟེར་དང་། སྐུ་ཆུང་རིག་འཛིན་འགྱུར་མེད་རྣམ་གཉིས་ཀྱིས་ཚ་ཉག་བླ་མ་ཤེས་རབ་ཀྱི་སྐུ་སྐྱེར་ངོས་འཛིན་མཛད་དེ་བཱ་གནས་དགོན་དུ་སྤྱན་དྲངས། དགུང་ལོ་ཉི་ཤུའི་ཐོག་གྲྭ་ས་གོང་མ་རུ་དམ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་ཕེབས་ཏེ་སོ་བྱང་སྔགས་ཀྱི་སྡོམ་པས་རྒྱུད་བསྡམས་པ་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་གནང་བ་སྟེ། ཐོག་མར་བརྟན་མཁས་ཡོན་ཏན་གཉིས་ལྡན་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་ནམ་ཨ་བུ་ལྷ་སྒང་མཆོག་ནས་མཁན་པོ་དང་། མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱིས་ལས་ཀྱི་སློབ་དཔོན། ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོས་གསང་སྟེ་སྟོན་པའི་སློབ་དཔོན། མཁས་མཆོག་པདྨ་ཚེ་དབང་གིས་དུས་གོ་སྟོན་པའི་སློབ་དཔོན། མཁན་པོ་འཇིགས་མེད་བསམ་གཏན་གྱིས་ཁ་སྐོང་བ་མཛད་པ་བཅས་གནས་བརྟན་འདུལ་བ་འཛིན་པའི་དགེ་འདུན་གྲངས་ཚང་བའི་ཞལ་སྔ་ནས་བསྙེན་པར་རྫོགས། དེ་ནས་བཟུང་སྐུ་ཚེ་གང་པོར་ཕྱི་སོ་སོར་ཐར་པ་འདུལ་བའི་བཅའ་ཁྲིམས་མཐའ་དག་མིག་གི་འབྲས་བུ་བཞིན་བསྲུངས་ནས་ཉེས་ལྟུང་ཕྲ་མོས་ཀྱང་གོས་པ་མེད་པ་གནས་བརྟན་འདུལ་འཛིན་ཆེན་པོའི་ངོ་བོར་བཞུགས། དེ་བཞིན་ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་ཞལ་སྔ་ནས་རྒྱ་ཆེན་སྤྱོད་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་དང་། མཁས་གྲུབ་ངག་དབང་ནོར་བུ་ལས་ཟབ་མོ་ལྟ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་བཞེས་ནས་ནང་བྱང་ཆུབ་སེམས་ཀྱི་བསླབ་བྱས་ཐུགས་རྒྱུད་གཏམ་པ་རྒྱལ་སྲས་བདག་ཉིད་ཆེན་པོའི་རྣམ་ཐར་ལ་རང་དབང་འབྱོར། གྲུབ་དབང་ལྔ་པ་ཆེན་པོ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་རྫོགས་ཆེན་གླིང་བླ་དང་འབྲུག་པ་སྐུ་ཆེན། ཀོང་སྤྲུལ་སོགས་ཀྱི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་གསར་རྙིང་གི་སྨིན་དབང་ཅི་རིགས་པ་གསན་ཞིང་དབང་དུས་ཀྱི་ཡེ་ཤེས་ངོ་འཕྲོད་ཅིང་བསྐྱེད་རྫོགས་རྫོགས་ཆེན་གྱི་ལྟ་དགོངས་དང་ལྡན་པས་གསང་བ་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོར་གྱུར། དེ་བཞིན་གདན་ས་འདིའི་མཁས་གྲུབ་སྐྱེས་ཆེན་རྣམས་ལས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཁྲིད་སྤྱི་དང་། མན་ངག་རྫོགས་པ་ཆེན་པོ་གཙོ་བོར་གྱུར་པའི་སྨིན་གྲོལ་གདམས་ཁྲིད་ཀྱི་ཟབ་ཆོས་མ་ཚང་བ་མེད་པ་གསན་བཞེས་གནང་བ་སྟེ། ཤྲཱི་སེང་ཆོས་གྲྭར་ཐོག་མར་བཞུགས་སྐབས་མཁན་ཆེན་ཐུབ་བསྟན་སྙན་གྲགས་ལས་ཐོག་མཁན་ཆེན་ཁྲི་པའི་ཆོས་ཁྲིར་བཞུགས་པ་དང་ཁེལ་བས། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་རྒྱལ་སྲས་ལག་ལེན་རྩ་འགྲེལ་གྱི་དབུ་བརྩམས་པ་ནས། སྤྱོད་འཇུག་མཆན་འགྲེལ། མཁས་གྲུབ་རྗེའི་སྟོང་ཐུན་སྐལ་བཟང་མིག་འབྱེད། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་སོགས་གཞུང་འགྲེལ་མང་པོ་གསན་ཞིང་། སྤྱོད་འཇུག་གཟིགས་སྐབས་ཚིག་དོན་གཉིས་ཆར་ལ་མི་ཤེས་པ་ཞིག་ཡོད་པ་ཐུགས་ལ་མ་ཤར་ཞིང་། མཆེད་གྲོགས་རྣམས་ཀྱིས་སྤྱོད་འཇུག་མི་ཤེས་ཟེར་ནས་ཡང་ཡང་གཟིགས་ཀྱིན་ཡོད་པ་ལ་ཁོ་ཚོས་ཅི་ཞིག་མི་ཤེས་པ་ཡིན་སྙམ་ནས་ངོ་མཚར་སྐྱེས་དར་གསུངས། རེ་ཞིག་ན་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱིས་བུ་ཆུང་སྐྱ་ཐོ་དེ་ལ་རིག་པ་ཚ་པོ་འདུག་པས་སྐྱོར་དཔོན་བྱེད་དུ་ཆུགས་གསུངས་པ་དང་མི་ཉག་ཆོས་གྲགས་ཀྱི་རིག་པ་ལྟ་བུ་ཞེས་ཀུན་ལ་གྲགས་པ་བྱུང་། གཞན་ཡང་མཁན་ཆེན་ངག་དབང་ནོར་བུ་ལས་ཕར་ཕྱིན་འགྲེལ་ཆུང་དོན་གསལ་དང་། གཞན་དགའི་མངོན་པ་མཆན་འགྲེལ་དང་ཕར་ཕྱིན་མཆན་འགྲེལ། མངོན་པ་མཆིམས་ཆེ་ཆུང་། དཔལ་སྤྲུལ་གྱི་ཕར་ཕྱིན་སྤྱི་དོན་སོགས་ཕར་མངོན་གྱི་གཞུང་འགྲེལ་མང་པོ་གསན་ཏེ་དཔྱིས་ཕྱིན་པའི་དཔྱད་པ་གནང་བ་དང་། དེ་མཚུངས་རྒྱལ་དབང་ཀློང་ཆེན་པའི་ཡིད་བཞིན་མཛོད་རྩ་འགྲེལ། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་སོགས་མུན་སེལ་སྐོར་གསུམ། སྨིན་གླིང་ལོ་ཆེན་གྱི་གསང་འགྲེལ་ཞལ་དགོངས་རྣམ་གཉིས་སོགས་སྔགས་ཕྱོགས་ཀྱི་རྒྱུད་སྡེ་མང་པོའི་བཤད་ཁྲིད་གསན་པས་རྗེ་འདི་ཉིད་བཀའ་དྲིན་ཆེ་བའི་རྩ་བའི་བླ་མ་གཅིག་ཡིན་གསུངས། མཁན་ཆེན་པདྨ་ཚེ་དབང་ལས་གོ་རམས་པའི་ཤེར་ཕྱིན་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་དང་། ཕར་ཕྱིན་གྱི་མཐའ་དཔྱད་ཡུམ་དོན་རབ་གསལ། ཕར་ཕྱིན་མཐའ་དཔྱད་སྦས་དོན་རབ་གསལ། དགེ་འདུན་ཉི་ཤུའི་རྣམ་བཤད། རྟེན་འབྲེལ་གྱི་རྣམ་བཤད། བསམ་གཟུགས་ཀྱི་རྣམ་བཤད། མི་ཉག་ཀུན་བསོད་ཀྱི་ཆོས་འཁོར་རྣམ་བཤད། འཇམ་མགོན་མི་ཕམ་པའི་རྣམ་འགྲེལ་འགྲེལ་ཆེན་སོགས་ཕར་ཕྱིན་དང་ཚད་མའི་སྐོར་ལ་ཐོས་བསམ་ཟབ་རྒྱས་གནང་སྟེ་གཞུང་སྤྱིའི་གོ་དོན་དང་། བཀའ་གནད། མཚན་ཉིད་རྣམས་ཐུགས་ལ་ཆགས་ཐོགས་མེད་པར་ཟིན་པར་མཛད་པས་རྗེ་འདི་ཡང་མཆོག་གྱུར་གྱི་བླ་མ་གཅིག་ཡིན་གསུངས། མཁན་པོ་བསོད་ནམས་དབང་རྒྱལ་ལས་དབུ་མའི་རིགས་ཚོགས་དང་འཇུག་པའི་མཆན་འགྲེལ་སོགས་ཟབ་མོ་དབུ་མའི་སྐོར་དུ་མ་དང་། རྨེ་བ་མཁན་ཡེ་ཤེས་དར་རྒྱས་ལས་མི་ཕམ་དབུ་མ་རྒྱན་འགྲེལ། བྲག་དཀར་བརྒལ་ལན། རབ་གསལ་བརྒལ་ལན་སོགས་འཇམ་མགོན་བླ་མའི་གསུང་སྐོར་ཕལ་ཆེ་བའི་བཤད་ཁྲིད་ལུང་རྒྱུན་གསན། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་ལས་འཛིན་པ་རང་གྲོལ་གྱི་དབང་ལུང་ཁྲིད་གསུམ། ཆགས་མེད་ཀྱི་གཅོད་སོགས་ཟབ་ཆོས་དུ་མའི་དབང་ལུང་གསན་ཞིང་། ཁྱད་པར་རྫོགས་ཆེན་ཀ་དག་གི་རིག་པ་ངོ་སྤྲད་པས་ཐུན་མིན་རིགས་བདག་ཏུ་འཛིན། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་གྱི་ཞལ་སྔ་ནས་ཀློང་ཆེན་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། སྔོན་འགྲོ་ཀུན་བཟང་ཞལ་ལུང་། སྔོན་འགྲོ་ཐར་ལམ་རབ་གསལ་སོགས་མན་ངག་རྫོགས་པ་ཆེན་པོའི་ཆོས་སྐོར་དུ་མ་གསན་པས་རྗེ་འདི་གཉིས་རྟོགས་པ་ངོ་སྤྲོད་ཀྱི་རྩ་བའི་བླ་མར་འཛིན། གཞན་ཡང་བྱ་བྲལ་བླ་མ་ཀུན་དགའ་དཔལ་ལྡན་དང་། གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་སོགས་ལས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ཟབ་ཆོས་ཅི་རིགས་པ་གསན་ཞིང་བྱིན་རླབས་མཆོག་ལྡན་གྱི་བླ་མར་བསྔགས། མདོར་ན་རྗེ་འདི་ཉིད་གསང་ཆེན་སྔ་འགྱུར་པའི་གདན་ས་རུ་དམ་རྫོགས་ཆེན་དགོན་དུ་ལོ་ངོ་བཅུ་དྲུག་ལ་བཞུགས་རིང་སྐུ་ཡུལ་དུ་ཐེངས་གཅིག་ཕེབས་པ་ལས་གཞན་ཐོས་བསམ་འཆད་ཉན་ཁོ་ནས་དུས་འདའ་བ་མཛད་ཅིང་། དེ་དག་གི་སྐབས་སུ་འཚོ་བའི་མཐུན་རྐྱེན་ཤིན་ཏུ་ཞན་ཅིང་ཆོས་ཕྱིར་དཀའ་སྤྱད་མཛད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་སྟེ། མཁན་ཆེན་ངག་དབང་ནོར་བུས་དམ་ཅན་སྒང་ནས་མངོན་པ་གསུང་སྐབས་དཀའ་གནད་གཅིག་ལ་སྒྲོ་འདོགས་མ་ཆོད་པས་ཆོས་ཁྲིད་དེ་ཉིད་དུ་མཚམས་འཇོག་གནང་ནས། རྗེ་འདི་ཞབས་ཐང་གིས་ལྕམ་མོའི་བྲག་དཀར་དུ་མཁན་ཆེན་ཐུབ་བསྟན་སྙན་གྲགས་བཞུགས་པའི་དྲུང་དུ་བཀའ་འདྲི་ཞུ་བར་ཕེབས་པ་དང་། མཚན་མོ་ཟླ་འོད་ཀྱི་རྗེས་འདེད་བྱས་ཏེ་དཔེ་གཟིགས་མཛད་ཅིང་། ཟླ་འོད་མེད་སྐབས་སྤོས་མེས་ཡིག་ཕྲེང་དེད་ནས་ནམ་ཕྱེད་བརྒལ་ཙམ་བར་དཔེ་གཟིགས་མཛད་པ་སོགས་ངོ་མཚར་བའི་རྣམ་ཐར་མཐའ་ཡས། དེ་ལྟར་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་གུས་རྟག་བརྩོན་པ་དྲག་པོས་གསན་བསམ་ལྷུར་བཞེས་མཛད་པས་འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་དང་བྲལ་བའི་མཁས་པའི་ཡང་རྩེར་སོན། དགུང་གྲངས་སུམ་བཅུའི་སྐོར་རང་ཡུལ་དུ་ཕེབས་ནས་བྲག་མཁར་དགོན་གྱི་མཁན་པོ་མཛད། བར་ལམ་འཁོར་གདོང་སྤྲུལ་སྐུ་འགྱུར་མེད་རྡོ་རྗེས་འཁོར་གདོང་དགོན་དུ་མཁན་པོར་སྤྱན་དྲངས་ནས་མཆོག་སྤྲུལ་ཤེས་རབ་མེ་འབར་གྱི་ཡང་སྲིད་དུ་མཚན་གསོལ། དེར་གྲྭ་པ་བརྒྱ་ཕྲག་ལྷག་ལ་དགེ་ཚུལ་གྱི་སྡོམ་པ་གནང་ནས་དབྱར་གནས་གསར་འཛུགས་དང་། དབུ་ཕར་ཚད་མངོན་སོགས་གཞུང་ཆེན་གྱི་བཤད་པ་དང་བློ་སྦྱོང་ཟབ་ཁྲིད་སོགས་མོས་ཁམས་དང་མཐུན་པའི་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ནས་གཡུ་མཁར་བླ་མ་རྡོ་རྗེས་གཡུ་མཁར་དགོན་དུ་གདན་དྲངས་པ་ལྟར་ཕེབས་ཏེ་འཆད་ཉན་ཀྱི་ཕྲིན་ལས་འཕེལ་བཞིན་པའི་སྐབས་དུས་འགྱུར་གྱི་གཞན་དབང་དུ་གྱུར། རྗེ་ཉིད་རྟའུ་དང་དར་མདོའི་བཙོན་ཁང་དུ་ལོ་གཅིག་ལྷག་བཅུག་ནས་བརྡུང་རྡེག་གིས་འོ་བརྒྱལ་གང་མཚམས་མྱོང་དགོས་བྱུང་ཡང་ཐུགས་རྒྱ་ཆེན་པོས་བཙོན་གྲོགས་རྣམས་ལ་འདུས་བྱས་མི་རྟག་པ་སོགས་ལས་བརྩམས་པའི་བློ་སྦྱོང་གི་གདམས་ཁྲིད་གནང་། དུས་དེར་རྨི་ལམ་འོད་གསལ་གྱི་སྣང་ཆར་ཉམས་དགའ་བའི་སྤང་ལྗོངས་ཤིག་ཏུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་སྔོ་ལྗང་ཅན་ཞིག་མཇལ་ཞིང་། ཕྱག་གཡོན་པའི་སྲིན་མཛུབ་ཀྱི་རྩེར་ཏཾ་ཡིག་གཅིག་གསལ་བ་སྐད་ཅིག་གིས་ཨང་གྲངས་བདུན་པ་ཞིག་ཏུ་གྱུར། དེ་ཡང་ཡི་གེར་གནས་འགྱུར་ནས། །སྤྲེལ་ལོ་སྤྲེལ་ཟླ་ཤར་བའི་ཚེ། །བསྟན་པ་འཕེལ་བའི་འགོ་ཚུགས་ནས། །བགྲང་བྱ་ཕྲག་གཉིས་བརྒྱད་འདས་པ། །བསྟན་པའི་མེ་རོ་གཞུང་ནས་ལྡང་། །ཞེས་པ་བྱུང་བ་དང་། སྤྱིར་རྗེ་ཉིད་ཀྱི་སྐུ་ཚེ་གང་བོར་ཡི་དམ་གྱི་གཙོ་བོ་རྗེ་བཙུན་སྒྲོལ་མ་ཁོ་ན་མཛད་ཅིང་དངོས་ཉམས་རྨི་ལམ་རྣམས་སུ་ཞལ་གཟིགས་བྱིན་རླབས་མཛད་པ་སྟེ། སྔར་ཤྲཱི་སེང་ཆོས་གྲྭར་སློབ་གཉེར་ལ་བཞུགས་སྐབས་བསོད་སྙོམས་ལ་ཕེབས་ཚེ་རོང་པ་ཞིག་གིས་གནས་ཚང་གཡར་བས་ཁང་ཐོག་ཞིག་ཏུ་གཟིམས། ནམ་ཕྱེད་ཙམ་ན་བུད་མེད་སྐད་གསང་མཐོན་པོ་ཅན་ཞིག་གིས་ཆོས་གྲགས་ཞེས་མཚན་ནས་བོས་ཚེ། ཨ་ཞེས་བརྗོད་པ་དང་མཉམ་དུ་དབུ་ཡར་བཀྱགས་ཚེ་ནས་ཀྱི་བམ་པོ་བརྩིགས་པའི་སྟེང་རྡོ་ཆེན་པོ་ཞིག་གིས་མནན་ཡོད་པ་དེ་ལྷུང་ནས་དབུ་སྔས་ཀྱི་སྟེང་དུ་བརྒྱབ་པས་སྔངས་སྐྲག་བསླང་བ་ཙམ་ལས་གནོད་པ་མ་བྱུང་བ་སོགས་གསང་རྣམ་ཤིན་ཏུ་མང་། དུས་འགྱུར་གྱི་ཡོ་ལང་སྐབས་སུ་ཕལ་ཆེ་བ་རང་ཡུལ་དུ་བཞུགས་ནས་ཞིང་སྲུང་དང་རྩྭ་སྲུང་སོགས་ཀྱི་ལས་ཀ་སྣ་མང་མཛད་ཅིང་དེ་དག་གི་ཚེ་དམ་ཆོས་འཆད་སྤེལ་དང་སྒོམ་སྒྲུབ་ཉམས་ལེན་ཆགས་མེད་མཛད། རྒྱལ་བསྟན་ཡང་དར་གྱི་དུས་བཟང་ཤར་ནས་བྲག་མཁར་རི་ཁྲོད་དང་། རྡོ་ཟམ་རི་ཁྲོད། ལྷ་སྒང་དགོན་སོགས་སུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་དང་། ཁྱད་པར་སྤྱི་ལོ་༡༩༨༧ལོའི་དབྱར་ཟླ་ར་བའི་ཚེས་བརྒྱད་ཉིན་འཇམ་དབྱངས་རིའི་གཡས་ཟུར་རིན་ཆེན་ཐང་དུ་བྲག་མཁར་བཤད་གྲྭ་དབུ་བཙུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་སྤེལ་བས། ཐུགས་སྲས་ཞལ་སློབ་ཀྱི་ཐུ་བོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་དང་། མཆོག་སྤྲུལ་འབྲུག་གྲགས་རྒྱ་མཚོ། མཆོག་སྤྲུལ་ཐུབ་བསྟན་སྙན་གྲགས། མཁན་བཀྲ་ཤིས་དོན་གྲུབ། རྒྱལ་རོང་མཆོག་སྤྲུལ་འཇམ་དཔལ། ལི་ཐང་བསོད་རྒྱལ། ཐར་འབུམ། སང་སང་སྙན་གྲགས། དགུ་རོང་ཤེས་རབ་རྒྱ་མཚོ། རྒྱལ་རོང་ཀུན་བཟང་སོགས་མཁས་པའི་མཆོག་གྱུར་དུ་མ་བྱོན་ཞིང་དེ་དག་རེ་རེས་ཀྱང་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་འཕྲིན་ལས་ཀྱིས་སྤེལ་བ་བསམ་གྱིས་མི་ཁྱབ། བར་སྐབས་རྣམས་སུ་སི་ཁྲོན་ཞིང་ཆེན་ནང་བསྟན་སློབ་གྲྭ་དང་། ཞིང་ཆེན་བོད་ཡིག་སློབ་གྲྭ། པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་། ཞལ་སློབ་ཐུགས་སྲས་རྣམས་ཀྱིས་བཏབ་པའི་ཕྱོགས་ཀྱི་བཤད་གྲྭ་ཁག་སོགས་སུ་ཞབས་པད་བཀོད་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སྤྱི་ལོ་༡༩༨༨པར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་བཀས་བསྐུལ་བ་ལྟར་ཤྲཱི་སེང་ཆོས་སྡེ་ཆེན་མོར་ཕེབས་ཏེ་རྟོགས་དཀའ་བ་དགེ་འདུན་ཉི་ཤུའི་བཤད་ཁྲིད་ཟབ་རྒྱས་གནང་། ཆོས་གྲྭ་ཆེན་མོ་ནས་བྱང་བཤད་སྒྲུབ་རྣམ་ངེས་གླིང་གི་སྒོ་སྲུང་པཎྡི་ཏ་ཞེས་པའི་མཚན་གནས་ཕུལ་ཞིང་ཞབས་པད་ཡུན་དུ་བརྟན་པའི་གསོལ་སྨོན་ཞུས། རྗེ་ཉིད་ཀྱང་ཐུགས་དགྱེས་པ་ཆེན་པོས་ཡབ་རྗེ་གོང་མ་རྩ་བའི་བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་སོགས་ཀྱི་ཆེད་དུ་དམིགས་ཏེ། ཉིད་དང་ཞལ་སློབ་རྣམས་ཀྱིས་ཕྱག་བཏབ་མཛད་པའི་བཤད་སྒྲུབ་ཀྱི་སྡེ་བཅུ་ཕྲག་ལྷག་ཡོད་པ་གྲུབ་དབང་རྫོགས་ཆེན་པའི་དགོན་ལག་ཏུ་འབུལ་བར་མཛད། སླར་རྗེ་ཉིད་ཀྱི་གདན་སར་ཕྱིར་ཕེབས་ནས་ཕལ་ཆེར་གཏན་ཆགས་སུ་བཞུགས་ཏེ་གདུལ་བྱ་སོ་སོའི་ཁམས་དབང་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བ་དང་། སྒྲུབ་གྲྭ་གསར་འཛུགས། སྐུ་གསུང་ཐུགས་ཀྱི་རྟེན་རྒྱ་ཆེ་བ་གསར་བཞེངས་གནང་བ་སོགས་ཐུབ་བསྟན་སྙིང་པའི་རིང་ལུགས་བཤད་སྒྲུབ་ལས་གསུམ་གྱི་མཛད་པས་ཕྱོགས་མཐར་ཁྱབ་པ་སྤེལ་བཞིན་པ་ནས། སླད་ཆར་ཇི་སྲིད་བར་བསྐལ་བ་རྒྱ་མཚོར་སྐུ་འཚོ་ཡུན་དུ་བརྟན་ཅིང་བསྟན་འགྲོར་སྨན་པའི་ཐུགས་བཞེད་གེགས་མེད་འགྲུབ་པའི་སྨོན་འདུན་ཞུ། །

[༩༧] མཁན་རིན་པོ་ཆེ་དཀོན་མཆོག་རིན་ཆེན།

མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་དང་ཚེ་དབང་རིག་འཛིན་རྣམ་གཉིས་ཀྱི་ཞལ་སློབ་མཁན་རིན་པོ་ཆེ་དཀོན་མཆོག་རིན་ཆེན་ནི། གངས་ཅན་མདོ་སྨད་ཀྱི་ལྗོངས་ལས་རྔ་ཡུལ་ཛི་རྐ་ཞེས་པར། ཡབ་གནུབས་ཟུར་བསམ་པ་དོན་འགྲུབ་དང་ཡུམ་རྙི་བཟའ་གསང་སྔགས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ་༡༩༢༢པར་སྐུ་བལྟམས། དགུང་གྲངས་བདུན་གྱི་དུས་དམ་པའི་བག་ཆགས་ཀྱི་མཐུ་བཟང་པོ་དད་དང་ངེས་འབྱུང་བཅོས་མིན་ཐུགས་རྒྱུད་ལ་འཁྲུངས་ཤིང་། རྒྱལ་བའི་བསྟན་པ་རིན་པོ་ཆེར་རབ་ཏུ་བྱུང་བའི་ཆ་ལུགས་སུ་མཛད། རྨེ་སྤྲུལ་ཕྱག་མཛོད་ཆེན་མོ་ཁུ་བོ་རིན་ཆེན་གྲགས་པ་ལས་ཡི་གེའི་འབྲི་ཀློག་སོགས་ནས་རྙིང་མའི་ཆོས་སྤྱོད་ཀྱི་སྐོར་རྣམས་ལེགས་པར་སྦྱངས། དགུང་གྲངས་བཅུ་གཉིས་དུས་ཁྲི་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་དུ་ཚོགས་ཞུགས་མཛད། དགུང་གྲངས་བཅོ་ལྔ་པ་མེ་བྱི་ལོར་མཁན་ཆེན་པདྨ་བཛྲའི་ཡང་སྲིད་མཆོག་སྤྲུལ་བདེ་དགའ་རིན་པོ་ཆེ་རྨེ་ཡུལ་དུ་ཕེབས་སྐབས་རྗེ་དེ་ཉིད་ཀྱིས་སློབ་དཔོན་དང་། མཁན་ཆེན་ཚེ་དབང་རིག་འཛིན་ནས་མཁན་པོ་མཛད་དེ་དགེ་འདུན་ལྔ་ཚོགས་ཀྱི་དབུས་སུ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དཀོན་མཆོག་རིན་ཆེན་དཔལ་བཟང་པོ་ཞེས་གསོལ། དེ་ནས་བཟུང་བླ་མ་ཚེ་དབང་རིག་འཛིན་གྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ་མཉེས་པ་གསུམ་གྱིས་བསྟེན་པས་ནང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ནས་བརྩེ་བས་རྗེས་སུ་བཟུང་། སྙིང་ཐིག་འོག་མའི་སྨིན་བྱེད་དབང་གི་སྒོ་མོ་ཐོག་མར་ཕྱེས་པ་ནས་རིམ་བཞིན་དབང་ལུང་ཁྲིད་གསུམ་གྱི་གདམས་པ་མང་པོ་ལེགས་པར་བསྩལ། དགུང་གྲངས་ཉེར་གཉིས་པར་རང་དགོན་གྱི་བཤད་གྲྭ་མཁྱེན་བརྩེ་ཀུན་འདུས་མཁས་མང་གླིང་དུ་མཁན་ཡེ་ཤེས་དར་རྒྱས་ཀྱི་མདུན་ནས། སྤྱོད་འཇུག་དང་། དབུ་མ་རྩ་འཇུག བྱམས་ཆོས་། ཡིད་བཞིན་མཛོད་། སྡོམ་གསུམ་རྣམ་ངེས་སོགས་ཀྱིས་གཙོས་གཞུང་ལུགས་རབ་འབྱམས་ལ་གསན་སྦྱང་མཛད། ཤིང་བྱ་ལོར་མཁན་ཡེ་ཤེས་དར་རྒྱས་དགོངས་པ་ཆོས་དབྱིངས་སུ་བསྡུས་རྗེས་སྔར་ལྟར་རྗེ་བླ་མའི་མདུན་དུ་ཕེབས་ནས། རང་ལུགས་ཀུན་མཁྱེན་ཡབ་སྲས་དང་། འཇམ་མགོན་བླ་མ་མི་ཕམ་པའི་གསུང་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་གཞུང་ལུགས་མང་པོའི་བཤད་ཁྲིད་ལེགས་པར་མནོས། མེ་ཕག་ལོར་སྐྱབས་རྗེ་བླ་མ་དུང་རིའི་རི་ཁྲོད་དུ་བྱོན་སྐབས་རྗེ་ཉིད་ཀྱང་ཞབས་འབྲེང་དུ་ཕེབས། དུས་དེར་བླ་མ་རིན་པོ་ཆེ་ནས་ཀཿདཔལ་རྫོགས་གསུམ་སོགས་གསང་སྔགས་སྔ་འགྱུར་པའི་ཆོས་སྡེ་ཆེན་མོ་རྣམས་སུ་གྲྭ་སར་འགྲོ་དགོས་པའི་བཀའ་ལུང་གསེར་གྱི་ཅོད་པཎ་སྤྱི་བོར་བསྩལ་བར་བརྟེན། ཐོག་མར་མདོ་ཁམས་གྲུབ་དབང་རྫོགས་ཆེན་དགོན་དུ་བྱོན་ནས་མཁན་འཆི་མེད་རིན་པོ་ཆེ་དང་། མཁན་ཡོན་ཏན་མགོན་པོ། མཁན་པདྨ་ཐེག་མཆོག་བློ་ལྡན་ནམ་ཨ་བུ་ལྷ་སྒང་། མཁན་འཇིགས་མེད་བློ་གྲོས། མཁན་པདྨ་ཚེ་དབང་། མཁན་ནོར་གཡང་། མཁན་ཆོས་ལྡན་སོགས་མཁན་རབས་གསེར་རིའི་ཕྲེང་བ་ལྟར་ཚར་དུ་དངར་བའི་དད་ཡུལ་དགེ་འདུན་གྲངས་ཚང་བ་ལས་བསྙེན་པར་རྫོགས་པ་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་ལྟར་གཅེས་པར་བསྐྱངས། གཞན་ཡང་རྫོགས་ཆེན་སྐྱབས་མགོན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། འབྲུག་པ་སྐུ་ཆེན། མུ་ར་པདྨ་ནོར་བུ། གླིང་བླ་སྐུ་ཆེན་སོགས་མཁན་སྤྲུལ་རྣམས་ལས་དབང་ལུང་ཁྲིད་གསུམ་ཅི་རིགས་པ་གསན། ཁྱད་པར་སྐྱབས་རྗེ་མཁན་ཆེན་འཆི་མེད་རིན་པོ་ཆེ་ལས་གྲུབ་མཐའ་མཛོད། མན་ངག་མཛོད། ཡོན་ཏན་མཛོད་འགྲེལ་ཤིང་རྟ་རྣམ་གཉིས། རྩ་རྒྱུད་གསང་བ་སྙིང་པོ། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། ཀུན་བྱེད་རྒྱལ་པོའི་དོན་ཁྲིད་སོགས་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་དུ་མ་གཙོ་བོར་གྱུར་པའི་ཆོས་ཚུལ་མཐའ་ཡས་པར་གསན་སྦྱངས་མཛད་པས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཕྱིན། དེ་ནས་རྫ་སྟོད་ལྕང་མ་སྒར་དུ་བྱོན་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཐུབ་དགའ་ཡིད་བཞིན་ནོར་བུ་ལས་དཔལ་གསང་བ་སྙིང་པོའི་སྤྱི་དོན་དང་འགྲེལ་པ་སོགས་ཆོས་སྐོར་མཐའ་དག་རྫོགས་པར་གསན་ཞིང་སྙིང་འགྲེལ་ཕྱོགས་བཅུའི་མུན་སེལ་ཐུགས་ཐོག་ནས་གཞན་ལ་འཆད་ནུས་པ་བྱུང་། དེའི་ཚེ་བླ་མའི་ཐུགས་ཤིན་ཏུ་དགྱེས་བཞིན་མཁས་མང་ཚོགས་པའི་དབུས་ནས་དོན་གནས་ཀྱི་བསྔགས་བརྗོད་ཡང་ཡང་མཛད། གཞན་ཡང་ཀཿཐོག་དང་། ཨ་འཛོམས། དགེ་གོང་། རྫ་རྒྱལ་དགོན་སོགས་སུ་ཕེབས་ནས་ཀུན་མཁྱེན་བོད་པ་སྤྲུལ་སྐུ་དང་། རྒྱལ་སྲས་འགྱུར་མེད་རྡོ་རྗེ། མཁན་ལེགས་བཤད་འབྱོར་ལྡན། མདོ་སྤྲུལ་ཟིལ་གནོན་དགྱེས་པ་རྡོ་རྗེ། རྡོ་གྲུབ་སྤྲུལ་སྐུ་ཐུབ་དཔལ། ཡར་ལུང་བསྟན་པའི་ཉི་མ། མཁན་ནོར་བུ་བསྟན་འཛིན་སོགས་མཁན་སྤྲུལ་དུ་མ་ལས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་དབང་ལུང་གདམས་པ་ཅི་རིགས་གསན་པར་མཛད། རང་ཡུལ་དུ་ཕྱིར་ཕེབས་རྗེས་མཁན་ཆེན་ཚེ་དབང་རིག་འཛིན་མཆོག་མདོ་སྨད་འབའ་ཡུལ་དུ་བྱོན་སྐབས་སྐུ་འཁོར་དུ་འགྲོ་དགོས་པའི་བཀའ་ནན་ལྟར་དེར་ཕེབས། འཆད་ཁྲིད་ཀྱི་ཞོར་དུ་བླ་མའི་དྲུང་ནས་རྫོགས་པ་ཆེན་པོའི་ཉམས་རྟོགས་ཀྱི་ཞུན་ཐར་བཅད་ཅིང་རྟོགས་པ་དོན་གྱི་བརྒྱུད་འཛིན་པར་མངའ་གསོལ། ས་ཁྱི་ལོར་དུས་འགྱུར་མ་བྱུང་བའི་སྔ་རོལ་ཙམ་ན་བླ་མས་ལུང་བསྟན་པ་བཞིན་ཕྱིར་རང་ཡུལ་དུ་ཕེབས། དུས་དེར་རབ་ཏུ་བྱུང་བ་རེ་འགའ་ཁྱིམ་ལ་བབ་པ་དང་སྡིག་པའི་ལས་བསགས་པ་སོགས་མི་དགེ་བའི་ལས་ལ་འཇུག་པར་བྱས་ཀྱང་རྗེ་ཉིད་ཀྱིས་སོ་བྱང་སྔགས་ཀྱི་སྡོམ་དང་དམ་ཚིག་མཐའ་དག་བག་ཡངས་སུ་མ་བཞག་པར་ཚུལ་བཞིན་བསྲུངས་ཤིང་། མཚན་དུས་སུའང་གསང་སྟབས་ཀྱིས་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་བཟླས་དང་། ཁྱད་པར་རྫོགས་པ་ཆེན་པོ་ཀ་ལྷུན་ཟུང་དུ་འཇུག་པའི་ཉམས་ལེན་ལ་གནད་དུ་བསྣུན་པས་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར། དེ་བཞིན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་འབྱོང་བའི་སྟོབས་ཀྱིས་སྡིག་པར་གོམས་པའི་སྐྱེ་བོ་ཅི་འདྲ་ཡིན་ཡང་མདུན་དུ་ལྷག་པ་ཙམ་ནས་གནོད་པའི་བསམ་སྦྱོར་བྲལ་ཏེ་སྡིག་འཕྲོ་གཅོད་པར་ཁས་ལེན་པ་སོགས་མཐོང་ཆོས་ཀྱི་བྱིན་རླབས་མངའ། བར་ལམ་རྒྱལ་བསྟན་ཡང་དར་གྱི་ཉི་མ་གསར་དུ་ཤར་བའི་ཚེ་མཁན་ཆེན་ཚེ་དབང་རིག་འཛིན་གྱི་ཞལ་བསྒོས་ལུང་བསྟན་ཐུགས་ལ་བཅངས་ནས་འབའ་ཡུལ་ཤིང་ཁྲིའི་གདན་ས་གསར་དུ་གསོས་པ་ནས་ད་ལྟའི་བར་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཕྱོགས་བརྒྱར་སྤེལ་བཞིན་པ་དང་། ད་དུང་ཞབས་པད་ཡུན་དུ་བརྟན་ཞིང་གསང་ཆེན་སྙིང་པོའི་ཆོས་ཆར་རྒྱུན་མི་ཆད་པར་འབེབས་པར་སྨོན་ཞེས་གསོལ་བ་འདེབས་པ་ལགས་སོ། །

[༩༨] རྨེ་བ་ཤེར་ཕྲེང་སྤྲུལ་སྐུ་འཇམ་དབྱངས་ཤེས་རབ་རྒྱལ་མཚན།

གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་མཁན་ཆེན་འཇིགས་བློ་སོགས་ཀྱི་ཐུགས་སྲས་རྨེ་བ་ཤེར་ཕྲེང་སྤྲུལ་སྐུ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་ནི། སྤྱི་ལོ་༡༩༣༠པ་རབ་རྒྱལ་ལྕགས་རྟ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ཉིན་རྦོབ་ཁོག་གཏེར་ལུང་བྱ་བའི་ས་ཆ་རུ། ཕ་ཡབ་འབའ་ཤེར་ཕྲེང་གི་ཁྱུར་འོང་ཡོངས་འཛིན་དང་། ཡུམ་ཨ་དཀར་བཟའ་བོ་ཁོ་གཉིས་ལ་སྲས་ལྕམ་སྲིང་དྲུག་ཡོད་པའི་ཐ་ཆུང་དུ། ནམ་མཁའ་ནས་འབྲུག་སྒྲ་གྲགས་པ་དང་ས་གཞི་ཁུ་འཕངས་ཀྱིས་དཀར་འབྱམས་ཡུག་གཅིག་ཏུ་བསྒྱུར་པ་སོགས་ཕྱི་ནང་གི་རྟེན་འབྲེལ་གྱི་མཚན་མ་མངོན་དུ་གྱུར་བཞིན་སྐུ་བལྟམས། དགུང་ལོ་གསུམ་གྱི་དུས་ཨ་མཆོག་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་འཇུ་མི་ཕམ་གྱི་སྤྲུལ་སྐུར་ངོས་བཟུང་ནས་འཇམ་དབྱངས་ཤེས་རབ་རྒྱ་མཚོ་ཞེས་མཚན་གསོལ། དགུང་གྲངས་བརྒྱད་ཙམ་ན་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ་ཡབ་གཞིས་སུ་བྱོན་པས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་མཛད་དེ་དར་དང་རྡོར་དྲིལ་བཅས་གནང་། དགུང་གྲངས་བཅུ་བཞེས་སྐབས་རྗེ་དེ་ཉིད་ཀྱི་བཀའ་ལྟར་དར་རྒྱས་ཆོས་འཁོར་གླིང་གི་བཤད་གྲྭ་མཁས་མང་ཀུན་འདུས་གླིང་དུ་ཞུགས་ནས་མཁན་ཆེན་ཚེ་དབང་རིག་འཛིན་དང་། མཁན་པོ་ཡེ་ཤེས་དར་རྒྱས། མཁན་ཤེས་རབ་འོད་གསལ། མཁན་བསོད་ནམས་ཉི་མ། མཁན་ཨ་འཇམ་བཅས་ཀྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ཡིག་ཆ་རྒྱ་གཞུང་ཆེན་མོ་བཅུ་གསུམ་ལ་ཐོས་བསམ་གྱི་དབུ་བཙུགས་པ་དང་། ཁྱད་པར་ཚེ་རབས་ལས་ཀྱི་བླ་མ་མཁན་ཆེན་ནོར་བུ་བསྟན་འཛིན་མཇལ་བ་ཙམ་གྱིས་འདི་སྣང་གི་རྟོག་པ་འགགས་ཏེ་དོན་བརྒྱུད་ཀྱི་ཡེ་ཤེས་དངོས་སུ་བརྙེས། དགུང་ལོ་བཅུ་བདུན་ལ་སོན་སྐབས་རྗེ་བཙུན་བླ་མ་རྣམས་ཀྱི་བཀའ་བཞིན་རུ་དམ་རྫོགས་ཆེན་ཤྲཱི་སེང་ཧར་དམ་པ་སྔ་མའི་ཕྱག་སྲོལ་ལྟར་གྲྭ་སར་ཕེབས། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་ནམ་ཨ་བུ་ལྷ་སྒང་རིན་པོ་ཆེ་ལས་ཚིག་གསུམ་གནད་བརྡེག་རྩ་བའི་སྟེང་ནས་ཐེངས་གསུམ། འགྲེལ་པའི་སྟེང་ནས་ཚར་གཉིས། ཆོས་དབྱིངས་མཛོད་ཀྱི་ཁྲིད་བཅས་ཟབ་ཆོས་དུ་མ་གསན་པ་དང་། གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ལས་དཀོན་མཆོག་སྤྱི་འདུས་ཀྱི་དབང་། དགེ་མང་སྐུ་ཞབས་མཆོག་སྤྲུལ་ལས་སྤྱི་འདུས་དང་གུར་དྲག་སེང་གདོང་བཅས་ཀྱི་དབང་། འབྲུག་པ་སྐུ་ཆེན་རིན་པོ་ཆེའི་མདུན་ནས་རཏྣའི་ཕུར་བ་དང་སྒྱུ་འཕྲུལ་ཞི་ཁྲོ་གཉིས་ཀྱི་དབང་། མུ་ར་སྤྲུལ་སྐུ་པདྨ་ནོར་བུ་ལས་འཇིགས་གླིང་པོད་དགུ་དང་མི་ཕམ་སྔགས་འབུམ་བཅས་ཀྱི་ལུང་། མཁན་འཆི་མེད་ཡིད་བཞིན་ནོར་བུའི་མདུན་ནས་མདོ་སྡེ་རྒྱན། རྒྱུད་བླ་མ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ། བསམ་གཏན་ངལ་གསོ། སྒྱུ་མ་ངལ་གསོ། ཆོས་དབྱིངས་མཛོད། ཐེག་མཆོག་མཛོད། གནས་ལུགས་མཛོད། གྲུབ་མཐའ་མཛོད། ཚིག་དོན་མཛོད་བཅས་ཀྱི་ཁྲིད། ཨ་བུ་འཇིགས་མེད་བློ་གྲོས་ཀྱི་སྐུ་མདུན་ནས་ཞིབ་མོ་རྣམ་འཐག ཡིད་བཞིན་མཛོད་ཀྱི་དོན་ཁྲིད་བཅས་གསན་ཞིང་། གང་གསན་པའི་ཟབ་ཆོས་དག་ཆུད་ཟོས་སུ་མ་བཏང་བར་རུ་དམ་ཚེ་རིང་ལྗོངས་སོགས་དབེན་གནས་རྣམས་སུ་དཀའ་ཐུབ་ཀྱིས་ཉམས་བཞེས་མཐར་ཕྱིན་མཛད། དགུང་ལོ་ཉི་ཤུ་པར་མཁན་ཆེན་འཆི་མེད་ཡེ་ཤེས་ཀྱིས་མཁན་པོ་དང་། ཡོངས་འཛིན་ཡོན་ཏན་མགོན་པོས་ལས་སློབ། མཁན་པདྨ་ཚེ་དབང་། མཁན་འཇིགས་བློ། མཁན་ནོར་གཡང་། མཁན་ཆོས་རྣམ་སོགས་མཁན་སློབ་གྲངས་ཚང་བའི་མདུན་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་པས་ཐུབ་བསྟན་ལེགས་བཤད་འབྱུང་གནས་སུ་མཚན་གསོལ། དེ་ནས་ཉེར་གཅིག་པར་ཕྱིར་རྨེ་ཡུལ་དུ་ཕེབས་པར་ཆས་ཚེ། ཨ་བུ་ལྷ་རྒྱལ་རིན་པོ་ཆེའི་ཞལ་ནས། ངས་ཕྱིས་སུ་ཁྱེད་ལ་ཉན་འདུག་པ་ཡིན། བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་དང་བརྩོན་པ་རྒྱ་ཆེར་གནང་བ་ཅིས་ཀྱང་གལ་ཆེ་སོགས་ཞལ་གདམས་དང་བསླབ་བྱ་ཞིབ་པར་གནང་། རྨེ་ཡུལ་དར་རྒྱས་བྱམས་ཆེན་ཆོས་གླིང་དུ་འབྱོར་ནས་རྗེ་བཙུན་བླ་མ་རྣམས་ཀྱི་བཀའ་ལུང་ལྟར་དགུ་ཆེན་སོགས་ཀྱི་ཁྲི་པ་ལོ་དགུའི་རིང་ཁུར་ཞིང་། དེ་དག་གི་ཚེ་རང་དགོན་གྱི་མཁན་ཆེན་ཚེ་དབང་རིག་འཛིན་དང་། ནོར་བུ་བསྟན་འཛིན། བསོད་ནམས་དབང་རྒྱལ་བཅས་ལས་ས་དགེ་བཀའ་རྙིང་གི་དབང་དང་གདམས་ཁྲིད། གཞུང་འགྲེལ་རྒྱུད་བཤད་སོགས་ཆོས་ཚུལ་རྒྱ་མཚོ་ལ་གསན་བསམ་མཐར་ཕྱིན་མཛད། དེ་ནས་དུས་འགྱུར་ཆེན་མོའི་སྐབས་ཀྱི་བགྲང་བྱ་བཅུ་ཕྲག་དུ་མར་ཁྲི་མུན་དུ་བཞུགས་དགོས་བྱུང་ཡང་བསྟན་འགྲོ་ལ་བརྩེ་བའི་ཐུགས་བསྐྱེད་མ་དོར་བར་མཁས་བཙུན་བཟང་གསུམ་གྱི་མངའ་བདག་ཏུ་སྐུ་ཚེ་བརྟན་བཞིན་བཞུགས་པ་ནས། རྒྱལ་བསྟན་ཡང་དར་གྱི་ཉི་མ་གསར་དུ་ཤར་བའི་དུས་འདིར་དམ་པ་གོང་མ་རྣམས་ཀྱིས་རྡོ་རྗེའི་གསུང་གིས་དབུགས་དབྱུང་ལུང་བསྟན་གནང་བ་ལྟར། འོད་གསལ་གསང་བ་སྙིང་ཐིག་གི་དབང་ལུང་གིས་ཐོག་མའི་ཆོས་སྒོ་ཕྱེས་པ་ནས་ད་ལྟའི་བར་དུ་དར་རྒྱས་བྱམས་ཆེན་ཆོས་གླིང་དུ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་འགྲན་ཟླ་དང་བྲལ་བ་སྤེལ་བཞིན་བཞུགས་པ་དང་། སླད་མའི་ཆར་ཡང་སྐུ་འཚོ་རྡོ་རྗེའི་རང་བཞིན་ལྟར་བརྟན་ཅིང་ཟབ་གསང་ཆོས་ཀྱི་བདུད་རྩིས་གདུལ་བྱ་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད་པར་གསོལ་བ་འདེབས་པ་ལགས་སོ། །

སྨྲས་པ།

ཁོར་ཡུག་ར་བ་དཀར་པོའི་ལྗོངས་འདི་ན། །ཡོངས་རྫོགས་རྒྱལ་བསྟན་དར་བའི་ཕྱི་མོ་བ། །འཇིགས་བྲལ་གསང་ཆེན་ཆོས་ཀྱི་རྒྱལ་ཐབས་ཆེ། །མི་མཉམ་ཁྱད་ཆོས་ཆེ་བ་དྲུག་གིས་འཕགས། །བསྟན་པའི་ཆུ་འགོ་གྲུབ་དབང་རྫོགས་ཆེན་པའི། །ཆོས་ཀྱི་བརྒྱུད་པ་འཛིན་པའི་ཞལ་སློབ་ཏུ། །མ་གྱུར་ཕྱི་མའི་དུས་འདིར་སྔ་འགྱུར་པའི། །རིང་ལུགས་འཛིན་པའི་མཁས་གྲུབ་ཅང་སྲིད་དམ། །ཨེ་མ་ཤར་ནུབ་འཛམ་གླིང་ཕྱོགས་ཀུན་ཏུ། །རྣམ་དག་འཁྲུལ་མེད་ཡབ་རྗེའི་བསྟན་པའི་སྲོལ། །ཆོས་ཚུལ་ཉི་མ་འོད་སྟོང་འབར་བའི་གཟིས། །ཕན་བདེའི་པད་མོ་འབྱེད་པའི་མཐའ་མི་དཔོག །རྣམ་དཔྱོད་ག་བུར་ཟེགས་མའི་ཆ་རེར་ཡང་། །ཀུན་གཟིགས་མཁྱེན་པའི་ཡེ་ཤེས་སྟོབས་རྫོགས་པས། །ཕྱི་ནང་གཙུག་ལག་གནས་ལ་བྱང་ཆུབ་པའི། །སྨྲ་བའི་ཟླ་བ་ལྔ་རིག་པཎ་ཆེན་མང་། །ཐུབ་ཚུལ་རིང་ལུགས་སོ་སོར་ཐར་པ་ཡི། །བསྟན་པའི་སྙིང་པོ་ཉིས་བརྒྱ་ལྔ་བཅུའི་ཁྲིམས། །གནང་བཀག་བཅས་པའི་མཚམས་ལས་མི་འདའ་བའི། །བཙུན་པའི་ཁྱུ་མཆོག་འདུལ་འཛིན་གྲངས་ལས་འདས། །ཐབས་མཆོག་ཐེག་པ་རྡོ་རྗེ་རྩེ་མོའི་ལམ། །རིམ་གཉིས་བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་གྱིས། །མཆོག་ཐུན་དངོས་གྲུབ་སྐུ་བཞིའི་རྒྱལ་ས་རུ། །གཤེགས་པའི་རིག་འཛིན་གྲུབ་བརྙེས་ཁྱུ་ཚོགས་དར། །དེ་ལྟའི་མཁས་དང་གྲུབ་པའི་འོད་སྟོང་ཟེར། །ཐུབ་དབང་བསྟན་པ་པདྨའི་རྩ་ལག་ཏུ། །སྨིན་པས་བཤད་སྒྲུབ་ཆོས་ཀྱི་ཚལ་ཡངས་པོར། །ལུང་དང་རྟོགས་པའི་འདབ་མ་ཅི་དགར་འཛུམ། །བསྟན་པའི་འབྱུང་ཁུངས་ཆོས་ཀྱི་གྲོལ་ཕུག་ལས། །བྱུང་བའི་བཀའ་གཏེར་གདམས་པ་བདུད་རྩིའི་རྒྱུན། །མཐའ་དག་འཛིན་མའི་ཁྱོན་ཀུན་འདྲེན་མཛད་པའི། །སློབ་དང་ཡང་སློབ་བརྒྱུད་འཛིན་ཕྱོགས་སུ་རྒྱས། །རྨད་བྱུང་ཕྲིན་ལས་ཐུར་མ་བརྒྱ་བའི་གདུགས། སྲིད་ན་གཡོ་བའི་ལེགས་བྱས་ཟླ་མེད་པའི། །ངོ་མཚར་སྙན་པ་སྐྱེ་བ་ལྔ་པའི་དུང་། །འཇིག་རྟེན་འདི་ན་དུས་ཀུན་གྲགས་གྱུར་ཅིག །ཅེས་སློབ་བརྒྱུད་དམ་པའི་སྐྱེས་ཆེན་མཁས་བཙུན་གྲུབ་པའི་དབང་ཕྱུག་དག་ཇི་ལྟར་བྱོན་ཚུལ་རྒྱས་པར་བཤད་ཟིན་པའི་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། སློབ་བརྒྱུད་དམ་པའི་སྐྱེས་མཆོག་མཁས་བཙུན་གྲུབ་པའི་དབང་ཕྱུག་ཇི་ལྟར་བྱོན་པའི་ཚུལ་རྒྱས་པར་བཀོད་པའི་སྐབས་ཏེ་སརྒ་བཅོ་ལྔ་པ་རྫོགས་སོ།། །།

