cover

རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ

གླེགས་བམ་དང་པོ།

རྡོ་གྲུབ་བསྟན་པའི་ཉི་མ། tn

Nitartha Publication

ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་དུ་གྲགས་གྱུར་ཏེ། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང༌། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །
—ཀློང་ཆེན་པ།

རྡོ་རྒྲུབ་བསྟན་པའི་ཉི་མའི་གསུང་འབུམ་པོད་དང་པོ།


TN00_Page_001A
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་དང་པོ་ཀ་པར་བསྟན་པའི་བདག་པོ་རྣམ་འདྲེན་བཞི་པའི་རྣམ་ཐར་དྲན་པའི་བསྟོད་པ་མིའམ་ཅི་རབ་དགའི་གླུ་ཕྲེང་ཞེས་བྱ་བ་ལྡེབ་གྲངས་ ༥ འཕགས་པ་འཇམ་དཔལ་ལ་བསྟོད་པ་ ༥ ནས་ ༢༩ བར་རོ། །རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་བསྟོད་པ་དགེ་ལེགས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལྡེབ་གྲངས་ ༩ འཕགས་པ་སྤྱན་རས་གཟིགས་དང་འཇམ་དཔལ་ལ་བསྟོད་པ་ལྡེབ་གྲངས་ ༢༠ རྗེ་བཙུན་ཨཱརྱ་ཏཱ་རེ་ལ་བསྟོད་པ་ལྡེབ་གྲངས་ ༡༤ བར། སྟོན་པ་རྡོ་རྗེ་ཆོས་ལ་བསྟོད་པ་ ༡༤ ནས་ ༡༥ བར། དཔལ་སློབ་དཔོན་ཆེན་པོ་ལ་བསྟོད་པ་ ༡༥ ནས་ ༡༦ བར། མཁྱེན་ཆེན་ཞི་བ་མཚོ་ལ་བསྟོད་པ་ ༡༦ ནས་ ༡༨ བར། དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ ༡༨ ནས་ ༡༩ བར། ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་བསྟོད་པ་ ༡༩ ནས་ ༢༠ བར་རོ། །རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ལ་བསྟོད་པ་ལྡེབ་གྲངས་ ༢ བར། རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ལ་བསྟོད་པ་ ༢ ནས་ ༦ བ། གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་རྟོགས་བརྗོད་དང་འབྲེལ་བར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དཔག་བསམ་ལྗོན་པའི་མེ་ཏོག་ཅེས་བྱ་བ་ ༦ ནས་ ༡༠ བར། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྟོད་པ་ ༡༠ ནས་ ༡༦ བར་རོ། །དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པ། དམ་ཆོས་ཤོག་སྡེ་བརྒྱད་པའི་ཆོས་འབྱུང་གི་རྩ་ཐོ། སྔ་འགྱུར་རྣལ་འབྱོར་ཆེན་པོའི་ཐུན་


TN00_Page_001B
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པའི་དབང་གི་ཆུ་བོ་བཞིའི་རྣམ་བཤད་རྣམས་གཞི་མཐུན་པར་སྦྱར་བ་དགེ་ལེགས་རྒྱ་མཚོའི་རོལ་མོ་ཞེས་བྱ་བ། ༨ དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་གསང་བ་ལ་བསྔགས་པ་ཟབ་དོན་རྡོ་རྗེའི་ཀ་མ་ཀཱ་བཅས་ལྡེབ་གྲངས་ ༧ བླ་མ་དམ་པ་དཔལ་སྤྲུལ་རིན་པོ་ཆེ་ལ་བསྟོད་པ་དང་མི་ཕམ་ཆོས་ཀྱི་རྗེ་ལ་བསྟོད་པ་ལྡེབ་གྲངས་ ༢ ལེགས་ལྡན་ནག་པོ་ཆེན་པོ་ལ་བསྟོད་པ་དང༌། བཀྲ་ཤིས་ཚེ་རིང་མཆེད་ལྔ་ལ་བསྟོད་པ་བཅས་ལྡེབ་གྲངས་ ༢ གསུང་མགུར་སྐོར་ལྡེབ་གྲངས་ ༤༣ ཞལ་གདམས་སྐོར་ལྡེབ་གྲངས་ ༦༢ རྫོགས་ཆེན་ཁྲེགས་ཆོད་ཀྱི་གདམས་པ་ཉུང་བསྡུས་སྒྲོན་མེའི་སྣང་བ་ཞེས་བྱ་བ་ལྡེབ་གྲངས་ ༧ བར། རྫོགས་ཆེན་སྐོར་སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་པོ་པདྨ་མ་ཧཱ་སུ་ཁའི་བཞེད་སྐོང་དུ་གདམས་པ་ ༧ ནས་ ༡༢ བར། རྫོགས་ཆེན་སྐོར་དད་བརྩོན་བློ་ལྡན་འདས་ཤུལ་གྲགས་ལྡན་ངོར་གདམས་པ་ ༡༢ ནས་ ༡༤ བར། རྫོགས་ཆེན་སྐོར་གདམས་ངག་རྡོ་རྗེའི་གཏུང་ཁུང༌། ༡༤ ནས་ ༡༧ བར། རྫོགས་ཆེན་སྐོར་རྟོགས་ལྡན་རྐང་རིང་ལ་གདམས་པ། ༡༧ ནས་ ༡༨ བར། རྫོགས་ཆེན་སྐོར་བླ་མ་ཡེ་ཤེས་རྒྱ་མཚོའི་ངོར་གདམས་པ་ ༡༨ ནས་ ༢༢ བར། རྫོགས་ཆེན་སྐོར་དད་ལྡན་སློབ་མ་འགྱུར་མེད་རྡོ་རྗེ་ངོར་གདམས་པ་ ༢༢ ནས་ ༢༨ བར། དཔལ་སིང་གི་ངོར་གདམས་པ་ ༢༨ ནས་ ༢༩ བར། རྫོགས་ཆེན་སྐོར་སྤྲུལ་པའི་སྐུ་འཇིགས་མེད་རབ་བརྟན་ངོར་གདམས་པ་ ༢༩ ནས་ ༣༣ བར། རྫོགས་ཆེན་སྐོར་གཉུག་མ་ཟང་ཐལ་གྱི་སྒྲུབ་ཐབས་ཆོས་ཉིད་རང་བྱུང་གི་སྒྲ་དབྱངས་ཞེས་བྱ་


TN00_Page_002A
[མ་དཔེ་གཟིགས་ན་འདིར་གནོན།]

བ། ༣༣ ནས་ ༣༦ བར། རྫོགས་ཆེན་སྐོར་མཆོག་གསུམ་ཡོངས་འདུས་བླ་མའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའི་དབུ་ཅན། ༣༦ ནས་ ༤༩ བར་རོ། །རྫོགས་ཆེན་སྐོར་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་དོན་ལྡེབ་གྲངས་ ༥ བར། རྫོགས་ཆེན་སྐོར་དངོས་གཞི་གཉིས་ལ་མུ་བཞི་རྩི་ཚུལ་ ༥ ནས་ ༨ བར། རྫོགས་ཆེན་སྐོར་ཧོར་འོད་ཟེར་གྱི་ངོར་གདམས་པ་ ༨ ནས་ ༡༢ བར་རོ། །རྫོགས་ཆེན་དྲིས་ལན་ལྡེབ་གྲངས་ ༩ རྫོགས་ཆེན་གསུང་བགྲོས་སྐོར་རྣམ་རྟོག་ངོ་ཤེས་པ་དང་རིག་པ་ངོ་ཤེས་པ་སོགས་ཀྱི་དབུ་ཅན་ལྡེབ་གྲངས་ ༣༦ བར། རྫོགས་ཆེན་གསུང་བགྲོས་སྐོར་མན་ངག་ཟབ་མོ་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ་ ༣༦ ནས་ ༤༨ བར་རོ། །དེ་ལྟར་བསྡོམས་པས་ཆོས་ཚན་སུམ་ཅུ་སོ་བདུན་གྱིས་ཀཱ་ལི་དང་པོའི་གླེགས་བམ་དུ་གྲུབ་པ་དེ་ཉིད་སྤྱིར་འགྲོ་བ་རྣམས་ཀྱི་མཆོད་སྡོང་དང་ལམ་པ་རྣམས་ཀྱིས་མཁན་དུ་སྨོན་ཏེ་སྣང་བར་བྱས་པས་དེ་བཞིན་དུ་དགེ་བར་གྱུར་ཅིག། །།

བསྟོད་ཚོགས་ཕྱོགས་བསྡུས།


TN00_Page_003A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་བཟོད་པའི་སྣང་བ་ཆེ། །ཤིན་ཏུ་ཡུན་རིང་བསྟན་བྱས་པས། །ཟབ་མོའི་ཆོས་རྣམས་ཀུན་གྱི་གཤིས། །སྟོན་པ་ཟླ་མེད་དེ་ལ་འདུད། །སྲིད་ན་རྣམ་པར་ཀུན་མཁྱེན་པའི། །གྲགས་པ་ཙམ་ལ་ངལ་འཚོ་བ། །རྣམ་དོར་ལ་སོགས་ཆེས་མང་ཡང༌། །ཉེས་ཀུན་རྩ་བ་བཟློག་ནུས་མིན། ཁྱོད་


TN00_Page_003B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྲིད་པའི་རྒུད་མང་པོ། །ལས་ཀྱི་རྒྱུ་ལས་གྱུར་མཁྱེན་ནས། །འདུ་བྱེད་རྩ་བ་མ་རིག་པ། །རྨིང་ནས་འདོན་པའི་ཐབས་འདི་བསྟན། །འདི་ན་འཇིག་རྟེན་རྒྱང་འཕེན་སོགས། །སྲིད་པའི་རྩེ་མོའི་ཉེས་ཚོགས་ལས། །ངེས་འབྱུང་ཐབས་ལ་རྣམ་རྨོངས་ཤིང༌། །སྲིད་པའི་སྙོམས་འཇུག་ཙམ་ཞིག་འཛིན། ཁྱོད་ཀྱིས་མ་རིག་དྲུང་འབྱིན་པ། །རྟེན་འབྱུང་སྟོན་པ་སེང་གེའི་སྒྲས། །ཆོས་ཀྱི་རང་བཞིན་ཇི་ལྟ་བ། །སེམས་ཅན་ཁམས་ལ་སྣང་བར་མཛད། །སྲིད་རྩ་ལས་དང་ལུས་ཡིན་ཞེས། །དཀའ་ཐུབ་དག་གིས་གདུངས་བྱེད་པ། །དེ་དག་བཙོ་བླག་མཁན་བཞིན་དུ། ཁམས་གསུམ་ཉིད་ལས་ཡོངས་མི་འདའ། ཁྱོད་ཀྱིས་གདུངས་བས་མ་གཟིར་བཞིན། །བདག་མེད་རྟོགས་པ་ཟབ་མོའི་བློ། །འདི་ཉིད་གཅིག་པུས་ཁམས་གསུམ་གྱི། །རྒྱུ་བ་བདེ་བླག་ཉིད་དུ་གཅད། །འདོད་ཉོན་བྲལ་ལ་ཐར་པ་ཞེས། །བསམ་གཏན་ཙམ་ཞིག་བསྟན་བྱེད་པ། །དེ་དག་ས་བོན་མ་སྤངས་ཕྱིར། །འདོད་ཉོན་ལག་པའི་དྲེགས་ལྟར་སྐྱེ། ཁྱོད་ཀྱིས་ཉེས་ཀུན་འབྱུང་བའི་


TN00_Page_004A
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། །བདག་ལྟ་ཆ་དང་བཅས་ལྡོག་པའི། །ལམ་འདི་བསྟན་ནས་ཀུན་ཉོན་མོངས། །སྐྱེ་བའི་གཞི་ཉིད་ཞི་བར་མཛད། །མདོར་ན་སྨྲ་བ་ཟླ་མེད་པ། ཁྱོད་ཀྱིས་སེམས་ཅན་ཁམས་སྨིན་ཕྱིར། །སྟོང་དང་རྟེན་འབྱུང་ཟུང་འཇུག་ཏུ། །བསྟན་གང་སྟོན་པ་གཞན་ལ་མེད། །སྐྱེ་བོ་མཛངས་པ་མིན་བློ་ཅན། །སྟོང་པས་སྣང་ཙམ་ཉིད་འཇིག་ཅིང༌། །རྟེན་འབྱུང་ཉིད་ཕྱིར་མི་སྟོང་ཞེས། །འགལ་བར་འཁྲུལ་ནས་སྒྲོ་སྐུར་འདོགས། ཁྱོད་ཀྱིས་ཇི་སྙེད་ཆོས་རྣམས་ཀུན། །འགྲོ་དང་འོང་མེད་མཚན་མ་བྲལ། །རང་བཞིན་གདོད་ནས་མ་སྐྱེས་ཞེས། །སྟོང་པའི་ཚུལ་འདི་བསྟན་ནས་སླར། །སྒྱུ་མ་འཕྲུལ་འདྲའི་ཆོས་འདི་དག་མ་བརྟགས་ཉམས་དགའི་སྣང་བ་སྟེ། །རྟེན་ནས་འབྱུང་བ་ཉིད་ཡིན་ཞེས། །ཐ་སྙད་གཏམ་གྱི་རོལ་མོར་འདོམས། །རྟེན་ཅིང་འབྲེལ་འབྱུང་ཉིད་ལོག་ན། །དུ་མའམ་གཅིག་ཏུ་གྲུབ་པར་འགྱུར། །དུ་མ་གཅིག་ཉིད་བསགས་པ་སྟེ། །གཅིག་བསགས་མིན་པའི་དུ་མ་མེད། །གལ་ཏེ་ཆོས་འདི་གཅིག་ཉིད་ན། །མིན་ལས་ལོག་དང་ཡིན་མ་ལོག་ཆ་ཤས་འདི་དག་མི་འགྲུབ་སྟེ། །ངོ་བོ་ཉིད་ཀྱི་གཅིག་ཕྱིར་རོ། །དེ་སླད་ཁྱོད་ཀྱིས་ཤེས་བྱ་ཀུན། །བློ་ཡིས་བཞག་པ་མ་གཏོགས་པ། །འགའ་ཡང་ཡོད་པ་མ་ཡིན་ཞེས། །སྨྲ་བ་སྐྱོན་མེད་


TN00_Page_004B
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྟན་གྱུར། །བརྟེན་ནས་བཏགས་ལ་རང་བཞིན་གྱིས། །གྲུབ་པ་ནམ་ཡང་མ་མཆིས་ཞིང༌། །སྟོང་བཞིན་སྣང་བ་འདི་སྣང་ཞེས། །དོན་འདི་དོན་གཟིགས་མཆོག་ཁྱོད་གསུངས། །སྣང་བ་མེད་ཅིང་སྟོང་མ་མཆིས། །རྟག་མིན་ཆད་པ་མ་ཡིན་པའི། །ཆོས་ཉིད་འདི་ལ་ཁྱོད་བཞུགས་ནས། །སྣང་དང་སྟོང་པའི་ཐ་སྙད་འདོགས། ཁྱོད་ཀྱིས་ཇི་སྙེད་བསྟན་པའི་ཆོས། །ཆོས་ཉིད་གཅིག་ལ་འབབ་ཅིང་གཞོལ། །དེ་ཕྱིར་ཁྱོད་ཀྱིས་ཐེག་པ་གསུམ། །བསྟན་པ་མཐར་ཐུག་དོན་དུ་གཅིག་ཉན་ཐོས་རང་སངས་རྒྱས་རྣམས་ལ། །སྟོང་ཉིད་སེང་གེའི་སྒྲ་བསྒྲགས་པ། ཁམས་གསུམ་རྒྱུ་བ་ཟད་ཕྱིར་ཏེ། །རེ་ཞིག་ཐེག་པ་གཉིས་སུ་བསྟན། །བློ་མཆོག་སྙིང་རྗེ་ཆེ་ལྡན་ལ། །ཟབ་པའི་ཆོས་ཉིད་གང་བསྟན་པ། །བྱང་ཆུབ་མཆོག་ལ་འཇོག་ཕྱིར་ཏེ། །ཐབས་ཀྱིས་ཁྱད་པར་བྱས་པ་ལགས། །ཇི་ལྟར་མགར་བ་བདག་གིས་གསེར། །བཞུ་བཏུལ་ཤུགས་དྲག་ཤུགས་དྲག་མིན། ཁྱད་པར་འདི་ལས་གསེར་གྱི་མདངས། །དག་དང་མ་དག་ཁྱད་པར་སྣང༌། །དེ་བཞིན་སློབ་མ་བསེ་རུའི་ལམ། །ཐེག་པ་ཆེ་དང་མི་མཚུངས་པ། །ཕ་རོལ་ཕྱིན་པའི་སྒོ་མང་པོ། །རྣམ་པར་བསྟན་པས་ཁྱད་པར་བྱས། །དེ་ལྟར་ཁྱོད་ཀྱིས་སེམས་ཅན་ཁམས། །སྣ་ཚོགས་


TN00_Page_005A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་སྣ་ཚོགས་ཀྱིས། །གདུལ་བའི་ཆོ་འཕྲུལ་འཛད་མེད་ཀྱང༌། །ཆོས་ཉིད་འཁྲུགས་པར་བྱས་པ་མེད། ཁྱོད་ཀྱིས་ཆོས་རྣམས་མ་བཤིགས་ཤིང༌། ཁྱོད་ཀྱིས་ཁམས་རྣམས་བསྐྱེད་པའང་མེད། །དེ་ལྟ་མོད་ཀྱི་ཆོས་ཉིད་གཤིས། །བྲི་གང་མེད་འདི་ཁྱོད་ཀྱིས་བསྟན། །དོན་ཟབ་སེང་གེའི་སྒྲ་འདི་ཡིས། །མ་རིག་རྒྱུ་བ་འགོག་མཛད་དེ། །དེ་བཀག་པས་ནི་སྐྱེ་འཆིའི་སྒོ། །ཀུན་ལའང་འགོག་པ་ཐོབ་པ་ལགས། །ཆོས་ཀུན་རང་བཞིན་ཟད་བསྟན་ནས། །འཛད་མེད་སྲིད་པའི་སྣང་བ་འདི། །མི་ཟད་ཚུལ་གྱིས་ཟད་མཛད་པ། །སྟོན་མཆོག་ཁྱོད་ཀྱི་ཐབས་མཁས་སྒོ། །སྐྱེ་ཉིད་རྒ་ཤིར་འཕོས་མིན་ཞིང༌། །རྒ་ཤི་སྐྱེ་ལས་མ་བྱུང་མིན། །སྐྱེ་ཤི་རྐྱེན་ཉིད་འདི་བ་ཞེས། །སྐྱེ་ཤིའི་རྩ་བ་འགོག་ཕྱིར་བསྟན། །མདོར་ན་སྟོན་པ་ཀུན་མཁྱེན་ཞབས། །སྟོན་པའི་ནང་ན་ཟླ་མེད་ཅིང༌། །སྨྲ་བ་ཀུན་ལས་ཁྱུ་མཆོག་ཏུ། །རིགས་པ་མཁྱེན་པ་རྣམས་ལ་གྲུབ། །དེ་རྗེས་འབྲངས་ནས་མི་མཁས་པ། །བདག་འདྲའནག་མཁས་པ་ལྟར་བཅོས་ཏེ། །བསྟོད་ཚིག་མེ་ཏོག་དོག་པ་འདིས། །འདྲེན་པ་མཆོག་ལ་ཕུ་དུད་བྱས། །དགེ་ཚོགས་ཡིད་བཞིན་སྤྲིན་དཀར་ལས། །དགེ་ལེགས་ཆར་ཆེན་འབུམ་བསྙིལ་ནས། །དགེ་ཞིང་དགེ་བའི་བཀྲ་ཤིས་ཀྱིས། །


TN00_Page_005B
[མ་དཔེ་གཟིགས་ན་འདིར་གནོན།]

ས་གསུམ་རྟག་ཏུ་གདལ་གྱུར་ཅིག་ཅེས་པའང་གཞོན་ནུ་འཇིགས་མེད་པས་རང་ལོ་བཅུ་དགུ་པ་ཆུ་ལུག་གི་ལོ་ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་གུང་སྐད་ཅིག་ཡུད་ཙམ་ལ་སྨྱོ་གཏམ་བྱས་པ་དགེ་བར་གྱུར་ཅིག ༈ །དཔལ་་སེང་གེ་ལ་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པའི་ནོར་འཛིན་ཡངས་པ་རུ། །དཔག་མེད་ཚོགས་གཉིས་ས་བོན་ལེགས་བཏབ་པས། །ཚད་མེད་སྟོབས་བཅུའི་མྱུ་གུ་བསྐྱེད་བསྲིངས་པའི། །ཀུན་མཁྱེན་ཉི་མའི་གཉེན་ལ་ཕྱག་འཚལ་ལོ། །བསྐལ་མང་གོང་ནས་མངོན་པར་སངས་རྒྱས་ཀྱང༌། །རིས་བྲལ་འགྲོ་ལ་སྙིང་རྗེས་རབ་བསྐུལ་ཏེ། །ཞིང་འདིར་མཛད་པ་བཅུ་གཉིས་སྟོན་པ་པོ། །མགོན་པོ་་ཏོག་ལ་ཕྱག་འཚལ་ལོ། །རྣམ་མང་དགའ་བའི་འབྱུང་གནས་ལྷ་ཡུལ་ན། །རྒྱལ་སྲས་ས་བཅུའི་སེམས་དཔའ་ཕྱིན་དྲུག་སྤྱོད། །དམ་པ་ཏོག་དཀར་ཞེས་བྱའི་སྙན་པའི་རྔ། །སྲིད་གསུམ་འགྲོ་བའི་ཐོས་འཛིན་བཅུད་དུ་གསལ། །གང་ཚེ་སིལ་སྙན་སྒྲ་མིས་བསྐུལ་བའི་མོད། །དཀར་གསལ་ཟླ་བའི་མདངས་ཀྱི་རྗེས་འགྲོ་བའི། །གླང་པོ་མཆོག་ཏུ་དལ་བའི་ངང་ཚུལ་གྱིས། །སྒྱུ་འཕྲུལ་ལྷུམས་སུ་ཞུགས་ལ་ཕྱག་འཚལ་ལོ། །དབུགས་སྐྱེས་བཅུ་ཡི་གྲངས་སུ་བརྒལ་བའི་ཚེ། །སུམ་རྩེན་གནས་ལ་འགྲན་པའི་དགའ་ཚལ་དུ། །གླག་ཤའི་ཤིང་དྲུང་ངོ་མཚར་ལྟས་དང་


TN00_Page_006A
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །མཚན་དཔེའི་སྐུ་མཆོག་བལྟམས་ལ་ཕྱག་འཚལ་ལོ། །སྒྱུ་རྩལ་ས་སྲུང་དབང་པོར་སྟེགས་བཅས་ནས། ། མུ་ཅོར་སྨྲ་བའི་ད་ནུའི་བུའི། ཁེངས་དྲེགས་རུ་མཚོན་སྟོབས་ཆེན་སྤྲིན་སྐྱེས་ཀྱིས། །གཞོམ་བགྱིད་དོན་ཀུན་གྲུབ་ལ་ཕྱག་འཚལ་ལོ། །རིགས་བཟང་ཆུ་གཏེར་ལས་འོངས་ལང་ཚོའི་དལ། །མཛེས་སྡུག་རི་བོང་གཟུགས་ཀྱིས་འཁྱུད་གྱུར་པའི། །མིག་ཡངས་གཞོན་ནུའི་དབང་མོ་དྲུག་ཁྲིའི་འཁོར། །ས་བདག་ཞི་བའི་རྒྱན་གྱུར་དེར་ཕྱག་འཚལ། །འཁོར་བའི་གནས་རིས་དུག་ཅན་བུ་མོའི་ལྟོ། །སྡུག་བསྔལ་ཀུམྦྷི་ར་ཡིས་ཉེར་བཟུང་བའི། །ངང་ཚུལ་ཤེས་ནས་རྣམ་གྲོལ་གླིང་བཟང་དུ། །ཚུལ་ཁྲིམས་འགྲོས་ཀྱིས་ཆས་དེར་ཕྱག་འཚལ་ལོ། །དལ་འབབ་བདུད་རྩིའི་ཀླུང་གི་ཉེ་དྲུང་ན། །ཚངས་སྤྱོད་ལྔ་སྡེའི་འཁོར་དང་ཆབས་གཅིག་ཏུ། །མཁའ་ཁྱབ་ཏིང་ངེ་འཛིན་ལ་རབ་ཞུགས་ནས། །དཀའ་སྤྱད་ཁུར་དུ་བཟུང་ལ་ཕྱག་འཚལ་ལོ། །དེ་ཚེ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང༌། །བློ་ལྡན་མཁར་ཉལ་ཚོགས་ཀྱིས་བསྐུལ་ཚིག་གིས། །དཀའ་ཐུབ་ཁོ་ནས་གྲོལ་བ་མེད་མཁྱེན་ནས། །བཅུད་ལྡན་བསོད་པར་དགྱེས་མཛད་དེར་ཕྱག་འཚལ། །བག་མེད་རྣམ་པར་སྤངས་པའི་སྤྱོད་ལམ་


TN00_Page_006B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ཞི་དུལ་ངང་ཚུལ་ལྡན་པའི་སློང་ཚིག་གིས། །བཀྲ་ཤིས་གཞོན་ནུའི་མཆོག་ལས་རྩ་བླངས་ཏེ། །གནས་ཀྱི་གཙོ་བོར་གཤེགས་དེར་ཕྱག་འཚལ་ལོ། །རྐང་འཐུང་དབང་པོའི་མཆོད་རྟེན་ལྗོན་པའི་དྲུང༌། །བདུད་འདུལ་ཏིང་འཛིན་འོད་སྟོང་བསྐྲུན་པའི་མཐུས། །ཡིད་བསྲུབ་དཔུང་བཅས་མཐུ་ནུས་ཀུ་མུ་ད། །ཀུན་ཏུ་ཟུམ་པར་མཛད་ལ་ཕྱག་འཚལ་ལོ། །ཞི་བའི་ཏིང་འཛིན་ཤེལ་དཀར་ཁྲིར་བཞུགས་ཏེ། །རྣམ་དྲུག་མངོན་པར་ཤེས་པའི་གོ་གྱོན་ནས། །འདོད་ཉོན་གཞན་རྒོལ་སྡེ་ཚོགས་གཞོམ་མཛད་པའི། །དཔའ་བོ་བློ་གྲོས་མཆོག་ལ་ཕྱག་འཚལ་ལོ། །དུས་ཀྱི་མཆོག་གྱུར་ཉིན་མོའི་སྒོ་ཡི་སྐབས། ཁྱོད་ཀྱི་བྱང་ཆུབ་ཆེན་པོ་བརྙེས་པའི་ཚེ། །འོད་སྲུང་བྱིན་ཡང་དགའ་བས་གར་བསྒྱུར་ཞིང༌། །འོད་སྣང་སྟོང་དུ་འགྱེད་ལ་ཕྱག་འཚལ་ལོ། །གཏི་མུག་ཀུན་ཁེབས་ཁྲོད་དུ་ཞུགས་གྱུར་ཅིང༌། །ཤེས་རབ་སྒྲ་འཛིན་ཤིན་ཏུ་ཉམས་གྱུར་པ། །འགྲོ་ལ་ཁྱོད་ཀྱི་ཐུགས་ནི་དབྱུང་གྱུར་ཏེ། །སྐྱོ་བའི་ངང་ཚུལ་སྟོན་དེར་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་ན་གྲགས་པའི་ལྷ་དབང་ཟུང༌། །གྲོང་ཁྱེར་གསུམ་ན་དཀོན་པའི་སྐྱེས་དང་བཅས། །ལན་གྲངས་གསུམ་དུ་བསྐུལ་བ་དོན་ཡོད་ཕྱིར། །ཆོས་གསུང་


TN00_Page_007A
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱིས་བཞེས་དེར་ཕྱག་འཚལ་ལོ། །བསོད་ནམས་བྱེ་བའི་འབྱུང་གནས་མཚན་དཔེའི་སྐུ། །དམར་སེར་ངུར་སྨྲིག་གསུམ་གྱིས་མཛེས་བྱས་ཏེ། །དགེ་ལེགས་སྟོང་གིས་ཉེར་བསྐྲུན་གྲོང་ཁྱེར་མཆོག་ཝ་ར་ཎ་སིར་གཤེགས་ལ་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་ཚངས་པའི་དབྱངས་སྙན་ལས། །གདུལ་བྱའི་སྐལ་བར་འཚམས་པའི་ཆོས་འཁོར་གསུམ། །དྲང་ངེས་ལྡེམ་དགོངས་ཚུལ་གྱིས་ལེགས་བསྟན་ནས། །འགྲོ་ཀུན་ཐར་པར་འདྲེན་ལ་ཕྱག་འཚལ་ལོ། །རྟག་འཛིན་ལེ་ལོའི་ལྕགས་ཀྱུའི་དབང་བྱས་པའི། །སྐྱེ་བོའི་ཚོགས་ལ་སྙིང་རྗེས་མ་བཟོད་ནས། །སཱ་ལའི་འདབ་བསྐྱོད་དྲུང་དུ་གཟུགས་སྐུའི་དལ། །དབྱིངས་སུ་བསྡུ་བའི་ཚུལ་སྟོན་ལ་ཕྱག་འཚལ། །སྟོབས་བཅུའི་དབང་ཕྱུག་སྲིད་ཞིའི་མིག་གཅིག་པུ། །ཐུགས་རྗེའི་མངའ་བདག་རིས་བྲལ་འགྲོ་བའི་སྐྱབས། །སྟོན་མཆོག་བུ་རམ་ཤིང་པའི་ཡོན་ཏན་ཆར། །སྲིད་འདིར་འགྲན་ཟླས་དབེན་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་དབྱངས་ཚངས་པའི་རྒྱུད་མངས་ནི། དད་གསུམ་སོར་མོས་བསྐྱོད་པ་ལས་འོངས་པའི། །དགེ་ཚོགས་སྙན་པའི་སྒྲ་དབྱངས་མ་ལུས་པ། །འགྲོ་ཀུན་སངས་རྒྱས་ཐོབ་སླད་བསྔོ་བར་བགྱི། །བསྟན་པའི་


TN00_Page_007B
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་རྣམ་འདྲེན་བཞི་པའི་རྣམ་ཐར་དྲན་པའི་བསྟོད་པ་མིའམ་ཅི་རབ་དགའི་གླུ་ཕྲེང་ཞེས་བྱ་བ་འཇིགས་མེད་རབ་རྒྱས་ཀྱིས་བྲིས་གཞི་ཤོག་སྡེབ་འདིའི་གྲངས་ལྡན་བྱིན་ནས་དེར་གང་དྲན་ཞིག་བྲིས་ཤིག་ཅེས་བསྐུལ་བ་ལྟར་རྨོངས་བློའི་ཆུ་བུར་གྱི་སྦུབ་ན་ཤེས་གསུམ་རི་བོང་འཛིན་མངོན་པར་གབ་པའི་བྱིས་པ། འཇིགས་མེད་བསྟན་པའི་རྒྱལ་མཚན་ཞེས་བྱ་བའི་བླ་དྭགས་འཆང་བས་སོ། ༈ །ཡེ་ཤེས་སྒྱུ་མ་འབར་བའི་ཕྱག་རྒྱ་ཆེ། །རྗེས་ཆགས་སྙིང་རྗེ་ཆེན་པོའི་སྣང་བ་ཅན། །དམར་སེར་སྐུ་ཡི་བརྡ་ཐབས་འདིས་མཚོན་ཏེ། །སྣང་བ་གཅིག་གིས་ནམ་མཁའི་ཁྱོན་ཀུན་འགེང༌། །མཁྱེན་གཉིས་ཡེ་ཤེས་ཤིན་ཏུ་རྒྱ་ཆེན་པོ། །ཞི་བའི་དབྱིངས་སུ་གཡུང་དྲུང་སྐུར་བཞུགས་ཏེ། །དྭངས་མའི་གཟུགས་སྐུ་ངེས་དང་མ་ངེས་པའི། །སྒྱུ་འཕྲུལ་རོལ་མོས་སྲིད་པ་ཀུན་ཏུ་ཁྱབ། །བགྲེས་དང་མི་བགྲེས་མཚན་མ་བཏུལ་ཟིན་ཀྱང༌། །ལྷུན་གྲུབ་ཡེ་ཤེས་རྒྱུན་ཆད་མེད་མཚོན་ཕྱིར། །གཞོན་ནུའི་གཟུགས་སྐུ་རྟག་བརྟན་འགྱུར་མེད་ཆེས། །ནམ་མཁའ་ཇི་སྲིད་སྒྱུ་མའི་གར་གྱིས་རོལ། །ཡེ་ཤེས་རྡོ་རྗེ་གསང་བ་ཟབ་མོའི་སྲོག །འཆི་བདག་བདུད་ཀྱིས་རྒོལ་དུ་ག་ལ་ཞིག །འཆི་མེད་དབྱིངས་སུ་ཞི་བའི་ཆོས་ཉིད་ཅན། །རྟག་ཆེན་སྐུ་ནི་འགྲེས་རྒུད་ཀུན་དང་བྲལ། །སྒྲིབ་མེད་ཡེ་ཤེས་ཤིན་ཏུ་རྒྱ་ཆེན་པོ། །ཟབ་མོའི་དབྱིངས་སུ་རོ་


TN00_Page_008A
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་འུབ་ཆུབ་ཅིང༌། །རྒྱ་ཆེའི་ཆོས་ལ་གཟིགས་པ་རྣམ་དག་པ། །ཀུན་ཁྱབ་སྐུ་ནི་ཆོས་ཀུན་རྗེས་སུ་འགྲོ། །རྩོལ་དང་རྟོག་པའི་འཆིང་བ་ཉེར་ཞི་ཡང༌། །གང་འདུལ་གདུལ་བྱའི་མོས་ངོར་འཚམས་པའི་གཟུགས། །ཕྱོགས་དང་དུས་ཀྱི་རྗེས་སུ་སོང་གྱུར་པ། །ལྷུན་གྲུབ་སྐུ་ནི་དཔག་པར་དཀའ་བ་ཡིན། །སྲིད་དང་ཞི་བ་མི་དམིགས་མཉམ་པའི་དབྱིངས། །མཐའ་བྲལ་ཀློང་དུ་བཟོད་པའི་མཆོག་བརྙེས་ཤིང༌། །གཞོམ་གཞིག་སྤངས་པའི་ཁྱད་པར་མཆོག་གྲུབ་པ། །ཡེ་ཤེས་སྐུ་ནི་རྡོ་རྗེའི་སྐུ་མཆོག་ཡིན། །བསིལ་གྱུར་ཡེ་ཤེས་མི་ཟད་གངས་ཆེན་མཚོ། །སྒྲིབ་གསུམ་ཉེས་པའི་དྲ་བ་མཐར་མཛད་དེ། །དབང་སྔོན་རལ་གྲིའི་དཔའ་རྟགས་རྗེས་འཛིན་པ། །གཙུག་ཏོར་ཆེན་པོ་འཇམ་དཔལ་སྨྲ་བའི་ལྷ། །དངོས་སྣང་ཤིན་ཏུ་ཞི་བའི་ཆོས་ཉིད་དུ། །སྒྲ་དང་སྒྲ་མིན་སྣང་བ་མ་མཆིས་མོད། །སྒྲ་ལས་དོན་མང་རྟོགས་པའི་གདུལ་བྱའི་ངོར། །སྒྲ་དབྱངས་སྟོང་གི་རོལ་མོ་རྟག་ཏུ་སྦིར། །འབད་རྩོལ་རི་མོར་བྲིས་པ་མ་ཡིན་ཀྱང༌། །གསུང་གི་ཆེ་བ་རྣམ་པ་ཐམས་ཅད་པས། །སྣ་ཚོགས་དབང་པོར་འཚམས་པའི་སྣ་ཚོགས་དོན། །རིམ་དང་རིམ་མིན་དུས་རྣམ་ཀུན་ཏུ་སྟོན། །སྡེབས་ལེགས་སྒྲ་ལ་ཞེན་པའི་ཚུར་མཐོང་ངོར། །བྱིང་རྐྱེན་རྣམ་དབྱེའི་སྦྱོར་བས་དག་བྱས་


TN00_Page_008B
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ལེགས་སྦྱར་འཕགས་པའི་སྐད་དུ་ཆོས་སྟོན་ཏེ། །འཕགས་པའི་སྐད་ལ་རྟོག་གེས་བརྫི་བ་མེད། །བྱིང་ལས་བསྒྲུབ་པའི་སྒྲ་སྐད་བབས་ཞིག་པས། །སེམས་ཅན་ཁམས་མང་འདུལ་བའི་ཡུལ་མིན་ཕྱིར། །མཆོག་དང་མཆོག་མིན་རྣམ་པར་མ་ཕྱེས་པའི། །སྒྲ་སྐད་དུ་མས་ཆོས་ཕུང་རབ་འབྱམས་སྟོན། །གསུང་གི་གདངས་གཅིག་འཁོར་གྱི་དཀྱིལ་འཁོར་དུ། །ཡན་ལག་རྒྱ་མཚོའི་དབྱིངས་སུ་སྣང་བའི་འཕྲུལ། །ཡེ་ཤེས་ཆེན་པོའི་བྱིན་རླབས་རྨད་བྱུང་སྟེ། །གསུང་གི་ཆེ་བ་བརྟག་པར་དཀའ་བ་ལགས། །སྐད་ཅིག་ཙམ་ཞིག་རྣ་བར་སོན་པས་ཀྱང༌། །ཉོན་མོངས་བག་རྡུལ་ཕྱིས་པ་བཞིན་གྱུར་ཏེ། །བློ་གྲོས་སྣང་བ་སྙིང་ལ་རྒྱས་བྱེད་པ། །གསུང་གི་བྱིན་རླབས་ངོ་མཚར་ཕུལ་བྱུང་ཡིན། །ཟློས་དང་མ་འབྲེལ་སྡེབ་སྦྱོར་ཉམས་ལ་སོགས། །ངག་གི་དྲི་མ་གཞར་ཡང་མ་མཆིས་ཏེ། །ཚིག་གི་སྦྱོར་བ་ཤིན་ཏུ་མ་སྨད་པ། །མི་འཇིགས་སེང་གེའི་དབྱངས་སུ་རྟག་པར་སྒྲོག །ཟབ་པའི་རང་བཞིན་སྟོང་དང་རྟེན་འབྱུང་དོན། །ཐོག་མ་བར་དང་ཐ་མར་དགེ་གྱུར་པ། །གསུང་གི་དོན་བཟང་བདུད་རྩིའི་སྣང་བ་སྟེ། །གསུང་གསང་བསམ་གྱིས་མི་ཁྱབ་འཇམ་པའི་ལྷ། །མཐའ་བརྒྱད་སྤྲོས་པ་བྲལ་བའི་གནས་ལུགས་སུ། །སྲིད་དང་སྲིད་མིན་གདོད་ནས་མཉམ་གྱུར་ཅིང༌། །མཉམ་དང་མི་


TN00_Page_009A
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ངང་གིས་ཉེར་ཞི་བའི། །ཆོས་ཉིད་ཀློང་དུ་ཆོས་ཅན་འཛིན་པ་ཟད། །མཐའ་གྲོལ་གཞི་ལས་གཡོ་བ་མེད་བཞིན་དུ། །ཇི་སྙེད་སྣང་བ་སྣ་ཚོགས་ཤེས་བྱའི་ཁམས། །མཁྱེན་པའི་ཡེ་ཤེས་གཅིག་གིས་ཉེར་བཅིངས་ཏེ། །གསུང་གི་ཆེ་བས་ཤེས་བྱ་རབ་འབྱམས་སྟོན། །ཡིད་ཀྱི་ཉེས་པ་སྒྲོག་བཞིན་འཆིང་བྱེད་པས། །བློ་ཡི་ནུས་སྟོབས་བཅིས་པ་བཞིན་བྱས་པ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་རལ་གྲི་ཡིས། །ལྷག་མར་བགྱིས་དེས་ཤེས་བྱ་ཅིས་མི་གཟིགས། །འབྱིན་འཇུག་སེམས་ཀྱི་རི་མོ་ཕྱིས་བཞིན་དུ། །ཏིང་འཛིན་རྣམ་པར་ཐར་པའི་ཡེ་ཤེས་སྒོར། །འཇུག་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པས། །ཐོས་སྒྲོག་རང་སངས་རྒྱས་ཀུན་ཟིལ་གྱིས་གནོན། །ལམ་གྱི་མཆོག་དང་ལོག་པར་ལྟུང་བའི་ལམ། །བདེ་འགྲོར་འགྲོ་བའི་ལམ་རྣམས་ཀུན་གཟིགས་ཏེ། །ལམ་དང་ལམ་མིན་སྨྲ་ལ་མ་བསྙེངས་པ། །ཀུན་མཁྱེན་ཐུགས་ནི་སྤོབས་པའི་ཕུང་པོ་ཡིན། །དུས་གསུམ་ཀུན་ཏུ་འཇུག་པའི་ཡེ་ཤེས་ནི། །ཆགས་དང་ཐོགས་པའི་རྡུལ་གྱིས་མ་བཟུང་སྟེ། །བསྙེལ་བ་མེད་པའི་ཆོས་ཉིད་མཆོག་བརྙེས་པ། །ཀུན་མཁྱེན་ཐུགས་ནི་དྲན་པའི་གཏེར་ཆེན་ཡིན། །འགྲོ་འོང་མེད་པ་སྲིད་པའི་སྒྱུ་མ་ན། །བདེ་སྡུག་སྣང་བ་ཆུ་ཟླ་བཞིན་སྤྱོད་པའི། །སེམས་ཅན་ཁམས་ལ་དུས་


TN00_Page_009B
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགོངས་མཛད་པ། །ཀུན་མཁྱེན་ཐུགས་ནི་སྙིང་རྗེའི་རང་བཞིན་ཡིན། །ཡོན་ཏན་རང་བཞིན་རྣམ་པར་གྲོལ་བའི་ཆོས། །ཤིན་ཏུ་ཡོངས་རྫོགས་རྫོགས་པའི་སངས་རྒྱས་ནི། །ཡོན་ཏན་མངའ་བའི་རྩེ་མོར་གཤེགས་པ་སྟེ། །སངས་རྒྱས་ཀུན་དངོས་འཇམ་དཔལ་དཔའ་བོ་ཡིན། །གྲངས་མེད་ཞིང་ན་རྒྱལ་དང་དེ་སྲས་ཚོགས། །འཇམ་དཔལ་དཔའ་བོའི་ཡོན་ཏན་བསྔགས་མཛད་ཀྱང༌། །མཛད་པའི་ཕ་མཐའ་དམིགས་སུ་ཡོད་མིན་ན། །བླུན་ཆེན་བདག་འདྲས་བརྗོད་དུ་ག་ལ་ཞིག །མོས་གུས་ཡིད་ཀྱིས་བསྔགས་བརྗོད་ཐུང་ངུ་ཞིག །བགྱིས་པའི་ལེགས་བྱས་སྟོན་ཟླ་ལྟར་དཀར་བས། །མཐའ་ཡས་འགྲོ་ལ་ཕན་དང་བདེ་སྟེར་ཞིང༌། །འཇམ་མགོན་ཐུགས་ཀྱི་གསང་བ་མངོན་གྱུར་ཅིག །གུས་པའི་ཡིད་ཅན་སྤྲང་ཕྲུག་སྨྱོན་པ་ཡང༌། །འཇམ་དཔལ་དཔའ་བོའི་བྱིན་རླབས་དོན་གཉེར་ཞིང༌། །མཁྱེན་པའི་ལྷ་དེ་སྤྱི་བོས་རྟག་མཆོད་པའི། །སྐལ་བཟང་སྣང་བ་མཆོག་དང་འབྲལ་མ་གྱུར། །ཞེས་པའང་གཞོན་ནུ་འཇིགས་མེད་པས་རང་ལོ་བཅོ་བརྒྱད་པ་ཆུ་རྟའི་ལོའི་ཟླ་བ་བདུན་པའི་དམར་ཕྱོགས་ཉེར་གཅིག་གི་ཉིན་བྲིས་ཤིང་གསོལ་བ་བཏབས་པ་ཛ་ག་ཏཾ། ༈ །མིག་ཡོར་ལྟ་བུའི་གཟུགས་ཀྱིས་རྣམ་རོལ་ཕྱོགས་དང་དུས་ཀྱི་རྗེས་སུ་སོང༌། །བྲག་ཆ་ལྟ་བུའི་གཏམ་གྱི་རྔ་སྒྲས་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་ཁྱབ། །སྒྱུ་མ་ལྟ་བུའི་ཡེ་ཤེས་མཆོག་གིས་ཇི་ལྟ་ཇི་སྙེད་ཆོས་


TN00_Page_010A
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཟིགས། །ནམ་མཁའ་ལྟ་བུའི་སྤྱོད་ཡུལ་མཆོག་བརྙེས་འཇམ་དཔལ་མགོན་ལ་ཕྱག་བགྱིའོ། །སེམས་དང་ཡིད་ཀྱི་རྒྱུ་བ་ཉེར་ཞི་རྣམ་པར་ཤེས་ལས་རབ་འདས་པའི། །ཆོས་རྣམས་རང་བཞིན་ཤིན་ཏུ་བརྟག་དཀའ་སྤྲོས་བྲལ་ཟབ་མོ་དེ་ཁོ་ན། །སོ་སོ་རང་རིག་ཡེ་ཤེས་གཅིག་གིས་མཚན་མ་མེད་པའི་ཚུལ་གཟིགས་ཏེ། །སྲིད་དང་ཞི་བ་མཉམ་པའི་ཀློང་དུ་མི་མཉམ་སྣང་བ་ངང་གིས་ཞི། །ཤེས་དང་ཤེས་བྱའི་སྣང་བ་མཐའ་དག་མ་བརྟག་ཐ་སྙད་བདེན་པའི་ངོར། །རྟེན་ཅིང་འབྲེལ་འབྱུང་སྣ་ཚོགས་ཚུལ་ཅན་ཆུ་ཟླ་ལྟ་བུའི་རོལ་མོ་རུ། །མཁྱེན་པའི་ཡེ་ཤེས་སྐད་ཅིག་གཅིག་གིས་ཆགས་ཐོགས་མེད་པར་མངོན་གཟིགས་ཏེ། །མཁའ་དང་ལག་མཐིལ་མཉམ་པར་བརྫུ་བའི་འཕྲུལ་ཆེན་ནམ་ཡང་བསྙེལ་བ་མེད། །བདག་ཉིད་གཞན་བཅས་གཉིས་ཀ་ལས་མིན་རྒྱུ་མེད་སྣང་བ་མ་ཡིན་པའི། །ཕྱོགས་དང་དུས་ཀྱི་ཤེས་བྱ་རབ་འབྱམས་རྟོག་བཏགས་སྣང་བ་རྫུན་པོ་ཆེར། །དྲི་མེད་མཁྱེན་པའི་ཡེ་ཤེས་གཅིག་གིས་མ་འདྲེས་ཇི་བཞིན་མངོན་གཟིགས་ཏེ། །རྟེན་འབྱུང་ཟབ་མོའི་གཏམ་གྱི་རོལ་པས་བློ་ཆེན་ལྡན་རྣམས་སྨིན་པར་མཛད། །ཆོས་ལ་ཆོས་སུ་མངོན་རློམས་དེ་དག་སྡང་དང་ཞེན་པའི་ཕ་མཐར་ལྟུང༌། །གང་ལ་ཆོས་ཀྱི་རློམས་སེམས་མེད་རྣམས་ནམ་མཁའ་


TN00_Page_010B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཆགས་པ་མེད། །ཆོས་དང་ཆོས་མིན་མཚན་མར་མེད་གཟིགས་དེ་ཡི་ཕྱིར་ན་བདག་ཉིད་ཆེ། ཁྱོད་དང་ཁྱོད་འདྲའི་སྤྱོད་ཡུལ་མཆོག་ནི་ཟག་པའི་ཁམས་དང་མཛའ་བ་མིན། །སྐྱེ་བའི་ཆོས་ལ་སྐྱེ་བ་མེད་བཞིན་གཟུགས་བརྙན་ལྟ་བུའི་ཚུལ་སྐྱེ་ཞིང༌། །སྐྱེ་མེད་ཆོས་ལ་ངོ་བོ་མེད་བཞིན་མི་དམིགས་ཚུལ་ཏུ་རབ་བརྟགས་པའི། །ཚུལ་གཉིས་ཆོས་ལ་ཆོས་མིག་རྡུལ་བྲལ་ཕུལ་བྱུང་བཟོད་པ་མཆོག་བརྙེས་ཏེ། །ཆགས་མེད་ཡེ་ཤེས་ནམ་མཁའ་ལྟ་བུས་དུས་གསུམ་ཀུན་ཏུ་གཟིགས་པ་འཇུག །སོ་སོ་ཡང་དག་རིག་པ་རྣམ་བཞིའི་ཡོན་ཏན་ཕུང་པོ་འཛད་མེད་ཅིང༌། །ཀུན་རྨོངས་ཉེས་པ་གཞར་ཡང་མ་མཆིས་མི་འཇིགས་ཡེ་ཤེས་མཆོག་མངའ་བས། །དག་དང་མ་དག་འཁོར་གྱི་དཀྱིལ་འཁོར་ཞིང་གི་རྡུལ་སྙེད་བཀོད་པའི་དབུས། །ཐོག་མ་བར་དང་ཐ་མར་དགེ་བའི་ཆོས་ཚུལ་སྣང་བ་འབུམ་དུ་འཇོ། །མཐའ་བྲལ་སྟོན་པ་རྡོ་རྗེའི་དབྱངས་ཀྱིས་འཇིག་ཚོགས་ལྟ་བའི་རི་བོ་སྙིལ། །བདེན་དོན་སྟོན་པ་གདོང་ལྔའི་ང་རོས་རྒོལ་བ་ངན་པའི་རི་དྭགས་འཇོམས། །ཚུལ་གཉིས་དོན་སྟོན་གཏམ་གྱི་མེ་ལྕེས་དངོས་པོར་སྨྲ་བའི་ཚང་ཚིང་སྲེག །སྨྲ་བའི་དབང་ཕྱུག་སྨྲ་བ་ཟླ་མེད་འཇམ་དཔལ་མཁྱེན་པ་མཆོག་བརྙེས་རྒྱལ། །སྡེ་སྣོད་ཐེག་པའི་རྣམ་གྲངས་རྒྱ་ཆེར་དཔག་ཡས་ནམ་མཁའི་མཐའ་འདྲ་བ། །


TN00_Page_011A
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དང་རིམ་མིན་གདུལ་བྱའི་ཁམས་ལྟར་ཚངས་དབྱངས་རྔ་སྒྲས་སྣང་མཛད་དེ། །ཇི་སྙེད་ཐེག་པའི་ཆོས་ཚུལ་མཐའ་དག་ཐེག་པ་གཅིག་ཏུ་གཞོལ་སྟོན་པས། །དཔའ་ཆེན་ཁྱོད་ཀྱི་གསུང་གི་གསང་བ་ནམ་ཡང་བསམ་པར་སླ་བ་མིན། །དེ་སླད་ཁྱོད་ཀྱི་ངོ་མཚར་ཡོན་ཏན་རྨད་བྱུང་བ། །རྗེས་དྲན་ཡིད་ཀྱིས་བསྔགས་བརྗོད་མེ་ཏོག་འདི་བྱས་ཏེ། །གཏམ་གྱི་རྒྱུད་འདིས་ཡིད་ཅན་ཡིད་ཀྱི་མུན་བསལ་ནས། །རྡུལ་མེད་བྱང་ཆུབ་ཞི་བ་མཆོག་ལ་རེག་གྱུར་ཅིག །ཅེས་པའང་གཞོན་ནུ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་སྦྱར་བའོ། །མངྒ་ལཾ།། ༈ །།འདི་ན་ལང་ཚོས་རྒྱགས་པ་འབུམ་ཕྲག་གི༌།སྲོག་ཤིང་ལུས་ཀྱི་སྦུབས་སུ་ཞུགས་པ་བཞིན། །གྱུར་པའི་གཞོན་ཆུང་འདུ་བ་བརྒྱ་སྟོང་ཞིག །དར་གྱི་ལྷབ་ལྷུབ་མང་པོས་གཡོགས་ཤིང་འདུག་ཁེངས་དྲེགས་རྒྱགས་པས་བཟུང་བ་མ་ཡིན་ཀྱང༌། །མཚན་དཔེའི་རྡུལ་མང་བརྩེགས་པའི་ཡེ་ཤེས་སྐུ། །ལྷ་ཀླུའི་དྲེགས་པ་ཁྲག་ཁྲིག་ཟིལ་གནོན་པ། །གཞོན་ནུ་ཟུར་ཕུད་ལྔ་པའི་ངང་ཚུལ་ཡིན། །སྐྱེ་གནས་དུར་ཁྲོད་འདྲ་བའི་འདུན་ས་ནས། ཁྲག་གི་ཐིགས་པ་བླངས་པའི་སྒྱུ་ལུས་ཀྱིས། །ཡིད་ལ་རྒྱགས་པ་རྒྱས་པའི་གཞོན་པ་ཡང༌། །སྐྱེ་བོའི་གྲལ་ན་ཟླ་བ་བཞིན་དུ་གསལ། །དག་ཆེན་ཡེ་ཤེས་སྒྱུ་མའི་སྣང་བརྙན་ནི། །ཡིད་ཅན་མོས་པ་བཞིན་


TN00_Page_011B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རབ་འཇུག་སྟེ། །འདི་ལའང་རློམ་སེམས་མངའ་བར་མི་མཛད་པ། །གཞོན་ནུ་སྨྲ་བའི་སེང་གེའི་བརྟུལ་ཞུགས་ཡིན། ཁྲག་ཆེན་ཚོན་གྱིས་པགས་པ་དམར་པོ་རུ། །བྱས་པའི་མཁུར་ཚོས་གདོང་ལ་འཆང་བ་ཡང༌། །གཞོན་ནུའི་རྒྱན་དུ་རློམ་པའི་མི་ལྷོད་པའི། །མི་ལའང་སྲེད་ལྡན་མང་ཞིག་ལྟད་མོར་སེམས། །སྣང་དང་སྟོང་པ་མི་ཕྱེད་རྡོ་རྗེའི་སྐུར། །མཚམས་སྤྲིན་སྣང་བ་འབུམ་གྱིས་ཉེར་བྱུགས་ཤིང༌། །ནོར་བུའི་རྒྱན་ཕྲེང་ཡང་དང་ཡོང་ངོམས་པ། །དེ་ལ་ངོ་མཚར་མི་བྱེད་སུ་ཞིག་ཡོད། །རུས་པའི་ཚལ་བུ་ཞིང་ལྤགས་བགོ་བ་ཅན། །ཕུང་པོར་བྱས་ལ་གཉེར་རིས་ཉུང་གྱུར་པ། །གང་ལའང་གཞོན་ནུའི་ལུས་ཞེས་གྲགས་པའི་རྔ། །དོགས་པ་མེད་པར་སྲིད་འདིར་རྟག་ཏུ་རྡུང༌། །དེ་ཡི་སྤོ་ན་གཞན་མེད་ཡེ་ཤེས་ཆེ། །མི་ཤིགས་དྭངས་མའི་ལང་ཚོར་སྣང་བའི་གར། །རྒ་བའི་ཁུར་ཚོན་ནམ་ཡང་མི་འཛིན་པ། །དེ་ལ་སྙེན་པའི་རྫ་རྔ་ཅིས་མི་རྡུང༌། །མཚར་སྡུག་ཉམས་བརྒྱར་སྣང་བའི་གཞོན་ནུའི་གཟུགས། །རིང་བ་མིན་པར་རྒུད་པས་ཉམས་འགྱུར་ཞིང༌། །ཉམས་པ་མེད་ཀྱང་སྒྱུ་མའི་ཞགས་པ་ཡིས། །སྡུག་པ་མེད་བྱས་དེས་ཀྱང་བྱིས་པ་མགུ། །དག་གསལ་མཛེས་པའི་སྐུ་མཆོག་ལྷང་ངེ་བ། །འཁྲིལ་ལྡེམ་ཞི་བའི་ཉམས་བཟང་མི་ཟད་པས། །གཏོང་བའི་གོ་སྐབས་དབྱེ་བ་