ཞར་བྱུང་སྔ་འགྱུར་རྙིང་མ་པའི་གདན་ས་ཆེན་མོ་དྲུག་ཏུ་གྲགས་པའི་གཏམ་རགས་ཙམ་བརྗོད་པ།

དང་པོ། གདན་ས་ཆེན་མོ་དྲུག་གི་རྣམ་གཞག་སྤྱིར་བཤད་པ།

གདན་ས་ཆེན་མོ་དྲུག་གི་རྣམ་བཞག་སྤྱིར་བཤད་པ་དང་། སོ་སོའི་ལོ་རྒྱུས་བྱེ་བྲག་ཏུ་བསྙད་པ་སྟེ་གཉིས་ལས། དང་པོ་ནི། དེ་ཡང་སྔ་རབས་མཁས་པའི་ཞལ་རྒྱུན་དུ། སྟོད་ན་རྡོར་སྨིན་དཔལ་གསུམ་དང་། སྨད་ན་ཀཿདཔལ་རྫོགས་གསུམ། ཞེས་གངས་ལྗོངས་རྒྱལ་བསྟན་ཕྱི་དར་གྱི་སྐབས་སུ་གསང་ཆེན་སྔ་འགྱུར་རྙིང་མའི་རྩ་བའི་མ་དགོན་ཆེན་མོ་སྟོད་ན་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་དང་། འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་། འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང་བཅས་གསུམ་དང་། སྨད་མདོ་ཁམས་ཕྱོགས་སུ་རྒྱལ་བ་ཀཿཐོག་པ་དང་། དཔལ་ཡུལ་བྱང་ཆུབ་གླིང་། གྲུབ་དབང་རྫོགས་ཆེན་པ་བཅས་སུ་ཡོངས་སུ་གྲགས་ཤིང་། ཁྱད་པར་དུ་མདོ་ཁམས་སྡེ་དགེའི་མངའ་རིས་སུ་གཏོགས་པའི་སྔ་འགྱུར་རྙིང་མའི་ཆོས་སྡེ་ཡིན་ཕྱིན་རྒྱལ་བ་ཀཿཐོག་པ་དང་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་དུ་མ་འདུས་པ་མེད་པའི་ཚུལ། མཁས་མཆོག་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་སྔ་འགྱུར་རྙིང་མའི་ཆོས་འབྱུང་ཆེན་མོ་ངོ་མཚར་གཏམ་གྱི་རོལ་མཚོ་ལས། མདོ་སྨད་ཀྱི་ཕྱོགས་འདིར་ཡངས་པའི་ས་ཆེན་པོ་ཆོས་བཞིན་བསྐྱངས་ཤིང་ཕ་རོལ་གྱི་རྒྱལ་ཕྲན་ངན་པ་རྣམས་ཀྱིས་ནམ་ཡང་བརྫི་བར་མི་ནུས་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ས་སྐྱོང་སྡེ་དགེ་རྒྱལ་པོ་ཞེས། སྙན་པའི་བ་དན་དཀར་པོའི་ཕྲེང་བས་སྲིད་པའི་རྩེའི་བར་དུ་བྲེས་པའི་སའི་ཚངས་པ་ཆེན་པོ་གང་གིས་མངའ་རིས་ཐམས་ཅད་དགེ་བཅུའི་བཀའ་ཁྲིམས་བཙན་པོས་བདེ་བར་སྐྱོང་བའི་ཡུལ་འདིར་གསང་ཆེན་རྡོ་རྗེ་ཐེག་པའི་རིང་ལུགས་དར་རྒྱས་ཆེ་ཞིང་དགོན་གནས་ཀྱང་རྙིང་ལུགས་ཁོ་ནའང་ཆོས་སྡེ་ཆེ་ཕྲ་བརྒྱ་ཕྲག་ལོངས་པར་བཞུགས་ཏེ། དེ་དག་ཀྱང་ཀཿཐོག་པ་དང་རྫོགས་ཆེན་པའི་རིང་ལུགས་འཛིན་པ་ཤ་སྟག་སྟེ། དེས་ན་རྒྱལ་བ་ཀཿཐོག་པ་དང་། གྲུབ་དབང་རྫོགས་ཆེན་པ་གཉིས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱ་སྟེ། ཞེས་གསུངས་པ་དང་། དེ་དང་མཐུན་པར་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་མཛད་པའི་གདན་རབས་པདྨའི་དགའ་ཚལ་དུ། བོད་ཆེན་པོའི་ལྗོངས་ཀྱི་སའི་ཐིག་ལེར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་མངའ་ཁུལ་འདིར་ནི། སྔ་འགྱུར་པའི་བསྟན་པ་ཁོ་ན་དར་རྒྱས་ཆེ་བས་དགོན་གནས་ཆེ་ཕྲའང་མང་དུ་བཞུགས་ཤིང་དེ་ཐམས་ཅད་ཀྱང་རྒྱལ་བ་ཀཿཐོག་པ་དང་། གྲུབ་དབང་རྫོགས་ཆེན་པའི་ཕྲིན་ལས་ལས་བྱུང་བ་ཤ་སྟག་ཡིན་པས་དེའི་ཚུལ་མདོ་ཙམ་བརྗོད་ན། ཞེས་དང་། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་ལེགས་བཤད་ཚོགས་གཏམ་ལས། ཁམས་ཕྱོགས་འདིར་གསང་སྔགས་སྔ་འགྱུར་པའི་ཆོས་སྡེ་བྱུང་བ་ལ་སྔ་བ་ནི་ཟུར་གསང་བདག་སྒྲོ་ཕུག་པའི་དངོས་སློབ་ཛམ་སྟོན་འགྲོ་བའི་མགོན་པོའི་ཐུགས་སྲས་བླ་མ་ཤར་པ་སྤོབས་པ་མཐའ་ཡས་སམ་ཡོངས་གྲགས་སུ་དམ་པ་བདེ་གཤེགས་ཞེས་གྲུབ་ཆེན་མི་ཏྲ་ཛོ་ཀིས་རྒྱལ་སྲས་ཞི་བ་ལྷར་ངོས་བཟུང་བ་དེས་ཁམས་སྤོ་འབོར་གྱི་སའི་ཆར་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་བཏབ་སྟེ། རྒྱལ་ཚབ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་བྱམས་པ་འབུམ་ནས་བླ་རབས་བཅུ་གསུམ། དྲུང་རབས་བཅུ་གསུམ་སོགས་སྤྱིར་མདོ་སྔགས་མཐའ་དག་ལ་མཁས་ཤིང་ཁྱད་པར་མདོ་སྒྱུ་སེམས་ཀྱི་རང་ལུགས་འཛིན་པའི་གདན་རབས་ཀྱི་ཕྲེང་བ་ཡིད་བཞིན་ནོར་བུའི་དོ་ཤལ་ལྟ་བུ་ཚར་དུ་བསྒྲིགས། སྔོན་ཆོས་སྡེ་འདིར་དུས་གཅིག་ལ་དགེ་འདུན་ཁྲི་ཕྲག་བཅོ་བརྒྱད་འདུས་པར་གྲགས་ཤིང་འཇའ་ལུས་ཀྱི་གྲུབ་མཐའ་སྙེགས་པའི་རྣལ་འབྱོར་པའང་འགའ་ཞིག་བྱོན། དུས་ཕྱིས་ཀཿཐོག་གྲུབ་བརྙེས་བྱང་ཆུབ་རྒྱ་མཚོའམ་གཏེར་སྟོན་བདུད་འདུལ་རྡོ་རྗེའི་རིང་ལ་པད་མའི་རྒྱལ་ཚབ་རིག་འཛིན་མི་འགྱུར་རྡོ་རྗེ་ངོམ་དུ་འཁྲུངས། སྐུ་གཞོན་ནུ་ནས་སྔོན་སྦྱངས་སྟོབས་སུ་གྱུར་པས་ཉམས་རྟོགས་ཀྱི་ཀློང་བརྡོལ། རྩ་གསུམ་ལྷག་པའི་ལྷས་ཞལ་གཟིགས། གནམ་ཆོས་ཐུགས་ཀྱི་གཏེར་ཁར་གྲགས་པའི་ཆོས་མཛོད་ལ་དབང་བསྒྱུར། རིག་འཛིན་བདུད་འདུལ་རྡོ་རྗེ་དང་ཡང་མཇལ་ཏེ་ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས། རྒྱལ་བ་ཀརྨ་པ་ཞྭ་ནག་དབང་ཕྱུག་རྡོ་རྗེ་དང་། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གཉིས་ཀྱི་དངོས་སློབ་སེམས་དཔའ་ཆེན་པོ་ཀརྨ་ཆགས་མེད་དང་མཇལ་བས་ཚད་ལྡན་གྱི་གཏེར་སྟོན་དུ་ཐུགས་ངེས་འཁྲུངས་ཏེ་ཞབས་སྤྱི་བོར་བླངས། གསུང་གི་བདུད་རྩི་བཞེས། མཉེས་པ་གསུམ་གྱིས་བཟུང་། དགོངས་གཏེར་རྣམས་ལ་གསལ་བྱེད་ཆོག་ཁྲིགས་དང་། ཁ་སྐོང་། ཟུར་རྒྱན། ཟིན་བྲིས་སོགས་མང་དུ་མཛད་ཅིང་ཉམས་བཞེས་དང་འཆད་སྤེལ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་དང་རྨུགས་སང་གདན་ས་སོགས་རང་ལུགས་འཛིན་པའི་ཆོས་སྡེ་མང་དུ་མཆེད། ཐུགས་རྗེའི་བྱིན་རླབས། ཆོས་ཀྱི་འགྲོ་དོན། བཀའ་བབ་ཀྱི་ཆོས་བདག་སོགས་སྒོ་ཀུན་ནས་ཕུན་སུམ་ཚོགས་པས་སྡེ་དགེ་ལྷོ་རྒྱུད། ཧོར་ཞབས། འགུ་ལོག གསེར་ཐལ། རེབ་ཀོང་། རྒྱལ་མོ་རོང་སོགས་སུ་ཆོས་བརྒྱུད་ཀྱིས་ཁྱབ་ཅིང་། དབང་ལུང་གི་བརྒྱུད་སྲོལ་ཟིན་པ། ཐུགས་དམ་ཕྱག་རྫོགས་ལ་མཛད་པ། སྙིང་རུས་སྒྲུབ་ཚུགས་ལ་སྐྱེལ་བ་མང་དུ་བྱོན། ཡང་ཆགས་མེད་རིན་པོ་ཆེའི་བུ་ཆེན་དམ་པ་པདྨ་རིག་འཛིན་གྱིས་ཕྱོགས་མེད་ཀྱི་བླ་མ་མང་དུ་བསྟེན། ཆོས་བཀའ་སྤྱི་དང་ཁྱད་པར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་གདམས་པ་ཞུན་མཐར་ཆོད་པ་གསན་ནས་ཁམས་དབུས་ཀྱི་སྒྲུབ་གནས་རྣམས་སུ་སྒྲུབ་པ་རྩེ་གཅིག་མཛད་པས་ཉམས་རྟོགས་ཀྱི་རྩལ་ཆེན་རྫོགས་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས་ཀྱང་བསྟོད་བསྔགས་ཀྱིས་དབུགས་དབྱུང་། དགུང་ལོ་དྲུག་ཅུ་བཞེས་དུས་ཁམས་རུ་དམ་དུ་ཕེབས་ནས་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གདན་ས་བཏབ་སྟེ་སློབ་མ་བསྐྱངས་པས་ཚོགས་པ་སྟོང་ཕྱེད་ལྔ་བརྒྱ་ཙམ་འདུས་ཤིང་། ནག་ཤོད་སྲིན་རྫོང་། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་། རྒྱ་རོང་རྟག་བརྟན་སྒྲུབ་སྡེ་སོགས་ཡན་ལག་གི་ཆོས་སྡེ་ཆེ་ཕྲ་མང་པོར་འཕེལ། མཁས་གྲུབ་ཀྱི་བུ་སློབ་བྱ་ཁྱུ་འཕུར་བ་ཙམ་ཐོན་པས་མདོ་ཁམས་རྫོགས་ཆེན་པ་ཞེས་དབུས་གཙང་ཁམས་གསུམ་དུ་གྲགས་ཤིང་། མཚན་དོན་གྱིས་གུང་ཁེབས་པ་བྱུང་། དེ་རྣམས་ལ་ཀཿརྫོགས་དཔལ་གསུམ་ཞེས་མདོ་ཁམས་ཀྱི་ཡུལ་འདིའི་གསང་སྔགས་རྙིང་མ་བའི་ཆོས་སྡེ་ཐམས་ཅད་ཀྱི་རྩ་བར་ད་ལྟའི་བར་གོང་འཕེལ་དུ་བཞུགས་པ་དེ་ཡས་གཏམ་དམ་ཆོས་ཀྱི་ལོ་རྒྱུས་རགས་རིམ་ཙམ་ལགས། ཞེས་སོགས་གསལ་བར་གསུངས་ཤིང་། དེ་ལྟ་ན་དཔལ་བྱང་ཆུབ་གླིང་གི་གདན་ས་ཐོག་མ་ཕྱག་འདེབས་མཛད་པོ་གྲུབ་དབང་ཀུན་བཟང་ཤེས་རབ་ནི། སྐུ་ཆུང་ངུ་ནས་རྒྱལ་བ་ཀཿཐོག་པ་རྒ་རྗེ་ཆོས་སྐྱོང་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་ཏེ་ཀཿཐོག་ལུགས་ཀྱི་འདོན་ཆོག་བློ་འཛིན་མཛད་པ་ནས། རིམ་བཞིན་དྲུང་ཆོས་ཉིད་རྒྱ་མཚོ་དང་། གསེར་ལོ་སྟོན་པ་སོགས་ཆོས་བརྒྱུད་དེའི་རིང་ལུགས་འཛིན་པའི་སྐྱེས་ཆེན་དག་གི་ཞབས་པད་བསྟེན་ཅིང་ཟབ་ཆོས་བཞེས་པས་བརྒྱུད་པ་འདིའི་ཁོངས་སུ་འདུས་པར་བཞེད་པ་དང་། དེ་བཞིན་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་བསྟན་པའི་བདག་པོ་ཞྭ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ནི་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་གྱི་ཐུགས་སྲས་ཉི་ཟླ་སྐར་གསུམ་གྱི་ཡ་གྱལ་དུ་གྱུར་ཞིང་། རབ་འབྱམས་པ་སྐུ་རབས་དང་པོའི་སྐབས་སུ་གདན་ས་ཟུར་དུ་མ་བཏབ་པར་རུ་དམ་གདན་ས་བསྐྱངས་ནས་ཞི་བར་གཤེགས། སྐུ་རབས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་རྫོགས་ཆེན་གཉིས་པའི་གཅུང་དུ་སྐུ་འཁྲུངས་ནས་དགུང་གྲངས་ལྔའི་ཐོག་གོང་མའི་ཐུགས་སྲས་རྣམས་ཀྱིས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་དུ་གདན་དྲངས་པ་སྟེ། ཐོག་མར་གདན་ས་འདིར་གཏེར་ཆེན་ཉི་མ་གྲགས་པས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་ཞེས་པའི་སྒྲུབ་སྡེ་ཕྱག་བཏབ་ནས་ཐོག་གཅིག་བཞུགས་པར་མཛད། དེ་རྗེས་ཞྭ་ལམ་རབ་འབྱམས་པའི་ཐུགས་སྲས་གཙོ་བོ་ཧོར་བླ་མ་པདྨ་དབང་ཕྱུག་སོགས་ཀྱིས་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ལོར་གནས་འདིར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཡང་སྲིད་རིན་པོ་ཆེ་སྤྱན་དྲངས་པའི་ཚུལ་གུ་བཀྲའི་ཆོས་འབྱུང་སོགས་ཚད་ལྡན་གྱི་ལོ་རྒྱུས་ཆེན་མོ་རྣམས་སུ་གསལ་བ་དང་། མཁས་ཤིང་གྲུབ་པའི་དབང་ཕྱུག་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་ཞལ་སྔ་ནས་མཛད་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཆོས་འབྱུང་དུའང་། གྲུབ་དབང་རྫོགས་ཆེན་པའི་ནང་ཐུགས་ཀྱི་སྲས་གཅིག་ཞྭ་ལམ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ནི། ཞེས་སོགས་ཆོས་བརྒྱུད་འདི་ལས་གྱེས་པའི་རིང་ལུགས་པར་གསལ་བར་གསུངས་པ་ལྟར་ལ། ཕྱི་དུས་སུ་དཔལ་རི་ཐེག་མཆོག་གླིང་གི་གདན་ས་གཞུང་ས་ཆེན་མོའི་སྲིད་དབང་ལ་ཕོག་ཐུག་བྱུང་རྐྱེན་ཆེས་ཉམས་རྒུད་དུ་ཕྱིན་པ་དང་། དཔལ་ཞེ་ཆེན་པའི་གདན་ས་ཆེན་མོ་གང་དུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་རྒྱུན་མ་ཆད་པར་བྱོན་ཞིང་མ་དགོན་ཆེན་མོ་ཁག་ལ་སྙེག་བཟོད་པའི་བཤད་སྒྲུབ་ཀྱི་ཕྲིན་ལས་དར་ཞིང་རྒྱས་པ་བྱུང་བས་སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས་ཞེས་པ་དང་། གཞན་ཡང་སྟོད་ན་རྡོར་སྨིན་དཔལ་གསུམ། སྨད་ན་ཀཿདཔལ་ཞེ་རྫོགས་བཞི་ཞེས་པའི་ཐ་སྙད་གསར་དུ་བྱུང་བ་སྣང་མོད་ཀྱང་། འདིར་རེ་ཞིག་སྔར་གྱི་ཚད་ཐུབ་ལོ་རྒྱུས་ཆོས་འབྱུང་ཆེན་མོ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་སྔ་འགྱུར་གདན་ས་ཆེན་མོ་དྲུག་གི་གཏམ་ཅུང་ཟད་བརྗོད་པ་འདོད་དེ།

གཉིས་པ། སོ་སོའི་ལོ་རྒྱུས་བྱེ་བྲག་ཏུ་བཤད་པ།

གཅིག ཨེ་ཝཾ་ལྕོག་སྒར་ཐུབ་བསྟན་རྡོ་རྗེ་བྲག་གི་ལོ་རྒྱུས།

༡ གདན་ས་སྤྱིའི་ལོ་རྒྱུས་མདོ་ཙམ་བསྟན་པ།

དེ་ཡང་སྟོད་ན་རྡོར་སྨིན་དཔལ་གསུམ་ཞེས་གྲགས་པའི་ཡ་གྱལ་གཅིག་ནི་ཨེ་ཝཾ་ལྕོག་སྒར་ཐུབ་བསྟན་རྡོ་རྗེ་བྲག་སྟེ། གདན་ས་ཆེན་མོ་འདིའི་ཐོག་མའི་ཆོས་ཀྱི་འབྱུང་ཁུངས་ནི་གཏེར་སྟོན་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་དང་། དེ་ཉིད་ཀྱི་སྲས་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་དཔལ། རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་། སྔགས་འཆང་ཆོས་རྒྱལ་བསོད་ནམས། ཐུགས་སྲས་ནམ་མཁའ་རྒྱལ་མཚན། རིག་འཛིན་ཡོལ་མོ་བ་གཏེར་སྟོན་ཤཱཀྱ་བཟང་པོ། དེའི་སློབ་མ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་དང་། གཅུང་རྒོད་ལྡེམ་པའི་སྐུ་སྐྱེ་གཉིས་པ་རིག་འཛིན་ལེགས་ལྡན་རྡོ་རྗེ། དེའི་ཐུགས་སྲས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ། དེའི་སྐུ་སྲས་རྒོད་ལྡེམ་གསུམ་པ་རིག་འཛིན་ངག་གི་དབང་པོ་བཅས་བྱོན་ཞིང་། ཆེས་ཐོག་མའི་དུས་སུ་གནས་འདིར་ཨོ་རྒྱན་ཆེན་པོས་ཞབས་ཀྱིས་བཅགས་ཏེ་སྒྲུབ་པ་མཛད་པའི་ཕུག་པ་བྱིན་ཅན་བཞུགས་པ་དང་། དེ་ནས་རིམ་པར་ཨེ་ཝཾ་ལྕོག་སྒར་ཞེས་པའི་ཆོས་སྒར་བྱུང་ཤིང་བྱང་གཏེར་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་དར། ཁྱད་པར་རིག་འཛིན་ངག་གི་དབང་པོས་སྤྱི་ལོ་༡༦༡༠པ་རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་ལོར་སྔར་གྱི་གདན་ས་དེ་ཉིད་དུ་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་དངོས་སུ་ཕྱག་བཏབ། དེའི་རྗེས་སུ་ཐུགས་སྲས་ཐུ་བོ་ཡོལ་མོ་སྤྲུལ་པའི་སྐུ་བསྟན་འཛིན་ནོར་བུས་གདན་ཚབ་མཛད་ཅིང་རིམ་པར་རྒོད་ལྡེམ་རིམ་བྱོན་གྱིས་བསྟན་པ་བསྐྱངས་པ་སྟེ། རྒོད་ལྡེམ་བཞི་པ་རིག་འཛིན་ཀུན་བཟང་པདྨ་ཕྲིན་ལས་ནི། བསམ་ཡས་ཀྱི་ཐད་མོན་མཁར་རྣམ་སྲས་གླིང་དུ་སྐུ་འཁྲུངས། ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་རྒྱལ་མཆོག་ལྔ་པ་རིན་པོ་ཆེ་བླ་མར་བསྟེན་ཅིང་མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ། དམ་པ་འདིའི་སྐུ་རིང་ལ་ཆོས་བརྒྱུད་བུ་དགོན་སྔར་བས་མང་དུ་འཕེལ་བ་དང་གདན་ས་རང་དུ་གཉུག་མར་གནས་པའི་དགེ་འདུན་ཉིས་སྟོང་ལོངས་པ་བྱུང་། སྐུ་ཚེའང་རིང་པོར་བཞུགས་ཤིང་མཐར་ཡིད་སྲུབས་ཀྱི་བདག་པོ་ཇུན་གར་བའི་དཔུང་ཆེན་ལྷགས་པའི་རྐྱེན་གྱིས་གཤེགས་ཚུལ་བསྟན། རྒོད་ལྡེམ་ལྔ་པ་རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག་ནི། སྤོ་འབོར་སྒང་གི་ནང་ཚན་ཉག་རོང་ལྕགས་མདུད་ཅེས་པར་སྐུ་འཁྲུངས། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་ཉམས་གསོ་ཕུལ་དུ་བྱུང་བ་མཛད་པས་བཀའ་དྲིན་ཤིན་ཏུ་ཆེ། སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོར་གྱུར་ཅིང་དགོངས་གཏེར་དག་སྣང་གི་ཆོས་སྐོར་དུ་མ་བྱོན། རྒོད་ལྡེམ་དྲུག་པ་རིག་འཛིན་ཀུན་བཟང་འགྱུར་མེད་ལྷུན་གྲུབ་རྡོ་རྗེ་ནི། དར་མདོ་ལྕགས་ལའི་རྒྱལ་ཁབ་དང་ཉེ་བའི་གསེར་ཏོག་ཞེས་པར་སྐུ་འཁྲུངས། འཁོར་ལོ་གསུམ་གྱི་མཛད་བཟང་རྨད་དུ་བྱུང་བས་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་སྤེལ། དག་སྣང་ལུང་བསྟན་གྱི་ཆོས་ཚན་དུ་མ་བཞུགས་ཤིང་སྐུ་ཚེ་མཐར་མ་ཕྱིན་པར་ཞི་བར་གཤེགས། རྒོད་ལྡེམ་བདུན་པ་ངག་དབང་འཇམ་དཔལ་མི་འགྱུར་ལྷུན་གྲུབ་རྡོ་རྗེ་ནི། མོན་མཁར་རྣམ་སྲས་གླིང་དུ་སྐུ་འཁྲུངས། འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱ་ཆེ་བའི་ངང་དགོངས་པ་གཞན་དོན་དུ་གཤེགས། རྒོད་ལྡེམ་བརྒྱད་པ་རིག་འཛིན་པདྨ་དབང་རྒྱལ་ནི། རབ་བྱུང་བཅུ་བཞི་པའི་ནང་ལྷོ་བྲག་ལ་ཡག་སྟོད་དུ་སྐུ་འཁྲུངས་ཏེ་གདན་སར་མངའ་གསོལ། ཡོངས་འཛིན་དུ་མ་ལས་མདོ་སྔགས་བཀའ་གཏེར་གྱི་ཟབ་ཆོས་མང་དུ་གསན། ཐུགས་དམ་ཉམས་བཞེས་ཀྱི་སྒོ་ནས་སྤང་རྟོགས་ཀྱི་རྩལ་རྫོགས། འཁོར་ལོ་གསུམ་གྱི་མཛད་ཕྲིན་རྒྱས། ལྷག་པར་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ནུས་མཐུ་འགྲན་ཟླ་བྲལ་བསབསྟན་འགྲོའི་དོན་དུ་མཐའ་དམག་ཟློག་པ་སོགས་ཀྱི་ལས་སྦྱོར་ཅི་རིགས་མཛད། རྟགས་མཚན་མངོན་དུ་གྱུར་པ་ཇི་སྙེད་བྱུང་བས་སྙན་གྲགས་རྒྱས་ཤིང་གཞུང་ས་མཆོག་ནས་ཧོ་ཐོག་ཐུའི་གདན་ཐོབ་ཀྱང་བསྩལ། དེ་ལྟར་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་རྒྱས་བཞིན་རབ་བྱུང་བཅོ་ལྔ་པའི་ནང་ཞི་དབྱིངས་སུ་གཤེགས་སོ། །རྒོད་ལྡེམ་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་ནི། རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་སྤྱི་ལོ་༡༨༨༤ལོར་ལྷ་སར་སྐུ་འཁྲུངས། གདན་སར་གོང་མའི་གསེར་ཁྲིར་མངའ་གསོལ། གསན་བསམ་མཐར་ཕྱིན་ཏེ་འགྲོ་དོན་དུས་བབ་ཀྱིས་ཁམས་ཕྱོགས་སུ་ཕེབས་པས་སྐལ་ལྡན་གྱི་སློབ་ཚོགས་བསྐྱངས། འཁོར་ལོ་གསུམ་གྱི་མཛད་འཕྲིན་རྒྱས་བཞིན་དགུང་གྲངས་ཞེ་དགུར་ཕེབས་པ་ན་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ལོར་ཞི་དབྱིངས་སུ་གཤེགས་སོ། །རྒོད་ལྡེམ་བཅུ་པ་ད་ལྟ་འཚོ་བཞིན་བཞུགས་པའི་རིག་འཛིན་ཆེན་མོ་ཐུབ་བསྟན་འཇིགས་མེད་རྣམ་གྲོལ་རྒྱ་མཚོ་ནི། རབ་བྱུང་བཅུ་དྲུག་པའི་མེ་བྱི་སྤྱི་ལོ་༡༩༣༦ལོར་ལྷ་ས་སྦྲ་ནག་ཞོལ་དུ་སྐུ་བལྟམས། རྭ་སྒྲེང་རྒྱལ་ཚབ་རིན་པོ་ཆེར་དབུ་སྐྲ་གཙུག་ཕུད་ཕུལ། གདན་སར་མངའ་གསོལ། གོང་མའི་ཞལ་སློབ་འགོ་ཚ་མཁན་ཆེན་ཐེག་མཆོག་བསྟན་འཛིན་གྱི་ཞལ་སྔ་ནས་བྱང་གཏེར་གྱི་དབང་ལུང་ཕལ་ཆེ་བ་གསན། གཞན་ཡང་སྨིན་གླིང་མཁན་རིན་པོ་ཆེ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་མང་པོའི་ཞབས་པད་བསྙེན་ཏེ་ཐུན་མོང་རིག་གནས་དང་། མདོ་སྔགས་གཞུང་ལུགས། བཀའ་གཏེར་སྨིན་གྲོལ་སོགས་ལ་གསན་བསམ་རྒྱ་ཆེར་མཛད་ཅིང་མཁྱེན་རབ་བླ་ན་མེད་པར་བཞུགས་བཞིན་པ་བཅས། དེ་ལྟར་རིག་འཛིན་ཆེན་པོ་སྐུ་རབས་རིམ་བྱོན་གྱིས་འཁོར་ལོ་གསུམ་གྱི་མཛད་པ་བརྒྱུད་མར་སྤེལ་པས་ཆོས་བརྒྱུད་འཛིན་པའི་དགོན་ལག་གིས་གངས་ལྗོངས་མངའ་རིས་ཀྱི་ཡུལ་གྲུ་ནས་སྨད་མདོ་ཁམས་དར་མདོ་ཡན་ལ་འཕེལ་ཏེ་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེ་བ་བྱུང་། རྒྱལ་བསྟན་ཡང་དར་གྱི་ཕྱི་མའི་དུས་འདིར་རིག་འཛིན་ཆེན་པོ་སྐུ་རབས་བཅུ་པ་རིག་འཛིན་རྣམ་གྲོལ་རྒྱ་མཚོ་མཆོག་བསྟན་འགྲོའི་དཔལ་མགོན་དུ་སྐུ་འཚོ་ཞིང་གཞེས་པའི་ཐུགས་བསྐྱེད་འོག ལྷག་བསམ་ཐུགས་སྟོབས་ཕུལ་དུ་བྱུང་བའི་དབུ་ཆེན་རྒན་ཆོས་འབྱོར་སོགས་བླ་གྲྭ་ཡོངས་ནས་དུས་དབང་གིས་ཉམས་རྒུད་དུ་གྱུར་པའི་ཕྱི་ནང་གི་རྟེན་གསུམ་དང་མཐོང་བརྒྱུད་ཀྱི་ཕྱག་བཞེས་རྣམས་སླར་གསོ་གནང་བཞིན་པ་དང་། ཁྱད་པར་སྤྱི་ལོ་༡༩༩༥པ་རབ་བྱུང་བཅུ་བདུན་པའི་ན་ཚོད་ལྡན་ཞེས་པ་ཤིང་ཕག་ལོར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གདན་ས་ཆེན་མོ་གང་དུ་ཞབས་པད་བཀོད་ནས་སྒྱུ་འཕྲུལ་ཞི་ཁྲོ་སོགས་སྔ་འགྱུར་བཀའ་མའི་སྨིན་དབང་དང་། རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་རྒྱུན་སྤེལ་ཞིང་། དེ་ནས་བཟུང་ཤྲཱི་སེང་ཆོས་གྲྭ་ཆེན་མོ་ནས་བཤད་གྲྭའི་མཁན་པོ་རྒྱུན་གཏོང་གནང་རྒྱུའི་ཞལ་བཞེས་མཛད་དེ་འཆད་ཁྲིད་ཀྱི་སྲོལ་བཙུགས་པ་ནས། ད་ལྟའི་དུས་སུ་བཤད་སྒྲུབ་ལས་གསུམ་གྱི་མཛད་པས་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་རྒྱས་བཞིན་པ་དང་། དེ་བཞིན་ཆོས་སྡེ་འདིའི་བུ་དགོན་ཡར་འབྲོག་སྟག་ལུང་དགོན་གྱི་རྩེ་སྤྲུལ་རིན་པོ་ཆེ་འཕགས་ཡུལ་དུ་ཞབས་སོར་བཀོད་ནས། སྤྱི་ལོ་༡༩༨༤པར་རྒྱ་གར་ཧི་མ་ཅལ་མངའ་ཁོངས་སི་མ་ལ་རུ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་དང་། རྒྱ་གར་ལྷོ་ཕྱོགས་མོན་གྷོར་བོད་མིའི་གཞིས་ཁོངས་སུ་སྔ་འགྱུར་རྡོ་བྲག་གསང་སྔགས་ཆོས་འཁོར་གླིང་ཞེས་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་དུ་བཞེངས་གནང་མཛད་དེ་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་མཐར་རྒྱས་བཞིན་པའོ། །

༢ གདན་ས་ཕྱག་འདེབས་མཛད་པོ་རྡོ་བྲག་རིག་འཛིན་ཆེན་མོ་ངག་གི་དབང་པོའི་རྣམ་ཐར།

ཐོག་མའི་གདན་ས་ཕྱག་འདེབས་པ་པོ་རྒོད་ལྡེམ་གསུམ་པ་རིག་འཛིན་ངག་གི་དབང་པོ་ནི། ཡབ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང་ཡུམ་འཕྱོང་རྒྱས་ཟ་ཧོར་གྱི་གདུང་ལས་ལྷ་ལྕམ་ཡིད་འཛིན་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ལྕགས་འབྲུག་ལོར་སྐུ་འཁྲུངས། སྐུའི་ན་ཚོད་ཕྲ་མོའི་དུས་ནས་རིག་འཛིན་ལེགས་ལྡན་རྡོ་རྗེའི་བག་ཆགས་སད་པའི་མཛད་པ་སྟོན་པ་དང་གསུང་བྱོན། རྗེ་གོང་མ་སྐུ་འདའ་ཁའི་ལུང་བསྟན་སོགས་ལ་བརྟེན་ཏེ་ཡབ་ཀྱིས་ངའི་བླ་མའི་སྐུ་སྐྱེ་ཞེས་གཅེས་པར་བཟུང་པས་ཞབས་དྲུང་བླ་མར་གྲགས། གོང་མའི་ཕྱག་རྫས་དང་སྐུ་འཁོར་མང་པོ་ངོས་འཛིན་མཛད་པ་སོགས་ཡ་མཚན་པའི་རྣམ་ཐར་དུ་མ་མངའ། དཔལ་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་ལ་གཙུག་ཕུད་ཕུལ་བས་མཚན་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། བྱང་ཆུབ་སེམས་དཔའི་སྡོམ་པ་གནང་སྟེ་རྒྱལ་སྲས་སེམས་དཔའ་མཆོག་གི་གོ་སར་དབང་བསྐུར། ཡབ་ལས་གཏེར་སྟོན་ཆེན་པོ་བརྒྱ་རྩ་བརྒྱད་དུ་གྲགས་པ་ཕལ་མོ་ཆེའི་གཏེར་ཆོས་ཡོངས་རྫོགས་གསན་ཞིང་། གསན་པ་ཀུན་ཀྱང་ཐོས་ལོ་ཙམ་དུ་མིན་པར་བསམ་པ་དང་སྒོམ་པའི་སྒོ་ནས་ནན་ཏན་དུ་མཛད། ཡར་ལུང་ཤེལ་བྲག་དང་འཕྱོང་རྒྱས་ཡར་རྒྱབ་ནམ་མཁའ་མཛོད་སོགས་སྒྲུབ་པའི་གནས་ཆེན་མང་པོར་ཟླ་བ་ལྔ་དྲུག་སྦྲེལ་བའི་བསྙེན་སྒྲུབ་ལན་མང་དུ་མཛད་པས་ཡི་དམ་ཆོས་སྐྱོང་དུ་མའི་ཞལ་གཟིགས་པ་དང་གསུང་གི་གནང་བ་དུ་མ་བསྩལ་ཅིང་། གང་གིས་ཀྱང་ཐུལ་བར་དཀའ་བའི་གདོན་གྱིས་བཏབ་པའི་རིགས་ལ་བྱིན་རླབས་མཛད་པ་ཙམ་གྱིས་རང་གྲོལ་ཏུ་གྱུར་པའི་གྲུབ་རྟགས་བྱུང་། ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་ཞབས་ཕྱི་མཛད་ནས་རྒྱ་ཧ་ཀ་ལིང་ཙེའི་བར་དུ་ཕེབས་ཤིང་མདོ་ཁམས་སྟོད་སྨད་ནས་རྒྱ་ནག་པོའི་ཡུལ་ལ་ཐུག་པའི་སྐྱེ་རྒུ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་མཛད་པས་རེ་བ་བཀང་ནས་ཡབ་དང་ལྷན་ཅིག་པར་དབུས་ཕྱོགས་སུ་ཕེབས། འཕྱོང་རྒྱས་ཡར་རྒྱབ་རྣམས་སུ་ཕལ་ཆེར་བཞུགས་ཤིང་འགྲོ་དོན་རྒྱ་ཆེ་བའི་ངང་ནས་ཡབ་ཆོས་རྒྱལ་དབང་པོའི་སྡེ་ཉིད་ཞི་བར་གཤེགས། དེ་ནས་ཡབ་ཀྱི་རྒྱལ་ཚབ་ཏུ་བཞུགས་ཏེ་རྣམ་དཀར་གྱི་འཕྲིན་ལས་རྒྱ་ཆེར་སྤེལ། རོང་ཆུང་དུ་སྔོན་ཨོ་རྒྱན་ཆེན་པོས་བདུད་རིགས་དམ་ལ་བཏགས་པའི་གནས་བྲག་ལྷང་ལྷང་མ་དང་། རྗེ་གོང་མས་གནས་སྒོ་གསར་དུ་ཕྱེས་པའི་ཁམ་བུ་ལུང་གཉིས་མཇལ་བར་ཕེབས། ཁམ་བུ་ལུང་དུ་ཆུ་མེད་པས་རིག་འཛིན་ཆེན་པོ་འདི་ཉིད་ཀྱིས་ཆུ་ཆད་མེད་དུ་ཡོད་པའི་སྒྲུབ་ཆུ་འདོན་པར་མཛད། ཡར་ལུང་བཀྲ་ཤིས་རྩེ་ཆོས་སྡེར་འཁོར་ལོའི་མགོན་པོ་དབང་ཕྱུག་རབ་བརྟན་གྱིས་གདན་དྲངས། དཔོན་སློབ་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་པས་ཕར་བྱང་གཏེར་གྱི་ཚེ་དབང་སོགས་ཆོས་བཀའ་དུ་མ་གནང་ཞིང་། ཚུར་རིག་འཛིན་སྐུ་མཆེད་ཀྱི་གཏེར་གསར་འགའ་ཞིག་གསན་པར་མཛད་དེ་ཧས་པོ་རིའི་རྩེ་ནས་སྐུ་རྟེན་ཞིག་གཏེར་ནས་སྤྱན་དྲངས། དེ་ནས་འབྲི་གུང་དུ་ཕེབས་ཏེ་ཞབས་དྲུང་སྐུ་མཆེད་ཚོར་ཆོས་བཀའ་མང་དུ་ཕུལ། ཁམས་སུ་ཕེབས་པའི་ཐོག་མར་ཀོང་པོར་ཕེབས། སྔགས་འཆང་ཞིག་གི་ལག་ན་གཏེར་ཁ་གསར་པ་གཞན་གྱི་ཁ་བྱང་ཡོད་པ་ཕྱག་ཏུ་འབྱོར་བ་དང་ཉི་མ་ཤར་བ་དུས་འགྲིག ཀོང་པོ་གཉིས་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་ཆོས་གཏེར་ཞིག་གདན་དྲངས། འབྲུ་ལ་དགོན་གྱིས་ཙོང་ཁ་པའི་གསེར་སྐུ་ཞིག་བཞེངས་པའི་གཟུངས་གཞུགས་དྲིལ་མ་བཏུབ་པས་གཟུངས་འཁྲུགས་པ་དང་། དབུ་ཞབས་ལྡོག་སྟེ་ཡོད་པས་དགོན་པར་བཀྲ་མི་ཤིས་པ་སྣ་ཚོགས་བྱུང་བ་ན་ཐམས་ཅད་ཡིད་གཉིས་སུ་གྱུར། རིག་འཛིན་ཆེན་པོ་འདི་ཉིད་དགོན་པར་གདན་དྲངས་ཏེ་གནས་ཚུལ་རྣམས་ཞུས་པས། གཟུངས་གཞུགས་རྣམས་འདི་ལྟར་འདུག་པ་སླར་ཐོན་ལ་ཕུལ་གསུངས་པ་ལྟར་འཕྲལ་དུ་བལྟས་པས་ཇི་ལྟ་བ་བཞིན་དུ་བྱུང་བས་དེ་དག་ཕྱོགས་འཛིན་གྱི་མདུད་པ་གྲོལ་ནས་དད་མོས་ཇེ་ཆེར་གྱུར། ཀོང་ཡུལ་དུ་མ་ཎི་དགེ་བསྐུལ་མཛད་པས་མ་ཎི་དུང་ཕྱུར་བཅོ་བརྒྱད་ཙམ་ཚུགས་པ་བྱུང་། རིམ་བཞིན་ཁམས་ཕྱོགས་སུ་ཕེབས། ཁམས་སྤོ་བོའི་ཡུལ་དུ་དམག་འཁྲུགས་ཀྱིས་སྡིག་ལས་ཆེན་པོ་བྱུང་བ་ལ་བར་འདུམ་མཛད་ཀྱང་གྲོང་ཚོ་གཅིག་གིས་མ་ཉན་པས་ཐོག་བབ་སྟེ་མི་ནོར་མང་པོ་ཆུད་ཟོས་པས་སླར་འདུན་མ་འགྲིག །རྦ་ག་དགོན་པར་ཕེབས་སྐབས་ཤུ་ཝ་ཟམ་པ་ཟེར་བའི་རིའི་རྩ་བར་སྒར་མཛད་ཚེ་ས་གཡོས་ཆེན་པོ་ཞིག་དང་ལྷན་དུ་རྦབ་རྡོ་ཆེ་བ་ཁང་པ་ཙམ་དང་ཆུང་བའི་རྦབ་ཕྲན་མང་པོ་གཟིམས་གུར་གྱི་ཐད་དུ་འདྲིལ་བྱུང་བ་ལ་སྡིགས་མཛུབ་མཛད་པས་གཡས་གཡོན་དུ་བྱོལ་བ་ལྟ་བུར་སོང་བ་ཕྱོགས་དེའི་སྐྱེ་བོ་མང་པོས་མཐོང་བས་བྱང་པ་བདག་པོས་རི་གཟར་གྱི་རྦབ་ཀྱང་ཟློག་ནུས་ཞེས་བསྔགས། བེ་རི་སྟོད་དུ་ཕེབས་དུས་སྒོམ་སྡེ་ནང་ཆེན་པ་དང་འབྲོང་པ་གཉིས་འཁྲུགས་རྩོད་ཆེན་པོ་བྱུང་བ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ནས་ཞལ་ཏ་མཛད་པས་མ་རུངས་པའི་ཞེ་སྡང་གི་དུག་ཐམས་ཅད་རང་སར་ཞི་ནས་ཕན་ཚུན་ཐམས་ཅད་གཉེན་གཤིན་པར་གྱུར། འབྲོང་པ་རྡོ་རྗེའི་བུ་ཨ་རིག །པདྨ་དབང་དྲག །བླ་མ་མགོན་ཏེ་སྤུན་གསུམ་ཡོད་པ་ལས། ཆུང་བ་བླ་མ་མགོན་ནད་དྲག་པོ་ཞིག་གིས་བཏབ་སྟེ་གློ་བུར་དུ་ཤི་བས་ཁྲུས་ཆོག་དབང་བསྐུར་ལ་གདན་དྲངས། དེར་ཕེབས་ཏེ་རྣམ་ཤེས་བཀུག་ནས་གནས་སྦྱོང་དང་དབང་བསྐུར་མཛད་པས་མིག་རིག་རིག་ལྟ་ཞིང་དབུགས་རྒྱུ་བ་དང་ལུས་གུལ་བས་འཁོར་རྣམས་རོ་ལངས་སུ་དོགས་ཏེ་འཇིགས་པ་ན་སྐྱོན་མེད་གསུངས་ཏེ་བྱིན་རླབས་མཛད་པས་གཏམ་ཡང་སྨྲ་ཤེས་པར་གྱུར། དེ་ལ་ཚེ་དབང་དང་གུ་རུ་དྲག་པོའི་དབང་སོགས་གནང་བས་སྐྱོན་མེད་དུ་སོས། དེ་ནས་མདོ་ཁམས་ཀྱི་གསང་སྔགས་རྙིང་མའི་བསྟན་པའི་འབྱུང་གནས་ཀཿཐོག་དགོན་པར་ཕེབས། ཕྱོགས་དེའི་སྐྱ་སེར་ཀུན་ཀྱིས་གསེར་དངུལ་གཡུ་རྟ་ཁྲབ་ཇ་སོགས་ཟང་ཟིང་གི་འབུལ་བ་དང་བསྙེན་བཀུར་རྒྱ་ཆེར་བསྟབས། དར་མདོར་ཕེབས་དུས་རྒྱ་ཧ་ཀ་དང་ལིང་རྩེ་གཉིས་འཁྲུགས་པ་ཐུགས་རྗེ་དང་རྫུ་འཕྲུལ་གྱིས་འཁྲུགས་པ་འདུམ་པས་ཕྱོགས་དེའི་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱིས་གུས་པས་མཆོད། མི་ཉག་བརྒྱུད་ནས་ཡར་ཕེབས་དུས་ཆོས་རྗེ་ཞྭ་དམར་པ་དང་མཇལ་ཞིང་། ར་མ་སྒང་དུ་གཅུང་རིག་འཛིན་འཕྲིན་ལས་རྣམ་རྒྱལ་དཔོན་སློབ་བསུ་བ་ལ་ཕེབས་ཤིང་རྡོ་རྗེ་བྲག་ཏུ་སྐུ་མཆེད་ཞལ་འཛོམས། འདི་དུས་ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེ་སྡེ་པ་འཕྱོང་རྒྱས་པའི་སྲས་སུ་སྐུ་བལྟམས་པར་འཆི་མེད་ལྕགས་གདོང་མ་དང་གཏེར་ཁ་གོང་མའི་དྲག་དམར་གྱི་དབང་ཕུལ་བས་གསང་སྔགས་རྙིང་མར་འགྱུར་བའི་བརྟེན་འབྲེལ་འགྲིག །མཚན་བཅས་མཚན་མེད་ཀྱི་སྲུང་འཁོར་སོགས་སྲིའུ་གསོ་བའི་རིམ་གྲོ་མང་དུ་གནང་། སྡེ་པ་བྲག་ཁ་ནས་བསམ་ཡས་སུ་གདན་དྲངས་ནས་ཁམས་གསུམ་ཟངས་ཁང་གླིང་དུ་བཞུགས། བསམ་ཡས་མཆིམས་ཕུར་དཔོན་སློབ་ཉུང་འདུས་ཤིག་གིས་བདུན་ཕྲག་གཅིག་སྐུ་མཚམས་གནང་སྟེ། ཆོས་གཏེར་ཞིག་བཞེས། ཆོས་དེ་ཐོག་མར་ཆོས་རྗེ་དུང་དཀར་རས་པ་ལ་སྤེལ་དགོས་འདུག་པ་ལ་གཞན་དུ་བྲེལ་བས་རྟེན་འབྲེལ་མ་འགྲིག །སྐུ་ཚེའི་སྨད་དུ་རྡོ་རྗེ་བྲག་རང་དུ་བཞུགས་གཏན་ཆགས་ནས་བཤད་སྒྲུབ་ལས་གསུམ་ཕྲིན་ལས་རྒྱ་ཆེར་འཕེལ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་དང་། ཟུར་ཆེན་ཆོས་དབྱིངས་རང་གྲོལ་སོགས་སློབ་མ་རྣམས་ཀྱང་བྱོན། ས་སྐྱ། འབྲི་གུང་། སྣེ་གདོང་སོགས་ཀྱིས་གཙོས་པའི་བོད་ཡུལ་གྱི་མི་ཆེན་ཆེ་དགུ་ཐམས་ཅད་ཀྱིས་གཙུག་ཏུ་བཀུར། ཡང་ཁམས་ཕྱོགས་སུ་མ་ཕེབས་གོང་གི་སྔ་ཐོག་ཅིག་རོང་བདེ་སྐྱོང་པས་གདན་དྲངས། ཆིབས་ལས་བབ་པ་དང་མཉམ་དུ་རྡོ་ལ་ཞབས་རྗེས་གསལ་བར་བྱུང་ཞིང་། རྡོ་རྗེ་བྲག་གི་ལྟག་སྒོའི་རྡོ་ལ་ཞབས་རྗེས་གསལ་བར་བཞག་པས་སྐུ་འཁོར་འགས་འདི་ལྟར་སྣང་ཞེས་ཞུས་པས། ངའི་མིན་ཡོལ་མོ་སྤྲུལ་སྐུ་རིན་པོ་ཆེའི་མིན་ནམ་ཞེས་སྦས་པའི་ཚུལ་གྱིས་ཁ་སྒྱུར་བར་མཛད་ནས་དངོས་སུ་ཞལ་གྱིས་མི་བཞེས་ཤིང་དེ་ལས་གཞན་པའི་ཕྱག་ཞབས་ཀྱི་རྗེས་དུ་མ་བྱུང་བར་གྲགས། སྐབས་ཤིག་ཐོབ་རྒྱལ་དུ་ཕེབས་དུས་ལེགས་ལྡན་རྡོ་རྗེའི་ཞལ་སློབ་སྔགས་རྒན་ཞིག་ལ་ངེད་ཀྱིས་བྱིན་པའི་དུང་ཆོས་དང་གཟུང་ཐག་དེ་ཡོད་དམ་གསུངས་པས་དགུང་ལོ་མཐོན་པོར་སོན་ཀྱང་སྔོན་གནས་རྗེས་དྲན་ལ་ངོ་མཚར་སྐྱེས། གཤིན་པོ་སོགས་ཀྱི་སྐྱེ་བརྟག་སོགས་ཞུས་ནའང་སྔོན་གཟིགས་མ་མྱོང་བ་ཞིག་ཡིན་ཡང་བྱད་དབྱིབས་ཚུན་འདི་འདྲ་འདུག་དང་། སྐྱེ་བ་འདི་དང་འདི་འདྲ་འབྱུང་བར་གསུངས་པ་ཐམས་ཅད་ཐོག་ཁེལ་མ་བྱུང་བ་མེད་པ་དང་། སོག་ཟློག་མཛད་པས་སོག་དམག་ཁད་ཉེར་སླེབས་ཀྱང་ཕྱིར་བཟློག་པ་དང་ནང་འཁྲུག་སོགས་ཀྱིས་ཨ་པ་ལང་ཧང་ཐེས་ཇི་དཔུང་བཅས་རྗེས་མེད་དུ་བཏང་བའི་ཕྱག་རྗེས་མངོན་སྣང་ཚད་མར་གྱུར་པ་སོགས་ངོ་མཚར་ཆེ་བའི་མཛད་པ་མཐའ་ཡས། དེ་ལྟར་རིག་འཛིན་ངག་གི་དབང་པོ་འདི་ཉིད་ཀྱིས་ལོ་གཉིས་གསུམ་ཙམ་གྱི་སྔོན་ནས། ཡོལ་མོ་སྤྲུལ་པའི་སྐུར་གཏེར་རྫས་བཀའ་རྒྱ་རྣམས་རྩིས་ལེན་དགོས་ཚུལ་དང་མི་རིང་བར་ལྷ་ཁང་རྟེན་བཞེངས་ཀྱང་མང་དུ་དགོས་པ་ཡོང་། ངེད་ཀྱང་ད་ལྟ་དང་མི་འདྲ་བར་བླ་མ་གོང་མ་ཞེས་རྩིས་ཆེར་འགྲོ་ཞེས་སོགས་གསུངས་པ་ལྟར། ས་ཡོས་ནག་པ་ཟླ་བའི་ཚེས་བཅུའི་ཉིན་སྙུན་མངོན་གྱུར་མེད་པའི་ངང་ནས་འཕྲལ་ཡུན་གྱི་སློབ་སྟོན་མང་པོ་དང་། སྔར་མི་མཛད་པའི་བཤགས་རྒྱུད་ལེའུ་ཁོལ་ཕྱུང་ཚོགས་སུ་བཙུགས་ནས་དགེ་བ་རྫོགས་བྱང་དུ་བསྔོ་བ་སོགས་མཛད། གཟིམས་ཆུང་དུ་ཕེབས་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་པས་ངོ་མཚར་བའི་ལྟས་དུ་མ་དང་། སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་བས་འཇའ་འོད་འཁྱིལ་བ་དང་མེ་ཏོག་དཀར་པོ་ཁྲུང་ཁྲུང་གི་སྒོ་ང་ཙམ་གྱི་ཆར་བབ་པ་སོགས་བྱུང་། དེ་ནས་རིག་འཛིན་ཡོལ་མོ་སྤྲུལ་པའི་སྐུས་ཐུགས་ཁུར་བཞེས་ཏེ་དགོངས་རྫོགས་རྒྱ་ཆེར་བསྒྲུབས་ཤིང་ཕྱི་རྟེན་དུ་ཐུབ་ཆེན་གྱི་སྐུ་བརྙན་བཞེངས་ཏེ་སྒྲུབ་སྐོར་གསུམ་གྱི་སྒོ་ནས་རབ་ཏུ་གནས་པ་སོགས་མཛད། དེ་ལྟར་གཤེགས་རྗེས་ཀྱི་བསྒྲུབ་དགོས་རྣམས་གྲུབ་ནས་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་སྟོབས་ལྡན་ཤུགས་འགྲོ་རྩལ་ཉིད་གདན་སར་བཞུགས་ཏེ་ཕྱོགས་བྲལ་གྱི་གདུལ་བྱའི་རེ་བ་སྐོང་བར་མཛད་དོ། །དེ་ལྟར་རིག་འཛིན་ངག་གི་དབང་པོ་འདི་ནི་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་ཐོག་མར་འདེབས་པ་པོ་དང་གདན་རབས་དང་པོ་ཡིན་པས་ལོ་རྒྱུས་རྒྱས་ཙམ་སྨོས་པ་ཡིན་ལ། དེ་ལས་གཞན་པའི་གདན་རབས་རྣམ་ཐར་རྒྱས་པ་མཁྱེན་པར་བཞེད་ཚེ་སྔ་འགྱུར་རྙིང་མའི་ཆོས་འབྱུང་ཆེན་མོ་ལེགས་བཤད་གཏམ་གྱི་རོལ་མཚོ་སོགས་སུ་གཟིགས་པར་ཞུ། །