TN00_Page_012A
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆིས་པ། །དེ་ལ་འཇིག་རྟེན་མཐའ་དག་ཅིས་མི་མགུ། །ཀླད་པའི་ཁང་བཟང་ཐོད་རུས་སྲ་བའི་ཁམས། །སྣུམ་བག་བྱུག་པས་གོས་པའི་སྐྲ་ལོ་ཅན། །ཉེ་རེག་བྱ་བའི་ཡུལ་དུ་འདི་རུང་ཞེས། །འཇིག་རྟེན་སྐྱེ་བོའི་མདུན་སར་གྲགས་པ་བརྟན། །དཀར་པོའི་བརྟུལ་ཞུགས་སྙེམ་སྨིན་པའི་ཞལ། །མཐོན་མཐིང་རལ་པའི་འབྲས་བཟང་ལྔ་འཆང་བ། །འཕགས་ཆེན་གཞོན་ནུའི་འཇོ་སྒེགས་འདི་ཡང་སྟེ། །ལྷ་ཆེན་དྲེགས་པ་བརྒྱས་ཀྱང་གཟུང་བར་དཀའ། །རྔུལ་ཆུའི་ཐིག་པ་ལྟོ་བར་སྦྲུམ་པའི་ཤ་ཁྲུས་ཀྱི་ཆོ་གས་ལན་བརྒྱར་བཀྲུས་པ་ལས། །རེ་ཞིག་ཀུན་ད་ལྟ་བུར་སྣང་ལ་ཡང༌། །གཞོན་ཤ་གསར་པ་གསར་པའི་བླ་དྭགས་སྟེར། །དྲི་མས་འཁྱུད་པ་མ་ཡིན་གཞོན་ནུའི་སྐུ། །རྫིང་བུར་བཀྲུས་པ་མ་ཡིན་ངང་གིས་མཛེས། །ཚོན་གྱིས་བྱུག་པ་མ་ཡིན་དམར་སེར་མདངས། །མོག་མོག་ཁ་དོག་མ་ཡིན་ལྷན་ནེར་འབར། །ལྷོད་ལྷོད་འགྲོས་ཀྱིས་བསྐྱོད་པའི་ལྷབ་ལྷུབ་འདབ། །གཡོ་ཞིང་གཡོ་ཞིང་ལྡེམ་ལྡེམ་འགྲོ་བ་ལའང༌། །དུལ་བའི་ལུས་ཞེས་སྐྱེ་བོ་དགའ་བྱེད་ན། །འཕགས་པའི་གཟུགས་ལ་ངོ་མཚར་ཅིས་མི་སྐྱེ། །ལྟ་བས་མི་ངོམ་མཚན་དཔེ་འབར་བའི་སྐུ། །མཐོང་ན་མི་མཐུན་ངང་གིས་ཉེར་ཞི་བ། །བྱེ་བ་ཁྲག་ཁྲིག་འོད་ཟེར་སྣང་བའི་གཞི། །འཇམ་དཔལ་གཞོན་ནུའི་སྐུ་


TN00_Page_012B
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་འདྲའོ། །བཟོད་དཀའ་འདུ་བ་རྣམ་བཞིའི་ནད་ཀྱི་མེས། །བུད་ཤིང་ཐ་ཚིག་མནོས་པའི་ལུས་ཀྱིས་ཀྱང༌། །ཆགས་བྲལ་བརྐམ་པ་འཕེལ་བའི་གྲོགས་གྱུར་ན། །འཇམ་དཔལ་གཞོན་ནུའི་གཟུགས་སྐུ་ཅིས་མི་མཆོད། །གཞོམ་གཞིག་མཚན་མ་ཞི་བའི་རྟག་ཆེན་སྐུ། །དྲན་པས་ཡིད་ལ་དགའ་བ་མཆོག་སྩོལ་བ། །དགེ་བའི་མཆོད་སྡོང་མཆོག་ནི་འདི་ཡིན་ཞེས། །འཇིགས་མེད་སྤྲང་པོའི་ཡིད་ནི་དེ་ལྟར་ཕྱོགས། །ཞེས་པའང་སྤྲང་སྨྱོན་འཇིགས་མེད་པས་སོ། ༈ །བསྟོད་ཚིག་ཐོལ་བྱུང་མ། བསྐལ་པ་བྱེ་བ་མང་པོ་ནས། །ཕ་རོལ་ཕྱིན་དྲུག་རྫོགས་བྱས་ཏེ། །སྟོབས་བཅུའི་རྒྱལ་ཐབས་མཐོན་པོ་ལ། །རྟག་བཞུགས་འཇམ་དཔལ་ལ་ཕྱག་འཚལ། །ཟབ་མོ་ཆོས་རྣམས་ཀུན་གྱི་གཤིས། །མཐའ་བརྒྱད་སྤྲོས་བྲལ་ཆེན་པོ་རུ། །གཉིས་སྣང་མཚན་མ་ཉེར་ཞི་བ། །འཇམ་དཔལ་དེ་ལ་བདག་ཕྱག་འཚལ། །རྟག་ཆེན་ངེས་པ་ལྔ་ལྡན་སྐུ། །འོག་མིན་ཆེན་པོར་སྣང་བའི་གར། །རྣམ་མང་ཞིང་ན་སྒྱུར་མཛད་པ། །འཇམ་དཔལ་དབྱངས་ལ་རྟག་ཏུ་འདུད། །གཞོན་ནུའི་གཟུགས་དང་རྒན་པོའི་གཟུགས། །བདེ་གཤེགས་སྐུ་དང་ཉན་རང་གཟུགས། །གཟུགས་ཀྱི་རོལ་པ་མང་པོ་ཡིས། །སྲིད་པ་སྐྱོབ་ལ་ཕྱག་འཚལ་ལོ། །སྙན་པར་སྨྲ་བ་རབ་མང་པོ། །ཟབ་མོའི་ཕྱོགས་དང་རྒྱ་ཆེའི་ཕྱོགས། །ལེགས་འདོམས་ཚངས་པའི་སྒྲ་དབྱངས་ལ། །དབང་མཛད་དེ་ལ་ཕྱག་


TN00_Page_013A
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ནམ་མཁའི་ཀློང་ལྟར་བལྟར་མེད་ཅིང༌། །ཤེས་དང་ཤེས་བྱ་ཉེར་ཞི་བའི། །དབྱིངས་སུ་མི་རྟོག་ཡེ་ཤེས་ཆེ། །རོ་གཅིག་གྱུར་ལ་ཕྱག་འཚལ་ལོ། །རྣམ་པར་རྩོལ་ཞིང་རྟོག་མེད་ཀྱང༌། །དཔག་བསམ་ཤིང་ལས་ཆར་འབེབས་བཞིན། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་ཆེ། །ཀུན་ཏུ་འབྱུང་ལ་ཕྱག་འཚལ་ལོ། །གྲངས་མེད་ཚོགས་གཉིས་བསགས་པའི་མཐུ། །ནམ་ཡང་རྒྱུན་ཆད་མེད་སྟོན་ཕྱིར། །གཟུགས་སྐུ་བྱེ་བ་རྣམ་མང་པོས། །གཞན་ཕན་སྤྱོད་ལ་ཕྱག་འཚལ་ལོ། །མཐའ་ཡས་ཇི་ལྟ་ཇི་སྙེད་ཆོས། །མཐའ་དག་སྐད་ཅིག་གཅིག་གིས་ཀྱང༌། །གཟིགས་པར་མི་ཐོགས་ཡེ་ཤེས་ཅན། །འཇམ་དབྱངས་མགོན་ལ་ཕྱག་འཚལ་ལོ། །འགྲོ་རྣམས་རང་བཞིན་མེད་གཟིགས་བཞིན། །རྨི་ལམ་ལྟ་བུའི་འཁོར་བ་པར། །མི་དམིགས་ཐུགས་རྗེ་རྟག་འབྱུང་བ། །འཇམ་དབྱངས་དེ་ལ་གུས་ཕྱག་འཚལ། །རྒྱལ་སྲས་ཁྲག་ཁྲིག་དུ་མའི་དབུས། །སྨོན་ལམ་ཆེན་པོའི་གཟི་བརྗིད་ཀྱིས། །སྐར་མའི་དབུས་ན་ཟླ་བ་བཞིན། །བརྗིད་བྱས་དེ་ལ་ཕྱག་འཚལ་ལོ། །ཡོན་ཏན་བདག་ཉིད་ཆེ་རྣམས་ཀྱང༌། །གང་ཞབས་ཕུ་དུད་ཡུལ་ཉིད་དུ། །བསྔགས་པ་ནམ་ཡང་མི་ལྷོད་པ། །ཐོད་ཀྱི་ཐོད་ལ་ཕྱག་འཚལ་ལོ། །བསྔགས་འོས་


TN00_Page_013B
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་མཛད་སྲས་བཅས་ཀྱི། །འདྲེན་པ་བགྲང་ལས་འདས་མོད་དེ། །སྤྲང་སྨྱོན་བདག་གི་ངག་འདི་ཡང༌། །བདག་ཉིད་ཆེན་པོའི་སྙན་དུ་ཕུལ། །ཅི་སླད་ཅེ་ན་ཐོག་མེད་ཀྱི། །དུས་ནས་ངག་གི་ཉེས་བྱས་པ། །དེ་ཀུན་ཚངས་པར་བགྱིད་སླད་དུ། །གཏམ་གྱི་རྫ་རྔ་འདི་བརྡུངས་སོ། །ཅེས་སྨྱོ་གཏམ་ཅལ་ཅོལ་མ་འདིའང་ཡུད་ཙམ་ལའང་བསམ་གཞིག་མ་བཏང་བར། འཇིགས་མེད་པས་བྲིས་པའོ། ༈ །འཇམ་དཔལ་གཞོན་ནུར་གྱུར་པའི་ཡོན་ཏན་གྱི་ཆེ་བ་ལ་བསྔགས་པའི་རབས་པར་ཤི་ཀའི་མེ་ཏོག་གི་ཆུན་འཕྱང་ཞེས་བྱ་བ། ཚོགས་གཉིས་ཕྱོགས་ཀྱི་ཆུ་གཏེར་དྭངས་པའི་ངོགས། །མཁྱེན་གཉིས་མནྡྷ་ར་བའི་འཁྲི་ཤིང་ཆེ། །ཚུལ་གཉིས་གཏམ་གྱི་བསུང་ཞིམ་འབུམ་འཇོ་བ། །འཇམ་དཔལ་གཞོན་ནུའི་རྣམ་ཐར་ཡང་ཡང་དྲན། །གང་ལ་བདག་ཉིད་ཆེ་ཞེས་གྲགས་པའི་དྲི། །སྟོབས་དང་མི་འཇིགས་འདབ་བརྒྱས་ཉེར་བཟུང་ཞིང༌། །གཞན་ཕན་ལང་ཚོའི་འཇོ་སྒེགས་མ་སྨད་པའི། །དབང་ཕྱུག་འཇམ་དཔལ་དཔའ་བོའི་མཚོ་སྐྱེས་བཞད། །སྨོན་ལམ་འཁྲི་ཤིང་དཀར་པོའི་དཔུང་བ་ལས། །རྗེས་ཆགས་རྣམ་པར་རོལ་པའི་འདབ་མ་ཁྲིས། །ཕྱོགས་དང་དུས་ཀྱིས་ཐ་གྲུ་ཟླུམ་པོ་རུ། །འཆིང་མཛད་འཕགས་པའི་མེ་ཏོག་འཇམ་པའི་ལྷ། །ཕུལ་བྱུང་ཐབས་ལ་མཁས་པའི་མེ་ཏོག་གིས། །ཡང་དང་ཡང་དུ་འཁྱུད་མོས་ཉེར་བཅིང་བའི། །ཕན་བཞེད་ལྷག་པའི་ཐུགས་


TN00_Page_014A
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྐྱེད་མོའི་ཚལ། །གང་ལ་མངའ་མཛད་མགོན་པོ་རལ་གྲི་ཅན། །འཕགས་མཆོག་མེ་ཏོག་མཛུམ་པའི་འདུན་ས་ན། །རྟེན་འབྱུང་གཏམ་གྱི་དྲི་བསུང་མི་ཟད་པས། །བློ་གྲོས་ཆེན་པོའི་ཁྱད་པར་གསལ་བྱས་པའི། །མེ་ཏོག་ཟུར་ཕུད་ལྔ་པར་གྲགས་དེ་རྨད། །གཟུངས་ཀྱི་ཡེ་ཤེས་རྨད་བྱུང་ཛ་ཏའི་ནགས། །སྤོབས་པ་ཆེན་པོའི་སྣ་མའི་མེ་ཏོག་གདོང༌། །འཛུམ་བཞད་ལང་ཚོས་ལན་བརྒྱར་སྒེགས་བྱས་པ། །འཇམ་དཔལ་དཔའ་བོའི་རྣམ་ཐར་རྒྱ་ཆེན་ཡིན། །ཡེ་ཤེས་གཟིགས་པའི་ཟླ་རྒྱས་གཅིག་གིས་ཀྱང༌། །དོན་ཟབ་ལེགས་པར་བཤད་པའི་པད་དཀར་བརྒྱ། །འབྱེད་པའི་ཚུལ་འདི་འཇམ་དཔལ་གཞོན་ནུའི་སྟེ། །ལྷ་དབང་སྨིན་དྲུག་ཁྲིས་ཀྱང་བཟུང་མ་གྱུར། །ནོར་འདོད་སློང་མོའི་བུང་བ་ཁྲག་ཁྲིག་སྟོང༌། །སྙན་གྲགས་དྲི་བསུང་དངར་པོས་ཉེར་བཀུག་སྟེ། །གཏོང་བ་དམ་པའི་སྦྲང་རྩིས་སིམ་མཛད་པ། །འཇམ་དཔལ་དཔའ་བོའི་བརྟུལ་ཞུགས་མེ་ཏོག་ཡིན། །ཉེས་སྤྱོད་སྤྲིན་གྱི་རུས་པས་མ་རེག་ཅིང༌། །བསྡུ་བཞིའི་འདབ་མ་རིང་པོས་འཇིག་རྟེན་ཁྱོན། ཁྱབ་མཛད་དགེ་བ་ཆོས་སྡུད་མེ་ཏོག་འདིས། །འཇམ་དཔལ་གཞོན་ནུའི་སྤྱོད་མཆོག་མཛེས་པར་བྱས། །ཕས་རྒོལ་གཡུལ་གྱི་ཆར་པ་གང་བབ་པ། །བཟོད་པའི་མེ་ཏོག་འཛུམ་པའི་གྲོགས་གྱུར་ཏེ། ཁྲོ་ཚིག་གདུང་བ་རྩུབ་མོའི་


TN00_Page_014B
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་མེད་པས། །འཇམ་པའི་ལྷ་ཞེས་གྲགས་པ་ལྕི་བར་བྱས། །ལེགས་བྱས་པདྨའི་རྩ་བ་རབ་བརྟན་པ། །བརྩོན་འགྲུས་རླན་གྱི་ཐིགས་པས་བསྐྱེད་བསྲིངས་ཏེ། །འཇམ་དཔལ་གཞོན་ནུའི་ཡེ་ཤེས་པདྨ་དཀར། །ནམ་མཁའ་ཇི་སྲིད་སྣང་བར་མ་བྱས་སམ། །ཏིང་འཛིན་མེ་ཏོག་དཔལ་མོའི་འཛུམ་དཀར་ལས། །སྤྱན་དང་མངོན་ཤེས་བསུང་བ་རྣམ་འཕྲོ་ཞིང༌། །སྙིང་ལ་མི་ཟད་འདོད་དགུའི་བཅུད་སྩོལ་བ། །འཇམ་དཔལ་གཞོན་ནུའི་སྤྱོད་ཡུལ་རླབས་ཆེན་ཡིན། །རྡུལ་མེད་ཤེས་རབ་མང་པོ་བཞད་པའི་ཚོར། །དྲན་དང་རྟོགས་པའི་ཆུ་རླབས་རྣམ་གཡོ་ཞིང༌། །བདེན་དོན་གཏམ་གྱི་ངང་མོ་འབུམ་རྩེ་བ། །གཞོན་ནུ་སྨྲ་བའི་སེང་གེའི་བློ་གྲོས་ཡིན། །སྲིད་པའི་ཆུ་གཏེར་ཟབ་མོའི་ཀློང་འཁོར་ན། །སྣ་ཚོགས་སྤྲུལ་པའི་མེ་ཏོག་སྟོང་ངོམས་ཀྱང༌། །སྲེད་དང་ལེན་གྱི་འདམ་གྱིས་མ་བཟུང་བའི། །གནས་འདི་ཟབ་མོའི་བཟོད་པའི་ལག་རྗེས་ཡིན། །ལྷག་བསམ་མཆོག་གི་རྩ་བ་མ་སྨད་ཅིང༌། །ཕུལ་བྱུང་ཐབས་ཀྱི་ལོ་འདབ་མ་རྙིང་བའི། །དོན་དམ་གཟིགས་པའི་ཡེ་ཤེས་དཔག་བསམ་ཤིང༌། །དེ་ལ་སྟོབས་བཅུའི་མེ་ཏོག་གཡུར་དུ་ཟ། །ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོར། །རྫོགས་སྨིན་སྦྱང་བའི་མེ་ཏོག་རྒྱུན་ཆགས་པས། །གྲགས་པའི་དྲི་བསུང་ལྡང་བ་དོན་ཡོད་དུ། །བྱེད་པོ་འཕགས་བཞིའི་དེད་དཔོན་འཇམ་པའི་ལྷ། །སྐུ་མཆོག་


TN00_Page_015A
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེའི་མེ་ཏོག་བཀྲག་ཏུ་བརྟས། །ཚངས་དབྱངས་ཆོས་ཀྱི་མེ་ཏོག་དར་ལ་རྒྱས། །རིགས་པ་ཆེན་པོའི་མེ་ཏོག་མཚུངས་པ་མེད། །འཕགས་མཆོག་མེ་ཏོག་ཁྱུ་མཆོག་རལ་གྲི་ཅན། །མཆོད་འོས་མཆོད་པའི་ཞིང་མཆོག་འཇམ་པའི་ལྷར། །བསྔགས་བརྗོད་མེ་ཏོག་མཆོད་སྤྲིན་འདིས་མཆོད་ཀྱིས། །དགྱེས་སྤྲིན་ཡེ་ཤེས་གཟིགས་པས་བཞེས་ནས་སླར། །བྱིན་རླབས་སྣང་བ་ཡངས་པོས་སྲིད་འདི་སྐྱོངས། །བདག་ཀྱང་ཐེག་མཆོག་བསྟན་པའི་དགའ་ཚལ་དུ། །ལུང་རིགས་མེ་ཏོག་དོ་ཤལ་ཉེར་བཟུང་ནས། །འཆད་རྩོད་རྩོམ་པའི་རྒྱང་གླུ་ལེན་བཞིན་པར། །བཟོད་པ་ཆེན་པོའི་གར་གྱིས་རོལ་པར་ཤོག །གཏམ་འདི་ཐར་པ་དོན་གཉེར་ཅན། །འཇིགས་མེད་བསྟན་པའི་རྒྱལ་མཚན་ཞེས། །གཞོན་པ་རང་ལོ་བཅོ་བརྒྱད་པས། །སྙན་ངག་བཟང་པོའི་ཕྲེང་བར་སྦྲེལ། །ཤུ་བྷཾ། མསྟུ་སརྦ་ཛ་ག་ཏཾ།། ༈ །།མེ་ཏོག་ཆུན་འཕྱང་འཛིན་པའི་ཐོར་ཚུག་རྩེར། །མཐིང་མདོག་ནོར་བུས་མཛེས་པ་འབུམ་བྱིན་པས། །རལ་པའི་ཕོན་པོ་ལྷང་ངེ་ལྷན་ནེ་བ། །ལྔ་ཕྲག་སྤྱི་བོར་བཅིངས་དེ་གང་ཞིག་ཡིན། །སྐྲ་ཅོག་མཐོན་མཐིང་འབར་བའི་ལང་ཚོ་ཞིག །མཐོ་རིས་སྐབས་གསུམ་ལྷས་ཀྱང་བཟུང་གྱུར་མོད། །སྣང་སྟོང་ཡེ་ཤེས་སྒྱུ་མའི་འཇོ་སྒེགས་ཅན། །གཞོན་ནུ་ཟུར་ཕུད་ལྔ་པའི་ངང་ཚུལ་ཡིན། །འཁྲིལ་ལྡེམ་ཉམས་བརྒྱས་སྒེགས་པའི་ཡེ་


TN00_Page_015B
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྐུ། །རྒྱལ་བའི་ཞིང་ཁམས་གང་དུ་སྣང་གྱུར་པ། །དེ་ན་འཕགས་ཆེན་བྱེ་བས་མེ་ཏོག་ཆར། །ནམ་མཁའི་ལམ་ནས་སྤྲིན་ཕུང་བཞིན་དུ་འཐོར། །སྲིད་ན་བསོད་ནམས་བྱེ་བའི་གཏེར་མཛོད་དུ། །གྲགས་པ་རྔ་ལྟར་ལྡིར་བའི་ལྷ་རྣམས་ཀྱང༌། ཁྱོད་ཀྱི་ཟུར་ཕུད་མཆོད་པའི་བརྟུལ་ཞུགས་ཀྱིས། །མནྡ་ར་བའི་འཁྲི་ཤིང་གསར་པ་སློང༌། །བྱེ་བ་ཁྲག་ཁྲིག་འོད་ཟེར་སྣང་བ་དང༌། །ལྷན་ཅིག་མཚན་དཔེའི་ཞལ་བཟང་རྟག་ངོམས་པ། །ཐུགས་ཀྱི་རྡོ་རྗེ་བདེ་གཤེགས་མི་བསྐྱོད་ལྷ། ཁྱོད་གཙུག་རལ་པའི་རྒྱན་དུ་སྣང་ཞེས་ཐོས། །སྟོབས་བཅུ་མངའ་བ་རྣམས་ཀྱི་ཡེ་ཤེས་ཆེ། །རྟག་ཆེན་གཞོན་ནུའི་གཟུགས་སུ་ངོམས་པའི་གར། །དེ་ལ་མཛེས་པའི་སྐྲ་ཅོག་འདི་ཡོད་ཅེས། །གཅིག་ཏུ་ངོ་མཚར་བགྱི་བ་ཅི་ཞིག་མཆིས། །མཐོན་མཐིང་ཟུར་ཕུད་རྣམ་ལྔའི་གཟི་བྱིན་ཆེས། །དགེ་ལེགས་ཤིས་པའི་ཆར་བསིལ་འབེབས་ནུས་ན། །དེ་ལ་ནོར་བུའི་སྐ་རགས་ཅི་སླད་འཆང༌། ཁྱོད་ཀྱིས་འདི་ལ་དགོས་དོན་གཟིགས་ཞེས་གྲགས། །ཕྱོགས་དུས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །དོ་ཀེར་ཆས་སུ་འཆད་པར་མ་གྱུར་མོད། །བླ་ན་མེད་པའི་ཡེ་ཤེས་རྣམ་པ་ལྔ། །མཚོན་པའི་རྟགས་སུ་ཟུར་ཕུད་ལྔ་ཞིག་སྣང༌། །བདེ་བར་གཤེགས་པའི་བྱིན་རླབ་བསམ་མི་ཁྱབ། །ཡེ་ཤེས་མཆོག་གི་འཕྲུལ་ཆེན་བསམ་མི་ཁྱབ། །དེ་སླད་


TN00_Page_016A
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གཉིས་མངོན་པར་རྫོགས་པའི་ཐུགས། །རལ་པའི་དོག་པར་འཆར་བ་མི་རིགས་མེད། །དེ་སྐད་ཅོ་ལེ་ཉོ་ལེའི་གཏམ། །ཅི་ཡིན་འདི་ཡིན་མེད་པ་འདི། །སྤྲང་ཕྲུག་ཀི་བོ་ཞེས་བྱ་བས། །ཨ་མཚར་ཐོ་ཅོའི་ཚིག་ཏུ་བྲིས། །༈། །རྒྱལ་ཀུན་གསང་བ་ཟབ་མོའི་ཡེ་ཤེས་ནི། །མཚན་རྫོགས་སྒྱུ་མའི་ལང་ཚོར་ཡོངས་བཞེངས་པ། ཁྱབ་བདག་མཚོ་སྐྱེས་བླ་མར་དབྱེར་མེད་པའི། །འཇམ་མགོན་སྨྲ་བ་ཟླ་མེད་རྒྱལ་གྱུར་ཅིག །བསམ་གྱིས་མི་ཁྱབ་སྟོང་ཉིད་དབུ་མ་ཆེ། །གཟུང་འཛིན་གཉིས་མེད་ཚུལ་གྱིས་མཉམ་བཞག་པས། །མཁའ་དང་ལག་མཐིལ་བསྐལ་པ་སྐད་ཅིག་ཏུ། །སྣང་བའི་སྤྱོད་ཡུལ་ཆུ་ཟླ་བཞིན་དུ་སྟོན། །འཁོར་གསུམ་རང་བཞིན་མེད་གཟིགས་ཤེས་རབ་དང༌། །ཆབས་གཅིག་སྦྱིན་སོགས་རླབས་ཆེན་སྤྱོད་པའི་ཁུར། །མཐའ་ཀླས་ཡིད་ཅན་རྒྱ་མཚོར་སྨན་སླད་དུ། །འཛིན་མཛད་ཚོགས་གཉིས་ཡོངས་རྫོགས་མཁྱེན་པའི་གཏེར། །སྙིང་སྟོབས་གོ་ཆ་ཚད་མེད་རབ་བགོས་ཏེ། །ཐབས་མཁས་འཕྲུལ་དང་འགྲོགས་པའི་མཛད་བཟང་ནི། །གང་འདུལ་གདུལ་བྱའི་མོས་ངོར་སྣང་མཛད་པས། །ཕྲིན་ལས་རྒྱལ་བ་ཀུན་དང་ཐུན་མོང་གྱུར། །དྲི་མེད་ཤེས་རབ་རང་བཞིན་ཐུགས་རྗེས་ནི། །ཕྱོགས་དུས་ཁོང་ན་ཅི་མཆིས་ལུས་ཅན་ཚོགས། །ཀུན་ལ་གཡོ་མེད་གཟིགས་པའི་མགོན་པོ་གང༌། །


TN00_Page_016B
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕན་སྤྱོད་ལ་དུས་ལས་ཡོལ་བ་མེད། །ཏིང་འཛིན་རྣམ་ཐར་བྱེ་བའི་གཏེར་གྱུར་ཅིང༌། །གཟུངས་སྤྲིན་ཡེ་ཤེས་དཔག་མེད་སྙིང་ལ་འཁྲིགས། །བློ་གྲོས་མཁའ་ལྟར་རྣམ་དག་ངག་གི་དབང༌། །མི་ཟད་སྤོབས་པ་མཆོག་ལ་མངའ་དབང་འབྱོར། །ཚངས་དང་དབང་ཕྱུག་དཔལ་གྱིས་མཚོན་མིན་པའི། །ཟག་མེད་རྣམ་གྲོལ་བདེ་བ་བརྒྱ་ཕྲག་བརྒྱ། །སྦྱིན་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས། །གྲགས་པས་སངས་རྒྱས་ཞིང་མང་ཀུན་ཏུ་ཁྱབ། །བརྗོད་མེད་རང་བཞིན་གནས་ལུགས་ཟབ་མོ་ནི། །སྣ་ཚོགས་ཐབས་ཀྱིས་གདུལ་བྱར་སྟོན་མཛད་པས། །འཆིང་བ་ཀུན་གྱིས་བཅིང་བའི་སེམས་ཅན་ཡང༌། །འཆིང་བྲལ་ཞི་བ་དམ་པའི་གནས་ལ་སྦྱོར། །ཇི་ལྟ་ཇི་ལྟར་ཆོས་དབྱིངས་རྒྱ་ཆེ་བ། །དེ་ལྟ་དེ་ལྟར་ཁྱོད་ཀྱི་ཡེ་ཤེས་རྒྱས། །ཇི་ལྟ་ཇི་ལྟར་སེམས་ཅན་ཚད་མེད་པ། །དེ་ལྟ་དེ་ལྟར་ཁྱོད་ཀྱི་སྙིང་རྗེ་རྒྱས། །རྒྱལ་བ་བྱེ་བས་ལན་བརྒྱར་ཁྱོད་བསྔགས་ཤིང༌། །རྒྱལ་སྲས་འབུམ་གྱི་ཁྱུ་མཆོག་ཁྱོད་ལགས་ན། །ལྷ་ཀླུ་མིའམ་ཅི་ཡི་ཐོར་ཚུག་ཏུ། ཁྱོད་ཀྱི་ཞབས་པད་བཀོད་ལ་ཇི་ལྟར་བསྙོན། །གང་གིས་ལན་གཅིག་དང་བའི་ཡིད་ཀྱིས་ནི། །འཇམ་དཔལ་དབྱངས་ཞེས་མཚན་ཙམ་དྲན་པས་ཀྱང༌། །མཐའ་ཡས་བསོད་ནམས་རླབས་ཆེན་འགྲུབ་གསུངས་ན། །བསྟོད་ཅིང་སྒོམ་སྒྲུབ་བགྱིད་ལ་ལྟ་ཅི་སྨོས། །རྟག་ཏུ་འགྲོ་ཁམས་རྒྱ་མཚོར་བརྩེར་དགོངས་


TN00_Page_017A
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། །འགོག་མེད་ཕྲིན་ལས་སྣང་བ་འཇུག་ལགས་ན། །ཅི་སླད་བདག་གིས་གདུང་བས་གསོལ་བཏབ་ཀྱང༌། །བྱིན་རླབས་སྙིང་ལ་མི་སྟེར་འདི་ཅི་ཞིག་འོན་ཏེ་བདག་ཉིད་སྐལ་པ་ཆེས་དམན་ཞིང༌། །སྒྲིབ་པའི་མུན་རུམ་སྟུག་པོར་འཐུམ་གྱུར་པས། །རེ་ཞིག་ཁྱོད་ཞལ་མཐོང་བའི་མཐུ་མེད་གྲང༌། །ནམ་ཞིག་འཕགས་པའི་ཞལ་བཟང་མཐོང་བར་ཤོག །ཚེ་རབས་འདི་དང་སྐྱེ་བའི་ཕྲེང་བ་ཀུན། །རྒྱལ་བ་ཀུན་གྱི་དམ་ཆོས་མཛོད་འཛིན་ཅིང༌། །བློ་གྲོས་ཟབ་ཡངས་ནོར་བུའི་ལྡེ་མིག་གིས། །གཞུང་ལུགས་སྒོ་བརྒྱ་འབྱེད་པའི་མཐུ་ཐོབ་ཤོག །ཅེས་པའང་བྱིས་པ་འཇིགས་མེད་པས་གསོལ་བ་བཏབ་པ་སྟེ་དེ་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་སྐྱེས་བུ་དམ་པ་ཁྱོད་ཀྱང་མཛད་པར་གསོལ་ལོ། ༈ །མཆོག་གི་ཡེ་ཤེས་ཆུ་གཏེར་མ་དྲོས་པ། །དགེ་ལེགས་ཤིས་པའི་ཆུ་གཏེར་འབུམ་གྱི་གཞིར། །སྨོན་ལམ་དམ་པས་ལྷུན་གྱིས་གྲུབ་བྱས་པ། །འཇམ་པའི་ལྷ་དེས་བཀྲ་ཤིས་མེ་ཏོག་གཏོར། །བརྗེད་ངས་འདམ་གྱི་དྲི་མས་མ་བཟུང་ཞིང༌། །རྣམ་གཡེང་མེད་པའི་བྱེད་ལས་བསུང་ཞིམ་ཅན། །དྲན་པའི་ཡིད་འོང་མེ་ཏོག་མནྡ་རས། །བདག་སྙིང་མཛེས་པར་མཛོད་ཅིག་འཇམ་པའི་ལྷ། །ཆོས་རབ་རྣམ་པར་འབྱེད་པའི་འདབ་མ་རྒྱས། །རྨད་བྱུང་ལེགས་པར་བཤད་པའི་དྲི་བསུང་འཇོ། །ཐོགས་པ་མེད་པ་བློ་གྲོས་པད་མའི་ཆར། །སྙིང་ལ་ལན་བརྒྱར་ཕོབ་ཅིག་འཇམ་པའི་ལྷ། །


TN00_Page_017B
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་ཟབ་དོན་བྱེ་བའི་ཀེ་ས་ར། །གཏོང་བ་མ་ཡིན་ཡིད་ལ་དམ་འཆང་བ། །རྟོགས་པའི་གཏེར་ཆེན་དོང་ཀའི་མེ་ཏོག་ཆར། །འཛད་མེད་སྙིང་ལ་སྙོལ་ཅིག་འཇམ་པའི་ལྷ། །གདམས་ངག་སྦྲང་རྩིའི་རོ་བཅུད་མི་ཟད་པ། །སྐད་ཅིག་རེར་ཡང་བློ་ལ་འཛིན་བྱེད་པའི། །གཟུངས་ཀྱི་ཡོན་ཏན་མེ་ཏོག་རྐོན་བུའི་ཆར། །ཡིད་ལ་འཆར་བ་བཀྲམ་མཛོད་འཇམ་པའི་ལྷ། །ཟབ་མོའི་འབེལ་གཏམ་བསུང་བ་ཁྲག་ཁྲིག་གིས། །སྐལ་བཟང་ངུར་བའི་དགའ་སྟོན་སྟེར་བྱེད་པ། །མི་འཇིགས་སྤོབས་པའི་མེ་ཏོག་ཆར་པ་སྟོང༌། །འགོག་མེད་ཡིད་ལ་ཕོབ་ཅིག་འཇམ་པའི་ལྷ། །དཔྱད་གསུམ་རྣམ་དག་རྒྱལ་བསྟན་སྙིང་པོའི་བཅུད། །འཆད་རྩོད་རྩོམ་པའི་ཟེ་བར་རྟག་འཆར་བ། །ཆོས་ཀྱི་གཏེར་ཆེན་འདབ་སྟོང་བཞད་པའི་ཆར། །བདག་ཡིད་ཁྱབ་པར་འབེབས་མཛོད་འཇམ་པའི་ལྷ། །དགེ་ཚོགས་མེ་ཏོག་འཛུམ་པའི་ཚལ་ཆེན་པོར། །ངོ་མཚར་ཡོན་ཏན་བྱེ་བའི་མངོན་འཕགས་པ། །བྱང་ཆུབ་སེམས་མཆོག་ཨུ་དུམ་ཝ་རའི་ཆར། །སྙིང་ལ་འཇོ་བར་མཛོད་ཅིག་འཇམ་པའི་ལྷ། །འཁྲུལ་རྟོག་སད་ཀྱིས་གདུང་བའི་སྐབས་མེད་ཅིང༌། །ཆོས་མིག་རྡུལ་བྲལ་ལང་ཚོ་མ་རྙིང་བ། །བཟོད་པ་ཆེན་པོའི་མེ་ཏོག་འབུམ་ཕྲག་གསུམ། །སྙིང་ལ་བཞད་པར་མཛོད་ཅིག་འཇམ་པའི་ལྷ། །དྲི་མ་མེད་པའི་ཡེ་ཤེས་


TN00_Page_018A
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ལམ། །ཞི་བསིལ་ཐུགས་རྗེའི་སྤྲིན་དཀར་གཡོ་བ་ལས། །ཕུལ་བྱུང་ཤིས་པའི་ཆར་ཆེན་མི་ཟད་པས། །སྲིད་ཁམས་དགེ་ལེགས་མཛོད་ཅིག་འཇམ་པའི་ལྷ། །ཆོས་མཆོག་སྙན་པའི་རྔ་སྒྲ་རྟག་ཏུ་སྒྲོག །ཕན་དང་བདེ་བའི་མེ་ཏོག་ཆར་དུ་འབབ། །གཟུངས་དང་སྤོབས་པའི་སྣང་བ་ཅིར་ཡང་རྒྱས། །བཀྲ་ཤིས་དེ་འདྲས་ས་གསུམ་ཁྱབ་གྱུར་ཅིག །བཀྲ་ཤིས་ངོ་མཚར་མཆོག་གི་ཚིགས་བཅད་འདི། །བཀྲ་ཤིས་མེ་ཏོག་འཛིན་པའི་ལོ་འདབ་ངོས། །བཀྲ་ཤིས་ཡིད་ལ་གཅགས་པའི་གཞོན་ནུ་དེས། །བཀྲ་ཤིས་ཟླ་བ་ཉ་བའི་ཚེས་ལ་བྲིས། ༈ །མཐའ་བཞིའི་མཚན་མ་ཞི་བའི་ཆོས་དབྱིངས་སུ། །མཐར་འཛིན་ལྟ་བའི་ཉེས་ཚོགས་རབ་བསལ་ཏེ། །མཐའ་བྲལ་ལྟ་བའི་ཡེ་ཤེས་མཆོག་བརྙེས་པ། །མཐའ་ཡས་རྒྱལ་ཀུན་སྤྱི་གཟུགས་འཇམ་པའི་ལྷ། །རྣམ་མང་རྣམ་ཐར་རྒྱ་མཚོའི་གཏེར་གྱུར་ཅིང༌། །ཀུན་མཁྱེན་ཀུན་ཏུ་བཟང་པོའི་ཕྲིན་ལས་ཅན། །གཞན་ཕྱིར་གཞན་ཕན་མཛད་པ་མཆོག་བརྙེས་པའི། །འཕགས་ཆེན་འཕགས་པའི་གཙོ་མཆོག་འཇམ་པའི་ལྷ། །སྒྲིབ་གསུམ་ཉེས་པའི་གཡུལ་ལས་རྣམ་པར་རྒྱལ། །རྒྱལ་བའི་སྲས་ཀྱི་སྤྱོད་ཡུལ་ཀུན་ལ་དབང༌། །དབང་བཅུའི་ཡོན་ཏན་ཆེ་བ་བསམ་མི་ཁྱབ། ཁྱབ་བདག་རྒྱལ་བ་ཀུན་དངོས་འཇམ་པའི་ལྷ། །ཡེ་ཤེས་


TN00_Page_018B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བརྙེས་མཆོག་གཟིགས་བློ་གྲོས་མཆོག །སྤངས་པ་རྒྱ་ཆེན་མཐུ་ཆེན་བདག་ཉིད་ཆེ། །མཁྱེན་བརྩེའི་དཔལ་མངའ་དཔལ་ལྡན་སྨྲ་བའི་དཔལ། །མགོན་པོ་ལྷ་ཡི་ལྷར་གྱུར་འཇམ་པའི་ལྷ། །གང་འདུལ་ཐབས་ལ་མཁས་པ་བསམ་མི་ཁྱབ། །གཟུངས་དང་ཏིང་འཛིན་འཇུག་པ་བསམ་མི་ཁྱབ། །མངོན་ཤེས་སྟོབས་ཀྱི་མཐུ་ནུས་བསམ་མི་ཁྱབ། །ཡོན་ཏན་བསམ་གྱིས་མི་ཁྱབ་འཇམ་པའི་ལྷ། །ཟག་བཅས་ཁམས་ལ་ཆགས་པ་མ་མཆིས་ཤིང༌། །ཟག་མེད་ཆོས་ལ་རློམ་སེམས་མི་མཛད་དེ། །ཟག་དང་མ་ཟག་རྣམ་པར་རྟོག་མེད་པའི། །ཟག་བྲལ་བློ་གྲོས་ཆེ་ལྡན་འཇམ་པའི་ལྷ། །ཡུལ་དང་ཡུལ་ཅན་གཉིས་མེད་སྤྲོས་བྲལ་ཀློང༌། །ཡེ་ཤེས་མཆོག་གི་གཟིགས་པས་རྟག་རོལ་ཞིང༌། །ཡིད་བཞིན་ནོར་ལྟར་འབད་རྩོལ་ཀུན་བྲལ་བའི། །ཡ་མཚན་རྣམ་ཐར་ཆེ་མངའ་འཇམ་པའི་ལྷ། །འོད་སྟོང་ལྡན་ཞིང་ཞིང་རྣམས་སྣང་བར་མཛད། །མཚན་སྙན་རབ་གྲགས་གྲགས་པ་དོན་དང་ལྡན། །ལྷ་བརྒྱས་གུས་མཆོད་མཆོད་འོས་ཡོངས་ཀྱི་གཙོ། །འཕགས་ཆེན་ཆེན་པོ་གསུམ་ལྡན་འཇམ་པའི་ལྷ། །སྨྲ་བའི་ཁྱུ་མཆོག་ལོག་སྨྲ་ཟིལ་གྱིས་གནོན། །ཚངས་པའི་དབྱངས་ལྡན་ཚངས་པ་ཀུན་ལས་ལྷག །ངག་གི་དབང་ཕྱུག་ངག་རྣམས་ཀུན་གྱི་བདག །མཁྱེན་ལྡན་མཁྱེན་རབ་མཆོག་སྩོལ་


TN00_Page_019A
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་ལྷ། །ལམ་མིན་ལམ་དུ་གོལ་བའི་ཕྱོགས་བཅོམ་སྟེ། །ལམ་མཆོག་ཚུལ་གཉིས་སྣང་བས་གསལ་མཛད་ཅིང༌། །ལམ་ཀུན་ཐེག་ཆེན་ངང་དུ་ཚུལ་གཅིག་པའི། །ལམ་གྱི་བགྲོད་པ་ཀུན་དམིགས་འཇམ་པའི་ལྷ། །ཤིང་དབང་དྲུང་སོགས་བདེ་གཤེགས་སྐུར་བཞུགས་ཤིང༌། །གནས་རིས་གཞན་དུ་ཉན་རང་གཟུགས་སུའང་གནས། །གཟུགས་རྣམས་ཀུན་ཏུ་འཆར་བའི་ཡེ་ཤེས་གཟུགས། །ལྷ་མཆོག་གཟུགས་ཀྱི་བདག་ཉིད་འཇམ་པའི་ལྷ། །གཏམ་གྱི་ཉེས་པ་ཀུན་སྤངས་ཟབ་མོའི་གཏམ། །ངག་གི་དྲི་མ་ཀུན་ཟད་རྡོ་རྗེའི་ངག །ཚིག་གི་འཁྲུལ་བ་ཀུན་བྲལ་ཡང་དག་ཚིག །ལྷ་མཆོག་གསུང་གི་དབང་ཕྱུག་འཇམ་པའི་ལྷ། །རྣམ་པར་མི་རྟོག་ཆོས་ཉིད་གཟིགས་པའི་ཐུགས། །རྣམ་པ་ཀུན་མཁྱེན་ཇི་སྙེད་མཁྱེན་པའི་ཐུགས། །རྣམ་གཉིས་ཟུང་འཇུག་སྒྲིབ་མེད་ཡེ་ཤེས་ཐུགས། །རྣམ་དག་ཐུགས་ལ་མངའ་བརྙེས་འཇམ་པའི་ལྷ། ཁྱོད་ལ་གུས་པའི་བློ་བཞག་སྟེ། ཁྱོད་ཀྱི་ཡོན་ཏན་བསྔགས་པའི་གཏམ། ཁྱོད་ཉིད་དགྱེས་སླད་འདི་བྱས་པས། ཁྱོད་ཞལ་མངོན་སུམ་མཐོང་བར་ཤོག །ཅེས་པའང་གཞོན་ནུ་འཇིགས་མེད་པས་ཚིག་ཕྲེང་བྱིས་པའི་རྩེད་མོར་སྤེལ་བ་དགེ། མངྒ་ལཾ།། ༈ །།སོར་མོའི་ཞགས་པ་ནང་དུ་བསྡུས་ནས་ནི། །བྲང་རུས་ཡང་དང་ཡང་དུ་


TN00_Page_019B
[མ་དཔེ་གཟིགས་ན་འདིར་གནོན།]

བརྡེག་བཞིན་དུ། །སྐལ་ངན་བདག་ནི་ཉེས་པས་བཅོམ་མོ་ཞེས། །ལག་ན་རལ་གྲིའི་སྤྱན་སྔར་རྟག་ཏུ་ངུ༌། །སྐྱེ་བོ་རྒན་རབས་རྣམས་ཀྱི་འདུན་སར་ཡང༌། །ཕོངས་པས་ཡང་ཡང་འབོད་པ་ཐོས་གྱུར་ཚེ། །བཏུང་བའི་ཆུ་རྒྱུན་རིང་པོར་སྦྲེང་བྱེད་ན། །ལག་ན་རལ་གྲིའི་དབང་ཕྱུག་ལྟ་ཅི་སྨོས། །བདག་ནི་དེ་ལྟར་ཡིད་ལ་རབ་བྱས་ཏེ། །བཀྲེན་ཆེན་དེ་རིང་སྐྱོབས་ཞེས་སྟོང་པོས་ཀྱང༌། ཁྱོད་ཀྱི་སྙན་ལམ་གྲགས་པར་མ་གྱུར་བཞིན། །བཞུགས་པའི་ཚུལ་འདི་ཅི་ལས་གྱུར་པ་ལགས། །བདག་ནི་ནོར་གྱི་ལོངས་སྤྱོད་ཆེན་པོ་མིན། །ཉེ་དུ་མཛའ་བཤེས་མང་པོས་སྲུང་བའང་མིན། །དེ་ལྟ་མོད་ཀྱི་ཁྱོད་ཐུགས་བརྩེ་བ་ནི། །བསོད་ནམས་ཅན་ལ་ཕྱོགས་ལྷུང་མིན་ཞེས་ཐོས། །འོན་ཏེ་བདག་ནི་ཁྱོད་འབངས་ཟུངས་ཤིག་ཅེས། །གདུང་བའི་སྨྲེ་སྔགས་རྟག་ཏུ་བཏོན་གྱུར་ཀྱང༌། །མཚན་དཔེའི་འཛུམ་ཞལ་གཅིག་ཀྱང་མ་བསྟན་ན། །ཉམ་ཐག་འགྲོ་ལ་ཁྱོད་ཐུགས་མི་བརྩེའམ། །གདོང་པ་མཆི་མས་གཡོག་པའི་རྣམ་འགྱུར་བཅས། །ཡུས་ཀྱིས་བརྣང་ཞིང་བརྣང་ཞིང་ཁྱོད་བོས་ཀྱང༌། །བདག་གཙུག་ཕྱག་གིས་ལན་གཅིག་ཉུག་པའང་མེད། །དེ་སླད་བདག་ནི་སྐལ་པ་ངན་པ་ལགས། །མ་བཀུར་མ་བསྙེན་པར་ཡང་འགྲོ་བ་མང༌། །ཉེས་སྤྱོད་ཆེན་པོའི་ཞུགས་ལས་སྐྱོབ་མཛད་མོད། །བདག་ནི་ཁྱོད་


TN00_Page_020A
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གུས་པས་མཆོད་བཞིན་དུ། ཁྱོད་ཀྱིས་སླར་ལ་ཁོ་བོ་ཅིའི་ཕྱིར་བཏང༌། །འཇིགས་པ་ཆེན་པོའི་གཡང་ནི་བདག་གིས་ཐོབ། །སྡིག་ལྟུང་ཆེན་པོའི་ཐོག་ནི་བདག་ལ་བབས། །བདག་འདྲ་ཁྱོད་ཀྱིས་ཐུགས་བརྩེས་མ་བཟུང་ན། །སྙིང་རྗེ་ཆེན་པོའི་ཡུལ་དེ་སུ་ཞིག་ཡིན། །མ་བོས་བཞིན་དུ་སེམས་ཅན་ཁམས་མང་པོ། །སྲིད་པ་ཇི་སྲིད་གཏོང་བར་མི་བགྱི་ཞེས། ཁྱོད་ཀྱི་ཐུགས་བསྐྱེད་དམ་བཅའ་མ་འགོག་ན། ཁོ་བོ་སེམས་ཅན་གྲངས་སུ་མེད་དམ་ཅི། །ཅི་སྟེ་སྐལ་བ་ངན་པས་ནོངས་ཞེ་ན། །སྐལ་བ་མཆོག་ལ་ཁྱོད་ཞལ་མ་བསྟན་ཀྱང༌། །རང་གི་ཡོན་ཏན་ཉིན་རེ་བཞིན་དུ་འཕེལ། །དེ་སླད་སྐལ་ངན་བདག་ལ་སྐྱོབ་མཛད་གསོལ། །ཞེས་འཇིགས་མེད་པས་སོ།། ༈ །།གང་གི་ཞབས་སེན་ཟླ་གཞོན་གསར་པའི་དཀྱིལ་འཁོར་ཆེ། །བློ་ཆེན་མཁས་དབང་མིག་གསུམ་འབུམ་གྱི་ཅོད་པན་དུ། །ཕུ་དུད་བྱ་བའི་རྣམ་འགྱུར་སྟོང་གིས་མཆོད་གྱུར་པ། །ལག་ན་རལ་གྲིའི་འཁྲི་ཤིང་འཛིན་དེས་ཤིས་པར་མཛོད། །ཕུལ་བྱུང་འཛད་མེད་རྣམ་དཀར་སྤྱོད་པའི་ཆུ་གཏེར་ཆེའི། །སྙིང་པོར་གྲུབ་པ་ཡེ་ཤེས་ཉི་མ་འབར་བའི་སྐུ། །མི་ཟད་མཚན་དཔེའི་སྣང་བ་ཁྲག་ཁྲིག་འཇོ་བའི་དཔྱིད། །མིག་གི་བདུད་རྩི་དགའ་སྟོན་མཚུངས་མེད་འཇམ་པའི་ལྷ། །སྐུ་ཡི་ཆ་ཤས་བ་སྤུའི་ལྗོན་བཟང་རེ་རེ་ཡང༌། །ལེགས་བྱས་བསོད་ནམས་བྱེ་བའི་ཆུ་གཏེར་ལས་


TN00_Page_020B
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པ། །དེ་ཡི་ཕྱིར་ནི་ལྷ་ཁྱོད་བསོད་ནམས་ཕུང་པོ་ཞེས། །སྟོབས་བཅུ་མངའ་བ་ཡོངས་ཀྱི་མདུན་སར་གྲགས་མིན་ནམ། །ཇི་སྙེད་རྒྱལ་དང་རྒྱལ་སྲས་ཡོངས་ཀྱི་ཡོན་ཏན་མི་ཟད་གངས་ཆེན་མཚོ། །ངོ་མཚར་མཚན་གྱི་རི་མོ་འབུམ་བཀྲ་རྟག་ཆེན་གཞོན་ནུའི་ལང་ཚོ་རུ། །སྣང་བའི་འཕྲུལ་ཆེན་བསམ་གྱིས་མི་ཁྱབ་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ། །མཁའ་ཁྱབ་རབ་འབྱམས་རྒྱལ་བའི་ཞིང་ན་ཅིར་ཡང་སྣང་མཛད་འཇམ་པའི་ལྷ། །དྲི་མེད་ཚངས་དབྱངས་ཡན་ལག་བརྒྱད་ལྡན་གང་གཱའི་ཀླུང༌། །བཀྲ་ཤིས་ངོ་མཚར་བྱེ་བའི་རླབས་ཕྲེང་རྣམ་གཡོ་བ། །ཕུལ་འབྱུང་ལེགས་ལམ་གདོང་པ་བཞི་པའི་ཞབས་བསིལ་དུ། །སྦྲེང་ལ་མི་བསྙེད་བློ་གྲོས་ཆེན་པོ་འཇམ་པའི་དཔལ། །སུམ་ཅུ་རྩ་གཉིས་མཚན་བཟང་མེ་ཏོག་གསར་པའི་ཕུལ། །མགྲིན་པའི་ཆོས་དུང་དྲི་མེད་མེ་ཏོག་མནྡྷ་ར། །ཟབ་ཅིང་རྒྱ་ཆེའི་ལེགས་བཤད་སྦྲང་རྩིའི་སྙིང་པོ་ཅན། །སྐལ་བཟང་རིགས་གསུམ་རྐང་པ་དྲུག་པའི་གསོས་སུ་ཆེ། །རྩོལ་རྟོག་འཆིང་བ་དབྱིངས་སུ་བརྟུལ་ཡང་རྨད་བྱུང་བརྩོན་པས་གཞན་ཕན་མཛད། །ཡི་གེ་གཅིག་ཙམ་བསྟན་པ་མེད་ཀྱང་ཚིག་དང་ཡི་གེའི་སྤྲོས་པར་སྣང༌། །སྒྲ་དང་སྒྲར་འཛིན་མཚན་མ་མེད་ཀྱང་ཡན་ལག་དྲུག་ཅུའི་རྒྱལ་རྔ་བརྡུང༌། ཁྱོད་ཀྱི་ཡུལ་འདི་འགལ་བར་སྣང་ཡང་དོན་ལ་འགལ་བ་ཆ་ཙམ་མེད། །ཚིག་དང་དོན་ཞེས་རང་གི་ངོ་བོས་མ་གྲུབ་ཀྱང༌། །


TN00_Page_021A
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་རང་བཞིན་ཟབ་མོ་མཚོན་པའི་ཡི་གེ་ཨ། །སྒྱུ་འཕྲུལ་དྲྭ་བ་ཡི་གེ་སྤྲིན་གྱི་རོལ་མོ་རུ། །མངོན་པར་སྣང་བའི་བྱེད་པོ་མཚུངས་མེད་འཇམ་པའི་ལྷ། །དཔག་པར་དཀའ་བའི་ཡེ་ཤེས་མཆོག་ནི་ཕྱོགས་ཀྱི་ཆུ་གཏེར་ཟབ་མོ་བཞིན། །ཀུན་གཟིགས་བློ་གྲོས་རྒྱ་ཆེན་མཆོག་ནི་མཐའ་མེད་ལྷ་ཡི་རྫིང་རིང་བཞིན། །གཟིགས་པ་སྒྲིབ་མེད་མཁྱེན་རབ་མཆོག་ནི་སྤྲིན་མེད་སྟོན་ཀའི་ཟླ་རྒྱས་བཞིན། །ཆགས་ཐོགས་བྲལ་བའི་སྤོབས་པ་མཆོག་ནི་འཇིགས་བྱེད་རལ་གྲིའི་འཁྲུལ་འཁོར་བཞིན། །སྤྲོས་པ་ཀུན་བྲལ་ཆོས་ཉིད་ཞི་བའི་ནམ་མཁའ་ལ། །སྟོབས་བཅུའི་ཡེ་ཤེས་ཕྱོགས་ཀྱི་མུ་ཁྱུད་རྒྱས་པའི་དལ། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་སྣང་བ་སྟོང་བདལ་བ། །ས་བཅུའི་ཡེ་ཤེས་གཉའ་ཤིང་འཛིན་རིའི་བླ་ན་མཐོ། ཁྱོད་སྐུ་ལན་ཅིག་ཡིད་ལ་བྱས་པས་བློ་གྲོས་སྣང་བ་སྟོང་དུ་འཇོ། ཁྱོད་མཚན་ལན་ཅིག་རྣ་བར་སོན་པས་ངན་འགྲོར་རྒུད་ལ་རྣམ་པར་སྨོད། ཁྱོད་ཞབས་ལན་ཅིག་སྤྱི་བོར་བཅིངས་པས་ཡིད་ལ་ཡེ་ཤེས་མཆོག་ཏུ་སྩོལ། ཁྱོད་ཀྱི་རྨད་བྱུང་མཛད་པའི་རླབས་ཆེན་ཕྱོགས་དང་དུས་ཀྱི་ཁོངས་སུ་གཡོ། །རྣམ་དཀར་མཛད་བཟང་བཅུ་གཉིས་བདུན་གྱི་མ་དྲོས་ཀླུང༌། །ལྷ་ཡི་ལྷར་གྱུར་སྟོབས་བཅུའི་དབང་ཕྱུག་དཔག་བསམ་ཤིང༌། །གྲངས་ཀྱི་ཡུལ་དུ་མཛའ་བ་མིན་པའི་འབྱུང་གནས་ཆེ། །གང་ཁ་དབང་བསྒྱུར་འཕགས་པའི་དེད་དཔོན་