གཉིས། འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ལོ་རྒྱུས།

༡ གདན་ས་སྤྱིའི་ལོ་རྒྱུས་མདོ་ཙམ་བསྟན་པ།

སྔ་འགྱུར་བཀའ་གཏེར་བསྟན་པའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནི། སྤྱི་ལོ་༡༦༧༦རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོར་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་དགོངས་བཞེད་བཞིན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེས་ཕྱག་བཏབ་པ་སྟེ། ཐོག་མར་བརྒྱུད་པ་གང་ལས་བྱུང་བའི་ཁུངས་ནི། གཏེར་ཆེན་རཏྣ་གླིང་པའི་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས། ཐོས་བསམ་སྒོམ་གསུམ་གྱི་ཕ་རོལ་ཏུ་སོན། དགུང་ལོ་ཞེ་གཉིས་པར་གྲྭ་ནང་དར་རྒྱས་ཆོས་སྡིང་གི་རི་ཁྲོད་བཏབ་ནས་དོན་བདུན་པར་སྐུ་གཤེགས། དེ་རྗེས་པདྨ་གླིང་པའི་སྤྲུལ་སྐུ་བསྟན་འཛིན་གྲགས་པ། གཉོས་སྟོན་མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན། དེ་ཉིད་ཀྱི་སྲས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་བར་དར་རྒྱས་ཆོས་སྡིངས་སུ་བཞུགས་ནས་ནང་རྒྱུད་ཡོ་ག་གསུམ་གྱི་བསྟན་པ་རྒྱ་ཆེར་སྤེལ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱི་སྲས་གཅེན་གཏེར་ཆེན་འགྱུར་མེད་རྡོ་རྗེའམ་འགྲོ་འདུལ་གཏེར་བདག་གླིང་པས་གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་སྡེ་ཆེན་མོ་ཕྱག་བཏབ་ནས་རེ་དགུ་པ་ཤིང་རྟ་ལོར་སྐུ་གཤེགས་པ་སོགས་རྣམ་ཐར་རྒྱས་པ་འོག་ཏུ་བཞུགས། གཞན་ཡང་གཏེར་ཆེན་བླ་མའི་སྐུ་དུས་ཀྱི་མཁན་རབས་དང་པོ་གཅུང་རྒྱལ་སྲས་བསྟན་པའི་ཉི་མ་ནི། ཡབ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་སྲས་སུ་ས་བྱི་ལོར་དར་རྒྱས་ཆོས་སྡིངས་སུ་སྐུ་བལྟམས། གཅེན་གཏེར་ཆེན་རིན་པོ་ཆེ་སོགས་ཡོངས་འཛིན་དམ་པ་མང་པོ་བསྟེན་ནས་མདོ་སྔགས་བཀའ་གཏེར་གྱི་གསན་པ་རྒྱ་ཆེ། ཤེས་བྱ་ཆེ་ཕྲ་མ་ལུས་པ་ཐུགས་སུ་ཆུད་ཅིང་ཐུན་མོང་རིག་གནས་ལ་མཆོག་ཏུ་མཁས། མཁན་རབས་དང་པོའི་ཆོས་ཁྲིར་བཞུགས་ཤིང་བར་ཆད་ཀྱིས་སྐུ་ཚེ་དེ་ཙམ་མཐར་མ་ཕྱིན་པར་དགུང་ལོ་ཉེར་བདུན་པར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །མཁན་རབས་གཉིས་པ་གཅུང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་སྟེ་གོང་དུ་སྡོམ་བརྒྱུད་ཀྱི་སྐབས་སུ་རྣམ་ཐར་རྒྱས་པ་སོང་། ཁྲི་རབས་གཉིས་པ་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་ནི། ཡབ་རིག་འཛིན་གཏེར་བདག་གླིང་པ་དང་ཡུམ་ཡོན་ཏན་སྒྲོལ་མའི་སྲས་སུ་སྐུ་འཁྲུངས། ཡབ་དང་གཅུང་རིན་པོ་ཆེ་རྣམ་གཉིས་ལས་བཀའ་གཏེར་གྱི་དབང་ཁྲིད་མ་ལུས་པ་གསན། ཁྱད་པར་ཉི་ཤུ་པ་ལ་ཁུ་བོ་ལོ་ཙཱ་བ་ངག་དབང་ཆོས་དཔལ་རྒྱ་མཚོ་ལས་ཆིག་རྫོགས་ཀྱིས་བསྙེན་པར་རྫོགས། སུམ་ཅུ་པར་ཁྲིར་ཕེབས་ནས་ཡབ་རྗེ་གོང་མའི་མཛད་རྒྱུན་བསྐྱངས་ཤིང་སོ་གསུམ་པར་སྐུ་གཤེགས་སོ། །རྒྱལ་སྲས་ཡིད་བཞིན་ལེགས་གྲུབ་ནི། ཡབ་གཏེར་ཆེན་དང་ཡུམ་ཕུན་ཚོགས་དཔལ་འཛོམས་ཀྱི་སྲས་སུ་སྐུ་འཁྲུངས། ཡབ་གཏེར་ཆེན་བླ་མ་སོགས་ལས་དབང་ལུང་ཟབ་ཁྲིད་རྒྱ་ཆེར་གསན་ཅིང་རིག་པའི་གནས་ཀུན་ཐུགས་སུ་ཆུད་པར་མཛད། ལོ་ཆེན་ཆོས་དཔལ་རྒྱལ་མཚོ་ལས་བསྙེན་པར་རྫོགས་ཏེ་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་འབྱོར་ཡང་ཇུན་གར་བའི་དཔུང་གིས་སྐུ་དཀྲོང་། ཁྲི་རབས་གསུམ་པ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནི། ཡབ་གཏེར་བདག་གླིང་པ་དང་ཡུམ་ཕུན་ཚོགས་དཔལ་འཛོམས་ཀྱི་སྲས་སུ་ཤིང་ཁྱི་ལོར་སྐུ་བལྟམས། ཡབ་རྗེ་ཁུ་དབོན་རྣམས་ལས་དབང་ཁྲིད་མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དང་། ཐུན་མོང་ཐུན་མིན་གྱི་རིག་གནས་མཐའ་དག་ཀྱང་དཔྱིས་ཕྱིན་པར་གསན། ཇུན་གར་བའི་སྡེ་གཟར་སྐབས་མོན་བོད་བརྒྱུད་ནས་ཁམས་ཕྱོགས་ཉག་རོང་ལྕགས་མདུད་བར་ཕེབས་པས་ལོག་སྨོན་ཅན་རྣམས་ཀྱིས་བརྫི་བར་མ་ནུས། སླར་དབུས་སུ་ཕེབས་ནས་གདན་སའི་ཉམས་གསོ་གནང་ཞིང་བསྟན་པ་ལ་བཀའ་དྲིན་ཆེ། མཐར་དྲུག་ཅུ་རྩ་ལྔ་པ་ས་ཕོ་སྟག་གི་ལོར་དགོངས་པ་གཞན་དོན་དུ་གཤེགས་སོ། །གཅུང་མོ་རྗེ་བཙུན་མ་མི་འགྱུར་དཔལ་གྱི་སྒྲོལ་མ་ནི། རྗེ་གཏེར་ཆེན་འགྱུར་མེད་རྡོ་རྗེ་དང་ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་མོར་མྱོས་ལྡན་ས་ཡོས་ལོར་སྐུ་བལྟམས། གོང་མ་ཁུ་དབོན་རྣམས་ལས་དབང་ལུང་ཟབ་ཁྲིད་མང་པོ་མནོས། ཆུང་ངུ་ནས་བཞུགས་གནས་བཀྲ་ཤིས་སྣང་བ་ལས་མི་འདའ་བའི་དམ་བཅའ་དང་བཅས་ཉམས་ལེན་ལ་བརྩོན་པར་མཛད། ཇུན་གར་བའི་དཔུང་གིས་བརྫི་བར་མ་ནུས་པར་སྦས་ཡུལ་འབྲས་མོ་ལྗོངས་སུ་ཕེབས། ཕྱིས་གདན་སར་འཁོད་ནས་མཁའ་སྤྱོད་བདེ་ཆེན་གླིང་དུ་བཅད་རྒྱ་ཁོ་ན་ལ་བཞུགས། དགུང་ལོ་བདུན་ཅུ་རྩ་གཅིག་པར་ས་གླང་གྲོ་བཞིན་ཟླ་བའི་ཡར་ངོའི་ཚེས་བཅུར་ངོ་མཚར་བའི་ལྟས་དང་བཅས་ཞི་བའི་དབྱིངས་སུ་གཤེགས། མཁན་རབས་གསུམ་པ་མཁན་ཆེན་འགྱུར་མེད་དོན་ཡོད་ལོ་ཤས་ཆོས་ཁྲིར་བཞུགས་ཀྱང་སྐུ་སྙུན་གྱིས་འདུལ་བའི་ཕྱག་ལེན་ཕྲག་རགས་གནང་བ་མ་གྲུབ་པས་གསོ་སྦྱོང་མདོ་འདོན་པ་དང་། དགེ་ཚུལ་སློང་གི་སྡོམ་འབོག་མཁན་པོ་རབ་འབྱམས་པ་ཆོས་གྲགས་སོགས་ཀྱིས་མཛད་པར་གྲགས། ཁྲི་རབས་བཞི་པ་གདུང་སྲས་འགྱུར་མེད་པདྨ་བསྟན་འཛིན་ནི། ཡབ་རྒྱལ་སྲས་རིག་འཛིན་རྣམ་རྒྱལ་དང་ཡུམ་ཚེ་དབང་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཡབ་རྗེ་དམ་པའི་སྐུ་མདུན་ནས་མདོ་སྔགས་བཀའ་གཏེར་དང་བཅས་པའི་དབང་ཁྲིད་མན་ངག་ཕྱག་བཞེས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་ཉེར་གཅིག་པར་ཡབ་རིག་འཛིན་ཆེན་པོ་ཞིང་དུ་གཤེགས་པའི་དགོངས་རྫོགས་དང་རྟེན་བཞེངས་རྒྱ་ཆེར་མཛད། ཁྲི་རབས་བཞི་པའི་གསེར་ཁྲིར་ཞབས་སོར་བཀོད་ནས་མཁས་ཚུལ་གསུམ་གྱི་མཛད་པས་སྤྱི་དང་བྱེ་བྲག་གི་བཤད་སྒྲུབ་ཀྱི་བསྟན་པ་གསལ་བར་མཛད་དེ་སྐུ་གཤེགས་སོ། །མཁན་རབས་བཞི་པ་གཅུང་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ནི། ཡབ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང་ཡུམ་ཚེ་དབང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རྔ་ཆེན་ཞེས་པ་ཆུ་ཁྱི་ལོར་སྐུ་འཁྲུངས། དགུང་ལོ་ཆུང་ངུ་ནས་བསྟན་སྒོར་ཞུགས་ཏེ་དབང་ལུང་ཟབ་ཁྲིད་གསན་བསམ་ཕྱོགས་མེད་དུ་མཛད་ཅིང་ཕྱི་ནང་གི་རིག་པ་མཐའ་དག་ལ་མཁས་པའི་རྩེར་སོན། དགུང་གྲངས་བཅོ་ལྔའི་ཐོག་རབ་འབྱམས་པ་འགྱུར་མེད་ཆོས་འཕེལ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་སྦྲུལ་ལོར་རབ་འབྱམས་པ་འགྱུར་མེད་ཆོས་ལྡན་སོགས་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསྙེན་པར་རྫོགས་ནས་བཙུན་པའི་མཆོག་ཏུ་གྱུར་པ་བཅས་མཁས་ཚུལ་གསུམ་གྱི་རྣམ་ཐར་ཕུལ་དུ་ཕྱིན་པའི་ངང་སྐུ་གཤེགས་སོ། །ཁྲི་རབས་ལྔ་པ་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ནི། ཡབ་ཁྲི་ཆེན་འགྱུར་མེད་པདྨ་བསྟན་འཛིན་གྱི་སྲས་སུ་སྐུ་འཁྲུངས། སྐུ་ན་གཞོན་ནུ་ནས་མཁྱེན་རྟོགས་ཀྱི་རྩལ་རྫོགས་པས་དབང་ལུང་མན་ངག་སྒྲུབ་འཕྲིན་ཕྱག་བཞེས་ཕྲ་རགས་ཐམས་ཅད་ལ་བྱང་ཆུབ། ཁུ་བོ་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་དྲུང་ནས་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་གསན། ཁྲི་རབས་ལྔ་པའི་གསེར་ཁྲིར་བཀོད་ནས་གདན་སའི་ཁུར་བཞེས་ཤིང་འཕྲིན་ལས་རྣམ་བཞིའི་བསྟན་འགྲོའི་ཕན་བདེ་རྒྱ་ཆེར་སྤེལ་ཏེ་སྐུ་གཤེགས། མཁན་རབས་ལྔ་པ་གཅུང་འགྱུར་མེད་གསང་སྔགས་བསྟན་འཛིན་ནི། ཡབ་ཁྲི་ཆེན་འགྱུར་མེད་པདྨ་བསྟན་འཛིན་གྱི་སྲས་སུ་སྐུ་བལྟམས། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་སོགས་བཤེས་གཉེན་མང་པོ་ལས་མདོ་སྔགས་རིག་གནས་བཅས་པའི་གསན་བསམ་རྫོགས་ཏེ་མཁས་བཙུན་གྲུབ་པའི་རྩེ་མོར་སོན། མཁན་རབས་ལྔ་པའི་ཆོས་ཁྲིར་བཞུགས་ཏེ་འཆད་རྩོད་རྩོམ་གསུམ་གྱི་མཛད་པས་རྒྱལ་བསྟན་མཐར་རྒྱས་སུ་སྤེལ་ནས་ཞིང་དུ་གཟིགས། ཁྲི་རབས་དྲུག་པ་འགྱུར་མེད་པདྨ་དབང་རྒྱལ་ནི། ཡབ་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་གྱི་སྲས་སུ་སྐུ་བལྟམས། སྐུ་ཆུང་ངུ་ནས་རང་ལུགས་སྨིན་གླིང་གི་ཆོས་སྤྱོད་ཆོ་གའི་སྒྲུབ་འཕྲིན་རིགས་ལ་མཁས་པར་སྦྱངས། གསན་བསམ་གྱི་སྣོད་དུ་གྱུར་ནས་རྗེ་ཁུ་དབོན་རྣམས་ལས་སྔ་འགྱུར་ཡོ་ག་རྣམ་གསུམ་གཙོ་བོར་གྱུར་པའི་ཕྱི་ནང་གི་རྒྱུད་སྡེ་ཁག་དང་། གཏེར་ཆོས་གསར་རྙིང་ཀུན་ཀྱི་སྨིན་ཁྲིད་རྒྱབ་རྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང་། ཁྲི་རབས་དྲུག་པའི་གསེར་ཁྲིར་བཞུགས་ནས་ཡབ་རྗེ་གོང་མ་རིམ་བྱོན་གྱི་ཕྱག་བཞེས་ལྟར་བཤད་སྒྲུབ་ཀྱི་བསྟན་རྒྱུན་བསྐྱངས། དོན་གཉིས་ཀྱི་མཛད་པ་མཐའ་རུ་ཕྱིན་པའི་ངང་ཞི་བ་ཆོས་དབྱིངས་སུ་གཤེགས་སོ། །མཁན་རབས་དྲུག་པ་གཅུང་ཨོ་རྒྱན་ཆོས་འཕེལ་ནི། ཡབ་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་གྱི་སྲས་སུ་སྐུ་བལྟམས། མཁས་ཚུལ་གསུམ་གྱི་རྣམ་ཐར་འགྲན་པའི་ཟླ་དང་བྲལ་ཞིང་མཁན་རབས་དྲུག་པའི་ཆོས་ཁྲིར་བཞུགས་ནས་ཞི་བར་གཤེགས། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་ནི། ཡབ་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་གྱི་སྲས་མོར་སྐུ་བལྟམས། ཆུང་དུས་ནས་འབྲི་ཀློག་སོགས་ཡོན་ཏན་ཐམས་ཅད་ལ་སྦྱངས་ནས་མཁས་པའི་ཕུལ་དུ་གྱུར། ཁུ་དབོན་རྣམས་དང་རབ་འབྱམས་པ་ཨོ་རྒྱན་དཔལ་མགོན་སོགས་ལས་མདོ་སྔགས་ཀྱི་ཆོས་ཚུལ་ལ་གསན་སྦྱང་གནང་། ཡབ་རྗེ་བླ་མ་ལས་སྨིན་གླིང་པའི་གཏེར་གསར་གྱིས་གཙོས་བཀའ་གཏེར་གྱི་སྨིན་ཁྲིད་མཐའ་ཡས་པ་གསན། བསྙེན་སྒྲུབ་ཉམས་བཞེས་ལ་ནན་ཏན་མཛད་པས་རྟོགས་པའི་གདེངས་ཚད་མངོན་དུ་གྱུར་ཏེ་སྣང་བཞིའི་ཡེ་ཤེས་མཐའ་རུ་ཕྱིན། གཞན་དོན་དུ་དབང་ཆོས་གདམས་ཁྲིད་སོགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་སློབ་བརྒྱུད་ཡང་སློབ་ཀྱིས་བོད་ཡུལ་ཐ་གྲུ་ཀུན་ཏུ་ཁྱབ་པར་གྱུར་པ་བཅས་དོན་གཉིས་ལྷུན་གྲུབ་ངང་ཞི་བར་གཟིམས་པར་མཛད་དོ། །མཁན་རབས་བདུན་པ་རིག་འཛིན་བཟང་པོ་ནི། དཔལ་ལྡན་གཉོས་རིགས་ཀྱི་གདུང་རྒྱུད་དུ་སྐུ་འཁྲུངས། སྐུ་གཞོན་ནུ་ནས་དགེ་བའི་བཤེས་གཉེན་དུ་མ་ལས་གསན་བསམ་རྒྱ་ཆེན་པོ་མཛད། དགུང་ལོ་ཉེར་གཅིག་པར་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་གཞི་གསུམ་གྱི་ཕྱག་ལེན་སོགས་མདོ་ཕྱོགས་ལ་གསན་སྦྱང་གནང་། ཁྱད་པར་རང་ལུགས་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོས་སུ་མནོས། ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཁྲི་ལ་བཞུགས་ནས་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་ཡུན་རིང་བསྐྱངས་སོ། །དེ་ནས་རིམ་པར་མཁན་རབས་བརྒྱད་པ་ཀུན་དགའ་ཚུལ་ཁྲིམས་རྡོ་རྗེ། མཁན་རབས་དགུ་པ་ངག་དབང་མཁྱེན་བརྩེ་ནོར་བུ་སོགས་བརྟན་མཁས་ཡོན་ཏན་གཉིས་ལྡན་འདུལ་འཛིན་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་བརྒྱུད་མར་བྱོན་པས་བསྟན་རྩ་འདུལ་བའི་ཕྱག་བཞེས་སྟོད་སྨད་སྔ་འགྱུར་གྱི་ཆོས་སྡེ་ཡོངས་ལ་འཕེལ་བ་བྱུང་ངོ་། །དེ་བཞིན་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། རབ་འབྱམས་པ་བསྟན་འཛིན་གར་དབང་། རབ་འབྱམས་པ་ངག་དབང་དཔལ་བཟང་། རབ་འབྱམས་པ་ཕྲིན་ལས་རང་གྲོལ། རབ་འབྱམས་པ་མཐུ་སྟོབས་རྣམ་རྒྱལ། རབ་འབྱམས་པ་ཨོ་རྒྱན་མཆོག་དགའ། རབ་འབྱམས་པ་ཨོ་རྒྱན་དཔལ་མགོན། སྔགས་རམས་པ་འགྱུར་མེད་ཆོས་ལྡན་སོགས་བྱོན་པས་ཀྱང་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་བརྒྱར་སྤེལ། ཁྲི་རབས་བདུན་པ་འགྱུར་མེད་སངས་རྒྱས་ཀུན་དགའ་ནི། ཁྲི་ཆེན་འགྱུར་མེད་པདྨ་དབང་རྒྱལ་གྱི་སྲས་སུ་སྐུ་བལྟམས། དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་མཐའ་རུ་ཕྱིན་པའི་ངང་སྐུ་གཤེགས། ཁྲི་རབས་བརྒྱད་པ་འགྱུར་མེད་ཡིད་བཞིན་དབང་རྒྱལ་ནི། ཁྲི་ཆེན་སངས་རྒྱས་ཀུན་དགའི་སྲས་སུ་སྐུ་འཁྲུངས། མཁས་དང་གྲུབ་པའི་ཡོན་ཏན་གྱིས་མངོན་པར་མཐོ་བ་དང་བཅས་སྐུ་གཤེགས། ཁྲི་རབས་དགུ་པ་འགྱུར་མེད་བདེ་ཆེན་མཆོག་གྲུབ་ནི། ཡབ་ཁྲི་ཆེན་ཡིད་བཞིན་དབང་རྒྱལ་གྱི་སྲས་སུ་སྐུ་བལྟམས། སྔོན་དུ་མཁན་པོ་མཛད་པའི་མཚན་ལ་ཀུན་དགའ་ཚུལ་ཁྲིམས་རྡོ་རྗེ་ཞེས་ཞུ། རྗེས་སུ་དགོས་དབང་གིས་ཕྱག་རྒྱ་མ་བཞེས་ནས་ཁྲི་ཆེན་གྱི་གསེར་ཁྲིར་བཞུགས་པར་སྲས་རྒྱུད་མ་བྱུང་ཡང་སྲས་མོ་འཆི་མེད་བདེ་ལྡན་སྒྲོལ་མ་སྐུ་འཁྲུངས། དེ་རྗེས་གཏེར་བདག་གླིང་པའི་རྣམ་སྤྲུལ་ཁམས་ཉག་རོང་གི་གཏེར་སྟོན་རང་རིག་རྡོ་རྗེའི་སྲས་པདྨ་དབང་ཆེན་གྱིས་རྗེ་བཙུན་མ་བདེ་ལྡན་སྒྲོལ་མ་ཐབས་གྲོགས་སུ་བཞེས་ནས་གདུང་རིགས་གསོས་ཤིང་ཁྲི་ཚབ་མཛད། ཁྲི་རབས་བཅུ་པ་འགྱུར་མེད་དོན་གྲུབ་དབང་རྒྱལ་ནི། ཡབ་ཁྲི་ཚབ་པདྨ་དབང་ཆེན་དང་ཡུམ་རྗེ་བཙུན་མ་བདེ་ལྡན་སྒྲོལ་མའི་སྲས་སུ་སྐུ་བལྟམས། ཁྲི་རབས་བཅུ་པའི་གསེར་ཁྲིར་བཞུགས་ནས་ལུགས་གཉིས་ཀྱི་ཕྲིན་ལས་མཐར་རྒྱས་ངང་སྐུ་གཤེགས། ཁྲི་རབས་བཅུ་གཅིག་པ་འགྱུར་མེད་ཀུན་བཟང་དབང་རྒྱལ་ནི། ཡབ་འགྱུར་མེད་དོན་གྲུབ་དབང་རྒྱལ་དང་ཡུམ་ཟླ་བ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ལོར་སྐུ་འཁྲུངས། ཡབ་རྗེ་དམ་པ་དང་ཕུ་བོ་མཁན་གཅུང་རྣམ་གཉིས་ཀྱི་དྲུང་ནས་རང་ལུགས་གཙོ་བོར་གྱུར་པའི་བཀའ་གཏེར་གསར་རྙིང་གི་དབང་ཁྲིད་དང་། གཞན་ཡང་ཞེ་ཆེན་རབ་འབྱམས་དྲུག་པ་སོགས་ཁམས་ཀྱི་བླ་ཆེན་མང་པོའི་མདུན་ནས་ཆོས་བཀའ་མང་པོ་གསན། བོད་དུ་དུས་འགྱུར་ཆེན་མོ་བྱུང་ནས་ལོ་གཅིག་གི་རྗེས་སུ་ལྷོ་ལྗོངས་བརྒྱུད་འཕགས་ཡུལ་དུ་ཕྱག་ཕེབས། ཀ་སྤུངས་ཟངས་མདོག་དཔལ་རིར་ཡུན་རིང་བཞུགས་མཐར་དཔལ་སྤྲུལ་འཇམ་དཔལ་བློ་གྲོས་དང་། མཁོ་ཆེན་སྤྲུལ་སྐུ་རིན་པོ་ཆེ་རྣམ་གཉིས་ཀྱིས་གདན་ཞུས་བཞིན་འཕགས་ཡུལ་དྷེ་རཱ་དཱུན་དུ་ཕྱག་བཏབ་པའི་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་སྡེར་ཞབས་སོར་བཀོད། དེ་ནས་ད་ལྟའི་བར་གདན་ས་དེ་ཉིད་དུ་རྒྱལ་བསྟན་འཁོར་ལོ་གསུམ་གྱི་ཕྲིན་ལས་ཡར་ཟླའི་དཔལ་ལ་འགྲན་བཞིན་འཇིགས་བྲལ་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་པད་བརྟན་བཞིན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བཞིན་པའོ། །དེ་བཞིན་བོད་ཡུལ་གྱི་གདན་ས་ཆེན་མོ་འདིར་ཡང་རྒྱལ་བསྟན་ཡང་དར་གྱི་དུས་བཟང་གསར་དུ་ཚེས་པ་ནས། ཐུགས་བསྐྱེད་མཚུངས་མེད་རྒན་འཇམ་དཔལ་སོགས་གཞི་ལུས་བླ་གྲྭ་ཡོངས་ཀྱིས་སྐུ་གསུང་ཐུགས་རྟེན་སྐྱར་གསོ་དང་འབྲེལ་སྨིན་གླིང་རང་ལུགས་ཀྱི་ཕྲིན་སྒྲུབ་ཀྱི་ཕྱག་བཞེས་བཟང་པོ་སོར་ཆུད་དང་། ཁྱད་པར་སྤྱི་ལོ་༡༩༩༥པ་རབ་བྱུང་བཅུ་བདུན་པའི་ན་ཚོད་ལྡན་ཞེས་པ་ཤིང་ཕག་ལོར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གདན་ཞུས་ལྟར་ཞབས་སོར་བཀོད་ནས་འདུས་པ་མདོ་དབང་དང་། སྒྱུ་འཕྲུལ་ཞི་ཁྲོ་སོགས་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་དུ་མ་གནང་བ་དང་། རང་ལུགས་སོ་ཐར་འདུལ་བའི་སྡོམ་རྒྱུན་སྤེལ་ཞིང་བཤད་གྲྭའི་འཆད་ཁྲིད་ཀྱི་མཁན་པོ་ཤྲཱི་སེང་ཆོས་གྲྭ་ནས་རྒྱུན་གཏོང་གནང་བ་བཅས་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་རྒྱས་བཞིན་པའོ། །

༢ གདན་ས་ཕྱག་འདེབས་མཛད་པོ་སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེའི་རྣམ་ཐར།

གསང་ཆེན་བསྟན་པའི་མངའ་བདག་སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ་ནི། གབ་རྒྱ་ཅན་གྱི་ལུང་བསྟན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེ༔ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནི༔ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོན༔ སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡང༔ ཁམས་གསུམ་འགྲོ་བའི་འདྲེན་པ་རྡོ་རྗེ་ཆོས༔ ཤཱཀ་ཐུབ་ཉེ་གནས་ཨཱ་ནནྟ་ཞེས་དང༔ རྒྱལ་པོ་ཛཿདང་ཤཱནྟིཾ་གརྦྷ་དང༔ བོད་འདིར་སམྦྷོ་ཊ་སོགས་དག་པ་ཡི༔ སྐྱེ་བ་དེ་ཙམ་སྣང་གི་མ་དག་པའི༔ སྐྱེ་ཚུལ་བརྗོད་དུ་ཡོད་པའི་གནས་མ་ཡིན༔ དེ་ལྟར་དག་པའི་སྐྱེ་བ་དེ་དག་གིས༔ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པའང༔ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིན༔ ཁྱོད་ཀྱང་ཤྲཱི་སེདྷ་ཡེ་ཤེས་མདོ༔ པདྨ་བདག་སོགས་གཙུག་གི་བླ་མར་བསྟེན༔ གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནས༔ ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པས༔ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིད༔ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིས༔ མཚམས་སྦྱོར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུ༔ དབང་ཕྱུག་འབར་དང་ར་ཤག་རྡོ་རྗེ་གླིང༔ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགས༔ པདྨ་བདག་གི་ཟབ་གཏེར་བདག་པོ་དང༔ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལ༔ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངས༔ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐར༔ ཞེས་གསུངས་པ་ལྟར། གསང་བའི་བདག་པོ་རྡོ་རྗེ་ཆོས་ཉིད་སྙིགས་མ་ལྔ་བདོ་བའི་དུས་འདིར་ངེས་གསང་སྙིང་པོའི་བསྟན་པ་སྤེལ་སླད་འཇིག་རྟེན་དུ་བྱོན་པ་ཡིན་ཏེ། ཡབ་འོད་གསལ་ལྷའི་གདུང་ལས་ཆད་པའི་གཉོས་སྟོན་ཆེན་མོ་གསང་བདག་ཕྲིན་ལས་ལྷུན་གྲུབ་དང་། ཡུམ་ཤེལ་དཀར་རྡོ་རྗེ་མཚོའི་རྣམ་འཕྲུལ་རྗེ་རིགས་བཟའ་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་དབོ་ཟླའི་ཚེས་བཅུར་ངོ་མཚར་བའི་ལྟས་དང་བཅས་དར་རྒྱས་ཆོས་གླིང་དུ་སྐུ་འཁྲུངས། སྐུ་བལྟམས་དུས་ཀྱི་ཡུལ་དང་བྱ་སྤྱོད་ཀྱི་རྣམ་པ་ནས་བཟུང་ལོ་གསུམ་གྱི་བར་ཛོ་ཀི་སྔོ་སངས་ཐོར་ཚུགས་ཅན་ཞིག་དང་། བུད་མེད་མཛེས་མ་གཉིས་ཀྱིས་རྒྱུན་དུ་སྲི་ཞུ་བྱས་པའི་དངོས་སྣང་རྣམས་ཕྱིས་ཀྱང་ཐུགས་ལ་གསལ་བའི་དྲན་ཤེས་ཁྱད་པར་ཅན་མངའ། དགུང་ལོ་བཞི་པའི་ཐོག་ཡབ་རྗེ་ལས་བཀའ་བརྒྱད་གསང་རྫོགས་ཀྱི་དབང་གསན་པས་སྣང་སྤྱོད་ཐམས་ཅད་ལ་དཀྱིལ་འཁོར་གྱི་འཁོར་ལོས་རྒྱས་ཐེབས་ཏེ་གཙོ་བོ་དང་བླ་མ་དབྱེར་མེད་དུ་གཟིགས་ཤིང་དབང་བཞིའི་ས་བོན་ཐུགས་རྒྱུད་ལ་ཐེབས། བཅུ་པར་བདེ་འདུས་ཀྱི་དབང་གསན་དུས་འོད་གསལ་གྱི་སྣང་བར་ཨོ་རྒྱན་ཆེན་པོས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་མཐུས་ནུས་པ་འཕེལ་ཏེ་བུམ་དབང་གི་ཉམས་མྱོང་ཡུལ་སྣང་སྒྱུ་མ་ལྟ་བུར་གཏན་ལ་ཕེབས། དེ་ནས་བརྩམས་ཏེ་ཡབ་རྗེའི་སྐུ་ཚབ་མཛད་ནས་ཕྲིན་ལས་བསྐྱངས། བཅུ་གཅིག་པ་ལ་དཔལ་ལྡན་འབྲས་སྤུངས་སུ་རྒྱལ་མཆོག་ལྔ་པ་ཆེན་པོར་གཙུག་ཕུད་ཕུལ་བའི་མཚན་ངག་དབང་པདྨ་བསྟན་འཛིན་དུ་བསྩལ། སྐྱིད་གྲོང་གི་རང་བྱུང་འཕགས་པ་ཐོག་མར་ཕེབས་པ་དང་དུས་འགྲིགས་པས་རྟེན་འབྲེལ་བཟང་ཞེས་དགྱེས་པའི་དབུགས་དབྱུང་མཛད། དེ་དུས་འཕགས་པའི་ཞལ་ཞི་འཛུམ་དགྱེས་ཉམས་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་ཉིད་ཀྱི་སྐུ་ལ་ཐིམ་པ་དང་། བཅུ་བདུན་པ་ལ་བསམ་ཡས་སུ་རྗེ་རྒྱལ་བའི་དབང་པོ་མཇལ་བའི་ཚེ་སྤྱན་རས་གཟིགས་ཀྱི་རྣམ་པར་གཟིགས། ཀུན་མཁྱེན་རྒྱལ་དབང་ལྔ་པ་རིན་པོ་ཆེ་དང་ཡབ་རྗེ་གཉིས་ནི་སྐུ་དངོས་ཀྱི་རྗེས་སུ་བཟུང་བའི་བཀའ་དྲིན་ཕུལ་དུ་བྱུང་བར་མ་ཟད་ཕྱིས་ཡེ་ཤེས་ཀྱི་སྐུས་ཀྱང་བྱིན་གྱིས་བརླབས་པས་བཀའ་དྲིན་མཚུངས་པ་མེད་པའི་རྩ་བའི་བླ་མ་རྣམ་གཉིས་ཡིན་ཞེས་ཞལ་གསུངས་གནང་བ་དང་། གཞན་ཡང་སྨིན་གྲོལ་ཟབ་མོ་གསན་པའི་བསྟན་འཛིན་ཆེན་པོ་བཅུ་དྲུག ཟབ་ཆོས་སྣ་ཚོགས་གསན་པའི་ཡོངས་འཛིན་སུམ་ཅུ་རྩ་ལྔ་རྣམས་བསྟེན་ཏེ། མདོ་སྡེ་སྣོད་གསུམ། སྔགས་རྒྱུད་སྡེ་བཞི། ཐ་སྙད་རིག་གནས་དང་བཅས་པ་སྤྱི་དང་། ཁྱད་པར་མདོ་སྒྱུ་སེམས་གསུམ། མཉམ་སྦྱོར། ཡང་ཕུར་གཤེད་སྐོར་སོགས་སྔ་འགྱུར་བཀའ་མ་དེང་སང་རྒྱུན་ཡོད་དོ་ཅོག་དང་། གཏེར་མ་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་སྤྱི་བྱེ་བྲག་གི་དགོས་བཀའ་ཡོངས་གྲགས་རྣམས་ཀྱིས་གཙོས་སྔགས་གསར་རྙིང་སྨིན་གྲོལ་གྱི་རྒྱུན་བཞུགས་སོ་ཅོག་ཕལ་མོ་ཆེ་དང་། དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བཀའ་འགྱུར་རོ་ཅོག་གི་ལུང་སོགས་མཐའ་ཡས་པ་གསན་ཚུལ་ཞིབ་པར་གསན་ཡིག་ཆེན་མོར་གསལ་བ་ལྟར་དང་། དགུང་ལོ་བཅུ་གསུམ་པ་ཙམ་ནས་བཟུང་རྩ་རྒྱུད་གསང་བ་སྙིང་པོ། རྒྱུད་བླ་མ། སེམས་ཉིད་ངལ་གསོ། ཡིད་བཞིན་མཛོད་རྩ་འགྲེལ་རྣམས་ཐུགས་ལ་བཟུང་ནས་ཡབ་རྗེ་ལས་གསུང་བཤད་རིམ་པར་གསན་ཞིང་། ཕྱིས་གནུབས་ཟུར་རོང་ཟོམ་རྣམས་ཀྱི་གསུང་རབ་དང་། ས་པཎ་གྱི་སྡོམ་གསུམ་རབ་དབྱེ། བཅོམ་ལྡན་རལ་གྲིའི་རྒྱུད་སྡེ་སྤྱི་རྣམ། རང་བྱུང་ཞབས་ཀྱི་ཟབ་མོ་ནང་དོན་རྣམས་ཀྱང་ཐུགས་ལ་ཆུད་ཅིང་། ཁྱད་པར་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་ལ་ཐོས་བསམ་ནན་ཏན་མཛད་པས་བློ་གྲོས་ཀྱིས་རྣམ་པར་དཔྱོད་པའི་མཐུ་ཐོགས་པ་མེད་པ་བརྙེས་ཏེ་ཇི་སྙེད་པའི་ཆོས་ལ་སྒྲོ་འདོགས་ཆོད། དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལས་འདུས་མདོའི་དབང་ཆོག་རིན་ཆེན་ཕྲེང་བའི་སྟེང་ནས་དཀྱིལ་འཁོར་བཞི་བཅུ་རྩ་ལྔར་ཕྱེ་བ་ལས་ཆུ་བོ་བཞི་ཡོངས་རྫོགས་གཏད་རྒྱ་མཐའ་བརྟེན་ཚེ་དབང་དང་བཅས་པའི་དབང་གདམས་ངག་བཤད་ལུང་དང་བཅས་པ་དང་། དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་སྟེང་ནས་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་རས་བྲིས་ལ་བརྟེན་ཏེ་དབང་ལུང་གདམས་ངག་དང་བཅས་པ་རྣམས་གསན། ཡང་རྡོར་བྲག་རིག་འཛིན་ཆེན་པོ་མཆོག་གི་སྤྲུལ་པའི་སྐུ་ལས་དཀྱིལ་འཁོར་ཉི་ཤུ་རྩ་བདུན་དུ་བསྡུས་པའི་རྩ་དཀྱིལ་རས་བྲིས་དང་། དེ་ཕྱིན་ཚོམ་བུ་ལ་བརྟེན་ནས་དབང་ཆོག་རིན་ཆེན་ཕྲེང་བའི་སྟེང་དབང་གདམས་ངག་བཤད་ལུང་དང་བཅས་པ་གསན་ཅིང་། གཉིས་ཀས་གསང་མཚན་འགྱུར་མེད་རྡོ་རྗེ་རྩལ་དུ་གསོལ་ཏོ། །སྔོན་སྨོན་གྱི་འབྲེལ་བའི་ཟབ་གཏེར་གྱི་བཀའ་བབ་ཚུལ་ནི། དགུང་ལོ་བཅོ་བརྒྱད་པ་ཆུ་ཡོས་ཟླ་བ་ལྔ་པའི་ཚེས་བཅུ་ལ་གཡའ་མ་ལུང་ནས་རིག་འཛིན་ཐུགས་ཐིག ཉེར་གཉིས་པ་མེ་ལུག་ཁྲུམས་ཟླའི་ཚེས་བརྒྱད་ལ་རྫུ་འཕྲུལ་གྱི་བཀོད་པས་ཤེལ་བྲག་ནས་གཤིན་རྗེ་དྲེགས་འཇོམས། སོ་གཅིག་པ་མེ་འབྲུག་སྟག་ཟླའི་ཉ་ལ་ཨོ་དཀར་བྲག་ནས་གུར་དྲག་རྡོར་སེམས་ཨ་ཏིའི་སྐོར། སོ་ལྔ་པ་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་ཉེར་དགུ་ལ་ཤ་འུག་སྟག་སྒོ་ནས་ཐུགས་རྗེ་ཆེན་པོ་བདེ་གཤེགས་འདུས་པའི་སྐོར་རྣམས་མོན་བོད་ཀྱི་སྐྱེ་བོ་བརྒྱ་ཕྲག་ཙམ་ཚོགས་པའི་དབུས་སུ་ཁྲོམ་གཏེར་དུ་སྤྱན་འདྲེན་པར་མཛད། དགུང་ལོ་ཉེར་གཅིག་པ་ནས་བཟུང་རྒྱལ་མཆོག་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་གཉིས་ཀྱི་དབུའི་བླ་མར་བཀུར་བས་ལོ་རེ་བཞིན་རྐྱེན་སེལ་སྐུ་རིམ་དང་བཀའ་གཏེར་གྱི་ཆོས་ཇི་སྙེད་པ་ཕུལ། དགུང་གྲངས་སོ་གཅིག་པ་མེ་འབྲུག་ལོར་གོང་ཞབས་ཀྱིས་བླ་ནས་སྩལ་བ་དང་དད་ལྡན་རྣམས་ཀྱིས་ཕུལ་བའི་དངོས་པོ་དོན་ཡོད་པར་བྱ་བའི་ཕྱིར། ཟབ་གཏེར་ལུང་བྱང་ལས། ཁྱད་པར་གཡུ་རུ་གཙང་མའི་སར༔ ཚོམ་བུ་གཅིག་ཏུ་འདུས་པའི་སྡེ༔ མ་འོངས་བསྟན་པ་ཆེས་འཕེལ་ནས༔ བོད་ཀྱི་བདེ་སྐྱིད་དགུང་དུ་འདེགས༔ ཞེས་ལུང་བསྟན་པ་ལྟར། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་གྲགས་པའི་ཆོས་སྡེ་ཆེན་མོ་ཕྱག་བཏབ་ནས། སྡོམ་པ་གསུམ་གྱིས་རྒྱུད་བསྡོམས་ཤིང་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བའི་དགེ་འདུན་པ་སུམ་བརྒྱར་ཉེ་བ་ཙམ་གསར་དུ་བསྡུ་བར་མཛད་ཅིང་། དེ་དག་ལ་རུང་བའི་བསྙེན་བཀུར་གྱིས་མི་བྲེལ་བར་རྒྱུན་ཆགས་པའི་གནས་མལ་དང་རྙེད་པ། དུས་བཞིའི་སྒྲུབ་མཆོད་ཀྱི་ཡོ་བྱད་དང་རྟེན་གསུམ་མཆོད་ཆས་བསམ་ཡུལ་ལས་འདས་པ་དང་། གཞན་ཡང་བྲིས་འབུར་གྱི་སྐུ་བརྙན་མང་པོ་དང་གསེར་དངུལ་གྱི་བཀའ་འགྱུར་གྱིས་མཚོན་པའི་གླེགས་བམ་ལྔ་བརྒྱ་བརྒལ་བ་དང་། སྔ་འགྱུར་གྱི་འགྲེལ་བཤད་ཆོག་ཕྲིན་ལ་སོགས་པའི་ཤིང་པར་མང་པོ་དང་། སྐུ་འབུམ་མཐོང་གྲོལ་ཆེན་མོས་ཐོགས་དྲངས་པའི་ཐུགས་རྟེན་དུ་མ་བཞེངས་པས་མཚོན་བསྟན་འགྲོའི་ཕན་བདེ་རྒྱས་པའི་མཛད་པ་རླབས་པོ་ཆེ་ཁོ་ན་ལ་རྟག་པར་བརྩོན་པས་ངེས་གསང་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་མཐའ་དག་ཏུ་ནུབ་པ་མེད་པའི་རྒྱལ་མཚན་ཡུན་དུ་བརྟན་པར་མཛད། དེ་དག་གི་བར་མཚམས་སྔ་ཕྱི་ཅི་རིགས་པར་དབེན་གནས་དུ་མར་སྒྲུབ་པ་སྙིང་པོར་མཛད་ནས་གསར་རྙིང་གི་དཀྱིལ་འཁོར་ཆེན་པོ་སུམ་ཅུ་རྩ་ལྔ་ཙམ་གྱི་བསྙེན་སྒྲུབ་དང་། བསྐྱེད་རྫོགས་རྫོགས་པ་ཆེན་པོའི་མྱུར་ལམ་ལ་གནད་དུ་བསྣུན་པས་བསྐྱེད་རིམ་ལ་བརྟན་པ་ཐོབ་སྟེ་ལས་གང་རྩོམ་ཐོགས་མེད་དུ་གྲུབ། རྫོགས་རིམ་རྩ་རླུང་ཐིག་ལེའི་འགྲོས་རྣམས་དབུ་མར་དག་པས་ཞུ་བདེའི་ཡེ་ཤེས་ཕྱོགས་བརྒྱར་འབར། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་འཁྲུངས་པས་གཟུང་འཛིན་གྱི་མཚན་མ་གྲོལ། འཁོར་འདས་ཀྱི་བདེན་འཛིན་ཞིག་སྟེ་མཉམ་རྗེས་རིས་མེད་ཀྱི་འོད་གསལ་ཁོར་ཡུག་ལ་དབང་འབྱོར། སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་ཤར་བས། པད་འབྱུང་། བཱི་མ། ཧཱུྃ་ཀ་ར། སངས་རྒྱས་གསང་བ། བཻ་རོ། མཚོ་རྒྱལ། ཉང་རལ། ཆོས་དབང་། ཀུན་མཁྱེན་ཆོས་རྗེ་སོགས་རྒྱ་བོད་པཎ་གྲུབ་དུ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་། རང་གཏེར་གྱིས་མཚོན་པའི་བཀའ་གཏེར་དུ་མའི་དབང་བསྐུར་ཅིང་ཟབ་ལམ་གྱི་གདམས་པའི་གནད་རྣམས་ལྷུག་པར་བཀྲལ་ནས་སྟོན་པ་དང་། རྡོ་རྗེ་གཞོན་ནུ། རྡོར་སེམས། ཡང་དག ཐུགས་རྗེ་ཆེན་པོ། ཞི་ཁྲོ། རྣལ་འབྱོར་མ་སོགས་ཡི་དམ་གྱི་ལྷ་དུ་མས་ཞལ་བསྟན་ཅིང་དབང་བསྐུར་བྱིན་གྱིས་བརླབས་པ་དང་། བདེ་བ་ཅན་དང་རྔ་ཡབ་དཔལ་རི་སོགས་དག་པའི་ཞིང་ཁམས་མང་པོར་བགྲོད་པས་ཞིང་ཡོངས་སུ་སྦྱང་བའི་ཏིང་ངེ་འཛིན་ལ་དབང་འབྱོར་བ་དང་། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ལས་ཐོགས་མེད་དུ་བསྒྲུབས་ཤིང་ལུང་སྟོན་པ་སོགས་ངོ་མཚར་བའི་གཟིགས་སྣང་མཐའ་ཡས། ཆགས་ཐོགས་མེད་པའི་མངོན་ཤེས་མངའ་བས་དུས་ཀྱི་འགྱུར་ལྡོག་སོགས་ལུང་བསྟན་པ་རྣམས་ཀྱང་ཕྱིས་ཐོག་ཏུ་མ་ཁེལ་བ་གཅིག་ཀྱང་མ་བྱུང་། གཙོ་བོར་དགུང་གྲངས་སོ་གཅིག་པ་ཡན་ཆོད་དུ་བུམ་དབང་གི་ཉམས་མྱོང་ཡུལ་སྣང་སྒྱུ་མ་ལྟ་བུ་གཏན་ལ་ཕེབས་པས། ཤས་ཆེར་སྐུ་ཡི་འགྲོ་དོན་སྤྱོད་པའི་དུས་ཡིན་པའི་ཕྱིར་ཡུལ་ཐ་དད་པ་དུ་མར་བྱོན་ནས་གདུལ་བྱ་བསམ་མི་ཁྱབ་པའི་རྒྱུད་ལ་ཐར་གྲོལ་གྱི་ས་བོན་བཞག སོ་གཉིས་པ་མེ་སྦྲུལ་དབོ་ཟླ་ནས་བཟུང་གསང་དབང་གི་ཉམས་མྱོང་རང་རིག་གསལ་སྟོང་དུ་ཤར་ཏེ་གཟུང་འཛིན་དབྱིངས་སུ་གྲོལ་བས། གསུང་གི་འགྲོ་དོན་ལ་གཙོ་བོར་སྤྱོད་པའི་དུས་ཡིན་པའི་ཕྱིར་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་བར་མེད་དུ་སྐོར་བར་མཛད་དོ། །སོ་བརྒྱད་བཞེས་པའི་ཆུ་ཕག་ཁྲུམས་ཟླ་ནས་ཕོ་ཉའི་ལམ་གྱིས་ཞུ་བདེའི་དཔེས་མཚོན་པའི་དོན་གྱི་ཡེ་ཤེས་རིག་སྟོང་བདེ་བ་ཆེན་པོ་ལྷན་སྐྱེས་མི་འགྱུར་བའི་དགའ་བཞི་ཐུགས་རྒྱུད་ལ་འཁྲུངས་པའི་ཉམས་མྱོང་རིམ་གྱིས་འཕེལ་བས་ཐུགས་ཀྱི་འགྲོ་དོན་ཤས་ཆེར་སྤྱོད་པའི་དུས་ཡིན་པའི་ཕྱིར། དེ་ཕྱིན་ཆད་སྤྱིར་ཆོས་བཀའ་རིས་མེད་དུ་གསུང་པ་ཡིན་ནའང་ཁྱད་པར་ཟབ་ཁྲིད་ཀྱི་གདམས་པ་ཉིད་རྒྱུད་ཐོག་ཏུ་ཅི་སྨིན་འདེབས་པར་མཛད་པས་སྐལ་ལྡན་རྣམས་རང་བྱུང་གི་ཡེ་ཤེས་རང་ཞལ་བལྟ་བ་ལ་བཙན་ཐབས་སུ་བཀྲི་བའི་མཛད་པ་ཁོ་ན་གཙོ་བོར་བདག་གིར་བཞེས་པ་དང་། དེ་ཕྱིན་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་རོ་མཉམ་པའི་བདག་ཉིད་དུ་གྱུར་པས་ཕྲིན་ལས་ཀྱི་འགྲོ་དོན་ཁྱབ་གདལ་དུ་སྤྱོད་པའི་དུས་ཡིན་ཕྱིར་མཛད་སྤྱོད་ཐམས་ཅད་རང་དོན་ཡིད་བྱེད་ཀྱི་འཁྲི་བ་ལས་རྣམ་པར་གྲོལ་ནས། བསྟན་འགྲོའི་ཕན་བདེ་འབའ་ཞིག་ཐུགས་སུ་གཅག་པའི་སྙིང་སྟོབས་ཆེན་པོས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྣམ་པར་དཀར་བས་དུས་འདའ་བར་མཛད་པ་སྟེ། གཙོ་བོར་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རྒྱུད་ལུང་མན་ངག་མཐའ་དག་གི་དགོངས་ཟབ་གཅིག་ཏུ་དྲིལ་ཏེ། འཐོར་བ་བསྡུས། གཅུས་པ་བསྲངས། གབ་པ་མངོན་དུ་ཕྱུང་ནས་རྗེས་འཇུག་སྐལ་ལྡན་རྣམས་འཇུག་པའི་ལམ་སྲོལ་བླ་ན་མེད་པ། སྔ་འགྱུར་བཀར་གཏེར་གྱི་སྒྲུབ་དཀྱིལ་དབང་ཆོག་ཁྲིད་ཡིག་གཙོ་བོར་གྱུར་པའི་བཀའ་རྩོམ་ཡང་ཆེས་མང་བར་མཛད་པ་བཅས་ཞིབ་པ་རྒྱལ་སྲས་པད་མ་འགྱུར་མེད་ཀྱིས་མཛད་པའི་དཀར་ཆག་དང་། ཕྱི་ནང་གསང་གསུམ་གྱི་རྣམ་ཐར་རྟོགས་བརྗོད་ཆེན་མོ་རྣམས་ལས་ཤེས་པར་བྱ་ལ། བརྒྱུད་འཛིན་སྐུའི་སྲས་དང་གསུང་གི་སྲས་མང་དུ་བྱོན་པ་ལས་གཙོ་བོ་ནི། རྒྱལ་མཆོག་ལྔ་པ་ཆེན་པོ་དང་དྲུག་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། གཅུང་ལོ་ཆེན་ཆོས་དཔལ་བཟང་པོ། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་ཡིད་བཞིན་ལེགས་གྲུབ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། གྲུབ་དབང་རྫོགས་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན། འཕྱོང་རྒྱས་དཔལ་རི་སྤྲུལ་སྐུ། ས་སྐྱ་པ་བདག་ཆེན་ཀུན་དགའ་བཀྲ་ཤིས། ཆབ་མདོ་རྒྱལ་བ་འཕགས་པ་ལྷ། ཀོང་པོ་ཐང་འབྲོག་སྤྲུལ་སྐུ་སོགས་འགྲན་ཟླ་དང་བྲལ་བའི་སྐྱེས་བུ་མང་པོ་བྱོན་པ་སྟེ། གཏེར་ལུང་ལས། དམ་ལྡན་ཆོས་བདག་སློབ་བུ་ནི༔ ད་ལྟའི་མངའ་བདག་ཡབ་སྲས་སོགས༔ ས་ཐོབ་རྗེ་འབངས་སྐྱེ་བའི་མཐའ༔ འགྲོ་དོན་ནུས་པ་སུམ་ཅུ་ལྔ༔ རང་དོན་ཐུབ་པ་བརྒྱ་རྩ་བརྒྱད༔ ཆོས་ཀྱིས་འབྲེལ་བ་སྟོང་ཚོ་གཉིས༔ སྨོན་ལམ་འབྲེལ་པ་ཁྲི་ཕྲག་ལྔ༔ ལས་ཀྱིས་འབྲེལ་པ་དྲུག་ཅུ་བདུན༔ གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགས༔ མི་ཆེན་གསུམ་གྱིས་མངའ་ཐང་སྤེལ༔ ཞེས་གསུངས་པ་ལྟར་རོ། །མཐར་དགུང་གྲངས་རེ་དགུ་པ་ཤིང་རྟ་ཧོར་ཟླ་དང་པོ་ནས་ཅུང་ཟད་བསྙུན་པའི་ཚུལ་བསྟན་ཞིང་ཁྱད་པར་ཚེས་ཉེར་ལྔ་ནས་ཁུ་དབོན་རྣམས་ལ་ཞལ་གདམས་ཕྱི་མཐའི་བསླབ་བྱ་བསྩལ། དེ་ནས་བཟུང་རྒྱུན་ཆགས་པར་ནུབ་ཕྱོགས་ཀྱི་ངོས་ནས་རྒྱ་གླིང་ལྟ་བུའི་སྒྲ་སྙན་པ་དང་། ག་བུར་ལྟ་བུའི་དྲི་ངད་ཀྱིས་གཟིམས་སྤྱིལ་ཕྱི་ནང་ཀུན་ཏུ་ཁྱབ་པའང་བྱུང་། ཤར་ཕྱོགས་སུ་གོམ་པ་བདུན་འགྲོ་དགོས་ཡོད་གསུངས་ནས་བཞེངས་ཏེ་ཞབས་གོམ་བདུན་སྤོས་མཐར་སྐྱིལ་ཀྲུང་གིས་བཞུགས་ཏེ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །

ཞེས་སོགས་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ནས། ཟླ་བ་ཕྱི་མའི་ཚེས་གཉིས་ཀྱི་ཉི་དྲོས་ལ་ད་སྟེ་མཁའ་འགྲོའི་བསུ་བ་ཡང་བྱུང་ངོ་གསུངས་ཏེ། ཕྱག་ཌཱ་དྲིལ་འཁྲོལ་བའི་བརྡའ་སྤྱན་ལྟ་སྟངས་དང་བཅས་ཏེ་སྐད་ཅིག་ལ་མཁའ་སྤྱོད་དུ་གཤེགས་སོ། །དེའི་ཚེ་གཏེར་ལུང་ལས། འདས་དུས་གདུང་དང་རིང་བསྲེལ་འབྱུང༔ སུས་མྱོང་མཁའ་སྤྱོད་བཙན་ས་ཟིན༔ ཞེས་པའི་མངོན་རྟགས་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་དང་ས་གཡོ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་། ཁྱད་པར་གདུང་ཞུགས་ལ་ཕུལ་སྐབས་ཐུགས་དང་དབུ་ཐོད་མེས་མ་སྨས་པར་ཕེབས་ཤིང་། རིང་བསྲེལ་གྱི་ཚོགས་དང་ཞུན་ཐིག་ལ་རྣམ་རོལ་མཐའ་ཡས་མགོན་གྱི་སྐུ་བརྙན་བྱོན་གཙང་གཟི་བྱིན་ལྡན་པ་ཕེབས་པར་མཛད་དོ། །

གསུམ། འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང་གི་ལོ་རྒྱུས།

༡ གདན་ས་སྤྱིའི་ལོ་རྒྱུས་མདོ་ཙམ་བསྟན་པ།

སྔ་འགྱུར་གདན་ས་ཆེན་མོ་དྲུག་གི་ཡ་གྱལ་འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང་ནི། སྤྱི་ལོ་༡༥༧༡པ་སྟེ་རབ་བྱུང་བཅུ་པའི་སྐྱེས་བདག་ཅེས་པ་ལྕགས་ལུག་ལོར་གཏེར་ཆེན་ཤེས་རབ་འོད་ཟེར་གྱིས་ཕྱག་བཏབ་ཅིང་། དེ་རྗེས་རྒྱལ་སྲས་ཀརྨ་ཀུན་བཟང་། མཚོ་རྒྱལ་སྤྲུལ་སྐུ་རིག་འཛིན་ཕྲིན་ལས་རྣམ་རྒྱལ། ངག་དབང་པདྨ་ཀུན་བཟང་། ངག་དབང་བློ་བཟང་པདྨ། པདྨ་ཆོས་འབྱོར་རྒྱ་མཚོ། བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་བརྒྱུད་མར་བྱོན་པས་གྲོལ་ཐིག་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ཤིན་ཏུ་དར་ཞིང་ཆོས་བརྒྱུད་ཀྱང་བོད་ཡུལ་ཐ་གྲུ་ཀུན་ལ་ཁྱབ། ཕྱིས་སུ་གྲུབ་དབང་པདྨ་རིག་འཛིན་དང་རིག་འཛིན་འཇིགས་མེད་གླིང་པ་སོགས་སྔ་འགྱུར་རྙིང་མའི་མཁས་གྲུབ་སྐྱེས་ཆེན་དུ་མས་ཆོས་སྡེ་འདི་ནས་ཐོས་བསམ་མཛད་དེ་བཤད་སྒྲུབ་ཀྱི་འགྲོ་དོན་རྒྱ་ཆེར་སྤེལ་བར་མཛད་པ་དང་། སྔར་དུས་དར་རྒྱས་ཆེ་བའི་སྐབས་དགེ་འདུན་འདུས་པ་སྟོང་ཕྲག་གསུམ་ལྷག་བྱུང་བས་མཚོན་སྟོད་ན་རྡོར་སྨིན་དཔལ་གསུམ་ཞེས་ཡོངས་སུ་གྲགས། བར་ལམ་དུས་ཀྱི་འགྱུར་བ་སྣ་ཚོགས་པས་གདན་ས་འདི་ཉིད་ཆེས་ཉམས་རྒུད་དུ་གྱུར་པས་གྲུབ་དབང་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སྤྱི་ལོ་༡༩༥༧ལོར་དབུས་ཕེབས་སྐབས་ཆོས་སྡེ་འདིར་ཆེད་དུ་ཞབས་པད་བཀོད་ནས་དབང་ཆོས་ཀྱི་བཀའ་དྲིན་བསྩལ་ཅིང་། ཐུགས་ཁུར་ཆེ་བཞེས་ཀྱིས་གཞུང་ས་ཆེན་མོར་སྙན་ཞུས་ལྟར་མཆོད་གཞིས་ཀྱི་གསོལ་རས་ཐོབ་པ་སོགས་སླར་གསོའི་བདག་རྐྱེན་རྒྱ་ཆེར་གནང་ཡང་དུས་ཀྱི་འགྱུར་བས་ཐུགས་བཞེད་མཐར་མ་ཕྱིན། དེང་དུས་རྒྱལ་བསྟན་ཡང་དར་གྱི་སྐབས་འདིར་དེ་གའི་བླ་གྲྭ་དད་ལྡན་ཡོངས་ཀྱིས་སྐུ་ངལ་ཁྱད་བསད་ཀྱིས་ཕྱི་ནང་གི་རྟེན་གསུམ་སླར་གསོ་གནང་བཞིན་པ་དང་། ཁྱད་པར་སྤྱི་ལོ་༡༩༩༥པ་ཉེ་བའི་ཤིང་ཕག་ལོར་བདག་ཅག་གི་འདྲེན་མཆོག་དམ་པ་ཆོས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་ཞབས་ཟུང་པདྨའི་འདབ་མ་གནས་དེར་ཉེ་བར་བཀོད་དེ་སྨིན་གྲོལ་ཆོས་ཀྱི་དགའ་སྟོན་བསྩལ་ཅིང་། དེ་ནས་བཟུང་ཤྲཱི་སེང་ཆོས་སྡེ་ཆེན་མོ་ནས་མཁན་པོ་དང་བླ་མཆན་པ་ཆེད་ཕེབས་ཀྱིས་བཤད་སྒྲུབ་བསྟན་པའི་སྲོག་རྩ་མཐུད་པར་མཐུན་འགྱུར་ཞབས་ཞུ་ཅི་འབྱོར་གནང་དང་གནང་བཞིན་པ་ལགས་སོ། །ད་དུང་འདི་ལས་རྒྱས་ཙམ་གྱི་ལོ་རྒྱུས་མཁྱེན་པར་བཞེད་ཚེ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་སྔ་ནས་མཛད་པའི་དཔལ་རི་ཐེག་མཆོག་གླིང་གི་གཏམ་དང་རྙིང་རྒྱུད་དཀར་ཆག་སོགས་སུ་གཟིགས་ཆུབ་ཞུ།

༢ གདན་ས་ཕྱག་འདེབས་མཛད་པོ་འཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་རྣམ་ཐར།

ལོ་ཆེན་བཻ་རོ་ཙཱ་ན་བསམ་བཞིན་བསྟན་འགྲོའི་དཔལ་མགོན་དུ་བྱོན་པ། གདན་ས་ཐོག་མར་ཕྱག་འདེབས་མཛད་པོ་འཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་ནི། བྱང་ངམ་ཆེན་ཞེས་གྲགས་པའི་སའི་ཆར་ཁྲི་བསམ་གཉིས་ཀྱི་ཆོ་འབྲང་ལས་སྤྱི་ལོ་༡༥༡༨པ་རབ་བྱུང་དགུ་པའི་ས་ཕོ་སྟག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཅུར་མངལ་གྱི་པདྨོ་ལས་གྲོལ། ལྷུམས་སུ་ཞུགས་པའི་ཚེ་སྐྱེས་བུ་ཤེལ་གྱི་ཁ་དོག་ཅན་རིན་པོ་ཆེའི་དོ་ཤལ་དང་ལྡན་པ་ཞིག་གིས་ཤེལ་བུམ་བདུད་རྩིའི་གང་བ་ཡུམ་གྱི་སྤྱི་བོ་ནས་བསྟིམ་པ་རྨིས། ཡར་ངོའི་ཚེས་བཅུ་བྱུང་རེས་རྣམས་སུ་སྦྲ་ཁྱིམ་ལ་འཇའ་ཟུག་ཅིང་དྲི་ཞིམ་པོའི་ངད་པ་རྒྱུན་དུ་བྱུང་། སྐུ་ན་གཞོན་ནུ་ནས་ཀྱང་བཅོས་མིན་གྱི་ངེས་འབྱུང་དང་དད་པ་ཤེས་རབ་སོགས་བྱང་ཆུབ་སེམས་དཔའི་ངང་ཚུལ་གྱིས་རབ་ཏུ་ཕྱུག་ཅིང་ལྷག་པའི་ལྷ་འཇམ་དཔལ་དབྱངས་དང་། གཤེད་དམར། གཉན་མགོན་རྣམས་ཀྱིས་རྒྱུན་པར་ཞལ་བསྟན་པ་བྱུང་། ཆོས་རྗེ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཀྱིས་གཡག་སྡེ་པཎ་ཆེན་གྱི་རྣམ་རོལ་དུ་ངོས་འཛིན་མཛད། རྗེ་འདི་མ་མཇལ་བའི་སྔོན་གྱི་ཉམས་སྣང་ལ་ཆོས་ཀྱི་རྒྱལ་པོ་ཉིད་ཇི་ལྟ་བ་ཞིག་གི་ཞལ་ནས། ཁྱོད་ཀྱི་སྙིང་ག་ན་ཨ་གཅིག་ཡོད་པ་ད་ལྟ་སྟོན་མ་རན་ནམ་ཞེས་ཕྱག་མཛུབ་བཙུགས་པས་བརྗོད་མི་ཤེས་བའི་ཉམས་ཤར་ཏེ་རྟོགས་པ་རང་ངོ་འཕྲོད། རྗེས་སུ་དངོས་མཇལ་སྐབས་སྐུའི་བཀོད་པ་དེ་ཁོ་ན་ལྟར་སྣང་ཞེས་གསུངས། དགུང་ལོ་བརྒྱད་པའི་ཚེ་ཨེ་ཝཾ་གླིང་སྨད་དང་ཉིན་སྡིངས་ཀྱི་སློབ་དཔོན་བརྟན་མཁས་ཀྱི་ཡོན་ཏན་རྫོགས་པ་ཚུལ་ཁྲིམས་འོད་ཟེར་བ་ལས་དགེ་བསྙེན་དུ་བསྒྲུབས། མཆོད་གྲལ་གྱི་ལྷ་ཕལ་ཆེར་ངོས་འཛིན་མཛད་པས་འདི་ཤེས་རབ་ཐོད་རྒལ་བ་ཞིག་འདུག་ཅེས་མཚན་ཤེས་རབ་འོད་ཟེར་དུ་བཏགས། གསེར་མདོག་ཅན་པའི་སློབ་མའི་མཆོག་པཎ་ཆེན་རྡོར་རྒྱལ་བ་ལས་རབ་ཏུ་བྱུང་། དེ་ནས་ཀློག་པ་ཐོས་བསམ་གྱི་གྲྭར་ཞུགས་ཏེ་དགའ་ལྡན་ཁྲི་པའི་ཞལ་སྔ་ནས་ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་སེམས་བསྐྱེད་ལུགས་སྲོལ་གཉིས། བསླབ་བཏུས། སྤྱོད་འཇུག །མདོ་སྡེ་ཀུན་ལས་བཏུས་པ། བྱང་ས། སྡོམ་པ་ཉི་ཤུ་པ། ཀླུ་སྒྲུབ་ལུགས་ཀྱི་དོན་དམ་སེམས་བསྐྱེད་སོགས་གསན་ཞིང་མཚན་ཉིད་ཀྱི་གཞུང་ལ་ལོ་དྲུག་གི་བར་དུ་ཉིན་མཚན་མེད་པར་སྦྱངས་པ་ནན་ཏན་མཛད། གཞན་ཡང་བཤེས་གཉེན་འགའ་ལས། བྱམས་ཆོས་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། དབུ་མ་རིགས་ཚོགས། གཏམ་ཚོགས། བསྟོད་ཚོགས། བྱང་ཆུབ་སེམས་འགྲེལ། རིམ་ལྔ་རྣམས་དང་། དགེ་ལྡན་པའི་མདོའི་ལམ་རིམ་གཉིས། སྔགས་རིམ་ཆེན་མོ་སོགས་རྒྱ་བོད་ཀྱི་གཞུང་འགྲེལ་མང་དུ་གསན་ནས་ཐོས་པའི་མཐའ་རྒྱ་བཅད་དེ་ཐལ་འགྱུར་གྱི་མགྲིན་རྔ་ལྡིར་པའི་རིགས་གྲྭ་རྣམས་སུ་རྩོད་པ་མཛད་པས། བརྒལ་བ་དང་། བརྟག་པ་དང་། རིགས་པ་གསུམ་གྱིས་ཕྱོགས་སྔ་ཀུན་ཐམས་ཅད་ནས་ཐམས་ཅད་དུ་ཚར་བཅད། གཞུང་ལུགས་རབ་འབྱམས་པ་གླིང་སྨད་སློབ་དཔོན་ན་རེ། ཁྱེད་སློབ་གསར་བ་ལྟ་བུ་ཡིན་ཡང་འདི་ལྟ་བུའི་རྣམ་དཔྱོད་མངའ་བ་ཡ་མཚར། སྔོན་ཀུན་མཁྱེན་རོང་པ་ལ་བོ་དོང་པའི་དགེ་བཤེས་ཤིག་གིས། ཁྱེད་ཀྱིས་ཅི་མཁྱེན་ཞུས་པས། ཁོ་བོས་ཕར་ཕྱིན་ཤེས་གསུངས། འོ་ན་འདུལ་བ་ལ་ཨེ་གནང་ཞུས་པས། དེ་ལོས་ཤེས་ཕར་ཕྱིན་གྱི་སྤྱོད་པ་ཡིན་གསུངས། ཡང་དབུ་ཚད་ལ་དྲིས་པས། དེ་བཞིན་དུ་དབུ་མ་ལ་ལྟ་བ། ཚད་མ་ལ་རིགས་ལམ་ཡིན་གསུངས་པ་ལྟར་ཁྱེད་ཀྱིས་དབུ་ཕར་ལ་བརྟེན་ནས་བསྟན་པའི་སྒྲོམ་འཚོལ་ཞིང་། དེ་ལ་རིགས་ལམ་གྱི་གྲུབ་མཐའ་འཆའ་ལུགས་ལ་དཔག་ན་དགེ་བཤེས་ཟེར་ན་འདི་ལ་ཟེར་ཞེས་ཚོགས་པའི་ཁྲོད་དུ་བསྔགས་པ་བརྗོད་པས་དེ་ཕྱིན་དགེ་བཤེས་ཤེས་རབ་འོད་ཟེར་ཞེས་གྲགས། དགུང་ལོ་བཅོ་བརྒྱད་པའི་དུས་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ལྷོ་རྒྱུད་ལ་བྱོན་སྐབས་ཨེ་ཝཾ་དང་ཐག་མི་རིང་པའི་སར་སྒར་བབ་པ་ཐོས་པས་གཟིགས་སུ་བྱོན། དེ་རྗེས་སྒར་གྲྭ་སུམ་བརྒྱ་ཙམ་ལ་སྤྱི་ཆོས་སུ་སྤྱོད་འཇུག་གསུང་པ་དང་ཁེལ་ཞིང་། དོན་དམ་བློ་ཡི་སྤྱོད་ཡུལ་མིན། ཞེས་པ་ནས་ཤོ་ལོ་ཀ་གསུམ་ལ་ཇོ་འགྲེལ་གཙོ་བོར་བཏོན་ནས་འགྲེལ་པ་གྲགས་ཆེ་བའི་བཤད་པ་སྤྲོས་ཤིང་། རིགས་ལམ་གྱི་སྦྱོར་བས་བརྒྱན་ཏེ་བཀའ་བརྒྱུད་པའི་ཉམས་ལེན་དང་བསྟུན་ཀྱིན་བཤད་པ་མཛད་པས་ཐུགས་རབ་ཏུ་འཕྲོག་ནས་སྐུ་རྗེས་སུ་འབྲང་བར་བརྩམས་པ་ན་མཆེད་གྲོགས་སྨན་དཔྱད་ལ་མཁས་པ་ཞིག་ཡོད་པ་དེས་བཀག་ནས་མ་བཏང་། དེ་ནས་བཟུང་དབེན་བ་འབའ་ཞིག་ཡིད་ལ་བསམ་ཞིང་ནམ་ཞིག་རི་དྭགས་རྒྱ་ནང་ནས་ཤོར་བ་བཞིན་དུ་བྲོས། འཕན་ཡུལ་དུ་ཕེབས་པ་དང་འབྲི་གུང་ཡང་རི་བའི་རྟོགས་ལྡན་སོགས་དགེ་འདུན་བཞི་བཅུ་ཙམ་བསོད་སྙོམས་ལ་བྱོན་པ་དང་འགྲོགས་ཏེ་ཆོས་རྗེ་རིན་ཆེན་ཕུན་ཚོགས་ཀྱི་དྲུང་དུ་ཕེབས། རྗེ་དེའི་མཐོང་ན་མི་མཐུན་པ་མེད་པའི་ཞལ་སྐྱིན་མཇལ་བས་མི་ཕྱེད་པའི་དད་པ་གཏིང་ནས་གཡོས། སྤྱན་ཆབ་ལྷུག་པར་ཤོར། ཚེ་འདི་ཕྱི་ཀུན་ཀྱི་བློ་གཏད་ཞུ་སྙམ་པ་བྱུང་གསུང་། དམ་པ་དེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་འཁོར་ལོ་སྡོམ་པ་དྲིལ་བུ་ལྷ་ལྔའི་དབང་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། བཀའ་བརྒྱུད་གསེར་ཕྲེང་དགོངས་གཅིག །ལྔ་ལྡན་གྱི་ཁྲིད་རྣམས་མནོག་ཆོས་སུ་བསྩལ། དཔོན་སློབ་གཉིས་ལན་མང་པོར་མདོ་སྔགས་སྤྱིའི་དཀའ་གནད་དང་གསང་སྔགས་གསར་རྙིང་གི་ལུགས་སོ་སོའི་དགོངས་པ་འགྲེལ་ཚུལ་ལ་འབེམ་གཏམ་མཛད་པས་གཅིག་ལ་གཅིག་ཐུགས་ཆེས་ཏེ་དགེ་བཤེས་ཀྱི་མིང་མ་ནོར་ཞེས་རྣམ་པ་ཀུན་ཏུ་བསྔགས། ལན་ཅིག་རྗེ་འབྲི་གུང་བའི་ཞལ་ནས། སང་ཉིན་དགེ་བཤེས་ཀྱིས་ཚོགས་ཁྲོད་དུ་དགོང་གཅིག་ལ་བཤད་པ་བྱེད་དགོས་གསུངས། སྔར་དེ་འདྲ་བའི་བཤད་སྲོལ་མི་འདུག་ཀྱང་དགོས་པའི་སླད་དུ་ཡིན་པས་བླ་མའི་བཀའ་ལྡོག་ཏུ་མི་རུང་སྙམ་ནས་ཚོགས་པ་རྒྱ་མཚོའི་དབུས་སུ་ལྔ་ལྡན་ལ་རྩ་བར་བྱས། རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པ་ཆོས་ཚོམས་སུ་བཅད། དགོང་གཅིག་ལུགས་གསུམ་གྱི་གྲུབ་མཐའི་རྐང་བཟུང་ནས་མདོ་སྔགས་བསྟན་པ་ཡོངས་རྫོགས་ཀྱི་ཚུལ་དུ་བཤད། སྐབས་དོན་ཚོར་ས་པཎ་གྱིས་བཀག་པ་རྣམས་རང་སྟོབས་ཀྱིས་སྒྲུབ་བྱེད་རྣམ་པར་དག་པ་དང་བཅས་བཤད་པས་ཐམས་ཅད་སྔ་ན་མེད་པའི་ངོ་མཚར་སྐྱེས། ཕྱི་ཉིན་བླ་མའི་སྐུ་དྲུང་དུ་བཅར་བས་དབུ་ལ་ཕྱག་གིས་བྱིལ་བྱིལ་མཛད་དེ། ཁྱེད་ཀྱི་བཤད་པ་དེས་ལྔ་ལྡན་མདོ་སྔགས་གཉིས་ཀའི་ཉམས་ལེན་གྱི་རྩ་བར་སོང་། དགོང་གཅིག་དེའི་རྒྱབ་ཆོས་ཡིན་པ་ལ་ས་ལུགས་པའི་ཕྱོགས་སྔ་སྤངས་པའི་དགག་སྒྲུབ་གནད་ཐོག་ཏུ་འགྲོ་བ་བྱུང་བས་སྙིང་ཚིམས། དེ་བཞིན་རེ་བ་ཡང་བྱས་པ་ཡིན། རེ་བ་ལས་ལྷག་གསུངས། འདི་ལ་ཡིག་ཆ་ཞིག་ཀྱང་མཛད་པར་གྲགས་ཀྱང་ཁམས་པའི་གྲྭ་པ་ཞིག་གིས་ཟིན་བྲིས་སུ་ཁྱེར་བས་རྒྱུན་ཆད་ཟེར། དེ་ནས་བཀའ་བརྒྱད་ལུགས་སྲོལ་ཆེན་པོ་དགུ། བདུད་རྩི་སྨན་སྒྲུབ་ཀྱི་ཕྱག་བཞེས། རྙིང་མ་བཀའ་གཏེར་གྱི་གཤིན་རྗེ་རིགས་ལྔ། དགོངས་པ་ཡང་ཟབ། མཁའ་འགྲོ་སྙིང་ཏིག་གི་བརྒྱུད་པ་གཞན་ལས་འཕགས་པ། བྱང་གཏེར་མཛོད་ལྔ། པད་གླིང་ཆོས་སྐོར་རྣམས་དང་། འབྲི་གུང་ཕྱོགས་ཀྱི་བཀའ་བརྒྱུད་བཀའ་འབུམ། ཀརྨ་བཀའ་བརྒྱུད་ཀྱི་བཀའ་འབུམ་སོགས་སྨིན་དབང་ཁྲིད་ལུང་གི་བཤད་པ་མང་པོ་བསྩལ་པ་དང་། ཁྱད་པར་རྗེ་འདིའི་ཞལ་སྔ་ནས་བསྐྱེད་པ་མ་ཧཱ་ཡོ་ག་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་འགྲེལ་པ་ཕྱོགས་བཅུ་མུན་སེལ་གྱི་ལུགས་གཙོ་བོར་བཏོན། ལུང་ཨ་ནུ་ཡོ་ག་མདོ་དགོངས་པ་འདུས་པ་མདོ་འགྲེལ་ཆེན་མོའི་དགོངས་པ་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཀུན་བྱེད་རྒྱལ་བོ་ལ་སོགས་པའི་མན་ངག་དངོས་སྟོབས་ཀྱི་འགྲེལ་པ། དེ་བཞིན་དུ་གསར་རྙིང་གཉིས་ཀའི་རྒྱུད་འབུམ། རྒྱལ་བ་ཀློང་ཆེན་པའི་ངལ་གསོ་སྐོར་གསུམ། མཛོད་བདུན། སྙིང་ཏིག་ཡ་བཞི། ཟབ་མོ་ཡང་ཏིག །རྒྱུད་བཅུ་བདུན། བཱི་མ་ལའི་ཊཱི་ཀ་དང་། མན་ངག་བརྒྱ་བཅུ་དགུ་རྣམས་གསན། དེ་དག་གི་ཡིག་ཆ་སོ་སོ་ལ་བསམ་བྱུང་གི་ཤེས་རབ་རྣམ་པར་དག་པས་དཔྱད་པ་ན་ཆོས་ཀྱི་ཟབ་གནད་རྣམས་རྙིང་མ་ཁོ་ན་ལ་སྣང་ཞིང་། ཁྱད་པར་སྙིང་ཐིག་ལ་ཡོད་པར་ངེས་ཤེས་གཏིང་ནས་འདྲོངས་གསུངས། དེ་ནས་གྲོག་རི་རིན་ཆེན་སྤུངས་པའི་མགུལ་གྱི་སློབ་དཔོན་ཆེན་པོའི་སྒྲུབ་ཕུག་ཏུ་ཆོས་གོས་གསུམ་དང་། ལྷུང་བཟེད། ཞལ་སྐྱོགས་ཙམ་ལས་ཡོ་བྱད་ཅི་ཡང་མ་བཟུང་བར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པས་ལོ་གསུམ་བཞུགས་པའི་རིང་། མན་ངག་མཁའ་འགྲོ་སྙིང་ཐིག་གི་བསྐྱེད་རྫོགས་རྩ་རླུང་དང་བཅས་པ་ལག་ཁྲིད་དུ་འདེབས་པའི་གདམས་པ་འབྲི་གུང་པས་བླ་མ་ལྔ་ཙམ་ལས་གསན་ཞིང་མན་ངག་ཡོངས་སུ་རྫོགས་པའི་ཆིག་བརྒྱུད་གནང་བ་ཉམས་བཞེས་མཛད་པས་མངོན་རྟགས་བསམ་གྱིས་མི་ཁྱབ་པ་ཤར། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་བརྙེས། དེ་ནས་དགོན་གནས་ཀྱི་བཀའ་བཀོད་ཇི་ལྟ་བུ་ཕེབས་ཀྱང་རྣམ་གཡེང་གི་དབང་དུ་འགྱུར་བར་དོགས་ནས་དབེན་པ་འབའ་ཞིག་ཏུ་ལོ་བརྒྱད་ལྷག་བཞུགས། དགུང་ལོ་སུམ་ཅུ་པའི་ཚེ་མཁའ་འགྲོ་མ་མོན་མོའི་ཆ་ལུགས་ཅན་ཞིག་གིས་ཁྱོད་ཀྱི་བསླབས་པས་བཅིངས་པའི་བྱ་བཏང་འདི་ཉམས་རེ་དགའ་འདི་འཐུང་དང་ཟེར་ནས་ཆང་བསེ་ཕོར་གང་བྱིན། རྟེན་འབྲེལ་དེ་ལས་མེ་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཅུའི་ཉིན་འོད་དཀར་པོ་ཞིག་གིས་རྐྱེན་ལས་ཐིག་ལེ་ཆེན་པོའི་དབུས་སུ་སློབ་དཔོན་ཆེན་པོ་པདྨ་རྒྱལ་པོའི་ཆ་ལུགས་ཅན་གྱིས་ཞལ་གཟིགས་ཤིང་རྗེས་སུ་གདམས་པའི་གསུང་གིས་དབུགས་དབྱུང་། གྲོག་རི་རིན་ཆེན་སྤུངས་པའི་གཏེར་གནས་ནས་པདྨའི་ཞལ་གདམས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་གཏེར་ཤོག་འཛམ་བུའི་ཆུ་བོའི་ཤིང་ཤུན་ཁ་དོག་ལྗང་སྐྱ་མཚོན་གྱིས་མི་ཤིགས་པ་ཁ་ཤས་དང་། སྐུ་གསུང་ཐུགས་རྟེན་གྱིས་མཚོན་པའི་ཟབ་གཏེར་རྒྱ་མཚོ་ལ་མངའ་དབང་བསྒྱུར། དེ་རྗེས་ཟིང་པ་སྟག་མགོར་གཏེར་སྒྲུབ་ལ་བཞུགས་པའི་ཚེ། ནུབ་གཅིག་སྣང་བ་ཐམས་ཅད་སྐྱ་ཐལ་ལེ་བའི་ངང་། བུད་མེད་གཅིག་ན་རེ། དོ་ནུབ་སློབ་དཔོན་ཆེན་པོས་ཚེས་བཅུ་གནང་གི་ཡོད། ཁྱོད་ཀྱིས་ཆང་འདི་འཐུང་། ཤ་འདིའི་ཁྲོད་ན་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་འདུག་པས་གསོལ་དང་ནུས་པ་ཚད་མེད། ནམ་མཁའ་ལ་འཕུར་ཐུབ་ཟེར། ཆང་དེ་འཐུངས་ཤིང་ཤ་དེ་ཟོས་པས་། དེ་ན་རེ། ད་སྟེ་སློབ་དཔོན་ཆེན་པོ་མཇལ་དུ་འགྲོ་ཟེར་བའི་མོད་ལ་ཤའི་ནུས་པས་ནམ་མཁའི་ལམ་དུ་གྱ་གྱུར་ཁྲིད་ནས་ཟངས་མདོག་དཔལ་རིའི་བཀོད་པ་སྲིན་པོའི་ཡུལ་གླིང་དང་བཅས་པ་ངོ་མཚར་ཅན་གཟིགས། སློབ་དཔོན་ཡབ་ཡུམ་གུ་རུ་བདེ་བ་ཆེན་པོའི་རྣམ་པས་དབང་བསྐུར་ཅིང་རྗེས་སུ་གདམས་པ་དང་བསླབ་བྱ་མཛད་ཅིང་ཟླ་བ་གཅིག་གི་ཡུན་དུ་བཞུགས་པའི་རྣམ་པ་བྱུང་། ད་སྟེ་སྔོན་སྨོན་གྱི་དབང་ལས་བོད་ཡུལ་གྱི་གདུལ་བྱ་དྲན་པར་གྱིས་ཞེས་མཁའ་འགྲོ་མ་རྣམས་ཀྱིས་བསྐུལ་བས་རྨི་ལམ་སད་པ་བཞིན་སོང་གསུངས། གཞན་ཡང་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ལོ་གསུམ་གྱི་བཅད་རྒྱར་བཞུགས་སྐབས་སློབ་དཔོན་ཆེན་པོ་པདྨ་རྒྱལ་པོའི་ཆ་ལུགས་སེང་གེ་ལ་བཅིབས་པ་ཞིག་གིས་ཞལ་གཟིགས། དེང་སང་འདི་ན་ལྟ་བ་མ་འཁྲུལ་པའི་ཁྱད་པར་འབྱེད་ཤེས་པ་ཁྱོད་ལས་མེད་པས་དེའི་གནས་གསལ་བར་སྟོན་ཅིག་གསུངས་པས་བདེན་གཉིས་གསལ་སྒྲོན་ཞེས་ཚིག་ཉུང་ལ་དོན་ཆེ་བའི་བསྟན་བཅོས་མཛད། འབྲི་གུང་པའི་དགོངས་རྫོགས་སུ་མདོ་སྔགས་ཀྱི་སྨོན་ལམ་ཞེས་བསྟན་པ་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པའི་གསུང་རབ་ཚིག་དོན་བཟང་པོ་ཅན་དེ་མཛད། སླར་ཞབས་དྲུང་ཧོར་བསོད་ནམས་དར་རྒྱས་ཀྱིས་འཕྱོང་རྒྱས་སུ་སྤྱན་དྲངས། ཕ་དང་བུ་འཕྲད་པ་ལྟ་བུའི་དགྱེས་པ་ཆེན་པོས་ཏི་ཤྲིར་བཀུར་བས་གྲོལ་ཏིག་སོགས་ཟབ་མོའི་གདམས་པས་རྗེས་སུ་བཟུང་། དེ་བཞིན་མི་འགྱུར་ཀུན་དགའ་དཔལ་བཟང་དང་། སྤྲུལ་སྐུ་ཟླ་བ། ཞིག་པོ་གར་གྱི་དབང་ཕྱུག་སོགས་དང་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་ཆོས་ཀྱི་སྐྱེས་རྒྱ་ཆེན་པོས་ཕན་ཚུན་ངོམས་པར་མཛད། བྱང་བདག་ཆེན་པོ་བཀྲ་ཤིས་སྟོབས་རྒྱལ་དང་ཡང་མཇལ་བས་རྗེ་འདིའི་མཁྱེན་དཔྱོད་ལ་ཐུགས་ཤིན་ཏུ་དགྱེས་པའི་བསྔགས་བརྗོད་མཛད། འཕྱོང་རྒྱས་ཞབས་དྲུང་ཧོར་བསོད་པ་དེ་ཉིད་ལྷ་སྲས་དཔལ་གྱི་འབྱུང་གནས་ཀྱི་སྐྱེ་བར་ལུང་གིས་ཟིན་ཅིང་དད་སྟོབས་བསམ་གྱིས་མི་ཁྱབ་པས་གསང་སྔགས་རྙིང་མའི་དགེ་འདུན་གྱི་སྡེ་ཞིག་འཛུགས་པར་ནན་གྱིས་བསྐུལ་ཡང་། ལྔ་བརྒྱའི་ཐ་མར་གྱུར་པས་གྲྭ་ཚང་ཆེན་མོ་དག་གིས་ཟང་ཟིང་དོན་དུ་གཉེར་བའི་ཉེས་དམིགས་གཟིགས་ནས་ཞལ་ཀྱིས་མ་བཞེས་པས་ཞབས་དྲུང་པ་སྐུ་གཤེགས། དེ་རྗེས་སྲས་ཧོར་བསོད་ནམས་སྟོབས་རྒྱས་ཀྱིས་ཡབ་ཀྱི་དགོངས་པ་རྫོགས་སླད་ནན་ཏན་ཆེན་མོས་གསོལ་བ་ཡང་ཡང་བཏབ་པས། རབ་བྱུང་བཅུ་པའི་ལྕགས་ལུག་སྟེ་སྤྱི་ལོ་༡༥༧༡པར་འཕྱོང་རྒྱས་དཔལ་རི་ཐེག་པ་ཆེན་པོའི་གླིང་ཞེས་གྲགས་པའི་ཆོས་སྡེ་ཆེན་མོ་དེ་ཉིད་ཐོག་མར་ཕྱག་བཏབ། གཙུག་ལག་ཁང་གི་འདུ་འགོད་དང་སྤྱི་རྫས་མཆོད་གཞིས་ཐམས་ཅད་ཞབས་དྲུང་འཕྱོང་རྒྱས་པས་ཕུན་སུམ་ཚོགས་པ་སྦྱར། སྡིག་སྟེངས་རིན་པོ་ཆེ་ངག་དབང་བློ་བཟང་མཁན་པོར་བསྐོས་ནས་གཞི་གསུམ་གྱི་ཕྱག་ལེན་སོགས་ཕྱི་དམ་ཆོས་འདུལ་བའི་ཀུན་ཏུ་སྤྱོད་པ་ལ་གནས་པ་དང་། ནང་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་སྤྱི་དང་ཀུན་མཁྱེན་ཀློང་ཆེན་པའི་མན་ངག་གི་ཟབ་གནད་ཉམས་ལེན་གྱི་མཐིལ་མཛད། གསང་བའི་བསྙེན་སྒྲུབ་གཏེར་ཁ་གོང་འོག་དང་ཡབ་སྲས་གཉིས་ཀྱི་གཏེར་ཆོས་ལ་གནང་བ་བཅས་ཐུན་མིན་རིང་ལུགས་སྐྱོང་པའི་དགེ་འདུན་གྱི་སྡེ་རབ་ཏུ་རྒྱས་པ་ན། ཕྱོགས་དེའི་སྡེ་དཔོན་ཕན་ཚུན་མི་མཛའ་བའི་ངན་སྦྱོར་གྱིས་རྗེ་འདི་ལ་གསོལ་བའི་སྙུན་གཞི་ལྟ་བུས་རྐྱེན་དེས་སྐུ་མྱང་ངན་ལས་འདའ་བར་བཞེད་ཚེ། ངེད་ཀྱི་ཕུང་པོ་འདི་ས་འབུམ་ཞིག་ཏུ་བཞག་ན་མཐར་ནོར་བུ་དབྱིག་ཏུ་འགྱུར་ནས་བོད་འབངས་བདེ་བ་དང་མཐའ་དམག་ཟློག་པའི་རྟེན་འབྲེལ་ཡོད་ཀྱང་དུས་དབང་གིས་ཅིར་འགྱུར་ཆ་མེད། དེ་བས་དུམ་བུར་བྱས་ཏེ་ཡར་རྒྱབ་གཙང་པོའི་ཆུ་ལ་སྦྱངས་ན་ཀོང་པོ་རྒྱ་ལ་ཡན་ཆོད་ཀྱི་སེམས་ཅན་ལ་ཕན་ནུས། ད་ཕྱིན་དུས་ཀྱི་དབང་ལས་བསྟན་པ་འཕེལ་རྒྱས་ཡོང་བ་ཤིན་ཏུ་དཀའ། དགེ་འདུན་རྣམས་ཀྱིས་རང་རང་གི་བསྟན་པ་སྒོ་དྲུང་ནས་མ་ནུབ་པར་གྱིས། གཙོ་བོར་ཐོས་བསམ་སྒོམ་པ་ལ་འབད་འབུངས་ཐོན། སྡོམ་པ་གསུམ་ལ་ཉེས་ལྟུང་གི་དྲི་མས་མ་གོས་པར་གཉེན་པོས་རྐྱེན་ཐུབ་པ་དང་འགྲོ་བ་རྣམས་ཕ་མར་ཤེས་པའི་ཉམས་ལེན་ལ་འབུངས། ང་དང་ཕྲད་པར་འདོད་པ་རྣམས་གྲོལ་ཏིག་དགོངས་པ་རང་གྲོལ་དང་བེའུ་བུམ་གྱི་མན་ངག་རྣམས་ལ་ཉམས་ལེན་མཛོད་ཅེས་ཞལ་ཆེམས་སྣ་ཚོགས་པ་བསྩལ། དེ་ནས་དག་པའི་གསལ་སྣང་དཔག་ཏུ་མེད་པ་གཟིགས་ཤིང་ཁྱད་པར་ཉིན་གཅིག་དུས་ཀྱི་འཁོར་ལོའི་མངོན་དཀྱིལ་རྫོགས་པར་མཛད་ནས་དབང་གནང་སྐབས། དེ་རིང་བྱང་ཤམྦྷ་ལའི་སྣང་བ་མུ་མཐའ་མེད་པར་ཤར་ནས་གསོལ་བ་འདེབས་པ་དེ་ལྟར་བྱས་པ་ཡིན། ལར་དེང་སྐབས་ཞིང་ཁམས་མང་པོར་དབང་དང་བྱིན་རླབས་བགྲང་ལས་འདས་པ་བྱས་པའི་སྣང་བ་དང་གསལ་སྣང་འབའ་ཞིག་ལས་སྣང་བ་རང་ཚན་པ་འཆར་གྱི་མི་འདུག །ད་རེས་ཀྱི་ནད་འདིས་སྡིག་སྒྲིབ་དག་པ་འདྲ་གསུངས། ཡང་ཀུན་ཀྱིས་མཐོང་སར་བྱིས་པ་གཅིག་བྱུང་། ཅི་ལགས་ཞུས་པས། ཆུ་བར་ནས། འབྲི་གུང་ཨ་བྱི་དང་བསྟན་སྐྱོང་མ་སོགས་བོད་ཀྱི་ལྷ་འདྲེ་ཆེད་དུ་ངོས་ཕྲད་པ་ལ་བྱོན་གྱི་འདུག །ལྷ་འདྲེ་རྣམས་ཕྱི་ཐག་རིང་བས་སྡུག་བསྔལ་ཆེན་པོ་འདུག་གསུངས། དེ་ནས་ཆུ་སྤྲེལ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་དགོངས་པ་འཕོ་བར་བཞེད་པ་ན། གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པར་ལུང་གིས་ཟིན་པ་རྒྱལ་སྲས་ཀརྨ་ཀུན་བཟང་ཡུམ་སྲས་སོགས་ཀྱིས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་བསྲིངས་པར་མཛད་དེ་འོ་ན་ཞག་གསུམ་སྡོད་དོ་གསུངས། ཚེས་བཅུ་གསུམ་གྱི་སྔ་ཞོགས་ཀུན་ཀྱིས་མཐོང་བར་ནམ་མཁའི་དབྱིངས་ནས་འཇའ་ཚོན་སྣ་ལྔའི་དྲྭ་བས་སྦྲེལ་ཞིང་། ས་ཆེན་པོ་འདི་ཡང་མྱང་ངན་གྱིས་འདར་ཞིང་རབ་ཏུ་གཡོ་བའི་སྒྲ་ཆེན་པོ་དང་བཅས་ཞི་བར་གཤེགས་པར་གྱུར་ཏོ། །དེ་རྗེས་ཆོས་བཞིན་སྐྱོང་བ་མིའི་དབང་པོ་བསོད་ནམས་སྟོབས་རྒྱས་ནས་ཉིད་ཀྱི་ཡབ་རྗེའི་དགོངས་པ་བསྐངས་པ་དང་། སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་ཀྱི་ཕྱིར་དུ་འཁོར་ལོ་གསུམ་ལ་ལྷུར་བྱེད་པའི་དགེ་འདུན་གྱི་སྡེ་སྤེལ་ཞིང་དེ་དག་གི་འཚོ་བ་བླ་ནས་བླ་རུ་སྦྱར་བས་བཤད་གྲུབ་འཁོར་ལོ་གསུམ་གྱི་བསྟན་པ་ཤིན་ཏུ་དར་བ་བྱུང་ངོ་། །

བཞི། ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་གྱི་ལོ་རྒྱུས།

༡ གདན་ས་སྤྱིའི་ལོ་རྒྱུས་མདོ་ཙམ་བསྟན་པ།

སྨད་ན་ཀཿདཔལ་རྫོགས་གསུམ་ཞེས་གྲགས་པའི་དང་པོ་མཁས་གྲུབ་སྟོང་གི་འབྱུང་གནས་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་མོ་ནི། སྤྱི་ལོ་༡༡༥༩པ་སྟེ་རབ་བྱུང་གསུམ་པའི་ས་ཡོས་ལོར་ཀཿཐོག་པ་ཆེན་པོ་བདེ་གཤེགས་ཤེས་རབ་སེང་གེའམ་བླ་མ་སྤོབས་པ་མཐའ་ཡས་ཀྱིས་ཐོག་མར་ཕྱག་བཏབ་སྟེ་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་ཕྲིན་ལས་ཁོར་ཡུག་ཏུ་བསྐྱངས། རྗེ་དེ་ཉིད་ལ་ཞལ་སློབ་གཙོ་བོ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་། བྱམས་པ་འབུམ། མཁན་པོ་གྲགས་ཡེ་གཉིས་སོགས་དང་། འོད་ལུས་སུ་གྲུབ་པའི་སློབ་མ་བཻ་རོའི་ཕུག་ཏུ་བླ་མ་འབུམ་སྟོན། ཙཱ་རིར་བླ་མ་མགོན་རྒྱལ། དབུས་པ་ཡོན་ཏན་འབུམ། མི་ཉག་འཇམ་དབྱངས་ཡོན་ཏན། གླིང་གི་དགེ་སློང་ཤེས་རབ་དང་ལྔ་བྱོན་པས་འཇའ་ལུས་པ་འབུམ་གྱི་འགོ་ཚུགས། གཞན་ཡང་མཆོག་དང་ཉེ་བའི་སློབ་མ་བཅུ། བཟོད་པ་ཐོབ་པ་གསུམ། གདུགས་ཐོགས་ཀྱི་སློབ་མ་བརྒྱ་ཕྲག །ཚུལ་འཆལ་གྱི་དྲི་ཙམ་མ་གོས་པའི་དགེ་སློང་འདུལ་བ་འཛིན་པ་ཁྲི་བརྒྱད་ཉེ་བ་བྱོན་ནས་རྒྱལ་བསྟན་སྨད་ནས་གསོ་བའི་ཕྲིན་ལས་ཕྱོགས་མཐར་ཁྱབ། རྗེ་དེ་ཉིད་ནས་བླ་རབས་བཅུ་གསུམ་དང་། དྲུང་རབས་བཅུ་གསུམ། རྨོག་རབས་བཅུ་གསུམ་སོགས་སློབ་བརྒྱུད་ཡང་སློབ་དང་བཅས་པར་ཀཿཐོག་སྔ་རབས་པར་གྲགས་པ་དང་། དེ་རྗེས་སྤྱི་ལོ་༡༦༢༥པ་རབ་བྱུང་བཅུ་པའི་ཤིང་གླང་ལོར་བྱོན་པ་སྤྲུལ་བའི་གཏེར་སྟོན་ཆེན་པོ་རིག་འཛིན་ཀློང་གསལ་སྙིང་པོས་སྔར་དུས་ཉམས་རྒུད་དུ་ཕྱིན་པའི་གདན་སའི་རྟེན་དང་བརྟེན་པ་རྣམས་སླར་གསོ་མཛད་ཅིང་། དེ་ནས་རིམ་པར་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་སྐུ་སྐྱེ་ཞིང་སྐྱོང་རིམ་བྱོན་དང་། སྤྱན་སྔ་བ་བྱམས་པ་འབུམ་གྱི་སྐྱེ་སྲིད་དགེ་རྩེ་མ་ཧཱ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་རིམ་བྱོན། ཀཿདམ་པ་རིན་པོ་ཆེའི་སྐྱེ་སྲིད་སི་ཏུ་སྐུ་ཕྲེང་། གསང་བདག་ཆེན་པོ་རྨོག་རྩ་སྐྱེ་ཕྲེང་བཅས་བྱོན་པ་ཀཿཐོག་ཕྱི་རབས་པ་སྟེ། སྔ་ཕྱིར་བླ་རབས་བརྒྱ་དང་གདན་རབས་བརྒྱད་ཅུར་གྲགས་པའི་མཁས་གྲུབ་སྐྱེས་ཆེན་བརྒྱུད་མར་བྱོན་ཏེ་འཁོར་ལོ་གསུམ་གྱི་ཕྲིན་ལས་དཀར་ནག་རྒྱ་ཡི་ཡུལ་གྲུ་ནས་འཇང་སོག་གི་བར་དབྱར་མཚོ་ལྟར་རྒྱས་པའི་ཚུལ་ཆོས་སྡེ་འདིའི་གདན་རབས་ཡིག་ཆ་ཁག་ཏུ་ཞིབ་པ་གསལ་བས་འདིར་མ་སྤྲོས་ལ།