TN00_Page_021B
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་ལྷ། ཁྱོད་ཀྱི་ཡོན་ཏན་རྗེས་སུ་དྲན་ཞིང་ཡང་ཡང་ཡིད་ལ་རབ་བྱས་ཏེ། །དད་པའི་ཆུ་གཏེར་སྙིང་ལ་བསྐྲུན་ཚེ་མཆི་མའི་རྦ་རླབས་དྲག་ཏུ་གཡོ། །མོས་བློའི་ཟླ་གཞོན་གསར་དུ་ཤར་ཚེ་ལག་པའི་པདྨོ་ཀུན་ནས་ཟུམ། །གུས་པའི་ཆུ་འཛིན་ཡིད་ཁར་འཁྲིག་ཚེ་བསྔགས་བརྗོད་མེ་ཏོག་ཆར་དུ་སྙིལ། །བསླབ་གསུམ་ལུས་ཟུང་རིད་ཅིང་སྐམས་པའི་ཉམ་ཐག་གཞོན་པ་ནགས་ན་འབོད། །འཇམ་པའི་རྡོ་རྗེ་སྤྲིན་གྱི་འཛུམ་དཀར་གང་དུ་མོས་པའི་གདོང་ཕྱོགས་ནས། །གསོལ་འདེབས་ངག་གི་རྒྱུད་མངས་སྙན་པོས་ཕུ་དུད་རི་མོར་རྟག་བགྱིད་ན། །གཟུངས་དང་སྤོབས་པའི་ཆར་རྒྱུན་བསིལ་བས་བདག་སོགས་ཀུན་ནས་ངོམས་པར་མཛོད། །དབྱངས་བདུན་འགྱུར་བ་འབུམ་དུ་སྒྲོགས་པའི་བསྟོད་ཚིག་གླུ། །མགྲིན་པའི་ལམ་ནས་ལྷོད་ལྷོད་འཇོ་བའི་ལེགས་བྱས་འདིས། །ཇི་སྙེད་འགྲོ་བའི་ཡིད་ཀྱི་མུན་པ་ཀུན་བསལ་ཏེ། །སྟོབས་བཅུ་མངའ་བའི་རྒྱལ་ཐབས་ཁྲིལ་དབང་བསྒྱུར་ཤོག །ཅེས་པའང་གཞོན་ནུ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་གང་དྲན་ལྷུག་པར་སྦྱར་བ་མངྒ་ལཾ།། ༈ །།ཟླ་བྲལ་བླ་མ་ཁྱབ་བདག་འཇམ་དཔལ་དབྱངས། །དབང་དང་རྣམ་ཐར་མཐའ་ཡས་རང་དབང་མཛད། །རྣམ་དག་ལམ་བཟང་བསྟན་པས་གཞན་ཕན་མཛད། །ཚངས་དང་ལྷ་དབང་བརྒྱ་ཕྲག་གང་ལ་དད། །མཐའ་བྲལ་ལྟ་བས་མཐར་ལྟ་ལྷག་མར་བྱས། །རབ་ཟབ་


TN00_Page_022A
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཚངས་དབྱངས་རྔ་སྒྲས་འཆད། །གང་ཞལ་དྲན་པས་གནས་ངན་གཡང་ལས་དྲང༌། །གྲགས་པ་རབ་འབར་དཔལ་མངའ་རྒྱལ་སྲས་དབང༌། །དཔག་བསམ་རྒྱས་ལྟར་གང་བསམ་སྩལ་བར་མཛད། །བསམ་གཏན་གྲངས་མང་མངའ་མཛད་འགྲན་ཟླ་བྲལ། །མྱང་འདས་རྒྱལ་ཐབས་ལ་དབང་མཐའ་ལས་འདས། །རྟག་ཆད་ལྟ་ངན་མཐར་མཛད་སྨྲ་བསམ་དང༌། །རྣམ་བྲལ་རྣམ་གྲངས་མ་ལགས་གསལ་བར་མཛད། །ཨ་ངེས་པའོ། །མི་ཤིགས་ཞི་བའི་དབྱངས་ཉིད་ཇི་བཞིན་གཟིགས། །མི་དམིགས་ཏིང་འཛིན་ཉི་མའི་གཟི་བརྗིད་ཀྱིས། །གཉིས་འཛིན་སྤྲིན་གྱི་འཁྲི་ཤིང་འཇིག་བགྱིད་ཅིང༌། །མི་འཇིགས་བཞི་ཡིས་ཤེས་པའི་གཟི་བྱིན་སྦྱིན། །ཨི་ངེས་པའོ། །ཀུན་འབྱུང་ཆུ་ཀླུང་དྲུང་ཕྱུངས་བདུད་དཔུང་འདུལ། །སྐུ་གསུམ་ཀུན་འདུས་རྫུ་འཕྲུལ་ནུས་མཐུ་གྲུབ། །ཀུན་ཏུ་ཕུལ་བྱུང་སྐུ་གསུང་ཐུགས་གསུམ་གྲུབ། །སྒྱུ་འཕྲུལ་འབུམ་འབྱུང་གཞུང་ཀུན་ཐུགས་སུ་ཆུད། །ཨུ་ངེས་པའོ། །རྟེན་འབྲེལ་ལེགས་ཤེས་བདེན་མེད་ངེས་མཁྱེན་རྗེ། །ཐེག་ཆེན་སྤེལ་བྱེད་བརྩེ་ཆེན་ཡེ་ཤེས་སྟེར། །དགེ་ལེགས་མེ་ཆེན་མཆེད་བྱེད་བདེ་ཆེན་གཏེར། །སྲེད་ལེན་ཉེས་བསྲེགས་ངེས་ལེགས་ཆེས་ཆེར་བརྙེས། །ཨེ་ངེས་པའོ། །སྟོབས་སོགས་ཡོངས་རྫོགས་འགྲོ་དོན་ཡོངས་སྤྱོད་མགོན། །སྒྲོ་འདོགས་ཡོངས་


TN00_Page_022B
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ལོག་རྟོག་ཚོགས་འཇོམས་མཆོག །ཉོན་མོངས་ཚོགས་འཇོམས་བློ་གྲོས་མཆོག་སྩོལ་ཁྱོད། །ཆོས་འཁོར་ཡོངས་བསྐོར་ཆོས་མཆོག་དོན་མཐོང་སྦྱོར། །ཨོ་ངེས་པའོ། །དེ་སྐད་ཚིག་བཟང་ལེགས་སྐྱེ་མས། །དོན་བཟང་ནམ་མཁའི་སྙེ་མ་ཏོག །དགེ་ལེགས་བྱེ་བའི་བསིལ་གྲིབ་ཅན། །འཇམ་མགོན་དགྱེས་པའི་དཔྱིད་དུ་བསྒྲིགས།། ༈ །།ཇི་ལྟ་ཇི་ལྟར་གུས་པས་རབ་མཆོད་པ། །དེ་ལྟ་དེ་ལྟར་བྱམས་པའི་ཕྱག་སྐྱོང་བ། །འཇམ་དཔལ་དཔའ་བོ་ལྷ་ཡི་ལྷ་མཆོག་གིས། །སྐྱབས་མེད་བདག་ལ་སྐྱོབ་པར་མཛད་དུ་གསོལ། །ཇི་ལྟ་ཇི་ལྟར་སྲིད་པའི་གྲོང་གནས་པ། །དེ་ལྟ་དེ་ལྟར་ཉོན་མོངས་རྣམས་འཕེལ་བའི། །བདག་དང་བདག་འདྲའི་འགྲོ་ལ་བརྩེར་དགོངས་ཏེ། །སྐྱབས་མཛོད་སྐྱབས་གསུམ་ཀུན་འདུས་འཇམ་པའི་ལྷ། །ཇི་ལྟ་ཇི་ལྟར་བྱ་བའི་ལམ་གནས་པ། །དེ་ལྟ་དེ་ལྟར་སྡིག་ལྟུང་རྣམ་འཕེལ་བའི། །སྐལ་ངན་བདག་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །སྐྱབས་མཛོད་སྐྱབས་གསུམ་ཀུན་འདུས་འཇམ་པའི་ལྷ། །ཇི་ལྟ་ཇི་ལྟར་ཚེ་ཡི་གཞུག་ཕྱིན་པ། །དེ་ལྟ་དེ་ལྟར་རྟག་འཛིན་རྣམ་འཕེལ་བའི། །བླུན་ཆེན་བདག་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །སྐྱབས་མཛོད་སྐྱབས་གསུམ་ཀུན་འདུས་འཇམ་པའི་ལྷ། །ཇི་ལྟ་ཇི་ལྟར་མི་ཡི་རྟེན་རྙེད་ཀྱང༌། །དེ་ལྟ་དེ་ལྟར་ཆོས་མིན་སྤྱོད་འཕེལ་བའི། །བྱུར་ངན་བདག་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །


TN00_Page_023A
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཛོད་སྐྱབས་གསུམ་ཀུན་འདུས་འཇམ་པའི་ལྷ། །ཇི་ལྟ་ཇི་ལྟར་ཟབ་མོའི་ཆོས་ཉན་པ། །དེ་ལྟ་དེ་ལྟར་ཆོས་ལས་བློ་ཉམས་པའི། །ཆོས་དྲེད་བདག་ལ༴༌།སྐྱབས༴༌།ཇི་ལྟ་ཇི་ལྟར་ཐོས་པའི་སྒོ་བསྟན་པ། །དེ་ལྟ་དེ་ལྟར་ཡིད་གཉིས་རྣམ་འཕེལ་པའི། །རྨོངས་ཆེན་བདག་ལ༴༌།སྐྱབས༴༌།ཇི་ལྟ་ཇི་ལྟར་དགེ་བའི་བཤེས་མཐོང་བ། །དེ་ལྟ་དེ་ལྟར་སྡིག་གྲོགས་ལ་དགའ་བའི། །ཕུང་འདྲེན༴༌།སྐྱབས་མཛོད༴༌།ཇི་ལྟ་ཇི་ལྟར་བདུད་ལས་རིང་འདོད་ཀྱང༌། །དེ་ལྟ་དེ་ལྟར་བདུད་ཀྱིས་ཟིལ་གནོན་པའི། །མཐུ་མེད༴༌།སྐྱབས༴༌།ཇི་ལྟ་ཇི་ལྟར་ཆགས་པའི་དགྲ་བྱུང་བ། །དེ་ལྟ་དེ་ལྟར་གཉེན་པོའི་ཕྱོགས་ཉམས་པའི། །ནུས་མེད༴༌།སྐྱབས༴༌།ཇི་ལྟ་ཇི་ལྟར་ཁྲོ་བའི་དགྲ་ལྡང་བ། །དེ་ལྟ་དེ་ལྟར་བཟོད་པའི་མཚོན་རུལ་བའི། །སྐལ་དམན༴༌།སྐྱབས་མཛོད༴༌།ཇི་ལྟ་ཇི་ལྟར་ཀུན་རྨོངས་མེས་གདུངས་པ། །དེ་ལྟ་དེ་ལྟར་ཤེས་རབ་མཚོ་སྐམ་པའི། །སྐྱབས་མེད༴༌།སྐྱབས་མཛོད༴༌།ཇི་ལྟ་ཇི་ལྟར་བག་མེད་མཚོན་ལྡང་བ། །དེ་ལྟ་དེ་ལྟར་དགེ་བའི་གོ་རལ་བའི། །སྐལ་དམན་བདག་ལ༴༌།སྐྱབས༴༌།ཇི་ལྟ་ཇི་ལྟར་ཐེག་ཆེན་གཞུང་བསམ་པ། །དེ་ལྟ་དེ་ལྟར་སྙིང་རྗེའི་བློ་ཉམས་པའི། །གོ་ལོག༴༌།སྐྱབས་མཛོད༴༌།ཇི་ལྟ་ཇི་ལྟར་རྒྱལ་བའི་གཞུང་འདྲིས་པ། །དེ་ལྟ་དེ་ལྟར་འདྲེན་པ་བརྗེད་ངས་པའི། །མ་


TN00_Page_023B
[མ་དཔེ་གཟིགས་ན་འདིར་གནོན།]

རབས༴༌།སྐྱབས༴༌།ཇི་ལྟ་ཇི་ལྟར་ཆོས་ལམ་སློབ་འདོད་པ། །དེ་ལྟ་དེ་ལྟར་ཆོས་ཀྱི་གེགས་ལྡང་བའི། །ལས་ངན༴༌།སྐྱབས་མཛོད༴༌།ཇི་ལྟ་ཇི་ལྟར་ཉེས་པའི་སྒོ་བྱུང་ཡང༌། །དེ་ལྟ་དེ་ལྟར་ཉེས་ལ་སླར་འཇུག་པ། ཁྲེལ་མེད༴༌།སྐྱབས༴༌།ཇི་ལྟ་ཇི་ལྟར་སེམས་འདུལ་ཐབས་བསམ་ཀྱང༌། །དེ་ལྟ་དེ་ལྟར་རང་རྒྱུད་ཆེས་གྱོང་བའི། །གཞུང་ངན༴༌།སྐྱབས་མཛོད༴༌།ཇི་ལྟ་ཇི་ལྟར་དམ་པའི་གྲལ་བཞག་པ། །དེ་ལྟ་དེ་ལྟར་ཟོག་པོའི་གྲལ་རྒྱུག་པའི། །ཐུར་བལྟས་ཡ་བོ་བརླག་འདྲེ་ང་འདྲ་ལ། །ཐུགས་རྗེས་གཟིགས་ཤིག་རྗེ་བཙུན་ཐུགས་རྗེ་ཅན། །ཞེས་པའང་ཕུང་བཤིག་གི་སྤྲང་རྒན་འཇིགས་མེད་པས་མགོན་པོ་འཇམ་དཔལ་དབྱངས་ལ་སྨྲེ་སྔགས་ཀྱིས་གསོལ་འདེབས་གྲོང་ཚིག་དུམ་ཆོད་མར་བྲིས་པའོ།། ༈ །།མཁྱེན་གཉིས་ཡེ་ཤེས་དམ་པའི་ཟློས་གར་ནི། །ཐོགས་མེད་གཟུགས་བརྒྱའི་རོལ་མོར་མངོན་སྣང་ཡང༌། །དབང་སྔོན་རལ་གྲིའི་འཁྲུལ་འཁོར་འཆང་བའི་གར། །འཇམ་པའི་དབྱངས་ཞེས་གྲགས་པས་མཛེས་དེར་འདུད། །དམར་སེར་ཉི་མ་བྱེ་བའི་གཟི་འོད་དང༌། །འཛུམ་སྒེགས་གཞོན་ནུའི་རྣམ་རོལ་མི་ཟད་པ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་སྐུ། །སྣ་ཚོགས་དག་ཆེན་སྤྲུལ་པའི་གར་གྱིས་རྩེན། །ཕུལ་བྱུང་ཞལ་གྱི་ཟླ་གཞོན་དང་བའི་ངོགས། །ཡིད་འོང་མཛོད་སྤུའི་ཟླ་རྒྱས་འདི་སྣང་སྟེ། །ཟླ་ཞུན་


TN00_Page_024A
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་གཉིས་པའི་སྙིང་པོ་ཅན། །དཔའ་ཆེན་ཁྱོད་ཀྱི་ལེགས་བྱས་དཔུང་པས་བཟུང༌། །དོ་ཀེར་རྩེ་མོ་ལྔ་པའི་རི་དབང་ལ། །རིན་ཆེན་མེ་ཏོག་འཛུམ་པའི་ག་ཤལ་བརྒྱ། །འཕྱང་འཕྲུལ་དྲ་བ་བསྟར་བའི་འཇོ་སྒེགས་འདིས། །ངོ་མཚར་ཞལ་གྱི་གྲོང་ཁྱེར་མཛེས་པར་བྱས། །ལྡེམ་ལྡེམ་རལ་པ་བསྐྱོད་པའི་ཟུར་ཕུད་དང༌། །ལམ་ལམ་རལ་གྲིའི་འཁྲི་ཤིང་རྣམ་གཡོ་བས། །ཡང་ཡང་ནམ་མཁའི་ལམ་འདི་མཛེས་བྱས་ཏེ། །མང་མང་ལྷ་བརྒྱས་དཀྱིལ་འཁོར་ཟིལ་གྱིས་གནོན། །མི་འཇིགས་གདོང་པ་ལྔ་པའི་བརྟུལ་བཞུགས་ཀྱིས། །མགྲིན་པ་ཆོས་ཀྱི་དུང་ཆེན་གཟེང་བསྟོད་ཅིང༌། །འཁྲིལ་ལྡེམ་སྐུ་ཡི་འགྱིང་ཚུག་ངོམ་བཞིན་དུ། །ཟབ་དོན་གཏམ་གྱི་སྒྲ་དབྱངས་འབུམ་དུ་འཇོ། །གསེར་བཟང་ཕྲེང་བ་དངར་བའི་དོག་པ་ལ། །སྣང་བ་རྣམ་སྡུད་ནོར་བུའི་ཕྲ་ཚོམ་ཅན། །རྨད་བྱུང་མགུལ་པའི་རྒྱན་དུ་སྤུད་བྱས་པས། །ལྷ་དབང་ནོར་བུའི་གཙུག་ཕུད་ལན་བརྒྱར་བསྐལ། །རྐང་གདུབ་འཁྱུད་མོས་བཅིངས་པའི་ཞབས་པདྨོ། །བཀྲ་ཤིས་རྩིབས་སྟོང་འཁྱིལ་བའི་འོད་རིས་ཅན། །ཚངས་དབང་ཟུར་ཕུད་འཛུམ་གྱིས་བསུ་བཞིན་དུ། །སྐྲ་རྒྱན་ནོར་བུའི་འོད་ཀྱིས་ཕྱི་བ་བཞིན། །དེ་སླད་བདག་ཀྱང་ཁྱོད་ཞལ་རྗེས་དྲན་ཏེ། །མིག་གི་ཁོར་ཡུག་གཡོག་པའི་ཆུ་རླབས་དང༌། །སོར་མོའི་ཡལ་འདབ་ཟུམ་


TN00_Page_024B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིམ་པ་ཡིས། །འཕགས་ཆེན་ཁྱོད་ཀྱི་ཞབས་པད་རི་མོར་བགྱི། །མཐོ་བ་ལྷུན་པོའི་རྩེ་འདྲའི་ཕྲག་པ་ནས། །གྱེས་པ་དཔག་བསམ་འདབ་འདྲའི་ཕྱག་བརྐྱང་སྟེ། །གློག་གི་སྣང་བ་ལྟ་བུའི་སོར་མོ་ཡིས། །བདག་གཙུག་ལན་བརྒྱར་ཉུག་པའི་བཀའ་དྲིན་སྩོལ། །སིལ་ཁྲོལ་གདུབ་འཁོར་འཆང་བའི་ཡིད་འོང་ཞབས། །མཉེན་ལྕུགས་གནག་བག་མེད་པའི་མཚར་སྡུག་བཅས། །དབང་ཕྱུག་རལ་པའི་བླ་ན་ཟླ་བ་བཞིན། །མི་འབྲལ་སྤྱི་བོའི་སྤོ་འདིར་རྟག་གཞེས་ཤིག །ཅེས་པའང་རྗེ་བཙུན་འཇམ་པའི་དབྱངས་ལ་མི་ཕྱེད་དད་པའི་ཤུགས་ཅན་སྤྲང་སྨྱོན་འཇིགས་མེད་པས་བྲིས་པ་དགེ། ༈ །།གློག་གི་སྒྲོན་མ་འབར་བའི་འོད་ཟེར་གཟིས། །མཚུངས་ཟླར་བཀུག་པ་མིན་པའི་སྣང་བ་ལ། །བགྲང་ཡང་ཞིང་ཁམས་རྒྱ་མཚོས་མི་ཐུག་པ། །འཇམ་དཔལ་དཔའ་བོ་མཚན་རྫོགས་སྐུ་རུ་བཞུགས། །དཀར་དང་ལེ་བརྒན་ཕྱོགས་སུ་མ་ལྷུང་བའི། །འོད་ཟེར་རྣམ་པ་དུ་མའི་ཁ་དོག་ཅན། །ཡིད་ཅན་མོས་པའི་རྗེས་སུ་མཐུན་འཇུག་པས། །མཁའ་ཁྱབ་རྒྱལ་བའི་ཞིང་མང་སྣང་བར་མཛད། །དུས་ཀྱིས་ངེས་པས་བཅིངས་པ་མ་ཡིན་ཞིང༌། །ཕྱོགས་ཀྱིས་གཏུག་པ་མེད་པའི་འོད་ཟེར་ཆེ། །ཚད་ཀྱིས་ངེས་པར་བརྫུ་བའི་སྒྱུ་ཐབས་འདིས། །གང་འདུལ་གདུལ་བྱའི་ཡིད་དབང་མགྲོན་པོར་འགུགས། །ས་དང་ཕ་རོལ་ཕྱིན་པའི་སྒྲ་དབྱངས་བརྒྱ། །འོད་ཀྱི་འཛུམ་རླབས་གཅིག་གིས་མངོན་


TN00_Page_025A
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲགས་ཏེ། །རྒྱ་མཚོའི་ཆུ་རྡུལ་མཉམ་པའི་སེམས་ཅན་ཁམས། །སྨིན་མཛད་ཐབས་མཁས་སྤྱོད་ཡུལ་བསམ་མི་ཁྱབ། །འོད་ཀྱིས་འཇིག་རྟེན་གསུམ་དུ་སྣང་བྱེད་པའི། །ཚངས་ཆེན་ཉི་མ་ཟླ་བའི་ཁ་དོག་ཀྱང༌། །འཛམ་བུའི་གསེར་བཟང་དྲུང་ན་སོལ་ཕུང་བཞིན། །འཕགས་ཆེན་གཞོན་ནུའི་མདུན་སར་མཛེས་པ་མེད། །རྣམ་མང་སྡུག་བསྔལ་ཕུང་པོས་གཟིར་བའི་འགྲོར། །དྲི་མེད་འོད་ཀྱི་བྱུགས་པས་རེག་མ་ཐག །བདེ་ལེགས་མཆོག་གི་དུས་སྟོན་རྣམ་འཕེལ་བའི། །ཚུལ་འདིས་སེམས་ཅན་ཁམས་མང་རྟག་ཏུ་སྐྱོང༌། །གང་ན་སྟོབས་ཀྱི་རྫུ་འཕྲུལ་དབང་བཙན་པའི། །ལྷ་ཆེན་ཉི་མའི་ཟེར་ཀྱང་མ་ཞུགས་པས། ཁོར་ཡུག་མུན་པའི་དཀྱིལ་འཁོར་ཆེན་པོར་ཡང༌། །སྣང་ལྡན་འོད་ཟེར་བྱེ་བས་ལྷམ་མེར་མཛད། །འོད་ཀྱི་དྲྭ་བ་བཀོད་པའི་རྣམ་རོལ་ལ། །མཚན་བཟང་སྣང་བ་འབར་བའི་བདེ་གཤེགས་སྐུ། །གྲངས་མེད་ཞི་བའི་གཟུགས་ཀྱིས་མངོན་བཞུགས་པས། །འཕྲུལ་ཆེན་འདོད་དགུའི་རོལ་མོ་ཅིར་ཡང་འཁྲོལ། །ལང་ཚོས་རྒྱགས་པ་རྒྱས་པའི་ཡིད་ཅན་ལ། །མཛེས་སྡུག་གཟུགས་སྐུའི་རྣམ་འཕྲུལ་སྣང་མཛད་དེ། །འོད་ཟེར་མཆོག་གི་སྣང་བ་མི་ཟད་པས། །ལྷ་དབང་བཞིན་གྱི་མདངས་ཡང་ཟིལ་གནོན་མཛད། །བསོད་ནམས་ཆེན་པོའི་ཐུ་ལས་ཉེར་འོངས་ཤིང༌། །ཡེ་ཤེས་རྒྱ་མཚོའི་བྱིན་གྱིས་རབ་སྦྱང་བ། །འཇམ་དཔལ་གཞོན་ནུའི་


TN00_Page_025B
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གསང་བ་ཆེ། །བསྐལ་བར་བརྗོད་ཀྱང་ཐུག་པ་ག་ལ་ཞིག །ཅེས་འཕགས་པ་འཇམ་དཔལ་གྱི་འོད་ལ་ཆེད་དུ་བརྗོད་པ་ཅོ་ལེ་ཉོ་ལེ་བ་འདིའང་སྤྲང་སྨྱོན་འཇིགས་མེད་པས་སོ།། ༈ །།སྐབས་གསུམ་གནས་ཀྱི་ལྷ་མོ་ལེགས་སྐྱེས་མ། །ཕང་བར་འཁྱུད་པའི་ཚིག་བཟང་མིག་སྟོང་པ། །ཁྱོད་ཉིད་མ་ནུ་གཞོན་པའི་དཔྱིད་གཅིག་པུར། །ཤེས་ནས་འབྲས་ཀྱི་སྙེམས་མཆོད་པར་སྤྲོ། །ཅི་འདི་ཉིན་བྱེད་བྱེ་བས་མཚོན་མེད་པའི། །དམར་སེར་སྣང་བ་འབུམ་གྱིས་ཀུན་གསལ་ལྟོ། །འགེངས་པའི་ངོ་མཚར་རྫོགས་པའི་འཇོ་སྒེགས་འདི། །གྲོང་འཇོམས་སྐལ་བས་བཟུང་ངམ་ཡིད་གཉིས་འགྱུར། །སྣང་དང་སྟོང་པ་དབྱེར་མེད་ཡེ་ཤེས་སྐུ། །རྟག་བརྟན་གཞོམ་གཞིག་བྲལ་བའི་ལང་ཚོ་ནི། ཁྱབ་བདག་ཡེ་ཤེས་མེ་ལོང་མཚན་དཔེའི་སྐུར། །ངེས་པའི་བློ་གྲོས་ཉིན་མོ་བཞིན་དུ་གསལ། །མ་བྲིས་མཚན་དཔེའི་རི་མོ་འབུམ་བཀྲ་ཞིང༌། །མ་བགོས་ཚུལ་ཁྲིམས་བསུང་ཞིམ་ཕྱོགས་མཐར་བརྡལ། །མ་བཅོས་དུལ་བའི་སྤྱོད་ལམ་ངང་གིས་མཛེས། །མ་འབད་གཞན་ཕན་མཛད་པ་ལྷུན་གྱིས་གྲུབ། །མཛེས་སྐུ་ལྟ་བས་མི་ངོམས་དཔག་བསམ་ལྗོན། །མཚན་བཟང་གཉིས་སྐྱེས་གྲངས་ལྡན་འདབ་སྟོང་སྦུབས། །དཔེ་བྱད་འབྲས་བུའི་ཁུང་མར་གཡུར་ཟ་བས། །ཀུན་ནས་སྒེགས་བྱས་ཕན་བདེའི་འདུ་བ་རྒྱས། ཁ་དོག་མེད་ཀྱང་ཁ་དོག་གཟུགས་སུ་སྟོན། །རང་བཞིན་མེད་ཀྱང་སྒྱུ་མའི་རོལ་མོར་སྣང༌། །འགྲོ་


TN00_Page_026A
[མ་དཔེ་གཟིགས་ན་འདིར་གནོན།]

འོང་མེད་ཀྱང་ཞིང་ཁམས་རྒྱ་མཚོར་འགྲོ། །བརྗོད་མེད་དོན་ཡང་བརྗོད་པའི་ཟོལ་གྱིས་སྟོན། །སྣང་བར་བྱས་སོ་རྒྱ་མཚོའི་གོས་ཅན་མ། །འོད་ཟེར་སྣང་བ་སྟོང་ལྡན་ཟླ་བས་ཏེ། །ཡང་དག་ཆེན་པོ་བདུན་ལྡན་ལམ་བཟང་ཡང༌། ཁྱོད་ཀྱི་ལེགས་པར་བཤད་པའི་འོད་བརྒྱས་སོ། །ཞིང་གི་རྡུལ་སྙེད་སེམས་དཔའ་གྲངས་མང་ཡང༌། །གོ་ཆ་བསམ་མི་ཁྱབ་ལྡན་ཁྱོད་ཟླས་དབེན། །ལྕུགས་ཕྲན་རྒྱས་པའི་རྐང་འཐུང་གྲངས་མང་ཡང༌། །ཧ་རི་ཙནྡན་ལྗོན་པ་ཤིན་ཏུ་དཀོན། །བགྲང་ཡས་བདེ་གཤེགས་ཉི་མའི་མདུན་ས་རུ། །ཟབ་མོའི་གཏམ་གྱི་འོད་སྣང་འབུམ་འཕྲོ་ཞིང༌། །རྒྱལ་སྲས་རྒྱུ་སྐར་ཕྲེང་བས་མཛེས་བྱས་པ། །འཕགས་མཆོག་ཟླ་རྒྱས་དབང་པོ་ཁྱོད་གཅིག་ཡིན། །མཐོང་ན་མི་མཐུན་མེད་པ་ཞི་བའི་སྐུ། །ཕྱོགས་ཀྱི་མུ་ཁྱུད་རྒྱས་པའི་ད་ལ་བཞིན། །ཀུན་དགའི་དཔལ་སྟེར་མཁའ་གོས་སྐྲོད་པའི་འོད། །མཐའ་ཡས་ཞིང་ཁམས་རྒྱ་མཚོར་སྤྲོ་ཞིང་སྡུད། །གཅོད་བྱེད་རལ་གྲིའི་འཁྲུལ་འཁོར་འབར་བའི་གཟི། །སྲིད་ན་དཔེ་ཟླས་དབེན་པའི་ཚུལ་མཐོང་ནས། །བཻ་ཌཱུར་རྩིག་པ་འདྲ་བའི་མཁའི་བཞིན་རས། །སྐྱེང་སྟེ་ཆུ་འཛིན་གསར་པས་འགེབས་ལ་རིངས། །མཛེས་མཛེས་སོར་མོའི་ལྕུག་ཕྲན་ལ་གནས་ཤིང༌། །ལྡེམ་ལྡེམ་སྡོང་བུའི་རྩེ་མོར་བབ་ཆགས་པའི། །ཟླུམ་ཟླུམ་ཐིག་ལེར་འཁྱིལ་བའི་འདབ་མ་བརྒྱ། །ཆེས་ཆེར་བཞད་པས་ཨུཏྤལ་རྣམ་པར་གསལ། །ཞེས་སོ། །


TN00_Page_026B
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྲོས་མཚོན་རྟོག་པའི་དྲ་བ་མཐར་བྱས་ཤིང༌། །ཟབ་དང་རྒྱ་ཆེའི་སྐུ་གཉིས་མངོན་མཛད་ཀྱང༌། །གཞོན་ནུའི་མཚར་སྡུག་རྫོགས་པའི་ལང་ཚོར་བཅས། །སེམས་དཔའི་གཟུགས་སུ་སྣང་དེ་འཇམ་དཔལ་ཡིན། །བྱས་པ་མ་ཡིན་ཆོས་རྣམས་ཀུན་གྱི་གཤིས། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བ་སྟེ། །བདེན་པ་དབྱེར་མེད་གཞི་ཡི་དབུ་མ་ན། །རྟག་དང་མི་རྟག་གར་ཡང་གྲུབ་མེད་ཀྱང༌། །ཆོས་དབྱིངས་མི་འགྱུར་བས་ན་རྟག་པ་སྟེ། །དེ་ཉིད་མི་རྟག་ཡིན་ཞེས་སུ་ཞིག་སྨྲ། །རྟག་དང་མི་རྟག་ལས་འདས་ཕུང་སུམ་ཆོས། །ཤེས་བྱའི་ཁོང་འདིར་གཞར་ཡང་མ་མཆིས་སོ། །གཉིས་ཡིན་ཞེས་པ་བདག་གིས་མ་སྨྲས་ཏེ། །དོན་དམ་ཀློང་ན་རྟག་དང་མི་རྟག་དང༌། །གཉིས་ཡིན་གཉིས་མིན་མཐའ་དང་བྲལ་བས་ན། །འདུས་མ་བྱས་པ་ཆེན་པོ་ཡིན་ཞེས་སྨྲ། །དེ་ཉིད་ལེགས་གཟིགས་འཕགས་པའི་མཉམ་བཞག་ནི། །བདེན་དང་བདེན་མེད་འཛིན་པ་སྤངས་པ་སྟེ། །མཚན་མའི་རྟོག་པ་ཀུན་ལས་རྣམ་གྲོལ་བས། །རྣམ་པར་མི་རྟོག་ཟབ་མོའི་ཡེ་ཤེས་ཡིན། །ཆོས་རྣམས་རང་བཞིན་བདེན་པས་སྟོང་པ་ལ། །བདེན་མེད་ཡིན་ཞེས་བརྗོད་པ་མེད་གྱུར་ན། །བདེན་གྲུབ་ཉིད་དུ་ལྡོག་ལས་འོས་མེད་དེ། །ཕུང་གསུམ་གཞན་དུ་འཛིན་ཚུལ་མེད་ཕྱིར་རོ། །སྐྱེ་བ་མེད་ཅེས་ཇི་བཞིན་ཤེས་པའི་ངོར། །སྐྱེ་བར་འཛིན་ལས་ལྡོག་འདིར་བསྙོན་དུ་ཅི། །བདེན་མེད་ཉིད་ཀྱང་


TN00_Page_027A
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་ཤེས་ན། །བདེན་པ་མེད་ཅེས་སུ་ཡིས་འཛིན་པར་འོས། །ཇི་ལྟར་ཞི་བའི་དབྱིངས་ནི་འཕོ་འགྱུར་མེད། །མ་བྱས་རང་བཞིན་བསམ་གྱིས་མི་ཁྱབ་པ། །དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང༌། །འདུས་མ་བྱས་པ་རྟག་པའི་རྡོ་རྗེ་ཡིན། །འདི་ནི་ཐ་སྙད་དཔྱོད་པའི་བློ་ངོར་ཏེ། །དོན་དམ་ཡང་དག་མཚད་མས་བརྟགས་བྱས་ན། །རྒྱལ་བའི་ཡེ་ཤེས་མཆོག་གི་ཆོས་ཉིད་ནི། །འདི་ཞེས་སྨྲ་བརྗོད་ཡུལ་དུ་ག་ལ་རུང༌། །མདོར་ན་བདེ་བར་གཤེགས་པའི་གསང་བ་ནི། །ཡུལ་དང་ཡུལ་ཅན་གཉིས་སུ་མི་དམིགས་ཤིང༌། །མཚན་འཛིན་དྲི་མའི་སྦུབས་ལས་རབ་གྲོལ་བ། །འདི་ནི་འཇམ་ཞེས་མཁས་པས་རྟོགས་པར་བྱ། །གཟུང་དང་འཛིན་པའི་རྟོག་པ་མི་མངའ་བཞིན། །ཇི་ལྟ་ཇི་སྙེད་ཆོས་ཀྱི་བྱེ་བྲག་ཀུན། །མ་འདྲེས་སྒྲིབ་མེད་ཅིག་ཆར་ཉིད་གཟིགས་པས། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་ཟབ་མོ་ཡིན། །བྱིས་པས་ལན་བརྒྱར་བརྟགས་ཀྱང་རྟོགས་མིན་པའི། །སྟོང་དང་རྟེན་འབྱུང་དབྱེར་མེད་ཆོས་ཀྱི་དབྱིངས། །རྣམ་གྲངས་མིན་པའི་གནས་ལུགས་མཐའ་བྲལ་བ། །ཇི་བཞིན་གཟིགས་པའི་ཆོས་སྐུ་ཟབ་མོ་ཡིན། །སློབ་པའི་ལམ་གྱིས་བསྡུས་པའི་མཉམ་བཞག་ནི། །སྟོང་དང་ཡེ་ཤེས་རོ་གཅིག་འདྲ་ན་ཡང༌། །གཉིས་སྣང་བག་ཆགས་ཕྲ་མོས་བསླད་པས་ན། །ཟབ་མོ་འདི་དང་ལྡན་པར་མ་གྱུར་ཏོ། །


TN00_Page_027B
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱི་ཆོས་སྐུ་ཟབ་མོ་ནི། །མཐའ་བྲལ་ཆོས་ཀྱི་དབྱིངས་དང་རོ་གཅིག་པས། །མཁའ་དང་ལག་མཐིལ་མཉམ་པའི་སྤྱོད་ཡུལ་དང༌། །གཅིག་ཏུ་མཛའ་བའི་ཐ་ཚིག་རང་གིར་མཛད། །འོད་ལྡན་རི་བོང་འཛིན་པའི་དཀྱིལ་འཁོར་ནི། །གཅིག་ལས་དུ་མའི་སྣང་བརྙན་ཀུན་ཏུ་འགྱེད། །དེ་བཞིན་དེ་བཞིན་གཤེགས་པའི་ཡེ་ཤེས་ནི། །གཅིག་ལས་གཟུགས་སྐུའི་སྣང་བརྙན་དུ་མར་སྟོན། །ཚད་མེད་ཐུགས་རྗེས་འགྲོ་ལ་རབ་དགོངས་ཏེ། །ནམ་མཁའ་ཇི་སྲིད་གཞན་ཕན་མཛད་པ་ནི། །དུས་ལས་ཡོལ་མིན་ཕྲིན་ལས་རླབས་ཆེན་པོ། །མ་ལུས་ཡིད་ཅན་རྒྱ་མཚོར་སྨན་པར་བགྱིད། །ཕྱོགས་རེ་མ་ཡིན་ནམ་མཁའི་ཁྱོན་ཡངས་པོར། །བགྲངས་ཡས་ཞིང་ཁམས་རྒྱ་མཚོར་སྣང་གྱུར་པ། །དེ་སྙེད་རེར་ཡང་ཡིད་ཅན་ཚད་མེད་དེ། །དེ་དག་རྣམས་ལ་ཁྱོད་ཀྱི་ཕྲིན་ལས་འཇུག །འབད་རྩོལ་ཡོད་མིན་རྣམ་དཀར་མཛད་པ་ནི། །དགོས་འདོད་ཀུན་སྟེར་ནོར་བུའི་རྒྱལ་པོ་བཞིན། །མོས་ལྡན་འགྲོ་ལ་ཅིག་ཆར་སྣང་མཛད་པས། །ཀུན་ཏུ་བཟང་པོའི་འོད་ཟེར་ཁྱོད་ལ་མངའ། །མདོར་ན་ཟབ་མོའི་ཆོས་སྐུ་མངོན་བྱས་ཤིང༌། །ཤིན་ཏུ་རྒྱ་ཆེ་གང་འདུལ་གཟུགས་ཀྱི་སྐུས། །སྐལ་བཟང་འགྲོ་ལ་རྣམ་གྲོལ་དཔལ་སྟེར་བའི། །འདི་ནི་དཔལ་ཞེས་བློ་ལྡན་རྣམས་ཀྱིས་འཚལ། །ངེས་པའི་དོན་དུ་ཁྱབ་བདག་འཇམ་པའི་དཔལ། །


TN00_Page_028A
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ལས། །ཐ་དད་མ་ཡིན་མི་ཤིགས་རྡོ་རྗེ་སྐུ། །སྲིད་པ་ཇི་སྲིད་མཚན་དཔེའི་ལང་ཚོར་འབར། །སྒྱུ་མའི་རང་བཞིན་སྲིད་པའི་གྲོང་ཁྱེར་ན། །སྒྱུ་མའི་གར་བཞིན་ལས་ཉོན་གོམ་སྟབས་བཅས། །གཅིག་ཏུ་རྒྱུ་བའི་སེམས་ཅན་སྒྱུ་མ་རྣམས། །བྱང་ཆུབ་སྒྱུ་མའི་ས་ལ་རེག་པར་མཛོད། །གཞོམ་གཞིག་སྤང་བ་མཚན་རྫོགས་སྐུ་ཡི་དལ། །ཉི་མ་ལྟ་བུར་བརྗིད་པའི་འོད་ཟེར་བཅས། །འཆི་བ་མེད་པར་ནམ་མཁའ་ཇི་སྲིད་དུ། །རྟག་ཆེན་གཞོན་ནུའི་གཟུགས་ཀྱིས་སྲིད་ན་སྣང༌། །རྒ་དང་ན་དང་རྒུད་པ་རྣམས་སྤངས་པའི། །ངོ་མཚར་བསོད་ནམས་བྱེ་བའི་གཏེར་གྱུར་པ། །སྣ་ཚོགས་སྐུ་ཡི་བཀོད་པས་སྲིད་གསུམ་འགྲོ། །ཕན་དང་བདེ་བའི་གནས་ལ་སྦྱོར་བར་མཛད། །དེ་སྐད་འཇམ་དཔལ་གཞོན་ནུའི་མཚན་གྱི་དོན། །ཅུང་ཟད་གཏམ་དུ་བྱས་པའི་ལེགས་བྱས་ལ། །བརྟེན་ནས་རྣམ་པར་གྲོལ་བའི་བྱང་ཆུབ་མཆོག །རིང་མིན་མྱུར་དུ་ཐོབ་པའི་དགེ་ལེགས་ཤོག །ཅེས་སོ།། ༈ །།ཡོད་མེད་ཡིན་མིན་དམིགས་གཏད་སྣ་ཚོགས་ཀྱི། །སྤྲོས་པའི་དྲྭ་བ་རྟོག་པའི་ཟུག་རྡུའི་ཚོགས། །རྣམ་བྲལ་འཇམ་པའི་དབྱིངས་སུ་མཉམ་བཞག་པས། །བདུད་ཀྱི་རྒྱུ་བ་ཀུན་ནས་མཐར་བྱེད་ཤོག །སྟོང་པའི་ངང་ནས་འགགས་མེད་མཁྱེན་པའི་གདངས། །ཀུན་ཁྱབ་སྙིང་


TN00_Page_028B
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་རོལ་པ་ལས། །ནམ་མཁའ་ཇི་སྲིད་འགྲོ་བའི་ཕན་བདེའི་དཔལ། །རྟག་ཁྱབ་ལྷུན་གྱིས་གྲུབ་པ་ཉིད་གྱུར་ཅིག །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །རྡུལ་བྲལ་མཆོག་གི་ལང་ཚོར་ཤར་བའི་དཔྱིད། །རྟག་བརྟན་བགྲེས་རྒུད་བྲལ་བའི་གཞོན་ནུའི་གཟུགས། །འགྲོ་ཁམས་རྒྱ་མཚོར་ཡོངས་སུ་སྣང་གྱུར་ཅིག །རང་རིག་ངེས་པ་དོན་གྱི་འཇམ་པའི་དབྱངས། །མངོན་སུམ་ཉིད་དུ་མ་གྱུར་དེ་སྲིད་དུ། །བློ་གཏེར་ངག་གི་དབང་ཕྱུག་གང་གི་སྐུ། །རྟག་ཏུ་སྙིང་གི་འོ་མཚོར་གསལ་གྱུར་ཅིག །ཚིག་དོན་བཟང་པོའི་དྲང་ཚུལ་ལ། །རྗེས་སུ་ཡི་རང་བདག་གིས་ཀྱང༌། །ཚིགས་བཅད་བཞི་ཙམ་ཞབས་འདེགས་སུ། །བསྣན་པ་ཞབས་ཕྱིར་འཁྲིད་པར་ཞུ། །ཞེས་པ་རྗེ་མི་ཕམ་རིན་པོ་ཆེའི་གསུང་ངོ།། ༈ །།གང་དུ་གཉིས་སྣང་མཚན་མའི་ཆོས། །སྤང་བ་མིན་ཀྱང་རང་ངོ་ནས། །གྲུབ་པ་མེད་པའི་ཆོས་ཉིད་ལ། །འཇམ་དཔལ་དབྱངས་ཞེས་རབ་ཏུ་བརྗོད། །འདི་ན་ཐ་སྙད་སྣང་བའི་ཆོས། །སྒྱུ་མ་བཞིན་དུ་འཕྲུལ་པའི་གཞི། །དེ་བཞིན་ཉིད་དབྱིངས་བསམ་བྲལ་ལ། །གདགས་སུ་རུང་བ་མ་ཡིན་ཉིད། །གལ་ཏེ་ཡོད་དང་མེད་པ་དང༌། །གཉིས་མིན་གཉིས་ཞེས་བྱར་ཡོད་ན། །དེ་ཉིད་གདགས་བྱར་རུང་ན་ཡང༌། །དེ་མེད་ཕྱིར་ན་བརྗོད་དུ་མེད། །ཅི་སྟེ་བདེན་མེད་དམ་པའི་དོན། །གྲུབ་པ་འགའ་ཞིག་ཡོད་གྱུར་ན། །དེ་ཉིད་དམིགས་སུ་རུང་མོད་དེ། །བདེན་དངོས་


TN00_Page_029A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཕྱིར་དེ་མེད་ཉིད། །བདེན་གྲུབ་ཡོད་ཡེ་མ་མཆིས་པས། །བདེན་མེད་ཡོད་ཅེས་ཐ་སྙད་བརྗོད། །གཤིས་ལ་དེ་ཉིད་ཡོད་གྱུར་ན། །དེ་རང་ཉིད་ཀྱང་བདེན་གྲུབ་འགྱུར། །ཡུལ་དང་ཡུལ་ཅན་མི་དམིགས་ཤིང༌། །བསལ་དང་བཞག་པ་ངང་གིས་ཞི། །སྲིད་དང་ཞི་བ་མཉམ་པ་ཉིད། །དེ་ཕྱིར་འཇམ་དཔལ་སྟོང་ཞེས་བྱ། །དོན་དམ་རིགས་པས་དཔྱད་བཟོད་པའི། །ཡེ་ཤེས་དང་ནི་དེ་བཞིན་ཉིད། །གྲུབ་ན་ཤེས་བྱར་བརྗོད་རུང་གི༌།མ་གྲུབ་དེ་བརྗོད་ག་ལ་རུང༌། །གང་ཞིག་རྟོགས་པས་སྤང་བྱའི་ཆོས། །ཟད་བྱེད་མེད་པར་མི་འགྱུར་ཏེ། །འདི་ཡིས་གཞི་ལ་གཟུང་དང་འཛིན། །མ་གྲུབ་བརྗོད་ལས་གཞན་མིན་ཕྱིར། །ཅི་སྟེ་གཤིས་ལ་སྐྱོན་ཡོད་ན། །བདག་མེད་ཟབ་མོ་མངོན་རྟོགས་ཀྱང༌། །བདག་འཛིན་འབྲལ་བར་མི་རིགས་ཏེ། །དེ་ཉིད་བདེན་གྲུབ་ཡིན་ཕྱིར་རོ། །ཡོན་ཏན་མ་ཐོབ་བདེན་གྲུབ་ན། །སེམས་ཅན་འཚང་རྒྱར་རིགས་མ་ཡིན། །ཡོན་ཏན་ཐོབ་པ་གྲུབ་ན་ཡང༌། །ཡོན་ཏན་མི་ལྡན་སྐབས་མི་སྲིད། །དེ་བཞིན་ཟག་བཅས་ཇི་སྙེད་དང༌། །དྲི་མེད་ཆོས་རྣམས་གང་ཡང་རུང༌། །གཅིག་དང་དུ་མར་གྲུབ་པའི་ཆོས། །སྲིད་པར་རུང་བ་མ་ཡིན་ནོ། །གཅིག་ཏུ་གྲུབ་པའི་ཆོས་ཡོད་ན། །ཤེས་བྱ་འགའ་ཡང་སྣང་མི་འགྱུར། །གཅིག་ཅིག་རྩོམ་གཞིར་མ་བྱས་པའི། །དུ་མ་སྲིད་པ་མ་ཡིན་


TN00_Page_029B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །འོན་ཀྱང་ཇི་སྙེད་སྣང་བ་འདི། །མེད་བཞིན་བརྟེན་ནས་འབྱུང་བར་ཟད། །སྟོང་ལས་གཞན་ལ་རྟེན་འབྲེལ་ནི། །མཁས་པས་སྨྲ་བར་མི་རིགས་སོ། །འདིས་ནི་ཀུན་རྫོབ་དོན་དམ་དུ། །ཐལ་བ་ཁས་བླང་མ་ཡིན་ཀྱང༌། །ཀུན་རྫོབ་ལས་གཞན་སྟོང་བྱའི་ཆོས། །དམིགས་སུ་མེད་ཕྱིར་ཚུལ་འདི་བཞག། མིང་རྐྱང་བཏགས་ཡོད་ལས་འདས་དེ། །ད་དུང་ཡོད་པ་བསྒྲུབ་དགོས་ན། །དེ་ཚེ་མཐར་ཐུག་ཚད་མ་ཡིས། །སྨ་བབ་བགྱིད་ལས་འོས་ཅི་ཡོད། །གང་ཕྱིར་རྟོག་བཏགས་མ་གཏོགས་པའི། །ཆོས་དེ་རི་བོང་རྭ་འདྲ་ཞེས། །དགེ་སློང་དེ་ཉིད་རིག་རྣམས་ཀྱིས། །གཞུང་ལུགས་རབ་ཏུ་བསྒྲགས་པ་ཡིན། །རྟེན་འབྱུང་ངོ་བོ་ཉིད་ནས་སྟོང༌། །སྟོང་པ་སྒྱུ་མའི་རོལ་མོར་སྣང༌། །སྣང་སྟོང་ཕྱོགས་རེ་མ་ལྷུང་བ། །དེ་ལ་འཇམ་དཔལ་དབྱངས་ཞེས་བརྗོད། །ཟབ་མོ་འདི་ཡིས་ཆོས་རྣམས་ལ། ཁྱབ་ཕྱིར་སེམས་ཅན་བདེ་གཤེགས་སུ། །འགྱུར་བ་དཀའ་བ་མེད་གྲུབ་སྟེ། །སེམས་ཅན་རང་བཞིན་མེད་ཕྱིར་རོ། །རྟོག་བཏགས་ལས་གཞན་མ་མཆིས་ཀྱང༌། །ཐ་སྙད་ངོས་ནས་དོན་མཐུན་དང༌། །ལོག་བློའི་ཕྱིར་ན་སྟོང་རྟོགས་པས། །བདེན་འཛིན་འབྲལ་བར་ནུས་པ་ཡིན། །དེ་ཕྱིར་བྲལ་འབྲས་ཇི་སྙེད་པ། །ཆོས་ཉིད་འདི་ལ་རག་ལས་ཤིང༌། །རང་བཞིན་རྣམ་དག་ཉིད་ཀྱི་ཕྱིར། །འཇམ་པ་ཞེས་ནི་བརྗོད་པ་ཡིན། །ཡོན་ཏན་


TN00_Page_030A
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་གྱིས་ཕོངས་རྣམས་ལ། །རྒྱུ་རྐྱེན་མང་ཞིག་ཚོགས་པ་ལས། །ཡོན་ཏན་གང་ཞིག་ཐོབ་གྱུར་པ། །དེ་ཡང་སྔར་གྱི་རྣམ་དཔྱད་བཞིན། །ཐ་སྙད་གནས་ཚུལ་ལས་བསམ་ཀྱང༌། །མ་དག་མཚན་མ་གཏན་མེད་པར། །དག་ཆེན་སྐུ་དང་ཡེ་ཤེས་སུ། །གདོད་ནས་ལྷུན་རྫོགས་དཔལ་ཞེས་བྱ། །གང་ལ་སྐྱེ་མེད་དོན་གྱི་དབྱིངས། །ཕྲ་བ་ཞེས་བྱར་མཁས་རྣམས་སྨྲ། །རྒྱལ་བས་དབྱངས་ཀྱིས་གང་བསྙད་པའི། །དོན་ཟབ་བླ་མེད་ཀྱང་འདི་ཉིད། །ཤིང་རྟ་ཆེན་པོའི་གཞུང་ལུགས་བཞིན། །འཇམ་དཔལ་ཟབ་མོ་རབ་བཤད་པས། །སྲིད་རྩ་ནམ་ཡང་མ་མཆིས་པའི། །སྲིད་ཞི་མཉམ་ཉིད་ལ་གནས་ཤོག །ཅེས་པའང་འཇིགས་མེད་པས་སྨྱོ་གཏམ་སྨྲས་པའོ།། ༈ །།ཤེས་བྱ་མཁྱེན་ལ་གེགས་བྱེད་པའི། །ཐ་ཚིག་རལ་བར་མི་བྱེད་པ། །སྒྲིབ་གཉིས་ཉེས་པའི་ནགས་ཀླུང་ཆེ། །ཡེ་ཤེས་མེ་ལྕེས་ཟོས་དེར་འདུད། །ཡང་འདིར་རིགས་པ་འདི་སྣང་སྟེ། །བདེ་བར་གཤེགས་པའི་མཁྱེན་པ་དང༌། །རྣལ་འབྱོར་པ་ཡི་བློ་གྲོས་ཀྱིས། །ཆོས་ཉིད་མཆོག་ནི་མཉམ་པ་ཉིད། །དེ་དག་དབྱེར་མེད་ཉིད་ཀྱང་སྟེ། །དེ་བཞིན་ཉིད་ལས་རབ་གཞལ་ན། །བློ་གྲོས་མཆོག་དང་མཆོག་མིན་གྱི། །རྣམ་བཞག་སྟོང་ཉིད་བཅས་པ་མེད། །རྒྱལ་དང་སེམས་ཅན་ཐ་དད་ལྟར། །དེ་བཞིན་ཉིད་ཀྱང་དེ་བཞིན་ཞེས། །ཐ་དད་སྨྲ་བ་དོན་དམ་གྱི། །ཚད་མ་ཇི་བཞིན་མ་མཐོང་ཡིན། །ཅི་ཕྱིར་ཞེ་ན་དོན་དམ་དུའང༌། །མཆོག་


TN00_Page_030B
[མ་དཔེ་གཟིགས་ན་འདིར་གནོན།]

དམན་སོ་སོར་བཟུང་ཕྱིར་ཏེ། །གདེན་པ་གཉིས་ཆར་མ་གྲུབ་ན། །ཐ་དད་བྱ་བ་ཅི་ཞིག་མཆིས། །དེ་འདྲའི་ཚུལ་ལ་རབ་མཁས་ཤིང༌། །རྟེན་འབྱུང་རྨི་ལམ་ལྟ་བུ་རུ། །གཟུངས་སྤོབས་མ་བརྟགས་ཉམས་དགའ་བར། །སྣང་ཙམ་རྟོགས་པའི་རྣལ་འབྱོར་པས། །རྒྱལ་བ་ཀུན་གྱི་ཡེ་ཤེས་ཆེ། །ཡི་གེ་སྤྲིན་གྱི་འཁོར་ལོ་རུ། །དྲང་ནས་སྙིང་ལ་དེ་སྦས་ན། །ངེས་པར་ཕྲོག་པ་བཞིན་དུ་འགྱུར། །བདེ་གཤེགས་གཞན་དུ་མ་དམིགས་ཤིང༌། །བདག་ཉིད་བདག་ཏུ་མ་གྲུབ་པར། །དོན་མཐུན་ཚད་མས་རྟོགས་པ་ལ། །འདི་དག་ཐམས་ཅད་འཐད་པར་ཤེས། །སྤོབས་པའི་གཏེར་བརྒྱད་འདི་ཡིན་ཏེ། །དྲན་དང་བློ་གྲོས་རྟོགས་པ་དང༌། །གཟུངས་དང་སྤོབས་པ་ཆོས་ཀྱི་གཏེར། །བྱང་ཆུབ་སེམས་དང་སྒྲུབ་པའོ། །གང་གིས་སྔོན་བྱུང་ཆོས་རྣམས་ཀྱང༌། །བརྗེད་པ་ནམ་ཡང་མ་མཆིས་པར། །དྲན་པ་འདི་ནི་དྲན་པའི་གཏེར། །སེམས་བྱུང་ཡུལ་ངེས་ལྔ་ལས་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་ཆོས། །ཤེས་རབ་ཆེན་པོས་རྣམ་འབྱེད་པར། །གཞན་གྱི་དྲིང་ལ་མི་འཇོག་པ། །བློ་གྲོས་དམ་པའི་གཏེར་ཆེན་ཡིན། །ཟབ་མོའི་ཤེས་རབ་དེ་ཡི་མཐུས། །ཕུལ་བྱུང་མདོ་དོན་རྒྱས་པ་རྣམས། །སྒྲོ་དང་སྐུར་བ་མ་མཆིས་པར། །རྟོགས་པ་རྟོགས་པའི་གཏེར་ཞེས་བྱ། །གང་ཞིག་ཐོས་པའི་གཞུང་ལུགས་ཀུན། །མྱུར་དུ་བློ་ལ་འཛིན་བྱེད་པའི། །དྲན་དང་ཤེས་རབ་རྨད་བྱུང་བ། །