༢ གདན་ས་ཕྱག་འདེབས་མཛད་པོ་ཀཿདམ་པ་བདེ་གཤེགས་ཤེས་རབ་སེངྒེའི་རྣམ་ཐར།

གདན་ས་འདི་ཉིད་ཐོག་མར་ཕྱག་འདེབས་པ་པོ་ཆོས་རྗེ་རྒྱལ་བ་ཀཿཐོག་པ་ཆེན་པོ་བདེ་གཤེགས་ཤེས་རབ་སེདྒེ་ཞེས་ཡོངས་སུ་གྲགས་པ་དེ་ནི། རྒྱ་གར་འཕགས་པའི་ཡུལ་དུ་གནས་བརྟན་བྷ་ར་ངྷྭ་ཛ་དང་། སློབ་དཔོན་ཤནྟ་དེ་ཝ། བོད་ཀྱི་ཇོ་མོ་ཡེ་ཤེས་མཚོ་རྒྱལ་དང་གཉགས་ལོ་ཡེ་ཤེས་གཞོན་ནུ་སོགས་ཀྱི་རྣམ་འཕྲུལ་དུ་ལུང་གིས་ཟིན་པ་སྟེ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་འབྲི་རྫ་སྒང་གི་སའི་ཆ་གཡས་ནས་ཆུ་བོ་གསེར་ལྡན་དང་། གཡོན་ནས་གཏེར་ཀླུང་སྤོས་ཆུ་འབབ་པའི་འགྲམ་ངོགས་ཀྲེ་ཤོད་གངས་ཀྱི་ར་བ་འབེལ་མོའམ་ད་ལྟ་གསེར་ཁང་དུ་གྲགས་པ་དེར། ཡབ་གསང་སྔགས་ཀྱི་རྣམ་འབྱོར་པ་གཙང་པ་དཔལ་གྲགས་དང་། ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ལ་སྲས་བཞི་སྲས་མོ་གཅིག་ཡོད་པའི་ཆེ་བ་རྗེ་ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོ་དང་། དེའི་འོག་ཆོས་རྗེ་འདི་ཉིད་སྤྱི་ལོ་༡༡༢༢པ་རབ་བྱུང་གཉིས་པའི་ཆུ་ཕོ་སྟག་གི་ལོར་ངོ་མཚར་བའི་མཚན་རྟགས་དང་བཅས་སྐུ་བལྟམས། སྔོན་གྱི་ལོ་རྒྱུས་རྣམས་ལས་རྗེ་ཕག་མོ་གྲུབ་པ་དང་ཡུམ་སྤུན་དུ་གྱུར་ཚུལ་ཡང་བཤད། ཡབ་ཀྱིས་དགེ་བ་འཕེལ་ཞེས་མཚན་གསོལ། སྐུ་ཆུང་དུས་ནས་གཟུགས་བྱད་མཛེས་ཤིང་སྨྲ་ལྕེ་བདེ་བ། འཁོར་བ་ལ་བློ་ལོག་ཅིང་ཤ་ཆང་སྤངས་ཤིང་སྤྱོད་ལམ་གཙང་བ། ཐོས་བསམ་སྒོམ་པའི་གནས་ལ་མོས་པ་སོགས་དམ་པའི་སྤྱོད་ཚུལ་རྨད་དུ་བྱུང་བ་ཞིག་བཞུགས། དགུང་ལོ་དྲུག་ནས་དགུའི་བར་ཡི་གེ་འབྲི་ཀློག་དང་། སྐུ་གཟུགས་ཆག་ཚད། ལྷ་སྐུ་འབྲི་བཟོ། གསོ་རིག་གསར་རྙིང་། རྩིས་དཀར་ནག །སུམ་རྟགས་སོགས་བརྡ་དག །འཇིག་རྟེན་ལུགས་ཀྱི་བསྟན་བཅོས། རྒྱལ་པོ་ལུགས་ཀྱི་ཁྲིམས་སྲོལ་སོགས་ལ་སློབ་སྦྱོང་མཛད། འཕགས་པ་བརྒྱད་སྟོང་པ་ཐུགས་ལ་བཟུང་ནས་ཞལ་འདོན་གནང་། བླ་མ་དཔལ་འཛིན་ལས་དགེ་བསྙེན་གྱི་སྡོམ་པ་བླངས། དགུང་ལོ་དགུ་ནས་ཡབ་ཀྱི་བཀའ་བཞིན་གླིང་གི་དགོན་པ་དཔལ་གྱི་ཆོས་འཁོར་ན་རྗེ་ཕག་མོ་གྲུབ་པ་བཞུགས་པའི་མདུན་དུ་བྱོན་ཏེ། འདུལ་བ་དང་། མདོ་སྡེ། ཤེར་ཕྱིན། རྒྱུད་དང་བསྟན་བཅོས་སྣ་ཚོགས་གསན་སྦྱོང་མཛད། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བླངས། མདོ་ཏིང་འཛིན་རྒྱལ་པོ་དང་། དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པ། བརྒྱད་སྟོང་པ་རྣམས་གསན་སྦྱང་བྱས་ནས་བཤད་རྒྱུགས་ཕུལ་བས་བླ་མ་ཐུགས་རབ་ཏུ་མཉེས། རྡོ་རྗེ་གཏུམ་མོ་དང་བདེ་མཆོག་གི་དབང་དང་གདམས་པ་ཞུས་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། དཔལ་ལྡན་ལྷ་མོའི་སྲོག་དབང་གསན་པས་ལྷ་མོ་མ་བསྒྲུབས་ཀྱང་དངོས་སུ་ཞལ་གཟིགས། བླ་མ་ཕག་གྲུབ་དང་ལྷན་དུ་དྲག་པོ་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་པས་བསྟན་དགྲ་མི་ཉག་རྒྱལ་པོ་དངོས་སུ་བསྒྲལ། དགུང་ལོ་བཅུ་དྲུག་དུས་ཀཾ་པོའི་གནས་སུ་ཕེབས་པས་དགེ་བཤེས་བྱམས་པ་རྣམ་དག་དང་མཇལ། གཞུང་འགྲེལ། རྒྱུད་བཤད། དབང་གདམས་མང་པོ་གསན། དགུང་ལོ་བཅུ་དགུའི་དུས་དབུས་གཙང་རྣམས་སུ་བྱོན་ཏེ་དགེ་བཤེས་རྡོ་ཐོག་ཐེལ་པ་རྒྱལ་མཚན་དང་། དགེ་བཤེས་རྒྱ་དམར་བ་སོགས་ལས་བཀའ་དང་བསྟན་བཅོས་མང་པོ་དང་། དུས་འཁོར་སོགས་ཀྱི་རྒྱུད་བཤད་དང་དབང་བཅས་གསན། ཉེར་གཅིག་པ་དཔལ་རྭ་སྒྲེང་དུ་བཀའ་གདམས་པའི་མཁས་པ་སེདྒེ་བཟང་པོ་ལས་བྱང་ཆུབ་ལམ་སྒྲོན་དང་། ཕར་ཕྱིན་དབུ་ཚད་སོགས་ཀྱི་བཤད་པ་དང་། རྒྱུད་དང་དབང་ཁྲིད་རྒྱ་ཆེར་གསན། ས་སྐྱ་པ་བསོད་ནམས་རྩེ་མོ་དང་། ཀུན་དགའ་ལེགས་པ་སོགས་ལས་ཀྱང་དགྱེས་རྡོར་དང་། ལམ་འབྲས། རྡོ་རྗེ་གུར། ས་ཕུར་སོགས་དང་། འགོས་ལུགས་དང་། རྔོག་ལུགས། གནུབས་ལུགས་གཤིན་རྗེ་རྣམས་ཀྱི་དབང་ལུང་དང་གདམས་ཁྲིད་མང་དུ་གསན། ཁྱད་པར་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་དངོས་སུ་ཕེབས་ནས་རྒྱལ་ཚབ་བྱམས་པ་ལས་ཆོས་ཉན་པས་ཐེ་ཚོམ་ཐམས་ཅད་ཆོད་པའི་དག་སྣང་ཤར། རྭ་ལོ་ཙཱའི་སློབ་མ་ཀཾ་ལོ་ཙཱ་ལས་བདེ་མཆོག་དང་། ཅོག་རོ་ལོ་ཙཱ་ལས་ཕག་མོ། བཱ་རི་ལོ་ཙཱ་ལས་འཕྲུལ་ཡིག་བཅས་དབང་གདམས་མང་པོ་མནོས། ཉེར་གཉིས་པར་སློབ་དཔོན་རཏྣ་སེང་གེ་ལས་བདེ་མཆོག་དང་གདན་བཞིའི་དབང་དང་བཤད་པ་ཞུས། བཅུད་ལེན་ལ་བརྟེན་ནས་དཀའ་སྤྱད་མཛད། ཉེར་བཞི་པར་འཕེན་ཡུལ་རྒྱབ་ཏུ་བྱང་ཆུབ་སེདྒེའི་དྲུང་དུ་རབ་ཏུ་བྱུང་བས་མཚན་ཤེས་རབ་སེང་གེར་གསོལ། རྗེ་དེའི་མདུན་ནས་གསང་སྔགས་རྙིང་ཕྱོགས་ཀྱི་ཟབ་ཆོས་མང་པོ་གསན་ནས་ཉམས་བཞེས་མཛད་པས་བསྐྱེད་རིམ་དང་རྩ་རླུང་ལ་རང་དབང་ཐོབ་ཅིང་རང་ལུས་ཀྱི་ལྷ་སྐུ་སྒྲིབ་མེད་དུ་གསལ། འདི་སྐབས་རྣམས་སུ་མཁས་དང་གྲུབ་པའི་སྙན་པ་དབུས་གཙང་གི་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་དམ་པ་རྣམས་ཀྱིས་ཐུགས་དགྱེས་པའི་བསྔགས་བརྗོད་གནང་། ཉེར་ལྔ་པར་གངས་ལ་ཕྱིར་རྗེ་བཙུན་རས་ཆུང་པ་དང་མཇལ་ནས་བདེ་མཆོག་སྔོན་མོ་དང་ལུས་མེད་མཁའ་འགྲོའི་ཆོས་སྐོར་གསན། རས་པ་ཞི་བ་འོད་ལས་གཏུམ་མོའི་ཆོས་སྐོར་གསན། དཔལ་སྣར་ཐང་གི་ཆོས་གྲྭར་ཀླུ་མེས་ཀྱི་བརྒྱུད་པ་ལས་བྱུང་བ་སྡེ་པ་ནགས་ཀྱི་མཁན་ཆེན་ལས་བསྙེན་པར་རྫོགས་ཏེ་འདུལ་བ་འཛིན་པ་ཆེན་པོ་ཉེ་བ་འཁོར་ལྟ་བུའི་སྤྱོད་པ་གཙང་མ་མཛད། མཁན་པོ་དེ་ལས་སྔ་འགྱུར་གྱི་བཀའ་གཏེར་མང་པོ་གསན། ཁྱད་པར་ཟུར་པ་མེས་དབོན་རྣམ་གསུམ་ལས་ཟུར་ཤཱཀྱ་སེདྒེའི་དངོས་སློབ་འཛམ་སྟོན་ཆེན་པོ་འགྲོ་བའི་མགོན་པོའི་མདུན་ནས་སྒྱུ་འཕྲུལ་དང་། རྩ་བའི་མདོ་བཞིའི་རྒྱུད་བཤད་དང་དབང་། སེམས་ལུང་མན་ངག་བཅས་ཀྱི་ཟབ་གནད་མཐའ་དག་རྫོགས་པར་གསན། དགུང་ལོ་ཉེར་དགུའི་དུས་བླ་མ་འཛམ་སྟོན་པས་ཁྱེད་ཀཾ་པོར་སྒྲུབ་པ་མཛད་ན་ཕུང་པོ་འོད་ལུས་སུ་གྲུབ། ཁམས་ཀཿཐོག་ཏུ་སོང་ན་གནས་དེར་སློབ་དཔོན་པདྨ་ཞག་ཉེར་ལྔ་བཞུགས་ནས་བྱིན་གྱིས་བརླབས་པ་དང་། བཻ་རོ་ཙ་ནའི་སྒྲུབ་གནས་ཡིན་པས་བསྟན་པ་ལོ་སྟོང་དུ་གནས་པ་ཞིག་འོང་ཞེས་ལུང་བསྟན་གནང་། ཟངས་རི་མཁར་དམར་དུ་བྱོན་ནས་མ་ཅིག་གི་སྲས་ཐོད་སྨྱོན་དང་། གྲུབ་ཐོབ་སྨྱོན་པ་དོན་ལྡན་སོགས་ལས་ཞི་བྱེད་དང་གཅོད་ཡུལ་གྱི་གདམས་ངག་མང་དུ་གསན། དེ་ནས་དྭགས་པོ་ཁོག་ཏུ་བྱོན་པས་མཉམ་མེད་དྭགས་པོ་ལྷ་རྗེ་དང་མཇལ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སོགས་བཀའ་བརྒྱུད་པའི་དབང་ཁྲིད་མང་དུ་གསན། ཙཱ་རིར་སྒྲུབ་པ་ཟླ་བ་བཞི་མཛད་པས་སྒྲུབ་པའི་རྟགས་ཐོན། སླར་ཕ་རྒན་ངའི་དྲུང་དུ་ཤོག་གསུང་པ་བཞིན་དྭགས་པོའི་མདུན་དུ་བྱོན་ནས་རྟོགས་འབུལ་ཞུས། རླུང་སེམས་ལས་སུ་རུང་། ཡིག་དྲུག་གི་སྒྲ་དང་འཇའ་འོད་འཕྲོ་བ་སོགས་ངོ་མཚར་བའི་རྟགས་མཚན་ཁྱད་པར་ཅན་བྱུང་། བླ་མས་ན་བཟའ་དང་བྱིན་རྟེན་བཅས་གནང་ནས་སྔར་འཛམ་སྟོན་པས་གསུང་པ་བཞིན་ལུང་བསྟན་པས། བླ་མ་འཛམ་སྟོན་དང་དྭགས་པོ་རིན་པོ་ཆེ་ཟུང་གི་བཀའ་བཞིན་རང་དོན་འོད་དུ་དེངས་པ་ལས་བསྟན་པ་ཡུན་དུ་གནས་པ་དོན་ཆེ་བར་དགོངས་ཏེ་ཁམས་ཀཿཐོག་ཚོལ་ཕྱིར་རིམ་བཞིན་ཁམས་ཕྱོགས་སུ་ཕེབས་སོ། །ལམ་ཁར་རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་དང་མཇལ་ཞིང་རྟོགས་པ་བསྡུར་བས་ཐུགས་ཡིད་གཅིག་ཏུ་འདྲེས། སླར་དབང་ཁྲིད་མང་དུ་ཞུས་པས་རྗེ་དེའི་སློབ་མ་གདུགས་ཐོག་སྟོང་གི་གཙོ་བོར་གྱུར། དེ་ལྟར་ཁམས་དབུས་ཀུན་ཏུ་ཚད་ལྡན་གྱི་བླ་མ་བརྒྱ་ལྷག་བསྟེན་ནས་ཐེག་པ་མཐའ་དག་ལ་གསན་སྦྱོང་མཛད་དོ། །དགུང་ལོ་སོ་གསུམ་ནས་སོ་ལྔའི་བར་མི་ཉག་གི་ཡུལ་དང་། འཇང་ཡུལ། གླིང་ཡུལ་རྣམས་སུ་ཕེབས། དེ་དག་གི་རྒྱལ་པོ་རྣམས་དང་ཡོན་མཆོད་དུ་གྱུར། རིས་མེད་ཀྱི་བུ་སློབ་རྣམས་ལ་མོས་པ་དང་བསྟུན་པའི་དབང་ལུང་བཤད་ཁྲིད་རྒྱ་ཆེར་བསྩལ་ཞིང་རབ་བྱུང་ཁོ་ན་དགུ་བརྒྱ་ཙམ་གནང་བར་གྲགས། དགུང་ལོ་སོ་དྲུག་པར་རང་ཡུལ་དུ་ཕེབས་ནས་སྒྲུབ་པར་བཞུགས། ཤར་ཀཾ་པོའི་གཞི་བདག་བསུ་མ་བྱུང་བ་ལ་ཆོས་འབྲེལ་གནང་སྟེ་རྟེན་འབྲེལ་འཕྲོ་ཅན་དུ་གསུངས་ནས་ཕྱིར་བཏང་། དེ་ནས་ཉེ་གནས་ཚུལ་ཁྲིམས་རིན་ཆེན་དང་། རྡོ་རྗེ་རྒྱལ་མཚན་གཉིས་ཕྱག་ཕྱིར་ཁྲིད་དེ་ཀཿཐོག་ཚོལ་གྱིན་བྱོན་པས་ཧོར་པོ་གཡུང་དྲུང་ཐང་མདར་ཕེབས་པར་བོན་དགོན་གྱི་ཁང་སྟེང་ནས་ལྷ་མོ་རང་བྱུང་རྒྱལ་མོས་དངོས་སུ་ཞལ་བསྟན་ནས་ཕུ་ཡ་ཀིར་བྱོན་དང་ཞབས་ཞུ་བསྒྲུབ་གསུངས་པའི་བརྡ་མཛད། ཀཿམཐིལ་དུ་ཐོག་མར་སླེབས་ཚེ་ཕྱུགས་རྫི་བྱིས་པ་བཅུ་གསུམ་དང་འཕྲད་པས་ཀཿཐོག་གར་ཡོད་དྲིས་པས་ཡ་ཀི་ན་ཡོད་ཅེས་བསྟན་པ་ལྟར་དེར་ཕེབས་པས་སེང་གེ་བྲག་གཡུ་མཚོ་འཁྱིལ་པའི་སྟེང་ཡི་གེ་ཨ་དང་ཀཿརང་བྱོན་རྙེད། བཻ་རོའི་སྒྲུབ་ཕུག་ཏུ་སྒྲུབ་པ་མཛད་པས་རྟགས་མཚན་བཟང་པོ་བྱུང་། ཧོར་པོ་ཡུལ་སྡེ་སྟོང་ཕྲག་བཞི་ཙམ་ཡོད་པའི་དཔོན་དགེ་ལུ་ཟེར་བས་ཆོས་རྗེ་རིན་པོ་ཆེའི་མཚན་དང་རྫུ་འཕྲུལ་གྱི་བཀོད་པ་མཐོང་ནའང་སྡེ་དཔོན་རྣམས་བོན་པོ་ཡིན་གཤིས་ཐོག་མར་མོས་པ་ཆེར་མ་བྱུང་། དེ་ནས་རིམ་བཞིན་ལས་སྨོན་དུས་སུ་སྨིན་པའི་རྟེན་འབྲེལ་ངང་གིས་འགྲིགས་ནས་ཡོན་བདག་ཏུ་གྱུར། ཧོར་པོའི་གཞོན་ནུ་བརྒྱ་ལྷག་རབ་ཏུ་བྱུང་ཞིང་ཆོས་ཞུ་བའི་སློབ་མ་ཉིན་རེ་བཞིན་ཇེ་འཕེལ་དུ་གྱུར། དགུང་ལོ་སོ་བརྒྱད་པ་རབ་བྱུང་གསུམ་པའི་ས་ཡོས་ལོར་ཤར་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཐོག་མར་ཕྱག་བཏབ། དཔོན་དགེ་ལུའང་བླ་མའི་མཛད་སྤྱོད་ལ་ཡི་རངས་ཏེ་ཤིན་ཏུ་དད་ནས་གཙུག་ལག་ཁང་བཞེངས་པའི་གྲོགས་སུ་གྱུར། ཆོས་རྗེ་རིན་པོ་ཆེ་ལ་གདན་ས་ཆེན་མོར་རྒྱུན་བཞུགས་དགོས་པའི་ཞུ་བ་ཕུལ། ཆོས་ཞུ་སྟོང་ཙམ་རེ་ཡོད་པ་ཚང་མས་ཉིན་མོ་ལྷ་ཁང་རྩིག་པ་དང་མཚན་མོ་ཆོས་གསན། སྐབས་རེར་ཆོས་ཞུ་བ་དང་སྒྲིབ་སྦྱོང་སྦྲགས་མ་མཛད། རྩིག་བཟོ་དང་རྡོ་བཟོ་ལྷ་བཟོ་ཚང་མས་རང་རང་གི་ལས་སྐལ་རྣམས་བསྒྲུབས་པས་ཕྱི་གཙུག་ལག་ཁང་གཙང་ཁང་ཁྱམས་དང་སྒོ་ཁང་ཀུན་དགའ་ར་བ་བཅས་ལེགས་པར་གྲུབ། ནང་དུ་ཆོས་རྗེ་རིན་པོ་ཆེས་དབུ་མཛད་དེ། དུས་གསུམ་སངས་རྒྱས། ཉེ་སྲས་བརྒྱད། སྒོ་སྲུང་། ཆོས་སྐྱོང་བཅས་ཀྱི་སྐུ་རྣམས་བཞེངས། དེ་དག་གི་ནང་གཞུགས་སུ་བསམ་ཡས་ནས་བྱུང་བའི་པདྨ་དང་བཱི་མ་ལའི་ཕྱག་དཔེ། སྒྱུ་འཕྲུལ་སྡེ་ལྔའི་རྒྱ་དཔེ། སྒྲོ་ཕུག་པའི་ཆོས་གོས། ཟུར་ཆེན་གྱི་ཚེམས། ཇོ་བོ་རྗེའི་པཎ་ཞུ། སངས་རྒྱས་ཡེ་ཤེས་ཀྱི་སྐེད་ཕུར། དེ་བཞིན་གཤེགས་པའི་རིང་བསྲེལ་སོགས་ཁྱད་པར་ཅན་གྱི་ནང་རྟེན་བཅས་ལེགས་པར་གྲུབ། གཞན་ཡང་གསེར་བྲིས་བཀའ་འགྱུར། གསེར་འབུམ། དངུལ་འབུམ་སོགས་མདོར་ན་བཀའ་བསྟན་པོད་ཆིག་སྟོང་སུམ་བརྒྱ་ལྷག་བཅས་བཞུགས་སུ་གསོལ། རབ་གནས་མཛད་དུས་ནམ་མཁའ་དྭངས་པ་ལ་འཇའ་ཚོན་གྱི་གུར་ཕུབས་ཤིང་མེ་ཏོག་གི་ཆར་བབ་ཅིང་དངོས་གཟུགས་མེད་པའི་སྒྲ་སྙན་གྱི་རོལ་མོ་འཁྲོལ། ཡེ་ཤེས་པ་དངོས་སུ་ཞུགས་པའི་རྟགས་མཚན་མངོན་སུམ་དུ་བྱུང་བས་སྐྱེ་འགྲོ་ཀུན་ཀྱི་ཡིད་དབང་འཕྲོག །མི་ཉག་དང་། གླིང་པ། ཁམས་ལྷོ་པ། གཙང་ཀ་བ། འཇང་པ། ཇི་ཏན་པ་སོགས་ཀྱི་གྲྭ་བཞི་སྟོང་ཉེ་བ་དགེ་ཚུལ་དུ་བསྒྲུབ། མདོ་དང་། སྒྱུ་འཕྲུལ། བདེ་མཆོག །དུས་འཁོར། ཀྱེ་རྡོར་སོགས་ཀྱི་སྒྲུབ་མཆོད་མང་དུ་བཙུགས། གླིང་རྒྱལ་པོ་དགྲ་ལྷ་གཤེགས་པའི་སར་ཕེབས་པས་རྒྱ་ཚའི་ཁྲབ་རྨོག་དང་གྲི་ཡ་ཟི་སོགས་འབུལ་བ་བྱུང་། དེ་སྐབས་བོན་གྱི་བླ་མ་བརྒྱད་ཀྱིས་ཆགས་སྡང་མ་བཟོད་ནས་སྒོམ་ཕུག་ཏུ་མཐུ་བསྒྲུབས་པས། དཔལ་ལྡན་ལྷ་མོས་སྒྲུབ་ཕུག་གཏིབས། ཆོས་རྗེ་རིན་པོ་ཆེས་དེ་སྟེང་ཕྱག་གིས་རྒྱ་གྲམ་བྲིས་པ་ད་ལྟ་ཕ་ཝཾ་བརྒྱད་སླེབ་ཏུ་གྲགས། དེ་ལྟར་ས་མོ་ཡོས་ནས་ལྕགས་ཕོ་འབྲུག་གི་བར་ལོ་གཉིས་ཀྱི་ནང་གཙུག་ལག་ཁང་ལེགས་པར་གྲུབ། སྲིབ་རིར་བཤད་གྲྭ་དང་ཉིན་རིར་སྒོམ་གྲྭ་བཙུགས་ནས་དགེ་སློང་སྟོང་ཕྲག་ཉེ་བ་བསྒྲུབས། དབྱར་གནས་སྐབས་དགེ་སློང་དགུ་བརྒྱ་དང་དགེ་ཚུལ་གཉིས་བརྒྱ་ཙམ་གྱིས་ཚུལ་ཤིང་བླངས། དབྱར་དུས་བཤད་གྲྭ་རྣམས་ལ་མདོ་སྔགས་ཀྱི་གཞུང་མང་པོ་འགྲེལ་བཤད་དང་། དགུན་དུས་སྒོམ་གྲྭ་རྣམས་ལ་དབང་ཁྲིད་གདམས་ངག་བཅས་གནང་། དེའི་དུས་སུ་དགེ་འདུན་པ་ཁྲི་བརྒྱད་ཉེ་བ་ཚོགས་པ་ལས་ཚུལ་འཆལ་གྱི་སྤྱོད་པ་ཅན་དྲུག་ཅུ་ཁ་ལྷག་འདུལ་བའི་ཕྱག་ལེན་བཞིན་གཎྜིའི་སྒྲ་དང་བཅས་གནས་དབྱུང་མཛད་པར་གྲགས། ཧོར་པོའི་དཔོན་དགེ་ལུ་དང་། མི་ཉག་ཏཱ་ཇིན། འཇང་གི་རྒྱལ་པོ། གླིང་དགྲ་ལྷ་དར་རྒྱས། ཀང་པོ་ཀ་ལེབ། ཤར་ཙོང་ཁ། རྒྱལ་མོ་རོང་སོགས་ཁམས་དབུས་གཙང་གསུམ་གྱི་ཆེ་དགུ་མང་པོས་ཞབས་ཏོག་རྒྱ་ཆེར་ཕུལ། སྐལ་ལྡན་གྱི་སློབ་མ་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལྟར་བྱོན་པ་ལས་ཉི་ཟླ་ལྟར་མངོན་པར་མཐོ་བ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་། མཁན་པོ་གྲགས་ཡེ་གཉིས། འོད་ལུས་གྲུབ་པའི་སློབ་མ་བཻ་རོའི་ཕུག་ཏུ་བླ་མ་འབུམ་སྟོན། ཙཱ་རིའི་བླ་མ་མགོན་རྒྱལ། དབུས་པ་ཡོན་ཏན་འབུམ། མི་ཉག་འཇམ་དབྱངས་ཡོན་ཏན། གླིང་གི་དགེ་སློང་ཤེས་རབ་དང་ལྔ། ཐོས་པས་ཆོག་པའི་རྒྱལ་མོ་རོང་གི་དགེ་སློང་གསུམ། གཞན་ཡང་མཆོག་དང་ཉེ་བ་བཅུ། བཟོད་པ་ཐོབ་པ་གསུམ། གདུགས་ཐོགས་ཀྱི་སློབ་མ་བརྒྱ་ཕྲག་སོགས་བྱོན་པ་ཡིན་ནོ། །ཆོས་རྗེ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྗེས་སུ་འཛིན་པའི་ཆེད་དུ་ཞལ་གསུང་བསྟན་བཅོས་ཀྱི་སྐོར་ལ་ཕར་ཕྱིན་སེང་བཟང་ལུགས་ཀྱི་འགྲེལ་པ་དོན་གསལ་རྣམ་འབྱེད་དང་། འདུལ་བ་དགེ་སློང་ཕའི་སོར་མདོའི་འགྲེལ་པ་དངུལ་དཀར་མེ་ལོང་། མངོན་མཛོད་སྤྱི་དཔྱད་ནོར་བུའི་མཛོད་ཁང་། དབུ་མ་རྩ་ཤེའི་མཆན་ཊཱིཀ །སྤྱོད་འཇུག་ཁོག་དབུབ་རིན་ཆེན་སྒྲོན་མེ་དང་དེའི་བསྡུས་དོན། སེམས་བསྐྱེད་ཆོ་ག །བསླབ་བྱའི་སྟོང་ཐུན། ལམ་རིམ་འགྲེལ་ཊཱིཀ་མཚན་བརྗོད་མཆན། ཕྱག་ཆེན་ཁྲིད་ཀྱི་སྟོང་ཐུན་གསེར་གྱི་མྱུ་གུ། གསང་འགྲེལ་སྤར་ཁབ་མཆན། ལམ་རིམ་མཆན་དང་བསྡུས་དོན། སྒྱུ་འཕྲུལ་རྒྱ་མཚོའི་མཆན། ཐབས་ཞགས་མན་ངག་སྟོང་ཐུན། སྒྲུབ་གཞུང་། མདོའི་འགྲེལ་ཆེན་ལེའུ་ཉེར་ལྔ་པ། སྤྱི་དོན། བསྡུས་དོན་ཁོག་དབུབ། རྫོགས་ཆེན་ལམ་གྱི་ཁོག་ཕུབ། བསམ་གཏན་མིག་སྒྲོན་སྤྱི་འགྲེལ་རྒྱས་འབྲིང་བསྡུས་གསུམ། ས་ལམ་སྟོང་ཐུན། དུག་སྦྲུལ་གྱི་སྟོང་ཐུན། རལ་གྲིའི་སྟོང་ཐུན། རྒྱུད་ཀྱི་དབྱེ་བ་རྒྱས་འབྲིང་བསྡུས་གསུམ། དབང་གི་སྟོང་ཐུན། ཀུན་བྱེད་རྒྱལ་པོའི་རྒྱུད་འགྲེལ་ཆེན་མོ། རང་རིག་ལ་བཟླ་བ་རྡོ་རྗེའི་ཐ་རམ། སྤྱི་གཅོད་རྒྱན་གྱི་མེ་ཏོག་ཐེག་པ་སྤྱི་ཆིངས་སོགས་གཞུང་འགྲེལ་དང་། ཁྲིད་ཡིག སྒྲུབ་ཐབས། དག་སྣང་། ཞལ་གདམས། དོ་ཧ་སྐོར་བཅས་པོད་བཅུ་དགུ་ལྷག་ཙམ་ཡོད་པ་ཕལ་ཆེར་ནུབ་པས་ད་ལྟ་ཆེར་མི་བཞུགས། དགུང་གྲངས་བདུན་ཅུ་པར་དད་ལྡན་བདུན་ཁྲི་ལས་བརྒལ་བ་ལ་སེམས་བསྐྱེད་འབོག་ཆོག་དང་དབང་བསྐུར་གནང་། སློབ་བུ་རྣམས་ལ་ཞལ་གདམས་དང་། ཐུགས་ཀྱི་སྲས་གཙང་སྟོན་རྡོ་རྗེ་རྒྱལ་མཚན་རྒྱལ་ཚབ་ཏུ་བཞག་པའི་བརྡར་པཎ་ཞུ་དང་བེར་ཐུལ་རྙིང་པ་ཞིག་གནང་། བཤད་གྲྭ་མཁན་པོ་ཡེ་རྒྱལ་དང་། སྒྲུབ་གྲྭ་མཁན་པོ་ཀོང་པོ་བླ་མ་བུ་ཆུང་བས་སྐྱོང་དགོས་ཞེས་གསུངས་ནས་མངའ་གསོལ་མཛད། དགུང་ལོ་དོན་གཅིག་པར་ཐུགས་ཀྱི་བུ་ཆེན་རྣམས་ལ་ཁྱེད་རྣམས་ཀྱིས་ཀྱང་རྟོགས་པ་ཇི་ལྟར་མཐོ་རུང་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་འདུལ་བ་ཡིན་པས་སྤྱོད་པ་ཞིབ་དགོས། ཚིག་ལ་ཇི་ལྟར་མཁས་ནའང་རོ་ཡིན་པས་དོན་ཉམས་སུ་བླངས་ཏེ་སྒོམ་དགོས། དེ་ཡང་གནད་དུ་ཨེ་འགྲོ་ལྟ་དགོས། ཐེག་པ་ཆེ་ཆུང་གང་ཡིན་ཡང་རང་རྒྱུད་འདུལ་བ་ལས་གལ་ཆེ་བ་གཅིག་ཀྱང་མེད། དམན་ས་བཟུང་ནས་སྒྲུབ་པ་ལ་རྩེ་གཅིག་མཛོད་དང་། ང་ཡི་བླ་མ་བརྒྱུད་པ་ཟམ་མ་ཆད་པ་འོད་དུ་ཡལ་བའང་སྒྲུབ་པའི་དྲིན་ཡིན། ང་ཡང་ཀཾ་པོར་འགྲོ་ན་གཞན་སྣང་ལ་འོད་དུ་དེངས་པ་ཞིག་འོང་མོད་ཀྱང་བསྟན་པ་ལ་ཕན་དུ་རེ་ནས་འཁོར་སློབ་བསྐྱངས་ནས་འཆད་རྩོད་སོགས་ཀྱི་བྱ་བ་ལ་ཞུགས་པ་ཡིན་སོགས་ཞལ་གདམས་མང་དུ་གསུངས། དེ་ནས་ཚོགས་འཁོར་རྒྱ་ཆེར་མཛད་དེ་སློབ་ཚོགས་རྣམས་ཀྱིས་བཞུགས་ཞུས་ཕུལ་བ་ན། ད་ནི་དངོས་དོན་ཟིན་གྱི་བདེ་ཆེན་ཞིང་། །འོད་སྣང་མཐའ་ཡས་རྒྱལ་བའི་དྲུང་དུ་འགྲོ། །ཞེས་སོགས་ཉམས་མགུར་དང་། སྟོན་པའི་བསྟན་པ་ཡུན་རིང་གནས་གྱུར་ཅིག །སོགས་བདེན་ཚིག་སྨོན་ལམ་བཅས་གསུངས་ནས། རབ་བྱུང་གསུམ་པའི་ཆུ་བྱི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཀུན་དགའ་རྭ་བའི་ཚལ་དུ་ཞལ་ནུབ་ཏུ་གཟིགས་ཤིང་ཕྱག་སེམས་ཉིད་ངལ་བསོའི་རྒྱ་དང་བཅས་ཞི་བར་གཤེགས་སོ། །དེ་མ་ཐག་ས་ཆེན་པོ་རབ་ཏུ་གཡོས་ཏེ་སྒྲ་ཆེན་པོ་ལན་དགུ་གྲགས། ནུབ་ཕྱོགས་ནས་འཇའ་འོད་འཁྱུག་ཅིང་འཇའ་སྣ་གདུང་མདུན་དུ་ཟུག་ཅིང་སྤྲིན་མེད་ཀྱི་ནམ་མཁའ་ལས་ཁ་ཆར་གྱི་མེ་ཏོག་བབ་སྟེ་སྐྱེ་དགུ་ཐམས་ཅད་དང་བ་འདྲེན། མཐོང་ཐོས་དྲན་རེག་རྣམ་ཐར་པའི་ས་བོན་ངེས་པར་ཐེབས་པའི་ཡ་མཚན་ཅན་གྱི་རྟགས་མཚན་དུ་མ་བྱུང་། གཙང་སྟོན་པ་རྡོ་རྗེ་རྒྱལ་མཚན་སོགས་དགེ་སློང་སུམ་བརྒྱ་ཙམ་གྱིས་སྐུ་གདུང་མེར་བཞུ་བའི་ཆོ་ག་མཛད། མེ་ཐབ་ཀྱི་གཡས་སུ་གློ་བུར་དུ་མེ་ཏོག་སེར་པོ་ཆེན་པོ་ཞིག་འཁྲུངས་པ་སོགས་མདོ་རྒྱུད་ནས་གསུང་པའི་ས་ལམ་གྱི་དྲོད་རྟགས་རྫོགས་པའི་མཚན་ལྟས་སྤྱི་དང་། ཁྱད་པར་དབུ་ཐོད་རིན་པོ་ཆེའི་མདུན་དུ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་དོན་ཡོད་ཞགས་པ་ལྷ་ལྔ། གཡས་ཕྱོགས་སུ་རྒྱལ་བ་རིགས་ལྔ། ཟུར་བཞི་སྒོ་སྲུང་བཞི། སྟེང་དུ་རིགས་བཅུའི་ཧེ་རུ་ཀ ཀུན་ཏུ་བཟང་པོ། གཡོན་དུ་ཀོ་སེང་། ནང་དུ་འཇམ་དབྱངས། རྒྱབ་ཏུ་རྡོ་རྗེ་ཕུར་པ། གཞན་ཡང་སྟོན་པ་གཙོ་འཁོར་སོགས་འབུར་དུ་དོད་པ་སྐུ་ཆུང་ལ་བྱིན་ལེགས་ཉམས་དང་ལྡན་པ་ངོ་མཚར་ཅན་དོད་པ་དེང་སང་ཡང་མཇལ་རྒྱུ་ཡོད་པར་གྲགས་སོ། །

ལྔ། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ལོ་རྒྱུས།

༡ གདན་ས་སྤྱིའི་ལོ་རྒྱུས་མདོ་ཙམ་བསྟན་པ།

སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་གདན་ས་ཆེན་མོ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ནི། སྤྱི་ལོ་༡༦༦༥པ་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་ལོར་རིག་འཛིན་ཆེན་མོ་ཀུན་བཟང་ཤེས་རབ་ཀྱིས་ཕྱག་བཏབ། དེ་རྗེས་རྗེ་ཉིད་ཀྱིས་རྒྱལ་ཚབ་ཏུ་མངའ་གསོལ་བ་སོག་པོ་ལྷ་དཔལ་གྱི་རྣམ་འཕྲུལ་པདྨ་ལྷུན་གྲུབ་རྒྱ་མཚོ། རིག་འཛིན་འཇའ་ཚོན་སྙིང་པོའི་རྣམ་འཕྲུལ་གྲུབ་དབང་པདྨ་ནོར་བུ། ཤུད་བུ་དཔལ་གྱི་སེང་གེའི་རྣམ་འཕྲུལ་མཁས་གྲུབ་ཀརྨ་བཀྲ་ཤིས། མཁས་གྲུབ་ཀརྨ་ལྷ་དབང་། འཁྲུལ་ཞིག་ཀརྨ་དོན་དམ། དབོན་སྤྲུལ་འཇིགས་མེད་རང་གྲོལ། གྲུབ་དབང་དཔལ་ཆེན་འདུས་པ། ཀརྨ་ཐེག་མཆོག་སྙིང་པོ་ནས་དེང་དུས་འཚོ་ཞིང་བཞེས་པ་སྐྱབས་རྗེ་གྲུབ་དབང་གསུམ་པ་ལེགས་བཤད་ཆོས་ཀྱི་སྒྲ་དབྱངས་དང་། གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་གདན་རབས་ཀྱི་ཕྲེང་བ་རིམ་པར་བྱོན་པ་དག་གི་འཁོར་ལོ་གསུམ་གྱི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་ཞིང་། ཁྱད་པར་གསང་ཆེན་སྙིང་པོའི་རིང་ལུགས་ཡོ་ག་གསུམ་གྱི་བསྟན་པ་ཤར་ནུབ་རྒྱ་མཚོ་ཆེན་པོ་གཉིས་ཀྱི་བར་དུ་ཁྱབ་པར་སྤེལ་པའི་རྣམ་ཐར་གདན་ས་འདི་དང་འབྲེལ་བའི་ལོ་རྒྱུས་ཆོས་འབྱུང་དག་ཏུ་རྒྱས་པ་གསལ་བས་དེ་དག་ཏུ་སྤྱན་རས་གཡོ་བར་ཞུ། །

༢ གདན་ས་ཕྱག་འདེབས་མཛད་པོ་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་རྣམ་ཐར།

གདན་ས་ཆེན་མོ་ཐོག་མར་ཕྱག་འདེབས་པ་པོ་རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་རྟོགས་པ་བརྗོད་པ་ལ། དམ་པ་འདི་ཉིད་ཀྱི་སྐུའི་སྐྱེ་བརྒྱུད་ནི་སྟོན་པ་ཐུབ་པའི་དབང་པོའི་སྤྱན་སྔར་སྲས་སྒྲ་གཅན་འཛིན་བཟང་པོ་དང་། དགེ་བསྙེན་དྷརྨ་ཏ། རྫོགས་ཆེན་སྟོན་པ་དགའ་རབ་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷི་ཏི་ཕྱི་མ། རྒྱ་ནག་ཧ་ཤང་གྲུབ་པ་བརྙེས་པ་ཞིག་སོགས་དང་། གངས་ཅན་བོད་ཡུལ་དུ་གུ་རུ་པདྨས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བའི་ཚེ། སད་མི་བདུན་གྱི་ཡ་གྱལ་རྒྱལ་བ་བྱང་ཆུབ་བམ་གནས་བརྟན་དགེ་འདུན་བཟང་པོ། ཟུར་ཆེན་ཤཱཀྱ་འབྱུང་གནས། གླན་ཤཱཀྱ་བཟང་པོ། པོ་ཏོ་བ་རིན་ཆེན་གསལ། གྲུབ་ཆེན་མེ་ལོང་རྡོ་རྗེ། དུང་མཚོ་རས་པ་ཤེས་རབ་རྒྱལ་མཚན་སོགས་མཁས་གྲུབ་དུ་མའི་སྒྱུ་འཕྲུལ་གྱི་རོལ་མོ་རིམ་དང་ཅིག་ཆར་དུ་སྟོན་པའི་མཐར། ཇི་སྐད་དུ། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། ད་ལྟའི་གནས་བརྟན་དགེ་འདུན་བཟང་པོ་འདི༔ རྗེ་ཡི་ཐུགས་རྗེས་ཐུགས་དམ་གསང་མཛོད་མངའ༔ དགོངས་པ་ཀློང་གཅིག་དགོངས་འདུས་སྤེལ་དོན་དུ༔ པྲཛྙཱའི་མཚན་ཅན་ཟབ་དོན་བཀའ་ལ་སྤྱོད༔ ཅེས་དང་། རྒྱལ་རོང་གཏེར་རྒོད་ཀྱི་ཀློང་གསལ་ཌཱཀྐིའི་སྙིང་ཐིག་ལས༔ ཆོས་བློན་མགོན་སྤྲུལ་ཀཿཐོག་ནུབ་ཕྱོགས་ནས༔ ཀུན་བཟང་མིང་ཅན་བྱང་སེམས་ཞི་དུལ་ཅན༔ སྒྲུབ་བརྒྱུད་བསྟན་པ་དགུང་ལ་རེག་པར་བྱེད༔ ཅེས་དང་། གནམ་ཆོས་ཆོས་བདག་ལུང་བསྟན་ལས། འདི་ནས་ཤར་རམ་ལྷོ་ཡི་ཕྱོགས༔ ཆགས་མེད་ཚུལ་ཁྲིམས་བཟང་གི་མིང༔ ལྟག་པར་སྨེ་བས་བརྒྱན་པ་འབྱུང༔ ལས་ཅན་འདི་ལ་ཆོས་འདི་གཏོད༔ ཅེས་ཟབ་གཏེར་གསར་རྙིང་དུ་མ་ནས་བསླུ་མེད་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར༔ མདོ་ཁམས་སྤོ་འབོར་སྒང་གི་སའི་ཆར་དཔལ་ཡུལ་ཨ་མཆོག་གྲོ་ལྷས་ཞེས་པ་རུ། དམུ་ཚ་སྒ་ཡི་གདུང་རིགས་ལས་ཡབ་རྡོ་རྗེ་དང་། ཡུམ་གུ་རུ་མཚོ་ཞེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་ཕོ་བྱི་བའི་ལོར་སྐུ་འཁྲུངས། སྐུ་ཆུང་དུས་སུ་ཀཿཐོག་ལུགས་ཀྱི་འདོན་ཆོས་ཐམས་ཅད་བློ་འཛིན་མཛད། དེ་ནས་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་སྒ་རྗེ་ཆོས་སྐྱོང་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་བས་དགེ་བསྙེན་གྱི་སྡོམ་པ་གནང་སྟེ་མཚན་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསོལ། རྗེ་དེ་ཉིད་ཀྱི་དྲུང་ནས་ཕྱག་ཆེན་གྱི་ཁྲིད་དང་མི་ཏྲ་ཁྲིད་དྲུག་སོགས་ཟབ་ཆོས་མང་དུ་གསན། དཔལ་འབར་རེ་ཁེ་དགོན་དུ་དྲུང་ཆོས་ཉིད་རྒྱ་མཚོ་གཙུག་གི་ནོར་བུར་བསྟེན་ཏེ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་སོགས་བཀའ་ཆོས་མང་དུ་གསན་ནས་སྒྲུབ་ལ་དཀའ་སྤྱད་དང་ཐུགས་རུས་འགྲན་དུ་མེད་པ་རྒྱུན་ཆགས་སུ་མཛད་ནས་ལོ་ལྔ་ཙམ་ལ་བཞུགས། དྲུང་ཆོས་ཉིད་རྒྱ་མཚོ་ཞིང་དུ་གཟིགས་རྗེས་གསེར་ལོ་སྟོན་པ་རྒྱལ་མཚན་བླ་མར་བསྟེན་ནས་རྫོགས་ཆེན་རང་བྱུང་རང་ཤར་ལ་སོགས་པའི་ཟབ་ཁྲིད་དུ་མ་དང་། མདོ་དབང་ཆེན་མོ་སོགས་བཀའ་གཏེར་མང་དུ་གསན་པས་གནས་ལུགས་རང་ངོ་འཕྲོད་ཅིང་རྟོགས་པ་ཀློང་དུ་གྱུར། གཞན་ཡང་མཁས་གྲུབ་པདྨ་བློ་གྲོས་སོགས་ཡོངས་འཛིན་དུ་མ་ལས་ཟབ་ཆོས་བསམ་གྱིས་མི་ཁྱབ་པ་གསན་བཞེས་གནང་ནས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། དེ་ནས་བྱ་བཏང་གི་བརྟུལ་ཞུགས་ཁོ་ནས་དབུས་ཕྱོགས་སུ་བླ་མ་ལྷ་རྟེན་མཇལ་བར་ཕེབས་པའི་ལམ་བར་ནས་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེའི་སྙན་པ་གསན་པས་དབུས་ཕེབས་བཤོལ་ནས་ངོམས་སྟོད་དུ་ཕེབས། དེར་རིག་འཛིན་ཆེན་པོ་མཇལ་བས་དད་པ་ཚད་མེད་པ་འཁྲུངས་ཤིང་རྗེ་དེས་ཀྱང་ཐུགས་ཀྱི་སྲས་སུ་དགོངས་ནས་ཀུན་བཟང་ཤེས་རབ་ཞེས་པའི་མཚན་གསོལ་ཏེ་ཞབས་འབྲིང་ནང་མའི་གྲས་སུ་ཚུད། རྗེ་དེ་ཉིད་ཀྱི་དག་སྣང་ལས་བྱུང་བའི་གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཆོས་བདག་ཏུ་དགོངས་ནས་ཆོས་སྡེ་ཚང་མའི་དབང་ལུང་ཁྲིད་གསུམ་རྫོགས་པར་གནང་། དེ་སྐབས་མཁས་གྲུབ་ཀརྨ་ཆགས་མེད་གཏེར་ཆེན་འདིའི་དྲུང་དུ་ཆིབས་བསྐྱོད་བྱུང་བ་ལས་དགེ་ཚུལ་གྱི་སྡོམ་པ་དང་རྗེ་ཉིད་ཀྱི་གསུང་རྩོམ་སྐོར་སོགས་བཀའ་ཆོས་མང་དུ་གསན། དེ་རྗེས་གཏེར་སྟོན་རིག་འཛིན་ཆེན་པོ་སྡེ་དགེ་དང་སྨར་ཁམས་ཕྱོགས་སུ་ཆིབས་བསྐྱོད་གནང་སྐབས་ཞབས་ཕྱི་མཛད་ནས་ཕེབས། ཀཿཐོག་ཏུ་གཏེར་ཆེན་གྱིས་ཆོས་འཁོར་སྐོར་དུས་རྒྱལ་ཐེབས་མཛད་པར་གྲགས། འདི་སྐབས་ས་སྐྱོང་སྡེ་དགེ་རྒྱལ་པོས་ཡུལ་གྲུ་མང་པོ་མངའ་ཞབས་སུ་བསྡུ་བ་དང་ཁེལ་བས། དཔལ་ཡུལ་རྣམ་རྒྱལ་རྩེ་ཞེས་པའི་ས་དཔྱད་ལེགས་པ་ཞིག་ཏུ་གཙུག་ལག་ཁང་གསར་དུ་བསྐྲུན་ནས་ཐོ་བཙུན་ལྔ་བརྒྱ་ལྷག་ཡོད་པ་ཕྱོགས་གཅིག་ཏུ་བཞུགས་སུ་གསོལ་ཏེ་རྣམ་རྒྱལ་བྱང་ཆུབ་གླིང་ཞེས་མིང་བཏགས། དེ་དག་གི་བླ་མར་འཁྲུལ་ཞིག་སྟོན་པ་རྒྱ་མཚོ་སྤྱན་དྲངས་པ་ན་ཁོ་བོ་སྤང་བ་པའི་བརྟུལ་ཞུགས་དང་ན་སོད་རྒན་པས་དེ་འདྲའི་འདྲེན་པ་བྱེད་པ་མི་འོང་། འོན་ཀྱང་འབྲི་རྒྱུད་ཀྱི་ཁོ་བོའི་སློབ་མ་ཀུན་བཟང་ཤེས་རབ་སྤྱན་དྲངས་ན་བསྟན་པ་མཐའ་རྒྱས་སུ་འབྱུང་ཞེས་ལུང་བསྟན་བསྩལ་བས་རྨུག་བསང་དུ་རྗེ་འདི་གདན་དྲངས་པའི་ཆབ་ཤོག་སླེབས། གཏེར་ཆེན་མི་འགྱུར་རྡོ་རྗེ་ལ་དེ་ཚུལ་ལུང་བསྟན་སོགས་ཞུས་པས། གདུལ་བྱ་དུས་སུ་བབ་པ་ཡིན་པས་དེར་བྱོན་དང་བསྟན་པ་མཐའ་རྒྱས་སུ་འབྱུང་བ་ཕྱི་ནས་གསལ་འོང་ཞེས་ལུང་བསྟན་གནང་། བྱོན་ཁར་རྫོགས་པ་ཆེན་པོའི་ཟབ་ཁྲིད་འདི་རྣམས་དང་གཏེར་རྫས་ཁྱད་འཕགས་འདི་རྣམས་ཁོ་བོ་ལ་ཨོ་རྒྱན་ཆེན་པོས་དངོས་སུ་བསྩལ་བ་ཡིན་ལ་ཁོ་བོས་ཁྱོད་ལ་སྦྱིན་པས་བསྟན་འགྲོའི་དོན་དུ་ཐུགས་རྒྱ་བསྐྱེད་ཅིག་གསུངས་ནས་རྒྱལ་ཚབ་ཏུ་མངའ་གསོལ་ཤིས་བརྗོད་གནང་། དེ་ནས་རྗེ་ཉིད་དགུང་ལོ་སུམ་ཅུ་པ་ཤིང་སྦྲུལ་ལོར་དཔལ་ཡུལ་རྣམ་རྒྱལ་རྩེར་ཞབས་སོར་བཀོད་ནས་ཐོ་བཙུན་རྣམས་སྐྲ་ཕུད་བླངས་ནས་དགེ་བསྙེན་གྱི་སྡོམ་པ་བསྩལ། སླར་ཡང་རྨུག་བསང་དུ་གཏེར་སྟོན་ཆེན་མོ་ཞིང་དུ་གཤེགས་པའི་དགོངས་རྫོགས་རྟེན་བཞེངས་སོགས་ལ་ཕེབས། དེ་ནས་སླར་ཡང་གནས་མདོར་ཆགས་མེད་རིན་པོ་ཆེའི་དྲུང་དུ་ཕེབས་ནས་དགེ་སློང་གི་སྡོམ་པ་བཞེས་པས་མཚན་སྔ་མའི་མགོར་རིག་འཛིན་ཞེས་སྦྱར་ནས་རིག་འཛིན་ཀུན་བཟང་ཤེས་རབ་ཞེས་པ་གསོལ། ཕྱིར་ཕེབས་ལམ་དུ་གཏེར་སྟོན་བདུད་འདུལ་རྡོ་རྗེ་འཇལ་བར་བྱོན་པར་ཆས་ཀྱང་ལམ་བར་དུ་འཁྲུག་རྩོད་སོགས་ཀྱིས་མ་ཐར་བས་ཞུ་ཡིག་འབུལ་བར་བང་མི་བཏང་། དེ་ནས་གདན་སར་ཕེབས་ནས་དགེ་འདུན་རྣམས་ལ་ཆོས་མཐུན་གྱི་བཅའ་ཁྲིམས་མཛད། བསླབ་པའི་གནས་རྣམས་ལ་ཞལ་ཏ་ཡང་ཡང་ཕེབས་ཤིང་དེ་དག་ཡིད་ལ་འཇགས་ཕྱིར་རྒྱུགས་ལེན་སོགས་ཀྱང་མཛད། གཏེར་སྟོན་ཀློང་གསལ་སྙིང་པོའང་གདན་སར་སྤྱན་དྲངས་ནས་བསྙེན་བཀུར་ཕུལ་བས་ཆོས་བདག་ཏུ་ངོས་འཛིན་གནང་། རྫོགས་ཆེན་པདྨ་རིག་འཛིན་སྡེ་དགེའི་ཆོས་རྒྱལ་ཆེན་མོའི་བཀའ་ལུང་ལྟར་མངའ་ཁོངས་རྣམས་སུ་ལྟ་སྒོམ་དག་ཐེར་ལ་ཕེབས་སྐབས་གདན་ས་འདིར་སྤྱན་དྲངས་ཏེ་ཕན་ཚུན་བཀའ་ཆོས་གསན་བཞེས་གནང་། དགུང་ལོ་སུམ་ཅུ་སོ་ལྔ་ནས་བཟུང་སྐུ་ཚེ་གང་བོར་སྐུ་མཚམས་བཅད་རྒྱ་ཁོ་ན་ལས་ནམ་ཡང་མི་འདའ་བ་དང་། འཚོ་བ་གདན་གཅིག་ཤ་ཆང་མི་བཞེས་པ་དང་ཆང་གི་རིགས་གྱུར་དྲི་ཙམ་ཡང་ཕྱོགས་སུ་མི་ཉེ་བའི་དམ་བཅའ་རྣམས་མཛད། དེ་ལ་བརྟེན་ནས་ཕྱོགས་དེར་ཚེ་མཚམས་བྱེད་པ་དང་། གདན་གཅིག་གི་བརྟུལ་ཞུགས་འཛིན་པ། ཤ་ཆང་གཏན་སྤངས་བྱེད་པའང་མང་དུ་བྱུང་། གཙུག་ལག་ཁང་དུའང་ཚོགས་ཆང་མ་གཏོགས་ཆང་ནམ་ཡང་འདྲེན་པ་མེད་པའི་ཁྲིམས་མཛད། ཐུན་བར་རྣམས་སུ་བཀའ་ཆོས་འཆད་པ་དང་སྒོམ་ཁྲིད་སྐྱོང་བ་སོགས་གང་ལ་གང་འཚམས་ཀྱིས་གདུལ་བྱ་རྣམས་རྗེས་སུ་བཟུང་བས་སློབ་མའང་སྒོམ་ཉམས་དང་གྲུབ་རྟགས་ཐོན་པ་མང་དུ་བྱུང་། སླར་ཡང་དགོན་པར་འདུ་ལོངས་ཧ་ཅང་ཆེ་བས་ཐུགས་སྐྱོ་ནས་དཔོན་གཡོག་གསུམ་སུས་ཀྱང་མཐོང་ཚོར་མེད་པར་ལྷ་རི་འོད་གསལ་སྒང་གི་རི་ཁྲོད་དུ་འཇག་སྤྱིལ་ལ་བརྟེན་ནས་བཞུགས། དེར་ཡང་སྒྲུབ་གྲྭ་མང་དུ་འཕེལ་ཏེ་རི་དགོན་གཉིས་ཀ་དར་རྒྱས་ཆེ་བ་བྱུང་། དགེ་འདུན་རྣམས་ཀྱང་དགེ་ཚུལ་ནས་བསྙེན་རྫོགས་བར་གྱི་མཁན་པོ་མཛད་ནས་ཐམས་ཅད་སྡོམ་པ་གསུམ་ལྡན་ཁོ་ན་མཛད། གསུང་རྩོམ་སྡོམ་གསུམ་རྣམ་བཤད། ཆང་དང་བུད་མེད་ཀྱི་ཉེས་དམིགས། བླ་མ་བསྟེན་ཚུལ་སོགས་པུསྟི་གསུམ་བཞི་ཙམ་ཡོད་པར་གྲགས། དེ་ལྟར་རྒྱལ་བསྟན་བཤད་སྒྲུབ་ཀྱི་མཛད་པ་ཡུན་རིང་དུ་བསྐྱངས་པས། གོ་འཇོ། སྨར་ཁམས། ས་ངན། རོང་ཞབས། ཁྲོམ། ལྕགས་མདུད། མགོ་ལོག་རྡོ་གསེར། ཧོར་སྟོད་སྨད། ཤར་རྒྱལ་མོ་རོང་། རྒྱ་ནག་བྲག་སྒོ་ཡན་ནས་སློབ་ཚོགས་མང་དུ་འདུས་ཤིང་། དེ་དག་གི་ཡུལ་གྱི་རྒྱལ་པོ་རྣམས་ཀྱིས་ཀྱང་བསྙེན་བཀུར་ཕུལ་ཅིང་སོ་སོའི་ཡུལ་དུ་གཙུག་ལག་ཁང་བཞེངས་པ་དང་ཆོས་སྡེ་བཏབ་པ་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ནས་རག་ཆབ་དགོན་དུ་རྗེ་ཉིད་ཀྱི་གཅུང་པདྨ་ཡེ་ཤེས་རྒྱ་མཚོ་བསྐོ་གཞག་གནང་བ་དང་། དབོན་པདྨ་ལྷུན་གྲུབ་རྒྱ་མཚོ་ལ་རྩ་བའི་གདན་ས་གཏད་ཅིང་རྒྱལ་ཚབ་ཏུ་དབང་བསྐུར་ནས་ཆོས་མཐུན་གྱི་བསླབ་བྱ་རྒྱས་པ་བསྩལ། མཐར་དགུང་ལོ་རེ་གསུམ་བཞེས་པ་རབ་བྱུང་བཅུ་གཉིས་པའི་སྟག་ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་ཅིང་། སྤྲུལ་བའི་སྐུ་རབས་བར་མ་ཆད་པ་བྱོན་པས་གསང་ཆེན་སྔ་འགྱུར་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་རྒྱལ་བ་དཔལ་ཡུལ་པའི་རིང་ལུགས་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་ཁྱབ་པར་འཕེལ་དང་སྤེལ་བཞིན་པའོ། །

སྨྲས་པ།

གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་རུ། །ཆེ་བ་དྲུག་གིས་མངོན་འཕགས་སྔ་འགྱུར་པའི། །རིང་ལུགས་དྲི་མེད་ཆོས་ཀྱི་མཚོ་ཆེན་པོའི། །བསྟན་པའི་ཆུ་འགོ་གདན་ས་དྲུག་ཏུ་གྲགས། །ཐུབ༵་པའི་བསྟ༵ན་པ་མདོ་སྔགས་ཟུང་འཇུག་ལམ། །ཐེག་པའི་རྩེ་མོ་རྡོ༵་རྗེ༵་སྙིང་པོ་ཡི། །རིང་ལུགས་སྤྱི་དང་བྱེ་བྲ༵ག་བྱང་གཏེར་གྱི། །ཆོས་ཚུལ་སྣང་བས་ས་འདི་ཡོངས་སུ་ཁྱབ། །འོ༵ག་མི༵ན་གསང་ཆེན་ཨོ༵་རྒྱ༵ན་མཁའ་འགྲོའི་ཡུལ། །འཕུར་འགྲོའི་ཞིང་ཁམས་ས་ལ་འཕོས་འདྲ་བ། །ནང་རྒྱུད་སྡེ་གསུམ་སྨིན༵་གྲོ༵ལ་ཆོས་ཀྱི་མཛོད། །འཁྲུལ་མེད་བཀའ་སྲོལ་འཛམ་གླིང༵་ཁྱབ་པར་བརྡལ། །རང་བྱུང་པདྨ་འོད་གླིང་དཔ༵ལ་གྱི་རི༵། །བསྟན་པའི་འབྱུང་གནས་ཐེག༵་པ་མཆོག༵་གི་གླི༵ང་། །ཆོས་ཀྱི་སྡེ་ཆེན་དར་ཞིང་རྒྱས་པའི་གཏམ། །ངོ་མཚར་སྙན་པ་ཕྱོགས་བཅུའི་ཞིང་ན་འཕུར། །གསང་ཆེན་རྒྱུད་སྡེ་ཡོ་ག་རྣམ་གསུམ་གྱི། །བསྟན་པའི་བཀའ་བབ་རྒྱལ་བ་ཀ༵ཿཐོག༵་པའི། །ཆོས་ཀྱི་སྡེ་འདི་འཕགས་ཡུལ་རྡོ༵་རྗེ༵་གད༵ན། །གཉིས་སུ་མ་མཆིས་བསྟན་པའི་ཁུངས་སུ་ཆེ། །མཁས་བཙུན་བཟང་པོའི་དཔ༵ལ་གྱིས་མངོན་མཐོ་བའི། གྲུབ་བརྙེས་རིག་འཛིན་ཟམ་མ་ཆད་པའི་ཡུ༵ལ། །བསྟན་པའི་འབྱུང་གནས་བྱ༵ང་ཆུ༵བ་ཆོས་ཀྱི་གླི༵ང་། །སྡེ་འདིའི་རིང་ལུགས་རྒྱས་པའི་མཐའ་མི་དཔོག །མཁས་དང་གྲུ༵བ་པའི་དབ༵ང་ཕྱུག་གྲངས་མེད་པས། །རྒྱ༵ལ་བ༵་ཐུབ་པའི་བསྟན་པ་ལུང་རྟོགས་ཆོས། །བཤད་དང་སྒྲུབ་པས་རྫོག༵ས་ལྡན་སྣང་བ་ལ། །བཀོད་པའི་ཕྲིན་ལས་ས་ཆེན༵་ཁྱོན་ན་ཁྱབ། །

ཅེས་པ་ནི་སྔ་འགྱུར་གདན་ས་ཆེན་མོ་དྲུག་གི་གཏམ་ཞར་བྱུང་དུ་མདོ་ཙམ་བཤད་པའི་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། གསང་ཆེན་རྙིང་མ་པའི་བཤད་སྒྲུབ་བསྟན་པའི་ཆུ་འགོ་གདན་ས་ཆེན་པོ་དྲུག་ཏུ་གྲགས་པའི་གཏམ་ཞར་བྱུང་དུ་བཀོད་པའི་སྐབས་ཏེ་སརྒ་བཅུ་དྲུག་པ་རྫོགས་སོ།། །།

སླར་སྨྲས་པ།

རྨད་བྱུང་སྙན་པའི་གྲགས་པ་དཀར་པོའི་དར། །ལས་ཤུགས་རླུང་གིས་གཡོ་བའི་ངོ་མཚར་གཟུགས། །སྲིད་པའི་རྩེ་མོར་ངོམས་པ་རྫོགས་ཆེན་པའི། །ཆོས་སྲིད་མངའ་ཐང་བརྗོད་པའི་མཐའ་མ་དམིགས། །ཐུབ་བསྟན་དགུང་དུ་འདེགས་ལ་ཐུགས་བསྐྱེད་སྟོབས། །དུས་སུ་སྨིན་ལ་བསྐལ་པའི་མེ་ཆེན་བཞིན། །རྨད་བྱུང་ཐབས་མཁས་སྒྱུ་མའི་རོལ་རྩེད་ཀྱིས། །བསྐྲུན་པའི་མཛད་རྗེས་ཉི་ཟླ་བཞིན་དུ་གསལ། །མདོ་སྔགས་ཆུ་གཏེར་རྒྱས་པའི་ཆོས་ཀྱི་མཚོ། །བཤད་སྒྲུབ་རྦ་རླབས་འཕྱུར་བའི་རྩེ་དགའ་ཅན། །རྣམ་མང་མཁས་དང་གྲུབ་པ་ཀླུ་དབང་སྟོང་། །རོལ་བའི་མ་དྲོས་ཆོས་ཀྱི་མཚོ་ཆེན་རྨད། །ལེགས་བྱས་རྣམ་པར་དག་པའི་ཆུ་གཏེར་ལས། །བྱུང་བའི་ལྷག་བསམ་ཟླ་བ་དཀར་པོའི་ཆ། །རྣམ་དཔྱོད་བློ་གྲོས་དཀྱིལ་འཁོར་ལྷུན་རྫོགས་པས། །ལེགས་བཤད་གཏམ་གྱི་འོད་སྣང་འདི་ན་སྤྲོས། །དམན་པའི་ཁ་སྟབས་གྱི་ནས་སྲོག་འཚོ་བའི། །ཉམ་ཆུང་ཐོས་འཚོལ་རིག་པའི་བུ་ཆུང་ལ། །ཆེན་པོའི་ལག་རྗེས་མང་པོ་དགའ་བྱེད་པའི། །ཆོས་སྲིད་མངའ་ཐང་འགུགས་པའི་བློ་མཐུ་ཞན། །དེ་ལྟ་ནའང་སྔོན་སྨོན་བདེན་པའི་སྟོབས། །དུས་སུ་སྨིན་པའི་རླུང་གིས་ཉེར་བསྐུལ་བས། །ཡིད་ལ་རིང་དུ་བསྲེལ་བའི་གཏམ་གྱི་རྒྱུན། །སྤེལ་བའི་སྤྲོ་དགའ་སྙིང་གི་བཅུད་དུ་འཁྱིལ། །ཨེ་མ་གྲུབ་པའི་དབང་ཕྱུག་ཡབ་སྲས་ཀྱིས། །རྒྱལ་བསྟན་བཤད་སྒྲུབ་ཕྱོགས་སུ་སྤེལ་བ་ཡི། །ལུགས་གཉིས་མངའ་ཐང་རྒྱས་པའི་རྫོགས་ལྡན་གཏམ། །དུས་མཐར་གླེང་བ་ཁོ་བོའི་སྐལ་བར་བབ། །འདི་ན་ཚིག་དང་དོན་གྱི་རྣམ་འགྱུར་རེ། །མཁས་རྒུའི་སྙན་ལ་བདུད་རྩིའི་སྐབས་བྲལ་ཡང་། །དམ་པའི་རྣམ་ཐར་བརྗོད་པའི་དོན་ལྡན་ངག །གཟུར་བོར་གནས་ལ་རྣ་བའི་རྒྱན་དུ་རེ། །མཁས་དང་གྲུབ་པའི་མཛད་པ་རྨད་བྱུང་བའི། །ངོ་མཚར་རྟོགས་བརྗོད་ལྷ་ཡི་རྔ་བོ་ཆེ། །རྣམ་དཔྱོད་དཔུང་བ་དར་མས་ཡང་དང་ཡང་། །བརྡུངས་པའི་སྒྲ་བརྒྱ་སྲིད་མཐར་སྙན་གྱུར་ཅིག །འདི་བྱས་དགེ་ཚོགས་སྙིང་པོ་གཅིག་བསྡུས་པ། །རྣམ་པར་དཀར་བའི་བསོད་ནམས་ཟླ་ཤེལ་ཁམས། །ཐུབ་བསྟན་ཀུ་མུད་ཆོས་ཀྱི་ཚལ་ཆེན་པོར། །བཤད་སྒྲུབ་འདབ་སྟོང་དགོད་པའི་རྒྱུར་གྱུར་ཤོག །ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པ། །ཆེ་བ་དྲུག་གིས་མངོན་འཕགས་ཆོས་ཀྱི་སྡེ། །བསྟན་པའི་ཆུ་འགོ་གྲུབ་དབང་རྫོགས་ཆེན་པའི། །ལུགས་གཉིས་མངའ་ཐང་མི་ཉམས་མཐར་རྒྱས་སྨོན། །གང་ཞིག་ཞི་བ་ཆོས་ཀྱི་དབྱིངས་ཉིད་ན། །བཞུགས་པའི་སྔར་གཤེགས་འཕགས་ཆེན་དམ་པའི་མགོན། །སྒྲིབ་བྲལ་གཟིགས་པ་ཡེ་ཤེས་སྤྱན་ལྡན་ཀུན། །ཟག་མེད་ཐུགས་དགོངས་རྫོགས་པའི་རྒྱུར་གྱུར་ཅིག །བདག་ཀྱང་ཡབ་རྗེ་གྲུབ་པའི་རིང་ལུགས་འདི། །སྐྱེ་ནས་སྐྱེ་བར་རིགས་ཀྱི་མེ་ཏོག་ཏུ། །བཅིང་བའི་ལས་སྨོན་འདབ་མ་མ་རྙིང་པར། །ཚེ་ནས་ཚེ་རབས་འཛིན་སྐྱོང་སྤེལ་བྱེད་ཤོག །གང་ན་འཚོ་ཞིང་གཞེས་པའི་བསྟན་འཛིན་ཚོགས། །ཞབས་པད་གཞོམ་བྲལ་རྡོ་རྗེའི་ཁྲི་འཕང་དུ། །བསྐལ་པ་རྒྱ་མཚོར་མི་གཡོ་རྟག་བརྟན་ཞིང་། །ལེགས་མཛད་སྣང་བ་ཕྱོགས་མཐར་ཁྱབ་པར་སྨོན། །ཡངས་པའི་རྒྱལ་ཁམས་སྤྱི་དང་གངས་ཅན་ལྗོངས། །རྒུད་པའི་བསྐལ་ངན་རྒྱུར་བཅས་ཡོངས་ཞི་སྟེ། །བདེ་སྐྱིད་རྫོགས་ལྡན་གསར་བའི་དཔལ་ཡོན་ལ། །ངོམས་མེད་སྤྱོད་པའི་དུས་སྟོན་དར་གྱུར་ཅིག །

དེ་ལྟར་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་བྱ་བ་འདི་ནི། གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བསྟན་པའི་ལྷག་ཞབས་སུ་སྐྱེས་ཤིང་། དཔལ་ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་གྲུབ་པའི་དབང་ཕྱུག་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྱིན་རླབས་རྗེས་བཟུང་གི་མཚན་མ་སྙིང་ལ་སིམས་ཤིང་། སྙིགས་དུས་བསྟན་པའི་གསལ་བྱེད་མཁས་བཙུན་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་འཁོར་ལོའི་མགོན་པོ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་། གདོད་མའི་མགོན་པོ་མིའི་རྣམ་རོལ་དུ་བྱོན་པ་ཉམས་དང་རྟོགས་པའི་དབང་ཕྱུག་རིགས་བདག་མཚུངས་མེད་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འབྲུག་སྤྲུལ་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉི་མ། གནས་ལྔ་རིག་པའི་པཎ་ཆེན་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ། བྱ་བྲལ་བླ་མ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ། མཁས་པའི་དབང་ཕྱུག་ར་ཧོར་མཁན་ཆེན་ཟླ་བའི་འོད་ཟེར་སོགས་ཡོངས་འཛིན་མཁས་གྲུབ་དུ་མའི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་དབང་ལུང་གྲོལ་ཁྲིད་སྙན་བརྒྱུད་དང་བཅས་པའི་གདམས་ཟབ་བདུད་རྩི་འཐུང་བའི་སྐལ་པ་སྦོམ་ཞིང་། མདོ་སྔགས་རིག་གནས་དང་བཅས་པའི་བཀའ་ཁྲིད་ཟབ་ཅིང་རྒྱ་ཆེ་བ་སྤེལ་བ་ལ་ཐོས་པའི་བག་ཆགས་ཙམ་འཇོག་པའི་བགོ་སྐལ་མི་དམན་པ་ཐོབ་པའི་མཐུ་ལས། རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པས་བསྡུས་པའི་རིང་ལུགས་སྤྱི་དང་། ཆེ་བ་དྲུག་གིས་མངོན་པར་འཕགས་པའི་གསང་ཆེན་སྔ་འགྱུར་པའི་ལྟ་གྲུབ་ལ་ཆོས་ཀྱི་རྗེས་སུ་འབྲངས་པའི་དད་པའི་བློ་མིག་མ་ཟིམ་པ། འཕགས་མཆོག་ཕྱག་ན་པད་མོ་དགེ་བའི་བཤེས་གཉེན་གྱི་རོལ་གར་དུ་བྱོན་པ་མཚུངས་མེད་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་བསྟན་འཛིན་ཀུན་བཟང་ལུང་རྟོགས་བསྟན་པའི་ཉི་མ་ཞེས་དང་། རིགས་བདག་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་ནས་པདྨ་གར་དབང་འོད་གསལ་རིག་པའི་རྡོ་རྗེ་ཞེས་གྲུབ་དབང་རྫོགས་ཆེན་བདུན་པའི་མཚན་གྱི་ཅོད་པཎ་གྱིས་མངོན་པར་བསྟོད་ཀྱང་། རང་རྒྱུད་སོ་སྐྱེས་ཐ་མལ་པ་ཚོགས་ལམ་ཆུང་ངའི་སྣེ་ཟིན་ལ་མ་ཟིན་པའི་ཚོད་ཙམ་དུ་སྣང་བའི་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཐུབ་བསྟན་ངག་དབང་བློ་གྲོས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དུ་འབོད་པས། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཞི་བ་ཆོས་ཀྱི་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཏེ་ཡོངས་གྲགས་སུ་མི་ལོ་ཉིས་སྟོང་ལྔ་བརྒྱ་ཞེ་བདུན་ལ་སོན་པ། གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིག་འཛིན་མདོ་ཁམས་རུ་དམ་ལུང་དུ་ཞབས་པད་བཀོད་དེ་སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཞེས་གྲགས་པའི་ཆོས་སྡེ་འདི་ཉིད་ཐོག་མར་ཕྱག་བཏབ་ནས་ད་ལྟའི་བར་བགྲང་བྱ་སུམ་བརྒྱ་དང་བཅོ་བརྒྱད་ཤར་བའི་དུས་སྟེ། བོད་རབ་བྱུང་བཅུ་བདུན་པའི་སྟོད་འགྲེལ་པས་བྷཱ་ནུ་ཞེས་འབོད་པ་ཉི་མ་སྟེ་རྒྱ་རྩིས་པའི་ཆུ་མོ་ལུག་གི་ལོའི་ཧོར་ཟླ་བདུན་པའི་ཡར་ཚེས་གསུམ་ཉིན། ཐེག་གསུམ་ཆོས་སྒྲས་བཟུང་བའི་རིག་གྲྭ་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ལྔ་རིག་ནང་བསྟན་སློབ་གླིང་གི་རང་སྤྱིལ་དཔེ་མང་སྤུངས་པའི་ལྡིང་ཁང་ག་ལ་བར་མཇུག་གྲུབ་པར་བགྱིས་པའི་དགེ་བས་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་ཅིག་གུ།། ཛ་ཡནྟུ།། །།

ཟུར་བཀོད་སོ་བྱང་སྔགས་གསུམ་གྱི་བླ་བརྒྱུད་མཚན་ཐོ།

(༡) བསྟན་པའི་རྩ་བ་སོ་སོར་ཐར་བའི་སྡོམ་རྒྱུན།

༡༽ སྟོན་པ་མཉམ་མེད་ཤཱཀྱ་སེང་གེ།

༢ ༽ འཕགས་པ་ཤཱ་རིའི་བུ།

༣༽ འཕགས་པ་དགྲ་གཅན་འཛིན།

༤༽ བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ།

༥༽ འཕགས་པ་ཀླུ་སྒྲུབ།

༦༽ སློབ་དཔོན་ལེགས་ལྡན་འབྱེད།

༧༽ སློབ་དཔོན་དཔལ་སྦས།

༨༽ སློབ་དཔོན་ཡེ་ཤེས་སྙིང་པོ།

༩༽ མཁན་ཆེན་ཞི་བ་འཚོ།

༡༠༽ སྦ་རཏྣ།

༡༡༽ གཙང་རབ་གསལ།

༡༢༽ བླ་ཆེན་དགོངས་པ་རབ་གསལ།

༡༣༽ ཀླུ་མེས་ཚུལ་ཁྲིམས་ཤེས་རབ།

༡༤༽ ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན།

༡༥༽ སྣེ་བོ་གྲགས་པ་རྒྱལ་མཚན།

༡༦༽ འབྲེ་ཆེན་ཤེས་རབ་འབར།

༡༧༽ བྱ་འདུལ་བ་བརྩོན་འགྲུས་འབར།

༡༨༽ རྩིས་འདུལ་བ་གཞོན་ནུ་སེང་གེ།

༡༩༽ གྲོ་སྟོན་བདུད་རྩི་གྲགས།

༢༠༽ མཆིམས་ཆེན་ནམ་མཁའ་གྲགས།

༢༡༽ ཟེའུ་གྲགས་པ་ཤེས་རབ།

༢༢༽ མཆིམས་ཆེན་བློ་བཟང་གྲགས་པ།

༢༣༽ ཀུན་དགའ་རྒྱལ་མཚན།

༢༤༽ གྲུབ་པ་ཤེས་རབ།

༢༥༽ པཎ་ཆེན་དགེ་འདུན་གྲུབ།

༢༦༽ གནས་རྙིང་པ་ཀུན་དགའ་བདེ་ལེགས།

༢༧༽ རྒྱལ་བ་དགེ་འདུན་རྒྱ་མཚོ།

༢༨༽ བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་།

༢༩༽ རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ།

༣༠༽ འཇམ་དབྱངས་དཀོན་མཆོག་ཆོས་འཕེལ།

༣༡༽ མཁན་ཆེན་དཀོན་མཆོག་བསྟན་འཛིན།

༣༢༽ ལོ་ཆེན་དྷརྨ་ཤྲཱི།

༣༣༽ རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།

༣༤༽ སྨིན་གླིང་རྡོར་འཛིན་འགྱུར་མེད་ཆོས་ལྡན།

༣༥༽ ཨོ་རྒྱན་བསྟན་འཛིན་རྡོ་རྗེ།

༣༦༽ རྒྱལ་སྲས་རིག་འཛིན་བཟང་པོ།

༣༧༽ མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས།

༣༨༽ རྒྱལ་སྲས་གཞན་ཕན་མཐའ་ཡས།

༣༩༽ ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་དཔལ་བཟང་པོ།

༤༠༽ མཁན་ཆེན་པདྨ་བཛྲ་རམ་པདྨ་དམ་ཆོས་འོད་ཟེར།

༤༡༽ རྒྱལ་སྲས་གཞན་ཕན་ཆོས་ཀྱི་སྣང་བ།

༤༢༽ རབ་འབྱམས་ལྔ་པ་འགྱུར་མེད་བསྟན་པའི་རྒྱལ་མཚན།

༤༣༽ མགོ་ཚ་མཁན་པོ་ཤེས་རབ་ཕུན་ཚོགས།

༤༤༽ དགེ་མང་མཁན་པོ་ཡོན་ཏན་རྒྱ་མཚོ།

༤༥༽ ལྕང་མའི་མཁན་ཆེན་ཐུབ་བསྟན་ཆོས་འཕེལ།

༤༦༽ དགེ་མང་མཁན་ཆེན་རིག་འཛིན་དབང་རྒྱལ།

༤༧༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

(༢) རྒྱ་ཆེན་སྤྱོད་སྲོལ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་གྱི་བརྒྱུད་པ།

༡༽ ཐུབ་པ་ཆེན་པོ།

༢༽ འཇམ་དཔལ་དབྱངས།

༣༽ ཞི་བ་ལྷ།

༤༽ ཨེ་ལ་དྷ་རི།

༥༽ མ་ཧཱ་ཤྲཱི།

༦༽ རཏྣ།

༧༽ བྷ་ཝ་བཛྲ།

༨༽ དྷརྨ་ཀཱིརྟི།

༩༽ དཱི་པཾ་ཀ་ར།

༡༠༽ སུ་མ་ཏི།

༡༡༽ ལོ་ཙཱ་བ་བློ་ལྡན་ཤེས་རབ།

༡༢༽ ཚེ་སྤོང་པ་ཆོས་ཀྱི་བླ་མ།

༡༣༽ ཕྱྭ་བ་ཆོས་ཀྱི་སེང་གེ།

༡༤༽ དན་འཕགས་པ་དར་མ་བཀྲ་ཤིས།

༡༥༽ ཤེས་རབ་བློ་གྲོས།

༡༦༽ ཤེས་རབ་དབང་ཕྱུག

༡༧༽ སངས་རྒྱས་བརྩོན་འགྲུས།

༡༨༽ དབེན་དགེ་བ་ཤཱཀྱ་སེང་གེ།

༡༩༽ བླ་བྲང་ཆོས་དཔལ་རྒྱལ་མཚན།

༢༠༽ རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས།

༢༡༽ རིག་འཛིན་འཇིགས་མེད་གླིང་པ།

༢༢༽ རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར།

༢༣༽ མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ།

༢༤༽ དགེ་རྩེ་འཇིགས་མེད་ངོ་མཚར་རྒྱ་མཚོ།

༢༥༽ མི་འགྱུར་ནམ་མཁའི་རྡོ་རྗེ།

༢༦༽ རྒྱལ་སྲས་གཞན་ཕན་མཐའ་ཡས།

༢༧༽ དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།

༢༨༽ མཁན་ཆེན་པདྨ་བཛྲ།

༢༩༽ རྗེ་དབོན་བསྟན་འཛིན་ནོར་བུ།

༣༠༽ མཁས་མཆོག་གཞན་ཕན་སྣང་བ།

༣༡༽ འཇིགས་མེད་ཡོན་ཏན་མགོན་པོ།

༣༢༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

(༣) ཟབ་མོ་ལྟ་སྲོལ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་གྱི་བརྒྱུད་པ།

༡༽ སྟོན་མཆོག་ཐུབ་པའི་དབང་པོ།

༢༽ རྗེ་བཙུན་འཇམ་དཔལ་དབྱངས།

༣༽ འཕགས་པ་ཀླུ་སྒྲུབ།

༤༽ དཔལ་ལྡན་ཟླ་བ་གྲགས་པ།

༥༽ རིག་པའི་ཁུ་བྱུག

༦༽ ཀུ་སཱ་ལ་ཆེ་བ།

༧༽ ཀུ་སཱ་ལུ་པ་ཆུང་བ།

༨༽ ཇོ་བོ་རྗེ།

༩༽ ཇོ་བོ་ཐང་པ་ཛ།

༡༠༽ སློབ་དཔོན་འཇིགས་མེད་འབྱུང་གནས།

༡༡༽ བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན།

༡༢༽ གྲོ་ལུང་པ་ཆེན་པོ།

༡༣༽ བྱང་ཆུབ་འོད་དམ་སྤྱི་བོ་ལྷས་པ།

༡༤༽ སྨར་ཤཱཀྱ་སེང་གེ།

༡༥༽ མཆིམས་ནམ་མཁའ་གྲགས།

༡༦༽ མཁན་པོ་སྨོན་ལམ་ཚུལ་ཁྲིམས།

༡༧༽ སློབ་དཔོན་བྱང་ཆུབ་གྲུབ།

༡༨༽ སློབ་དཔོན་གཞོན་ནུ་རྡོ་རྗེ།

༡༩༽ རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས།

༢༠༽ རིག་འཛིན་འཇིགས་མེད་གླིང་པ།

༢༡༽ རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར།

༢༢༽ མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ།

༢༣༽ དགེ་རྩེ་འཇིགས་མེད་ངོ་མཚར་རྒྱ་མཚོ།

༢༤༽ མི་འགྱུར་ནམ་མཁའི་རྡོ་རྗེ།

༢༥༽ རྒྱལ་སྲས་གཞན་ཕན་མཐའ་ཡས།

༢༦༽ དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།

༢༧༽ མཁན་ཆེན་པདྨ་བཛྲ།

༢༨༽ རྗེ་དབོན་བསྟན་འཛིན་ནོར་བུ།

༢༩༽ མཁས་མཆོག་གཞན་ཕན་སྣང་བ།

༣༠༽ འཇིགས་མེད་ཡོན་ཏན་མགོན་པོ།

༣༡༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

(༤) ཟབ་ཅིང་རྒྱ་ཆེ་བའི་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་གྱི་བརྒྱུད་པ།

༡ ༽ ཐུབ་པ་ཆེན་པོ།

༢ ༽ བྱམས་པ།

༣༽ ཐོགས་མེད།

༤༽ དབྱིག་གཉེན།

༥༽ འཕགས་པ་རྣམ་གྲོལ་སྡེ།

༦༽ བཙུན་པ་རྣམ་གྲོལ་སྡེ།

༧༽ མཆོག་གི་སྡེ།

༨༽ གྲོལ་བའི་སྡེ།

༩༽ སློབ་དཔོན་རྣམ་སྣང་མཛད།

༡༠༽ སེང་གེ་བཟང་པོ།

༡༡༽ སངས་རྒྱས་ཡེ་ཤེས་ཞབས།

༡༢༽ བཱི་མ་མི་ཏྲ།

༡༣༽ རཏྣ་པརྠ།

༡༤༽ འབུམ་ཕྲག་གསུམ་པ།

༡༥༽ བློ་ལྡན་ཤེས་རབ།

༡༦༽ འབྲེ་ཤེས་རབ་འབར།

༡༧༽ ཨར་བྱང་ཆུབ་ཡེ་ཤེས།

༡༨༽ ཁུ་ཤེས་རབ་བརྩོན་འགྲུས།

༡༩༽ དཀར་ཆུང་རིང་མོ་པ།

༢༠༽ ཞང་གཡེ་པ།

༢༡༽ གཉལ་ཞིག

༢༢༽ རྒྱ་ཕྱིང་རུ་པ།

༢༣༽ ཆུ་མིག་སེང་གེ་དཔལ།

༢༤༽ བློ་གྲགས་པ།

༢༥༽ དབེན་དགེ་བ་ཤཱཀྱ་སེང་གེ།

༢༦༽ བླ་བྲང་ཆོས་དཔལ་རྒྱལ་མཚན།

༢༧༽ ཀུན་མཁྱེན་ཀློང་ཆེན་པ།

༢༨༽ རིག་འཛིན་འཇིགས་མེད་གླིང་པ།

༢༩༽ རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར།

༣༠༽ མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ།

༣༡༽ དགེ་རྩེ་འཇིགས་མེད་ངོ་མཚར་རྒྱ་མཚོ།

༣༢༽ མི་འགྱུར་ནམ་མཁའི་རྡོ་རྗེ།

༣༣༽ རྒྱལ་སྲས་གཞན་ཕན་མཐའ་ཡས།

༣༤༽ དཔལ་སྤྲུལ་སེམས་དཔའ་ཆེན་པོ།

༣༥༽ མཁན་ཆེན་པདྨ་བཛྲ།

༣༦༽ རྗེ་དབོན་བསྟན་འཛིན་ནོར་བུ།

༣༧༽ མཁས་མཆོག་གཞན་ཕན་སྣང་བ།

༣༨༽ འཇིགས་མེད་ཡོན་ཏན་མགོན་པོ།

༣༩༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

(༥) གྲུབ་དབང་པདྨ་རིག་འཛིན་ནས་བརྒྱུད་པའི་བྱང་ཆུབ་སེམས་སྡོམ་གྱི་བརྒྱུད་པ་ཐུན་མིན།

༡༽ སྟོན་མཆོག་ཐུབ་པའི་དབང་པོ།

༢༽ འཇམ་དཔལ་དབྱངས།

༣༽ ཞི་བ་ལྷ།

༤༽ ཛེ་ཏཱ་རི།

༥༽ ཟླ་གྲགས་ཆུང་བ།

༦༽ ཇོ་བོ་གུ་ཎ་ཤྲཱི།

༧༽ ཀཱ་ན་ཀ་ཤྲཱི།

༨༽ སུ་མ་ཏི་ཀིརྟི།

༩༽ བློ་ལྡན་ཤེས་རབ།

༡༠༽ སློབ་དཔོན་རྗེ་བཙུན་པ།

༡༡༽ མཁས་པ་བུ་སྟོན།

༡༢༽ ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ།

༡༣༽ གཡག་ཕྲུག་སངས་རྒྱས་དཔལ།

༡༤༽ སངས་རྒྱས་འཕེལ།

༡༥༽ ཕྲིན་ལས་མི་བསྐྱོད།

༡༦༽ དཀོན་མཆོག་འབྱུང་གནས།

༡༧༽ མཁས་གྲུབ་ཀརྨ་ཆགས་མེད།

༡༨༽ གྲུབ་ཐོབ་པདྨ་རིག་འཛིན།

༡༩༽ དཔོན་སློབ་ནམ་མཁའ་འོད་གསལ།

༢༠༽ འགྱུར་མེད་ཐེག་མཆོག་བསྟན་འཛིན།

༢༡༽ འབར་བླ་བཀྲ་ཤིས་རྒྱ་མཚོ།

༢༢༽ ཉི་གྲགས་རིག་འཛིན་བཟང་པོ།

༢༣༽ སེང་ཕྲུག་པདྨ་བཀྲ་ཤིས།

༢༤༽ རྒྱལ་སྲས་གཞན་ཕན་མཐའ་ཡས།

༢༥༽ འཇིགས་མེད་ངོ་མཚར་རྒྱ་མཚོ།

༢༦༽ དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།

༢༧༽ མཁན་ཆེན་པདྨ་བཛྲ།

༢༨༽ རྗེ་དབོན་བསྟན་འཛིན་ནོར་བུ།

༢༩༽ མཁས་མཆོག་གཞན་ཕན་སྣང་བ།

༣༠༽ འཇིགས་མེད་ཡོན་ཏན་མགོན་པོ།

༣༡༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

(༦) དཔལ་མ་ཧཱ་ཡོ་གའི་རྩ་བར་གྱུར་པ་རྒྱུད་སྡེའི་བརྒྱུད་ཚུལ།

༡༽ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ།

༢༽ གསང་བའི་བདག་པོ་ལག་ན་རྡོ་རྗེ།

༣༽ ལི་ཙ་བཱི་དྲི་མེད་གྲགས་པ།

༤༽ སྐལ་ལྡན་རྒྱལ་པོ་ཛཿ།

༥༽ སློབ་དཔོན་ཀུ་ཀུ་རཱ་ཛ།

༦༽ ཨིནྡྲ་བི་ཏི་ཆུང་བ།

༧༽ སེང་ཧ་རཱ་ཛ།

༨༽ ཨུ་པ་རཱ་ཛ།

༩༽ སྲས་མོ་གོ་མ་དེ་བཱི།

༡༠༽ རྒྱལ་པོ་ཀུ་ཀུ་རཱ་ཛ།

༡༡༽ རོ་ལངས་བདེ་བ།

༡༢༽ རྡོ་རྗེ་བཞད་པ་རྩལ།

༡༣༽ སློབ་དཔོན་པྲ་བྷ་ཧསྟི།

༡༤༽ གུ་རུ་པདྨ་སཾ་བྷ་ཝ།

༡༥༽ སྒེག་པ་རྡོ་རྗེ།

༡༦༽ སངས་རྒྱས་གསང་བ།

༡༧༽ པཎ་ཆེན་བཱི་མ་མི་ཏྲ།

༡༨༽ ལོ་ཙཱ་བ་རྨ་ཐོག་རིན་ཆེན།

༡༩༽ གཙུག་རུ་རིན་ཆེན་གཞོན་ནུ།

༢༠༽ གྱེ་རེ་མཆོག་སྐྱོང་།

༢༡༽ ཞང་རྒྱལ་བའི་ཡོན་ཏན།

༢༢༽ གནུབས་ཆེན་སངས་རྒྱས་ཡེ་ཤེས།

༢༣༽ གནུབས་ཡོན་ཏན་རྒྱ་མཚོ།

༢༤༽ གནུབས་ཡེ་ཤེས་རྒྱ་མཚོ།

༢༥༽ ཉང་ཆེན་ཤེས་རབ་མཆོག

༢༦༽ ཉང་ཡེ་ཤེས་འབྱུང་གནས།

༢༧༽ ཟུར་ཆེན་ཤཱཀྱ་འབྱུང་གནས།

༢༨༽ ཟུར་ཆུང་ཤེས་རབ་གྲགས་པ།

༢༩༽ གླན་ཤཱཀྱ་བཟང་པོ།

༣༠༽ གསང་བདག་སྒྲོ་ཕུག་པ།

༣༡༽ སྙེ་སྟོན་ཆོས་ཀྱི་སེང་གེ།

༣༢༽ གཙང་ནག་འོད་འབར།

༣༣༽ མེས་སྟོན་མགོན་པོ།

༣༤༽ ཤེས་རབ་ཚུལ་ཁྲིམས།

༣༥༽ རྟ་ནག་བདུད་འདུལ།

༣༦༽ འདའ་ཤཱཀྱ་འཕེལ།

༣༧༽ ཟུར་བྱམས་པ་སེང་གེ།

༣༨༽ སྒྲོལ་སྟོན་བསམ་འགྲུབ།

༣༩༽ སྒྲོལ་ཆེན་སངས་རྒྱས།

༤༠༽ འགོས་ལོ་གཞོན་ནུ་དཔལ།

༤༡༽ ཞྭ་དམར་པ་ཡེ་ཤེས་དཔལ་བཟང་།

༤༢༽ འབྲི་གུང་རིན་ཆེན་ཕུན་ཚོགས།

༤༣༽ རང་གྲོལ་ཉི་ཟླ་སངས་རྒྱས།

༤༤༽ འཁོན་རིགས་ཚེ་དབང་ནོར་རྒྱས།

༤༥༽ འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ།

༤༦༽ བཀྲ་ཤིས་ཀུན་དགའ།

༤༧༽ གསང་བདག་ཕྲིན་ལས་ལྷུན་གྲུབ།

༤༨༽ གཏེར་ཆེན་འགྱུར་མེད་རྡོ་རྗེ།

༤༩༽ ལོ་ཆེན་ཆོས་དཔལ་བཟང་པོ།

༥༠༽ པདྨ་འགྱུར་མེད་རྒྱ་མཚོ།

༥༡༽ རྒྱལ་སྲས་རིན་ཆེན་རྣམ་རྒྱལ།

༥༢༽ མཁན་ཆེན་པདྨ་བསྟན་འཛིན།

༥༣༽ ཨོ་རྒྱན་བསྟན་འཛིན་རྡོ་རྗེ།

༥༤༽ རབ་འབྱམས་པ་ཆོས་ཀྱི་གྲགས་པ།

༥༥༽ དགེ་རྩེ་འཇིགས་མེད་ངོ་མཚར།

༥༦༽ སེང་ཕྲུག་པདྨ་བཀྲ་ཤིས།

༥༧༽ རྒྱལ་སྲས་གཞན་ཕན་མཐའ་ཡས།

༥༨༽ མཁན་ཆེན་པདྨ་བཛྲ།

༥༩༽ འཇམ་མགོན་མི་ཕམ་རྣམ་རྒྱལ།

༦༠༽ ཨོ་རྒྱན་བསྟན་འཛིན་ནོར་བུ།

༦༡༽ མཁས་མཆོག་གཞན་ཕན་སྣང་བ།

༦༢༽ མཁན་ཆེན་པདྨ་ཚེ་དབང་།

༦༣༽ རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ།

(༧) ལུང་ཆེན་ཨ་ནུ་ཡོ་གའི་བརྒྱུད་པ།

༡༽ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ།

༢༽ གསང་བའི་བདག་པོ་ལག་ན་རྡོ་རྗེ།

༣༽ ལི་ཙ་བཱི་དྲི་མེད་གྲགས་པ།

༤༽ རྒྱལ་པོ་ཛཿ།

༥༽ ཨུ་པ་རཱ་ཛ།

༦༽ ཤ་ཀྲ་པུ་ཏྲི།

༧༽ ན་ག་པུ་ཏྲི།

༨༽ གུ་ཧྱ་པུ་ཏྲི།

༩༽ ཀུ་ཀུ་རཱ་ཛ།

༡༠༽ རོ་ལངས་བདེ་བ།

༡༡༽ སློབ་དཔོན་རྡོ་རྗེ་བཞད་པ།

༡༢༽ པྲ་བྷ་ཧསྟི།

༡༣༽ ཤཱཀྱ་སེང་གེ།

༡༤༽ སློབ་དཔོན་དྷ་ན་རཀྵི་ཏ།

༡༥༽ སློབ་དཔོན་རྡོ་རྗེ་ཧཱུྃ་མཛད།

༡༦༽ སློབ་དཔོན་སྠི་ར་མ་ཏི།

༡༧༽ སློབ་དཔོན་བདེ་བ་གསལ་མཛད།

༡༨༽ དྷརྨ་བོ་དྷི།

༡༩༽ མཁན་པོ་ཆོས་རྒྱལ་སྐྱོང་།

༢༠༽ བལ་པོ་བ་སུ་དྷ་ར།

༢༡༽ བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས།

༢༢༽ གནུབས་ཆེན་སངས་རྒྱས་ཡེ་ཤེས།

༢༣༽ ཁུ་ལུང་པ་ཡོན་ཏན་རྒྱ་མཚོ།

༢༤༽ གཅེན་ཡེ་ཤེས་རྒྱ་མཚོ།

༢༥༽ རྒྱ་སྟོན་བློ་གྲོས་བྱང་ཆུབ།

༢༦༽ ཐོད་གར་ནམ་མཁའ་ལྡེ།

༢༧༽ ལྷ་རྗེ་ཟུར་ཆེན་ཤཱཀྱ་འབྱུང་གནས།

༢༨༽ ཟུར་ཆུང་ཤེས་རབ་གྲགས་པ།

༢༩༽ ཡང་ཁྱེད་བླ་མ།

༣༠༽ གསང་བདག་སྒྲོ་ཕུག་པ་ཆེན་པོ།

༣༡༽ ལྷ་རྗེ་འགར་སྟོན་པ།

༣༢༽ སྲེགས་སྟོན་རྡོ་རྗེ་རྒྱལ་མཚན།

༣༣༽ གླན་སྟོན་ཆེན་པོ་རྡོ་རྗེ་འོད།

༣༤༽ གླན་བརྩོན་འགྲུས་སེང་གེ།

༣༥༽ ལྷ་རྗེ་ལྷ་འབུམ་པ།

༣༦༽ གླན་ཆོས་ཀྱི་སེང་གེ།

༣༧༽ གླན་སྟོན་སངས་རྒྱས་དཔལ།

༣༨༽ གླན་སྟོན་བསོད་ནམས་མགོན་པོ།

༣༩༽ སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ།

༤༠༽ སངས་རྒྱས་རིན་ཆེན་རྒྱལ་མཚན།

༤༡༽ ཞང་སྟོན་ནམ་མཁའ་རྡོ་རྗེ།

༤༢༽ ཤ་མི་རྡོ་རྗེ་རྒྱལ་མཚན།

༤༣༽ རིག་འཛིན་གཡུ་འབྲུག་རྡོ་རྗེ།

༤༤༽ སོག་བཟློག་པ་བློ་གྲོས་རྒྱལ་མཚན།

༤༥༽ ལོ་ཆེན་གཞན་ཕན་རྡོ་རྗེ།

༤༦༽ གསང་བདག་ཕྲིན་ལས་ལྷུན་གྲུབ།

༤༧༽ ལོ་ཆེན་ཆོས་རྒྱལ་བསྟན་འཛིན།

༤༨༽ རིགས་སྲས་པདྨ་འགྱུར་མེད་རྒྱ་མཚོ།

༤༩༽ ཨོ་རྒྱན་བསྟན་འཛིན་རྡོ་རྗེ།

༥༠༽ རྒྱལ་སྲས་རིག་འཛིན་བཟང་པོ།

༥༡༽ སེང་ཕྲུག་པདྨ་བཀྲ་ཤིས།

༥༢༽ རྒྱལ་སྲས་གཞན་ཕན་མཐའ་ཡས།

༥༣༽ མཁན་ཆེན་པདྨ་བཛྲ།

༥༤༽ ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།

༥༥༽ མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༥༦༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