TN00_Page_031A
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱི་གཏེར་དུ་རིག་པ་ཡིན། །རྒོལ་བ་རྣམས་ལ་ལན་སྨྲ་བར། །རིགས་པ་ཐག་ཐོག་མེད་གྱུར་པས། །ལེགས་བཤད་སྨྲ་ལ་མི་བསྙེད་པ། །སྤོབས་པའི་གཏེར་ཞེས་བྱ་བ་ཡིན། །གཞུང་ལུགས་འཆད་རྩོད་རྩོམ་པ་ཡིས། །སྡེ་སྣོད་རིན་ཆེན་གསལ་བྱེད་པའི། །བློ་མཆོག་རབ་ཏུ་གྲུབ་པ་ནི། །ཆོས་ཀྱི་གཏེར་དུ་རྣམ་པར་བཞག །འགྲོ་བ་ཀུན་ལ་སྙིང་བརྩེའི་ཕྱིར། །རྫོགས་པའི་བྱང་ཆུབ་མངོན་འདོད་པ། །དེ་ནི་དཀོན་མཆོག་གསུམ་གྱི་གདུང༌། །འཚོབ་བྱེད་བྱང་ཆུབ་སེམས་ཀྱི་གཏེར། །རྣམ་པར་མི་རྟོག་ཡེ་ཤེས་ཆེར། །མངའ་དབང་ཤིན་ཏུ་འབྱོར་གྱུར་པས། །བྱང་ཆུབ་ལུང་བསྟན་བསྙེས་པའི་བློ། །སྒྲུབ་པའི་གཏེར་དེ་ཕྱི་མའོ། །སྲིད་པ་སྒྲུབ་པས་ཅི་ཞིག་རུང༌། །གཞན་ཕྱིར་མྱ་ངན་འདའ་འདོད་ན། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །སྤོབས་པའི་སྐུ་མཆོག་འདི་བསྒྲུབ་རིགས། །དེ་སྐད་རིགས་པར་སྨྲ་བའི་གཏམ། །འཇམ་དཔལ་རྡོ་རྗེ་རྣོན་པོའི་སྔགས། །སྙིང་ལ་བཅིངས་པའི་གཞོན་པ་ཡིས། །སྔ་ཐུན་གཅིག་ལ་མྱུར་དུ་བྲིས། །ཞེས་པའང་འཇིགས་མེད་བསྟན་པའི་རྒྱལ་མཚན་ཞེས་བྱ་བས་སྦྱར་བའོ།། །།


TN00_Page_032A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་བསྟོད་པ་དགེ་ལེགས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


TN00_Page_032B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །གང་དུ་འཁོར་ལོའི་མཚན་མངའ་ཞབས་སྐྱེས་གཟི། །ལི་ཁྲིའི་རྡུལ་ཚོགས་ལྷུང་བའི་འབབ་སྟེགས་དེར། །རབ་འབྱམས་ཐུབ་པའི་ཡིད་དང་བཀྲ་ཤིས་བསུང༌། །ལྷན་ཅིག་ལྡང་བ་དྲང་སྲོང་པདྨའི་ཞལ། །དེ་ཡི་རྗེས་ཕྱོགས་དད་པའི་རླུང་ཡབ་ཀྱིས། །ཉེ་བར་བོས་པའི་བརྗོད་འདོད་རླུང་ཤུགས་ནི། །བློ་གྲོས་འཁྲི་ཤིང་འདབ་མ་ལ་ཕོག་པས། །ཡིད་འོང་བསྟོད་པའི་མེ་ཏོག་ཅུང་ཟད་འཐོར། །སྙན་ངག་ནོར་གྱིས་དབུལ་བ་བདག་འདྲའི་ཚིག། མཁས་པའི་ཡི་གར་མཆི་སྙམ་མི་བགྱིད་དེ། །མགོན་ཁྱོད་ཡོན་ཏན་བརྗོད་པའི་དགའ་བ་དང༌། །འགྲོགས་ཕྱིར་མེ་ཏོག་ཆར་པའི་དཔེས་ཀྱང་བསྙད། །ཤིན་ཏུ་གཡོ་བ་སོས་ཀའི་དཔལ་འབྱོར་གྱིས། །འཁྱུད་པའི་ཁུ་བྱུག་


TN00_Page_033A
[མ་དཔེ་གཟིགས་ན་འདིར་གནོན།]

གླུས་ཀྱང་དགའ་སྐྱེད་ན། །ཀུན་ཏུ་བཟང་པོའི་ཕུན་ཚོགས་ཟ་མ་ཏོག །ཁྱོད་ཀྱི་གཏམ་ལ་སུ་ཞིག་ངོམས་པ་སྐྱེ། ཁྱོད་ལ་ལུས་ཅན་ཉེར་འཚོར་མ་བསྟབས་པའི། །ཕུན་ཚོགས་བུང་བའི་རྐང་རྡུལ་ཙམ་ཡོད་མིན། །དེ་ཕྱིར་ཁྱོད་ནི་མ་ལུས་འཇིག་རྟེན་གྱི། །བླ་ན་མེད་པའི་ཕན་འདོགས་ཞིང་དུ་མཐོང༌། །གང་ཕྱིར་ཁྱོད་ཀྱིས་མཐའ་དག་ལུས་ཅན་ལ། །རྒུད་པའི་ཁུར་ནི་གང་དང་གང་གཟིགས་པ། །དེ་དེ་ཉིད་ཀྱི་ནོངས་པ་བཞིན་དགོངས་པའི། །ཐུགས་རྗེའི་ཡུམ་གྱིས་དང་པོར་བསྐྲུན་པ་ལགས། །དེ་ལས་བདག་ཉིད་ཕན་བདེ་མི་ཟད་པའི། །གཏེར་དུ་མཛད་ནས་སྐྱེ་དགུའི་རེ་བ་ཀུན། །རྫོགས་པར་སྐོང་བའི་ཐུགས་བསྐྱེད་རིན་པོ་ཆེ། །དབང་ཕྱུག་ཁྱོད་ཀྱི་ཐོག་མའི་གདུང་


TN00_Page_033B
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལགས། ཁྱོད་ནི་རླབས་ཆེན་རིགས་ཀྱི་ཆེ་བའི་མཐུས། །ཐོས་སྒྲོགས་དཔའ་བོ་རྣམས་ཀྱང་སྐྲག་འགྱུར་བའི། །བརྟུལ་ཞུགས་བྱ་དཀའ་ཀུན་ལ་མ་ཞུམ་པར། །གཞལ་མེད་པས་ཀྱང་གཞལ་མེད་བསྐལ་བར་སྤྱད། །ལུས་ཅན་རྒུད་པའི་རྣམ་གྲངས་ཇི་སྙེད་པར། ཁྱོད་ཀྱིས་ལེགས་ཚོགས་ཚོལ་བ་ལྷུར་བླངས་ཏེ། །རྒྱུར་བཅས་རྒུད་པ་དེ་སྙེད་རྣམས་ཀྱིས་ཀྱང༌། ཁྱོད་ཀྱི་ཐབས་མཁས་ཚད་ལ་ཐུབ་མ་གྱུར། །དེ་ལྟར་འཇིག་རྟེན་ཀུན་དང་མི་མཉམ་པའི། །རྒྱུ་ཚོགས་ཕུལ་བྱུང་རྣམས་ལ་དབང་མཛད་ཕྱིར། །དཔེ་ཟླ་ས་གསུམ་འགྲོ་ནང་རྙེད་མིན་པའི། །ཡོན་ཏན་ཕུང་པོ་རྒྱ་ཆེན་བསྙེས་པ་ལགས། །གོ་འཕང་སྲིད་ཞིའི་བ་གམ་རྩེར་འཇོགས་ཀྱང༌། །ཐུགས་རྗེའི་སྤྱན་རས་མགོན་མེད་འགྲོར་ཆགས་ཏེ། །གཞན་ཕན་ཉིད་ཀྱི་གཙུག་ཏོར་རྒྱན་བཞེས་པ། །ཀྱེ་མའོ་ཁྱོད་ཀྱི་ཆོས་ཉིད་ཡ་མཚན་ལགས། ཁྱོད་ནི་མྱུ་གུའི་དུས་སུ་གཞན་གྱི་ཕྱིར། །སྐྱོ་དུབ་མེད་པར་ཕུན་ཚོགས་འབྲས་བུ་བསྒྲུབས། །དེ་རྙེད་ནས་ཀྱང་བདག་གི་འབྱོར་བ་ལ། །སྤྱོད་པའི་སློང་བ་ཚོལ་ཞིང་རྟག་ཏུ་བཞུགས། །མ་འདྲིས་མཛའ་བཤེས་འབྲེལ་བ་མེད་པའི་གཉེན། །ཕོངས་ལ་མ་བཅོལ་བཞིན་དུ་མགོན་མཛད་པ། །བྱམས་དང་སྡང་བ་སྙོམ་པའི་དགེ་སྦྱོང་གཙོ། ཁྱོད་ཀྱི་གཏམ་འདྲ་སུ་ཡི་རྣར་མི་འཇུག །གཏམ་འདི་པདྨའི་དཔལ་ལྟར་


TN00_Page_034A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་ཕྱིར། །ནམ་མཁའ་ཚད་ཀྱིས་འཇལ་འདྲའི་ཞིང་ཀུན་ཏུ། །མཁས་པའི་མགྲིན་པ་གཅིག་ནས་གཅིག་བརྒྱུད་དེ། །ཉམས་དང་འགྱུར་བ་སྟོང་གིས་རྩེ་ཞིང་རྒྱུ། །དཔག་བསམ་ནགས་ནི་བསུང་དང་མཚར་སྡུག་དང༌། །རོ་ལྡན་ཤིང་ཏོག་རྣམས་ཀྱིས་ཉམས་དགའ་ལྟར། ཁྱོད་ཀྱང་གྲགས་པའི་དྲི་དང་མཚན་དཔེ་དང༌། །གསུང་གི་དགའ་བ་རྣམས་ཀྱིས་བརྒྱན་པས་མཛེས།། ༈ ཁྱོད་ཀྱི་སྐུ་ནི་ཉི་མའི་ལང་ཚོ་བཞིན། །མཆོག་ཏུ་འབར་ཡང་སྐྱེ་བོའི་གདུངས་བྱེད་མིན། །རབ་གསལ་ན་ཚོད་ཚེས་པའི་ཟླ་འདྲ་ཡང༌། །མཛེས་དགུའི་ཡོན་ཏན་ཆ་ཤས་མ་གང་མིན། །ཞི་བའི་མཚར་སྡུག་པདྨ་ལ་འགྲན་ཡང༌། །རྟག་ཏུ་མི་ཟུམ་དཔེ་ལ་དེས་མི་ཕོད། །ཡངས་ཤིང་མཐོ་བ་ལྷུན་པོའི་ངོས་འདྲ་སྟེ། །གཟི་བརྗིད་རི་རབ་ལྷས་ཀྱང་བསྙེན་པར་དཀའ། །དྲང་ཞིང་རྒྱས་ལ་ཆུ་ཞེང་ཤིན་ཏུ་གབ། །འཇམ་མཉེན་བཙོ་མའི་གསེར་བཞིན་ཁ་དོག་འཕགས། །མ་རྙོང་དཀུ་སྐབས་ཕྱེད་ཅིང་ཡན་ལག་འཚམས། །ལན་བརྒྱར་བལྟས་ཀྱང་ཡིད་མིག་ངོམས་པ་མེད། །པད་རག་མེ་ལོང་ཕྱིས་འདྲར་གཙང་བའི་ཞལ། །དཀྱུས་རིང་ཟླ་བ་ཚེས་པའི་དབྱིབས་མངའ་ཞིང༌། །གནག་སྣུམ་བེ་ཌཱུར་འོད་ཆགས་སྨིན་མའི་དབུས། །དཀར་ཞིང་གཡས་འཁྱིལ་མཛོད་སྤུའི་ཐིག་ལེ་འཚེར། །གསལ་


TN00_Page_034B
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཆོག་ཏུ་བཀྲ་བ་འདབ་བརྒྱའི་སྤྱན། །རབ་ཞི་བསམ་གཏན་རོ་ཡིས་གང་བའི་ཉམས། །སེངྒེའི་གཟིགས་སྟངས་གང་དུ་བབས་པ་ཡང༌། །དགེ་ལེགས་ནོར་བུའི་ཆར་གྱིས་དཔལ་ལྡན་མཛད། །མདོག་ལེགས་རིམ་པར་འཚམས་ཤིང་མཐོ་བའི་རྒྱུད། །རབ་གཙང་དྲི་ཡི་ལོངས་སྤྱོད་བཟང་པོ་ཅན། །དེ་འདྲའི་ཤངས་ནི་མཁུར་ཚོས་ཟླ་བ་དང༌། །སོ་སོའི་མཛེས་སྡུག་རིགས་ཀྱིས་འགྲན་པ་འདྲ། །དམར་བའི་ཕུན་ཚོགས་བིམ་པ་ལ་འཕྱ་ཞིང༌། །སྟེང་འོག་ལེགས་པར་འཚམས་པའི་ཞལ་གྱི་སྒྲོས། །མི་གཡོ་ཡང་དག་འཇོག་བཞིན་གནས་པ་ན། །བརྟན་པའི་བརྗིད་བག་ཅིས་ཀྱང་འཕྲོགས་མི་འགྱུར། །དེ་ནི་ཆོས་སྟོན་དུས་སུ་གཡོ་འགྱུར་ཏེ། །ཚེམས་དཀར་ཆུ་ཤེལ་འོད་ཀྱི་འཆར་ནུབ་དང༌། །མཉེན་ཡངས་ལྗགས་དམར་འགྱུ་བའི་རོལ་རྩེད་ཀྱིས། །མཛེས་པ་བརྒྱ་འགྱུར་དུ་ནི་གསལ་ཞིང་འབར། །དྭངས་ཤིང་རྒྱས་པའི་ཟ་འགྲམ་ངོས་དག་ཏུ། །རང་འོད་མེ་ཏོག་ཕྲེང་བ་སྤེལ་མཁས་པ། །མཉམ་ཞིང་འཁྱིལ་ལེགས་མ་ཉམས་སྙན་གཉིས་ནི། །མཁའ་ཁྱབ་སྒྲ་དབྱངས་མཛེས་མར་རྟག་ཏུ་འཁྱུད། །མཐུ་ཆེན་དགེ་བའི་གཟི་འབར་གནས་གཙང་ལྷའི། །ཟུར་ཕུད་རིན་ཆེན་སྙེ་མར་དབང་བསྒྱུར་བ། ཁྱོད་ཞབས་འཁོར་ལོའི་དཔལ་གྱིས་མི་དབང་གི༌།རིན་ཆེན་


TN00_Page_035A
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་མཐུ་དཔལ་སྟོང་དུ་ཕམ། །ཆོས་དབྱིངས་ཁྱོན་ན་ལས་དང་ཡེ་ཤེས་ཀྱི། །སྒྱུ་མའི་རྣམ་འཕྲུལ་ཇི་སྙེད་འཆར་བ་ཀུན། ཁྱོད་སྐུའི་རྡུལ་ཆ་རེ་རེར་གཟུགས་བརྙན་བཞིན། །གསལ་རྫོགས་དབང་འབྱོར་ཕ་མཐའ་སུ་ཡིས་དཔོག །མཐོན་མཐིང་ལྕང་ལོའི་རྒྱན་གྱུར་གཙུག་ཏོར་རྩེ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་སྒྱུ་མ་ལྟའི། །ཏིང་འཛིན་སྤྲུལ་པའི་མེ་ཏོག་བསྟི་བསྟང་དང༌། །འགྲོགས་པའི་རྩེ་དགའ་སྐད་ཅིག་ཉམས་པ་མེད། ཁྱོད་ནི་སྐྱིལ་ཀྲུང་གཅིག་ལས་མ་བཞེངས་ཀྱང༌། །སྤྲུལ་པའི་སྤྲིན་དང་འོད་ཟེར་གློག་གི་ཕྲེང༌། །མཁའ་ལས་ཆོས་ཀྱི་འབྲུག་སྒྲ་རང་འབྱུང་སོགས། །ལྷུན་གྲུབ་རྣམ་འཕྲུལ་ཕྱོགས་བཅུ་ཁྱབ་པར་འཇུག །ཆོས་དཀར་ཕྱོགས་སུ་འབད་པ་བརྒྱ་ཡིས་ཀྱང༌། །བསྐྱོད་པར་དཀའ་བ་ཉེས་མང་གོམས་པའི་བློ། ཁྱོད་ཞལ་མཐོང་བ་ཙམ་ནས་བྱང་ཆུབ་ཆེར། །མི་འཕྲོགས་དགའ་བའི་གཞན་དབང་འགྱུར་བ་ལགས། །སུ་ཞིག་གཟུངས་སྤོབས་ཏིང་འཛིན་མངོན་ཤེས་སོགས། །གང་གང་མངོན་འདོད་གཙོ་བོ་ཁྱོད་དྲན་ན། །དེ་དེའི་རེ་བའི་འབྲས་བུ་དེ་དང་དེ། །འོད་མཛད་ཞལ་བཟང་མཐོང་མ་ཐག་ཏུ་འཐོབ། །ཀུན་བཟང་སྤྱོད་པའི་ངོ་མཚར་འབྱམས་ཀླས་པ། །མ་འདྲེས་རི་མོར་བྲིས་པ་ཁྱོད་ཀྱི་སྐུ། །འདི་ནི་རང་གི་ཚོགས་ལ་དྲིན་གཟོའི་ཆེད། །ལྷར་བཅས་མདུན་དུ་ཟུར་གྱིས་བསྟོད་པ་འདྲ། ༈ ཁྱོད་ནི་ཆོས་སྒྲོགས་པ་དང་མི་


TN00_Page_035B
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལ། །དགྱེས་པ་གདུལ་བའི་དུས་དང་དུས་མིན་གྱི། །མཚམས་ལས་མི་བརྒལ་ཡེ་ཤེས་རྗེས་འབྲང་སྟེ། །དེ་སླད་བཤད་པ་འབྲས་བུས་ལྕི་བ་ལགས། ཁྱོད་གསུང་གེ་སར་ནགས་ལས་ཉིན་རེ་བཞིན། །མཐོ་རིས་འདོད་པའི་བུང་བ་འབུམ་སྙེད་དག །དཀར་པོའི་ལྟ་སྤྱོད་བསམ་གཏན་སྦྲང་རྩིའི་ཕྲེང༌། །གུས་པའི་རྒད་པ་ལ་ཐོབ་རབ་དགའ་སྒྲོགས། །རེ་བའི་མིག་འབུར་ཐར་པ་ལ་གཏོད་ཅིང༌། ཁྱོད་གསུང་ཟིལ་པའི་རྡུལ་ཆས་ངོམས་རྣམས་ནི། །མཆོག་ཏུ་གྱ་ནོམ་རྡུལ་བྲལ་ཡང་དག་མཐའི། །ལྡིང་ཁང་མཐོ་ལ་ངལ་འཚོ་རྣམ་པར་སྟེན། །རིགས་དང་དབང་པོ་ཡོངས་འཛིན་རླབས་ཆེ་བའི། །བརྟན་པ་རྣམས་ཀྱིས་རྨད་བྱུང་སྤྱོད་པའི་ཁུར། །དུས་མང་ཁྱེར་བའང་མགོན་པོ་ཁྱོད་ཀྱི་བཀའི། །མཆོག་གི་རྣམ་འཕྲུལ་རྫོགས་པར་བལྟ་སླད་ལགས། །སྤྲོས་བྲལ་དབྱིངས་དང་རྟེན་འབྱུང་སྣང་བ་ནི། །རོ་གཅིག་ཚུལ་འདི་ཁྱོད་གསུང་དགོངས་པའི་གཏིང༌། །ཟབ་པ་ལགས་ཏེ་དེ་དང་མཚུངས་སྦྱོར་བའི། །བློ་ཅན་རྒྱལ་ལས་གཉིས་པ་གཞན་ཡོད་མིན། །མ་ལུས་ཐ་སྙད་སྤྲོས་པའི་ཚོན་རིས་དང༌། །ཆོས་རྒྱལ་རྣམས་ཀྱི་དབང་ཕྱུག་ཆེན་པོའི་སྐུ། །དེ་འདྲར་རབ་ཡངས་ས་དང་ཕར་ཕྱིན་གྱི། །སྤྱོད་པ་རྒྱ་མཚོའི་སྣོད་ཀྱང་ཁྱོད་ཀྱི་གསུང༌། ཁྱོད་ནི་ཁམས་དང་མོས་དབང་སྣ་ཚོགས་པའི། །འཁོར་མང་ནང་དུ་དབྱངས་གཅིག་བསྒྲགས་


TN00_Page_036A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། །སོ་སོའི་སྐལ་བ་ཇི་བཞིན་ལེགས་འཚམས་པར། །གདམས་པའི་རོ་ནི་དུ་མར་སྣང་བ་ལགས། ཁྱོད་ཀྱིས་ཆོས་བསྟན་རབ་མཐའ་གང་ལགས་ཀྱང༌། །འདུལ་བའི་དགོས་པ་ལ་ལྟོས་ཚང་བ་དང༌། །མ་ནོར་རིམ་པར་འོས་ཤིང་རྒྱས་བསྡུས་འཚམས། །ཟབ་མོའི་གནས་ཀྱང་ས་ལེར་སྟོན་པ་ལགས། །དེ་བཞིན་ཁྱོད་ནི་གང་གང་གཏམ་མཛད་པ། །བརྗིད་ཅིང་རབ་སྙན་འཐད་པའི་རྒྱན་དང་ལྡན། །མང་ཡང་མཐའ་དག་བཟང་ལ་བརླིང་བ་དང༌། །བསྡུས་ཀྱང་དོན་མང་གསལ་བ་ཁོ་ནའང་ལགས། །གནང་བཀག་དྲང་ངེས་མི་འདྲ་མང་བསྟན་ཀྱང༌། །མི་འགལ་ཕན་ཚུན་གྲོགས་སུ་འགྲོ་བ་སྟེ། །གཏིང་མཐའ་བློ་ཆེན་གྱིས་ཀྱང་དཔོག་དཀའ་ལ། །ཤེས་རབ་ཆུང་ལའང་དགའ་བ་མི་སྐྱེད་མིན། །གདངས་སྙན་རྒྱུན་ཆགས་ཟབ་ཅིང་བརྟན་པར་གྲགས། །འཁོར་གྱི་མུ་ཚོད་ཅུང་ཟད་མི་འདའ་ཞིང༌། །འདུལ་བའི་དཀྱིལ་འཁོར་གདུགས་བཞིན་བསིལ་བར་ཁེབས། །ཆོ་འཕྲུལ་རྒྱ་ཆེན་དུ་མས་བརྗིད་པ་ལགས། །འགྲོ་སེམས་ལོག་པའི་ཡུལ་ལ་གཡོ་བའི་དུག །དྲག་པོའི་ཤུགས་ཀྱིས་འཕྱུར་ཞིང་འོང་བ་ཡང༌། ཁྱོད་གསུང་དྲི་ཟའི་རྒྱུད་མངས་སྒྲས་བཀུག་སྟེ། །རྩེ་གཅིག་ཆོས་ལྡན་ལྟད་མོ་ལ་ཆགས་འགྱུར། །ལྷར་བཅས་འཇིག་རྟེན་མྱ་ངན་འདས་དབྱིངས་སུ། །རྒྱུ་བའི་ལམ་ཆད་ཡུན་རིང་ལོན་པ་ན། །


TN00_Page_036B
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་མཛད་སྨྲ་བ་ཟླ་མེད་ཁྱོད་བྱུང་སྟེ། །ལམ་དེ་ཤིང་རྟ་ཆེན་པོའི་སྲོལ་བཞིན་བཏོད། །སློབ་མའི་ཚོགས་སྟུག་བསམ་ཡས་སྲས་མངའ་བ། ཁྱོད་ནི་ནམ་ཞིག་ཞི་ལ་མནལ་བ་ནའང༌། །གསུང་གི་ལྷ་མོ་སྒྱུ་རྩལ་དཔག་མེད་འདི། །རྗེས་དྲན་སྒོ་ནི་རབ་འབྱམས་ཞིང་དུ་རྟ༌།སྟོན་མཚན་མཁའ་ལ་གཟའ་སྐར་རྒྱུ་བ་རྣམས། །དང་བའི་ཆུ་ནང་མིག་བཀོད་ཤེས་པ་བཞིན། ཁྱོད་ཀྱི་སྒྲིབ་མེད་མཁྱེན་བརྩེ་ཐབས་བཅས་པ། །གསུང་གི་འབྱོར་བ་འདི་ལས་ངེས་པ་ལགས། །འོད་མཛད་འགྲོ་བ་རྗེས་འཛིན་ཀུན་དགའི་སྐུར། །དཔག་བསམ་འབྱོར་པའི་སྒོ་ནས་ཆ་ཙམ་ཞིག །བསྟོད་པའི་དགེ་བས་སྐྱེ་ཞིང་སྐྱེ་བ་ཀུན། ཁྱོད་བསྟོད་མེ་ཏོག་ཕྲེང་རྒྱུད་དབང་པོར་ཤོག །ཚེ་འདི་ཁོ་ནར་སངས་རྒྱས་མི་མཐོང་བའི། །ལས་ཀྱི་མཚན་མོ་ཟད་པའི་ཐུན་མཚམས་ནི། །དྲང་སྲོང་འཛུམ་འོད་འཆར་ཀའི་གཟི་དམར་གྱིས། །མཛེས་པར་འཆིང་བའི་གོ་སྐབས་མཐོང་གྱུར་ཅིག །དེ་མཐུས་གྲངས་མེད་རྒྱལ་བའི་ཞལ་གྱི་སྒོར། །མངོན་སུམ་རྣ་བའི་སྙིམ་པ་ལེགས་བཏུད་དེ། །ཉིན་རེ་ཐེག་མཆོག་གདམས་པའི་བཏུང་བ་ནི། །རྒྱ་མཚོས་ཆུ་ཀླུང་སྡུད་འདྲ་འཐུང་བར་ཤོག །ལེགས་བཤད་ཤིང་རྒྱལ་བསྙེན་བཀུར་བྱ་ཕྱིར་ནི། །ལུས་སྲོག་བདུག་སྤོས་བཞིན་དུ་ཡལ་གྱུར་ཀྱང༌། །ཞུམ་པ་སྤང་བའི་ཤུགས་དྲག་སྙིང་སྟོབས་ཀྱིས། །བསྐལ་པའི་


TN00_Page_037A
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བགྲང་ལས་འདའ་གྱུར་ཅིག །དེ་ལས་ཁྱོད་ཀྱིས་མཆོག་ཏུ་ཕྲ་བའི་སྐུ། །ཐུན་མོང་མིན་པའི་ལོངས་སྤྱོད་རོལ་པ་ཅན། །བདེ་འབྱུང་མགོ་བོར་ཟླ་ཚེས་བཞིན་ཐོབ་ནས། །བསམ་གྱིས་མི་ཁྱབ་ཐོས་པའི་མཛོད་འཕེལ་ཤོག །སླར་ཡང་གཞོན་ནུའི་ས་ལ་ཞི་མཐའ་ལས། །བརྩེ་ཆེན་གདམས་པའི་ཕྱག་གིས་ཡོངས་བཟུང་བས། །ཐབས་ཤེས་རྟོགས་པའི་ན་ཚོད་ཆེར་རྫོགས་ནས། །དབང་བསྐུར་ནོར་བུའི་ཅོད་པན་ནོད་པར་ཤོག །སྙིང་གི་བུམ་པར་ཁྱོད་གསུང་བདུད་རྩིའི་རྒྱུན། །བསམ་བྱུང་སྐྱ་བས་ལེགས་པར་བསྲུངས་པ་ལས། །མཐའ་བྲལ་ལྟ་བ་སྙིང་རྗེའི་གསེར་མདངས་དང༌། །མི་ཕྱེད་བཅུད་ཀྱི་གོང་བུར་འདྲིལ་བར་ཤོག །ཚུལ་དེ་རྒྱ་ཆེན་སྤྱོད་པའི་རྒྱན་ལྡན་པར། །བརྩོན་པ་དྲག་པོས་བར་མེད་བསྐྱེད་བསྲིངས་བས། །ཤིན་སྦྱངས་དགའ་བ་མི་མཉམ་སྟེར་བྱེད་པའི། །ཤེར་ཕྱིན་མཛེས་མའི་བྲང་ལ་སེན་འདེབས་ཤོག་ཁྱོད་ཀྱིས་མོས་སྤྱོད་ཡོན་ཏན་སྒྲུབ་པའི་སྒོ། །རབ་མཆོག་ལགས་པར་གཟིགས་པའི་ཐབས་མཁས་ཚུལ། །མ་ལུས་བདེ་བླག་ཉིད་དུ་ཡོངས་གྲུབ་ནས། །ཆོས་མཆོག་ཟུར་ཕུད་སྤོ་ལ་ཕྱིན་པར་ཤོག །དེ་ནས་གཉིས་སྣང་སྤྲོས་པའི་ན་བུན་རྡུལ། །གནས་ལུགས་ནམ་མཁར་དག་པའི་རྗེས་ཐོགས་སུ། །ཟབ་ཅིང་རྒྱ་ཆེའི་སྣང་བ་


TN00_Page_037B
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ཀྱིས། །ཆོས་དབྱིངས་ངོས་ཀུན་ཐིག་ལེ་འགོད་གྱུར་ཅིག །ས་དང་ས་ལ་རྣམ་པ་ཐ་དད་པའི། །ཚོགས་ཀྱི་དགའ་སྟོན་གསར་པ་ལ་རྩེ་ཞིང༌། །རློམ་སེམས་བྲལ་བ་སྒྱུ་མའི་མི་ལྟ་བུས། །རྫོགས་སྨིན་སྦྱང་གསུམ་ཕ་མཐར་རྒལ་བར་ཤོག །རྟག་ཏུ་མགོན་ཁྱོད་བཀའ་ཡི་སྤྲིང་ཡིག་ནི། །བརྩེ་བའི་ལག་རྩེར་ཐོགས་ནས་ཡིད་ཅན་ལ། །ཀློག་པའི་ལས་ཀྱིས་ཅུང་ཟད་མི་དུབ་པར། །ཞིང་ཁམས་རྒྱ་མཚོའི་ཐ་གྲུ་ཉུལ་བར་ཤོག །གསུང་རབ་མ་ལུས་གཞན་དྲིང་མི་འཇོག་པར། །དྲང་སྲོང་དགོངས་པའི་ཐེག་ལམ་ཉག་གཅིག་ནས། །འགྲེལ་བྱེད་ངག་གི་བ་དན་བྱེ་བ་བརྒྱས། །རྒྱལ་བསྟན་ཁང་པ་རྣམ་པར་བརྒྱན་བྱེད་ཤོག །སྒྲུབ་དང་སུན་འབྱིན་སྦྱོར་བ་རྣོན་པོ་ཡིས། །ས་སྟེང་ལོག་པར་སྨྲ་བའི་དུག་འཕྲོགས་ཤིང༌། །མི་བཟློག་རིགས་པའི་གཟི་བྱིན་རྒྱ་ཆེ་བས། །མཁས་པའི་ཡིད་ལ་སྨིན་པ་སྦྱིན་གྱུར་ཅིག །བདག་གི་སྙན་ངག་སྡེབས་ལེགས་ཕུང་པོ་ནི། །གྲགས་པའི་ཕོ་ཉས་དུས་གསུམ་མི་ངལ་བར། །ཕྱོགས་ཀྱི་བུ་མོའི་རྣ་ལུང་ལ་རྒྱུད་ཅིང༌། །ཐུབ་རྣམས་ཁ་ལ་རྫོགས་ལྡན་འགུགས་གྱུར་ཅིག །སངས་རྒྱས་ཆོས་སྨྲ་འཇིག་རྟེན་རྒྱན་བྱེད་རྣམས། །རྩོད་དུས་འཇིགས་པ་བརྒྱ་ཡིས་གཙེ་བ་ན། །མཐུ་སྟོབས་རྡོ་རྗེ་གདེངས་པའི་བརྗིད་ཟིལ་གྱིས། །སྲུང་བའི་དཔའ་བོ་མཆོག་ཏུ་བདག་འགྱུར་ཤོག །མདོར་ན་སྲིད་ཞིའི་


TN00_Page_038A
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཚོགས་ཀུན་གྱི་གཞི། །རྒྱལ་བའི་ཆོས་ཚུལ་ཉན་དང་སྒྲུབ་པ་དང༌། །སྟོན་པའི་སྨོན་ལམ་ཡིད་བཞིན་རྩལ་རྫོགས་ནས། །ཆོས་ཀྱི་དབང་ཕྱུག་ཁྱོད་བཞིན་འགྱུར་བར་ཤོག །རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་བསྟོད་པ་དགེ་ལེགས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་མདོ་སྨད་རྡོ་རོལ་གྱི་ཕྲེང་རྒྱུད་མཁན་པོ་ཉི་མ་དཔལ་གྱིས་བི་ཛ་ཡ་ཞེས་པ་ཤིང་ལུག་ཁྲུམ་ཟླའི་དཀར་ཕྱོགས་དྲང་སྲོང་རི་ཥིའི་དཀྱིལ་འཁོར་འཆི་མེད་ཀྱི་བཏུང་བ་འགྱེད་པའི་དུས་སུ་གསེར་ལྗོངས་པདྨོ་བཀོད་པའི་སྤྱིལ་སྦུགས་སུ་སྦྱར་བ་བསམ་དོན་འགྲུབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །།བཀྲ་ཤིས་པདྨ་རྒྱས་པའི་ཡིད་འོང་ཞལ། །ཚངས་དབྱངས་སྦྲང་རྩིའི་དོག་པ་རིང་པོ་ཅན། །ཐུབ་རྣམས་ཡིད་ཀྱི་བུང་བ་ཆགས་བྱེད་པའི། །འོད་མཛད་སྣང་བ་དཔག་མེད་ཁྱོད་ཕྱག་འཚལ། ཁྱོད་ཀྱི་རབ་དཀར་གྲགས་པའི་ཡི་གེ་ནི། །རབ་འབྱམས་ཞིང་གི་རྒྱལ་བས་ལན་མང་དུ། །མཁས་པའི་ཚོགས་སུ་དབྱངས་ཀྱིས་གསལ་མཛད་པས། །ལྷ་དང་མི་རྣམས་ཉིན་བཞིན་ཁ་ཏོན་བྱེད། །དེ་ལྟར་རབ་མང་འགྲོ་བའི་ཐོར་ཅོག་རྩེ། །གཟི་ལྡན་མཚན་གྱི་ཞགས་པས་ཉེར་དྲངས་ཏེ། །རང་གི་ཞབས་རྡུལ་གུར་གུམ་ཐིག་ལེ་ཡིས། །དཔལ་འབར་བགྱིས་པའི་ཞིང་དུ་རྩེ་བར་མཛད། ཁྱོད་ཀྱི་མཚན་ཙམ་གུས་པས་ཀློག་པ་རྣམས། །བསམ་ཡས་


TN00_Page_038B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱིས་བསྐལ་པའི་ཕྱོགས་གནས་ཀྱང༌། །མཐུ་སྟོབས་ཐོགས་མེད་འོད་ཟེར་ཕྲེང་ཚོགས་ཀྱིས། །པདྨ་ཉི་ཤར་བཞིན་དུ་སྨིན་པར་འགྱུར། །བསོད་ནམས་མཐར་སོན་ཁྱོད་ལ་བལྟ་བ་ན། །མཛེས་སྡུག་འཇིག་རྟེན་གསུམ་ན་དཔེ་མེད་དང༌། །ཤིས་དགུའི་མཆོག་སྟེར་མཐུ་ཡི་ཁྱད་པར་གྱིས། །དང་པོར་མིག་དང་ཡིད་ལ་ཚིམ་པ་སྐྱེད། །དེ་ནས་ཡེ་ཤེས་བཅུད་ཀྱིས་རྒྱས་པའི་ཞལ། །ཕན་དང་བདེན་པའི་དོན་ལྡན་ལེགས་བཤད་དབྱངས། །སྔོན་མེད་ཆོ་འཕྲུལ་བརྒྱ་ཡི་རྒྱན་བཅས་ཏེ། །སྤྲོ་བས་ཡིད་དང་རྣ་བ་ཆེར་སིམ་མཛད། །རྨོངས་པ་མཚན་མོའི་སྨག་གིས་ཐོག་མེད་ནས། །སྐལ་ངན་བགྱིས་པའི་ཡིད་ཀྱང་ཁྱོད་གསུང་མཐུས། །ཚུལ་བཞིན་སེམས་པའི་འོད་ཀྱིས་སྐྱ་གྱུར་ནས། །ཡེ་ཤེས་ལི་ཁྲིའི་སྣང་བ་རིམ་གྱིས་རྩོམ། ཁྱོད་ཀྱི་ཆོས་སྐུ་ཤིན་ཏུ་ཡོངས་དག་པ། །ཟབ་མོ་སོ་སོ་རང་གིས་རིག་བྱ་བའང༌། །ཚུལ་འདིས་འགྲོ་ལ་ལྷང་ངེར་བསྟན་མཛད་ཕྱིར། །གསུང་གི་རྣམ་འཕྲུལ་བསམ་མི་ཁྱབ་པ་ལགས། །སྲིད་ཞིའི་ཕུན་ཚོགས་འདབ་མའི་ཆ་རྫོགས་པ། ཁྱོད་གསུང་དཔག་བསམ་སྡོང་པོ་འདི་སྐྱེས་པས། །མ་ལུས་ཆོས་དབྱིངས་མཛེས་མ་སྟོན་དུས་ཀྱི། །ཟླ་ཟེར་སྤུ་ལོང་ལྟ་བུའི་དགའ་བ་འཛིན། །དེ་ལྟའི་ཡ་མཚན་འོད་ཀྱི་རྩེ་དགར་བཅས། །ཚོགས་གཉིས་རྟ་མཆོག་


TN00_Page_039A
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པའི་ཤིང་རྟ་ཡིས། །བསྐལ་མང་གླིང་གི་འཁོར་ལོ་འཇལ་བྱེད་ཕྱིར། ཁྱོད་ནི་ཚེ་དཔག་མེད་ཀྱི་ཉི་མ་ལགས། །སྒྱུ་མའི་སྤྲོས་པ་ཀུན་གྱི་དེ་ཁོ་ན། ཁྱོད་ལ་གཡོགས་པ་ཀུན་དང་བྲལ་བའི་ཕྱིར། །མཐའ་དག་ཤེས་བྱའི་ནམ་མཁའི་སྐད་ཅིག་རེར། །ཡེ་ཤེས་འོད་ཀྱིས་འགེངས་པའི་དབང་ཕྱུག་མངའ། ཁྱོད་ཀྱི་མཁྱེན་པ་གདུལ་བྱའི་ཁམས་དབང་དང༌། །འདུལ་བའི་ཐབས་དང་དུས་ལ་ཐོགས་མེད་ཅིང༌། །ཐུགས་རྗེ་ཆེན་པོས་རང་གིས་ཕུན་ཚོགས་ཀུན། །གཞན་ཕྱིར་བསྐལ་པ་དུ་མར་བྱིན་བརླབས་པ། །དེ་ཕྱིར་འོད་བཟང་ཉི་མའི་དཀྱིལ་འཁོར་ནི། །གཅིག་པུས་ཕྱོགས་བཞིའི་ནམ་མཁའ་རྒྱན་བྱེད་ལྟར། །མཛད་པ་གཞན་གྱི་དྲིང་ལ་མི་འཇོག་པར། །གདུལ་བྱའི་ཡུལ་ལ་མཉམ་པར་འཇུག་པ་ལགས། །དེ་སྐད་བློ་ཆུང་ཤིང་གི་པི་ཝཾ་ཁོག །རྩེ་གཅིག་དང་བའི་རྒྱུད་ཅན་བསྐུལ་བའི་སྒྲས། ཁྱོད་མཆོད་བསོད་ནམས་ཟླ་བའི་དུམ་བུ་ལྟས། །འགྲོ་ཀུན་ཚེ་དཔག་མེད་ཀྱི་གནས་རྙེད་ཤོ༌།བསྟན་པའི་ཉི་མས་གུས་པ་ཆེན་པོས་ཕྱག་དང་བཅས་ཏེ་ཕུལ། ༈ །སངས་རྒྱས་མཚན་ཐོས་ཙམ་ཡང་བསྐལ་མང་དུ། །ཨུ་དུམ་ཝ་རའི་མེ་ཏོག་བཞིན་དཀོན་ཕྱིར། །ཕུལ་བྱུང་བསོད་ནམས་ཞིང་འདིར་སྙན་དངགས་ཀྱི། །ས་བོན་བག་ཙམ་འདེབས་ལ་སྤྲོ་བ་


TN00_Page_039B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། །མཐོང་བས་དགའ་སྦྱིན་བུམ་པ་བཟང་པོའི་མཆོག །ཐོས་པས་སྡིག་འཕྲོག་གདུང་སེལ་རི་བོང་ཅན། །ཡིད་ལ་དྲན་པ་ཡིས་ཀྱང་ལེགས་དགུའི་ནོར། །སྦྱིན་མཛད་ཆོས་ཀྱི་རྒྱལ་པོ་འོད་དཔག་མེད། ཁྱེད་ནི་འཁོར་བ་མི་གཙང་འདམ་རྫབ་ལ། །ལྷག་པར་དམིགས་པའི་བརྩེ་ཆེན་སྡོང་བུ་ལས། །ཟབ་ཅིང་རྒྱ་ཆེའི་ཡོན་ཏན་འདབ་མ་བརྒྱ། །གྲོལ་ནས་ཚངས་ཆེན་རལ་པའི་ཏོག་ཏུ་འཕགས། ཁྱོད་ཀྱི་ཞལ་བཟང་པདྨའི་མཆོག་ལྟར་མཛེས། །གེ་སར་སྦུབས་ལས་ཆོས་སྒྲའི་དྲི་བསུང་འཕྲོ། །དེ་ནི་མཚན་དཔེའི་ཡལ་ག་རབ་རྫོགས་པའི། །དཔག་བསམ་སྐུ་ཡི་ཆ་ཤས་ཁོ་ནར་འཚམས། །ཚངས་པའི་ང་རོ་ཞི་བའི་དོན་སྟོན་པ། །ཆོ་འཕྲུལ་བརྒྱ་དང་ལྷན་ཅིག་མཐོར་སྒྲོགས་པས། །གདུལ་བྱའི་སྙིང་ལ་རིང་ནས་འདྲིས་པའི་མུན། །འདོད་ལྷའི་དགའ་བ་དག་དང་ལྷན་ཅིག་འཕྲོག །མཁྱེན་པས་ཤེས་བྱའི་དཀྱིལ་འཁོར་དུས་གཅིག་ཁྱབ། །ཐུགས་རྗེས་མ་ལུས་འགྲོ་ལ་གཅིག་ཏུ་འཁྱུད། །མཁྱེན་དང་བརྩེ་བས་སྲིད་ཞིའི་རྒུད་པ་ཀུན། །ཅིག་ཆར་འགོག་པའི་སྤྱོད་ཡུལ་ཁྱེད་ཀྱིས་བསྙེས། །སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཇི་སྙེད་པ། །གཅིག་ཏུ་བཟང་བ་ཛམྦུའི་གསེར་འདྲ་ལ། །ཀུན་ཀྱང་འགྲོ་བའི་ཉེར་འཚོར་རྟག་འཇུག་པའི། །སྐྱབས་འོས་ཁྱོད་ལ་སྙིང་ནས་སྐྱབས་


TN00_Page_040A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཆི། །དེང་ནས་སྐྱེ་བ་ཀུན་ཏུ་ཁྱོད་ཞབས་རྡུལ། །རལ་པའི་ཅོད་པན་རྩེ་མོར་མ་འབྲལ་ཞིང༌། ཁྱོད་གསུང་བདུད་རྩིས་ཡིད་ཀྱི་ཨུཏྤལ་ལ། །དགོད་པའི་ལང་ཚོ་མི་རྙིང་ཐོབ་གྱུར་ཅིག །འོད་མཛད་བརྒྱ་བྱིན་ཐོགས་པའི་ནོར་བུའི་གཟིས། །བརྗིད་འབར་བློ་ཡི་མིག་སྟོང་ཐིག་ལེ་ཅན། ཁྲོས་པའི་བརྒལ་བརྟགས་རྩེ་བརྒྱའི་མཚོན་འཕངས་པས། །ཕས་རྒོལ་ལྟ་མིན་རྣམ་པར་འཐོར་བྱེད་ཤོག །ཆེར་སྙིགས་དུས་ཀྱི་རྒྱ་མཚོར་དྲང་སྲོང་ཆེའི། །གསུང་རབ་རིན་ཆེན་འཛིན་མ་བྱིང་བ་ན། །བློ་དང་བརྩོན་པའི་ཤུགས་ཀྱིས་འདེགས་བཟོད་པའི། །པད་དཀར་མིག་བཟང་འཇུག་པར་བདག་འགྱུར་ཤོག་ཁྱོད་ཀྱིས་ལེགས་གསུངས་རིག་སྔགས་འདོན་བྱེད་ཅིང༌། །དེ་དོན་ཚང་ལ་མ་ནོར་སྒྲུབ་པ་ཡི། །ནན་ཏན་མེ་ཏོག་ཉིན་བཞིན་འབུལ་བ་ཡིས། །རྒྱལ་རྣམས་དགྱེས་སྐྱེད་དྲང་སྲོང་གཙོ་བོར་ཤོག །དེ་སྐད་ནགས་དང་ནགས་འདབ་ན། །དབྱངས་སྙན་སྒྲོག་པའི་ཁུ་བྱུག་སྤུན། །བསྟན་པའི་ཉི་མར་མིང་བརྗོད་པས། ཁྲུམ་ཟླའི་ཚེས་བཅུར་གླུ་རུ་བླངས།། །།


TN00_Page_041A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་འཇིག་རྟེན་དབང་ཕྱུག་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་སྐུར་བཞེངས་ཏེ། །སྣ་ཚོགས་ཞིང་དུ་གདུལ་བྱའི་མོས་པ་བཞིན། །རྣམ་པ་མང་པོའི་མཛད་པས་རྣམ་རོལ་པ། །འགྲོ་བའི་གཉེན་གཅིག་རྗེ་བཙུན་སྤྱན་རས་གཟིགས། །ཀུན་རྟོག་ཚོན་བརྒྱས་བཀྲ་བའི་རང་སེམས་ཀྱི། ཁང་བརྩེགས་ཡངས་པར་བཟླས་བརྗོད་རོལ་མོ་འཁྲོལ། །དད་པའི་མཆོད་ཡོན་སྦྲེང་ཞིང་སྤྱན་འདྲེན་ན། །ཐུགས་རྗེ་ཤིང་རྟའི་ཁ་ལོ་ཕྱོགས་འདིར་སྒྱུར། །ཡེ་ཤེས་ཙམ་ལས་རང་ཤར་སྒྱུ་འདྲའི་གཟུགས། །ཐུགས་བསྐྱེད་ཙམ་གྱིས་གདུལ་བྱའི་མདུན་ན་བཞུགས། ཁྱོད་ཀྱི་གཤེགས་བཞུད་འབད་ལ་ལྟོས་མིན་པས། །ཆུ་ནང་ཟླ་ཤར་ལྟ་བུར་བལྟ་བར་བགྱི། །སྡིག་དང་ཉོན་མོངས་དུ་མའི་ཕྱགས་དར་གྱིས། །གང་བའི་ཡིད་འདི་མཛེས་པར་མི་སྣང་ཡང༌། །ཆགས་བྲལ་གཙོ་བོ་ཁྱོད་ལ་སྲིད་ཞི་གཉིས། །མཉམ་པ་ལགས་ཀྱིས་རང་གི་ཁབ་བཞིན་དགོངས། ཁྱོད་ཀྱིས་དགོངས་ན་བདག་འདྲའི་ཤེས་རྒྱུད་ཀྱང༌། །འོག་མིན་གཙང་མའི་ཁྱིམ་ལྟར་འགྱུར་དུ་རེ། །གང་ཕྱིར་མནར་མེད་མེ་ཡི་འོབས་ནང་ཡང༌། ཁྱོད་ཞབས་རེག་པས་མེ་ཏོག་མཚོ་གླིང་འགྱུར། །སྲིད་པའི་འབྲོག་དགོན་ཉམ་ང་འཇིགས་རུང་དུ། །སྡིག་པའི་ཆང་འཐུང་གོམ་ཚུགས་འཁྱོར་བ་བདག །ད་གདོད་འཕགས་


TN00_Page_041B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མགྲོན་པོ་ཁྱོད་ཐོས་ཏེ། །ཡིག་དྲུག་ཆོས་ཀྱི་བཞི་མདོར་དུས་ཤིག་འདེབས། །དངོས་གྲུབ་སློང་བ་ཚོལ་བའི་མགོན་ཁྱོད་དང༌། །སངས་རྒྱས་མཐོང་ལ་སྒོམ་པའི་གུས་ལྡན་བདག །རིག་སྔགས་ལམ་སྲང་གཅིག་ཏུ་འཛོམ་དུས་འདིར། །མཐོང་དཀའི་ཞལ་བཟང་གསལ་བར་བསྟན་དུ་གསོལ། །གང་ཚེ་བདག་ཅག་རིག་སྔགས་རྒྱལ་མོའི་ཤིང༌། །ཡི་གེའི་ཡལ་འདབ་བཏུད་པ་ལ་འཇུ་ཚེ། །འཇིག་རྟེན་ཡབ་ཁྱོད་ཐུགས་རྗེའི་ཕྱག་རྐྱོང་ལ། །དངོས་གྲུབ་འབྲས་བུའི་ཁྱད་པར་བཟང་མང་སྩོལ། །འཁོར་བ་རྒྱ་མཚོའི་འགྲམ་དུ་རིག་སྔགས་གྲུ། །སྒྱུར་ལེགས་བཤམས་ནས་ཕ་རོལ་ས་འགྲོ་ཞེས། །དུས་དྲུག་སྒྲོག་ཁྱོད་རེ་བའི་ཡུལ་བྱས་ཏེ། །གྲུར་ཞུགས་བདག་ཅག་མྱུར་བར་བསྒྲལ་དུ་གསོལ། །དམན་དང་ཕོངས་པ་ལྷག་པར་རྗེས་འཛིན་ཕྱིར། །རྒྱལ་རྣམས་ཁྱོད་ལ་སྙིང་རྗེའི་གཏེར་དུ་བསྔགས། །བདག་འདྲ་སྐལ་བ་དམན་པས་མི་སྒྲོལ་ན། །དེ་ལྟར་བསྔགས་པའི་བདེན་པ་གང་དུ་སོང༌། །དམ་ཆོས་རིན་ཆེན་གླིང་ནས་ལེགས་བརྟགས་ཏེ། །རིག་སྔགས་ཡིད་བཞིན་ནོར་བུའི་རྒྱལ་པོ་བླངས། །ངལ་བརྒྱས་མཆོད་ཀྱང་དགོས་པ་མ་གྲུབ་ན། །དོན་མཐུན་གྲོགས་མང་ནང་དུ་ངོ་ཡང་ཚ། །འོན་ཏེ་དྲང་སྲོང་རྣམས་ཀྱང་རྒྱལ་པོའི་སྲིད། །ཉི་ཚེས་དཀའ་ཐུབ་དགོས་པ་གྲུབ་པར་སེམས། །


TN00_Page_042A
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྒྱལ་སྲིད་འཁོར་ལོ་རིན་ཆེན་ལྟའི། །རིག་སྔགས་ལག་རྩེར་འོངས་ན་སྨོས་ཅི་འཚལ། །བཀླག་གྲུབ་སྔགས་འདི་གཟུང་སླ་ཡི་གེ་ཉུང༌། །དོན་ཚུལ་ཕྱེ་ན་ཆོས་དབྱིངས་ཁྱོན་ལྟར་ཡང༌། ཁྱོད་དང་གྲངས་མེད་རྒྱལ་བའང་འདི་ན་བཞུགས། །སངས་རྒྱས་མཛད་པའི་སྤྲིན་ཡང་འདི་ལས་འབྱུང༌། །ཟབ་དོན་རོ་བརྒྱ་ལྡན་པའི་ལ་དུ་འདི། །ཤེས་རབ་སོ་རྩེ་རྣོན་པོས་ལེགས་བལྡད་དེ། །ཏིང་འཛིན་ལྕེ་ཡིས་ཡང་དང་ཡང་མྱང་བ། །དེ་དག་བདུད་རྩིའི་བྲོ་བ་རིམ་གྱིས་ཤེས། ཁྱོད་ལས་རིག་སྔགས་བདུད་རྩི་འདི་བཞེས་ཏེ། །སྟོབས་བཅུའི་རྩལ་རྫོགས་གངྒཱའི་བྱེ་སྙེད་ཀྱང༌། །དཀོན་མཆོག་ཆོས་འདིར་བྱས་པ་གཟོ་སླད་དུ། །སུ་ཞིག་ཟློས་བརྩོན་དེ་ལ་མཆོག་སྦྱིན་མཛད། །གང་ལ་རྒྱལ་རྣམས་ཡེ་ཤེས་རྗེས་འབྲང་བའི། །ཐུགས་རྗེ་ཆེན་པོ་མིང་གི་རྗེས་དྲན་སྒོར། །རྣམ་པར་འཕྲུལ་འདི་མཁའ་ཁྱབ་རྒྱལ་བའི་སྤྲིན། །དབང་བྱེད་སིལ་སྙན་ཡན་ལག་བརྒྱ་པའང་ཡིན། །དཀའ་སྤྱད་བརྒྱ་ཡིས་མཐོང་དཀའི་ལྷ་རྣམས་ཀྱང༌། །འདི་ཟློས་མདུན་སར་མ་བོས་བཞིན་དུ་འདུ། །ས་བདག་དུ་མས་མ་ཐོབ་གླང་པོ་རྣམས། །མ་ལ་ཡ་ཡི་ནགས་སུ་རང་ཉིད་འོང༌། །རྡུལ་བྲལ་སྒྱུ་མའི་རྣམ་ཐར་ཁམས་ལས་གྲུབ། །སྔགས་ཀྱི་རྫུ་འཕྲུལ་སྟུག་པོའི་རྒྱན་བཀོད་པ། །ཡིག་དྲུག་འཕགས་པའི་ཞིང་བཟང་ཉམས་དགའ་བར། །


TN00_Page_042B
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་རྩེ་འཇོར་རོལ་ནུས་སྐལ་པ་བཟང༌། །སྙིང་རྗེའི་པདྨ་ཕྱིན་དྲུག་འདབ་ཕྲེང་ཅན། །ཆོས་དཀར་ལང་ཚོ་རྫོགས་པའི་མཛེས་སྡུག་གཏེར། །ཡི་གེའི་གཟུགས་གྱུར་སྔགས་ཀྱི་མེ་ཏོག་ནང༌། །བསམ་གཏན་སྐྱིལ་ཀྲུང་འཆའ་རྣམས་འཕགས་པའི་སྲས། །འཇིགས་བརྒྱའི་མཚོན་ཆར་འབབས་པས་ཕན་བདེའི་སྲོག །མཐར་བྱེད་ལྔ་བདོའི་གཡུལ་ཆེན་ནང་འདུག་ཀྱང༌། །འདི་འདྲའི་ཆོས་རྫོང་འཇིགས་མེད་ལ་བརྟེན་ཏེ། །ཉིན་མཚན་བདེ་བས་འདའ་རྣམས་སྐྱིད་པའི་ཕུལ། །སེར་སྣའི་ལས་ཀྱིས་མགུལ་པ་འགགས་གྱུར་ཅིང༌། །རྒྱ་མཚོར་ཆུ་ཡིས་ཕོངས་པའི་ཡི་དྭགས་ཀྱང༌། །གང་མཐུས་ལྷ་རྫས་ཟས་ལ་ཅི་བདེ་བར། །སྤྱོད་ནུས་ས་གསུམ་འཚོ་བའི་བུམ་བཟང་གཅིག །སྣ་ཚོགས་ཕྱོགས་རུམ་ནས་མཐོན་གྲངས་མཐའ་ཡས། །བར་སྣང་དཀྱིལ་འཁོར་འགེབ་པའི་རྡུལ་ཚུབ་སྤྲིན། །དྲག་པོར་རབ་འཁྲུགས་དམར་པོའི་གཟུགས་ཅན་རྣམས། །རླུང་གིས་བདས་པས་གཡུལ་ཕམ་བྱེར་བ་བཞིན། །ལས་དང་ཉོན་མོངས་གཏུམ་པོའི་བཀའ་ལུང་གིས། །དྲག་ཏུ་རྦད་པའི་སྡུག་བསྔལ་མི་བཟད་ཚོགས། །ཐུགས་རྗེའི་རིག་སྔགས་གཟི་བྱིན་ཆ་ཤས་རེས། །ཤི་རོའི་ལྷག་མའང་བལྟར་མི་མངོན་པར་འགྲོ། །མགོན་པོའི་རྣམ་ཐར་སྒྲོག་པའི་སྤྲིང་ཡིག་གསར། །མཛེས་སྐུ་བལྟ་བའི་མིག་དང་གྲུ་འཛིན་ཞིང༌། །བགྲོད་


TN00_Page_043A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟ་མཆོག་ཤུལ་རིང་ལམ་རྒྱགས་སོགས། །དགོས་དགུ་མཐའ་དག་འདི་ཡིས་བྱེད་པར་འགྱུར། །བརྟུལ་ཞུགས་མཆོག་བརྩོན་རིག་སྔགས་འདི་ཟློས་ཤིང༌། །སྔགས་འདིའི་དེ་ཉིད་སྒྲུབ་པ་ལྷུར་བླང་ན། །འདི་གཅིག་ཁོ་ནས་རྫོགས་སྨིན་སྦྱང་གསུམ་གྱི། །རྒྱ་མཚོ་བརྒལ་སླད་ཆོས་ཀྱི་ཉིང་ཁུར་གསུངས། །སངས་རྒྱས་ཆོས་བརྩེགས་སྤྲིན་ཆེན་མཐོ་ལས་འོངས། །དམན་པའི་འཇིག་རྟེན་ཡུལ་ལ་ལྷག་པར་འབབ། །ཞི་བསིལ་རང་བཞིན་ཕན་བདེའི་རོ་གཅིག་པ། །བདུད་རྩིའི་ཆར་འདི་བརྒྱ་ལམ་ཞིག་ན་འབྱུང༌། །པདྨའི་མཆོག་སོགས་དེ་བཞིན་གཤེགས་རྣམས་དང༌། །སྒྲིབ་སེལ་ལ་སོགས་རྒྱལ་སྲས་མཆོག་རྣམས་ཀྱིས། །དཀའ་སྤྱད་དུ་མས་བཙལ་ཞིང་མཆོད་མཛད་པ། །འདི་འདྲའི་རིན་ཆེན་གྲངས་མེད་ཞིང་ནའང་དཀོན། །དེ་ནི་སྣ་ཚོགས་སྐྱེ་བོའི་ལག་བརྒྱུད་ཚེ། ཁ་ཅིག་གཙུག་རྒྱན་བཞིན་དུ་མགོ་ལ་བཀུར། །གཞན་དག་སྲང་མདོར་བོར་བའི་རྡོ་བཞིན་བརྙས། །ལ་ལ་ཚོད་པའི་རྫས་བཞིན་ཟོང་དུ་འཚོང༌། །འོན་ཀྱང་བཀའ་དྲིན་གཟོ་དང་ལོག་པར་སྒྲུབ། །མཚུངས་པར་རྗེས་བརྩེ་རྒྱས་པའི་སྤྱན་རས་ཀྱིས། །གཟིགས་ཤིང་ཆོས་མཆོག་སྙིང་པོའི་སྐལ་པའི་ཤས། །སྙོམས་པར་སྦྱིན་མཛད་དེ་ལ་སུ་མི་གུས། །མགོན་ཁྱོད་ཐ་མལ་གཟུགས་ཀྱིས་མདུན་བྱོན་ནས། །


TN00_Page_043B
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཡིད་བཞིན་ནོར་བུའི་གཏེར་ཁ་བསྟན། །གཏེར་འདིའི་ཡོན་ཏན་ཇི་ལྟར་རྣམ་བསམ་པ། །དེ་ལྟར་ཁྱོད་དྲན་ཕྱིར་ཞིང་མཐོང་ལ་འདུན། །མཚན་དཔེའི་དཔལ་འབར་དྲི་མེད་ཟླ་བའི་ཞལ། །བལྟ་ནུས་རྗེས་དྲན་མིག་སྨན་མ་གྲུབ་ཀྱང༌། །བལྟར་མེད་རིག་སྔགས་རྒྱལ་མོའི་སྒྲ་དབྱངས་སུ། །རྩེན་པའི་རྣམ་འཕྲུལ་མཇལ་ལ་རབ་དགའ་སྐྱེས། །ཏིང་འཛིན་ལུས་ལ་སྔགས་ཀྱི་སྒྲོ་གཤོག་རྒྱས། །ས་མཆོག་སྤྱོད་ཡུལ་དག་པའི་ནམ་མཁར་འཕུར། །མཐུ་ཆེན་རྒྱལ་སྲས་ངང་པའི་ཚོགས་དབུས་ནས། །འཇིག་རྟེན་སྙིང་རྗེས་བལྟ་བར་ནམ་ཞིག་འགྱུར། །ད་ནི་ཟིན་མེད་སྤུན་པ་འཕྱར་བ་ལྟའི། སྙིང་པོ་མེད་པའི་དཔེ་རེད་ཟིན་མེད་ཀྱི་དཔེ་མ་རེད། །དོན་མང་བྱ་བ་མང་པོ་རྒྱང་བསྲིངས་ཏེ། །དབེན་པའི་ནགས་རིར་ཉིན་མཚན་བར་མེད་དུ། །ཡིག་དྲུག་རྣལ་འབྱོར་སྤྱོད་པར་བདག་གྱུར་ཅིག །ཟབ་དར་རྒྱ་ཆེའི་གནད་རྣམས་ཀུན་བསྡུས་པའི། །ལམ་འདི་སྐྱེ་བ་ཀུན་ཏུ་མི་བརྗེད་ཅིང༌། །མང་ཐོས་རྒྱ་མཚོས་ཞིབ་མོར་ལེགས་སྤྱངས་ཏེ། །རྩེ་གཅིག་སྒྲུབ་པས་མགོན་པོ་མཉེས་བྱེད་ཤོག །དེ་ཚེ་ཡིག་འབྲུ་རེས་ཀྱང་མཐའ་ཡས་པའི། །ཆོས་སྒོ་རྙེད་ཅིང་སངས་རྒྱས་གྲངས་མེད་མཐོང༌། །བསམ་ཡས་རྣམ་ཐར་སྒོ་མོ་རང་ཕྱེ་སྟེ། །དངོས་གྲུབ་མཆོག་གི་གནས་ལ་དབང་སྒྱུར་ཤོག །འཕགས་པའི་དོན་མཐུན་ཟད་པའི་དུས་ངན་མཐར། །


TN00_Page_044A
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བརྒྱགས་ཆང་འགྲོན་པོ་ལམ་སྟོར་རྣམས། །རྙེད་མང་འཇུག་པ་བདེ་བའི་ལམ་འདི་ནས། །སངས་རྒྱས་ཞབས་དྲུང་ཉིན་བཞིན་འགྱེད་པར་ཤོག །སྒྲིབ་བྲལ་མཁའ་ལྟར་ཡངས་པའི་ཡེ་ཤེས་གྲུབ། །སྒྱུ་མའི་རྣམ་འཕྲུལ་སྤྲིན་གྱིས་ཆོས་དབྱིངས་ཁྱབ། །དམ་ཆོས་ཆར་གྱིས་འཇིག་རྟེན་ཉེར་འཚོ་བ། །སྤྱན་རས་གཟིགས་དབང་གཙོ་བོའི་གནས་ཐོབ་ཤོག །འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཡི་གེ་དྲུག་པའི་རིག་སྔགས་ཀྱི་སྒོ་ནས་བསྟོད་པ་བྱང་མས་ཆས་སྙོགས་ཞེས་བྱ་བ་བོད་ཀྱི་གནའ་མྱིའི་ལུགས་ཀྱི་རྗེས་མ་ཟིན་ཅིང༌། །ད་མྱིའི་ལུགས་ལ་མ་དད་པ་འཇིགས་མེད་བསྟན་པའི་ཉི་མ་ཞེས་བྱ་བའི་དྭཱ་རི་དྲས་སྦྱར་བའོ། ༈ རབ་གསལ་མཁྱེན་པའི་སྤྱན་རས་འོད་ཀྱིས་ཤེས་བྱའི་མཁའ་ལ་གུར་གུམ་ལང་ཚོའི་རི་མོ་འབྲི། །ཐུགས་རྗེའི་སྤྱན་གྱི་ཟླ་བ་མཐོང་བས་ལུས་ཅན་མཐའ་དག་ཕན་བདེ་བསིལ་བའི་སྤུ་ལོང་གཡོ། །ལྷར་བཅས་འཇིག་རྟེན་དཀར་པོའི་ཆོས་ལམ་གསལ་པོར་བལྟ་ལ་སྤྱན་དུ་གྱུར་པ་གཅིག་པུ་ཉིད། །གྲངས་མེད་ཞིང་དུ་སྤྱན་རས་གཟིགས་ཞེས་ཡི་གེའི་རྣ་རྒྱན་གཡོ་བ་དེ་ལ་ཕྱག་འཚལ་ལོ། །ནོར་བུ་བཻ་་མཆོག་བྱི་དོར་བྱས་པའི་མཐིང་ཁའི་ཕུན་ཚོགས་ཟིལ་གནོན་ཞིང༌། །སྣ་ཚོགས་རིན་ཆེན་གཟི་ལྡན་རྒྱ་མཚོའི་ཁ་དོག་བཀྲ་བའི་དཔལ་ནི་ཕམ་བྱེད་པ། ཁྱོད་སྤྱན་


TN00_Page_044B
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་སྔོན་པོའི་ནགས་ཀྱི་ལང་ཚོ་ཀུན་དགའི་གཏེར་གྱུར་བཞད་པ་ལས། །དགེ་ལེགས་འབྲས་བུའི་ཚོགས་མང་ཤིན་ཏུ་རྒྱས་ལྡན་སྟོན་ཀའི་དུས་བཟང་འོང་བར་ཤེས། །བསམ་གཏན་བདེ་བའི་མིག་སྨན་གྱིས་སྦྱངས་ནག་དཀར་ཡིད་ཙམ་དམར་བའི་ཁ་དོག་རིག་པ་གསུམ་ལྟར་རྣམ་བཀྲ་བ། །མཐའ་ཡས་བསྐལ་པའི་འབྱོར་རྒུད་རྒྱུར་བཅས་ཞིབ་མོ་གཟིགས་ཕྱིར་མིག་རྣམས་ཀུན་ལས་འཇིག་རྟེན་ཤེས་པའི་ཐུ་བོ་དང༌། །གཉིད་ལོག་སེམས་ཅན་རྗེས་སུ་སྲུང་སླད་དུས་གསུམ་མི་སྐྱོ་འཇིག་རྟེན་ཀུན་གྱི་མེལ་ཙེ་བྱེད་པ་ཟུང་གཅིག་ཉིད། །ཚུལ་དེ་རིག་ནས་འཇིག་རྟེན་སྐྱོང་རྣམས་དྲེགས་པའི་རུ་མཚོན་རྩེ་མོ་བཏབ་པ་ཐོར་ཚུགས་བཏུད་པའི་གཟུགས་སུ་སྤྲུལ། །སྔོན་གྱི་རྒྱལ་རྣམས་རིན་ཆེན་སྒྲོན་མེ་ཉི་ཟླའི་གཟི་བྱིན་འགོག་པའི་ཕྲེང་བས་མཆོད་མཛད་ཅིང༌། །ལུས་ཅན་ཕོངས་པ་ཨུཏྤལ་མིག་གི་སྦྱིན་པས་བསྡུས་སོགས་བྱང་ཆུབ་སྤྱོད་པ་གཞལ་མི་ལང༌། །དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་འཇིག་རྟེན་འདས་པའི་ཞིང་མང་འབད་པ་བརྒྱ་ཡིས་བརྟེན་ནས་ནི། །བསོད་ནམས་རིན་ཆེན་སྙེམ་ལས་འཐོན་སྲིད་ཞིའི་གཟུགས་ཅན་སྙིང་པོ་བསྡུས་འདྲ་འདི་དག་བརྙེས། ཁྱོད་ཐུགས་ཆོས་ལ་མཉམ་པར་བཞག་ཚེ་འདི་དག་ཞི་བའི་ལྟ་སྟངས་རྩེ་གཅིག་ཉིད་འགྱུར་ཏེ། །དེ་ཚེ་གང་ལ་མགོན་ཁྱོད་གཟིགས་པའི་སྤྱོད་ཡུལ་གནས་དེ་རྣལ་འབྱོར་པས་ཀྱང་ཤེས་མི་


TN00_Page_045A
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། །སྙིང་རྗེས་སྣ་ཚོགས་ཡུལ་ལ་བསྐྱོད་ཚེ་ཕྱོགས་ཀུན་གློག་གི་རྩེ་དགས་འགེངས་པ་བཞིན་བྱེད་དེ། །དེ་ཚེ་ངན་སོང་འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་སྤྱོད་ཡུལ་རྨད་བྱུང་ཤེས་ནས་དགའ་བར་འགྱུར། །ཆོས་དབྱིངས་མཛེས་མའི་རྩེ་དགའི་འཁྲི་ཤིང་སོར་རྟོག་ཡེ་ཤེས་དང་བའི་གཟུགས་ཀྱི་སྒྱུ་མ་ཅན། །འདི་དག་དམན་དང་ཕོངས་པའི་ཡུལ་ལ་གཟིགས་པ་ལྷུར་ལེན་ཀྱེ་མའོ་སྙིང་རྗེ་ནུས་པ་རྣོ། །སྲིད་བདེ་དབུ་བའི་འཛུམ་རིས་མཐོང་ནས་ཕལ་ཆེར་རང་གི་ཕྱི་མའི་རྒུད་པའང་བརྗེད་པར་འགྱུར། །དགྲ་བཅོམ་སེམས་ལ་དབང་ཐོབ་རྣམས་ཀྱང་ཞི་བདེའི་དབང་སོང་ཉེ་དུའི་གནས་སྐབས་ལྟ་བ་སྤངས། །འཛུམ་ཞིང་ཞི་ལ་མཆོག་ཏུ་མཉེས་གཤིན་བཟང་པོའི་གཟིགས་པ་རྗེས་བརྩེའི་ཟིལ་དངར་སྤྲོ་བ་བཞིན། །དེ་ལ་འཐུངས་པས་ཕྱིར་ཞིང་ངོམ་མེད་ལྷ་བརྒྱའི་མིག་ཡངས་ཏིང་འཛིན་ཐོབ་སྟེ་གནས་པ་ནི། །ཆུ་སྐྱེས་ནགས་སུ་བུང་བའི་ཁྱུ་ཚོགས་རོ་བཅུད་ལེན་ལ་རྩེ་གཅིག་ཞུགས་པ་ལྟ་བུ་སྟེ། །གང་ཕྱིར་ཁྱོད་ཀྱི་གཟིགས་པའི་དཔལ་ནི་གཅིག་པུ་ཉིད་ཀྱིས་ས་གསུམ་འགྲོ་འདི་འཚོ་བར་ནུས། །འཇིག་རྟེན་མིག་ཅེས་གྲགས་པ་གསལ་ལྡན་ཉིན་མོའི་མགྲོན་པོའང་ལན་འགའ་གཟའ་ཡིས་ལོང་བར་མཐོང༌། །རྣམ་སད་མིག་གི་མཛེས་པ་མཚོན་ནུས་པདྨ་གཞོན་ནུའང་མཚན་མོའི་དབང་གིས་གཉིད་ལོག་འགྱུར། །ཀུན་ཏུ་བཟང་པོའི་མིག་མཆོག་གྲུབ་


TN00_Page_045B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྒྱུད་ལྔའི་འགྲོ་ལ་རྣམ་པར་གཟིགས་པའི་ཕྲིན་ལས་ནི། །སྐད་ཅིག་ཆར་ཡང་གཞན་དུ་མི་འགྱུར་གང་སླད་སྙིང་རྗེའི་བརྟུལ་ཞུགས་ངེས་པའི་འབྲས་བུ་ལགས། །རང་གི་འོད་ཟེར་ཚོན་རྩིའི་ཕྲེང་བས་ནམ་མཁའི་ངོས་ཀུན་ཟློས་གར་ས་གཞིར་འབྲི་བྱས་ནས། །སྨིན་མའི་རོལ་སྒེག་གཡོ་བ་དང་བཅས་སྙིང་རྗེའི་རྟོགས་བརྗོད་གསལ་བར་མཚོན་པའི་གར་མཛད་ཅིང༌། །དེ་ཡི་རྒྱན་བྱེད་དཔེ་ལས་འདས་པའི་ཚངས་དབྱངས་རོལ་མོས་མཁས་རྣམས་ཡིད་དབང་འཛིན་པ་ན། །ལྷ་མང་ཁྱོད་ལས་མཆོག་དོན་གཉེར་བའི་གསོལ་འདེབས་གླུ་ཡང་ཟློས་གར་ཡན་ལག་ལྷག་མ་འདྲ། །ཉིན་མོའི་དབང་པོ་ཤར་བ་ཉིད་ཀྱིས་ས་སྟེང་པདྨ་མཐའ་དག་རྗེས་སུ་བཟུང་བ་སྟེ། །འདབ་བརྒྱ་མིག་ནི་ཕྱེ་བ་གཅིག་པུས་བུང་བའི་དོན་མཐུན་ཚོགས་ལ་མཛའ་བ་བརྗོད་པ་ཉིད། །གཙོ་བོ་ཁྱོད་སྤྱན་གཟིགས་པ་ཁོ་ནས་ལུས་ཅན་དབུགས་རབ་འབྱིན་པའང་རྣམ་པ་དེ་འདྲ་སྟེ། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་རྣམས་གཞན་ཕན་ལས་ལ་བྱ་དཀའ་ཞེས་བྱ་འགའ་ཡོད་མིན། །འགྲོ་མང་རྒུད་པའི་མཚོན་ཆས་རབ་རྨས་སྤྱོད་ཚུལ་བཟང་པོའི་ཁྲག་རྒྱུན་གཟག་ནས་འགྱེལ་བྱེད་ཅིང༌། །བདེ་བའི་ལོངས་སྤྱོད་གཅེས་དགུ་འཕྲོག་བརྩོན་སྙིགས་མའི་ཆོམ་རྐུན་བརྩེ་བྲལ་ཁྲོ་བོའི་མིག་ཅན་རྣམས། ཁྱོད་ཀྱི་བ་མཆོག་རྫི་མའི་སྒྲོ་ལྡན་དཀྱུས་རིང་སྤྱན་མངའ་


TN00_Page_046A
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མའི་གཞུ་རིས་ལ་སྦྱར་ནས། །བྱམས་པའི་ལྟ་སྟངས་འབར་བས་འཕང་ཚེ་ནམ་མཁའ་ལྡིང་དབང་མཐོང་བའི་སྦྲུལ་ལྟར་ཞུམ་པར་འགྱུར། །རིང་པོར་གཟིགས་པའི་རླུང་གི་ཕོ་ཉས་རྒྱལ་དང་རྒྱལ་སྲས་ལྷོ་ཡི་ཙན་དན་ནགས་བསྐུལ་ཏེ། །དེ་དག་གཟིགས་པ་བསིལ་བའི་སྤོས་ངད་སྐྱེས་སུ་ཐོགས་ནས་སྲིད་པའི་མྱ་ངམ་འཇུག་བརྩོན་ཕྱིར། །མི་བཟད་སྡུག་བསྔལ་ཚ་བས་ཉེན་ཚེ་ཤེས་རབ་ལྡན་རྣམས་ཁྱོད་ལ་རེབས་མིག་གཏོད་དེ། །སྤྱན་རས་གཟིགས་ཞེས་གྲགས་པའི་ཡི་གེའང་ཁ་བའི་ཙནྡན་ལྟ་བུར་བསམ་ནས་འཛིན་པར་བྱེད། །གང་ཞིག་བྱུང་ན་རྡུལ་སྙེད་ཞིང་གི་ནམ་མཁའི་རྨོངས་པ་ངེས་པར་འཕྲོགས་ནུས་ཤེས་རབ་མཆོག །ཕྱོགས་བཅུར་བཞུགས་པའི་རྒྱལ་སྲས་འཁོར་རྣམས་མངོན་དགའ་གསར་པའི་འཛུམ་མདངས་རྒྱས་བྱེད་སྤྲིང་ཡིག་སྟེ། །སྐྱེ་དགུའི་སྐལ་ངན་མཚན་མོ་ཟད་པའི་དུས་དག་འོང་བ་ཉེ་བར་སྟོན་བྱེད་སྐྱ་རེངས་གཟུགས། །ཅི་ཙམ་བལྟ་བའི་རྐྱལ་གྱིས་བགྲོད་ཀྱང་ངོ་མཚར་བརྒལ་དཀའ་ཁྱོད་སྤྱན་འོད་ཟེར་ཆུ་བོའི་མཛོད། །བརྩེ་ཆེན་ཟུར་མིག་གློག་གི་ཐག་པས་ཕྱོགས་རྣམས་བཅིངས་ཏེང་ནི་འཇིག་རྟེན་སྒྲོལ་བའོ་ཞེས། །འཇིགས་མེད་ང་རོའི་འབྲུག་དབྱངས་སྙན་པ་དལ་གྱིས་དགོད་བྱེད་མི་འཇིགས་སྦྱིན་པའི་གྲུ་ཆར་འབེབས། །མ་ལུས་ཆོས་དབྱིངས་


TN00_Page_046B
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་རྒྱན་གྱུར་འགྲོ་བའི་ཡུམ་གཅིག་བདུད་རྩིའི་ཆར་སྤྲིན་བཟང་མོ་ནི། །འཕགས་མ་སྒྲོལ་མའང་ཁྱོད་སྤྱན་རྒྱ་མཚོ་ཐུགས་རྗེས་བསྐུལ་བའི་ཆུ་རླབས་ཚོགས་ཀྱི་རྣམ་འཕྲུལ་ལགས། །དེ་ལྟར་བསྟོད་ལས་སྐྱེ་བའི་ཕྲེང་བར་འཕགས་མཆོག་སྤྱན་རས་པདྨའི་དཔལ་གྱིས་འཚོ་བར་ཤོག །མགོན་པོའི་སྤྱན་སྔར་བསྟོད་ཚིག་ཡིད་འོང་སྙན་ངག་ཕྲེང་བ་བུང་བའི་རྒྱུད་མངས་ལེན་པར་ཤོག །དངོས་གྲུབ་དགའ་བ་ཤིན་ཏུ་མདངས་ལེགས་གེ་སར་རྡུལ་གྱིས་ཡིད་ལ་ཐིག་ལེ་འབྲི་བར་ཤོག །པདྨོའི་དེ་ཉིད་རྣལ་འབྱོར་སྦྲང་རྩིས་ཕྱི་མཐའི་བར་དུ་ལུས་ཅན་བུང་བ་ཚིམ་བྱེད་ཤོག །ངག་གི་གཞིར་གྱུར་ཏི་སེའི་འགྲམ་སྟེགས་ཉེ་བར་བསྟན་ཕྱིར་འཛིན་བྱེད་མཚོ་ཡི་འཆིང་ལྡན་སྐྱོང་ལ་ངལ་སྤོང་ཕྱིར། །གཡོ་དང་གཡོ་མིན་གླང་པོ་གཟུང་ཕྱིར་འཁྱོགས་འབར་མིག་གིས་ལུས་སྦྱངས་གཡུལ་དུ་སྤྲིན་དབྱངས་མཐོན་པོ་དགོད་པའི་ཕྱིར། །ནམ་མཁའི་གོས་སྔོན་དགྲ་བོའི་ཐེག་པ་འཕྱ་བའི་དཔལ་འཛིན་གད་རྒྱངས་དྲག་པོའི་ཆུ་མཐོང་སྙེ་མ་གཟེང་རིང་གིས། །དཔལ་སྡུག་རྒྱལ་བ་རྣམ་པར་སྟོན་ཅིང་གནས་ཀྱིས་འཕྲོག་བྱེད་གྲགས་པའི་རབས་ལ་རྒྱས་འདེབས་བྱེད་པ་ཡང་དག་སྩོལ། །འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཨུཏྤལ་གཞོན་ནུ་ལྟ་བུའི་སྤྱན་རས་ལ་བསྟོད་པ་བུང་བ་རོལ་པའི་གླུ་དབྱངས་ཞེས་བྱ་བ་འཇིགས་མེད་བསྟན་


TN00_Page_047A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉི་མས་བྱ་མང་གི་ནགས་ཚལ་དགའ་བ་ཅན་དུ་སྦྱར་བ་རྫོགས་སོ།། ༈ །།བླ་མ་ལ་ཕྱག་འཚལ་ལོ། །གང་དུ་ལྷར་བཅས་འཇིག་རྟེན་འདི། །འོག་ནས་འོག་ཏུ་བྱིང་བ་དང༌། །ཆུ་སྲིན་འཛིན་ཁྲིས་རབ་གཙེ་ཞིང༌། །ཀློང་འཁོར་འཁྲུགས་པའི་སྒྲ་ཁྱབ་པ། །མཐོ་དམན་མང་ལ་འཆོལ་བར་གཡོ། །ཤིན་ཏུ་འཇིགས་རུང་གཏིང་མཐའ་མེད། །དེ་ལྟ་བུ་ཡི་ཆུ་ཚོགས་ཀྱིས། །ཕྱོགས་རྣམས་མཐའ་དག་ནག་པོར་གནས། །དེ་ཡི་དབུས་ན་རབ་མཛེས་པ། །ཐུན་གསུམ་སྨག་གིས་བསླད་པ་ཡི། །མཁའ་ལ་ཟླ་མཛེས་ཅི་བཞིན་ཏེ། །པདྨ་དཀར་པོའི་ཚལ་ཆེན་ཡོད། པདྨའི་རིགས། །དེ་ནི་ཆུ་ཡིས་རྒྱས་པ་སྟེ། །ཆུ་ཡི་ཉེས་པས་ཡོང་མི་གོས། །ཆུ་རྣམས་དཔལ་ནི་གཅིག་པུ་ཞེས། །གྲགས་པའི་རྫི་ངད་ཕྱོགས་སུ་འགྲོ། །སྐྱེ་དགུ་ཆུ་བོས་ཁྱེར་བ་བརྒྱ། །བདེ་བའི་ཐང་ལ་སྒྲོལ་མཁས་པའི། །མཉན་པ་འགྲོ་བ་དབུགས་འབྱིན་རྣམས། །པདྨའི་ནགས་མཆོག་དེ་ལས་སྐྱེས། །ལྷག་པར་འཇིག་རྟེན་སྒྲོལ་བ་ལ། །བརྩོན་འགྲུས་གཟུགས་ཅན་ཉིད་གྱུར་པ། །རྟ་མཆོག་ཉི་མའི་ཤུགས་འཆང་ནི། །དེ་ན་ཐིག་ལེ་ལྟ་བུར་གྱུར། །དུལ་བའི་ལུས་ཅན་མཐུ་རྩལ་དྲག །བི་ནི་ཏ། །འཇམ་ལ་གཟི་བྱིན་རབ་ཏུ་རྣོ། བྱིས་པས་ཀྱང་རེག་བཟོད་པས། །བརྟན་ཡང་ཡིད་ལྟར་མྱུར་བ་སྟེ། །དྲེགས་པ་སྨད་ལ་སྙིང་སྟོབས་མཐོ། །སྣ་ཚོགས་འཁོར་གྱི་ནང་དག་ན། །སྣ་ཚོགས་འདྲེས་པའི་


TN00_Page_047B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ནི། །རང་གི་ཁ་དོག་འདྲ་བ་ཡིས། །རྣམ་པ་སྣ་ཚོགས་དོན་ཆེན་སྒྲུབ། །གཞན་དག་ངལ་བ་རྗེས་བཟུང་ཕྱིར། །མགྲོན་པོ་མང་པོའི་རྒྱུ་ཕྱོགས་གནས། །བདག་ཉིད་མཐུ་ཡིས་འཕགས་མཐོང་བས། །ཞུམ་མེད་ང་རོས་ཀུན་ཤེས་བྱེད། །དེ་ཡི་གཟི་བརྗིད་ཀྱིས་སྐྲག་པས། །ཆུ་གཏེར་ཁོལ་བའི་སྒྲ་ཆེན་འབྱིན། །རྒོད་མ་ཁ་ཡི་མེ་ལྕེ་ཡང༌། །རི་མོའི་མེ་ཡི་གོ་འཕང་ཐོབ། །དེ་ནི་རིག་དང་རྐང་པར་ལྡན། །སྣ་ཚོགས་འགྲོས་ཀྱི་ཕ་རོལ་ཕྱིན། །བདེ་དང་ལང་ཚོ་དར་ལ་བབས། །བཟོད་པའི་སྟོབས་ནི་རྡོ་རྗེ་འདྲ། །སྒྲོལ་བའི་དུས་དང་དུས་མིན་ཤེས། །རྒྱ་མཚོའི་རླབས་བཞིན་དུས་མི་འདའ། །རྣམ་པ་དེ་ལྟའི་ཚུལ་གྱིས་ནི། །སེམས་ཅན་སྒྲོལ་ལ་དུས་ཀུན་གནས། །གར་སྟབས་གཅིག་གིས་ཡུལ་ཀུན་གནོན། །འོད་ཟེར་གཅིག་གིས་ཕྱོགས་རྣམས་སྐུལ། །གཅིག་པུས་ས་དང་ནམ་མཁའ་དང༌། །ས་འོག་འཇིག་རྟེན་ཡང་དག་ཁྱབ། །རྫོགས་ལྡན་སྤྲིན་ལྟར་མཐོ་བའི་ལུས། །སྟེང་ཕྱོགས་ནམ་མཁའ་རྒྱས་པར་འགེབས། །ས་སྟེང་ཀུན་ན་གདུགས་གཅིག་པའི། །འཁོར་ལོས་སྒྱུར་བའི་དཔལ་བཞིན་མཛེས། །དབྱངས་དེ་སྙན་ལ་རྒྱུན་ཆགས་སྒྲོག །གསལ་ཞིང་ཟབ་ལ་མ་བརྟབས་པ། །བསྒྱུར་ན་བདེ་ཞིང་རིང་དུ་འགྲོ། །སྒྲ་མང་ནང་ན་དཔེ་ཡིས་དབུལ། །སྐྱེ་དགུ་མུན་རུམ་འཁྱམས་པ་རྣམས། །གང་ཐོས་དྲན་པ་རྙེད་བྱེད་


TN00_Page_048A
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གླུ་ཡི་མཚན་མ་ལེགས་བཟུང་ནས། །པདྨོ་སྣང་བའི་དགའ་ཚལ་འཇུག །གཅིག་པུར་རྒྱུ་ཞིང་འཚེ་བ་མང༌། །ཤུལ་ཐག་རིང་བའི་ལུས་ཅན་ལ། །འཇིགས་མེད་གནས་སུ་ངས་འཁྱེར་ཞེས། །སྙིང་རྗེ་མངོན་སུམ་བཞིན་དུ་སྒྲོག །སྲིན་མོ་གླུ་ཡི་མཆིལ་པ་ཅན། །རྒྱ་མཚོའི་དོན་མཐུན་ཟ་བའི་ཚོགས། །ས་གསུམ་མངལ་རྒྱ་འཇིག་བྱེད་པའི། །འཚེར་སྐད་ཀྱིས་ནི་བརྒྱལ་ཞིང་གནོན། །ཉམས་བརྒྱའི་གར་ནི་རྣམ་རྩེན་པས། །རི་གླིང་རྒྱ་མཚོ་བཅས་པ་སྐྱོད། །བདུད་རྣམས་རྒྱལ་སྲིད་གནས་ལས་ལྷུང༌། །དམྱལ་བ་སྤྲུགས་ཤིང་སྟེང་དུ་འཕེན། །སྐྱེད་ཚལ་པདྨ་རབ་དགའ་ཞིང༌། །བུང་བའི་དུས་སྟོན་འཕེལ་བ་རྩོམ། །ཇི་སྙེད་ས་སྟེང་པདྨོ་ཡི། །ས་བོན་ཚོགས་ནི་དབུགས་འབྱིན་བྱེད། །སྙིང་རྗེས་ཡིད་ནི་ཆེས་གདུང་ཡང༌། །མཆོག་ཏུ་དགའ་བའི་གཟུགས་ཀྱིས་རྒྱུ། །འཇིག་རྟེན་གླུ་གར་གྱིས་སྡུད་ཀྱང༌། །ཤིན་ཏུ་མཉམ་པར་བཞག་པ་ཡིན། །ལྷ་དང་ལྷ་མིན་དབང་པོའི་གཡུལ། །དཔུང་ཚོགས་སྲོད་མུན་བཞིན་གཏིབས་པ། །ཆུ་གཏེར་ས་དང་ནམ་མཁའ་ལ། །ཐོགས་མེད་དྲག་ཤུལ་སྤྱོད་པ་རྣམས། །སྡུག་ཕོངས་རྒྱབ་ཏུ་བཟུང་བ་ཡི། །རྟ་མཆོག་རྒྱལ་པོ་ཉེར་འོང་ཚེ། །སེང་གེའི་སྒྲ་བོས་གླང་པོ་བཞིན། །ཅི་ལའང་ལྟོས་མེད་རིང་དུ་འབྱེར། །དེ་ཡི་རྨིག་པ་སྐལ་བཟང་ལྡན། །ལམ་གྱི་ཉེས་ཀུན་སེལ་བ་སྟེ། །


TN00_Page_048B
[མ་དཔེ་གཟིགས་ན་འདིར་གནོན།]

གང་གང་དག་ནས་དེ་འགྲོ་བ། །དེ་དེ་ཕུན་ཚོགས་རྙེད་པའི་སྒོ། །དམན་རྣམས་དབུལ་བ་འདོར་བྱེད་ཅིང༌། །ཆེ་རྣམས་རྒྱལ་བ་འཐོབ་པའི་གཞི། །དགྲ་སྡེ་དྲེགས་པའི་མྱོས་ཆུ་སྐྱུགས། །ཀུན་གྱི་ཕུན་ཚོགས་ཁོ་ནའི་རྒྱུ། །སྤྱོད་ཡུལ་མཐུན་པའི་ལྷ་ཆེན་རྣམས། །དཀའ་སྤྱད་བརྒྱ་ཡིས་མཐོང་བར་དཀའ། །འདི་ནི་སྤྱོད་ཡུལ་ཆེས་བསྐལ་ཡང༌། །དྲན་པ་ཉིད་ཀྱིས་རྗེས་འཛིན་བྱེད། །གཡོག་པས་ཆོད་དང་གཤེད་མས་བཀག །བགྲོད་དཀའི་ལམ་ལ་ཞུགས་རྣམས་ཀྱང༌། །འདི་ནི་སྐད་ཅིག་རྗེས་དྲན་ན། །སྒྲོལ་བའི་དོན་སླད་མདུན་ན་གནས། །དམྱལ་བའི་ས་གཞིར་རྨིག་རྗེས་ཀྱི། །མེ་ཏོག་ཕྲེང་བ་ཡིད་འོང་བྱིན། །དེ་ན་ལས་ཀྱིས་ཉེར་བརྩེགས་པའི། །རྒུད་པའི་གོས་ནི་སྟུག་པོ་ཕྲོག །བཙོན་ཆུད་རེ་རེའི་དོན་ཕྱིར་ཡང༌། ཁྲི་མུན་རྣམས་སུ་ལམ་ཆེན་བཏོད། །གོམས་སྟབས་གཅིག་ཀྱང་གྲངས་མེད་པའི། །བཙོན་རྣམས་ཐར་པའི་འབྲས་བུར་བཅས། །གྲགས་པ་དྲི་མེད་རབ་ཡངས་པས། །ཕྱོགས་ཀྱི་ཚད་ནི་ཉིན་བཞིན་མཇལ། །དེ་ཡིས་གཞལ་བའི་ཁོང་ཆུད་པ། །མ་ལུས་སྙིང་རྗེའི་རྒྱ་ཡིས་ཐེབས། །མཆོག་གི་གནས་ལ་དབང་སྒྱུར་ཞིང༌། །དམན་པའི་ཡུལ་ལ་སྐྱོ་བ་སྤངས། །ཅི་ལའང་རང་ཉིད་མི་གནས་ཏེ། །སེམས་ཅན་དབང་བཞིན་འཇུག་པ་ཉིད། །སྐད་ཅིག་སྐད་ཅིག་ཟབ་མོ་དང༌། །གསལ་བའི་ཡུལ་ན་


TN00_Page_049A
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་སླེབས། །གར་ཡང་སྒྲིམ་མེད་རིང་འགྲོ་བ། །དབང་འབྱོར་རྫུ་འཕྲུལ་རྐང་པའི་མཐུ། །སྙིང་རྗེའི་རྒྱ་མཚོ་བསྲུབས་པ་ལས། །རིན་ཆེན་སྙིང་པོ་འདིའང་བྱུང༌། །གང་མཐུས་ལྟས་ཀྱང་མ་ཐོབ་པའི། །སེམས་ཀྱི་རྒྱལ་སྲིད་བླ་མེད་སྟེར། །ས་སྟེང་སྙིང་རྗེ་ལྡན་མང་ཡང༌། །གང་ཞིག་མཐོང་བ་ཙམ་ཉིད་ཀྱིས། །འཇིགས་སྒྲོལ་ཤུགས་ནི་མྱུར་རྟོགས་ཕྱིར། །སྔགས་ཀྱི་ཡེ་ཤེས་དེ་ལྟར་སྤྲུལ། །འཇིག་རྟེན་མཐོན་པོའི་གནས་ལ་དགའ། །དེ་ལྟའནག་ཐུར་ནས་ཐུར་དུ་གཞོལ། །རང་ཉིད་བཟློག་སྟེ་འགྲོ་བར་དཀའ། །ཚུལ་འདིས་ཕོངས་པ་མི་བཟད་ལྡན། །དེ་སླད་ས་མཐོར་བཀྲི་བ་ཡི། །མྱུར་བདེའི་ཐེག་པ་རིན་ཆེན་འདི། །གཞན་ཕན་ལ་དགའ་ཆེ་རྣམས་ཀྱིས། །བསྔགས་འོས་མཚུངས་མེད་ཅི་སྟེ་མིན། །རྟ་ཞོན་ཕྱུག་པོ་མང་མཆིས་ཀྱང༌། །དེ་འདྲ་ཡོད་པ་འགའ་མ་མཐོང༌། །འདི་ལྟར་གཏམ་དུ་སྨྲ་ནུས་པའང༌། །རྒྱུས་ཤེས་རྣམས་ཀྱིས་བསྙད་ལས་བྱུང༌། །སེམས་ཅན་སྒྲོལ་བའི་དོན་སླད་དུ། །རྟ་མཆོག་རྒྱལ་པོ་ལེགས་བསྔགས་པའི། །བསོད་ནམས་དེ་ཡིས་སྐྱེ་བ་ཀུན། །བླ་མེད་ཐེག་པས་འགྲོ་བར་ཤོག །འཕགས་པ་རྟ་མགྲིན་ལ་ཐུན་མོང་གི་རྣམ་ཐར་དང་མཐུན་པར་ཆ་ཙམ་བསྟོད་པ་ཀུན་དགའི་རྒྱུད་མངས་ཞེས་བྱ་བ་འཇིགས་མེད་བསྟན་པའི་ཉི་མས་ཆུ་གླང་དབོ་ཟླའི་


TN00_Page_049B
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་གསུམ་པ་ལ་གུས་པས་འབད་དེ་བྲིས་བ་གྲུ་འཛིན་ཆོས་ཀྱི་མདུན་སར་ཡན་ལག་བརྒྱ་པའི་སིལ་སྙན་གྱི་སྤྲིན་དུ་འབྱུང་བར་གྱུར་ཅིག་གུ། ༈ །ཕུན་ཚོགས་ཆོས་དབྱིངས་སྒེག་མོའི་བཞིན་ལ་སོ་སོར་རྟོག་པའི་ཡེ་ཤེས་སྤྱན། །རོལ་པས་དགའ་ལྡན་འཇིག་རྟེན་གསུམ་ན་སྙིང་རྗེའི་གདུགས་དཀར་གཅིག་འཛིན་པ། །སྤྱན་རས་གཟིགས་ཞེས་གྲགས་པའི་བ་དན་ཕྱོགས་ཀྱི་ཕོ་ཉས་སྒྲེང་བ་གང༌། །འུར་འུར་གནས་སུ་གཟུགས་བརྙན་ཟོལ་གྱིས་གཞན་ཕན་བདུད་རྩི་སྤྲོ་ལ་འདུད། ཁྱོད་ཞལ་མཐོང་བ་གཅིག་པུ་ཡིས། །ལུས་ཅན་དགེ་བ་རབ་རྒྱས་བྱེད། །པདྨ་དགའ་བའི་མིག་འབྱེད་པ། །ཉིན་བྱེད་མཐོང་བ་གཅིག་པོས་ནུས། །བསྐལ་པ་སྙིགས་མའི་ཆུ་གཏེར་ཟབ་ཡངས་སྡུག་བསྔལ་ཀློང་འཁོར་འཁྲུགས་པའི་དབུས། །འགལ་མེའི་འཁོར་ལོའི་སྤུན་ཟླར་རབ་གཡོ་ལུས་ཅན་ཉམ་ཐག་བརྒྱ་སྟོང་སྙིང༌། །སྙན་གྲགས་ཐག་པས་རིང་ནས་ཉེར་དྲངས་ཟླ་ཞལ་མཐོང་བས་མངོན་བསྐྱེད་པའི། །དང་སེམས་དགེ་བའི་ཟམ་པ་ལ་འཛེགས་བདེ་བར་དབུགས་འབྱིན་མཛད་ལ་འདུད། །མཚན་མོའི་མྱོས་ཆུ་བཏུང་བའི་ནམ་མཁའ་ནི། །བདུད་རྩིའི་ཐིག་ལེ་གཅིག་པུས་མགོན་དང་བཅས། །སྙོགས་བརྒྱའི་ཁུར་གྱིས་ངལ་བའི་ཡུལ་ལྗོངས་འདི། །སྐལ་བཟང་


TN00_Page_050A
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་པའི་མགོན་ནི་ཁྱོད་གཅིག་ལགས། །དེ་སླད་ས་ཕྱོགས་རྡོ་རྗེར་རབ་སྒྲུབ་པདྨའི་ཞབས་ཟུང་བརྟན་པར་བཞུགས། །ཕྱོགས་རྣམས་མཐའ་དག་འཛུམ་ཞལ་འོད་ཀྱིས་དཀར་པོར་མཛོད་ཅིག་རྒྱལ་བའི་ཚོགས། །རྡོ་རྗེ་ཐལ་མོའི་ཕྱག་རྒྱས་ཉེར་བསྐུལ་ཕན་བདེའི་རྒྱུན་བཟང་མི་ཟད་སྩོལ། །བདག་ཀྱང་ཟླ་བས་ཀུ་མུ་ཏ་བཞིན་བྱིན་རླབས་སྣང་བས་རྗེས་འཛིན་མཛོད། །ཕྱོགས་འདི་སྡུག་བསྔལ་ཆུ་ཡིས་ཁེབས། །གདུལ་བྱའི་མེ་ཏོག་རབ་ཏུ་མང༌། །བརྩེ་ཆེན་ངང་པའི་རྒྱལ་པོ་ཁྱོད། །འདི་ལ་གཟིགས་ཤིང་བརྟན་པར་བཞུགས། ཁྱོད་ཀྱི་སྨོན་ལམ་རྔ་སྒྲ་གསལ་པོས་སྦྱིན་སྐྱེས་རྒྱལ་མཚན་བསྙིལ་བར་ཤོག །འཇིག་རྟེན་རྨོངས་པ་གཉིད་སད་གྱུར་ཅིག་དགེ་བའི་དུས་སྟོན་ཆེར་རྒྱས་ཤོག །སྐྱེ་དགུ་ཡིག་དྲུག་རྒྱུད་མངས་ལེན་གྱུར་ཀུན་དགའི་གླུ་གར་མང་བར་ཤོག །གྲུ་འཛིན་འཇིག་རྟེན་ལམ་པོ་ཆེར་གྱུར་རྒྱལ་སྲས་དཀྱིལ་འཁོར་འཕེལ་བར་ཤོག །དར་དཀར་སྤྲིན་མཛེས་བྱུ་རུའི་གློག་དམར་གཡོ། །ཞུ་ཕྲིན་དབྱར་རྔའི་སྒྲ་ཡིས་བརྒྱན་པ་འདིས། །རྗེ་བཙུན་ཏི་སེའི་རི་དབང་ཁྱོད་མཆོད་པས། །ཕན་བདེའི་ཆུ་བོ་རྟག་ཏུ་རྒྱས་གྱུར་ཅིག །རྡོ་སྟོད་ཀྱི་སའི་ཆ་དཔལ་བརྩེགས་བདེ་འབྱུང་གི་རི་བོའི་ངོས་ནས། འཕགས་མཆོག་གང་གི་བཀའ་དྲིན་ཁོ་ན་ལ་


TN00_Page_050B
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལྟོས་འཆའ་བའི་འབངས་ཀྱི་ཐ་ཤལ་ཙམ་དུ་གཏོགས་པ་འཇིགས་མེད་བསྟན་པའི་ཉི་མས་ཕུལ་བ་དགེ༌༈ །ཕུན་ཚོགས་སྐྱེ་དགུའི་ལེགས་བྱས་རི་བོའི་ཟུར་ཕུད་རྩེན་མཛེས་པའི་ཏོག །སྟོན་ཀའི་ཟླ་གཞོན་གང་བའི་གཟུགས་ཅན་པདྨོ་རྒྱས་པའི་ཞལ་མངའ་བ། །ཕན་བདེའི་བདུད་རྩི་ཟད་མེད་འཇོ་བའི་གྲགས་པ་དཀར་པོའི་བསིལ་འོད་ཅན། །འཇིག་རྟེན་དབང་ཕྱུག་ས་གསུམ་འགྲོ་བའི་ཡིད་བཞིན་ནོར་གཅིག་ཁྱོད་ལ་འདུད། །སྙིང་གི་གདུངས་པ་རྣམ་པར་འཕྲོག་ནུས་དཔག་དཀའི་མཛེས་སྡུག་ཆུ་ཡི་ཚོགས་ཀྱིས་དཀྲིགས་གྱུར་པ། །ངོ་མཚར་རླབས་ཕྲེང་འཁྲུགས་པའི་ཆིལ་སྒྲས་ཕྱོགས་རྣམས་འགེང་བཞིན་དུལ་བའི་དཔལ་ལས་མི་གཡོ་བའི། ཁྱོད་སྐུ་ཡིད་བཞིན་རྒྱ་མཚོ་ཆེ་ལ་གང་ཞིག་དང་སེམས་རུང་བའི་རྐང་པ་འགོད་བྱེད་པ། །དེ་དག་ས་གསུམ་འཇིག་རྟེན་ནང་ན་ཕུལ་བྱུང་དགའ་བའི་ཁྱད་པར་དག་གིས་རྩེན་པར་འགྱུར། །གང་ཞིག་འཛིན་མའི་གཞི་ལ་དམ་པའི་སྤྱོད་ཚུལ་འཆར་ཀའི་འོད་ཀྱི་མདངས་ལྟར་བཟང་བ་བྱུང་དགུ་དང༌། །རླབས་ཆེན་ཕན་བདེའི་སྣང་བ་ལི་ཁྲིའི་མདོག་བཞིན་གསལ་བས་སྲིད་འདིའི་ཁ་དོག་སྒྱུར་བ་གང་བྱུང་བ། །དེ་ཀུན་ཁྱོད་མཚན་ཡི་གེ་སེང་གེའི་སྤར་མོས་བདུད་ཀྱི་གླང་ཆེན་མགོ་བོ་བརྫིས་པ་ལས་བྱུང་ཁྲག །ཕྱོགས་ཀྱི་ནགས་ཚལ་


TN00_Page_051A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བའི་རལ་པ་ལ་ཆགས་སྐྱེ་བོའི་མིག་སྔར་དགའ་སྟོན་དཔལ་དུ་གྱུར་པ་ལགས། ཁྱོད་ཀྱི་འོད་ཟེར་རབ་དཀར་དྲི་མེད་གཏིང་མཐའ་བྲལ་བའི་ནང་དག་ན། །དགའ་བཅས་ལྷ་རྣམས་འོ་མའི་རྒྱ་མཚོར་རྒྱལ་གྱིས་རྩེན་པའི་བྱིས་པ་བཞིན། །ཀླུ་རྣམས་ཟླ་ཟེར་རྩེ་གཅིག་འཐུང་བའི་ཀུ་མུ་ཏ་ཞིན་ཚིམ་གྱུར་ཅིང༌། །ཡི་དྭགས་ཚོགས་ཀྱང་པད་དཀར་ཚལ་དུ་བུང་བའི་བཀྲེས་སྐོམ་ཞི་འདྲར་ཤེས། །གང་གི་ནུས་མཐུས་བདུད་ཀྱི་མེ་ཏོག་མདའ་ལྔའནག་རི་མོའི་མཚོན་ཆ་ལྟ་བུར་ཉམས་བྱེད་ཅིང༌། །ཐབས་མཁས་འཕྲུལ་གྱིས་ཡི་དྭགས་ཕོངས་པ་བརྒྱ་སྙེད་སུམ་རྩེན་རྒྱལ་ཐབས་མཐོ་ལ་འགོད་པར་མཛད། །ཐུགས་རྗེའི་དབང་གིས་མནར་མེད་དམྱལ་བའི་ནང་དུའང་བསིལ་བདེ་སྦྱིན་སླད་དགྱེས་བཞིན་འཇུག་བརྩོན་པ། ཁྱོད་ཀྱིས་འཇིག་རྟེན་གསུམ་འདིར་རྒྱལ་སྲིད་མཛོད་ཅིག་ཁྱོད་འདྲ་མགོན་དུ་ཐོབ་རྣམས་སྐལ་བ་བཟང༌། །རྨོངས་པའི་མུན་ནག་ཤིན་ཏུ་ཆེར་གཏིབས་འཇིགས་རུང་འཁོར་བ་མཚན་མོའི་འབྲོག །འགྲོ་བ་ངན་པའི་གཡང་ས་ཟབ་རིང་སྡིག་པའི་ཆོམ་རྐུན་བརྒྱས་གང་བར། །གོམ་ཚུགས་འཁྱོར་བས་ཤིན་ཏུ་ངལ་གྱུར་ལྡབ་ལྡིབ་སྨྲེ་བའི་ལུས་ཅན་འདི། །ཐུགས་རྗེའི་ཉིན་བྱེད་ཤེས་རབ་འོད་མཛད་ཁྱོད་ཅིག་ཤར་ནས་དབུགས་རབ་བྱུང༌། །མཐོན་


TN00_Page_051B
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནོར་བུའི་ཐོར་ཅོག་རྩེ་མོར་འོད་དཔག་མེད་ཀྱི་སྣང་བ་རབ་མཛེས་གུར་གུམ་ཕྱེ་མ་ཆགས་པ་བཞིན། །ཡིད་འཕྲོགས་གཟུགས་ཅན་འོད་ཟེར་ཕོ་ཉ་རིང་པོར་རྒྱུ་བའི་ཚོགས་ལ་ཕྱོགས་རྣམས་འཛུམ་མདངས་གསལ་བར་སྟོན་པ་བཞིན། །པདྨོ་མཆོག་ལྟར་དག་པའི་ཞབས་ཟུང་ལྷ་བརྒྱའི་གནག་སྣུམ་རལ་པའི་སྤོ་ལ་འཁོར་ལོའི་རི་མོ་དགོད་པ་བཞིན། །སུ་ཞིག་ཁྱོད་ཀྱི་མཚར་སྡུག་ཚོན་ལ་ཡིད་ཀྱི་རས་བཟང་ལན་རེ་བཅུག་པའང་བྱང་ཆུབ་དམ་པའི་མདོག་ཏུ་འགྱུར། །མཐོ་རིས་གཙོ་བོའི་ཅོད་པན་ཉེར་བཏུད་རྐང་ལ་ལན་བརྒྱར་ཕྱག་བགྱིས་པ་ཡི་གོ་འཕང་རྙེད་པར་དཀའ་མིན་གྱི། །རྡུལ་བྲལ་ཁྱོད་ཀྱི་གཙང་མའི་ཞབས་ཟུང་མགོ་བོའི་ཟེའུ་འབྲུར་ལན་གཅིག་རེག་པའང་འཇིག་རྟེན་གསུམ་ན་དཀོན་པའི་ཕུལ། །ལྷ་བརྒྱའི་ཟུར་ཕུད་གདིང་བར་བསྟབས་པའི་འདོད་ཁམས་དབང་ཕྱུག་ལན་མང་མ་བྱས་སུ་ཞིག་ཡོད་དེ་ཕྱིར་ཡང་ལྷུང༌། ཁྱོད་ཀྱི་ཞབས་སེན་པདྨའི་དཔལ་གྱིས་རལ་པ་བགོས་རྣམས་རྣམ་གྲོལ་བདེ་བའི་ཁྲི་འཕང་མཐོ་ལ་རང་ཉིད་འཛེགས། །གཤིན་རྗེ་ཁྲོས་པའི་བཞིན་རས་རབ་འཁྲུགས་ཆུ་དྭངས་ནོར་བུས་རེག་པའི་ཆབ་ལྟར་དྭངས་བྱེད་ཅིང༌། །དྲག་པོའི་གཡུལ་ཆེན་བསྲེས་པའི་མདའ་ཆར་མནྡྷ་ར་ཡི་མེ་ཏོག་བླ་བྲེར་རབ་སྒྲུབ་བྱེད། །སྦྲུལ་ཆེན་ཁྲོ་བོའི་ཁ་རླང་མི་བཟང་སིམ་བྱེད་བདུད་རྩིའི་ཐིགས་