(༨) རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སེམས་སྡེའི་བརྒྱུད་པ།

༡༽ ཆོས་སྐུ་ཀུན་ཏུ་བཟང་པོ།

༢༽ ལོངས་སྐུ་རྡོ་རྗེ་སེམས་དཔའ།

༣༽ སྤྲུལ་སྐུ་དགའ་རབ་རྡོ་རྗེ།

༤༽ སློབ་དཔོན་འཇམ་དཔལ་བཤེས་གཉེན།

༥༽ རིག་འཛིན་ཤྲཱི་སེང་ཧ།

༦༽ ལོ་ཆེན་བཻ་རོ་ཙ་ན།

༧༽ རྒྱལ་མོ་གཡུ་སྒྲ་སྙིང་པོ།

༨༽ གཉགས་ཛྙ་ན་ཀུ་མཱ་ར།

༩༽ སོག་པོ་དཔལ་གྱི་ཡེ་ཤེས།

༡༠༽ གནུབས་ཆེན་སངས་རྒྱས་ཡེ་ཤེས།

༡༡༽ གནུབས་ཡོན་ཏན་རྒྱ་མཚོ།

༡༢༽ ཉང་ཤེས་རབ་མཆོག་ལྡན།

༡༣༽ ཉང་ཡེ་ཤེས་འབྱུང་གནས།

༡༤༽ བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས།

༡༥༽ ཟུར་ཆུང་ཤེས་རབ་གྲགས་པ།

༡༦༽ སྐྱོ་སྟོན་ཤཱཀྱ་ཡེ་ཤེས།

༡༧༽ ལྷ་རྗེ་སྒྲོ་ཕུག་པ་ཤཱཀྱ་སེང་གེ།

༡༨༽ ལྕེ་སྟོན་རྒྱ་ནག

༡༩༽ གྲུབ་ཆེན་དབུས་པ་ཞིག་པོ།

༢༠༽ ཞིག་པོ་བདུད་རྩི།

༢༡༽ རྟ་སྟོན་ཡེ་ཇོ།

༢༢༽ རྟ་སྟོན་གཟི་བརྗིད།

༢༣༽ དམ་པ་སངས་རྒྱས།

༢༤༽ མཉམ་མེད་སྤྲུལ་སྐུ།

༢༥༽ ཟུར་བྱམས་པ་སེང་གེ།

༢༦༽ མ་གཅིག་ཟུར་མོ།

༢༧༽ མཁས་བཙུན་སངས་རྒྱས་དཔལ།

༢༨༽ སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ།

༢༩༽ ཆོས་རྗེ་སངས་རྒྱས་རིན་ཆེན།

༣༠༽ ཤངས་མདའི་རྒྱལ་སྲས།

༣༡༽ གྲུབ་མཆོག་གྲགས་པ་དཔལ་འབྱོར།

༣༢༽ རྟ་ནག་མཁན་པོ་བློ་གྲོས་རབ་ཡངས།

༣༣༽ བླ་མ་སྒྲུབ་ཆེན་པ།

༣༤༽ སོག་བཟློག་པ་བློ་གྲོས་རྒྱལ་མཚན།

༣༥༽ ལོ་ཆེན་གཞན་ཕན་རྡོ་རྗེ།

༣༦༽ རིག་འཛིན་ཕྲིན་ལས་ལྷུན་གྲུབ།

༣༧༽ གཏེར་ཆེན་འགྱུར་མེད་རྡོ་རྗེ།

༣༨༽ ངག་དབང་ཆོས་དཔལ་རྒྱ་མཚོ།

༣༩༽ རྒྱལ་སྲས་རིན་ཆེན་རྣམ་རྒྱལ།

༤༠༽ པདྨ་བསྟན་འཛིན།

༤༡༽ ཨོ་རྒྱན་ཀློང་ཡངས།

༤༢༽ རིག་འཛིན་འཇིགས་མེད་གླིང་པ།

༤༣༽ རྡོ་གྲུབ་ཀུན་བཟང་གཞན་ཕན།

༤༤༽ མི་འགྱུར་ནམ་མཁའི་རྡོ་རྗེ།

༤༥༽ རྒྱལ་སྲས་གཞན་ཕན་མཐའ་ཡས།

༤༦༽ མཁན་ཆེན་པདྨ་བཛྲ།

༤༧༽ ཨོ་རྒྱན་བསྟན་འཛིན་ནོར་བུ།

༤༨༽ མཁན་ཆེན་གཞན་ཕན་སྣང་བ།

༤༩༽ ཡབ་རྗེ་ངག་དབང་ནོར་བུ།

༥༠༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

(༩) རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཀློང་སྡེའི་བརྒྱུད་པ།

༡༽ ཆོས་སྐུ་ཀུན་ཏུ་བཟང་པོ།

༢༽ ལོངས་སྐུ་རྡོ་རྗེ་སེམས་དཔའ།

༣༽ སྤྲུལ་སྐུ་དགའ་རབ་རྡོ་རྗེ།

༤༽ སློབ་དཔོན་འཇམ་དཔལ་བཤེས་གཉེན།

༥༽ རིག་འཛིན་ཤྲཱི་སེང་ཧ།

༦༽ ལོ་ཆེན་བཻ་རོ་ཙ་ན།

༧༽ སྤང་རྒན་མི་ཕམ་མགོན་པོ།

༨༽ ངན་ལམ་བྱང་ཆུབ་རྒྱལ་མཚན།

༩༽ ཟ་དམ་རིན་ཆེན་དབྱིག

༡༠༽ ཁུ་འགྱུར་གསལ་བ།

༡༡༽ ཉང་བྱང་ཆུབ་གྲགས།

༡༢༽ ཉང་ཤེས་རབ་འབྱུང་གནས།

༡༣༽ སྦ་སྒོམ་ཡེ་ཤེས་བྱང་ཆུབ།

༡༤༽ འཛེངས་དྷརྨ་བོ་དྷི།

༡༥༽ འཛེངས་ཇོ་སྲས།

༡༦༽ སྐྱེ་ཚེ་ཡེ་ཤེས་དབང་ཕྱུག་ལ་བཤད།

༡༧༽ གཟིག་ཡེ་ཤེས་དབང་པོ།

༡༨༽ མཁན་ཆེན་ངུར་པ།

༡༩༽ དུ་སྟོན་བཛྲ་ཤྭ་ར།

༢༠༽ མཁན་ཆེན་བསོད་ནམས་རྒྱལ་མཚན།

༢༡༽ མཁན་ཆེན་གཞོན་ནུ་ཤེས་རབ།

༢༢༽ སློབ་དཔོན་གཞོན་ནུ་གྲགས་པ།

༢༣༽ མཁན་ཆེན་སངས་རྒྱས་བཟང་པོ།

༢༤༽ བླ་མ་བརྩོན་འགྲུས་དབང་ཕྱུག

༢༥༽ མཐའ་བཞི་གྲགས་པ་རིན་ཆེན།

༢༦༽ སློབ་དཔོན་ཤཱཀྱ་རྒྱལ་པོ།

༢༧༽ འགོས་ལོ་གཞོན་ནུ་དཔལ།

༢༨༽ སྤྱན་སྔ་བ་ཆོས་ཀྱི་གྲགས་པ།

༢༩༽ ཤེལ་བྲག་པ་ཆོས་ཀྱི་བློ་གྲོས།

༣༠༽ ཁྱུང་ཚང་བ་བློ་གྲོས་དཔལ་ལྡན།

༣༡༽ དཔང་སྟོན་ཀརྨ་གུ་རུ་པ།

༣༢༽ དཔང་སྟོན་ཆོས་དབང་ལྷུན་གྲུབ།

༣༣༽ ཆོས་དབང་ཀུན་བཟང་།

༣༤༽ དཔང་སྟོན་ཀུན་བཟང་ཆོས་རྒྱལ།

༣༥༽ རིག་འཛིན་གཏེར་བདག་གླིང་པ།

༣༦༽ རྒྱལ་སྲས་རིན་ཆེན་རྣམ་རྒྱལ།

༣༧༽ ཁྲི་ཆེན་འགྱུར་མེད་པདྨ་བསྟན་འཛིན།

༣༨༽ ཨོ་རྒྱན་བསྟན་འཛིན་རྡོ་རྗེ།

༣༩༽ མཁན་ཆེན་རིག་འཛིན་བཟང་པོ།

༤༠༽ མཁན་ཆེན་པདྨ་བཀྲ་ཤིས།

༤༡༽ རྒྱལ་སྲས་གཞན་ཕན་མཐའ་ཡས།

༤༢༽ མཁས་གྲུབ་པདྨ་བཛྲ།

༤༣༽ མཁན་ཆེན་ཨོ་རྒྱན་བསྟན་འཛིན་ནོར་བུ།

༤༤༽ མཁན་ཆེན་ཡོན་ཏན་རྒྱ་མཚོ།

༤༥༽ མཁན་ཀུན་བཟང་དཔལ་ལྡན།

༤༦༽ མཁས་མཆོག་ངག་དབང་ནོར་བུ།

༤༧༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

(༡༠) མན་ངག་རྫོགས་པ་ཆེན་པོ་བཱི་མ་སྙིང་ཐིག་གི་བརྒྱུད་པ།

༡༽ ཆོས་སྐུ་ཀུན་ཏུ་བཟང་པོ།

༢༽ ལོངས་སྐུ་རྡོ་རྗེ་སེམས་དཔའ།

༣༽ སྤྲུལ་སྐུ་དགའ་རབ་རྡོ་རྗེ།

༤༽ སློབ་དཔོན་འཇམ་དཔལ་བཤེས་གཉེན།

༥༽ རིག་འཛིན་ཤྲཱི་སེང་ཧ།

༦༽ སློབ་དཔོན་ཛྙཱ་ན་སཱུ་ཏྲ།

༧༽ པཎ་ཆེན་བཱི་མ་མི་ཏྲ།

༨༽ ཉང་བན་ཏིང་འཛིན་བཟང་པོ།

༩༽ སྦས་བློ་གྲོས་དབང་ཕྱུག

༡༠༽ འབྲོམ་རིན་ཆེན་འབར།

༡༡༽ གནས་བརྟན་ལྡང་མ་ལྷུན་གྲུབ་རྒྱལ་མཚན།

༡༢༽ ལྕེ་བཙུན་སེང་གེ་དབང་ཕྱུག

༡༣༽ སྤྲུལ་སྐུ་རྒྱལ་བ་ཞང་སྟོན་པ།

༡༤༽ མཁས་པ་གུ་རུ་ཉི་འབུམ།

༡༥༽ ཆོས་བདག་གུ་རུ་ཇོ་འབེར།

༡༦༽ འཁྲུལ་ཞིག་སེང་གེ་རྒྱབ་པ།

༡༧༽ གྲུབ་ཆེན་མེ་ལོང་རྡོ་རྗེ།

༡༨༽ རིག་འཛིན་ཀུ་མཱ་རཱ་ཛ།

༡༩༽ རྒྱལ་དབང་ཀློང་ཆེན་པ།

༢༠༽ ཀུན་མཁྱེན་འཇིགས་མེད་གླིང་པ།

༢༡༽ རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

༢༢༽ རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།

༢༣༽ ཨོ་རྒྱན་བསྟན་འཛིན་ནོར་བུ།

༢༤༽ མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ།

༢༥༽ མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ།

༢༦༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

(༡༡) མན་ངག་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པ།

༡༽ ཆོས་སྐུ་ཀུན་ཏུ་བཟང་པོ།

༢༽ ལོངས་སྐུ་རྡོ་རྗེ་སེམས་དཔའ།

༣༽ སྤྲུལ་སྐུ་དགའ་རབ་རྡོ་རྗེ།

༤༽ སློབ་དཔོན་འཇམ་དཔལ་བཤེས་གཉེན།

༥༽ རིག་འཛིན་ཤྲཱི་སེང་ཧ།

༦༽ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས།

༧༽ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།

༨༽ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།

༩༽ ལྷ་ལྕམ་པདྨ་གསལ།

༡༠༽ གཏེར་སྟོན་པདྨ་ལས་འབྲེལ་རྩལ།

༡༡༽ ཤྭ་བན་རྒྱལ་སྲས་ལེགས་ལྡན།

༡༢༽ རྒྱལ་དབང་ཀློང་ཆེན་པ།

༡༣༽ རྒྱལ་བ་ཡེ་ཤེས་རབ་འབྱམས།

༡༤༽ འཁྲུལ་ཞིག་བསམ་གཏན་བཟང་པོ།

༡༥༽ གྲུབ་ཆེན་སྦྱིན་པ་བཟང་པོ།

༡༦༽ རྫོགས་ཆེན་པ་ཤཱཀྱའི་མཚན་ཅན།

༡༧༽ རྫོགས་ཆེན་པ་བསོད་ནམས་རིན་ཆེན།

༡༨༽ བྱ་ཁྱུང་པ་ཀུན་མཁྱེན་ངག་དབང་པདྨ།

༡༩༽ རྫོགས་ཆེན་པ་བསོད་ནམས་དབང་པོ།

༢༠༽ རིག་འཛིན་ཆོས་ཀྱི་རྒྱ་མཚོ།

༢༡༽ རྫོགས་ཆེན་པ་པདྨ་རིག་འཛིན།

༢༢༽ དཔོན་སློབ་ནམ་མཁའ་འོད་གསལ།

༢༣༽ འགྱུར་མེད་ཐེག་མཆོག་བསྟན་འཛིན།

༢༤༽ རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ།

༢༥༽ མི་འགྱུར་ནམ་མཁའི་རྡོ་རྗེ།

༢༦༽ ཨོ་རྒྱན་བསྟན་འཛིན་ནོར་བུ།

༢༧༽ མཁས་མཆོག་གཞན་ཕན་སྣང་བ།

༢༨༽ འཇིགས་མེད་ཡོན་ཏན་མགོན་པོ།

༢༩༽ ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན།

མདོ་ཁམས་རུ་དམ་ལུང་གི་གནས་ཡིག་སྐོར།

གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་རུ་དམ་གནས་ཡིག་བཞུགས་སོ། །

མཁའ་སྤྱོད་ས་ལ་འཕོས་པ་བདེ་ཆེན་ཞིང་། །ཀོང་ཡུལ་པདྨ་བཀོད་ཀྱི་གནས་བཟང་དེའི། །ཆ་ལག་རུ་དམ་སྐྱིད་ཁྲམ་ལུང་པ་ནི། །རི་དབྱིབས་པདྨ་ཁ་ཕྱེས་ལྟ་བུ་ལ། །རྒྱབ་མདུན་དར་དཀར་ཡོལ་བ་དཀྲིས་པ་འདྲ། །ཤར་ཕྱོགས་ཐང་ལ་རྟ་མཆོག་འདྲ་བའི་བྲག །གུ་རུ་ཐོད་ཕྲེང་སྡེ་ལྔའི་རང་བྱོན་ཡོད། །གནས་དེའི་བྱང་ཤར་ཚེས་བརྒྱད་འདྲ་བའི་བྲག །གནོད་སྦྱིན་འབར་བ་སྤུན་བདུན་ཕོ་བྲང་ཡོད། །མདུན་དུ་རྩི་ཤིང་དམར་པོ་ཡལ་འདབ་ལྡན། །དབྱར་དུས་ཁྲག་གི་རྒྱ་མཚོ་ཅུང་ཟད་འཁྱིལ། །ཀླུ་བཙན་མངོན་དུ་རྒྱུ་བའི་ར་གཞོབ་འཐུལ། །ལྷོ་ངོས་གངས་རི་ལྷུན་ཆགས་ངོས་དཀྱིལ་གྱི། །བྲག་ལ་རྗེ་བཙུན་སྒྲོལ་མ་དངོས་སུ་བཞུགས། །མེ་ལྷའི་མཚམས་སུ་འཇམ་དཔལ་གཤིན་རྗེ་ཡི། །ཕོ་བྲང་ངོས་ལ་དེའི་འདབས་འབབ་ཆུའི་རྒྱུན། །གངས་ཆུ་ཤུགས་དྲག་ལྡན་པ་བདུད་རྩིའི་ཆུ། །གཤིན་རྗེའི་དྲག་སྔགས་དུ་ཏྲི་པུ་ཏྲི་དང་། །ཡ་མ་རཱ་ཛ་ཡ་མ་རཀྴ་སྒྲོགས། །དྲང་སྲོང་མཉམ་བཞག་ལྟ་བུའི་སྒྲུབ་སྡེ་ཆགས། །འདབས་སུ་སྨན་བཙུན་མཁའ་འགྲོའི་ཕོ་བྲང་ཡོད། །ནུབ་བྱ་རི་བོང་རྣ་བ་སྦྲེལ་འདྲའི་བྲག །སྤྱན་རས་གཟིགས་དང་སྒྲོལ་མ་དཀར་མོའི་སྐུ། །རང་བྱོན་གཟུངས་སྔགས་མ་ཎི་འབྲུ་དྲུག་དང་། །ཨཪྱ་ཏ་རེ་བྲག་གི་སྡེབ་གཉིས་ཡོད། །བྱང་ཕྱོགས་རླུང་ལྷ་གནས་པའི་ཕ་བོང་བདུན། །རྣམ་སྲས་འཛམ་ལྷའི་ཕོ་བྲང་དངོས་ཡིན་ཀྱང་། །དམ་ཅན་རྡོར་ལེགས་ཆོས་རྒྱལ་སྐུ་ལྔ་སོགས། །རང་བྱོན་བྲག་གི་ངོ་ལ་གསལ་དོད་ཡོད། །འདབས་སུ་འབབ་ཆུའི་སྒྲ་ལ་བཻ་ཤྲཱི་སྒྲོགས། །ཡུལ་དབུས་ཨོ་རྒྱན་བསམ་གཏན་ཆོས་ཀྱི་གླིང་། །སྟེང་ན་རྩ་གསུམ་མཁའ་འགྲོ་སྤྲིན་ལྟར་གཏིབ། །བར་ན་མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབ། །གཤམ་ན་བསྟན་བསྲུང་ཐམས་ཅད་གློག་ལྟར་འཁྱུག །མདོ་སྔགས་བཤད་སྒྲུབ་ཆོས་སྒྲའི་གླུ་དབྱངས་ལེན། །དེ་འདྲའི་གནས་ཀྱི་བཀོད་པ་ངོ་མཚར་བ། །བསམ་མི་ཁྱབ་ཀྱང་མདོར་བསྡུས་ཙམ་ཞིག་བཀོད། །འདི་ལ་ཕྱག་བསྐོར་བྱས་པའི་ཕན་ཡོན་ནི། །དད་མོས་ཅན་གྱིས་སྟོང་ཕྲག་གཅིག་བསྐོར་བ། །དུང་ཕྱུར་གཅིག་ཏུ་འགྱུར་ཞིང་ལས་སྒྲིབ་དག །དངུལ་དཀར་མེ་ལོང་བག་རྡུལ་ཕྱིས་པ་འདྲ། །ཕྱི་མ་སྐུ་གསུམ་ཞིང་ཁམས་མངོན་སུམ་མཐོང་། །གླིང་བསྐོར་ཕན་ཡོན་དེ་འདྲར་ཤེས་པར་གྱིས། །དུས་བཟང་རྣམས་སུ་མཐའ་བསྐོར་སུམ་བརྒྱ་ལ། །གོང་གི་འགྱུར་ཡོད་དེ་འདྲ་སྙིང་ལ་ཞོག །གཙུག་ལག་ཁང་དངོས་འདི་ལ་སྟོང་བསྐོར་གཉིས། །དུང་ཕྱུར་འགྱུར་ཡོད་ཉྭ་སྟོང་བརྒྱད་གསུམ་དང་། །ཆོ་འཕྲུལ་དུས་ཆེན་ཤར་ཚེ་བརྒྱ་བསྐོར་གསུམ། །དཱེ་ཝི་ཀོ་ཊ་བསྐོར་དང་ཁྱད་པར་མེད། །སྤྱིར་ན་ལྔ་བདོའི་སྡིག་སྒྲིབ་རྐྱེན་གོས་རྣམས། །ངེས་བསལ་ཕྱིར་དུ་དམ་སྡོམ་གཙང་མ་ཡིས། །སྨེ་བརྩེགས་རྣམ་འཇོམས་རི་ཁྲུས་ལྷ་བསང་སོགས། །འབད་ན་འཕྲལ་ཕུག་ཡ་མཚན་རིམ་བཞིན་གསལ། །དད་མོས་ཅན་གྱི་དགེ་ལེགས་རེ་བསྐོང་ཕྱིར། །ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་བྲིས། །འབྲེལ་ཚད་སྒྲིབ་སྦྱང་སྐུ་གསུམ་མངོན་གྱུར་ཤོག །མངྒ་ལཾ། །

གཏེར་ཆེན་མཆོག་གྱུར་གླིང་པའི་རུ་དམ་གནས་ཀྱི་མདོ་བྱང་།

ན་མོ་གུ་རུ༔ ཆུ་ཕོ་སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་དག་པའི་འཁོར་དུ་མ་དང་བཅས་པ༔ རུ་དམ་གངས་ཀྱི་ར་བའི་དབུས་ཀྱི་ནེའུ་སེང་དུ་དར་གྱི་གུར་ཕུབས༔ རིན་པོ་ཆེའི་ཁྲི་ལ་བཞུགས༔ ཟ་འོག་གི་ན་བཟའ་སྣ་ཚོགས་གསོལ༔ ཞལ་ཟས་དུ་མའི་མཆོད་པ་ཡེ་ཤེས་ཀྱིས་བདུད་རྩིར་བྱིན་གྱིས་བརླབས༔ ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཚོགས་མཚན་ལྡན་མང་པོས་ཚོགས་ཀྱི་འཁོར་ལོར་རོལ་བའི་ངོ་མཚར་བདེ་གཤེགས་ཀུན་འདུས་ཀྱི་ཚོམ་བུའི་སྒྲུབ་པ་མཛད་པའི་ཚེ༔ འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ༔ ཀྱེ་དུས་གསུམ་རྒྱལ་བ་ཀུན་འདུས་རྗེ༔ ཡེ་ཤེས་སྤྱན་གྱིས་གཟིགས་པ་དགོངས་སུ་གསོལ༔ ཉིད་ཀྱིས་ཞབས་བཅགས་སྒྲུབ་པའི་གནས་སུ་གཟིགས༔ དཔལ་དང་ལྡན་པའི་ཕུན་སུམ་ཚོགས་པའི་གནས༔ འདི་ཡི་བྱུང་ཚུལ་ལོ་རྒྱུས་ཡོན་ཏན་དང༔ མ་འོངས་དུས་སུ་ཇི་ལྟར་འབྱུང་བ་རྣམས༔ ད་ལྟ་བཞུགས་དང་མ་འོངས་འབྱུང་འགྱུར་གྱི༔ སྒྲུབ་པ་པོ་ལ་ངེས་ཤེས་སྤྲོ་བསྐྱེད་ཕྱིར༔ སྤྱན་ལྔ་ལྡན་པ་ཉིད་ཀྱིས་གསུང་དུ་གསོལ༔ ཞུས་པས་གུ་རུ་ཉིད་ཀྱིས་བཀའ་བསྩལ་པ༔ ཀྱཻ་ཉོན་གཅིག་སྐལ་ལྡན་འཁོར༔ རིག་པ་འཛིན་པ་ཕོ་མོ་རྣམས༔ ཕུན་སུམ་ཚོགས་པའི་སྒྲུབ་པ་ནི༔ ཕུན་སུམ་ཚོགས་པའི་གནས་སུ་བསྒྲུབ༔ ཕུན་སུམ་ཚོགས་པའི་འབྲས་བུ་རྣམས༔ ཕུན་སུམ་ཚོགས་པ་ལྔ་ལས་འབྱུང༔ དེ་ལས་གནས་ཀྱི་ཕུན་ཚོགས་ནི༔ ཐོག་མ་ཉིད་དུ་རྒྱལ་བས་གསུངས༔ བསྒྲུབ་པའི་གནས་དེ་མ་ལེགས་ན༔ སྒྲུབ་པ་ཐམས་ཅད་དོན་མེད་འགྱུར༔ བསྒྲུབ་པའི་གནས་ཀྱི་མཆོག་རྣམས་ལ༔ བསྒྲུབས་ན་དངོས་གྲུབ་འབད་མེད་འགྲུབ༔ ས་ཕྱོགས་ཕལ་ལ་སྒྲུབ་པ་བས༔ ཕུན་ཚོགས་གནས་སུ་འབུམ་གྱིས་ལྷག༔ ཕུན་སུམ་ཚོགས་པའི་གནས་དེ་ནི༔ ཨུ་དམ་ཝཱ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ལ་ནི་རེ་རེ་ཙམ༔ འདི་ནི་གནས་མཆོག་ཕུན་སུམ་ཚོགས༔ དང་པོ་ལོ་རྒྱུས་བྱུང་ཚུལ་བཤད༔ ཆོས་སྐུའི་གནས་མཆོག་ཆོས་ཀྱི་དབྱིངས༔ རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ༔ ལོངས་སྤྱོད་རབ་རྫོགས་སྟུག་པོ་བཀོད༔ ཡེ་ཤེས་གཟུགས་ཀྱི་ལྷ་རྣམས་ཀྱི༔ ཆ་ལུགས་ཕྱག་མཚན་ཆ་ཤས་ལས༔ སྤྲུལ་པའི་ཞིང་ཁམས་འབུམ་འབུམ་གནས༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་རྣམས༔ མཁའ་ལ་རླུང་རྟེན་དེ་ལ་ཆུ༔ དབང་ཆེན་གསེར་གྱི་ས་གཞིའི་སྟེང༔ ལྷུན་པོ་རི་རབ་རོལ་བའི་མཚོ༔ འགྲོ་བ་དྲུག་པོ་ཆགས་པའི་གནས༔ རྟ་གདོང་མེ་དང་བཅས་པ་ནི༔ སོ་སོའི་སྐྱེ་བོས་མ་དག་མཐོང༔ འཕགས་པའི་ཡེ་ཤེས་རོལ་བ་དང༔ དོན་ལ་ཡུམ་ལྔའི་རང་བཞིན་ཡིན༔ ཤཱཀྱའི་སྐྱེས་མཆོག་ཐུབ་པའི་ཞིང༔ འཛམ་གླིང་འདི་རུ་ཡུལ་ཆེན་དྲུག༔ དཔལ་ལྡན་ས་ཡི་ཐིག་ལེ་ཆེ༔ ཚོགས་ཀྱི་འདུ་བ་ཉེར་བཞིའི་གླིང༔ དུར་ཁྲོད་ཆེན་པོ་བརྒྱད་དང་བཅས༔ ཁྱད་པར་རི་མཐོ་ས་གཙང་བ༔ གངས་ཅན་བོད་ཀྱི་ཡུལ་འདི་རུ༔ སྟོན་པས་ཞབས་ཀྱིས་མ་བཅག་ཀྱང༔ སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རླབས༔ གངས་རི་ཉི་ཤུ་རྩ་གཅིག་ལ༔ འཕགས་པ་འཁོར་བཅས་དངོས་སུ་བཞུགས༔ གནས་མཆོག་ཀུན་གྱི་རྩ་བ་ཡིན༔ ཨོ་རྒྱན་སློབ་དཔོན་པདྨ་ངས༔ སྒྲུབ་པ་ཟབ་མོ་མང་དུ་བགྱིས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ བླ་མ་ཡི་དམ་མ་ལུས་པ༔ མཐའ་ཡས་སྤྱན་དྲངས་བཞུགས་སུ་གསོལ༔ མཁའ་འགྲོ་རྣམས་ལ་གཉེར་གཏད་ཅིང༔ དམ་ཅན་ཆོས་སྐྱོང་སྲུང་མར་བསྐོས༔ ཟབ་མོའི་གཏེར་ཁ་མང་དུ་སྦས༔ ཞལ་བྱང་གནས་ཡིག་དཀར་ཆག་བཏབ༔ འབྱེད་པའི་སྐྱེས་བུ་ལས་ཅན་བཅས༔ མཐའ་རྒྱས་མ་ཚང་མེད་པ་བྱས༔ ཀུན་ཏུ་བཟང་པོས་བྱིན་བརླབས་པའི༔ ཆོས་དབྱིངས་ནམ་མཁའི་གནས་སུ་ཆགས༔ ལོངས་སྤྱོད་རྫོགས་སྐུས་བྱིན་བརླབས་པའི༔ འབྱུང་བའི་བཅུད་རྣམས་འདུས་པ་ལས༔ ནམ་མཁའི་བཅུད་འདུས་རྩལ་གདང་ནི༔ དྲག་ཏུ་མཐིང་ཀ་ཁྱབ་པ་ཆེ༔ རྒྱ་ཆེ་དྭངས་ལ་ཟབ་པ་འོད༔ ས་ཡིི་བཅུད་འདུས་གངས་ཅན་རི༔ ཆུ་ཡི་བཅུད་འདུས་གཏན་འཁྱིལ་མཚོ༔ མེ་ཡི་བཅུད་འདུས་དྲོད་ཆེན་འབར༔ དབྱར་བསིལ་གངས་ཁྲོད་ཡིན་ན་ཡང༔ དགུན་དུས་ས་མིག་ཁེངས་པ་མེད༔ རླུང་བཅུད་ནགས་ལྗོན་འབྲས་ལྡན་ཞིང༔ སྨན་གྱི་རིགས་རྣམས་ཐམས་ཅད་རྒྱས༔ དེ་ལྟར་གནས་ཀྱི་བྱུང་ཚུལ་ལོ༔ ས་མ་ཡ༔ གཉིས་པ་གནས་ཀྱི་ཡོན་ཏན་ནི༔ གངས་རི་འགྱུར་མེད་ཆོས་ཀྱི་སྐུ༔ གཡུ་མཚོ་གཏན་འཁྱིལ་ལོངས་སྤྱོད་རྫོགས༔ བྲག་རི་གཡའ་སྤངས་ནགས་ཁྲོད་སོགས༔ ཇི་ལྟར་འདོད་པ་སྤྲུལ་བའི་སྐུ༔ གཙོ་བོ་སྐུ་ཡི་གནས་ཡིན་ཕྱིར༔ ཀུན་ཏུ་བཟང་པོ་ཡབ་དང་ཡུམ༔ དེ་བཞིན་རྣམ་སྣང་རྡོ་རྗེ་སེམས༔ རིགས་ལྔའི་རང་བཞིན་སྐུ་ཡི་གནས༔ ཤེལ་གྱི་གུར་ཕུག་འདྲ་བ་ལྔ༔ ཡབ་ཡུམ་སྐུ་ཡང་གསལ་བར་ཤར༔ བྱང་ཆུབ་སེམས་དཔའ་རིགས་གསུམ་མགོན༔ སྐུ་མཆོག་གསལ་བའི་གངས་རི་གསུམ༔ རྩེ་རྒྱས་དཔལ་བཤོས་བསླང་བ་འདྲ༔ ལུང་ཆེན་ཉི་ཤུ་ལུང་ཕྲན་བརྒྱད༔ དམ་པ་རིགས་བརྒྱའི་དཀྱིལ་འཁོར་རྫོགས༔ གབ་ཅིང་སྦས་པའི་ལུང་པ་བཅུ༔ ཀླ་ཀློ་གདུག་པ་འཐིབ་པའི་ཚེ༔ སྙིང་ནས་ཆོས་བྱེད་དགའ་བའི་གནས༔ དབུས་ཕྱོགས་རུ་ཡི་ལུང་པ་རུ༔ རིག་འཛིན་བླ་མ་སྤྲིན་ལྟར་གཏིབ༔ དབང་ཆེན་རྟ་ཡི་ལུང་པ་རུ༔ རུ་ཏྲ་བསྒྲལ་བའི་བཀོད་པ་ཚང༔ གསང་སྔགས་བསྟན་པ་འབྱུང་བའི་གནས༔ བྱང་ཕྱོགས་མཁའ་འགྲོའི་ལུང་པ་རུ༔ རྡོ་རྗེ་ཕག་མོ་རིགས་ལྔ་བཞུགས༔ དཔའ་བོ་མཁའ་འགྲོ་འདུ་བའི་གླིང༔ ཤར་ཕྱོགས་རྔམ་ཁྲོའི་ལུང་པ་རུ༔ སྒོ་སྲུང་ཁྲོ་བོ་ལས་ལ་རྔམ༔ ཡི་དམ་དཔལ་ཆེན་ཁྲོ་རྒྱལ་རྣམས༔ གར་དགུའི་རོལ་བས་དབུས་ནས་འགྱིངས༔ གུ་རུ་པདྨ་འབྱུངགནས་བདག༔ བདེ་ཆེན་ཚོགས་ལ་རོལ་བ་ཡི༔ རྫུ་འཕྲུལ་གར་གྱིས་ཞབས་བརྡབས་པས༔ མཐོང་བས་སྣང་བ་འགྱུར་བའི་མཚོ༔ བསྒྲུབས་པས་ཡེ་ཤེས་བསྐྱེད་པར་བྱེད༔ མཁའ་འགྲོ་འདུ་བའི་མཚོ་གླིང་གི༔ གླུ་ཡི་ཕོ་བྲང་ཆེན་པོའི་རྩེར༔ མི་འགྱུར་རྟགས་སུ་ཕ་བོང་བཞག༔ རིན་ཆེན་དབྱིབས་ཀྱི་ལུང་བ་རུ༔ རིན་ཆེན་ཤེལ་གྱི་ཕ་བོང་ཡོད༔ རྫོགས་ཆེན་བསྟན་པའི་རྩ་བར་གནས༔ བྱང་ཆུབ་ཤིང་གི་ལྗོན་པའི་ཚལ༔ དགོས་འདོད་འབྲས་བུ་སྣ་ཚོགས་འབྱུང༔ ཁྲོ་བོ་རོལ་བའི་ལུང་པ་རུ༔ བདུད་རྩི་ཁྲུས་ཆབ་འོ་མའི་མཚོ༔ བཏུང་ཞིང་ཁྲུས་བྱས་ཉོན་སྒྲིབ་སེལ༔ ཁྲོ་མོ་རོལ་བའི་ལུང་པ་རུ༔ རཀྟ་ཁྲག་གི་ཞམ་ཆུ་འབབས༔ ཆུ་བོས་ཧཱུྃ་དང་ཕཊ་སྒྲ་སྒྲོགས༔ ཕྱི་ནང་བར་ཆད་བགེགས་ཆེན་འཇོམས༔ ལྷོ་ཕྱོགས་གསང་བའི་ལུང་པ་རུ༔ དར་གྱི་ཡོལ་བ་བྲེས་འདྲའི་གངས༔ ཚེ་ཡི་བུམ་པ་འདྲ་བའི་བྲག༔ འཆི་མེད་ནགས་ཚལ་ལྷ་ཡི་ལྗོངས༔ གཡུ་མཚོ་གཏན་འཁྱིལ་ཚེ་ཡི་བཅུད༔ ལྗོན་པའི་ཤིང་མཆོག་ཚེ་ཡི་མདའ༔ ས་ཡི་ཐིག་ལེ་དཔལ་གྱི་རི༔ ནུབ་ཕྱོགས་མགོན་པོ་ཤྭ་ནཱའི་ལུང༔ ཞིང་སྐྱོང་སེང་གེའི་གདོང་ཅན་གནས༔ གཞན་ཡང་ཕྱོགས་བཞིའི་གངས་ཁྲོད་དུ༔ ཨོ་རྒྱན་ང་ཡི་སྒྲུབ་ཕུག་བཞི༔ ཨོ་རྒྱན་ང་ཡི་ཕྱག་རྗེས་རེ༔ མཁའ་འགྲོ་གནས་པའི་མཚོ་ཆུང་རེ༔ ཡི་དམ་ལྷ་ཡི་དཀྱིལ་འཁོར་རེ༔ ཡ་མཚན་ཅན་གྱི་གཏེར་ཆེན་རེ༔ འདོན་མི་རུང་བའི་བླ་གཏེར་བཞི༔ སུས་ཀྱང་འདོན་རུང་གཏེར་ཕྲན་བརྒྱད༔ འགྱུར་མེད་གངས་རི་ལྷུན་ཆགས་པ༔ བསྒོམས་ན་ལྟ་བའི་གདེང་ཆེན་རྙེད༔ ཆུ་བོ་ལྷང་ལྷང་རྔ་སྒྲ་སྒྲོགས༔ བསྒྲུབས་ན་སྔགས་ཀྱི་དངོས་གྲུབ་མྱུར༔ ལུང་ཁོག་ཡངས་ལ་རྩི་ཤིང་ཕྱུག༔ འཆད་ན་ཤེས་རབ་རྩལ་ཁ་རྒྱས༔ མཚོ་དང་ཆུ་ཀླུང་དྭངས་ཤིང་བསིལ༔ བརྟེན་ན་བློ་གྲོས་རབ་ཏུ་འཕེལ༔ ཆུ་བོ་ཡངས་ཤིང་རྒྱས་པ་ནི༔ སྨིན་བྱེད་དབང་གི་ཆུ་བོ་རྒྱས༔ དབྱིངས་ཕྱུག་གནས་པའི་མཚོ་ཆེན་ལ༔ བདེ་གཤེགས་ཞི་བའི་དཀྱིལ་འཁོར་བཞུགས༔ རིན་ཆེན་བྲག་ཞབས་བྱ་སྐྱིབ་ཁེང༔ བསྒོམས་ན་ཐོད་རྒལ་ཉམས་རྟོགས་འཆར༔ ཁྲོ་བོ་རོལ་བའི་ཕོ་བྲང་དུ༔ སྲ་འཁྲེག་རྡོ་ཡི་ལྡིང་ཁང་དུ༔ བསྒྲུབས་ན་བསྐྱེད་རིམ་ལྷག་པར་གསལ༔ ལྗོན་ཚལ་ཤིང་དྲུང་ཀེའེ་ཚང་དུ༔ བསྒྲུབས་ན་རྣལ་འབྱོར་མོས་གུས་འབར༔ མཁའ་འགྲོ་འདུ་བའི་ཆོས་འབྱུང་དུ༔ མ་མོ་མཁའ་འགྲོ་ཚོགས་སུ་འདུ༔ ནགས་ཁྲོད་སྦས་པའི་གསང་ཕུག་ཏུ༔ ཚོགས་ཀྱི་འདུ་བ་བདེ་ཆེན་ཁོལ༔ རུ་ཏྲ་དམ་སྲིའི་སྙིང་ཁྲག་རྣམས༔ དམར་ནག་རཀྟའི་རྒྱ་མཚོ་འཁྱིལ༔ དམ་ཅན་རྒྱ་མཚོ་ལས་ལ་འདུ༔ རྡོ་ཐུན་རྡོ་ཡི་སྒྲུབ་ཁང་དུ༔ བསྒྲུབས་ན་ཞིང་བཅུའི་སྲོག་གཅོད་འགྲུབ༔ དམ་སྲི་ཐམས་ཅད་དམ་ལ་བཏགས༔ ཚོགས་བསགས་ཡང་ཡང་བསྒྲུབས་པས་ན༔ དམ་སྲི་རྒྱུ་བའི་ལམ་ཆད་ནས༔ བོད་ཁམས་ཐམས་ཅད་རྒྱལ་བར་འགྱུར༔ འགྱུར་མེད་གངས་ཀྱི་ར་བས་བསྐོར༔ ནམ་མཁའི་ལྡིང་ཁང་མཐོ་ལ་དྭངས༔ གཏན་འཁྱིལ་རྒྱ་མཚོ་གཏིང་རིང་ཟབ༔ ཉམས་དང་རྟོགས་པ་འཆར་བའི་གནས༔ མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ༔ རྫ་བྲག་རྔམ་ལ་ན་བུན་འཐིབས༔ ཆུ་ཀླུང་དྲག་འབབས་འུར་སྒྲ་ཆེ༔ འབྲུག་སྒྲ་དྲག་པོ་གློག་འོད་འཁྱུགས༔ རྩལ་རྔམ་ཆེ་ཞིང་འཇིགས་རུང་པས༔ དམ་ཉམས་སྡིག་ཅན་སྐྲག་ཅིང་བྲོས༔ མཁའ་འགྲོ་གནས་ཀྱི་སྲུང་མ་ཡིན༔ ལོག་པར་སྤྱོད་ལ་ཆད་པ་འབེབས༔ དམ་ལྡན་རྟུལ་ཞུགས་ལྡན་པ་རྣམས༔ དང་པོ་སེམས་ལ་ཡ་ང་སྐྱེ༔ བར་དུ་བསྙེལ་མེད་གདེང་བསྐྱེད་ནས༔ ཐ་མ་ལུས་བདེ་རིག་པ་དྭངས༔ སྐྱོ་ཤས་ངེས་འབྱུང་ཐུགས་ལ་སྐྱེ༔ ཉམས་དང་རྟོགས་པའི་རྩལ་ཁ་རྒྱས༔ སློང་ཚད་རྟེན་འབྲེལ་འདིར་འགྲིགས་པས༔ རྟུལ་ཞུགས་ལྡན་པས་གནས་འདིར་འགྲིམ༔ ས་ཡི་བཅུད་འདུས་གཏན་ཆགས་གངས༔ ཆུ་ཡི་བཅུད་འདུས་གཏན་འཁྱིལ་མཚོ༔ མེ་རླུང་བཅུད་འདུས་རྩི་བཅུད་ལྡན༔ འཆི་མེད་བཅུད་ལེན་འགྲུབ་པའི་གནས༔ རི་བོ་ལྷུན་ཆགས་ནོར་བུ་ལྡན༔ ས་ཡི་བཅུད་ལྡན་སྟོབས་ཆེ་བས༔ ནོར་དང་ལོངས་སྤྱོད་འདི་རུ་འགྲུབ༔ ཕྱི་ལྟར་ཕུན་ཚོགས་བཀོད་པ་ཚོགས༔ ནང་ལྟར་རྒྱལ་བའི་དཀྱིལ་འཁོར་རྫོགས༔ གསང་བ་ཡེ་ཤེས་ལྔ་ཡི་ཞིང༔ ཡང་གསང་ཧེ་རུ་ཀ་ཡི་གྲོགས༔ བླ་མའི་མཆོད་སྡོང་འདི་ཡིན་པས༔ ལུས་ཀྱིས་ཕྱག་དང་བསྐོར་བ་དང༔ ངག་གིས་བསྟོད་ཅིང་བཟླས་པ་བྱེད༔ ཡིད་ཀྱིས་དད་ཅིང་མོས་པས་བརྟེན༔ དངོས་འབྱོར་ཡིད་ཀྱི་སྤྲུལ་པས་མཆོད༔ བྱ་བ་ཕྲིན་ལས་རྒྱ་ཆེར་སྤེལ༔ དེ་ལྟར་བཀུར་བསྟི་བགྱིས་གང་ལ༔ གནས་སྐབས་ནད་དང་གནོད་པ་ཞི༔ ཚེ་དང་བསོད་ནམས་ལོངས་སྤྱོད་འཕེལ༔ ཡིད་ལ་གང་འདོད་དབང་དུ་གྱུར༔ མཐར་ཐུག་སྒྲིབ་པ་ཀུན་བྱང་ནས༔ ཡེ་ཤེས་བླ་ན་མེད་པ་འཕེལ༔ གཞན་ཡང་འདི་ལ་བཤད་བྱས་ན༔ ཤར་དུ་སྐུ་མཆོག་རོལ་བའི་གནས༔ དེ་བཞིན་ཡེ་ཤེས་ཐུགས་ཀྱི་གནས༔ ཤར་ལྷོ་མ་མོ་རོལ་བའི་གནས༔ ལྷོ་རུ་བདུད་རྩི་རོལ་བའི་གནས༔ ལྷོ་ནུབ་རིག་འཛིན་རོལ་བའི་གནས༔ བྱང་ཤར་དྲག་སྔགས་སྒྲུབ་པའི་གནས༔ རིམ་པ་བཞིན་དུ་འཁོར་ལོ་དང༔ རྡོ་རྗེ་ཐོད་པའི་མཁར་བརྩིག་པ༔ བུམ་ཐོད་ཁ་ཊམ་ཌཱ་མ་རུ༔ མཁར་ཐབས་རྒྱ་གྲམ་ཕུར་བའི་དབྱིབས༔ རིན་ཆེན་མཚོན་ཆ་གཟེང་བ་འདྲ༔ གྲུབ་པའི་སློབ་དཔོན་ཆེན་པོ་དགུ༔ བཀའ་བབས་རིག་པ་འཛིན་པ་རྣམས༔ རྫུ་འཕྲུལ་གྱིས་བྱོན་སྒྲུབ་པའི་གནས༔ བསྒྲུབས་ན་རང་རང་དངོས་གྲུབ་འགྲུབ༔ ཡོན་ཏན་བརྗོད་པའི་རིམ་པའོ༔ ས་མ་ཡཱ༔

གསུམ་པ་མ་འོངས་པ་ཡི་དུས༔ ང་ཡི་རྫུ་འཕྲུལ་དུ་མ་ཡིས༔ གནས་འདིའི་བསྔགས་པ་བརྗོད་པར་བྱེད༔ གཡུང་དྲུང་བོན་གྱི་སྒྲུབ་གནས་བྱེད༔ ཤར་གྱི་ཐུགས་གཏེར་ལ་སྤྱོད་པའི༔ ལས་ཅན་སྐྱེས་བུ་འགྲོ་བ་འདུལ༔ རྡོ་རྗེ་ཅན་གྱི་མིང་ཅན་གྱིས༔ སིདྡྷིའི་མཚོ་ནས་དྲག་སྔགས་འབྱེད༔ མཁའ་འགྲོ་སྒྲུབ་པའི་སྙིང་པོ་ཡི༔ ཞལ་བྱང་འདི་ཉིད་ལོན་ནས་ཀྱང༔ བར་དུ་ཐུགས་གཏེར་སྣ་ཚོགས་འབྱེད༔ འབྲིང་དུ་སྒྲུབ་པའི་གནས་སུ་བྱེད༔ དེ་ནས་ལྷོ་ནས་ལས་ཅན་ཞིག༔ གློག་འགྱུ་བཞིན་དུ་ཞལ་བྱང་ལེན༔ སངས་རྒྱས་བསྟན་པ་ཡུན་དུ་བསྲིང༔ ཆོས་མཛད་ནམ་མཁའི་མིང་ཅན་སོགས༔ ལས་ཅན་སྐྱེས་བུ་དུ་མ་ཡིས༔ བོད་ཁམས་བདེ་ཐབས་བརྩོན་པར་བྱེད༔ གཞན་ཡང་གནས་འདིའི་ཕྱོགས་བཞི་རུ༔ བསྟན་པ་འཛིན་པའི་སྐྱེས་བུ་བཞི༔ སྤྲུལ་དང་ཡང་སྤྲུལ་དུ་མ་འབྱུང༔ ཆོས་ཀྱི་རྒྱལ་པོ་ཆེན་པོ་བཞི༔ གནས་འདིའི་ཕྱོགས་བཞིར་རྒྱུན་པར་འབྱུང༔ བསྟན་ལ་གུས་ཤིང་འགྲོ་ལ་བྱམས༔ ཟབ་མོའི་གཏེར་ལ་དབང་བ་བཞི༔ རྡོ་རྗེ་རིན་ཆེན་པདྨ་དང༔ ཕྲིན་ལས་རྩལ་དུ་གྲགས་པ་འབྱུང༔ གཞན་ཡང་གནས་ཀྱི་མཐའ་སྐོར་དུ༔ རིག་འཛིན་ཕོ་མོ་མང་པོ་འདུས༔ ཁྱད་པར་ཨ་ཏི་རྫོགས་ཆེན་གྱི༔ སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པའི༔ ཉམས་རྟོགས་ལྡན་པ་དུ་མ་འབྱུང༔ རིག་པ་ཚད་ལ་ཕེབས་པ་ནི༔ བཅུ་ཕྲག་རྣམ་པ་ཀུན་ཏུ་འབྱུང༔ ཆོས་ཉིད་ཟད་སར་འཁྱོལ་བ་ཡི༔ གྲུབ་ཐོབ་རྒྱུན་མི་ཆད་པ་འབྱུང༔ གཞན་ཡང་གནས་ཀྱི་མཐའ་འཁོར་དུ༔ མཁས་དང་གྲུབ་པ་དཔག་མེད་འབྱུང༔ དད་ལྡན་ཕོ་མོ་མཚན་དང་ལྡན༔ གཏོང་ཕོད་ལྡན་པ་དཔག་མེད་འབྱུང༔ མཉམ་མེད་ཐུབ་པའི་བསྟན་པ་ལ༔ བཀུར་བསྟི་ཕུ་དུད་ཆེ་བ་ཡི༔ རྒྱལ་པོ་བཙུན་མོ་དུ་མ་འབྱུང༔ མདོ་སྔགས་བསྟན་པ་འབྱུང་བའི་གནས༔ སྒྲུབ་པའི་གླིང་དང་བཤད་པའི་གླིང༔ གཙུག་ལག་ཁང་ནི་དུ་མ་འབྱུང༔ བོད་ཆེན་ལྗོངས་སུ་ཆེས་ལྷག་པའི༔ གནས་མཆོག་འདི་ནི་ཁྱད་པར་འཕགས༔ དུས་ཀྱི་ཐ་མ་གྱུར་པ་ན༔ ལས་ཅན་འབྲུག་གི་མིང་ཅན་འབྱུང༔ བསྟན་དང་འགྲོ་ལ་ཕན་བདེ་སྤེལ༔ ཟབ་མོའི་ཐུགས་གཏེར་ལྷོ་ནས་འབྱེད༔ སྔགས་འཆང་སྙིང་པོའི་མིང་ཅན་གྱིས༔ པདྨའི་ཐུགས་གཏེར་ལྷོ་ནས་འབྱེད༔ ཨ་ཏི་སྙིང་པོའི་བསྟན་པ་སྤེལ༔ བྱང་ནས་གསང་སྔགས་ལྷག་པའི་མིང༔ དགོངས་གཏེར་འདྲ་མིན་ཆེ་ཕྲ་འབྱིན༔ ཕྱི་རོལ་མཐའ་དམག་ཐམས་ཅད་བཟློག༔ རྒྱལ་པོ་དྲག་ཤུགས་ལྡན་པ་ཡིས༔ ཀླ་ཀློའི་དཔུང་ཚོགས་སྐབས་གཅིག་འཇོམས༔ མདོ་དང་སྔགས་ཀྱི་བསྟན་པ་སྤེལ༔ རབ་བྱུང་གསལ་བའི་མིང་ཅན་གྱིས༔ ལོག་པར་སྤྱོད་པ་ཚར་བཅད་ནས༔ ཡང་དག་བསྟན་པ་འཛུག་ཅིང་སྤེལ༔ འབྱུང་འགྱུར་བསྟན་པའི་རིམ་པའོ༔ ས་མ་ཡ༔

དེ་ལས་འཕྲོས་པའི་གཏམ་ཚོགས་ཅུང་གླེང་ན༔ གངས་ཅན་ལྗོངས་སུ་གནས་ཀྱི་མཆོག་གྱུར་པ༔ གངས་རི་ཉི་ཤུ་རྩ་གཅིག་དཔལ་གྱི་གནས༔ སྟོད་ཀྱི་མངའ་རིས་སྐོར་གསུམ་གངས་རི་བདུན༔ བར་གྱི་དབུས་གཙང་རུ་བཞི་གངས་རི་བདུན༔ སྨད་ཀྱི་མདོ་ཁམས་སྒང་དྲུག་གངས་རི་བདུན༔ རེ་རེ་ལའང་ཁྱད་པར་གསུམ་གྱིས་དབྱེ༔ གངས་རི་ཉེར་གཅིག་གངས་སྦས་ཉེར་གཅིག་དང༔ གངས་ལྗོངས་ཉེར་གཅིག་དྲུག་ཅུ་རྩ་གསུམ་ལ༔ གངས་རྒྱལ་ཏི་སེ་དང་ནི་དྲུག་བཅུ་བཞི༔ ཡུལ་ཅན་ཡེ་ཤེས་འཁོར་ལོ་དང་ལྡན་པ༔ རྒྱུ་ཡི་ས་བཅུ་འབྲས་བུའི་ས་བཅུ་དང༔ བླ་ན་མེད་པའི་ས་དང་ཉི་ཤུ་གཅིག༔ ནང་རྒྱུད་ཨ་ནུ་ཡོ་གའི་ལུང་ལས་གསུངས༔ ཕྱི་ཡི་ལུས་དང་ནང་གི་རྡོ་རྗེའི་ལུས༔ གཞན་དུ་མ་ཡིན་ཡང་གསང་ཡེ་ཤེས་ཉིད༔ ཕྱག་རྒྱའི་སྐུ་ལ་དཔལ་ཆེན་ཞལ་ཉེར་གཅིག༔ གསང་བའི་སྤྱན་བཅས་དྲུག་བཅུ་རྩ་བཞི་ལས༔ སྤྲུལ་བ་ཁྲག་འཐུང་དྲུག་བཅུ་རྩ་བཞི་ཡི༔ དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར་དྲུག་བཅུ་བཞི༔ དེ་བཞིན་རླུང་དང་དཀར་དམར་ཐིག་ལེ་ལ༔ ཁྲག་འཐུང་དྲུག་བཅུ་རྩ་བཞི་ཡབ་དང་ཡུམ༔ འཁོར་དང་རྟེན་གྱི་གཞལ་ཡས་ཁང་དང་བཅས༔ ཡེ་ཤེས་འབར་བ་དྲག་པོ་དྲུག་བཅུ་བཞི༔ དམ་ཚིག་རྒྱ་མཚོ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ དེ་ལྟར་ནང་དང་གསང་བའི་གནས་ལུགས་ལ༔ གསེར་དང་གསེར་གྱི་འོད་བཞིན་ཕྱི་རུ་ཤར༔ དེ་ལྟར་ཞིབ་ཀྱིས་འགྲེལ་ཞིང་བཤད་ཤེས་ན༔ ཨ་ནུ་ལུང་འདི་རྣལ་འབྱོར་པ་རུ་བརྗོད༔ ཕྱི་ནང་ལུས་ཀྱི་གནས་ལུགས་ཤེས་པ་ཡི༔ མ་བསྐྱེད་རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ རླུང་གི་འཇུག་ལྡང་སྒྲ་སྐད་རང་བྱུང་སྔགས༔ དུག་ལྔའི་རྟོག་པ་བདེ་ཆེན་དབྱིངས་སུ་གྲོལ༔ འདོད་ཡོན་ལྔ་པོ་ཡེ་ཤེས་རྒྱན་དུ་རོལ༔ ཚེ་རབས་བདེ་སྡུག་བདེ་བ་ཆེན་པོར་ཤར༔ དེ་ལྟར་ཀུན་བཟང་སྤྱོད་པའི་རྣལ་འབྱོར་པ༔ བརྟུལ་ཞུགས་ལམ་སློང་བྱེད་པའི་གནས་ཆེན་འགྲིམས༔ སྣང་གྲགས་རྟོག་པ་ལྷ་སྔགས་ཡེ་ཤེས་སྐུ༔ ཤར་བ་ཨ་ནུ་ལུང་གི་རྣལ་འབྱོར་ལ༔ དམ་ཚིག་ཉམས་པ་བྱ་བའི་མིང་ཡང་མེད༔ གལ་མདོ་ངེས་པའི་དམ་ཚིག་སྒོ་གསུམ་དག༔ སྣོད་བཅུད་སྣང་གྲགས་དག་པ་ལྷར་ཤར་བས༔ གནོད་པ་མི་བྱེད་གཞན་ལ་ཕན་པ་འབྱུང༔ རྒྱུ་ཡི་ཚུལ་ཁྲིམས་གསུམ་པོ་རྣམ་པར་དག༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལྷ་རུ་མཐོང༔ རྒྱལ་བ་སྲས་བཅས་སྐུ་ཡི་དམ་ཚིག་འགྲུབ༔ ཕྱག་བརྒྱའི་ལྷ་གསལ་སྔགས་ལ་རྒྱུན་ཆད་མེད༔ འདོད་ཡོན་བདེ་ཆེན་ཆགས་པའི་གསང་མཆོག་འགྲུབ༔ ལྟ་བ་དབྱིངས་དང་ཡེ་ཤེས་དབྱེར་མེད་པས༔ རྩོལ་མེད་འགྲོ་དོན་ཐུགས་ཀྱི་དམ་ཚིག་ལྡན༔ དེ་ལྟར་སྡོམ་པ་དམ་ཚིག་ལྷུན་གྲུབ་པས༔ ལམ་གྱི་ཡོན་ཏན་ཐུན་རེ་འབུམ་འབུམ་འཕེལ༔ རྩོལ་མེད་ངང་གིས་མངོན་པར་སངས་རྒྱས་པ༔ ལུང་ཆེན་ཨ་ནུ་ཡོ་གའི་དགོངས་པ་ལ༔ གནས་ཡུལ་ཡོན་ཏན་མན་ངག་ཆེད་དུ་བརྗོད༔ འདི་ཡང་དཔལ་ཆེན་རྡོ་རྗེ་ཆེ་མཆོག་གིས༔ བཀའ་ཡིས་ཇི་ལྟར་བསྔགས་བཞིན་བདག་གིས་བརྗོད༔ སྐལ་ལྡན་སྒྲུབ་པ་པོ་ཡི་སྙིང་ལ་ཆོང༔ གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་རྣམས༔ ཞལ་བྱང་ཡི་གེ་ཕབས་ལ་གཏེར་དུ་སྦས༔ སྒྲུབ་པས་ལུང་རྟོགས་བསྟན་པ་གནས་ཤིང་འཕེལ༔ གསང་སྔགས་བསྟན་པའི་འགྲོ་དོན་མཐར་རྒྱས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་ལོའི་དབྱར་ཟླ་ར་བའི་དུས་ཆེན་ཉིན་རྫོགས་ཆེན་རིན་པོ་ཆེ་མཁན་སློབ་ཀྱིས་བཀས་བསྐུལ་ཞིང་། ཕྱི་ནང་གསང་བའི་རྟེན་འབྲེལ་དུ་མ་འགྲིགས་པས་གླིང་སྤྲུལ་རིན་པོ་ཆེ་དང་རིགས་ཀྱི་མྱུ་གུ་གཉིས་སྐལ་ལྡན་དུ་མ་བཅས། རུ་དམ་གངས་ཁྲོད་ཀྱི་བྲག་ནས་རྡོ་སྒྲོམ་རྣམ་པ་གསུམ་སྤྱན་དྲངས་པའི་ནང་ནས་གནས་ཡིག་ཞལ་བྱང་དང་བདུད་རྩི་ཆོས་སྨན་བཅས་བྱོན་པ། གངས་ཁྲོད་བདེ་བ་ཆེན་པོའི་ཕུག་པ་ནས་སངས་རྒྱས་ཚེ་རིང་གིས་ཚོགས་ཀྱི་མཆོད་པ་རྒྱས་འབུལ་དང་། རྒྱ་རོང་ནམ་སྤྲུལ་རིན་པོ་ཆེས་གསེར་གྱི་མནྡལ་དང་བཅས་བསྐུལ་མ་མཛད་པར་བརྟེན་ཁྲོ་ཕྱོགས་གཡུ་མཚོའི་གནས་སྒོ་འབྱེད་སྐབས་ཤོག་སེར་ལས་བསྒྱུར་བའི་ཡི་གེ་པ་ནི་ལྷོ་ཕྱོགས་ཚངས་པའི་ལྔ་རིག་སྨྲ་བའི་བཙུན་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའོ། །མངྒ་ལཾ།