TN00_Page_052A
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛགས་པའི་སྤྲིན་བྱེད་དེ། །དེ་ལྟར་མ་ལུས་གདུག་པའི་དུག་རྣོན་ཁྱོད་ཀྱི་འཛུམ་ཞལ་ཞི་བའི་ཟླ་བ་གཅིག་པུས་འཕྲོག །འཁྲུད་དོ་དབྱར་སྐྱེས་ཆར་གྱིས་ས་གཞིའི་རྙོགས་པ་དང༌། །སྟོན་ཀའི་དུས་ཀྱི་བརྩོན་པས་ཆུ་མཐོང་དྲི་མ་སྟེ། ཁྱོད་ཀྱི་འོད་ཟེར་ཟླ་བ་བཞུ་འདྲའི་རྒྱུན་རྣམས་ཀྱིས། །འགྲོ་བའི་ལུས་སེམས་སྡུག་བསྔལ་དྲག་པོའི་ཡམས་ནད་དོ། །བསོད་ནམས་མང་པོའི་དཔུང་པ་དང་ལྡན་མི་རྣམས་གང་དག་བགེགས་དང་རྒྱལ་པོའི་ཆད་པ་སོགས། །འཇིགས་དང་ཕོངས་པའི་གནས་སྐབས་བརྒྱ་ལས་ཐར་བར་མཛད་པས་མཐུ་ཆེན་ཁྱོད་ལ་བསྔགས་མི་འགྱུར། །སྟོབས་ལྡན་སྡིག་ལས་ཁོ་ནས་རབ་བསྒྲུབས་བར་མཚམས་མེད་པར་དམྱལ་མེས་འཚོད་པའི་ལུས་ཅན་ཡང༌། །མཚོ་ཆུ་ཁ་བའི་རེག་པ་ཅན་ལ་ཆུ་ཡི་མེ་ཏོག་འཐོག་པའི་རྩེ་དགའ་སྦྱིན་མིན་ནམ། །འཇིག་རྟེན་ཕལ་ཆེར་རང་གི་ཕྱིར་ཡང་ཚེ་འདིའི་བདེ་བ་ཉི་ཚེས་ཆོག་པར་འཛིན། ཁྱོད་ནི་གཞན་ཕྱིར་བླ་མེད་བདེ་བ་མ་སྩལ་དེ་སྲིད་བརྩོན་འགྲུས་འདོར་མི་མཛད། །སྐྱེ་དགུ་འདི་དག་འཇིག་རྟེན་གཞན་གྱི་བདེ་བ་བཙོང་ནས་འཚོ་ཐབས་སྒྲུབ་པར་སེམས། ཁྱོད་ཀྱིས་དེ་དག་བདེ་བས་བདེ་བ་འཐོབ་པའི་ཐབས་ཚུལ་དུ་མས་སྨན་ཡོན་བཏགས། ཁྱོད་ནི་འོག་མིན་ལྷ་བརྒྱའི་བླ་མ་ལགས་ཏེ་དམྱལ་བའི་གནས་ནའང་བྱིས་པའི་རོལ་


TN00_Page_052B
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྟག་ཏུ་འཇུག །རྣམ་འདྲེན་ཚེ་དཔག་མེད་ཀྱི་རྒྱལ་ཚབ་མཛད་ཀྱང་མི་མཇེད་ཞིང་དུ་སྣ་ཚོགས་གཟུགས་ཀྱིས་ཆོ་འཕྲུལ་སྟོན། །སྤྲོས་པ་མཐའ་དག་ཞི་བའི་དབྱིངས་ལ་བཞུགས་ཤིང་སྤྲོས་པའི་མིག་འཕྲུལ་མཐའ་དབུས་བྲལ་བས་འགྲོ་བ་འདུལ། །དེ་ལྟར་ཁྱོད་ཀྱི་སྤྱོད་ཡུལ་བསམ་མི་ཁྱབ་ཀྱང་བསམ་བྱ་ལགས་ཏེ་སྐད་ཅིག་དྲན་ནའང་དོན་ཆེར་མཆིས། །བྱིས་པས་མེ་ཏོག་ཇི་ལྟར་རྙེད་བཞིན་འཐུ་ཡི་གོ་རིམ་དག་ལ་རྟོག་མི་བྱེད། །དེ་ནི་མཆོད་རྟེན་སྤྱན་སྔར་འཐོར་ནའང་འཆོལ་བ་ཉིད་དུ་རང་དགར་འབབ་པར་ཟད། །ཉིན་པར་གཉིད་ཀྱི་དགྲ་བོས་གཙེ་བཞིན་རིམ་པ་འཆོལ་བའི་ཀུན་རྟོག་ཕྲེང་བ་སྤེལ། །དེ་ནི་ཡི་གེར་བྲིས་ནའང་གོ་རིམ་ངེས་པ་བརྟག་ཏུ་ཡོང་མིན་འདི་ལྟར་བྱུང༌། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་ཆ་ལེ་ཆོ་ལེ་ཞེས་བྱ་བ་དབྱིག་འཛིན་བུ་མོ་དབྱར་གྱི་ལང་ཚོའི་ཐོག་མ་ལ་བབས་དུས་ཁུ་བྱུག་དང་འཇོལ་མོ་གཉིས་ལ་རམ་འདེགས་བཅོལ་ནས་བརྩམས་པ་རྫོགས་སོ།། ༈ །།འཇིག་རྟེན་དབང་ཕྱུག་གིས་ཆོ་འཕྲུལ་ཆེན་པོ་བསྟན་པའི་བརྗེད་ཐོ་ཆུ་སྟོད་ཟླ་བའི་དགའ་སྟོན་ནི། །མཐའ་བྲལ་སྟོང་པའི་མཁའ་དབྱིངས་མཐོན་པོའི་ནང༌། །བྱང་ཆུབ་སྤྱོད་པའི་འཕུལ་འདེགས་རླབས་པོ་ཆེས། །མངོན་འཕགས་སྒྱུ་མ་ལྟ་བུའི་རྟེན་འབྱུང་གི༌།རོལ་རྩེད་ཀུན་ནས་མ་


TN00_Page_053A
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིབས་ཐལ་ལེ་བ། །སྒྱུ་མའི་ཏིང་འཛིན་ཡུལ་ལ་མངའ་བརྙེས་པས། །རྒྱ་ཆེན་ཆོས་དབྱིངས་དཀྱིལ་འཁོར་མ་ལུས་ཁྱོན། །རྣམ་ཐར་རྒྱ་མཚོའི་མཛོད་དང་སྙན་གྲགས་རྒྱན། །ལྷན་ཅིག་བརྡལ་བས་བརྒྱན་པ་སྙིང་རྗེའི་གཏེར། །རྩིབས་སྟོང་འཁོར་ལོའི་དགེ་མཚན་བཀྲ་བའི་ཞབས། །འོད་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་ཀུན། །དུས་གཅིག་རྒྱས་པར་གཡོགས་བཞིན་སར་གནས་ཀྱི། །རྒྱལ་སྲས་བྱེ་བའི་མགོ་བོ་དཔལ་ལྡན་མཛད། །དྲོ་རེར་མུ་མཐའ་མེད་པའི་ཕྱོགས་ཀུན་ནས། །བྱང་སེམས་རྫུ་འཕྲུལ་ཤུགས་ཀྱིས་རྩེ་བ་རྣམས། །ཅོད་པན་ནོར་བུའི་འོད་ཟེར་འཐབ་པ་ཡང༌། །མཐོང་བས་ལྷར་བཅས་འཇིག་རྟེན་མིག་འཁྲུགས་ཤིང༌། །ནམ་མཁའི་ཡངས་ཁྱད་མི་མངོན་བཞིན་བགྱིས་ནས། ཁྱོད་ཞལ་པདྨའི་རཱེ་ཁ་བལྟ་བའི་སླད། །བཞུད་པའི་གནས་ཚོད་ཡུལ་གྱིས་ཆེས་བསྐལ་ཡང༌། །གྲགས་པའི་རྔ་སྒྲ་མི་མཇེད་ཞིང་འདིར་སླེབས། །དེ་ནི་རྗེ་བཙུན་ཁྱོད་ལས་དགུང་བདུན་དུ། །གདམ་ངག་བདུད་རྩིའི་བཏུང་བ་ལ་འཐུང་ན། །ཟབ་མོ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི། །རྒྱལ་ཐབས་རྙེད་པའི་ཆོས་ཉིད་ཐོས་ནས་ལགས། །རབ་འབྱམས་ཞིང་ན་རྒྱལ་དང་དེ་སྲས་རྣམས། །རྒྱ་ཆེན་འཁོར་གྱི་དབུས་སུ་ཁྱོད་ཀྱི་གཏམ། །སྣ་ཚོགས་ཚུལ་གྱིས་བརྗོད་ལ་


TN00_Page_053B
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་དགྱེས་པ། །སྒྱུ་མའི་རྣམ་ཐར་ཟླ་མེད་འདི་ཡི་མཐུ། །རླབས་ཆེན་བསོད་ནམས་ཡེ་ཤེས་ཤུགས་འཆང་བའི། །རྒྱལ་སྲས་གྲགས་ཆེན་རྣམས་ཀྱང་ཁྱོད་སྐུའི་ཟླ། །ཤར་བས་ཐེག་མཆོག་ཆོས་ཀྱི་ཨུཏྤལ་ཚལ། །དཔེ་ཟླ་མེད་པར་རྒྱས་པའི་ཡ་མཚན་གྱིས། །ཐུགས་དྲངས་གྱུར་ནས་སྟོབས་བཅུ་མངའ་བ་ལ། །བྱང་སེམས་སྐུལ་བའི་ཆོ་འཕྲུལ་མཛད་སླད་དུ། །རྩེ་གཅིག་གསོལ་བ་བཏབ་སྟེ་མི་འཛུམ་པའི། །པདྨའི་མིག་བཟང་ནུབ་ཏུ་གཏོད་པར་གྱུར། །དེ་ཚེ་་མགོན་པོའི་མཛོད་སྤུ་ནས། །གསེར་ཞུན་བཞུས་པའི་རྒྱུན་འདྲ་འོད་ཀྱི་སྤྲིན། །གཟི་འབར་ལྟ་ན་སྡུག་པའི་ཁ་དོག་གིས། །མཐུ་ཆེན་ཉི་ཟླའི་འོད་ཀྱང་ཟིལ་གནོན་ཅིང༌། །བྱེ་བ་བརྒྱ་སྟོང་ཞིང་གི་དཀྱིལ་འཁོར་རྣམས། །གཡོ་བས་ངོ་མཚར་མཛད་བཞིན་ཐལ་བྱུང་སྟེ། །འོད་ཟེར་དཔག་མེད་ཀྱིས་མཚན་བདེ་ལྡན་ཞིང༌། །མ་ལུས་ལག་མཐིལ་རྫས་བཞིན་ས་ལེར་མཛད། །མགོན་ཁྱོད་བདེ་བ་ཅན་ནས་གང་གི་ཚེ། །དྲང་སྲོང་ལྷུང་བའི་ནགས་སུ་བྱང་སེམས་ཀྱི། །ཏིང་འཛིན་རིན་པོ་ཆེ་ཡི་སྒྲོམ་དབྱེ་ཕྱིར། །རྒྱལ་སྲས་བྱེ་བ་བརྒྱད་ཁྲི་བཞི་སྟོང་དང༌། །ལྷན་ཅིག་སྙིང་རྗེའི་ཤིང་རྟས་བསྐྱོད་པ་ན། །རང་གི་བསྐལ་མང་དགེ་བའི་གཟི་བརྗིད་དང༌། །མཁའ་ལྟར་ཡངས་པའི་སྨོན་ལམ་མཐུ་སྟོན་ཕྱིར། །ཀུན་ཏུ་བཟང་པོའི་འབྱོར་པ་འདི་ལྟར་བརྡལ། །དག་པའི་


TN00_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རེར་བྱེ་བ་བརྒྱད་ཅུ་བཞིའི། །གྲངས་སྙེད་ཁང་པ་བརྩེགས་པའི་སྤྲིན་བྱུང་སྟེ། །ཀུན་ཀྱང་ཀ་བ་བཞི་ཟུག་གྲུ་བཞི་ལྷམ། །ཆ་མཉམ་ལེགས་པར་ཕྱེ་ཞིང་ཟིན་བྱས་པ། །རྒྱ་དང་འཕང་དུ་དཔག་ཚད་བརྒྱད་དང་ནི། །བཅུ་གཉིས་ཚད་ཅན་སྣ་ཚོགས་རིན་ཆེན་དང༌། །སྤོས་མཆོག་མེ་ཏོག་མཆོག་ཚོགས་ལས་བགྱིས་པའི། །མི་འདྲའི་ཁྱད་པར་དབྱར་གྱི་ཕུན་ཚོགས་བཞིན། །ཤིས་པའི་མེ་ལྟར་དག་ཅིང་དྭངས་པའི་གཟུགས། ཁ་དོག་བརྒྱ་ཡི་མདངས་བཀྲ་འོད་རབ་གསལ། །དཔག་ཚད་བཞི་སྟོང་ལྷག་པའི་བརྒྱད་ཁྲིའི་ཁྱོན། ཁང་བརྩེགས་རེ་རེའི་འོད་ཀྱིས་གཟི་ལྡན་བྱེད། །དེ་དག་རེ་རེར་འཆི་མེད་ན་ཆུང་མཆོག །དཔག་བསམ་ལྕུགས་མའི་ལག་ཅན་སིལ་སྙན་དང༌། །མེ་ཏོག་སྤོས་ཀྱི་ཕུར་མའི་སྤྲིན་འགྱེད་པ། །བརྒྱད་ཁྲི་བཞི་སྟོང་རོལ་པའི་མགྲིན་གླུས་ཁྱབ། །མཚན་དཔེའི་ཆ་རེར་བསོད་ནམས་བརྒྱ་པའི་དཔལ། །རྣམ་དག་མེ་ལོང་གཟུགས་ལྟར་གསལ་རྫོགས་པའི། །རྒྱལ་བ་བཀོད་པ་ཆེན་པོའི་སེང་ཁྲི་ལ། །བཞུགས་པའི་རྣམ་འཕྲུལ་ཁང་བརྩེགས་གཅིག་བཞིན་བསྟན། །མུ་ཏིག་ཕྲེང་མཛེས་དྲིལ་གཡེར་དྲྭ་བ་དང༌། །ལྷ་རྫས་སྤོས་ཀྱི་ཕུར་མ་ཡིད་འོང་དང༌། །འོད་འབར་དབྱིབས་ལེགས་གདུགས་དང་རྒྱལ་མཚན་གྱི། །བཀོད་པ་རྒྱ་མཚོས་ཆུ་སྤྲིན་ཆེ་ལྟར་དཀྲིགས། །དྲི་ཟ་མཁས་


TN00_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡན་ལག་བྱེ་བ་ཕྲག །འབུམ་ལྡན་ལྷ་ཡི་རོལ་མོ་བླང་བ་ལྟའི། །དབྱངས་སྙན་སྒྲོག་པའི་དྲིལ་གཡེར་དེ་དག་གིས། །རང་གི་ཁང་བརྩེགས་སྙན་ངག་མཁན་བཞིན་བྱེད། །མདངས་སྣུམ་ལོ་མ་མེ་ཏོག་ཆེར་ཕྱུགས་ཤིང༌། །སྔོ་བསིལ་གྲིབ་མ་སྟུག་ལྡན་རིན་ཆེན་ཤིང༌། །བརྒྱད་ཁྲི་བཞི་སྟོང་ཚང་བས་ཁང་བརྩེགས་རེར། །ངལ་མེད་མཛེས་པ་སྐྱེད་པའི་བསྙེན་བཀུར་སྟོབས། །གསེར་མཆོག་བྱེ་མ་མཉམ་བརྡལ་རིན་ཆེན་གྱི། ཁ་ཁྱེར་སྡུག་གུས་མཐའ་བསྐོར་མེ་ཏོག་དང༌། །ངུར་པ་མྱོས་པའི་སྒྲས་ཁྱབ་ལྷ་ཆུའི་རྗིད། །མཚར་སྡུག་དཔལ་གྱི་ཐིག་ལེར་འཁྱིལ་བས་བརྒྱན། །འཁོར་གནས་ཕུན་ཚོགས་དེ་འདྲ་དེ་དག་ཀུན། ཁང་བརྩེགས་རེ་རེའི་རྒྱན་དུ་བྱིན་བརླབས་པ། །དེ་ལྟར་གཞལ་མེད་ཡོན་ཏན་ཕྲེང་བའི་གཏེར། །བྱེ་བ་བརྒྱད་ཅུ་རྩ་བཞི་ཕྲག་རེ་ཡིས། ཁྱོད་དང་ཁྱོད་ཀྱི་རྒྱལ་ཚབ་མཐུ་ཆེན་ཐོབ། །བསྐོར་ཅིང་མདུན་དུ་བདར་བས་བརྗིད་འབར་ཞིང༌། །འཁོར་གྱི་གཟི་བྱིན་མི་ཟད་རྗེས་འབྲངས་པས། །མིག་འཇམ་ཙམ་ལ་དེ་ནས་མི་སྣང་གྱུར། །སྐད་ཅིག་དེ་ལ་མི་མཇེད་ཞིང་ཁམས་འདི། །རྐེད་མེད་ལག་མཐིལ་ངོས་བཞིན་རབ་མཉམ་ཞིང༌། །སེང་གེའི་རྣམ་པར་རྩེ་བ་དེ་དག་ཀྱང༌། །སྟོང་གསུམ་འཇིག་རྟེན་གླལ་བ་ལྟ་བུར་སང༌། །དེ་ནས་་གཙོ་ལ་མགྲིན་གཅིག་ཏུ། །སྒྱུ་མ་ལྟ་བུའི་ཏིང་འཛིན་ལས་བརྩམས་ཏེ། །སོ་སོ་


TN00_Page_055A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་རིག་བཞིའི་ཤིང་ཆེན་ལས། །བྲུལ་བའི་བསྟོད་དབྱངས་མེ་ཏོག་ཆར་པ་ཕབ། །དེ་ཚེ་ཕྱོགས་བཅུའི་ཕྱོགས་ཆ་རེ་རེ་བཞིན། །གངྒཱའི་བྱེ་མའི་གྲངས་སྙེད་འཇིག་རྟེན་ན། ཁྱོད་ཀྱི་རྣམ་འཕྲུལ་སྒྱུ་མའི་དྲ་བ་འདི། །ཆད་ལྷག་མེད་པར་ཞིང་ཁམས་རེ་བཞིན་དུ། །ཅིག་ཆར་འཇུག་པའི་སྤྱོད་ཡུལ་ཆེས་ཕྲ་བ། །སངས་རྒྱས་བྱིན་རླབས་བདུད་རྩིས་ལེགས་སྦྱངས་པའི། །མིག་ལྡན་མཐོང་བའི་ཡུལ་དུ་ཐོབ་གྱུར་ནས། །འགྲོ་མང་བྱང་ཆུབ་སེམས་ཀྱི་མྱུ་གུ་ཚུགས། །འོན་ཀྱང་དཔའ་བོ་ཁྱོད་ཀྱིས་འཇིག་རྟེན་ཁམས། །བརྒྱ་ཕྲག་སྟོང་གི་རྡུལ་ལས་ཆེས་མང་བའི། །བསྐལ་པ་བགྲང་བའི་ཡ་མཐར་དེ་བཞིན་གཤེགས། །གསེར་འོད་སེངྒེ་རྣམ་རོལ་སྤྱན་སྔ་རུ། །ཤེས་རབ་ཟབ་མོའི་རྩལ་དང་སེམས་བསྐྱེད་ཀྱི། །སེངྒེའི་སྒྲ་དང་མཐུ་ཡི་ཁྱད་པར་གྱིས། །ལྷར་བཅས་འཇིག་རྟེན་མཐའ་དག་ཟིལ་མནན་ཏེ། །དེ་ཡི་སྔར་ཡང་གངྒཱའི་བྱེ་མ་བས། །རབ་མང་སངས་རྒྱས་ཞིང་ལ་བསྙེན་བཀུར་བར། །དཔལ་སྟུག་བདེན་པའི་གསུང་གིས་རྗེས་བསྔགས་ན། །རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པའི་མཚོ། །བརྒལ་བའི་ཡུལ་འདིར་ངོ་མཚར་གསར་པ་ཅི། ཁྱོད་ཀྱི་གཤེགས་བཞུད་བྱུང་བ་གང་བསྙད་དང༌། ཁྱོད་ཀྱི་སྐྱེས་རབས་ཕྲེང་བ་ཅི་སྨྲ་བ། །དེ་ཀུན་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི། །ཆོས་ཉིད་བརྗོད་པའི་སྒོ་དང་


TN00_Page_055B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སྦྱོང་དང༌། །དང་པོའི་རྒྱུ་ཚོགས་བསྙད་ལས་མ་འདས་ཕྱིར། །ཐུབ་པས་ཁྱོད་ཀྱི་རྟོགས་བརྗོད་གང་གསུངས་པ། །དེ་ནི་ཐེག་མཆོག་ལུང་གི་སྙིང་པོ་རུ། །གཟུང་བར་བྱ་ཡི་དཀྱུས་ལས་འཕྲོས་ཙམ་མིན། །དེ་ལྟར་ཁྱོད་ཀྱི་སྙིང་རྗེའི་རྩ་བ་དང༌། །བརྩོན་པའི་སྡོང་པོ་སྦྱོང་བའི་ཡལ་འདབ་དང༌། །ཏིང་འཛིན་མེ་ཏོག་ཤེས་རབ་འབྲས་བུར་བཅས། །ཅི་དང་ཅི་ནས་རྒྱ་ཡོངས་མ་ཆད་ཅིང༌། །བསམ་གྱིས་མི་ཁྱབ་མངའ་ཐང་བསགས་བསགས་པས། ཁྱོད་ཀྱི་ཞིང་དང་འཁོར་དང་སྐུ་ཚེ་དང༌། །མཛད་ཕྲིན་མཐུ་ཡི་ཁྱད་པར་ཇི་སྙེད་པ། །མ་འདྲེས་ཆོས་ཉིད་བསམ་མི་ཁྱབ་པ་ལགས། །གང་གི་འབྱོར་པ་བསམ་ཀྱང་བསྐལ་མང་དུ། །ཕ་མཐའ་མི་རྫོགས་བདེ་བའི་རྒྱན་ལྡན་པ། །བདེ་བ་ཅན་གྱི་ཡོན་ཏན་བཀོད་པས་ཀྱང༌། །སྐྲ་རྩེའི་ཟིལ་པས་ཕྱོགས་མཐའི་ཆུ་གཏེར་བཞིན། །གསེར་འོད་རྒྱལ་པོའི་ཞིང་ལ་ཆོག་མིན་ཏེ། །དེ་ལྟར་རྣམ་དག་གསེར་འོད་མགོན་པོ་ཡི། །ཞིང་ཁམས་ཡོན་ཏན་རིན་ཆེན་བསགས་པ་ཡི། །དཔལ་དེས་འབུམ་གྱི་ཆར་ཡང་བསྐྲུན་མེད་པའི། །ཞིང་གི་འབྱོར་པ་མཆོག་དང་རྒྱལ་སྲས་འཁོར། །ཏིལ་གྱི་གོང་བུ་བལྟམས་འདྲར་རྟག་གནས་ཕྱིར། །རིན་ཆེན་ཀུན་བསགས་གྲགས་པ་དོན་ལྡན་པ། ཁྱོད་ཀྱི་སངས་རྒྱས་ཞིང་སྟེ་དཔེར་བརྗོད་ཙམ། །དབྱར་གྱིས་དགའ་བ་དཔའ་གྲོགས་ཡིད་ཀྱི་རྫིང༌། །དང་བའི་རླབས་ཀྱིས་


TN00_Page_056A
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས་ལས་ཉེར་འོང་བ། །ཚིག་ཕྲེང་རབ་དཀར་དབུ་བའི་འཛུམ་རིས་འདིས། །བློ་དང་བརྩེ་བའི་རྩེ་དགའ་འཕེལ་བར་ཤོག །འཇིག་རྟེན་དབང་ཕྱུག་གི་ཆོ་འཕྲུལ་ཆེན་པོའི་བརྗེད་ཐོ་དབྱར་གྱི་དགའ་སྟོན་འདི་རྡོ་རོང་གི་སྨྱོན་པ་བསྟན་པའི་ཉི་མས་ཆུ་སྟོད་ཟླ་བའི་ཚེས་བདུན་གྱི་ཕྱི་དྲོ་གང་དྲན་མྱུར་དུ་བྲིས་པ་ཐུགས་རྗེའི་བདག་པོའི་སྤྱན་རས་ཀྱིས་འཚོ་བའི་རྒྱུར་གྱུར་ཅིག །འདི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལ་བརྟེན་པ་ཡིན། ཕལ་ཆེན་དང་པད་དཀར་ན་འཕགས་པ་འདིའི་ཆོ་འཕྲུལ་བཤད་པ་མང་ཡང་བྲི་མ་ཐུབ་པས་དེར་ལྟོས།། ༈ །།ཟབ་དང་རྒྱ་ཆེའི་ཆོས་ཚུལ་ལས་འཁྲུངས་ཤིང༌། །ཆོས་ཀྱི་བསྙེན་བཀུར་ཁོ་ནས་མཉེས་བྱ་དང༌། །མཉེས་པས་ཆོས་ཀྱི་རྒྱལ་སྲིད་སྦྱིན་ནུས་པ། །འཇམ་དབྱངས་ཞབས་ཀྱི་པདྨོར་ཡིད་བཏུད་དེ། །སྨོན་ཚིག་ཕྲེང་བ་རྒྱུད་འདིར་རྗེ་བཙུན་ཁྱོད། །དག་པའི་སྙན་དབང་ཡུད་ཙམ་མངོན་ཕྱོགས་ནས། །ཀུན་ཏུ་བཟང་པོའི་ཐབས་མཁས་ཚད་མེད་པས། །བཟང་པོའི་སྨོན་ལམ་རྒྱ་ཆེར་སྐོང་བར་མཛོད། ཁྱོད་སྐུ་མཚན་དཔེའི་རིན་ཆེན་མེ་ཏོག་ཚལ། །ངོ་མཚར་བྱེ་བ་བརྒྱ་ཡི་མདང་བཀྲ་བར། །ཡིད་མིག་རོལ་པའི་དགའ་བ་དེ་ལས་བདག །བྱང་ཆུབ་སྙིང་པོ་ཇི་སྲིད་མི་ཉམས་ཤོག །རབ་འབྱམས་ཞིང་གི་རྒྱལ་བས་བསྟོད་དབྱངས་དང༌། །ལྷན་ཅིག་ཤིས་པའི་མེ་ཏོག་ཆར་འབེབས་ཤིང༌། །ཀུན་བཟང་


TN00_Page_056B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྤྲིན་ནང་ན་སྤྲིན་དབུས་སུ། །གློག་ལྟར་མཛེས་པའི་དཔལ་གྱིས་ཡིད་འཕྲོག་ཤོག །ཤིན་ཏུ་ཞི་བ་ཐོག་མའི་ན་ཚོད་ཅན། །གསལ་ཞིང་འོད་འབར་ཕྱི་ནང་ཡོངས་དག་པ། །ཕུལ་བྱུང་གཟུགས་སྐུ་ལན་རེ་མཐོང་བས་ཀྱང༌། །དགའ་བའི་ཡིད་བྱེད་དུས་མང་འབྱུང་བར་ཤོག །འཛུམ་བཅས་བྱམས་པས་དགྱེས་པའི་ཉམས་ཆགས་ཤིང༌། །གསེར་བཟང་འོད་ཀྱིས་ནམ་མཁའ་དགོད་པ་བཞིན། །མཁས་པ་དགའ་བའི་ལེགས་བཤད་རིང་འཕྲོ་བ། །ཀུན་དགའི་ཞལ་རས་རྒྱུན་དུ་རྟོག་པར་ཤོག །འདོད་པས་རྨོངས་བྱེད་ལས་ཀྱི་སྒྱུ་མ་མིན། །མཐོང་བས་ཐོག་མ་མེད་པའི་གཏི་མུག་མུན། །རབ་འཕྲོག་ཡེ་ཤེས་ལང་ཚོ་གསར་པའི་གཟི། གཡེང་བ་མཐའ་དག་བཏང་སྟེ་ཡིད་བྱེད་ཤོག །རྣམ་པར་བསྒྱིངས་པའི་གཟིགས་སྟངས་ཁྱུ་མཆོག་འགྲོས། །དབུགས་འབྱིན་བདུད་རྩིའི་ཕྱག་སྟབས་མཉམ་མེད་སོགས། །དྲན་པས་བདེ་ལེགས་མཆོག་སྩོལ་སྤྱོད་ལམ་གྱིས། །སེམས་ཀྱི་རྙོག་པ་ཀུན་ནས་དྭངས་བྱེད་ཤོག །དག་ཅིང་སྒྲིབ་མེད་མཁའ་ལྟར་རྒྱ་ཆེ་བ། །མཐུ་སྟོབས་དཔག་ཡས་ཞིང་ཁམས་རྒྱ་མཚོའི་རྒྱན། །བལྟ་བས་མི་ངོམས་འོད་ཀྱི་ལྡིང་ཁང་དུ། །དཔག་བསམ་ནགས་ཀྱི་ལྷ་བཞིན་རྩེ་བར་ཤོག །ཀུན་སྤྱོད་ཐམས་ཅད་མཉམ་བཞག་རྗེས་འབྲང་ཡང༌། །འཇིག་རྟེན་བསམ་པ་སྣ་ཚོགས་ལ་གཟིགས་ཤིང༌། །མི་མཉམ་


TN00_Page_057A
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་སྤྱོད་ཆོས་དབྱིངས་ཁྱབ་སྟོན་པར། །ཤེས་ནས་ཅི་མཛད་ལེགས་དགུར་མཐོང་བར་ཤོག །རྒྱལ་མཛད་འཁོར་ལོའི་རྟགས་ཅན་ཞབས་མཐིལ་ལ། །རྒྱལ་སྲས་ཁྱུ་མཆོག་མང་པོའི་ཅོད་པན་རྩེ། །ལེགས་གཏུགས་བླ་ན་མེད་པའི་བསོད་ནམས་ཞིང༌། །མཐོང་བས་དངོས་པོ་ཀུན་གྱིས་མཉེས་བྱེད་ཤོག །དག་པའི་སྣོད་བཅུད་རབ་ཡངས་རྡུལ་སྙེད་གཟུགས། །མཛེས་སྡུག་ཆ་ཤས་ཕྲ་མོར་གསལ་རྫོགས་པའི། །སྒྱུ་མའི་རོལ་རྩེད་མཆོག་ལ་ཡིད་ཞུགས་ནས། །ཐུན་མོང་མིན་པའི་ངོ་མཚར་འཆར་བར་ཤོག །ཕྱོགས་བཅུར་དག་པའི་རྣམ་འཕྲུལ་སྣ་ཚོགས་དང༌། །འཁོར་དང་ཞིང་གི་རྒྱན་བཀོད་འབྱམས་ཀླས་པ། །ཆོས་དཀར་བདུད་རྩིས་སྨིན་པའི་མངོན་སུམ་ཡུལ། །ཐོབ་ནས་ཀུན་བཟང་སྤྱོད་ལ་མཁས་པར་ཤོག །མི་ཕྱེད་འཁོར་ལྟར་མཐུན་པའི་གདུ་བུ་དང༌། །གཏོང་དང་ཚུལ་ཁྲིམས་བཟོད་པས་ལེགས་བརྒྱན་པ། །དགེ་བའི་བསུང་ཚོར་པདྨའི་ཞབས་ཟུང་ལ། །འཇུས་ནས་སྨོན་ལམ་རླབས་ཆེན་སྒྲུབ་པར་ཤོག །བདེན་ཞིང་ཕན་པའི་དོན་ལྡན་སྦྱར་ལེགས་ཚིག །ཕུན་ཚོགས་བསོད་ནམས་བརྒྱ་པའི་ཞལ་སྒོ་ལས། །ཚངས་པའི་དབྱངས་སྙན་རྒྱུད་ལ་ཉེར་དྲངས་པས། །གསུང་གི་དབང་པོར་མི་འཕྲོག་ངེས་རྙེད་ཤོག །འཇིགས་རུང་སྲིད་པའི་ཉེས་དམིགས་བསམ་ཡས་པ། །བསྟན་ནས་བག་མེད་ཡིད་ནི་


TN00_Page_057B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོ་མཛད་ཅིང༌། །རྟེན་འབྱུང་འཁོར་ལོའི་ཚུལ་ལ་མི་རྨོངས་པའི། །ཡང་དག་བློ་གྲོས་སྣང་བ་སྦྱིན་པར་ཤོག །དེ་ནས་སེམས་ཅན་ཐམས་ཅད་ཡིད་འོང་དུ། །སྒྲུབ་བྱེད་རིགས་པའི་རྣམ་གྲངས་མང་བསྟན་ནས། །རྒྱ་ཆེན་སྙིང་རྗེའི་ལྗོན་ཤིང་ཡལ་ག་སྟུག །ལྷག་བསམ་འབྲས་བུས་བརྒྱན་པ་འབྱུང་བར་ཤོག །གཞན་ཕྱིར་རྫོགས་བྱང་སྒྲུབ་པའི་སྙིང་སྟོབས་ཀྱིས། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་བྱེད་ཅིང༌། །སྐྱོ་དུབ་མེད་པའི་བརྩོན་འགྲུས་རྒྱུན་ཆགས་པས། །ཁྱོད་གསུང་གདམས་པའི་གཏེར་ལ་འཇུག་པར་ཤོག །དེ་ཚེ་ཚིགས་བཅད་རེས་ཀྱང་དཔག་དཀའི་དོན། །དུ་མར་མྱུར་འཇུག་རིང་དུ་མི་བརྗེད་པའི། །བློ་མཆོག་རྙེད་ནས་གསུང་རབ་རྒྱ་མཚོའི་མཐར། །སོན་པའི་གོ་འཕང་བདེ་བླག་འཐོབ་པར་ཤོག །འཆད་ཐབས་རྒྱན་ལྡན་བཤད་པའི་ཕ་རོལ་ཕྱིན། །སྒྲུབ་དང་སུན་འབྱིན་རྩོད་པའི་ཚེར་མ་དབྱུང༌། །འཁྲུལ་བ་བྲལ་བའི་དགོངས་འགྲེལ་གཞུང་བྱེད་ལ། །གཞན་དྲིང་མི་འཇོག་ཆོས་སྨྲའི་དབང་པོར་ཤོག །ཀུན་ཏུ་མི་བཟད་ཡིད་ཀྱི་གཡོ་བའི་དུག །འཕྲོག་བྱེད་བསམ་གཏན་སྦྱོར་བའི་ཐབས་མཁས་ཀྱིས། །ཟད་པར་ཟིལ་གནོན་མངོན་ཤེས་ལ་སོགས་པ། །རྣམ་མང་ཡོན་ཏན་ཕུང་པོར་འགྱུར་བར་ཤོག །ཤེས་བྱའི་གསང་བ་གཉིས་མེད་ཞི་བའི་སྒོ། །མཐའ་བྲལ་སྟོང་པ་རྟེན་འབྱུང་དོན་དུ་ནི། །རྣམ་དག་རིགས་པའི་སྒོ་མོ་བརྒྱས་མཐོང་


TN00_Page_058A
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཡིད་ནི་ལྷག་མཐོང་ཟབ་མོའི་ངོས་གང་ཤོག །མཁའ་ལྟར་དང་བའི་མཉམ་བཞག་སྒྱུ་མ་ལྟའི། །རྗེས་ཐོབ་བསོད་ནམས་ཚོགས་དང་ཟུང་འབྲེལ་དུ། །སྦྱངས་པས་སེམས་ཀྱི་རྒྱུ་བ་ལས་འདས་ནས། །དམིགས་མེད་སྟོང་པའི་དབྱིངས་སུ་འཕྱོ་བར་ཤོག །སླར་ཡང་རྒྱལ་སྲས་རྣམས་ཀྱི་བླ་མ་ཁྱོད། །གཟུགས་སྐུས་འཇིག་རྟེན་ཉིན་མོར་མཛད་མཐོང་ནས། །དེ་འདྲའི་འབྱོར་པ་རྒྱ་ཆེན་སྒྲུབ་སླད་དུ། །རབ་ཡངས་བསོད་ནམས་ཚོགས་མཆོག་གསོག་པར་ཤོག །འགྲན་ཟླ་མེད་པར་ཆོས་འཁོར་བསྐོར་བའི་གསུང༌། །རྣམ་པ་ཀུན་མཁྱེན་ཡེ་ཤེས་ཉག་གཅིག་གི༌།འཕྲུལ་དུ་མཐོང་ནས་ངོམས་པ་མ་མཆིས་པར། །ཤིན་ཏུ་རྒྱས་པའི་ཡེ་ཤེས་ཚོགས་གསོག་ཤོག །མོས་སྤྱོད་ས་ནས་ཁྱོད་གསུང་ཚིག་འབྲུ་དང༌། །དོན་དང་ངེས་ཚིག་སྤོབས་པ་མཐའ་ཡས་པས། །ལེགས་བསྐྲུན་སོ་སོ་ཡང་དག་རིག་བཞི་ཡི། །ས་བོན་དབྱར་གྱི་མཚོ་བཞིན་འཕེལ་བར་ཤོག །དེ་མཐུས་སངས་རྒྱས་སྤྱན་སྔར་སྨྲ་རྣམས་ཀྱི། །ཐོག་མའི་སྐྱེས་མཆོག་ཁྱོད་དང་ལྷན་གཅིག་ཏུ། །ཐེག་མཆོག་འགྲོ་བའི་ཚུལ་ལ་མི་འཇིགས་པས། །སེམས་ཅན་རྒྱ་མཚོ་ཡོངས་སུ་སྒྲོལ་བར་ཤོག །འཁོར་བ་ཇི་སྲིད་བསམ་གྱིས་མི་ཁྱབ་པའི། །ཆོ་འཕྲུལ་གསུམ་གྱིས་མཐའ་ཡས་འགྲོ་བ་ཀུན། །གདུལ་བས་མི་སྐྱོ་རྒྱལ་ཀུན་ཡབ་གཅིག་གི༌།རྣམ་ཐར་མ་ལུས་མྱུར་དུ་


TN00_Page_058B
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་ཤོག །དེ་ལྟར་ཡེ་ཤེས་སྤྱོད་ཡུལ་མཐར་ཕྱིན་ཏེ། །སྐུ་དང་ཞིང་ཁམས་སྐུ་ཚེ་ཡོངས་དག་འཁོར། །སྙན་གྲགས་མཛད་ཕྲིན་ཆོས་དབྱིངས་སྙོམ་འཇུག་པ། །ཀུན་གཟིགས་དཔའ་བོ་མཆོག་དང་མཉམ་པར་ཤོག །རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཞན་དོན་ཕུན་ཚོགས་ཀྱི་སྐུ་ལ་བརྟེན་ཏེ་རང་གི་དོན་གཉིས་ཕུན་ཚོགས་འགྲུབ་ཚུལ་དང་སྦྱར་བའི་བསྟོད་པ་སྨོན་ལམ་དང་བཅས་པ་འདི་ནི་རྡོ་རོང་གི་བན་དེ་བསྟན་པའི་ཉི་མས་སྦྱར་བ་ཚེ་རབས་ཀུན་ཏུ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུས་ཡོངས་འཛིན་མཛད་པའི་རྒྱུར་གྱུར་ཅིག་གུ། མངྒ་ལཾ།། ༈ །།ན་མོ་ཨཱརྱ་མཉྫུ་ཤྲི་ཡེ། །རབ་འབྱམས་ཞིང་གི་མགོན་པོ་སྲས་བཅས་ཀྱིས། །རྒྱ་ཆེན་བསྟོད་དབྱངས་མེ་ཏོག་ཆར་ཕབ་པ། །རྒྱལ་ཀུན་ཡབ་གཅིག་མཁྱེན་རབ་ལྷག་པའི་ལྷའི། །ཞབས་རྟེན་རིན་ཆེན་པདྨར་ཕྱག་བགྱིའོ། །ཀུན་དགའི་དཔལ་སྟེར་དགྱེས་འཛུམ་པདྨའི་ཞལ། །ཤིས་པའི་བསུང་འཐུལ་ཟུང་སྤྱན་ཨཱཏྤལ་མདའ། །དུས་འདིར་བདག་ཅག་རྣམས་ལ་ལྷན་ཅིག་ཏུ། །ཕྱོགས་པའི་རྗེས་བརྩེ་མཛད་ཅིང་དགོངས་སུ་གསོལ། །བདག་སོགས་སྐྱེ་ཞིང་སྐྱེ་བའི་ཕྲེང་བ་རུ། །རླབས་ཆེན་དགེ་བའི་བཤེས་གཉེན་ཁྱོད་བསྟེན་ནས། །ཐེག་མཆོག་གདམས་པའི་བདུད་རྩི་འཐུང་བ་ཡིས། །རྣམ་པ་ཀུན་མཁྱེན་ལང་འཚོ་བལྟ་བར་ཤོག །མཐོང་བས་ཡིད་མུན་སེལ་མཛད་མཚན་


TN00_Page_059A
[མ་དཔེ་གཟིགས་ན་འདིར་གནོན།]

དཔེའི་ཉི། །ཚེ་འདིར་དང་བའི་མིག་ཁར་མངོན་སུམ་དུ། །ལེགས་ཤར་བྱིན་རླབས་རྒྱ་མཚོའི་འོད་སྣང་གི༌།དགའ་བས་ཉིན་མཚན་ཀུན་ཏུ་འདའ་བར་ཤོག །ལེགས་གསུང་འདུལ་མངོན་མདོ་སྡེའི་གཞུང་ལུགས་ཀུན། །དགོངས་འགྲེལ་ཤིང་རྟ་ཆེན་པོའི་མན་ངག་ལ། །བསྟེན་ནས་རྒྱལ་བ་ཉིད་ཀྱི་དགོངས་པ་བཞིན། །རྟོགས་པའི་བློ་མིག་ཁྱོད་མཐུས་རྙེད་པར་ཤོག །དྲང་དོན་གསུང་རབ་ཀུན་གྱི་བརྗོད་བྱའི་གསང༌། །ངེས་དོན་འཁོར་ལོ་བར་བའི་ཟབ་གནད་མཆོག །མཐའ་བྲལ་དབུ་མའི་ཆུ་གཏེར་འཇིངས་རོལ་བའི། །རྣམ་དཔྱོད་གྲུ་སྐྱ་རང་དགར་འཛིན་པར་ཤོག །ཤིན་ཏུ་རྒྱ་ཆེ་རྣམ་གྲངས་འབྱམས་ཀླས་པའི། །རྒྱལ་སྲས་སྤྱོད་ཚུལ་རྒྱ་མཚོའི་དེ་ཉིད་ལ། །མི་རྨོངས་ཆོས་རབ་རྣམ་འབྱེད་རྩལ་རྫོགས་ནས། །ཡུམ་དོན་མཐོང་བའི་རབ་དགས་མྱོས་པར་ཤོག །ཐེག་མཆོག་ལམ་གྱི་ཁྱད་པར་མཐའ་དག་ལ། །ཤིན་ཏུ་ཕྲ་བའི་རིགས་པའི་འཁྲུལ་འཁོར་གྱིས། །ཡིད་ཆེས་རྙེད་ནས་གཞན་གྱིས་མི་འཕྲོགས་པའི། །ཟབ་བརླིང་བློ་གྲོས་རྩ་བ་ཚུགས་པར་ཤོག །དགོས་འབྲེལ་མེད་པའི་གསུང་རབ་ཡོད་མིན་པས། །ལུང་དོན་མ་ལུས་ཉམས་ལེན་སྙིང་པོ་རུ། །དྲིལ་ནས་སྒྲུབ་པ་ནན་ཏན་འཁོར་ལོ་ཡིས། །ཡོངས་རྫོགས་བསྟན་ལ་བྱ་བ་བྱེད་པར་ཤོག །ཚེ་ཡི་མཐའ་ཡང་རྣམ་གྲོལ་བདུད་རྩིའི་ལྷ། །


TN00_Page_059B
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་ཟླ་ཞལ་མངའ་བ་ཁྱོད་མཐོང་སྟེ། །བརྒྱ་ཕྲག་བསོད་ནམས་ལས་གྲུབ་བྱམས་པའི་ཕྱག །བརྐྱངས་ཏེ་སྤྱི་བོར་འཇོག་ཅིང་རྗེས་འཛིན་ཤོག །ཤི་འཕོས་ནས་ཀྱང་རྗེ་བཙུན་ཁྱོད་ཀྱི་ཞལ༌།དྲན་པའི་འདུ་བྱེད་སྐད་ཅིག་མི་འགོག་ཅིང༌། །གང་དང་གང་དུ་དཔའ་བོ་ཁྱོད་བཞུགས་པའི། །ཕྱོགས་དེར་སྐྱེ་བའི་མྱུ་གུ་འཛིན་པར་ཤོག །ནམ་ཡང་མགོན་ཁྱོད་མཉེས་པར་མི་བགྱིད་པའི། །རྒྱུ་མཐུན་ཆོས་ལ་སྡང་དང་དམ་པ་སྨོད། །གཞུང་ལུགས་ངན་དང་སྡིག་པའི་གྲོགས་བསྟེན་སོགས། །རྨི་ལམ་དུ་ཡང་བགྱིད་པར་མ་གྱུར་ཅིག །བསྐལ་མང་ཐོས་དཀའ་ཐོས་ནས་ཤེས་དཀའ་བའི། །ཆོས་ཚུལ་སྒོ་མོ་བརྒྱ་སྟོང་བྱེ་བ་སྙེད། ཁྱོད་ལས་མྱུར་ཐོས་ཚིགས་བཅད་རེ་རེར་ཡང༌། །བརྟེན་ནས་བདེ་བླག་ཁོ་ནར་རྟོགས་པར་ཤོག །སྒྱུ་མའི་རྣམ་ཐར་མཐར་ཕྱིན་མགོན་པོ་ཁྱོད། །སྒྱུ་འཕྲུལ་སྤྲུལ་པ་ལྟ་བུའི་སྐུ་ལུས་ཀྱི། །རྣམ་རོལ་སྣ་ཚོགས་སྟོན་པའི་ཞིང་དེ་དག །མངོན་སུམ་བལྟ་བའི་དབང་འབྱོར་ཐོབ་པར་ཤོག །བསམ་ཡས་རྒྱལ་ཀུན་འཁོར་གྱི་དཀྱིལ་འཁོར་དུ། །ཀུན་ཏུ་བཟང་པོའི་རོལ་རྩེད་བརྒྱ་ཕྲག་གིས། །བཞུད་ཚེ་ཁྱོད་ཞབས་པདྨའི་ས་འཛིན་རྡུལ། །བསྙེན་པའི་ཞམ་རིང་གཙོ་བོར་བདག་འགྱུར་ཤོག །སངས་རྒྱས་ཐམས་ཅད་བསྙེན་བཀུར་སྦྱོར་བ་དང༌། །དམ་ཆོས་ཉན་དང་ཚངས་སྤྱོད་བརྟེན་པ་དང༌། །ཡེ་ཤེས་སྒྲུབ་


TN00_Page_060A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྩོན་འགྲུས་ཚད་མེད་པས། །བདེ་གཤེགས་མཐོང་བའི་མིག་ནི་རྣམ་དག་ཤོག །རྒྱལ་རྣམས་སྤྱན་སྔར་ཁྱོད་དང་ལྷན་ཅིག་ཏུ། །ཐེག་མཆོག་འདྲི་དང་སྨྲ་བའི་སྐལ་བཟང་ལ། །དབང་བསྒྱུར་རྒྱལ་སྲས་མཁས་པ་ནོར་བཟང་བཞིན། །གྱུར་ནས་སེམས་ཅན་མང་ལ་ཕན་བྱེད་ཤོག །སྐད་ཅིག་ཙམ་ཡང་མགོན་པོ་ཁྱོད་ཞབས་དང༌། །མི་འབྲལ་སྐུ་གསུང་ཐུགས་ཀྱི་གསང་བ་ཀུན། །མཐོང་བའི་ངོ་མཚར་དཔལ་ལ་རྟག་རོལ་ཅིང༌། །རྣམ་པ་ཀུན་ཏུ་དེ་འདྲའི་རྗེས་སློབ་ཤོག །མདོར་ན་ཀུན་བཟང་སྤྱོད་པའི་སྨོན་ལམ་མཛོད། །རྗེ་བཙུན་ཁྱོད་ཀྱི་བྱིན་རླབས་བཟང་པོ་ཡི། །དྲིན་ལས་མིག་འཕྲུལ་ལྟ་བུར་རྫོགས་བྱས་ཏེ། །ཡོན་ཏན་ཕུང་པོ་ཁྱོད་དང་འདྲ་བར་ཤོ༌།འཇམ་མགོན་ཞལ་བཟང་བལྟ་བའི་སྨོན་ལམ་ཚིགས་སུ་བཅད་པ་འདིའང་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཞབས་ལ་མི་འཕྲོགས་པའི་ཡིད་ཆེས་ཅུང་ཟད་ཐོབ་པའི་བནྡྷེ་འཇམ་དཔལ་རིག་པའི་རལ་གྲིས་ལྕགས་ཡོས་ཆུ་སྟོད་ཅན་གྱི་རྒྱལ་བ་ཐོག་མ་ལ་བྲིས་པ་དགེ་བར་གྱུར་ཅིག །


TN00_Page_061A
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་གུ་རུ་ཨཱརྱ་ཏཱ་ར་ཡེ། །དཔལ་ལྡན་སངས་རྒྱས་ཀུན་གྱི་ཞལ་སྐྱིན་དངོས། །སྲིད་ཞིའི་ལེགས་ཚོགས་མཐའ་དག་འབྱུང་བའི་གཞི། །མཉམ་མེད་བླ་མའི་ཞབས་སེན་མེ་ཏོག་ཕྲེང༌། །བདག་གི་མགོ་ལ་རྟག་ཏུ་གནས་གྱུར་ཅིག །ཐུན་མོང་མཁས་བཙུན་དམ་པའི་རྣམ་ཐར་གཏེར། །ཐུན་མིན་སྲས་བཅས་རྒྱལ་བའི་གསང་བ་འཛིན། །མཐར་ཐུག་རྡོ་རྗེ་བཞི་ཡི་རྒྱལ་ཐབས་ཅན། །བླ་མ་སངས་རྒྱས་དེ་ལ་སླར་ཡང་འདུད། །གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྟོན་པ་སྟེ། །དཀྱིལ་འཁོར་མ་ལུས་སྤྲོ་དང་བསྡུ་བའི་བདག །དངོས་གྲུབ་ཀུན་བྱེད་རིགས་བརྒྱའི་ཁྱབ་བདག་ཆེ། །རྡོ་རྗེ་འཆང་དབང་བླ་མ་རྒྱལ་གྱུར་ཅིག །དེ་ཡི་དམིགས་མེད་སྙིང་རྗེའི་རིན་ཆེན་རྡུལ། །ཡིད་འཕྲོག་ན་ཆུང་སྒྱུ་མའི་སྐུར་བསགས་ཏེ། །འགྲོ་ལ་མི་འཇིགས་བདེ་བའི་མཆོག་སྦྱིན་པ། །སྒྲོལ་མ་ཡུམ་ཁྱོད་བདག་ལ་རྗེས་བརྩེར་མཛོད། །སྒྲིབ་བྲལ་ཆོས་དབྱིངས་ཡངས་པའི་མཁའ་ལ་ཤར། །ཟག་མེད་ཡོན་ཏན་དཀར་པོའི་ཆ་ཤས་རྫོགས། །ཕུལ་བྱུང་སྙིང་རྗེའི་བསིལ་འོད་ཕྱོགས་བཅུར་འཕྲོ། །སྒྲོལ་མཛོད་འཕགས་མའི་ཟླ་བ་བདག་ལ་དགོངས། ཁྱོད་ནི་བདེ་ལྡན་ཞིང་གི་ཐིག་ལེ་སྟེ། །འོག་མིན་ཆོས་ཀྱི་ཁང་བཟང་མཛེས་པའི་རྒྱན། །མ་དག་ཞིང་དུ་འགྲོ་བའི་མ་གཅིག་མོ། །ངན་འགྲོའི་འཇིག་རྟེན་སྒྲོལ་བའི་སྙིང་སྟོབས་ཆེ། །རྒྱལ་བའི་སྤྱན་སྔར་རྒྱལ་སྲས་གཙོ་མོར་གྲགས། །རྒྱལ་སྲས་འཁོར་གྱིས་རྒྱལ་བའི་ཡུམ་དུ་བཀུར། །སངས་རྒྱས་ཆོས་ལ་རྒྱལ་བ་ཉིད་བཞིན་དབང༌། །སེམས་ཅན་ཁམས་ལ་རྒྱལ་


TN00_Page_061B
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་མཛད། །གཞན་གྱི་སྡུག་བསྔལ་མགུལ་པའི་རྒྱན་ལྟར་བླངས། །བདག་གི་བདེ་བ་དགའ་སྟོན་རྫས་བཞིན་བཀྱེ། །དེ་མཐུས་རང་ཉིད་གོ་འཕང་མཐོན་པོར་བྱོན། །གོ་འཕང་དེ་ཡང་འགྲོ་བའི་དོན་དུ་བསྔོས། །ཕ་མཐའ་ཡས་པའི་སེམས་ཅན་སྒྲོལ་བ་དང༌། །མ་ལུས་རྒྱལ་བའི་ཕྲིན་ལས་ཀུན་སྒྲུབ་པར། །གཞན་དྲིང་མི་འཇོག་གཅིག་པུའི་རྩལ་སྦྱོང་ཕྱིར། །ཆོས་ཀྱི་དབྱིངས་ན་ཉག་གཅིག་དཔའ་བ་ལགས། ཁྱོད་ནི་སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱང་ཆུབ་ཆོས་ཀུན་བསྡུས་པའི་ཡེ་ཤེས་ལུས། །འཕགས་བཞིའི་འབྱུང་གནས་ཤེར་ཕྱིན་དགེ་མ་སྟེ། །རིན་ཆེན་གསུམ་བདག་ཁྱོད་ལ་སྐྱབས་སུ་མཆི། །ཚངས་པས་ཅོད་པན་རྩེ་མོས་ཞབས་རྡུལ་བླངས། །འདོད་ལྷས་བདག་ཉིད་དམན་པར་རིང་དུ་སྨྲེ། །ས་གསུམ་ཀུན་ཏུ་རྒྱལ་བའི་སྒྲ་གྲགས་པ། །རྒྱལ་ཡུམ་གཙོ་མོས་རྒྱལ་བསྟན་རྒྱལ་བར་མཛོད། །འཇིག་རྟེན་དབང་ཕྱུག་མགོན་མེད་འགྲོ་བའི་ཕྱིར། །བཤུམ་ཚེ་དེ་དག་ང་ཡིས་བུར་བསྐྱང་ཞེས། ཁྱོད་ཀྱིས་བདེན་གསུང་གཞན་དུ་མི་འགྱུར་བས། །ལྔ་བདོའི་འགྲོ་ལ་བདེན་པ་མངོན་དུ་སྟོན། །ཆོས་དབྱིངས་ཟབ་མོའི་རྒྱ་མཚོ་རབ་སྣང་མཛད། །རྒྱ་ཆེན་ཤེས་བྱའི་ནམ་མཁའ་འོད་ཀྱིས་འགེངས། །འཇིག་རྟེན་གསུམ་ན་མཚུངས་མེད་འོད་བྱེད་པ། །ཡུམ་ཁྱོད་ལྔ་བདོའི་སྨག་ལ་སྣང་བ་སྤྲོས། །ཞི་བའི་དབྱིངས་སུ་ཡེ་ཤེས་རྒྱལ་སྲིད་བརྙེས། །སྲིད་པ་ཀུན་ཏུ་སྙིང་རྗེའི་བཀའ་ལུང་བསྒྱུར། །འཁོར་


TN00_Page_062A
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རོ་མཉམ་རྟོགས་པའི་དབང་ཆེ་བ། །སྲིད་ཞིའི་དབང་མོས་སྲིད་པའི་འགྲོ་བ་སྐྱོབས། །ཞི་ཡང་བདུད་སྡེ་སྲེག་ལ་ཤིན་ཏུ་རྣོ། །འབར་ཡང་མི་བཟད་ནང་གི་གདུང་བ་འཕྲོག །གང་ཡང་ཕན་བདེ་ཁོ་ནའི་མཛད་པ་ཅན། །གདུལ་བཀའི་འགྲོ་ལ་ཐབས་ཀྱི་རྣམ་འཕྲུལ་མཛོད། །པདྨའི་ཆོས་གཏེར་ལ་དབང་རིག་འཛིན་རྣམས། །བརྟུལ་ཞུགས་ཉི་མ་བརྒྱ་པའི་ཟེར་རྣོན་གྱིས། །ནག་ཕྱོགས་མུན་པ་མ་ལུས་དྲུངས་ཕྱུང་སྟེ། །བཞེད་དོན་པད་ཚལ་རྒྱས་པར་བྱིན་གྱིས་རློབས། །བདག་ཀྱང་ཁྱོད་ཀྱི་ཏིང་འཛིན་བདེ་རུམ་དུ། །ཡོན་ཏན་ལུས་ཟུངས་རྣམ་པར་རྒྱས་བྱས་ནས། །རིང་པོར་མི་ཐོགས་སྟོབས་བཅུའི་རྩལ་རྫོགས་ཏེ། །ལུས་ཅན་སྡུག་བསྔལ་མཚོ་ལས་སྒྲོལ་བར་ཤོག །བླ་མ་རྗེ་བཙུན་སྒྲོལ་མ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་མཆོག་གསུམ་རྣམ་པར་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ་འཇིགས་མེད་བསྟན་པའི་ཉི་མས་ཆུ་བྱི་དབྱུག་ཟླའི་ཉེར་ལྔ་ལ་བྲིས་པ་དགེ་བར་གྱུར་ཅིག། ༈ །།ན་མ་ཨཱརྱ་ཏཱ་རེ། །སྒྲོལ་མའི་ཕྱག་མཐིལ་པདྨོའི་གེ་སར་རྒྱན། །སྟོང་ཕྲག་ཉི་མས་མི་མཚོན་འོད་ཀྱི་གཏེར། །གསལ་རྫོགས་རྩིབས་སྟོང་འཁོར་ལོའི་རེ་ཁཱ་ཡིས། །ལོག་འདྲེན་དགའ་བའི་རྒྱལ་མཚན་བསྙིལ་གྱུར་ཅིག །རི་དྭགས་ནགས་སུ་ཡིབས་ཀྱང་རྔོན་པ་ལྡང༌། །ཉམ་ཆུང་ཐ་མལ་གནས་ཀྱང་བགེགས་ཀྱིས་འཚེ། །ཀྱེ་མ་རྡོ་རྗེ་རྣོན་པོ་ཨུཏྤལའི། །རལ་གྲིའི་འདབ་ཕྲེང་གཡོ་བའི་དུས་ལ་བབས། །ཕྱོགས་


TN00_Page_062B
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྟག་ཏུ་གནས་དང་གློ་བུར་ལྷགས། །བདག་དང་འཁོར་ལ་གདུག་སེམས་སྙི་འཛུགས་ཤིང༌། །གནོད་འཚེའི་ཞགས་པ་གདེང་བའི་བགེགས་རིགས་རྣམས། །བསད་བསྐྲད་རྨོངས་རེངས་སྦྱོར་བས་ཚར་གཅོད་མཛོད། །ཞལ་གྱི་མཁའ་ལ་ཁྲོ་གཉེར་གློག་འགྱུ་ཞིང༌། །ཕྱག་ཞབས་བརྡབ་པའི་སྤྲིན་སྒྲ་མི་བཟད་པས། །ས་གསུམ་གྲུམ་པའི་མངོན་སྤྱོད་ཐོག་མདའ་ཡིས། །ནག་ཕྱོགས་རྒོལ་བའི་བྲག་རི་ཆམ་ལ་ཕོབ། །རྒྱལ་བསེན་ཀླུ་གདོན་ཁྲོ་བོའི་ན་བུན་འབྲུ། །གདུག་རྩུབ་ནུས་མཐུའི་རྩལ་ཤུགས་བྲིམ་པ་རྣམས། །འཕགས་མའི་གསང་གསུམ་ཉིན་བྱེད་འོད་རྣོན་གྱིས། །ཆུ་ཟད་དབུ་མའི་ཚོགས་ལྟར་རྙིས་གྱུར་ཅིག །སྣ་ཚོགས་ལས་ཀྱི་སྒྱུ་མའི་འཁྲུལ་འཁོར་དང༌། །སྨོན་ལོག་དམོད་པའི་དཔལ་རྣོན་བཟོད་དཀའི་ཚོགས། །དམིགས་མེད་སྙིང་རྗེ་ཁྲོས་པའི་སྡིག་མཛུབ་ཀྱིས། །བསྡིགས་ནས་ཐལ་བའི་ལྷག་མར་མཛད་གྱུར་ཅིག །རྟེན་འབྱུང་འཁྲུལ་པའི་འདྲེར་སྣང་རྫུན་པོ་ཆེས། །འཇིགས་ཞུམ་རྟོག་པའི་ཆོ་འཕྲུལ་ཆེར་སློང་ཚེ། །མཚོན་ཆེན་ཕཊ་ཀྱི་དེ་ཉིད་རལ་གྲི་ཡིས། །སྤྲོས་བྲལ་དབྱིངས་སུ་ཆོད་ཅིག་རྗེ་བཙུན་མ། །འགྱུར་རྩིས་ཐེབས་ན་ལྕགས་ཀྱང་དག་པའི་གསེར། །སྔགས་ཀྱིས་བསྒྱུར་ན་དུག་ཀྱང་བདུད་རྩི་མཆོག །དེ་ལྟར་རྡུལ་བྲལ་འཕགས་མའི་ཡེ་ཤེས་དབྱིངས། །ལོག་འདྲེན་མཚན་མའི་དངོས་ཀུན་རོ་གཅིག་མཛད། །བདག་ཅག་བློ་རྩིང་རྨོངས་པའི་མུན་རུམ་ནང༌། །སྣ་ཚོགས་བག་


TN00_Page_063A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྤྱོད་པའི་རྡོ་འཕངས་པ། །ས་བདག་ལྷ་ཀླུའི་ཐུགས་ལ་ཕོག་སྲིད་ན། །འཕགས་མའི་བྱམས་ཆེན་སྨན་གྱིས་སོས་གྱུར་ཅིག །མདོར་ན་དེང་ནས་སྲིད་པའི་རྒྱུད་ཀུན་ཏུ། །ཡུམ་གཅིག་སྐྱབས་སྦྱིན་ཕྱག་རྒྱའི་སྲུང་གུར་འོག །མཆོག་སྦྱིན་ཡོངས་འདུའི་འབྱོར་བས་ཉེར་འཚོ་ཞིང༌། །རྒྱལ་བསྟན་སྲུང་ལ་མཐུ་དང་ལྡན་པར་ཤོག། ༈ །།ན་མོ་གུ་རུ་པདྨ་ཀ་ར་ཡེ། །གང་གི་འགྱུར་མེད་ཡེ་ཤེས་བདེན་གཉིས་ཞལ། །མཁའ་ཁྱབ་འགྲོ་བ་སྒྲོལ་བའི་ཕྲིན་ལས་སྟོབས། །གཅིག་བསྡུས་བདེ་ཆེན་དབང་མོའི་སྐུར་སྣང་བ། །དཔལ་ལྡན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་མེ་ཏོག་ནི། །ཕྲིན་ལས་འདབ་བརྒྱ་ལྡན་པའི་སྔགས་ཀྱི་གཟུགས། །སྐྱོབ་པ་འཇིག་རྟེན་དབང་པོའི་སྤྱན་ཆབ་ལས། །སྟོན་དུས་པདྨའི་དཔལ་ལྟར་བཞད་ཅིང་འཁྲུངས། །དེ་ནི་སངས་རྒྱས་ཞིང་མང་རྒྱ་མཚོ་ན། །སྒྲོལ་མ་ཞེས་བྱར་གྲགས་པའི་དྲི་བསུང་བཅས། །མཁས་པའི་བུང་བ་དགའ་སྐྱེད་དངོས་གྲུབ་ཀྱི། །སྦྲང་རྩིའི་འབྱུང་གནས་གཅིག་པུར་རྒྱལ་རྣམས་གསུངས། །མཛེས་སྡུག་ཕུང་པོ་དེ་ལ་ཡེ་ཤེས་ཀྱི། །སྙིང་པོ་གྲངས་མེད་སྤྲུལ་པའི་ས་བོན་མཛོད། །ཤེས་རབ་ཕར་ཕྱིན་ཞིབ་མོའི་རྡུལ་འདུས་པ། །ཏིང་འཛིན་གོང་བུ་གཅིག་ཏུ་གྱུར་པ་ཡོད། །དེ་ལས་སྐད་ཅིག་རེར་ཡང་སྔགས་པ་ཡི། །དངོས་གྲུབ་དོན་བྱེད་བུམ་པ་བཟང་པོ་ལྟའི། །བུད་མེད་སྒྱུ་འཕྲུལ་རི་རབ་རྡུལ་ཕྲན་སྙེད། །


TN00_Page_063B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་ཞིང་གི་རྒྱན་དུ་འབྱུང༌། །རེ་ཞིག་ཅིག་ན་རྨོངས་པ་འདུས་པ་ཡི། །མུན་པའི་གླིང་འདིར་དམ་ཆོས་འོད་མཛད་ཕྱིར། །ཏོང་ཀུན་རྒྱལ་པོའི་ཁབ་ཏུ་ལྷ་ཅིག་ནི། །ཆུ་ཡི་པདྨ་ཞེས་བྱའི་རྣམ་འཕྲུལ་བསྟན། །དེ་ཡི་ཐབས་མཁས་སྤྱོད་པའི་ཤིང་རྟ་ཆེས། ། རྒྱལ་པོ་སྤྲུལ་པའི་གཟུགས་བརྙན་གྱི། །ཟོལ་ལ་བརྟེན་ནས་མངོན་སུམ་སྤྱན་དྲངས་ཏེ། །བསིལ་ལྗོངས་མཐའ་དག་འོད་ཀྱིས་སྣང་བར་མཛད། །སླར་ཡང་གསང་ཆེན་ཐེག་པའི་རྩེ་དགའ་ཡིས། །བོད་ཁམས་རིག་འཛིན་ཞིང་དུ་བསྒྲུབ་བྱའི་ཕྱིར། །གཡོ་རུ་སྦྲགས་མདར་མཁར་ཆེན་རྒྱལ་རིགས་སུ། །སྐྱེ་བའི་མྱུ་གུ་ལང་ཚོས་དུད་པ་བཟུང༌། །འཇིག་རྟེན་སྒྲོལ་མ་བྱོན་པ་ལེགས་སོ་ཞེས། །ས་ཡི་ལྷ་མོས་མཆོད་ཡོན་སྟོབ་པ་བཞིན། །ཡན་ལག་བརྒྱད་ལྡན་བདུད་རྩིའི་མཚོ་བྱུང་བས། །མཚོ་རྒྱལ་ཞེས་གྲགས་སྙན་པའི་བ་དན་མཐོ། །རིན་ཆེན་གཏེར་ཁ་ལྷ་མིག་ལྡན་པས་རྙེད། །ལྷ་རྫས་ལོངས་སྤྱོད་ལྷ་ཡུལ་བ་ལས་འབྱུང༌། །ཨུཏྤལ་མིག་ཡངས་མཆོག་དེའང་ཁྲི་སྲོང་རྗེས། །འཇམ་དབྱངས་ཕྱག་ན་ཨུཏྤལ་ལ་བཞིན་བརྙེས། །དེ་མཐུས་རྒྱལ་པོའི་སྐུ་ཚེ་མངའ་ཐང་རྣམས། །རྒྱ་མཚོ་ཆུས་གང་བཞིན་དུ་རྒྱས་གྱུར་ཅིང༌། །བོད་འབངས་མཐའ་དག་རྡོ་རྗེ་རྣལ་འབྱོར་མའི། །བདེ་ཆེན་སྙིང་རྗེའི་མངའ་རིས་གཅིག་པུར་གྱུར། །རྗེ་རྒྱལ་བཙན་པོས་བླ་མ་བདེ་བ་ཆེ། །ཕུལ་བྱུང་འབྱོར་པ་རྒྱ་མཚོས་བསྙེན་བཀུར་ཚེ། །


TN00_Page_064A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འདིར་ཐེག་མཆོག་རྒྱས་པའི་རྟེན་འབྱུང་སླད། །འདི་ཡང་བླ་མེད་གསང་བའི་མཆོད་པ་འབུལ། །བསྔགས་འོས་རིགས་ཀྱི་ཚངས་པའི་རལ་པ་བརྒྱུད། ཁྲི་སྲོང་མ་དྲོས་མཚོ་ལ་གཡས་སུ་བསྐོར། །གསུང་མཆོག་པདྨའི་རྒྱ་མཚོར་གཅིག་ཏུ་འདྲེས། །གངྒཱའི་དཔལ་མོ་གཉིས་པར་མཚོན་མིན་ནམ། །པདྨའི་རིགས་ཡུམ་ཞི་ཁྲོ་དབྱེར་མེད་ཀྱང༌། །ཐུན་མོང་ངོར་བྱས་ཏི་སྒྲོ་བྲག་སོགས་སུ། །རྡོ་རྗེ་ཕག་མོའི་དབང་དང་རིམ་གཉིས་ལ། །སྦྱངས་པས་དངོས་གྲུབ་རྒྱ་མཚོའི་ཕ་རོལ་གཤེགས། །དེ་ནས་རྟ་ཕག་བདེ་བའི་མེ་ཆེན་གྱིས། །བརྟན་གཡོའི་འཇིག་རྟེན་གསེར་བསྲེགས་བཞིན་དུ་སྦྱངས། །ས་ཀུན་རྡོ་རྗེའི་གནས་ཀྱི་དཔའ་བོ་དང༌། །རྣལ་འབྱོར་མ་ཚོགས་སྤྱོད་པའི་ཞིང་དུ་བསྒྱུར། །མི་དང་མི་མིན་འགྲོ་བའི་ཚོགས་མང་རྣམས། །ཧེ་རུ་ཀ་དཔལ་རིགས་སུ་སྨིན་མཛད་ཅིང༌། །དཀོན་མཆོག་གསུམ་ལ་གནོད་བྱེད་གདུག་པ་རྣམས། །རྣམ་ཐར་སྒོ་གསུམ་དབྱིངས་སུ་ཕུར་བུས་བཏབ། །སྔ་ཕྱིའི་གདུལ་བྱ་སྣ་ཚོགས་ལ་བརྩེ་བས། །མཚོ་སྐྱེས་སྤྱན་སྔར་རྒྱུད་ལུང་མན་ངག་གི༌།ཆོས་ཚུལ་མཐའ་ཡས་བཤད་པར་གསོལ་བཏབ་ཅིང༌། །ཉན་བཤད་དྲི་ཞུས་བཀའ་ཡི་བསྡུ་བ་མཛད། ཁྱད་པར་མ་འོངས་འགྲོ་བའི་དོན་སླད་དུ། །ཆོས་ནོར་དམ་རྫས་གཏེར་ཁ་དཔག་མེད་སྦས། །མཁའ་འགྲོ་དམ་ཅན་ཚོགས་ལ་གཉེར་བྱང་གཏད། །བསྟན་ཞབས་


TN00_Page_064B
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གྱིས་སྐྱོང་བའི་སྨོན་ལམ་བཏབ། །སྐད་ཅིག་བསྐལ་བར་མཉམ་པའི་དབང་འབྱོར་མཐུས། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་བོད་དང་ནི། །དེ་སྙེད་བོད་ཆེན་རྣམས་སུའང་ཚུལ་འདི་ཡིས། །བསམ་གྱིས་མི་ཁྱབ་ཕྲིན་ལས་མཉམ་དུ་མཛད། །ལྗོངས་འདི་བཀའ་དྲིན་ཆེན་པོ་རྗེས་བསྐྱངས་ནས། །བློ་དམན་སྐྱེ་བོས་བརྙས་པ་སྤོང་ཕྱིར་དང༌། །སྐལ་ལྡན་མི་རྣམས་མཐོང་ལ་འདུན་ཕྱིར་དང༌། །རྗེས་འཇུག་རིག་འཛིན་སྒྲུབ་ལ་སྤྲོ་བའི་ཕྱིར། །རགས་ལུས་འཇའ་ཚོན་ལྟ་བུའི་སྐུར་མཛད་ནས། །འཆི་མེད་ལམ་སྲང་མཐོན་པོར་རབ་འཕགས་ཏེ། །ཕྱིར་ཞིང་ལྔ་བདོར་སྐྱེས་པའི་ཉམ་ཐག་འགྲོར། །ཐུགས་རྗེའི་སྤྱན་རས་ཆགས་བཞིན་རིང་དུ་བཞུད། །དེ་ནས་ལངྐའི་ཡུལ་གྱི་གཙུག་ཏོར་རྩེར། །གྲངས་མེད་རིག་འཛིན་མཁའ་འགྲོའི་ཚོགས་དབུས་སུ། །མི་ཟད་ལྷན་སྐྱེས་བདེ་བའི་ཆང་གསོལ་ཞིང༌། །པདྨ་བཛྲ་མཆོད་ལ་བརྩོན་པས་བཞུགས། །འདི་ནི་རིས་བྲལ་སྔགས་པའི་ཕུན་ཚོགས་གཞི། །ས་གསུམ་གསང་སྔགས་འབྱུང་བའི་རིན་ཆེན་གཅིག །གླིང་བཞིར་ལོ་ཏོག་ཁྱད་པར་སྨིན་བྱེད་ཅིང༌། །སྣང་བའི་མཆོག་སྦྱིན་ཉི་མ་གཅིག་པུས་ནུས། །ཤེར་ཕྱིན་སྙིང་པོའི་མན་ངག་བདུད་གཅོད་ཀྱིས། །གཞན་ཕན་ཆེར་སྤྱོད་གཡེ་ཡི་ལབ་སྒྲོན་སོགས། །ཕྱི་མའི་དུས་ཀྱང་བསིལ་ལྡན་འཛིན་ན་འདིར། །རྗེས་དྲན་སྒོ་མང་བྱིན་གྱིས་བརླབས་པ་ཡིན། །


TN00_Page_065A
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་འོད་ཟེར་སྤང་སྟོན་ཆོས་དབང་སོགས། །ཚངས་པའི་མེ་ཏོག་སྐྱེས་རབས་ཕྲེང་བ་ཀུན། །སེམས་ཅན་འདུལ་བའི་ཕྲིན་ལས་གྲོགས་མཛད་ཕྱིར། །སྣ་ཚོགས་གཟུགས་ཀྱིས་དུས་བཞིར་ཉེ་བར་གནས། །གང་ཕྱིར་ཐོག་མེད་ནས་བསྒྲུབས་སྨོན་ལམ་དང༌། །ཐབས་ཤེས་བདེ་བའི་དམ་ཚིག་གིས་བསྡམས་ཤིང༌། །ཆོས་དང་ལོངས་སྤྱོད་རྫོགས་སྐུ་གཅིག་པའི་ཕྱིར། །ལྷན་ཅིག་ཙན་དན་ཤིང་དང་དྲི་བཞིན་འབྱུང༌། །དུས་ཀྱི་མཐར་ཡང་རིག་འཛིན་འཇིགས་མེད་གླིང༌། །དབེན་པར་མཆོག་གི་རྣལ་འབྱོར་པ་བཞུགས་ཚེ། །འོད་གསལ་གཉིད་ཀྱི་རང་སྣང་མཆོད་རྟེན་དྲུང༌། །སྙིང་ཐིག་གསང་བའི་ཆོས་མཛོད་མངོན་དུ་གཏད། །སླར་ཡང་པདྨ་འོད་ཀྱི་ཕོ་བྲང་ཆེར། །རིག་འཛིན་བླ་མ་མཁའ་འགྲོའི་འཁོར་ཚོགས་བཅས། །དཔང་དུ་བཀོད་ནས་བརྡ་ཡི་ཐབས་འཕྲུལ་གྱིས། །ས་སྟེང་ཆོས་ཀྱི་རྒྱལ་སྲིད་བྱེད་པར་གནང༌། ཁྱད་པར་སྒྲགས་མདའ་མཚོ་རྒྱལ་བླ་མཚོ་རུ། །བུང་བའི་གཟུགས་ཅན་མཁའ་འགྲོའི་གདངས་སྙན་གླུས། །སྣང་སེམས་བདེ་བ་ཆེན་པོར་མྱོས་པ་ལས། །ངེས་དོན་ནང་གི་མཁའ་སྤྱོད་གསལ་བར་གཟིགས། །དེ་ཚེ་རབ་འབར་ཆགས་པའི་ཁ་དོག་ཅན། །ལྷན་སྐྱེས་བདེ་བའི་ན་ཚོད་དར་བབས་ཤིང༌། །ཀུན་རྟོག་བག་ཆགས་བཅས་པའི་གཡོགས་པ་སྤངས། །རྡོ་རྗེའི་ཕར་ཕྱིན་མང་པོས་ལེགས་པར་བརྒྱན། །བདེ་བའི་རོལ་མོ་སྟོང་པ་སྒྲོགས་པའི་


TN00_Page_065B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས། །མ་ལུས་དེ་བཞིན་གཤེགས་རྣམས་བསྐུལ་བྱེད་ཅིང༌། །ཤེས་རབ་མཚོན་ཆས་གཟུང་འཛིན་འཁྲུལ་པ་གཅོད། །སྲིད་ཞིར་མི་གནས་འགྲོ་བའི་དོན་ཕྱོགས་པའི། །བླ་མེད་རྒྱུད་དོན་སྙིང་པོ་བདེ་ཆེན་ལམ། །ཡིད་འཕྲོག་རིག་འཛིན་རྒྱལ་མོའི་གཟུགས་གྱུར་པ། །དཔལ་ལྡན་ཁྲག་འཐུང་དཔྱིད་ཀྱི་དགའ་བའི་གཉེན། །རྒྱ་ཆེན་ཆུ་སྐྱེས་རིགས་ཀྱི་ཐིག་ལེ་དེ། །གཏིང་མཐའ་བྲལ་བའི་ཆོས་དབྱིངས་ཆུ་གཏེར་ལས། །མེ་ཆེན་ཕུང་པོ་གར་བྱེད་བཞིན་དུ་བཞེངས། །སྤྲོས་པའི་སྣང་བ་ནུབ་པའི་མཚན་མོ་རུ། །སྟོང་ཕྲག་ཉི་མའི་སྣང་བ་སྤྲོ་བཞིན་བཞུགས། །ཡེ་ཤེས་ལང་ཚོས་སྐུ་ཡི་བདེ་བ་བསྐྱེད། །ཆོས་ཉིད་རང་སྒྲས་གསུང་གི་ནུས་པ་སྤར། །དགོངས་ཀློང་མཉམ་སྦྱར་རིག་པའི་རྩལ་དབང་རྫོགས། །ཕྱི་ནང་གཞན་གསུམ་ཐིག་ལེའི་དབྱིངས་གཅིག་བསྲེས། །རྡོ་རྗེ་བཙུན་མོའི་དབང་དང་བསྐྱེད་རྫོགས་ལ། །བརྟེན་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ཚུལ། །ཚང་ལ་གནད་འདྲིལ་ནུས་པ་ཕུལ་བྱུང་བའི། །གདམ་ངག་བདུད་རྩིའི་བུམ་བཟང་གསར་པའང་བྱིན། །དེ་ནས་ཆེད་དུ་བརྗོད་པའི་མེ་ཏོག་ཆར། །ལུང་བསྟན་སྭ་སྟིའི་གླུ་དབྱངས་དང་བཅས་པས། །མཆོག་བདེའི་མཛའ་བ་མི་ཕྱེད་གྲུབ་པའི་རྒྱུན། །བརྒྱུད་འཛིན་ཕྲེང་བར་འཇུག་པའི་དགེ་མཚན་སྤེལ། ཁོ་མོ་ཆོས་དབྱིངས་ཟབ་མོའི་ཕུག་ཏུ་གནས། །དེ་ལས་འདིར་འོངས་འགྲོ་དང་འོང་བ་མེད། །ཉི་འོད་ལི་ཁྲིས་དམར་བའི་


TN00_Page_066A
[མ་དཔེ་གཟིགས་ན་འདིར་གནོན།]

མཁུར་ཚོས་ཅན། །ནམ་མཁའི་ལང་ཚོ་མ་དེ་གང་ནས་འོངས། །འགྲོ་མེད་འོང་བྲལ་བརྟན་གཡོ་ཀུན་ཏུ་འགྲོ། །ཉེར་བཞིའི་གནས་བདག་གནས་མེད་སྤྱོད་ཡུལ་ཅན། །གང་ཡང་བརྟགས་དཀའ་སྒྱུ་མའི་དཔལ་མོ་བདག །རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་འོང༌། །མཐོང་དང་རྗེས་སུ་དྲན་པའི་ལུས་ཅན་གྱི། །རྩ་ཁམས་རོ་མཉམ་རྡོ་རྗེར་བྱིན་རློབ་པ། །གདན་གསུམ་སྔགས་ཀྱི་གྲོང་ཁྱེར་ཁོ་མོའི་ལུས། །དངོས་གྲུབ་རྫོགས་ལྡན་སྙིང་པོའི་དཔལ་ལ་ལྟོས། །ང་ནི་བདེ་ཆེན་རྣལ་འབྱོར་ཆུ་བོའི་མཛོད། །རྒྱལ་རྣམས་བདེ་ཆེན་རྒྱ་མཚོ་བསྲུབ་ལས་བསྐྱེད། །དེ་ལས་དཀོན་མཆོག་ལོ་ཏོག་ཆེར་རྒྱས་ཏེ། །ང་ལས་མ་བལྟམས་དཀོན་མཆོག་གསུམ་ཡོད་མིན། །ཤུལ་རིང་སྲིད་པའི་འབྲོག་ཏུ་མན་ངག་གི༌།སྦྱིན་གཏོང་ཁང་པ་ཕྱུག་པོ་ཉེར་བསྒྲུབས་ཏེ། །ཚུར་ཤོག་སྐུ་གསུམ་འདོད་དགུའི་མཆོག་ལོངས་ཞེས། །སྐལ་ལྡན་མགྲོན་ལ་ཁོ་མོ་སྡོད་ཅིང་མཆིས། །ཀྱེ་ཀྱེ་ཆོས་ཚུལ་བཀྐུ་ལ་ཤིང་ནི། །བདེན་བྲལ་མཛེས་མའི་འགྲམ་ཆང་གིས་འབྱེད་དེ། །དགེ་ལེགས་དེ་ཡིས་རྣལ་འབྱོར་དབང་པོའི་ཚེ། །ཟླ་ཟེར་རེག་པའི་ཀུ་མུ་ཏ་བཞིན་བྱེད། །ཅེས་གསུངས་ཚོགས་བརྒྱད་སྲིན་པོའི་ཡུལ་གླིང་རྣམས། །རྩེ་དགའི་རྣམ་འཕྲུལ་རྒྱས་པས་ཟིལ་མནན་ནས། །བརྗོད་བྲལ་ནང་དབྱིངས་ཞི་བའི་པདྨ་འོད། །དེར་ནི་འཛུམ་ཞལ་མངོན་ཕྱོགས་དགྱེས་པར་གྱུར། །དང་པོ་གཞོམ་


TN00_Page_066B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་དཱའི་སྐྱེ་གནས་པ། །བར་དུ་དམ་ཆོས་ཡི་གེའི་རྒྱུན་མང་འཇོ། །ཐ་མར་མཁའ་འགྲོའི་བརྡ་ཡིག་གོང་བུར་གྱུར། །མཐར་ཐུག་སྙིང་དབུས་མི་ཤིགས་སྤྲིན་སྒྲར་ཐིམ། །རིག་འཛིན་བླ་མ་དེ་ཡི་ཟླ་བའི་ཞལ། །བསམ་ཡས་ཆོས་ཀྱི་ག་བུར་དོག་པ་ཅན། །ནུབ་རིར་གཟིམས་ལ་ཕྱོགས་པ་དབང་མིག་ལོར། །བརྟོད་པ་དམ་པོས་བཟུང་བའང་འདི་ཡིས་བྱས། །སྔོན་བྱུང་མཁའ་སྤྱོད་བསྒྲུབ་པའི་གཏེར་བརྒྱུད་ཀྱི། །ལམ་སྲོལ་ཕལ་ཆེར་ནུབ་ཅིང་འཆལ་བ་ན། །མྱུར་བདེའི་ལམ་བཟང་འདི་ཉིད་འཛིན་པ་བརྒྱས། །དྷུ་མ་ཐི་རའི་སྐལ་བཟང་རྒྱས་པར་བྱས། །ལྷ་དང་ལྷ་མིན་གྲུབ་པའི་རིག་སྔགས་འཆང༌། །དཔག་མེད་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྔོན་བཞིན་ཟབ་མོའི་དགོངས་གཏེར་ཡོངས་བཟུང་སྟེ། །སྐལ་ལྡན་རྣམས་ལ་རྒྱུན་དུ་སྣང་བར་ཤོག །སྐྱེ་བ་ཀུན་ཏུ་པད་འབྱུང་རྒྱལ་བ་དང༌། །ཡུམ་གཅིག་རྣལ་འབྱོར་མ་ཡི་ཞབས་བསྟེན་ཅིང༌། །དམ་ཚིག་མི་ཉམས་གསང་སྔགས་སྙིང་པོའི་གནད། །རྙེད་ནས་རྩེ་གཅིག་སྒྲུབ་ལ་བརྩོན་པར་ཤོག །སངས་རྒྱས་འབྱུང་བ་ལས་ཀྱང་རྙེད་དཀའ་བའི། །འོད་གསལ་སྙིང་པོའི་ལམ་མཆོག་མ་ནོར་བ། །དུས་རྣམས་ཀུན་ཏུ་ཕྱོགས་བཅུར་རྒྱས་བྱེད་ཅིང༌། །གོ་འཕང་བླ་མེད་འགྲོ་ལ་སྦྱིན་པར་ཤོག །སྟོང་ཆེན་དབྱིངས་སུ་རང་བྱུང་རིག་པའི་སྐུ། ཁྱད་ཆོས་དྲུག་གིས་མངོན་པར་བྱང་ཆུབ་སྟེ། །


TN00_Page_067A
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་འཁོར་ལོ་མཉམ་པར་སྡོམ་བྱེད་པའི། །ཀུན་ཏུ་བཟང་མོ་ཚེ་འདིར་འགྲུབ་པར་ཤོག །མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ལོ་རྒྱུས་དང་འབྲེལ་བའི་ཚིགས་སུ་བཅད་པ་དཔའ་བོའི་ཡིད་འཛིན་ཞེས་བྱ་བ་སྡོམ་བརྩོན་མཁས་དབང་དམ་པ་འཇིགས་མེད་འོད་གསལ་གྱིས་ཡང་ཡང་བསྐུལ་བའི་ངོར། འཇིགས་མེད་བསྟན་པའི་ཉི་མས་བྲིས་པ་འགྲོ་ཀུན་ཡེ་ཤེས་མཁའ་འགྲོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ནས་ཆེད་དུ་བརྗོད་པའི་སོགས་ཤོ་ལོ་ཀ་བརྒྱད་པོ་སླད་ནས་རང་ཉིད་ཀྱིས་བསྣན་པ་དགེ། ༈ །།ན་མ་ཛྙཱ་ན་ཙཎྜ་ལི་ཡེ། །རབ་དམར་ཉི་མ་སྟོང་ཕྲག་བཞུས་པའི་རྡུལ། །འཇིགས་ཆེན་དུས་ཀྱི་ཞུགས་དང་འདྲེས་པ་བཞིན། །ས་གསུམ་མ་ལུས་བཟོད་དཀའི་གཟི་བརྗིད་ཀྱིས། །ཟིལ་གནོན་མཁའ་འགྲོའི་ཚོགས་རྗེ་རབ་གཏུམ་མ། །དག་ཅིང་བྱ་ལྟར་དྭངས་པ་འོད་བརྒྱའི་དབྱིག །མཐོང་བས་བདེ་ཆེན་དབྱིངས་སུ་ཡིད་འགུགས་པའི། །སྐུ་འདི་ལྷན་སྐྱེས་དཔལ་མོ་ཁྱོད་མིན་པ། །དྲེགས་ལྡན་སྒྱུ་མ་ཕལ་ལ་ཅི་སྟེ་ཡོད། །ཇི་ལྟར་སོས་ཀའི་རྒྱལ་མོའི་དུས་ཀྱི་མདངས། །མེ་ཏོག་རྒྱས་པའི་ནགས་ཀླུང་ཤར་བ་བཞིན། །བདེ་ཆེན་སྒྱུ་མ་མུ་མཐའ་མེད་པའི་མདངས། །ཕུན་ཚོགས་གཟུགས་སྐུའི་དཀྱིལ་འཁོར་འདི་ན་སྣང༌། །ཀྱེ་མ་འཇིག་རྟེན་ཡིད་འཕྲོག་དངོས་དགུ་ཀུན། །གསར་དུ་རང་ཐབ་ཤོར་བ་བཞིན་འབྱིང་བའི། །འོད་འབར་


TN00_Page_067B
[མ་དཔེ་གཟིགས་ན་འདིར་གནོན།]

པདྨོ་ཉི་ཟླའི་དཀྱིལ་འཁོར་གང༌། །གནོད་པའི་ཞབས་སེན་དེ་དག་དཔལ་དང་ལྡན། །དགེ་ལེགས་མཚན་མ་སྟོང་གིས་རབ་སྤ་བ། །དྲན་པས་འཇིགས་ཀུན་འཕྲོགས་པའི་ཞབས་དྲུང་འདིར། །ནོར་བུའི་ཐོར་ཚུགས་གཡོ་བའི་རིག་འཛིན་བརྒྱས། །བཏུད་ཀྱང་ངོ་མཚར་གཞན་ལྟ་ག་ལ་ཡོད། །སྨོན་དང་ནོར་བུའི་ཁྱད་པར་བརྒྱ་སྟོང་གིས། །མ་འཕྲོག་འཇིག་རྟེན་འབིག་བྱེད་འཆི་བའི་དུག །ཞབས་སེན་མེ་ཏོག་རྡུལ་གྱིས་བསྣུན་མ་ཐག །ཉམས་པས་འབྲལ་རུང་ཆོས་སུ་ད་གདོད་རྟོགས། །འདོད་མེ་འབར་བའི་ན་ཆུང་ཡན་ལག་ན། །རྒྱན་རྣམས་སྲེད་པའི་དུག་གིས་སྐོམ་པ་བཞིན། །ཞི་བསིལ་བདུད་རྩིའི་རེག་པ་ལ་ཉལ་བ། ཁྱོད་གཅིག་ཁོ་ནའི་ཞབས་གདུབ་འདི་དག་ལགས། །ལྡེམ་ཞིང་སྒེག་པ་རྨ་བྱ་མྱོས་པའི་འགྲོས། །འོག་པག་ངང་པའི་སྒྲ་སྙན་འཁྲོལ་བ་དང༌། །ལྷན་ཅིག་དཔའ་མོའི་དབུས་ནས་བསྐྱོད་པའི་ཚེ། །རྗེས་ཆགས་ངོ་མཚར་གཉིས་པ་སྙིང་ལ་འཕོ། །རྡོ་རྗེ་ལྟ་བུར་ཟླུམ་ཞིང་ཕྲ་བ་ཡི། །སྐེད་སྐབས་ལྕུག་ཕྲན་བཞིན་དུ་འགྱུར་བ་ན། །འབུམ་ཕྲག་དཔའ་བོའི་ཡིད་ཀྱང་ཤིག་ཤིག་ཏུ། །འགུལ་བ་རྟེན་འབྲེལ་ཆོས་ཉིད་མིན་ན་ཅི། །ནུ་བུམ་འབུར་བ་ལྷག་པའི་ཆོས་ཅན་དང༌། །དཀུ་སྐབས་ཞུམ་པ་མ་ཚང་སྐྱོན་ལྡན་མིན། །མཐོ་དང་དམའ་བའི་དབྱིབས་ཀྱི་ཁྱད་པར་ཀུན། །སྐུ་འདིའི་ནང་ན་རོལ་རྩེད་འགྲན་པ་འདྲ། །འོ་འཛིན་རྒྱས་པ་


TN00_Page_068A
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ལྟ་བུ་དང༌། །མཁྲེགས་ཤིང་མཐོ་བ་བུམ་པ་བཟང་འདྲ་དང༌། །གཞོན་ཞིང་འཇམ་པ་མེ་ཏོག་ཁ་བུས་ལྟའི། །གཟུགས་འདིས་ཇི་ལྟ་བུར་ན་མི་མཛེས་ལགས། །ཆུ་སྤྲིན་འཕྱུར་བའི་རླབས་དང་ནུ་འབུར་ནི། །ཟླུམ་པོ་འདི་དག་རེ་ལྡན་ཞིང་པ་དང༌། །རིག་འཛིན་དགའ་བ་སྐྱེད་ལ་མཚུངས་མོད་ཀྱི། །བདེ་ཆེན་སྦྱིན་པའི་ནུས་པ་སྤྲིན་ལ་མེད། །གང་གིས་མགུལ་ནས་བཅིངས་པས་གཞན་སེམས་ཀྱི། །འཆིང་བ་མཐའ་དག་ངེས་པར་ཟད་བྱས་ནས། །སླར་ཞིང་ཡོན་ཏན་ཁྱུད་མོ་བརྒྱད་འཆིང་བ། །ཕྱག་འདི་ཡ་མཚན་ལས་ཀྱང་ཕུལ་བྱུང་ལགས། །ལྷན་ཅིག་སྐྱེས་པའི་དེ་ཉིད་མི་ཤེས་པར། །སྒེག་མོའི་མཛའ་བ་ལ་ཆགས་སྙན་དངགས་མཁན། །ན་ཆུང་ལག་པ་པདྨ་ལྟར་བསྔགས་ཀྱང༌། །ཡིད་ཀྱི་འཆིང་བ་དེ་ལ་དེ་མི་འཚམས། །དངོས་གྲུབ་དགའ་བ་འདོད་པའི་ན་ལུང་དུ། །གང་མཚན་དབང་གི་ལྷ་མོར་སྙན་པའི་བཅུད། །ཀྱོ་བའི་ཟོལ་གྱིས་མིག་སྔར་བབས་པ་ཡང༌། །ཕྱག་རྩེར་ཨ་མྲ་བཞིན་དུ་སྨིན་ནས་ཡོད། །དབང་ཆེན་པདྨའི་ལྕགས་ཀྱུ་འདི་གདེངས་པས། །ལྷུན་པོ་རལ་ཞིང་རྒྱ་མཚོ་གཏིང་ནས་འཁྲུགས། །བརྟན་དང་གཡོ་བའི་དངོས་ཀུན་རང་རང་ཚུགས། །ཞི་གནས་ཁབ་ལེན་ཉེ་བའི་ལྕགས་ལྟར་གདའ། །གུག་ཅིང་རྣོ་བ་ལྕགས་ཀྱུའི་མཚོན་འདི་ནི། །དབང་གི་སྙེམས་པས་བསྒྱིངས་ཤིང་འཕྱར་བ་སྟེ། །སྟོང་ཕྲག་དགེ་


TN00_Page_068B
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འཁྱིལ་བའི་བུམ་བཟང་འདིས། །སྙེམས་པའི་རྒྱུ་མཚན་དེ་དག་འཆད་པ་འདྲ། །འཆི་བ་གཏོར་ཞིང་ཚེ་ཡི་རྒྱུན་འབེབས་པ། །ཨ་བྷི་ཥིཉྩའི་བྱིན་རླབས་ཟ་མ་ཏོག །བཀུར་ནས་འཆི་མེད་འདོད་པ་སུ་ཡོད་ཅེས། །འཇིག་རྟེན་ཀུན་ཏུ་ཡིད་ཀྱི་ཤུགས་ཀྱིས་འཇུག །སྙིང་རྗེའི་དཔལ་མོ་དུས་གསུམ་དུས་མེད་པར། །རྗེས་འཛིན་དཀའ་བ་མཛད་མ་ཁྱོད་བཞུགས་ཀྱང༌། །སྒོམ་དང་བཟླས་པའི་སློང་མོ་མི་ནུས་པར། །འཆི་བཞིན་རང་མལ་ཉལ་རྣམས་ཀྱེ་མའོ་སྨད། །དཔའ་བོའི་སེན་རྟགས་བཏབས་པའི་ནུ་འཁོར་དང༌། །འཛུམ་གསུམ་རི་མོས་སྒེག་པའི་མགུལ་པ་དང༌། །བིམ་པའི་དམར་བ་ལ་འཕྱ་ཞལ་གྱི་སྒྲོས། །འབུས་དང་ཕྱེ་བའི་འཚལ་ལྟར་སོ་སོར་མཛེས། །རྒྱུད་དོན་ཚིག་རེར་རྫོགས་པ་རྡོ་རྗེའི་གླུ། །སྒྲ་དབྱངས་རྒྱ་མཚོའི་རྒྱུད་དུ་བླངས་པ་ན། །དབྱངས་སྙན་དྲི་ཟ་མོ་རྣམས་པི་ཝཾ་ཡང༌། །རང་རང་གནས་སུ་བག་ལ་ཞ་བར་ཟད། །རྣལ་འབྱོར་ནུས་པ་བ་ཀུ་ལ་ཡི་ཁམས། །དངོས་གྲུབ་མེ་ཏོག་ཕུང་པོ་བག་ལ་ཉལ། །གསང་སྔགས་སྒེག་མོའི་འགྲམ་ཆང་གིས་བྲན་པས། །ལས་དང་ཡེ་ཤེས་གྲུབ་པའི་གནས་སྐབས་རྫོགས། །མཚར་སྡུག་ཚེམས་དཀར་འོད་དང་དབྱངས་བདུན་གླུ། །ཨུཏྤལ་པདྨོའི་དྲི་དང་སྦྲང་རྩིའི་རོ། །མངོན་པར་དགའ་བའི་ཕུན་ཚོགས་འབྱོར་པ་ཀུན། །འཛུམ་ཁྲོའི་ཞལ་འདིར་དུས་གཅིག་འོང་བ་སྙམ། །གཞོན་ཤ་རྒྱས་པའི་མཁུར་ཚོས་ཐིག་ལེ་ནི། །རྣ་རྒྱན་ནོར་བུའི་འོད་ཀྱིས་རབ་སྣུམ་པ། །རྩེ་དགས་འགྱིང་བས་ཕན་ཚུན་ཞལ་གཟིགས་


TN00_Page_069A
[མ་དཔེ་གཟིགས་ན་འདིར་གནོན།]

ན། །མཚམས་སྤྲིན་འཇིངས་སུ་གློག་དམར་འཁྱུག་པ་བཞིན། །ལྟག་འོག་སུམ་ཆ་འདས་པའི་ཞལ་རས་དབུས། །རན་པར་མཐོ་བའི་ཤངས་ཀྱི་དབྱིབས་ལེགས་པ། །རིགས་ཀྱི་མཛེས་པའི་ཁྱད་ནོར་སྲུང་བཞིན་དུ། །མཚན་དཔེའི་རིགས་གཞན་ལ་ཡང་མཛེས་པ་སྐྱེད། །དྭངས་གསལ་དཀར་ནག་ཕྱེས་པ་པདྨའི་མིག །དབང་པོའི་གཞུ་ལྷར་འཁྱོགས་པའི་སྨིན་མ་ཅན། ཁྱོད་ཀྱི་མཁྱེན་རབ་འདི་དང་མིག་འདིའི་མདུན། །ཆོས་ཀུན་རང་གི་གསང་ཚིག་འཆད་པ་ལྟ། །དགྱེས་མཛེས་ཞལ་འདིར་གངྒཱའི་རྡུལ་སྙེད་ཀྱི། །དཔའ་བོའི་མིག་རྣམས་བསམ་གཏན་བྱེད་པའི་ཚེ། །ཡིད་ཙམ་ཟུར་མིག་བབས་པས་རྗེས་བཟུང་བ། །སྙིམ་པའི་སྣོད་དུ་བདུད་རྩི་ཟག་པ་འདྲ། །སྟངས་ཟིལ་དབུ་སྐྲའི་དྲི་ཞིམ་ལི་ཤིའི་རྡུལ། །རིགས་བདག་སྣང་མཐའ་ཡས་པའི་འོད་ཟེར་དང༌། །ལྷན་ཅིག་འདྲེས་པས་ཆུ་མཐོང་ཐ་གྲུ་ཀུན། །གཡང་དང་ལྡན་པའི་ཁྱིམ་བཞིན་བརྗིད་པར་མཐོང༌། །འོད་ཀྱི་མཚན་མ་བར་སྣང་ལ་འཕྱོ་བས། །ས་འོག་གསེར་གྱི་འབྱུང་ཁུངས་ཤེས་པ་བཞིན། །པདྨ་ཅན་གྱི་ཞལ་རས་རྒྱས་པ་འདིས། །སྦས་དོན་སྣ་རྩེ་མཁའ་འགྲོ་གདོང་ཡང་ཤེས། །སེམས་ཀྱི་བུང་བ་མྱོས་བྱེད་སྦྲང་རྩི་ཅན། །འདི་ལགས་ཆ་གཞན་འདི་ཡི་ངད་ལགས་ཏེ། །ཚེ་དཔག་མེད་ཀྱང་ཁ་སྦྱོར་བདེ་བའི་སྐུས། །རྡོ་རྗེའི་གནས་འདིའི་དགའ་བ་བསྟན་པར་མཛད། །སྣ་ཡིས་སྣ་བཅིངས་རླུང་གིས་རླུང་བསྐྱོད་དེ། །ཞུགས་ཀྱིས་ཞུགས་པར་ཨ་དྭི་ཀ་དྭིའི་སྤྲིན། །རྡོ་རྗེ་ནམ་མཁའ་


TN00_Page_069B
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བསམ་བརྗོད་མེད་ཀློང༌། །འདྲེན་པའི་རེས་དོན་ལྕགས་ཀྱུ་འདི་ལགས་སོ། །གང་གི་རང་བཞིན་དཀའ་ཐུབ་བཟླས་བརྗོད་དང༌། །ཡང་དག་འཇོག་པ་ཕལ་གྱིས་ཤེས་མིན་པའི། །ཟབ་མོ་ནང་གི་མཁའ་སྤྱོད་བདེ་བ་ཆེ། །རྡོ་རྗེ་དབྱིངས་མ་འདིས་ནི་མངོན་སུམ་སྟོན། །ཟབ་དང་རྒྱ་ཆེའི་མན་ངག་གཞན་དག་གིས། །བགྲང་ཡས་བསྐལ་པའི་ཕ་མཐར་རྟོགས་བྱ་བ། །ཟུང་འཇུག་སྒྱུ་འཕྲུལ་ཉི་མ་འོད་པོ་ཆེ། །ཞལ་འདིའི་དེ་ཉིད་ཤེས་པས་ཚེ་འདིར་འགྲུབ། །སྐུ་འདིའི་ཡོན་ཏན་ཅི་ཙམ་ཟབ་པ་དང༌། །རྒྱ་ཆེ་དེ་ལྟར་དམ་པའི་བདེ་བ་ཡང༌། །ཟབ་ཅིང་རྒྱ་ཆེར་འཆར་བའི་ཚུལ་བརྗོད་ཕྱིར། །བསྟོད་པའི་སྒོ་འདི་སེའུ་བཅུའི་ངག་འདྲ་མིན། །དེ་ལྟར་རྒྱལ་ཡུམ་འཕགས་མ་ཚེ་སྦྱིན་མའི། །ཡིད་འཕྲོག་སྐུ་ཡི་ཆ་ཤས་ལ་བསྔགས་པ། །བྱིས་པས་མེ་ཏོག་གང་དགར་བརྒྱུས་འདྲ་འདི། །ཡུམ་གཅིག་རྗེས་བརྩེ་ཁོ་ནས་བདག་གིར་བཞེས། །འཆི་མེད་ཙཎྜ་ལིའི་སྐུ་རྡོ་རྗེ་གསང་བ་བསམ་གྱིས་མི་ཁྱབ་པའི་ཆ་ཤས་རགས་རིམ་ཙམ་ཞིག་ཉུང་ངུའི་ངག་གིས་བསྔགས་པ་རྡོ་རྗེ་སྒྲ་མའི་རྒྱུད་མངས་ཞེས་བྱ་བ་རྡོ་རོང་གི་གཞོན་ནུ་རིགས་པར་སྨྲ་བའི་རྒྱུད་མངས་མཁན། །འཇིགས་མེད་བསྟན་པའི་ཉི་མས་ས་གླང་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་ལ་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། ༈ །།སྙིང་རྗེའི་དབང་ཕྱུག་མགོན་མེད་འགྲོ་བ་རྣམས། །དབུགས་འབྱིན་བུད་མེད་སྒྱུ་འཕྲུལ་ལ་ཞུགས་ནས། །རབ་འབྱམས་ཞིང་ཀུན་མཚན་གྱི་འབྲུག་སྒྲ་ཡིས། །


TN00_Page_070A
[མ་དཔེ་གཟིགས་ན་འདིར་གནོན།]

འགེབས་མཛད་མྱུར་མའི་ཞབས་ལ་སྐྱབས་སུ་མཆི། །སྦྲང་རྩིའི་བརྟུལ་ཞུགས་མེ་ཏོག་བསུང་ཚོར་བཞིན། །མི་འཇིགས་བདེ་བ་དོན་གཉེར་སེམས་ཅན་ཀུན། །སྒྲོལ་མ་ཞེས་བྱའི་མཚན་ཙམ་ཐོས་པས་ཀྱང༌། །ཕུལ་བྱུང་ཞིང་ལ་རབ་དགའི་འཇུག་པ་སྐྱེ། །ཐུགས་རྗེ་ཆེན་པོའི་སྦྱར་བ་རྣམ་དག་དང༌། །རླབས་ཆེན་བསོད་ནམས་ཡེ་ཤེས་མཐུ་གྲུབ་པའི། །སྙན་པ་ཡོངས་འདུས་འདབ་ལྟར་རྒྱས་པའི་འཛུམ། །ཏཱ་རེའི་ཡི་གེར་མེ་ལོང་གཟུགས་བཞིན་ཆགས། །དེ་སླད་དབྱངས་སྙན་མཐོ་རིས་རོལ་མོས་ཀྱང༌། །ཡི་གེ་གཉིས་འདིའི་ངོ་མཚར་མི་སླེབ་ཕྱིར། །མཁས་པའི་སྨྲ་སྒོ་གཅིག་ནས་གཅིག་ཏུ་ནི། །ཡུམ་གཅིག་ཁྱོད་མཚན་ཁོ་ན་རྟག་ཏུ་འཇུག །བྱིན་རླབས་གསེར་སྦྱངས་འོད་འབར་མཚན་གྱི་ནི། །འཁོར་ལོ་འཆང་བའི་རིགས་ངན་དབུལ་པོ་བརྒྱ། །བརྒྱ་བྱིན་གཙུག་ཕུད་རིན་ཆེན་སྙེ་མའི་སྟེང༌། །རྐང་སེན་རོལ་པའི་དབང་ཕྱུག་འདོད་དགུར་འཛིན། །འོན་ཀྱང་སྟོབས་བཅུ་མངའ་བའི་མིང་ཡིག་གིས། །དྲེགས་ལྡན་གཟི་བརྗིད་འགོང་བ་ངོ་མཚར་མིན། །མཚན་ཙམ་དྲན་པས་བསྐལ་མང་མཐོང་དཀའ་བའི། །པདྨའི་ཞལ་རས་མངོན་སུམ་བལྟ་ལ་དབང༌། །རབ་གསར་སྐྲ་མཆོག་ནོར་བུའི་མྱུ་གུ་ནི། །ཤིས་བརྗོད་གདངས་སྙན་དལ་གྱིས་དགོད་པ་ཡི། །སངས་རྒྱས་འོད་ཀྱི་དཀྱིལ་འཁོར་ནང་སོན་པ། །ཆར་སྤྲིན་ནང་ནུབ་དཔལ་གྱི་རི་རྩེ་བཞིན། །གཞོན་ཞིང་མདངས་གསལ་བཅུ་གསུམ་ཟླ་བ་ལྟར། །ཤིན་ཏུ་


TN00_Page_070B
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ལེགས་ཨུཏྤལ་མིག་ཡངས་དང༌། །རིམ་པར་འཚམས་པའི་ཤངས་སོགས་རང་བཞིན་རྒྱན། །དག་ཅིང་གཙང་བ་རྣམས་ཀྱིས་ཞལ་ཁྱིམ་མཛེས། །བིམ་པའི་ཞལ་སྒྲོས་ཕྱེ་བའི་མཐོང་སྐབས་ནས། །ཐགས་བཟང་ཚེམ་དཀར་འོད་དང་མེ་ཏོག་བསུང༌། །ལྷན་ཅིག་ཚངས་དབྱངས་བདུད་རྩིའི་སིལ་སྙན་གྱིས། །སྐྱོ་དུབ་མེད་པར་ཀུན་ཡིད་ངལ་འཚོ་སྦྱིན། །རབ་འབྱམས་བརྟན་གཡོ་གསལ་རྫོགས་རང་གི་གཟིས། །ཞིང་ཁམས་རྒྱ་མཚོའི་ཉི་ཟླ་སྤ་འགོང་ཞིང༌། །ལྷ་ཡི་ལྷ་བཞིན་ཆོས་ཀྱི་རང་སྒྲ་ཅན། །ཡིད་བཞིན་རྒྱན་ཕྲེང་མང་པོས་ལྷག་པར་སྤ། །དྲི་མེད་ལྷུན་པོའི་མཐིལ་བཞིན་ལེགས་གང་བའི། །བྲང་གི་འོས་ནི་ནུ་བུམ་མཐོ་བས་བརྒྱན། །དཔག་བསམ་ཤིང་ཏོག་ལྟ་བུར་བཟུང་བ་ཡི། །ནུ་ཏོག་བུར་བས་འདུད་རྩིའི་འཛུམ་ཟེར་འགྱེད། །ཕྱག་གཡས་འགྲོ་ལ་མཆོག་སྦྱིན་ཕྱག་རྒྱ་ཅན། །གཡོན་པས་འཇིགས་བཅས་སྐྱོབ་པའི་ཕྱག་སྟབས་མཛད། །གོས་པ་མེད་པའི་སྙིང་རྗེའི་སྤྱན་རས་ནི། །དུས་ཀུན་མི་ཟུམ་ཨུཏྤལ་མཚན་མ་འཆང༌། །ལེགས་ཚོགས་ཉེ་འཁོན་མེད་པར་འགྲེམ་མཛད་ཅིང༌། །རྒུད་པ་མཐའ་དག་ཡུད་ལ་འཕྲོག་ནུས་ཞེས། །བསྙེད་བྲལ་དཔའ་མོའི་སྟངས་སྟབས་དུས་ཀུན་ཏུ། །བསྟན་འདིས་ཐར་འདོད་ཡིད་ལ་ཅིས་མི་འཕྲོག །སྐེད་སྐབས་གཞུ་ཡི་ཆང་ཟུང་ལྟར་ཕྲ་ཞིང༌། །ཀུན་ནས་ཟླུམ་ཕྱིར་སྟོད་སྨད་མཛེས་པར་ཕྱེད། །འགྱིང་བས་ཡིད་འཕྲོག་སྐེད་ཆིངས་ཤིན་ཏུ་འཚམས། །ཟབ་ཅིང་གཡས་འཁྱིལ་ལྟེ་བ་ཟླུམ་པོར་