གནས་ཆེན་པད་མོ་ཡང་རྫོང་གི་དཀར་ཆག་མཐོང་གྲོལ་ཨུཏྤལའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །

དུས་གསུམ་རྒྱལ་བའི་རྣམ་འཕྲུལ་འགྲོ་དོན་མཛད༔ བྱང་ཆུབ་སེམས་དཔའ་སངས་རྒྱས་གཉིས་པ་དེ༔ ཚེ་འདི་ཙམ་དུ་མ་ཡིན་བྱང་ཆུབ་བར༔ འབྲལ་བ་མེད་པར་སྒོ་གསུམ་གུས་པས་འདུད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ༔ མ་ཧཱ་གུ་རུ་རིན་པོ་ཆེ་ཞེས་བྱ་བ་དེ་ཉིད་བོད་གངས་ཅན་གྱི་ལྗོངས་འདིར་བྱོན་ནས་འགྲོ་དོན་མཐའ་ཡས་པ་མཛད༔ གནས་ཆེན་བརྒྱ་རྩ་བརྒྱད་དང་གནས་ཕྲན་སྟོང་རྩ་བརྒྱད་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་གཏེར་ཁ་གྲངས་ལས་འདས་པ་སྦས་པ་ལས། རྟ་མཛེས་པད་མོ་ཡང་རྫོང་རུ་དམ་ལུང་པ་འདི་ཉིད་ཀྱི་དཀར་ཆག་མཐོང་གྲོལ་མགུལ་རྒྱན་མཁའ་འགྲོའི་བཀའ་རྒྱ་ཟབ་མོ་ཞེས་བྱ་བ་ས་མ་ཡ༔ གནས་ཀྱི་ཆགས་ཚུལ་ཨོ་རྒྱན་མཁའ་འགྲོའི་གླིང༔ གཡས་ཀྱི་ལུང་པ་དམར་སེར་གྲུབ་པ་ནི༔ རོ་མ་དམར་མོ་རྩ་ཡི་ཚུལ་དུ་ཆགས༔ གཡོན་གྱི་ལུང་པ་དཀར་མདོག་འདུག་པ་ནི༔ རྐྱང་མ་དཀར་པོ་རྩ་ཡི་ཚུལ་དུ་ཆགས༔ དབུས་ཀྱི་ལུང་པ་ཡིད་ཙམ་འཛུམ་པ་ནི༔ ཨ་ཝ་བྷུ་རུ་ཡེ་ཤེས་ཆེན་པོར་གནས༔ ཤར་ལ་པད་མོ་བཀོད་པའི་ཆགས་ཚུལ་ཡོད༔ ལྷོ་ན་དུར་ཁྲོད་བསིལ་ཚལ་ཆགས་ཚུལ་ཡོད༔ ནུབ་ན་མ་ལ་ཡ་ཡི་ཆགས་ཚུལ་ཡོད༔ བྱང་ན་ཨོ་རྒྱན་མཁའ་འགྲོའི་བཀོད་པ་ཡོད༔ གཞན་ཡང་ཤར་ལྷོ་ཨོ་རྒྱན་སྤྲིན་ནག་འདུ༔ ལྷོ་ནུབ་ཡང་ལེ་ཤོད་ཀྱི་བཀོད་པ་དང༔ ནུབ་བྱང་དགའ་བའི་ཚལ་གྱི་ཆགས་ཚུལ་ཡོད༔ བྱང་ཤར་ཁྲག་མཚོ་ཁོལ་མའི་དུར་ཁྲོད་ཡོད༔ དེ་ཡི་ཕར་རྒྱབ་ལུང་གསུམ་འདྲ་བའི་ཚུལ༔ བྲག་རི་དམར་པོ་རྡོ་རྗེ་གནམ་ལངས་འདྲ༔ བྱང་ངོས་འདོམ་བདུན་གྱེན་ལ་སོང་མཚམས་ན༔ པད་མའི་ཕྱག་རྗེས་ཨ་ཡིག་རང་བྱོན་ཡོད༔ མ་མོའི་སྙིང་ཁྲག་དྭངས་མའི་ཡི་གེ་ཡོད༔ ཕུར་བའི་ཐུགས་ཐིག་ལས་ཀྱི་མན་ངག་ཡོད༔ དེ་འོག་ཕ་བོང་དཀར་པོ་འབྲི་ཉལ་ཙམ༔ དེ་ལ་ཧ་ཡ་གྷི་ཝའི་ཆོས་སྐོར་ཡོད༔ སྐྱེས་བུ་ཕག་ལོ་པ་ཡི་གཏེར་ཁ་ཡིན༔ དེ་ཡི་ཤར་ན་ལྷ་རྫས་པནྩ་ལི༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཟབ་བེར་ཡོད༔ བོད་ཀྱི་རྒྱལ་པོའི་ནོར་གཏེར་མང་པོ་ཡོད༔ བསམ་པ་ལྷུན་གྲུབ་གསོལ་འདེབས་ཁྱད་འཕགས་ཡོད༔ དེ་ཡི་ལྷོ་ན་ཟངས་རི་བཙན་རྒོད་ཡོད༔ བཙན་གྱི་གསང་སྒྲུབ་ལས་རྦད་སྤྱི་ཆིངས་ཡོད༔ དེ་ཡི་ནུབ་ན་མ་གཅིག་ལབ་སྒྲོན་གྱི༔ ཉམས་ཁྲིད་ལྷ་འདྲེ་དབང་སྡུད་གཅོད་ཡུལ་དང༔ མཁའ་འགྲོའི་གདམས་པ་གྲངས་ལས་འདས་པ་ཡོད༔ དེ་ཡི་བྱང་ན་བྲག་རི་སེང་གེ་འདྲ༔ ལྷོ་ངོས་ཕུག་པ་མ་མོའི་ཉལ་ས་ཙམ༔ དེ་ནང་ཕ་རོལ་ཚར་གཅོད་ངན་སྔགས་ཡོད༔ དེ་འོག་དམ་ཅན་སྐྱེས་བུའི་སྲོག་སྒྲུབ་ཡོད༔ མ་ཧཱ་ཀ་ལའི་བིང་དང་ཐོད་ཁྲག་ཡོད༔ སྐྱེས་པ་བུད་མེད་ལྷ་འདྲེ་དབང་སྡུད་ཡོད༔ ཆུ་བོ་བདུད་རྩིའི་བཅུད་ལེན་གྲངས་མང་ཡོད༔ དེ་བྱང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡི༔ རྫུ་འཕྲུལ་ལྕགས་ཆ་ལྡེར་མ་བཅུ་གསུམ་ཡོད༔ ལྷ་ཡི་དཀར་ཆག་མཐོང་བ་འཛུམ་ཤོར་དང༔ དུས་རྟགས་ལུང་བསྟན་སྲོང་བཙན་བཀའ་ཆེམས་ཡོད༔ དེ་ཡི་ཕར་རྒྱབ་རི་ནག་སྦྲུལ་ནག་འདྲ༔ དེ་ལ་པདྨའི་གསང་གཏེར་མང་པོ་ཡོད༔ རིག་འཛིན་རྗེ་འབངས་ཉེར་ལྔའི་སྐྱེས་རབས་དང༔ བོད་ཡུལ་དམ་ཆོས་བསྟན་པའི་གནས་ཚད་ཡོད༔ སེང་གེའི་དཔུང་བ་འདྲ་བའི་རི་ངོགས་ན༔ སྐྱེས་བུ་ཡང་རབ་ལས་འཕྲོ་ཅན་རྣམས་ཀྱིས༔ འགྲོ་དོན་བྱེད་ཚུལ་དཔག་བསམ་ལྗོན་པ་ཡོད༔ དེ་ཡི་བྱང་ཤར་བྲག་གི་སྤོ་ཏོ་ན༔ དཔའ་བོ་མཁའ་འགྲོ་བྲོ་གར་གླུ་དབྱངས་ཚུལ༔ དཔལ་གྱི་བསམ་ཡས་དཀར་ཆག་རྒྱས་པ་ཡོད༔ རྒྱལ་པོ་ཁྲི་སྲོང་ཁམས་གསུམ་དབང་བསྡུས་ཚུལ༔ སྐྱེས་རབས་རྒྱས་པ་ཆོས་ཁྲིམས་སྡོམ་ཚུལ་ཡོད༔ བཻ་རོ་ཙ་ནས་ཆོས་བསྒྱུར་དཀར་ཆག་ཡོད༔ རི་བོ་དཀར་པོ་ཕོ་བྲང་ཏོག་གིས་བརྒྱན༔ རྒྱལ་པོ་རྣམ་སྲས་བང་མཛོད་ཆེན་མོ་ཡོད༔ གཡོན་ཕྱོགས་བྲག་རི་ནག་པོ་མདའ་སྒྲོ་འདྲ༔ སློབ་དཔོན་ནམ་སྙིང་སྐྱེས་རབས་རྒྱས་པ་ཡོད༔ རི་བོ་མཆོད་རྟེན་འདྲ་བའི་ངོས་ཞོལ་ན༔ ཚེ་སྒྲུབ་ཤོག་སེར་པདྨའི་བཀའ་རྒྱ་ཡོད༔ གཡུ་མཚོ་སྔོན་མོ་འཁྱིལ་བའི་ས་ཆ་ན༔ གཞི་འདོམ་ཉེར་གཅིག་ཁྲུ་བདུན་ས་མཚམས་ན༔ བྲག་རི་སྔོན་པོ་ཟླ་བ་ཚེས་འདྲ་ཡོད༔ ལྷ་མོའི་གསང་སྒྲུབ་མཚོ་རྒྱལ་མགུལ་རྒྱན་ཡོད༔ དེ་ཡི་ཐད་ཀྱི་བླ་གཏོར་འདྲ་བའི་བྲག༔ རྣམ་སྲས་བང་མཛོད་དབང་སྡུད་མན་ངག་ཡོད༔ བྱང་སྟོད་གཏོར་མ་འདྲ་བའི་རི་ཞོལ་ན༔ ཆོས་བློན་མགར་དང་ཐོན་མི་སཾ་བྷོ་ཊས༔ ཆོས་བསྒྱུར་རྒྱ་དཔེ་ཆུ་དར་སེར་པོ་ཡོད༔ དེ་ཡི་ཤར་ཕྱོགས་འདོམ་བཅུའི་ས་མཚམས་ན༔ ཕ་འོང་དཀར་པོ་གཡག་རོ་ཙམ་ཞིག་ན༔ མུ་ཁྲི་བཙན་པོའི་མགུལ་རྒྱན་སོར་གདུབ་ཡོད༔ བསྲུང་མ་མ་མོ་གཡུ་ཡི་རྒྱན་ཅན་ཡིན༔ མཚོ་འགྲམ་བྱང་ཕྱོགས་རུ་སྦལ་འདྲ་བའི་ངོས༔ སློབ་དཔོན་པདྨའི་ཆོས་གོས་འཇའ་ཟེར་མ༔ རུ་དམ་ཡུལ་འདིར་ས་ཡི་བཅུད་དུ་སྦས༔ དེ་འོག་གཞུ་འདོན་ལྔ་ཡི་ས་མཚམས་ན༔ རྡོ་རྗེའི་ར་ལ་ལྕགས་ལུང་བརྒྱད་གསོལ་བའི༔ སྒྲོམ་གྱི་ནང་དུ་མི་ཤིགས་རྒྱས་བཏབ་ཡོད༔ ས་ཆ་དེ་ཡི་བྱང་ཕྱོགས་ཕ་ཚད་ན༔ ས་རྡོ་ཡུད་ཙམ་དམར་པོ་འདྲ་བ་ན༔ བྲག་ལ་ཕུག་པ་མི་མགོ་ཐར་ཙམ་ཡོད༔ དེ་ཡི་འོག་ལ་རྡོ་སྨུག་གྲུ་གསུམ་པ༔ དེ་ལ་གཟའ་ཀླུ་རྒྱལ་གསུམ་བླ་རྡོ་ཡོད༔ སྟག་མོ་གཟན་ཆས་འདྲ་བའི་རི་ཞོལ་ན༔ ལོ་ཙཱ་བརྒྱ་རྩ་བརྒྱད་ཀྱི་གསུང་འབུམ་ཡོད༔ དེ་ཡི་བྱང་གི་གངས་རི་རྩེ་མཐོ་ན༔ སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་རྟེན་ཡོད༔ རྒྱལ་པོ་ཆེན་པོ་བེ་ཧར་སྲོག་སྒྲུབ་ཡོད༔ མ་ཧཱ་ཀ་ལའི་བིང་ཆེན་བརྩེགས་རྒྱུད་བཅས༔ སྒྲུབ་རྟེན་མི་འདྲ་དཔག་མེད་གྲངས་འདས་ཡོད༔ དེ་ཡི་ཤར་ཕྱོགས་རི་གསུམ་འདྲ་བའི་ཚུལ༔ འཇམ་དབྱངས་ཕྱག་རྡོར་སྤྱན་གཟིགས་སྒྲུབ་པ་ཡོད༔ དེ་ཡི་ཕར་རྒྱབ་ལུང་པ་རྫ་བྲག་འདྲར༔ ཨོ་རྒྱན་སྤྲིན་ནག་འདུས་པའི་ཆགས་ཚུལ་ཡོད༔ དེ་ཡི་སྨད་ཀྱི་ས་གཞི་ཆ་ལང་འདྲའི༔ དཀྱིལ་ན་ཕ་བོང་དམར་པོ་གཡག་ཤད་ཙམ༔ དེ་ན་གཏེར་གྱི་ཁ་བྱང་མང་པོ་དང༔ གཏེར་སྟོན་བཟང་ངན་འབྲིང་གསུམ་བྱོན་ཚུལ་ཡོད༔ དུས་ཀྱི་ལེགས་ཉེས་ཁ་བྱང་མང་ཙམ་ཡོད༔ དེ་ཡི་ཐད་ཀྱི་མ་མོའི་ཕུག་པ་ན༔ ཕོ་ཡང་གཟའ་ཡི་རྒྱལ་མོའི་མགུལ་རྒྱན་ཡོད༔ དེ་ཡི་གཡས་ཕྱོགས་བྲག་རི་སྨན་གཏོར་འདྲའི༔ ངོས་ལ་བརྡུང་ན་རང་སྒྲ་རྔ་སྐད་ཙམ༔ འོག་ན་ཆུ་མིག་ཡིད་ཙམ་འཛུམ་པ་ཡོད༔ དེ་ན་ཀླུ་གཏེར་ནོར་བུ་མེ་འབར་དང༔ ཁྲི་སྲོང་ལྡེའུ་བཙན་བཀའ་ཆེམས་མང་པོ་ཡོད༔ རྒྱལ་པོ་གདན་བཞུགས་འདྲ་བའི་རི་བོ་ན༔ གླིང་རྗེ་གེ་སར་ཁྲབ་དང་རྨོག་རྗེས་ཡོད༔ དེ་འོག་རྡོ་རྗེ་སྤྲེལ་ཆུང་རྣམ་ཐར་དང༔ ཐུགས་ཀྱི་མེ་ལོང་དངུལ་ལས་གྲུབ་པ་ཡོད༔ ལི་ལས་གྲུབ་པའི་པད་འབྱུང་རང་བྱོན་དང༔ རྒྱལ་པོ་རྣམ་སྲས་སྐྱེས་པའི་རབས་ཀྱང་ཡོད༔ དེ་ཡི་ཤར་ན་བྲག་ནག་མདའ་སྒྲོ་འདྲ༔ དེ་ངོས་བྲག་ལ་སྦལ་བ་འབུར་དུ་དོད༔ རྒྱལ་པོ་སྲོང་བཙན་བཀའ་ཆེམས་དོན་ལྡན་དང༔ ཡི་གེ་དྲུག་མའི་ཕན་ཡོན་བསྡུས་རྒྱས་ཡོད༔ དེ་ཡི་གཡས་ན་བྲག་རི་སྔོན་པོ་ལ༔ ནོར་བུ་བསམ་འཕེལ་མདོ་དང་དངུལ་སྒྲོམ་ཡོད༔ མནྡ་ར་ཡི་ཚེ་སྒྲུབ་བཅུད་ལེན་དང༔ མཁའ་འགྲོའི་གཏེར་ཁ་གྲངས་ལས་འདས་པ་ཡོད༔ བོད་ཡུལ་སྤྱི་ལ་ཕན་པའི་གཏེར་ཁ་ཡོད༔ དེ་འོག་བྲག་རི་གཡག་ཟེ་འདྲ་བ་ལ༔ བོད་ཡུལ་མི་ཕྱུགས་སྤྱི་ལ་ཕན་པའི་གཏེར༔ སེང་གདོང་སྒྲུབ་པ་ལས་ཀྱི་མན་ངག་ཡོད༔ གཡུ་མཚོ་བར་མ་ཀླུ་ཡི་ཕོ་བྲང་ན༔ ནོར་དང་ལོངས་སྤྱོད་འབྱུང་བའི་གཏེར་བུམ་ཡོད། སྐྱེས་བུ་གདུལ་བྱའི་སྣོད་རུང་རྣམས་ཀྱིས་འདོན༔ དེ་ཡི་ཕ་ཚད་རི་རྩེ་བྲག་ལོགས་ན༔ དབང་ཕྱུག་ཉེར་བརྒྱད་ཞལ་འབགས་ཆ་ཚང་ཡོད༔ རི་རྩེ་གོང་བུ་མདའ་སྟོང་འདྲ་བའི་མདུན༔ བྲག་རི་ཧེ་འགུལ་པད་མོའི་སྐྱེད་ཚལ་ན༔ བོན་གྱི་གདམས་པ་གཡུང་དྲུང་འོད་འབར་ཡོད༔ དེ་ཡི་ཐད་ཀྱི་བྲག་རི་སྔོན་པོ་ན༔ ཆོས་ལོངས་སྤྲུལ་གསུམ་སྒྲུབ་པ་ཁྲིད་རིམ་ཡོད༔ པདྨ་དབང་དང་མ་མགོན་ལྕམ་དྲལ་སོགས༔ ཡེ་ཤེས་ཕོ་རྒྱུད་མོ་རྒྱུད་སྒྲུབ་པ་ཡོད༔ བསང་ཡིག་ལྗོན་པ་བདུད་རྩིའི་དུད་སྤྲིན་ཞེས༔ དུས་འཁྲུགས་ནད་རིམ་ཆོད་པའི་བརྔན་མཆོད་ཡོད༔ དེ་ནི་པདྨའི་ཡང་སྤྲུལ་ཁྱི་ལོ་པ༔ སྐྱེས་བུ་དེ་ཡི་གདུལ་བྱའི་དཔལ་དུ་ཤར༔ དེ་ཀུན་ཡོངས་ཀྱི་བཀའ་ཡི་བྱ་ར་བ༔ དགེ་བསྙེན་རྡོ་རྗེ་གཡུང་དྲུང་རྩལ་མཆོག་དེ༔ སྔོན་ཚེ་པདྨས་རུ་དམ་ལུང་བ་འདིར༔ མ་ཡམ་ཐམས་ཅད་དམ་ལ་བཏག་པའི་དུས༔ མི་དཀར་ལྷ་ཡི་སྐྱེས་བུ་འདྲ་བ་ཞིག༔ མི་མཐུན་བར་ཆད་བྱེད་དུ་བྱུང་བའི་དུས༔ པདྨས་དམ་བཏགས་སྲིད་པ་ལས་ཀྱི་རྗེ༔ བོད་ཡུལ་རི་དབང་སྤུན་དགུའི་ཡ་གྱལ་གཙོ༔ གཏེར་གྱི་བསྲུང་མ་གསང་མཚན་གཡུང་དྲུང་རྩལ༔ སྙིགས་དུས་བསང་མཆོད་ལྷ་ཐོ་བྱས་མཆོད་ན༔ ཆོས་པ་རྣམས་ཀྱི་མགོན་དང་སྡོང་གྲོགས་བྱེད༔ མི་ནད་ཕྱུགས་ནད་དུས་འཁྲུགས་ངན་པ་གཅོད༔ མདོར་ན་གནས་མཆོག་ཁྱད་འཕགས་སྦས་ཡུལ་འདིར༔ བོད་ཡུལ་གནས་ཆེན་བརྒྱ་དང་རྩ་བརྒྱད་ཀྱི༔ ཡ་གྱལ་སངས་རྒྱས་གཉིས་པའི་གཏེར་གནས་ཡིན༔ ཡེ་ཤེས་སྤྱན་ལྡན་སྐྱེས་བུ་ལས་ཅན་གྱིས༔ རྩི་ཤིང་ནགས་ཚལ་ས་རྡོ་རི་བྲག་ཀུན༔ དཔལ་རིའི་ཕོ་བྲང་པདྨ་འོད་དང་མཚུངས༔ གནས་འབྲེལ་ཕྱག་བསྐོར་མནྜལ་འབུལ་གྱུར་ན༔ དུས་གསུམ་རྒྱལ་བ་ཕྱག་མཆོད་བྱས་དང་མཚུངས༔ ཚེ་འདིར་འབྱོར་ལྡན་ཚེ་ཡི་བར་ཆད་ཞི༔ ཕྱི་མ་བླ་མེད་ཡང་དག་སངས་རྒྱས་ཐོབ༔ ཡིད་ལ་ཟུངས་དང་ལས་ལྡན་སྙིང་ཅན་རྣམས༔ དེ་སྐད་རང་བྱུང་མཁའ་འགྲོའི་བཀའ་ཚོགས་འདི༔ ཕོ་ཟོབ་འདྲ་ཆོས་རང་བཟོ་མ་ཡིན་པར༔ གདོད་མའི་གཞི་ཡི་གནས་ལུགས་རང་རྩལ་ལས༔ ཐོལ་བྱུང་ཚུལ་དུ་ལས་རབ་སྤྲུལ་མིང་པ༔ རྨོངས་རྒན་པདྨ་ཐེག་མཆོག་བློ་གྲོས་ཀྱིས༔ ཟླ་༡ཚེས་༢༨དགེ་བའི་དུས་སུ་སུག་བྲིས་བྱས༔ དགེ་བས་འགྲོ་ཀུན་རྣམ་གྲོལ་ཐོབ་པར་ཤོག༔ དགེའོ། །

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་གནས་ཡིག་བཞུགས་སོ། །

སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བདེ་ཆེན་བསམ་འགྲུབ་ཤེལ་གྱི་ཕུག་པ་རུ། །བདུད་རྩི་སྨན་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གནས། །དབུས་ཕྱོགས་རུ་ཡི་ལུང་པ་ཞེས་བྱ་བར། །རིག་འཛིན་བླ་མའི་ཚོགས་རྣམས་སྤྲིན་ལྟར་གཏིབས། །བསྒྲུབས་ན་བསྐྱེད་རིམ་ལྷག་པར་འཕེལ་བའི་གནས། །རབ་མཛེས་ནེའུ་སེང་པདྨས་བརྒྱན་པ་ཡི། །དབུས་ཀྱི་ལྟེ་བ་པདྨ་དགྱེས་པའི་ཐང་། །རིན་ཆེན་ཁྲི་ལ་དར་ཟབ་གདན་སྟེང་དུ། །རྒྱལ་བ་ཀུན་འདུས་པདྨ་ཐོད་ཕྲེང་དང་། །ལས་ཅན་དག་པའི་འཁོར་ཚོགས་རྒྱ་མཚོའི་ཚོགས། །ནམ་མཁའི་སྐར་ཚོགས་ལྟ་བུར་བཞུགས་པ་ལ། །མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་མས། །གསེར་དངུལ་གཡུ་ཡི་མནྡལ་ཕུལ་ནས་ཀྱང་། །གནས་འདིར་བྱིན་གྱིས་བརླབ་པར་གསོལ་བཏབ་ཞིང་། །གནས་ཀྱི་ཆེ་བའི་ཡོན་ཏན་གསུང་དུ་གསོལ། །དེ་སྐད་ཞུས་པས་དགྱེས་པའི་ཞལ་བསྟན་ནས། །དབུས་ཕྱོགས་སྲ་འཁྲེགས་རྡོ་ཡི་ལྡིང་ཁང་དུ། །གཤིན་རྗེའི་བསྙེན་པ་ལ་སོགས་རང་བྱུང་ཡོད། །སྒྲུབ་ཚེ་ཡེ་ཤེས་མི་རྟོག་འཕེལ་བ་དང་། །གཡས་ཕྱོགས་བྲག་ལ་པདྨ་ང་སྐུ་བཞུགས། །ལྷ་ཀླུ་མི་ཡི་རིན་ཆེན་སྣ་ཚོགས་ཀྱི། །བཟོ་བོའི་རྒྱལ་པོ་བི་ཤོ་ཀརྨ་ཡིས། །བཞེངས་པའི་སྐུ་ཚབ་མི་ཡི་ལུས་ཚད་ཙམ། །བྱིན་རླབས་སྤྲིན་འཁྲིགས་མཐོང་བ་དོན་ལྡན་ཡོད། །གནས་དུས་རྟེན་འབྲེལ་མངོན་དུ་གྱུར་པའི་ཚེ། །གཏེར་ཆེན་ལས་རབ་གླིང་པས་དྲངས་བར་འགྱུར། །ལྷོ་ཕྱོགས་དབང་ཆེན་རྟ་ཡི་ལུང་བ་རུ། །བདུད་དཔུང་རུ་ཏྲ་བསྒྲལ་བའི་བཀོད་པ་དང་། །ནུབ་ཕྱོགས་མགོན་པོ་ཤྭ་ནའི་ལུང་བ་རུ། །བདུད་མགོན་ཞིང་སྐྱོང་སེང་གེའི་གདོང་ཅན་གནས། །བྱང་ཤར་བདེ་གཤེགས་སྨན་གྱི་རྒྱལ་པོའི་རི། །ཆུ་ཀླུང་བྷྱ་ཁ་ཛེ་ཡི་རང་སྒྲ་སྒྲོག །ཤར་ཕྱོགས་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །པདྨའི་སྒྲུབ་མཚོ་སློབ་དཔོན་ཕྱག་རྗེས་ཡོད། །ལྷོ་ནུབ་མཚམས་སུ་རྗེ་བཙུན་སྒྲོལ་མའི་གནས། །ངོ་མཚར་བྱིན་ལྡན་སྐུ་ཡི་རང་བྱོན་ཡོད། །ལྷོ་ནུབ་བྲག་རི་རིན་ཆེན་སྤུངས་པ་ལ། །དབང་ཕྱུག་ཉེར་བརྒྱད་ཞལ་འབག་གཏེར་དུ་སྦས། །ནུབ་བྱང་ནོར་བུ་འབར་བའི་རི་དབྱིབས་ལ། །འདོད་འབྱུང་རིན་ཆེན་སྣ་ཚོགས་གཏེར་གྱིས་གཏམས། །དེ་སོགས་གནས་ཀྱི་ལོ་རྒྱུས་གསུངས་ནས་ཀྱང། །བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །སྣང་སྲིད་ར་སཱ་ཡ་ནར་བྱིན་གྱིས་རླབས། །གཞན་ཡང་མཚོ་དང་གངས་བྲག་ལ་སོགས་པ། །མ་འོངས་དོན་དུ་ཟབ་གཏེར་སྣ་ཚོགས་སྦས། །ཡོན་ཏན་གནས་མཆོག་རུ་དམ་ལུང་པ་ཡི། །ཁྱད་པར་གནོད་སྦྱིན་དབང་པོའི་ཕྱོགས་སྐྱོང་བའི། །སྐྱལ་གྱི་བྲག་དཀར་རིན་ཆེན་སྤུངས་པའི་དབྱིབས། །དོན་ལ་ཟངས་མདོག་དཔལ་གྱི་རི་བོ་སྟེ། །རྣམ་པ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་དང་། །སྤྱན་རས་གཟིགས་དང་རི་བོ་རྩེ་ལྔ་ཡི། །བཀོད་པའི་བྱེ་བྲག་མ་ལུས་ཡོངས་སུ་རྫོགས། །ཁམས་ཀྱི་རི་བོ་རྩེ་ལྔ་ཞེས་བྱ་སྟེ། །གནས་བདག་ཆེན་པོ་ལྕམ་དྲལ་རྣམ་པ་གཉིས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཉིད། །ལོ་གསུམ་བར་དུ་རྡོ་རྗེ་སྙིང་པོ་ཡི། །སྒྲུབ་པ་མཛད་ཅིང་སྨིན་གྲོལ་ལམ་ལ་བཀོད། །བར་དུ་ཨོ་རྒྱན་རྒྱལ་ཚབ་བསམ་གཏན་གླིང་། །རྡོ་བྲག་སྐལ་བཟང་པདྨ་དབང་ཕྱུག་དང་། །ཐ་མ་བསྟན་འཛིན་ཉི་མ་གྲགས་པ་སོགས། །གྲུབ་བརྙེས་རིག་འཛིན་རིམ་པར་བྱོན་རྣམས་ཀྱིས། །ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། །མ་འོངས་གཏེར་སྟོན་རྡོ་རྗེ་རྒྱལ་མཚན་གྱིས། །ཟབ་གཏེར་འབྱིན་ཅིང་སྨིན་གྲོལ་ལམ་ལ་བཀོད། །གཞན་ཡང་སློབ་དཔོན་པདྨ་འབྱུང་གནས་དང་། །རྒྱ་བོད་རིག་འཛིན་བཀའ་བབས་མི་དགུ་བཅས། །སྐལ་སྡན་སྙིང་གི་བུ་དགུ་ལ་སོགས་པ། །སྐུ་དང་གསུང་དང་ཐུགས་ཀྱི་རྟགས་ཀྱིས་སྤྲས། །ཁྱད་པར་ཀུན་འདུས་ཨོ་རྒྱན་ཆེན་པོ་ཡིས། །ཞབས་རྗེས་མཐོང་བ་རང་གྲོལ་ལ་སོགས་པ། །ངོ་མཚར་རང་བྱུང་རྟགས་ཀྱི་རི་མོ་བཀྲ། །ཁྱད་པར་འཆི་མེད་ཚེ་ཡི་གནས་མཆོག་ཏུ། །གྲུབ་པའི་སྤྱི་མེས་པཎ་ཆེན་བཱི་མ་ལས། །བདུད་རྩི་སྨན་དང་ཚེ་ལྷ་རབ་འབྱམས་ཀྱི། །གསང་བའི་དཀྱིལ་འཁོར་གཉེན་པོ་ཞལ་ཕྱེས་ཚེ། །ཚེ་ཡི་བུམ་པ་འཆི་མེད་ཚེ་ཡི་མདའ། །ཚེ་ཡི་སྙིང་པོ་རང་བྱུང་ཚེ་ཆུ་སོགས། །དུས་བཟང་ཚེས་བཟང་རྔ་དུང་རོལ་མོའི་སྒྲ། །སྤོས་དང་དྲི་བཟང་འཇའ་འོད་གུར་ཁང་འཁྱིལ། །གཞན་ཡང་མེ་ཏོག་ཆར་བ་སིལ་མ་བབ། །འདུ་བ་ཆེན་པོ་ཡོས་སྤྲེལ་ཁྱི་ཡི་ལོ། །འོན་ཀྱང་ལོ་འདིར་གནས་དུས་རྟེན་འབྲེལ་འཛོམས། །གཏེར་ཆེན་རྣམ་གཉིས་ཆོས་ཀྱི་བདག་པོ་སོགས། །མཁས་གྲུབ་སྐྱེས་བུ་འདུ་བའི་ཚོགས་རྣམས་ཀྱིས། །འབད་པ་དྲག་པོས་རྩེ་གཅིག་གསོལ་བཏབ་ཚེ། །དཔག་བསམ་ཤིང་དང་བུམ་པ་བཟང་པོ་ལས། །ཅི་ལྟར་རེ་བ་སྐོང་བ་དེ་བཞིན་དུ། །ཧོར་ཟླ་བདུན་པའི་ཡར་ཚེས་བཅོ་ལྔ་ལ། །ཁྱད་པར་འདུ་བའི་གནས་ནི་རྡོ་རྗེ་གདན། །དུར་ཁྲོད་བརྒྱད་དང་གནས་ཡུལ་ཉེར་བཞི་དང་། །སོ་གཉིས་གནས་དང་བལ་ཡུལ་སེང་གེ་རྫོང་། །པདྨ་བཀོད་དང་ཙཱ་རི་ཙཱ་གོང་གནས། །རྒྱ་ནག་གླང་ཆེན་རི་བོ་བྱ་རྐང་ཅན། །སྤ་གྲོ་སྟག་ཚང་འཆིམས་ཕུ་ཤེལ་བྲག་གནས། །རི་བོ་རྩེ་ལྔ་ཡེར་བ་ལ་སོགས་པ། །གཞན་ཡང་འཕགས་བོད་གནས་ཆེན་གནས་ཕྲན་དང་། །ཁ་བ་དཀར་དང་ནོར་བུ་ཡང་རྩེ་དང་། །ཁ་བ་ལུང་རི་ཀ༔ཐོག་ཀ་འབུར་གནས། །ཤིང་སྒོ་གངས་ར་མཚོ་དང་གངས་གནས་དང་། །ཁྲོ་རི་ཟིལ་ཁྲོམ་འབྲོང་དིལ་ལ་སོགས་པ། །དཀྱིལ་འཁོར་ལྷ་ཚོགས་དཔའ་བོ་མཁའ་འགྲོའི་ཚོགས། །སྙིགས་དུས་འགྲོ་བའི་དོན་དུ་རྗེས་དགོངས་ནས། །ཉི་ཟེར་རྡུལ་དང་ནམ་མཁའི་སྐར་ལྟར་བྱོན། །གནས་པའི་ཚད་ནི་དགུ་བའི་བཅོ་ལྔའི་བར། །རྩེ་སྐོར་དཔྱལ་བྲག་རིན་ཆེན་སྤུངས་འདྲ་ལ། །གནས་ཀྱི་གཙོ་བོ་ཉིད་ནས་སྤང་བྲག་མཚམས། །བར་སྐོར་དཔྱལ་བྲག་གནས་ཀྱི་གཙོ་བོ་དང་། །རི་བོ་བྱ་རྐང་ཅན་དང་གླང་ཆེན་རི། །གཞན་ཡང་རི་བོ་རྩེ་ལྔ་དྲལ་པོ་གཉིས། །ནང་དུ་བཙུད་དེ་དཔྱལ་མོའི་མདུན་ལུང་མདོ། །དེ་ནས་རིམ་བཞིན་ལ་གཉིས་ལ་བརྒལ་ཏེ། །ལྷ་ཤུལ་ཡར་ཁུག་དགོང་གི་བྲག་སྒོམ་ནས། །རིམ་བརྒྱུད་ཐུགས་ཀྱི་ས་བོན་རང་བྱོན་བཅས། །ནང་དུ་ཚུད་ནས་དཔྱལ་མོའི་གཏེར་གཞོང་ཞོལ། །གསུང་མཆོག་ཡི་གེ་བདུན་མ་རང་བྱུང་བཅས། །དྲལ་པོའི་གནས་ཀྱི་འདབ་ནས་རིམ་བཞིན་བསྐོར། །མཐའ་བསྐོར་ནང་གི་རི་བོ་རྩེ་ལྔ་དང་། །རྒྱ་ནག་གླང་ཆེན་རི་བོ་བྱ་རྐང་ཅན། །ཕྱི་ཡི་རི་བོ་རྩེ་ལྔ་རི་ཕྲན་བཅས། །ཇ་དར་ཅན་དང་ཁུག་ཆུང་སུམ་མདོའི་རི། །གདོང་ཁྲམ་བཀྲ་ཡི་རི་ཆེན་རྣམ་པ་བཞི། །མཆོད་རྟེན་གནས་དང་གུར་ལི་དཀར་ལུང་གནས། །པདྨ་རི་དང་སེང་གེ་གནམ་རྫོང་བྲག །ཨོ་རྒྱན་རྫོང་དང་མདོ་སྨད་ཁྱུང་ཆེན་བྲག །བདེ་གཤེགས་སྨན་པའི་རྒྱལ་པོའི་རི་བོ་དང་། །གཞན་ཡང་ཞབས་ཆེན་ཞབས་ཆུང་ལ་སོགས་པ། །ནང་དུ་བཞག་སྟེ་མཐའ་བསྐོར་བྱ་བའི་ལམ། །གདུང་ལུང་འདབ་དང་ཟང་རོག་སུམ་མདོ་ནས། །སྒོམ་ལུང་བརྒྱུད་དེ་སྒང་ཕྲན་སྲིབ་ཆེན་འདབ། །རྒྱ་འོབ་སུམ་མདོ་ནས་བཟུང་དམར་འགུའི་ལ། །བརྒལ་ཏེ་ཧག་ལུང་ནས་ཐོན་རིམ་པ་བཞིན། །འབོས་ཆེན་གཡས་ལག་ནས་བཟུང་ཟེ་ཆེན་གྱི། །རྔམ་ཆེན་ལུང་བ་བཟང་ལུང་ལ་བརྒལ་ཏེ། །ལྷ་ཆེན་དབང་ཕྱུག་བྲག་གི་གཡས་ཞོལ་ནས། །འགམ་ཆེམ་ལུང་བ་ནམ་མཁའ་ཟེ་མདའི་བར། །བཀྲ་ལུང་ནས་བཟུང་རྒྱ་བཞིའི་སྒོང་མ་དང་། །བཀྲ་ཁོག་ལམ་བརྒྱུད་ཕུག་ལུང་ལ་བརྒལ་ཏེ། །འབྲང་ངེར་ནས་ཐོན་ཞབས་ཆུང་གཡས་ཟུར་ནས། །དགོན་གྱི་མདུན་རིའི་ལམ་བརྒྱུད་དུར་ཁྲོད་ཉག །ཕྱིན་ཏེ་དམ་སྒང་བར་དུ་མཐའ་སྐོར་ལམ། །རྩེ་སྐོར་སིདྡྷི་དུང་ཆེན་བཅུ་གསུམ་དང་། །བར་སྐོར་སིདྡྷི་དུང་ཆེན་སུམ་ཅུ་དང་། །མཐའ་སྐོར་སིདྡྷི་དུང་ཆེན་བཅུ་ཕྲག་ལྔ། །རྒྱུན་དུ་རྩེ་སྐོར་སིདྡྷི་དུང་གཅིག་དང་། །བར་སྐོར་དུང་གཉིས་མཐའ་སྐོར་དུང་ཕྱུར་བདུན། །དད་དང་དག་སྣང་དམ་ཚིག་གཙང་གྱུར་ན། །གནས་སྐབས་འཇིགས་པ་བརྒྱད་སོགས་ཞི་བ་དང་། །ཚེ་རབས་ལས་ཀྱི་ནད་ལས་གྲོལ་བར་འགྱུར། །མཐར་ཐུག་འདུས་པའི་མཆེད་ལྕམ་ཕོ་མོ་རྣམས། །རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར། །པདྨ་འོད་ཀྱི་གཞལ་ཡས་ཉམས་དགའ་བར། །རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་འདུན། །ནམ་ཞིག་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག །ཞལ་མཐོང་གསུང་ཐོས་དབྱུགས་དབྱུང་གཟེངས་བསྟོད་དེ། །འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་འགྱུར། །དེ་ལྟར་གནས་ཡིག་མདོ་ཙམ་བྲིས་པ་འདི། །གསང་བདག་སྤྲུལ་པ་ཧཱུྃ་རལ་རྡོ་རྗེ་ཡིས། །ཟབ་མོའི་བཀའ་ལུང་སྤྱི་བོར་ཕེབས་པ་དང་། །གཞན་ཡང་དོན་གཉེར་ལྡན་པ་འགའ་ཞིག་གིས། །བསྐུལ་ངོར་རྫོགས་སྤྲུལ་ལྔ་པའི་མིང་འཛིན་པ། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་འབོད་པ་དེས། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་དང་། །ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེ་སོགས། །སྔོན་བྱོན་གོང་མའི་རྡོ་རྗེའི་ལུང་བཞིན་ལས། །རང་བཟོས་བློ་ཡིས་བཅོས་བསླད་མ་བྱས་པར། །ཤིང་གླང་ཧོར་ཟླའི་མར་ངོའི་བཅོ་ལྔའི་ཉིན། །མ་དང་མཁའ་འགྲོ་འདུ་བའི་གནས་མཆོག་ནས། །བྲིས་པ་ནོངས་གང་རྩ་གསུམ་ཚོགས་ལ་བཤགས། །སརྦ་མངྒ་ལཾ། །

ཆོས་འབྱུང་འདི་ཉིད་ཀྱི་དཔྱད་གཞིའི་ཁུངས་ཡིག་གི་མཚན་ཐོ།

མཁས་མཆོག་གུ་རུ་བཀྲ་ཤིས་ཀྱི་ཆོས་འབྱུང་ཆེན་མོ་ངོ་མཚར་གཏམ་གྱི་རོལ་མཚོ།

ཞེ་ཆེན་རྒྱལ་ཚབ་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཆོས་འབྱུང་པད་དཀར་རྫིང་བུ།

བདུད་འཇོམས་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས།

མཁར་ལེགས་སྤྲུལ་སྐུ་པདྨ་ཀུན་བཟང་རང་གྲོལ་གྱི་རྒྱལ་བསྟན་རིས་མེད་ཀྱི་ཆོས་འབྱུང་།

སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་རྫོགས་ཆེན་དགོན་དང་རྫོགས་ཆེན་རིམ་བྱོན་གྱི་ལོ་རྒྱུས།

སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཤྲཱི་སེང་ཆོས་གྲྭའི་བཅའ་ཡིག་དྲང་སྲོང་དགྱེས་པའི་བཀའ་ལུང་།

སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེའི་རྫོགས་པ་ཆེན་པོའི་ཆོས་འབྱུང་བཻ་ཌཱུཪྱའི་ཕྲེང་བ།

ཀུན་མཁྱེན་བུ་སྟོན་པའི་ཆོས་འབྱུང་།

འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ།

དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན།

ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ།

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར།

ལོ་ཆེན་བཻ་རོ་ཙཱ་ནའི་འདྲ་འབག་ཆེན་མོ།

རྒྱལ་དབང་ཀློང་ཆེན་པའི་སྙིང་ཐིག་མ་བུའི་བརྒྱུད་ཡིག་དང་བབ་ལུགས་སྐོར།

ཀུན་མཁྱེན་འཇིགས་མེད་གླིང་པའི་རྙིང་རྒྱུད་དཀར་ཆག་འཛམ་གླིང་ཐ་གྲུ་ཁྱབ་པའི་རྒྱན།

ཀུན་མཁྱེན་འཇིགས་མེད་གླིང་པའི་ཕྱི་ནང་གསང་གསུམ་གྱི་རང་རྣམ་རྒྱས་བསྡུས་ཁག

ཀུན་མཁྱེན་འཇིགས་མེད་གླིང་པའི་དཔལ་རི་ཐེག་མཆོག་གླིང་གི་གཏམ་སོགས་གཏམ་ཚོགས་སྐོར།

ཀཿཐོག་དགེ་རྩེ་པཎ་ཆེན་གྱི་རྙིང་རྒྱུད་དཀར་ཆག་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་བཻ་ཌཱུཪྱའི་ཕྲེང་མཛེས།

སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིའི་སོ་ཐར་སྡོམ་རྒྱུན་རྣམ་ཐར།

ལོ་ཆེན་དྷརྨ་ཤྲཱིའི་འདུས་མདོའི་དབང་གི་སྤྱི་དོན།

སྨིན་གླིང་གཏེར་ཆེན་དང་གཞན་ཕན་མཐའ་ཡས་ཀྱི་བཀའ་མའི་སྒྲུབ་ཁག་གི་བརྒྱུད་འདེབས།

ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི་དཔའ་ཆེན་ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར།

རྫ་འཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་རང་རྣམ།

དགེ་རྩེ་བླ་མ་འཇིགས་མེད་གོ་ཆའི་རང་རྣམ།

མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་རང་རྣམ་རྒྱས་པ།

རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་གསང་བའི་རྣམ་ཐར།

རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་རང་རྣམ་ཚིགས་བཅད་མ།

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ལེགས་བཤད་ཚོགས་གཏམ་སྐོར།

མཁན་ཆེན་པདྨ་བཛྲའི་ལེགས་བཤད་ཚོགས་བཤད་ཚོགས་གཏམ་སྐོར།

མཁྱེན་བརྩེའི་དབང་པོའི་གསང་སྔགས་གསར་རྙིང་གི་གདན་རབས་པདྨའི་དགའ་ཚལ།

མཁྱེན་བརྩེའི་དབང་པོའི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྡུས་དང་མཚན་ཐོ་སོགས་གཏམ་ཚོགས་སྐོར།

མཁྱེན་བརྩེའི་དབང་པོའི་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་བསྟོད་པ་ཚིགས་བཅད་མ།

ཨ་མདོ་བ་གཏེར་ཆེན་བདུད་འཇོམས་རོལ་བ་རྩལ་གྱི་རང་རྣམ།

མཁན་ཆེན་གཞན་དགའི་ཨོ་རྒྱན་བསྟན་འཛིན་ནོར་བུའི་རྣམ་ཐར།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་གྲུབ་རྒན་རྣམ་ཐར་བསྟོད་པ་ཚིགས་བཅད་མ།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་དཔལ་སྤྲུལ་རྣམ་ཐར།

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་ལེགས་བཤད་ཚོགས་གཏམ་སྐོར།

མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་དཔལ་སྤྲུལ་རྣམ་ཐར།

གླག་བླ་བསོད་ནམས་ཆོས་འགྲུབ་ཀྱི་ཀུན་མཁྱེན་ཀློང་ཆེན་པའི་རྣམ་ཐར།

ཉག་བླ་ཡེ་ཤེས་རྡོ་རྗེའི་གྲུབ་དབང་པདྨ་བདུད་འདུལ་གྱི་རྣམ་ཐར།

རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཨ་འཛོམས་འབྲུག་རྒན་གྱི་རྣམ་ཐར།

ཨཀྵ་ར་མི་དྲས་མཛད་པའི་མི་ཕམ་རྣམ་ཐར་སྙིང་པོ་བསྡུས་པ།

མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་དཔལ་སྤྲུལ་རྣམ་ཐར།

མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཞེ་ཆེན་རྒྱལ་ཚབ་བཞི་པའི་རྣམ་ཐར།

ཀཿཐོག་མཁན་ཆེན་ངག་དབང་དཔལ་བཟང་གི་རང་རྣམ།

མཁྱེན་བརྩེ་རབ་གསལ་ཟླ་བའི་འཇམ་མགོན་མི་ཕམ་པའི་རྣམ་ཐར།

མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་འཇམ་མགོན་མི་ཕམ་པའི་རྣམ་ཐར།

དགུ་རོང་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་གྱི་དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར།

དགུ་རོང་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་གྱི་དགུ་རོང་རྒྱལ་སྲས་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར།

ཀརྨ་རྒྱལ་མཚན་གྱིས་བསྒྲིགས་པའི་ཀཾ་ཚང་ཡབ་སྲས་དང་དཔལ་སྤུངས་ལོ་རྒྱུས།

བློ་གྲོས་ཕུན་ཚོགས་ཀྱི་རྫོང་སར་དགོན་གྱི་ལོ་རྒྱུས་དང་མཁྱེན་བརྩེ་སྔ་ཕྱིའི་རྣམ་ཐར།

རྨེ་བ་ཤེར་ཕྲེང་སྤྲུལ་སྐུའི་ཁྲི་དར་རྒྱས་བྱམས་ཆེན་ཆོས་གླིང་གི་གདན་རབས་ནོར་བུའི་བང་མཛོད།

ཀཿཐོག་མཁན་འཇམ་དབྱངས་རྒྱལ་མཚན་གྱི་ཀཿཐོག་པའི་ལོ་རྒྱུས་མདོར་བསྡུས།

ཐུབ་བསྟན་ལེགས་བཤད་བཟང་པོའི་དཔལ་ཡུལ་དར་ཐང་དགོན་གྱི་གདན་རབས།

དཔལ་ཡུལ་རྣམ་གྲོལ་གླིང་གི་སྔ་འགྱུར་འོད་གསལ།

འཕགས་ཡུལ་ཞེ་ཆེན་དགོན་གྱི་རབ་གསལ་དུས་དེབ།

བདུད་འདུལ་སོགས་ཀྱིས་ཕྱོགས་བསྒྲིགས་བྱས་པའི་སྡེ་དགེའི་རྒྱལ་རབས་ལོ་རྒྱུས།

དཔེ་སྒྲིག་ལས་ཁང་། སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་བསྡུ་སྒྲིག་ཁང་།

དཔེ་སྒྲིག་འགན་འཁུར་པ། ཚངས་པོ།

དཔེ་སྒྲིག་པ། པདྨ་མཐུ་སྟོབས།

ཞུ་དག་པ། དོན་ཡོད་རྣམ་རྒྱལ།

མདུན་ཤོག་མཛེས་རིས་པ། སྐལ་རྡོ། ཡུས་ཁུ་ཡུས།

སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ།

བསྟན་འཛིན་ལུང་རྟོགས་ཉི་མས་བརྩམས།

*

བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་འགྲེམས་སྤེལ་བྱས།

སྤྱི་ལོ་༢༠༠༤ལོའི་ཟླ་༦པར་དཔར་གཞི་དང་པོ་བསྒྲིགས།

སྤྱི་ལོ་༢༠༠༤ལོའི་ཟླ་༦པར་དཔར་ཐེངས་དང་པོ་བཏབ།

སྤྱི་ལོ་༢༠༡༡ལོའི་ཟླ་༤པར་དཔར་གཞི་གཉིས་པ་བསྒྲིགས།

སྤྱི་ལོ་༢༠༡༡ལོའི་ཟླ་༤པར་དཔར་ཐེངས་གཉིས་པ་བཏབ།