TN00_Page_071A
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །སིལ་ཁྲོལ་གཡེར་ཁའི་དྲ་བ་བརྒྱ་ཕྲག་གིས། །ཞི་བའི་འགྲོས་ལ་སྙན་ངག་སྨྲ་འདྲ་བ། །རྒྱས་ཤིང་འཚམས་པའི་སྐུ་སྨད་ལྟ་ན་སྡུག །སྐྱིལ་ཀྲུང་བཅིང་བ་ཁོར་ཡུག་རི་བཞིན་བརྗིད། །དེ་ཕྱིར་ཁྱོད་སྐུ་མངོན་སུམ་མཐོང་མ་ཐག །མཛེས་སྡུག་ལྕགས་ཀྱུས་ཡིད་ནི་འདྲེན་འགྱུར་ཏེ། །དེ་ཚེ་བྱིན་རླབས་ཟབ་མོའི་སྐབས་རྙེད་པས། །ཡེ་ཤེས་ཞགས་པས་གཏན་དུ་འཆིང་བར་འགྱུར། །འདོད་པའི་དུག་ཅན་ལྷ་ཡུལ་སྒྱུ་བྱེད་མའི། །ལང་ཚོ་དོན་གཉེར་དཀའ་ཐུབ་ཆེར་སྤྱོད་ན། །བལྟ་བས་མི་ངོམས་སྲིད་ཞིའི་འཇིགས་ཕྲོག་མ། ཁྱོད་ཕྱིར་བརྟུལ་ཞུགས་སྒྲུབ་ལ་མཚར་དུ་ཅི། །དེ་ལྟའནག་རྨོངས་པའི་འཇིག་རྟེན་ཆོས་ཉིད་དང༌། ཁྱོད་ཀྱི་མཚན་ཐོས་རྙེད་དཀའ་ལ་བསམ་ཚེ། །གནས་སྐབས་ཕྱི་རོལ་འཇིགས་པས་ཡིད་སྐྲག་སྟེ། །མྱུར་མའི་མཚན་ཙམ་འཛིན་པའང་ཆེས་ངོ་མཚར། །གངྒཱའི་རྡུལ་སྙེད་མ་དག་ཞིང་རྣམས་ན། །ཕྲ་རགས་ནང་གི་འཇིགས་པས་སུན་ཕྱུངས་ནས། །བཅོམ་ལྡན་འདས་མའི་ཞབས་པད་ཡིད་བྱེད་པ། །ཡངས་པའི་ས་རྡུལ་ལས་ཀྱང་ཆེས་ཆེར་མང༌། །གང་ཚེ་དགེ་བའི་ལས་ཅན་རྣམས་ཀྱི་སྣོད། །དག་པའི་ཞིང་ན་སྨོས་ཀྱང་ཅི་འཚལ་ཏེ། །ཀྱེ་མའོ་ཐོགས་མེད་འགྲོ་འདུལ་མཐུ་སྟོབས་བདག་ཁྱོད་ཀྱི་ཕྲིན་ལས་རྒྱ་ཆེ་མཉམ་མེད་ལགས། །ལ་ལར་ཞི་མ་ཡིད་བཞིན་ཚེ་འཕེལ་མ། ཁ་ཅིག་དྲག་མོ་འཇིག་རྟེན་གསུམ་འདུལ་མ། །གཞན་དུ་མ་ངེས་འཇིགས་པའི་འཕྲང་སྒྲོལ་མ། །རྣམ་པ་སྣ་ཚོགས་སྤྲུལ་པའི་གར་མཛད་


TN00_Page_071B
[མ་དཔེ་གཟིགས་ན་འདིར་གནོན།]

མ། །སྐལ་བཟང་ཡིད་མིག་མངོན་སུམ་མགུ་མཛད་ཅིང༌། །ལ་ལར་གཉིད་ཀྱི་མེ་ལོང་ནང་འཇུག་དང༌། ཁ་ཅིག་མིའི་སྣང་བརྒྱུད་ནས་འདུལ་ལ་སོགས། །སྒྱུ་མའི་རྣམ་འཕྲུལ་ཆོས་དབྱིངས་ཁྱབ་པར་སྟོན། །ཆགས་ཐོགས་སྤང་བ་ཡིད་མགྱོགས་རྫུ་འཕྲུལ་གྱིས། །མོས་ལྡན་མདུན་སར་སྐད་ཅིག་ཉིད་བྱོན་ནས། །གདམས་པའི་དུས་སྟོན་གདུལ་བྱའི་དུས་བཞིན་དུ། །སྩོལ་བས་ལུང་གི་ཆོས་ཚུལ་རྒྱས་པར་མཛད། །ཀུན་ཁྱབ་དབྱིངས་དང་རོ་མཉམ་རྡོ་རྗེའི་ཐུགས། །མཁས་པའི་ཡིད་དང་ངག་གི་སྒོར་བཞུགས་ནས། །ལེགས་བཤད་ཆུ་བོའི་རླབས་ལྟར་རིང་སྤྲོ་བས། །ལུང་གི་རོལ་རྩེད་ཀུན་ནས་ཀུན་ཏུ་འཕེལ། །ཡེ་ཤེས་གཟི་བརྗིད་བསམ་མི་ཁྱབ་པའི་དཔལ། །སྙིང་ལ་ཞུགས་པས་མ་རྟོགས་ལོག་རྟོག་དང༌། །ཐེ་ཚོམ་བལ་པ་་ཛ་ལྟར་འཛིང་པའི་རྒྱ། །གཅོད་བྱེད་རིགས་པའི་མདའ་རྣོན་ཅི་ཡང་འགྱུ། །ད་ནས་གདུལ་བྱའི་ཆོས་རབ་རྣམ་འབྱེད་མདའ། །རྒྱལ་ཡུམ་མདའ་མཁན་དགེ་མ་ཁྱོད་ཀྱི་མཐུས། །འཕང་བས་གནས་མིན་གཡང་དུ་མི་ལྟུང་བར། །རྣམ་པ་ཀུན་མཁྱེན་འབེན་ལ་ཐལ་གྱིས་འཇུག །བྱིས་པའི་ཅལ་ཅོལ་སྡེབས་སྦྱོར་མི་ལེགས་ཀྱང༌། །བརྩེ་བའི་ཡུམ་ཅིག་བསྟོད་པ་དང་དུ་བཞེས། །དོན་ལ་ནོངས་རྣམས་བུ་ཡི་རྒུད་པ་རུ། །དགོངས་ནས་དེ་རྒྱུར་བཅས་ཏེ་བཟློག་པར་མཛོད། །དགེ་བས་ཚེ་རབས་ཀུན་ཏུ་རྗེ་བཙུན་མའི། །ཞབས་སེན་མེ་ཏོག་ཕྲེང་བའི་ལ་ཐོད་ཀྱིས། །ཕྱི་ནང་འཇིགས་པ་བརྒྱད་ཀྱི་ཉེར་འཚེ་ཀུན། །ཕྲོགས་


TN00_Page_072A
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀུན་དགའི་དཔལ་ལ་ལོངས་སྤྱོད་ཤོག །སྙིང་ལ་འཕགས་མ་དགྱེས་པའི་འཛུམ་དཀར་འོད། །ཞུགས་པས་ཚེ་དང་ཡེ་ཤེས་དཔལ་འཕེལ་ཞིང༌། །ལེགས་བཤད་གཏན་པ་མེད་པའི་མཆོད་སྦྱིན་གྱིས། །མ་ལུས་འགྲོ་བའི་རེ་བ་སྐོང་བར་ཤོག །བདག་གི་མིང་དང་སྒོ་གསུམ་བྱ་བྱེད་ཀུན། །སེམས་ཅན་ཉམ་ཐག་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བའི་གྲུ་སྟེགས་དཔལ་མོ་ཁྱེད་བཞིན་དུ། །གྱུར་ནས་སངས་རྒྱས་ཕྲིན་ལས་བྱེད་པར་ཤོག། ༈ །།འཇིགས་མེད་རྔ་སྒྲའི་དབྱངས་ཀྱི་སྤྱན་སྔ་རུ། །ཉོན་མོངས་བདུད་སྡེ་འཇོམས་པ་སེང་གེའི་སྒྲས། །འཕགས་ཚོགས་སློབ་མ་ཁྲག་ཁྲིག་སྤ་བཀོང་བའི། །ལྷ་མོ་ཐུགས་རྗེ་མྱུར་མར་གྲགས་པས་སྐྱོངས། །སྟོབས་ཆེན་ཐུབ་པར་དཀའ་བའི་དགྲ་སྡེ་དང༌། །འཇིགས་རུང་སེང་གེ་ཁྲོས་པའི་དཔལ་བརྟུལ་བརྒྱ། །བཞད་པ་བརྒྱད་ལྡན་རྡོ་རྗེའི་ང་རོ་ཡིས། །འདར་བའི་སྤུ་ལོང་སྦྱིན་པའི་ཏཱ་རེ་མ། །མཆེ་བའི་རྩེ་བརྒྱ་གདེང་ལྡན་གླང་པོ་དང༌། །དུས་ཀྱི་ཆད་པ་འཛིན་པའི་བརྩོན་ར་ཡང༌། །གང་མཚན་དྲན་པའི་ཟིལ་གྱིས་རྣམ་འཐོར་བའི། །བྱམས་ཆེན་གདུང་བ་ཀུན་འཕྲོག་ཏཱ་རེ་མ། །རབ་འབར་བརྟན་གཡོ་ཟ་བའི་མེ་ལྕེ་དང༌། །དབུགས་ཆེན་དུག་རླང་འཕྱུར་བའི་ཁྲི་ལྡན་སྦྲུལ། །གང་ལ་སྐྱབས་གསོལ་འདེབས་པས་ཉེར་ཞིའི་གཟུགས། །ཀུན་དགའི་ལང་ཚོར་འབར་བའི་ཏཱ་རེ་མ། །རེག་གཅོད་སྤུ་གྲིའི་དཔལ་ལྟར་རྣོ་བ་ཐོགས། །ཤུགས་དྲག་རྒྱ་མཚོ་ཕྱུར་བའི་དབའ་རྒལ་


TN00_Page_072B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། །རྡོ་རྗེའི་ཡི་གེ་བཅུ་པའི་བྱིན་རླབས་ཀྱིས། །མི་འཚེའི་བརྟུལ་ཞུགས་འཛིན་མཛད་ཏཱ་རེ་མ། །མཛའ་བའི་དགའ་ཚལ་ཉམས་པའི་བཤེས་བྲལ་དང༌། །མི་སྡུག་སྐྱིན་ཐང་འབབ་པའི་ཆོམ་རྐུན་གཡུལ། །བྱམས་ཆེན་ཕྱག་རྒྱའི་ཟིལ་གྱིས་གནོན་མཛད་པ། །དཔའ་མོ་དགའ་ཆེན་རྒྱ་མཚོ་ཏཱ་རེ་མ། །གདུག་པ་མཛེ་ཡི་ནད་ཀྱིས་ལུས་རུལ་ཞིང༌། །སྡེ་བཞིའི་ཁྱད་ནོར་ཉམས་པའི་དབུལ་བ་ཡང༌། །གང་ཞབས་པདྨོ་མཆོག་གིས་དབུགས་འབྱིན་པས། །ཞལ་བཞེས་འགོང་བ་མི་མངའ་ཏཱ་རེ་མ། །སྨྱོ་འབོག་ཞགས་པ་འདེབས་བྱེད་དབང་པོའི་གདོན། །མི་གསོན་ཁྲག་ལ་ཀླལ་བའི་ཤ་ཟ་ཡང༌། །བདུད་ཀྱི་བདུད་ཆེན་ཁྲོས་པའི་དྲག་ཤུལ་གྱིས། །ཞུམ་པའི་གདུང་བ་སྟེར་མཛད་ཏཱ་རེ་མ། །གཏུམ་ཆེན་རྒྱལ་པོ་ལས་གྱུར་ཆད་པ་དང༌། །ཕུན་ཚོགས་འདོད་དོན་ཉམས་པའི་སྡུག་བསྔལ་ཀུན། །གང་ལ་བརྟེན་ནས་རྣམ་པར་ཞི་མཛད་དེ། །ཕན་བདེའི་དགེ་མཚན་ལ་སྦྱོར་ཏཱ་རེ་མ། ཁྱོད་ནི་རྣམ་མང་རྒྱལ་བའི་ཞིང་ཀུན་ཏུ། །འཇིགས་དང་གདུངས་བ་འཇོམས་པའི་ལྷ་མཆོག་ཅེས། །ངོ་མཚར་གྲགས་པའི་དཔལ་གྱིས་མངོན་མཐོ་བ། །བདག་ཀྱང་ཁྱོད་ཞལ་དྲན་པའི་གདུང་བ་སྐྱེ། །ལྷ་མོ་དམ་པའི་བདུད་རྩི་མཆོག་སྦྱིན་མ། །དེང་ནས་བདག་ལ་ཐུགས་བརྩེ་ཉེར་བཞག་སྟེ། །འཆི་མེད་ཚེ་དང་ཡེ་ཤེས་སྣང་བ་ཆེས། །མི་འབྲལ་བྱང་ཆུབ་བར་དུ་སྐྱོང་མཛོད་ཅིག །ཅེས་པ་འདིའང་དད་གཏོང་བག་ཡོད་ཀྱི་ཡོན་ཏན་དུ་མས་མཐོ་


TN00_Page_073A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགེ་རྒན་མ་ཏིའི་མཚན་ཅན་གྱི་ངོར་གཞོན་ནུ་འཇིགས་མེད་པས་བྲིས་པ་རྟག་ཏུ་དོན་ཡོད་པར་གྱུར་ཅིག། ༈ །།རྣམ་པར་དཀར་བའི་ལེགས་བྱས་ཕུང་པོར་མ་རྒད་མདངས་ཀྱིས་ཉེར་བྱུག་པ། །གང་ལ་ཐུགས་རྗེ་མྱུར་མ་ཞེས་བྱའི་གྲགས་སྙན་ཞགས་པ་རྟག་མངའ་བས། །འཇིག་རྟེན་གསུམ་གྱི་ཐ་གྲུ་མ་ལུས་ཅིག་ཆར་འཆིང་བའི་འཕགས་མ་དེས། །གཞན་འཕྲུལ་དབང་བྱེད་འདོད་ལྷའི་བདག་ཉིད་འཆིང་ཞིང་རྨོངས་པའི་ལས་མཛོད་ཅིག །བསྐལ་མང་གོམས་པའི་སྙིང་རྗེ་མཆོག་ནི་ཁྲོ་བའི་བློ་དང་མཛའ་བ་མིན། །འགྲོ་ལ་ཕན་བཞེད་ལྷག་པའི་ཐུགས་ནི་ཕྱོགས་དང་རིས་སུ་ཆད་པ་མེད། །ཀུན་ནས་དགེ་བའི་མཛད་བཟང་མཆོག་ནི་ནག་པོའི་ཆོས་སུ་བཤེས་མིན་པའི། །དཔའ་མོ་ཆེན་མོའི་མཐུ་སྟོབས་འཕྲུལ་ཆེན་བདུད་སྡེ་འཇོམས་པའི་གཤེད་མར་བཞེངས། །སྡིག་ཅན་བདུད་ལ་སྡང་བ་མིན་ཀྱང་བདུད་དཔུང་འཇོམས་པའི་གཤེད་དུ་ཆེ། །ཐུགས་རྗེས་འདོད་ལྷ་བཏང་བ་མིན་ཀྱང་དྲག་ཤུལ་མཛད་པས་བདུད་སྡེ་འདུལ། །སྐལ་བཟང་འགྲོ་ལ་ཆགས་པ་མིན་ཡང་བདུད་ལས་རྣམ་རྒྱལ་དངོས་གྲུབ་འཇོ། །བདུད་འདུལ་དྲག་མོ་མྱུར་མའི་ལྷ་དེས་དེ་རིང་བདུད་དཔུང་ཕམ་པར་མཛོད། །གཏོང་བ་ཆེན་པོ་ཤིན་ཏུ་གཏོང་བཅས་ཡོངས་སུ་རྫོགས་པ་མཐར་སོན་ཏེ། །ཆགས་པ་མེད་པའི་ཡེ་ཤེས་མཆོག་ལས་ནམ་ཡང་འདའ་བ་མ་ལགས་པས། །སྲེད་ལེན་འཆིང་བ་བརྟུལ་ལ་མི་བསྙེད་དཔའ་མོའི་མྱུར་མའི་མཐུ་བྱིན་གྱིས།


TN00_Page_073B
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྣའི་ཀུན་སྦྱོར་ཆ་བཅས་ལས་བྱུང་བདུད་ཀྱི་རྒྱུ་བ་བཟློག་ཏུ་གསོལ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ནི་རྣམ་བྱང་ཆོས་སུ་བཤེས་གྱུར་མོད། །དག་པ་མིན་པའི་བརྟུལ་ཞུགས་ཀུན་ལ་མྱ་ངན་བསྐྱེད་པའི་ཕོ་ཉ་བ། །གང་ལ་མངའ་མཛད་འཕགས་མ་སྒྲོལ་མས་བསྡུ་བཞི་མཐར་ཕྱིན་བདེན་པ་དེས། །ཉེས་སྤྱོད་མི་བཟད་བདུད་སྡེའི་གྲོང་ཁྱེར་རྨིང་ནས་འཇིག་པའི་ཕྲིན་ལས་མཛོད། །སྲིད་པ་ཇི་སྲིད་སྐྱོ་བས་མི་དུབ་འགྲོ་སྒྲོལ་སྤྱོད་པའི་ཁུར་བསྣམས་ཤིང༌། །སྲིད་དང་ཞི་བ་གཉིས་སུ་མི་དམིགས་ཟབ་མོ་བཟོད་པའི་མཐར་སོན་པས། །འཕགས་མ་མཆོག་ཅེས་གྲགས་པ་དོན་ལྡན་ཨོཾ་མཛད་ལྷ་མོའི་སྟོབས་ནུས་ཀྱིས། །སྡང་དང་རབ་རིབ་ཉེས་པའི་བདུད་དཔུང་སྨོད་ཐབས་བྱེ་བས་སྨད་པར་མཛོད། །བསམ་གྱིས་མི་ཁྱབ་སྙིང་སྟོབས་གོ་ཆ་མི་མཐུན་གཡུལ་གྱིས་བརྫི་བ་མེད། །ཇི་སྐད་སྨྲས་བཞིན་མི་འགོང་དམ་བཅའ་ཆོག་ཤེས་ཐབས་ཀྱིས་བསུབ་ཏུ་མེད། །བྱང་ཆུབ་མཆོག་ལས་མི་ལྡོག་བརྩོན་འགྲུས་ལེ་ལོས་རྒོལ་བའི་སྐབས་མེད་མས། །བྱ་བ་ངན་ཞེན་འདོད་ལྷའི་དམག་དཔུང་མིང་གི་ལྷག་མར་མཛད་དུ་གསོལ། །སྲིད་པའི་སྙོམས་འཇུག་སྲིད་རྩ་འགོག་ལ་ཤིན་ཏུ་ནུས་པ་ཕྲ་གྱུར་པ། །གང་དང་ཐུན་མོང་ནམ་ཡང་མ་གྱུར་ཟག་མེད་ཞི་བའི་ཏིང་འཛིན་སྤྲིན། །ཟག་པ་ཀུན་ཟད་མངོན་ཤེས་དམ་པའི་ཆུ་གཏེར་ལྟོ་བར་སྦྲུམ་པའི་ལྟས། །སྙོམས་འཇུག་སྒྲིབ་པའི་གཡུལ་ངོ་མ་ལུས་རྣམ་ཐར་རྒྱ་མཚོས་ཚར་ཆོད་ཅིག །


TN00_Page_074A
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་ཡུལ་ཅན་མཚན་མ་ཉེར་ཞི་ཆོས་ཉིད་གསང་བ་དེ་ཁོ་ན། །མཐར་འཛིན་ལྟ་བ་ཀུན་ལས་རྣམ་གྲོལ་སོ་སོ་རང་རིག་ཡེ་ཤེས་ཆེས། །མཐོང་རྒྱུ་མ་མཆིས་མཐོང་བའི་རྩེ་མོར་གཟིགས་པ་རྣམ་དག་ཏཱ་རེ་མས། །བདེན་ཞེན་འཁྲུལ་རྟོག་བདུད་ཀྱི་གཡུལ་ངོ་ལྔ་པའི་ལམ་དུ་སྦྱོར་མཛོད་ཅིག། ཡོན་ཏན་རིན་ཆེན་ནོར་བུའི་ཕྲེང་བ་ཀུན་ནས་དངར་བའི་འཕགས་མ་ལ། །ཡོན་ཏན་བསྔགས་པའི་བསྟོད་དབྱངས་སྤྲིན་ཆེན་རྒྱ་ཆེར་དཀྲིགས་པའི་ལེགས་བྱས་ལས། །ཡོན་ཏན་མི་ཟད་བསིལ་བའི་ཆར་ཟིམ་འཇིག་རྟེན་གསུམ་དུ་རྟག་འབབ་པས། །ཡོན་ཏན་ཆོས་མཆོག་ཐོབ་ལ་གེགས་བྱེད་བདུད་ཀྱི་རྒྱུ་བ་འགོག་གྱུར་ཅིག། ཅེས་པའང་གཞོན་ནུ་འཇིགས་མེད་པས་རང་ཉིད་བདུད་ཀྱིས་མི་རློབ་པའི་རེ་འདུན་ཡིད་ཀྱི་མེ་ལོང་དུ་བཀོད་ནས་གང་དྲན་ཅལ་ཅོལ་དུ་སྨྲས་པའོ།། །།སྔོ་ལྗང་ཤིང་ལོ་ཕྱུག་མོ། །དབྱར་གྱི་རི་བོའི་ཕུན་ཚོགས། །མཐིང་མདོག་ཆར་སྤྲིན་བླ་རེ། །དང་གསལ་ནམ་མཁའི་མཛེས་རྒྱན། །སྒྲོལ་མའི་ཞབས་རྡུལ་རྗེས་དྲན། །བློ་བཟང་ཡིད་ཀྱི་ལོངས་སྤྱོད། །བསིལ་བྱེད་སྙིང་རྗེའི་ལྡིང་ཁང༌། །ཡུམ་ཅིག་ཐུགས་ཀྱི་དཔལ་འབྱོར། །གསེར་མདོག་མེ་ཏོག་ནགས་ཚལ། །དབྱིག་འཛིན་ལན་བུའི་རྒྱན་ཆ། །འོད་སྟོང་མེ་ཤེལ་ཐིག་ལེ། །ཤར་ནུབ་ནམ་མཁའི་སྐྱེས་ཅིག། ཚེ་དང་ཡེས་ཤེས་གཏེར་ཁ། །སྐལ་བཟང་སྙིང་གི་དགའ་སྟོན། །མཆོག་སྦྱིན་བྱིན་རླབས་བདུད་རྩི། །ཐུགས་རྗེ་མྱུར་བའི་ཕམ་ཕབ། ༈ །ཀུན་རྟོག་སྤྲོས་པའི་གྲྭ་ཟུར་བརྒྱད་ཅུའི་ཁམས། །ཀུན་ཟླུམ་ཐིག་ལེ་གཅིག་གི་དབྱིངས་ཐིམ་པས། །ཀུན་སྣང་བདེ་སྟོང་གཉུག་མའི་ལྷར་བཞེངས་པ། །ཀུན་བཟང་གཞོན་ནུ་བུམ་པ་དབྱིངས་ཀྱི་སྐུ། །རྣམ་མེད་སྟོང་པ་ཉིད་ཀྱི་


TN00_Page_074B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དང༌། །རྣམ་མང་བདེ་བའི་ཡེ་ཤེས་མཉམ་སྦྱར་བས། །རྣམ་པ་ཀུན་གྱི་མཆོག་ལྡན་ཧེ་རུ་ཀའི། །རྣམ་རོལ་སྲིད་དང་ཞི་བའི་ཕ་མཐར་གདལ། །སྤྲོས་མེད་འོད་གསལ་ཆེན་པོ་རིག་པའི་དབྱིངས། །སྤྲོས་དང་སྤྲོས་མིན་རྟོག་པའི་རྡུལ་སྤངས་པ། །སྤྲོས་བཅས་སྒྱུ་འཕྲུལ་དྲ་བའི་རྣམ་རོལ་བརྒྱར། །སྤྲོ་དང་སྡུད་པའི་ཟློས་གར་ཅིར་ཡང་རྩེ། །རྡོ་རྗེ་མི་ཤིགས་སྙིང་པོའི་ཏི་ལ་ཀ༌།རྡོ་རྗེ་གསང་གསུམ་གྲུབ་པའི་དགའ་སྟོན་དབྱིག །རྡོ་རྗེ་རྩེ་མོའི་ཐབས་མཁས་འབའ་ཞིག་གིས། །རྡོ་རྗེའི་ཡེ་ཤེས་ཆེན་པོ་རྣམ་པར་འབར། །ཟབ་གྲགས་ཟབ་མོ་བཟོད་པའི་ཤེས་རབ་ཀྱིས། །ཟབ་དང་རྒྱ་ཆེའི་ཆོས་ཀུན་འབིགས་པ་ཡང༌། །ཟབ་གསལ་གཉིས་མེད་ལྟ་བའི་སྔོན་འགྲོ་སྟེ། །ཟབ་པའི་ནང་ན་མྱུར་བ་རྡོ་རྗེའི་ལམ། །དེ་སླད་དག་པ་གཉིས་ལྡན་དབྱིངས་ཀྱི་མཁའ། །སྣང་གསུམ་ཉེས་པའི་རྡུལ་དང་བྲལ་བ་ནི། །རྡོ་རྗེ་རྣལ་འབྱོར་གོམས་པའི་མཐུ་ཡིན་ཞེས། །ཐེག་མཆོག་སྟོན་པས་རང་གི་ངེས་གསང་བསྟན། །རགས་པ་ལྔ་ཕུང་འདུས་པའི་ལྕགས་ནག་རྡུལ། །ཕྲ་བ་ལྷན་སྐྱེས་ཡེ་ཤེས་གསེར་འགྱུར་རྩིས། །སྦྱང་བས་བདེ་ཆེན་མཆོག་གི་སྐུ་སྒྲུབ་པ། །ཐབས་ཀྱི་ནང་ནས་རྩེ་མོར་སོན་པའི་ཐབས། །ཐབས་ཆེན་ལམ་གྱིས་བསྒྲུབ་པའི་གོ་འཕང་ནི། །རྣམ་པ་ཀུན་གྱི་མཆོག་ལ་གནས་པ་སྟེ། །གང་ཡང་ཐབས་ཀྱི་ནུས་པ་རབ་དམན་པའི། །ལམ་ནི་འདོད་པ་ཉི་ཚེ་ཙམ་ཞིག་སྟེར། །བྱ་རྩོལ་


TN00_Page_075A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཞེན་ལས་འདས་ཐེག་པ་མཆོག །ལྷུན་རྫོགས་ཐིག་ལེ་ཆེན་པོའི་ངང་གནས་ཏེ། །རྩོལ་བཅས་ཐེག་པའི་རྣམ་གྲངས་བརྒྱ་ཕྲག་གིས། །འགྲོ་མང་བྱང་ཆུབ་མཆོག་གི་ས་མཐོར་འགོད། །འོད་གསལ་ཕྱག་རྒྱ་ཆེན་པོའི་རིག་པ་འཛིན། །འཕོ་མེད་ཡེ་ཤེས་གྲུབ་པའི་སྤྱོད་འཆང་ཚོགས། །ཏིལ་གྱི་གང་བུ་བཞིན་དུ་བལྟམས་པའི་ཞིང༌། །ཐེག་རྒྱལ་སྣང་བ་གཅིག་གིས་ཁྱབ་པར་གདལ། །དག་དང་མ་དག་སྤྲུལ་པའི་ཞིང་རྒྱ་མཚོར། །ཞི་དང་ཁྲོ་གར་དུ་མའི་རོལ་མཛད་ཀྱིས། །རབ་འབྱམས་རྒྱུད་སྡེའི་ཆོས་ཚུལ་གང་གསུངས་པ། །ཀུན་ཀྱང་བདེ་ཆེན་གཉུག་མ་མཚོན་པའི་སྒོ། །བསམ་ཡས་སྐུ་དང་མཛད་པའི་ཆོ་འཕྲུལ་གྱིས། །ཡིད་ཅན་རེ་བ་རྣམ་པར་སྐོང་མཛད་ཀྱང༌། །མཐར་ཐུག་ཐེག་པའི་འབབ་སྟེགས་གཅིག་འགྱུར་བའི། །ཀྱེ་མའོ་ཐབས་མཁས་འདི་ནི་བསམ་པར་དཀའ། །དེ་ལྟར་སྟོན་པ་རྒྱུན་འཆད་རྡོ་རྗེ་ཆོས། །རྡོ་རྗེ་རྣལ་འབྱོར་སྟོན་པའི་ཆེ་བ་ལས། །བསྔགས་བརྗོད་པདྨའི་དོག་པ་ཉུང་ངུ་འདི། །སྨྱོན་པ་འཇིགས་མེད་བྱིས་པའི་མཆོད་རྫས་ཡིན། །ཞེས་པའང་མེ་ཁྱི་ཟླ་ཚེས་ལ་སྤྲང་པོ་ཨ་བྷྱས་སོ།། ༈ །།དྲི་མེད་སིནྡྷུའི་རྒྱ་མཚོར་པདྨ་སྐྱེས། །ཨོ་ཌི་ཡ་ནའི་ཁབ་ཏུ་པདྨའི་རྒྱལ། །མ་ར་ཏི་ཀའི་གནས་སུ་པདྨ་འབྱུང༌། །དོན་དུ་པདྨ་གར་དབང་མིག་མི་འཛུམ། །སྣ་ཚོགས་མཚན་དང་རྣམ་འགྱུར་ཅིར་སྣང་ཡང༌། །ཐམས་ཅད་མཁྱེན་པའི་བརྟུལ་ཞུགས་རླབས་པོ་ཆེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་


TN00_Page_075B
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ། །གྲུབ་པའི་དགེ་མཚན་སྦྱིན་ལས་གཞན་ཡོད་མིན། །གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོ་དང༌། །གནས་ཡུལ་མཁའ་ལ་སྤྱོད་པའི་ལྷན་སྐྱེས་མ། །ཀུན་ཀྱང་བདེ་ཆེན་ཕྱག་རྒྱའི་དམ་ཚིག་ཏུ། །སྡོམ་མཛད་བདེ་བའི་བདག་ཉིད་ཧེ་རུ་ཀ༌།ཞི་ཆགས་ཀུན་སྣང་སྙིང་རྗེའི་འཛུམ་དཀར་གྱིས། ཁམས་གསུམ་བདེ་བ་ཆེན་པོར་རྒྱས་བཏབ་ནས། །བྲོ་གར་ཏ་ན་ག་ནའི་བརྟུལ་ཞུགས་ཀྱིས། །བརྟན་གཡོ་འོད་གསལ་སྒྱུ་མའི་དབྱིངས་སུ་སྒྲོལ། །གཟོད་ནས་ཀུན་མཁྱེན་སྟན་པ་འོད་མི་འགྱུར། །དག་མཉམ་བདེ་སྟོང་རོལ་མོའི་ཡེ་ཤེས་སུ། །ལྷུན་རྫོགས་དང་པོའི་མགོན་པོར་སངས་རྒྱས་ཀྱང༌། །ཞིང་འདིར་རྒྱལ་ཚབ་ཆེན་པོའི་རིག་པ་འཛིན། །གང་སྐུ་རྔ་ཡབ་དཔལ་རིའི་ཕོ་བྲང་དུ། །རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་དབང་ཕྱུག་ཆེར། །བཞུགས་ནས་ཁ་བའི་རི་བོའི་ཡིད་ཅན་རྣམས། །དུས་ཀུན་རྒྱུན་ཆད་མེད་པར་བརྩེ་བས་དགོངས། །དེ་ལྟར་སྲིན་པོ་ཤིན་ཏུ་མ་རུངས་དང༌། །བྱང་ཕྱོགས་གདོང་དམར་གདུལ་དཀའི་མི་རྣམས་ཀྱང༌། །ལྷག་པར་ཐུགས་རྗེས་སྐྱོང་བའི་གདུལ་བྱ་རུ། །རྗེས་འཛིན་འདི་འདྲའི་སྨོན་ལམ་བསམ་པར་དཀའ། །མདོར་ན་ཁྱོད་མཚན་ཐོས་དང་དྲན་པས་ཀྱང༌། །གང་འདུལ་མཛད་པའི་བྱིན་རླབས་རྨད་བྱུང་གིས། །དེ་ལ་དེ་ཡི་མོད་ནས་སྐྱོབ་མཛད་པའི། །ཡིད་བཞིན་གཏེར་གྱི་རྒྱ་མཚོར་གསོལ་བ་འདེབས། །བདག་ནི་འདི་ནས་བྱང་ཆུབ་སྙིང་པོའི་བར། །


TN00_Page_076A
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་བླ་མ་ཁྱོད་དང་མི་འབྲལ་ཞིང༌། །མཁའ་སྤྱོད་རྣལ་འབྱོར་མ་ཡི་ཚོགས་རྣམས་དང༌། །ལྷན་ཅིག་རིམ་གཉིས་སྤྱོད་པའི་དཔའ་བོར་ཤོག །ཅེས་འཇིགས་མེད་པས་སོ།། ༈ །།མཐིང་མདོག་འོད་བརྒྱས་མཛེས་པ་འབུམ་བྱིན་པས། ཁེངས་པས་དྲེགས་པའི་རྦ་རླབས་འཁྲི་ཤིང་ཅན། །དྲི་མེད་སིནྡྷུའི་ཆུ་གཏེར་དྭངས་པའི་ངོགས། །མཚན་དཔེའི་ཟླ་བ་གསར་ངོམས་མཚོ་སྐྱེས་རྗེ། །མཚོ་སྐྱེས་རྒྱུ་སྐར་ལང་ཚོ་མ་རྙིང་བ། །དུ་མའི་ཕྲེང་བ་དངར་བའི་ལྷ་གྲལ་ན། །གེ་སར་ཟླ་གཞོན་འཛིན་པའི་འདབ་སྟོང་སྦུབས། །བཅུ་དྲུག་ལང་ཚོས་སྒེགས་པ་མཚོ་སྐྱེས་རྗེ། །འཕོ་ཆེན་ཡེ་ཤེས་རྡོ་རྗེ་གཉུག་མའི་སྲོག །སྣང་སྟོང་མི་ཤིགས་དྭངས་མའི་འཇོ་སྒེགས་དང༌། །ཆགས་པའི་ཐ་ཚིག་ནམ་ཡང་མི་ལྷོད་པའི། །སྤྱོད་ཡུལ་བསམ་གྱིས་མི་ཁྱབ་མཚོ་སྐྱེས་རྗེ། །ཞི་དབྱིངས་རང་བྱུང་གདོད་མའི་ཆོས་ཉིད་དང༌། །གཞི་སྣང་འོད་གསལ་མཆོག་གི་ཏི་ལ་ཀ༌།ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ཆེ། །གཟུགས་སྐུའི་རོལ་མོར་འབར་བ་མཚོ་སྐྱེས་རྗེ། །རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པའི་དབྱིངས། །རྣམ་བཅས་བདེ་ཆེན་འཁོར་ལོ་མཉམ་སྦྱོར་བའི། །རྣམ་ཀུན་མཆོག་ཏུ་མི་འགྱུར་ཡེ་ཤེས་ཆེ། །སྒྱུ་མའི་ལང་ཚོར་སྣང་བ་མཚོ་སྐྱེས་རྗེ། །གཟུགས་སྐུའི་རོལ་མོར་སྣང་ཡང་རང་བཞིན་མེད། །གཤིས་ལ་རང་བཞིན་མེད་ཀྱང་གཟུགས་སྐུར་སྣང༌། །


TN00_Page_076B
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་དང་མི་སྣང་མཚན་མ་ཉེར་ཞི་བའི། །ངོ་མཚར་བསམ་གྱིས་མི་ཁྱབ་མཚོ་སྐྱེས་རྗེ། །ཞིང་སྔགས་ལྷན་སྐྱེས་མཁའ་འགྲོ་འབུམ་ཕྲག་གིས། །བདེ་མཆོག་བདེ་བའི་ཟློས་གར་རྣམ་གཡོ་བའི། །གནས་ཡུལ་ཉེར་བཞིའི་གྲོང་ཁྱེར་བཀོད་པ་ན། །བརྟུལ་ཞུགས་མཆོག་གིས་རོལ་སྟོན་མཚོ་སྐྱེས་རྗེ། །ཆགས་མེད་ཆགས་པའི་འཕྲུལ་ཆེན་བྱེ་བ་བརྒྱས། །ཟག་མེད་བདེ་བ་མཆོག་གི་དཔལ་སྟེར་བའི། །མཁའ་སྤྱོད་མཁའ་འགྲོའི་དགའ་སྟོན་རྒྱས་མཛད་པའི། །དགྱེས་མཛད་ཧེ་རུ་ཀ་དཔལ་མཚོ་སྐྱེས་རྗེ། ཁམས་གསུམ་སྲོག་གི་གཤེད་གྱུར་སྒྲ་གཅན་ལྟོར། །ཉི་ཟླའི་རྒྱུ་བ་བཀག་པའི་མོད་ཉིད་ལ། །རྟག་ཆེན་འཆི་བ་མེད་པའི་སྐུར་བཞེངས་པ། །ཚེ་དབང་གྲུབ་པའི་རིག་འཛིན་མཚོ་སྐྱེས་རྗེ། །གཅིག་དང་དུ་མར་མ་གྲུབ་ཡེ་ཤེས་ཆེ། །མཁའ་ཁྱབ་ཞི་དང་ཁྲོ་བོའི་དཀྱིལ་འཁོར་དུ། །སྣང་བའི་འཕྲུལ་ཆེན་འགོག་ཏུ་མ་མཆིས་པ། །ཕྲིན་ལས་སྣང་བ་མཆོག་སྩོལ་མཚོ་སྐྱེས་རྗེ། །ཐུགས་རྗེ་བཀའ་དྲིན་མཚུངས་མེད་མཚོ་སྐྱེས་ལྷ། །ཡིད་ཀྱི་འདུན་སར་རྟག་ཏུ་བསྙེན་བྱས་ནས། །ཆེད་བརྗོད་གཏམ་གྱི་རྫ་རྔ་འདི་བརྡུང་ན། །འཛད་མེད་གྲུབ་གཉིས་སྣང་བ་ཆར་དུ་སྙོལ། །ཞེས་པའང་འཇིགས་མེད་པས་གང་དྲན་ལྷུག་པར་བརྗོད་པ་མངྒ་ལཾ།། ༈ །།འཕགས་ཡུལ་ཆོས་ཀྱི་འདུན་ཁང་ན་ལེནྡྲའི། ཁྲི་འཕང་ཞབས་པད་འདབ་མས་གནོན་བཟོད་པ། །ཟ་ཧོར་མཁན་པོའི་གྲགས་


TN00_Page_077A
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་སུམ་རྩེན་རྔ། །དབྱུ་གུས་བསྐུལ་བ་མེད་ཀྱང་སྲིད་ན་ལྡིར། །མང་ཐོས་ཤ་ཚུགས་རྒྱས་པའི་མཁས་མང་ཡང༌། །གུས་བཅས་འཛུམ་པའི་མིག་གིས་ཁྱོད་བལྟས་ཏེ། །དཔྱད་གསུམ་ལམ་ནས་དྲང་བའི་ལེགས་བཤད་དབྱངས། །ཉན་ལ་རིང་བའི་ཡིད་ཀྱིས་ཁྱོད་དྲུང་འདུ། །འདབ་བཟང་ངང་པས་བསྟེན་པའི་ཆུ་གཏེར་བཞིན། །ཐར་འདོད་སྐལ་བཟང་སྐྱེ་བོ་ཁྲག་ཁྲིག་འབུམ། ཁྱོད་ལ་དགེ་བའི་བཤེས་ཀྱི་བློ་བཞག་སྟེ། །གདམ་ཟབ་བདུད་རྩིའི་བགོ་སྐལ་འཐུང་ལ་འདུན། །ལྷག་པའི་ཚུལ་ཁྲིམས་ལྗོན་བཟང་མ་སྨད་པ། །མ་རལ་མ་འདྲེས་ཤིན་ཏུ་དག་གྱུར་པས། །མཚམས་སྤྲིན་པིར་གྱིས་བྲིས་འདྲའི་བླ་གོས་འདི། ཁྱོད་ལ་མཛེས་པར་མི་འགྱུར་འགའ་ཡང་མེད། ཁ་ན་མ་ཐོའི་རྒྱུ་བ་མཐར་མཛད་དེ། །སྤོང་ཀློག་ཁྲིམས་ཀྱི་བསླབ་པའི་འདུན་ཁང་ན། ཁྱོད་བློ་ཤིན་ཏུ་ཞི་བ་བརྙེས་གྱུར་པས། །དུར་སྨྲིག་འཛིན་པའི་གྲལ་ན་ཁྱོད་གཅིག་འཕགས། །ལྷར་བཅས་དྲེགས་དགུའི་དོ་ཀེར་འཁྲི་ཤིང་རྩེར། ཁྱོད་ཞབས་བཀྲ་ཤིས་མཚན་ལྡན་རྟག་འགོད་ཀྱང༌། ཁེངས་དང་རྒྱགས་པས་མྱོས་པ་ལྟ་ཅི་སྟེ། །ཆགས་མེད་ཡེ་ཤེས་ཞི་བ་ལྷག་པར་རྒྱས། །ལྷ་དབང་ལྷ་རྫས་འབྱོར་བས་ཁྱོད་མཆོད་ཀྱིས། །སྲིད་པའི་ཕུན་ཚོགས་སྙིང་པོ་མེད་གཟིགས་ཏེ། །འབྱོར་དགུའི་ལོངས་སྤྱོད་རིང་དུ་བརྟུལ་མཛད་ནས། །


TN00_Page_077B
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་སྙོམས་སློང་བའི་ཆོ་ག་བསྟར་བ་ལགས། །དྲན་དང་ཤེས་བཞིན་བག་ཡོད་མཆོག་བརྙེས་པས། །དབང་པོ་ཞི་ཞིང་ཐུགས་ཀྱང་ཞི་གྱུར་ཏེ། །དུལ་བའི་སྤྱོད་ལམ་མ་རྨས་མ་འཁྲུལ་བ། །མཐོང་ན་མི་མཐུན་མེད་པའི་དཔལ་གྱིས་མཛེས། །སུ་ཞིག་ལོག་རྟོག་རྒོལ་བའི་ཕྱོགས་འཛིན་ཀྱང༌། །དེ་ལ་ཁྱོད་ཀྱིས་ལྷག་པར་སྙིང་བརྩེ་ཞིང༌། །རིགས་ལམ་རྨད་བྱུང་སྨན་མཆོག་བདུད་རྩིའི་རོས། །ཉེས་པའི་གྲུབ་མཐའ་གོས་རལ་བཞིན་དུ་མཛད། །རྩོད་པའི་འཁྲུལ་འཁོར་བཤམ་ལ་ཉེར་ཞུགས་ཀྱང༌། །གཞན་ཕྱོགས་ཕམ་དང་རང་ཉིད་རྒྱལ་བཞེད་པའི། །ཕྱོགས་ལྷུང་ཉེས་པ་གཞར་ཡང་མ་མཆིས་ཏེ། །གསུང་རབ་ཟབ་མོའི་དགོངས་དོན་འཚོལ་ཕྱིར་ཡིན། །སྐྱེ་བས་ཐོབ་པའི་ཤེས་རབ་ཕུལ་བྱུང་ཞིང༌། །ཐོས་བསམ་སྒོམ་པའི་བློ་གྲོས་རྩལ་རྫོགས་པས། །ཚུལ་གཉིས་ཐེག་པའི་གནད་གསང་ཀུན་གཟིགས་ཏེ། །ཤིང་རྟ་ཆེན་པོའི་རྣམ་ཐར་དྲི་མེད་སྐྱོང༌། །འཕགས་ཡུལ་མཁས་བརྒྱའི་རྒྱུ་སྐར་རྣམ་བཀྲའི་དབུས། །འཕགས་ཆེན་ཁྱོད་ཀྱི་གྲགས་སྙན་ཟླ་བའི་གཟིས། །གླིང་བཞིའི་འཁོར་ཡུག་འཁྱུད་མོར་བསྡམས་བྱས་པས། ཁྲི་སྲོང་དད་པའི་ཀུ་མུད་བཞད་པ་ལགས། །བསོད་ནམས་སྟོང་གི་དཔལ་འབར་ཞབས་པད་མོས། །བསིལ་ལྗོངས་ས་ལའི་སྨན་ཚལ་ཉེར་བཅགས་ཏེ། །རྒྱལ་བསྟན་གདུགས་དཀར་


TN00_Page_078A
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་བྷོ་ཊའི་གླིང༌། ཁྱབ་མཛད་བཀའ་དྲིན་མཚུངས་མེད་ཞི་བ་འཚོ། །བཀའ་དྲིན་གཞལ་བར་ནུས་མིན་མཁན་ཆེན་ཞབས། །བསྔགས་པའི་གཏམ་འདི་སྡེབ་སྦྱོར་མི་ལེགས་མོད། །དོན་གྱི་སྦྱོར་བ་ཉེས་པར་མི་འགྱུར་གྱི། །བློ་གྲོས་ལྡན་པས་རྣ་ལུང་བཞིན་དུ་ཆོངས། །ཞེས་པའང་འགུ་ལོག་གི་སྤྲང་ཕུག་ཀི་བོས་སྨྱོ་གཏམ་ཐོལ་བྱུང་མར་ཇ་གསུམ་པ་འཐུང་ཞོར་ལ་བྲིས་པ་དགེ། ༈ །།ཤིན་ཏུ་ཞི་བ་ཆོས་ཉིད་ཟབ་མོའི་དབྱིངས། །སྒྱུ་མའི་ཡེ་ཤེས་དག་པའི་རོལ་མོ་རུ། །སྣང་བའི་ཟློས་གར་ཞིང་ཁམས་མི་མཇེད་དུ། །སྒྱུར་མཛད་ཤིང་རྟ་ཆེན་པོ་ཆོས་གྲགས་ཞབས། །སློབ་པ་མིན་པའི་ཡེ་ཤེས་ཆེན་པོའི་གར། །དུར་སྨྲིག་འཆང་བའི་གཟུགས་སུ་ལེགས་བསྒྱུར་ཏེ། །འཛམ་བུའི་གྲོང་ཁྱེར་ཀུན་ནས་དགེ་མཛད་པ། །འཕགས་ཡུལ་ཤིང་རྟ་ཆེན་པོ་ཆོས་གྲགས་ཞབས། །ཐུབ་བསྟན་ཉིན་མོར་བྱེད་པའི་སྣང་བ་ཆེར། །ལོག་རྟོག་སྤྲིན་རུམ་འཐུག་པོས་གླགས་ལྟ་བའི། །རྒོལ་ངན་མིང་མཐར་འཐག་བྱེད་དངོས་སྟོབས་སུ། །ཉེར་ཞུགས་སྤོབས་པའི་རླུང་ལྷ་ཆོས་གྲགས་ཞབས། །བློ་མཆོག་མིག་སྟོང་རྒྱལ་པོས་ཉེར་བཟུང་བའི། །རིགས་པ་མཆོག་གི་རྡོ་རྗེ་གདེངས་སྟབས་ཀྱིས། །ཕས་རྒོལ་ལྟ་མིན་དམག་ཚོགས་འཇོམས་མཛད་པའི། །ཕྲིན་ལས་བསམ་གྱིས་མི་ཁྱབ་ཆོས་གྲགས་ཞབས། །དཔྱད་གསུམ་ཤིན་ཏུ་རྣམ་དག་བདེ་གཤེགས་གཞུང༌། །དྲི་མེད་ཚད་མ་གཉིས་ཀྱིས་ལེགས་བསྒྲུབ་སྟེ། །ཟབ་དང་


TN00_Page_078B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་ཐེག་པ་གསུམ་གྱི་ཚུལ། །སྲིད་ན་ཡུན་རིང་གནས་མཛད་ཆོས་གྲགས་ཞབས། །ལྷ་ཆེན་མཁས་པ་འབུམ་གྱིས་བྱིན་རླབས་ཤིང༌། །འཕགས་ཡུལ་མཁས་པ་དུ་མས་བསྔགས་གྱུར་པའི། །མུ་སྟེགས་མཁས་པ་སྟོང་གི་དམ་བཅའི་ནགས། །ལུང་རིགས་ཞུགས་ཀྱིས་སྦྱང་མཛད་ཆོས་གྲགས་ཞབས། །ཇི་སྙེད་ཆོས་ཀྱི་དེ་ཉིད་མངོན་གཟིགས་ཕྱིར། །སྒྲིབ་བྲལ་མཁྱེན་པའི་གཏིང་མཐའ་དཔག་པར་དཀའ། །ཕྱོགས་ལས་རྣམ་རྒྱལ་གྲགས་མཁས་མཁའ་མཐར་གདལ། །ཆེ་བའི་ཡོན་ཏན་དཔག་མེད་ཆོས་གྲགས་ཞབས། །སྐྱེ་བ་བརྒྱུད་མར་ལྟ་བ་ལོག་པའི་གནས། །སྙིང་ལ་རྡོ་ཡི་རིས་བཞིན་བརྟན་བྱས་པའང༌། །རིགས་ལམ་མེ་དཔུང་ལན་ཅིག་འབར་བའི་གཟིས། །མིང་གི་ལྷག་མར་བགྱིད་ནུས་ཆོས་གྲགས་ཞབས། །ཆོས་ལ་ཆོས་མིག་རྡུལ་བྲལ་མངོན་དུ་བརྙེས། །སོ་སོ་ཡང་དག་རིག་བཞིའི་སྣང་བ་ཐོབ། །ལོག་པའི་གྲུབ་མཐའ་གཞིག་ལ་མི་བསྙེངས་པ། །མཁས་པའི་ནང་ན་རིགས་དབང་ཆོས་གྲགས་ཞབས། །དཔལ་ཆེན་ཁྲག་འཐུང་གཙོ་བོས་བྱིན་རླབས་ཤིང༌། །རིག་པ་འཛིན་པའི་ས་རྣམས་ཡོངས་སུ་རྫོགས། །གསང་གསུམ་སྒྱུ་འཕྲུལ་དྲ་བའི་རོལ་མོ་ཅན། །གྲུབ་པའི་ནང་ན་དགྱེས་མཛད་ཆོས་གྲགས་ཞབས། །ཚུར་མཐོང་སྣང་ངོར་རྟོག་གེའི་དབང་ཕྱུག་ཆེ། །ཉེར་བཞིའི་གནས་ན་གྲུབ་པའི་དཔའ་བོ་ཆེ། །འོག་མིན་ཞིང་དུ་རིགས་


TN00_Page_079A
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའི་ཁྱབ་བདག་ཆེ། །དོན་ལ་དབྱེར་མེད་དཔལ་ལྡན་ཆོས་གྲགས་ཞབས། །བདེ་བའི་རང་བཞིན་བདེ་མཆོག་ཧེ་རུ་ཀ༌།རིག་པ་འཛིན་པའི་སློབ་དཔོན་ཆེན་པོ་རུ། །ཡོངས་བཞེངས་བདེ་སྟེར་མཁའ་འགྲོའི་ཚོགས་ཀྱི་རྗེ། །བརྟུལ་ཞུགས་སྤྱོད་པའི་དབང་ཕྱུག་ཆོས་གྲགས་ཞབས། །ཟབ་མོ་ཆོས་ལ་གཟིགས་པ་ཕུན་སུམ་ཚོགས། །རྒྱ་ཆེའི་ཆོས་ལ་ཤེས་རབ་རྣམ་པར་དག །འཕགས་པའི་ཆོས་ལ་རང་དབང་ཤིན་ཏུ་འབྱོར། །ཆོས་ཀྱི་དབང་ཕྱུག་ཆོས་རྗེ་ཆོས་གྲགས་ཞབས། །མཐའ་ཡས་ཞིང་ན་བློ་མཆོག་མངའ་བར་གྲགས། །མཁས་པའི་འདུན་སར་རིགས་སྨྲའི་གཙོ་བོར་གྲགས། །འཇིག་རྟེན་གསུམ་ན་བདག་ཉིད་ཆེན་པོར་གྲགས། །གྲགས་ཆེན་ལྡན་པ་མཁས་མཆོག་ཆོས་གྲགས་ཞབས། །འཕགས་པའི་སར་ཞུགས་འཕགས་ཡུལ་ཤིང་རྟ་ཆེ། །ཆོས་ཀྱི་གྲགས་པ་བསྟོད་པའི་ལེགས་བྱས་འདིས། །ལྟ་ལོག་མུན་པའི་རི་བོ་ཕྱིར་བསྙིལ་ཏེ། །ཡང་དག་ལྟ་བའི་སྣང་བ་གསལ་བར་ཤོག །ཅེས་པའང་སྤྲང་སྨྱོན་འཇིགས་མེད་པས་སོ།། ༈ །།ལེགས་བྱས་ལམ་བཟང་སྲོང་བའི་མངའ་བདག་རྗེ། །ལུགས་གཉིས་བཀའ་ཁྲིམས་བཙན་པོའི་ར་བ་ལས། །ཆབ་སྲིད་འདའ་བ་མ་ཡིན་མི་ཡི་དབང༌། །བློ་གྲོས་གཏིང་དཔག་དཀའ་བས་སྒམ་པོ་ཡིན། །མཁའ་ལ་ཉིན་བྱེད་ཤར་བའི་འོད་སྣང་གིས། །འདབ་སྟོང་གེ་སར་འཛུམ་


TN00_Page_079B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདངས་བརྒྱ་སྦྱིན། །ས་དབང་བཀའ་མཆིད་གཏམ་གྱིས་རབ་བསྐུལ་ཏེ། །ཐུ་མིའི་སྙིང་སྟོབས་པདྨོ་ལྷག་པར་བཞད། །ཧ་རི་ཙནྡན་ཚལ་ནས་འོངས་པའི་རླུང༌། །གང་ཡང་བསུང་ཞིམ་དྲི་ཡི་ངད་ཀྱིས་བགོས། །སྲོང་བཙན་མི་ཡི་དབང་པོས་བགྱི་བ་ཀུན། །ཚུལ་བཟང་འཐད་པའི་ལས་ཀྱི་ལྷག་པར་བགོས། །འདབ་ལྡན་ངང་པ་ཡོངས་ཀྱི་དེད་དཔོན་ནི། །ཆུ་ཡི་གཏེར་ལས་འོ་མའི་བཅུད་བཟང་ལེན། །ས་བདག་སྲོང་བཙན་སྒམ་པོའི་རྣམ་དཔྱོད་ཀྱིས། །རིགས་དང་མི་རིགས་བརྟགས་ནས་རིགས་པ་སྒྲུབ། །གཏིང་ཟབ་ཆུ་ཡི་ཕུང་པོའི་ཉེ་འགྲམ་ནི། །ནོར་གཏེར་ནོར་བུའི་རྒྱལ་པོས་ཀུན་ནས་གཏམས། །ས་སྐྱོང་མི་ཡི་བདག་པོའི་བློ་གྲོས་ནི། །ཡོན་ཏན་བརྒྱ་ཕྲག་བརྒྱ་ཡིས་བསྲུང་བར་བྱས། །མཁའ་ལ་ལྡིང་ཞིང་རྒྱུ་བའི་འཁོར་ལོ་ཅན། །དེ་དག་པདྨའི་མཚོ་ལ་ཤིན་ཏུ་བསྟེན། །ཤེས་རབ་འདབ་མ་རྒྱས་པའི་བློ་ལྡན་རྣམས། །སྲོང་བཙན་མགོ་ནག་རྗེ་བོའི་མདུན་སར་འདུ། །གསེར་རིའི་འཕྲེང་བ་དངར་བའི་དོ་ར་ན། །བརྗིད་ལྡན་ལྷུན་པོའི་རྒྱལ་པོ་མཆོག་ཏུ་འཕགས། །བློ་ཆེན་མཁས་པ་འབུམ་གྱི་གྲལ་དབུས་ན། །སྲོང་བཙན་བསོད་ནམས་མཆོག་གི་བརྗིད་དང་ལྡན། །མུ་མཐའ་གཞལ་དུ་ཡོད་མིན་ཀུན་གསལ་ལ། །མཁའ་ལྡིང་ཤུགས་ཀྱིས་བགྲོད་ཀྱང་ཚད་བཟུང་མེད། །ཟབ་ཡངས་བློ་གྲོས་མཆོག་མངའ་སྲོང་བཙན་ཐུགས། །དཔའ་མཛངས་སྐྱེ་བོས་


TN00_Page_080A
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ཀྱང་གཏིང་མི་དཔོག །ཆུ་ཀླུང་ཇི་སྙེད་འབབ་པ་དེ་དག་ཀུན། །ཕྱོགས་མཐའི་རྒྱ་མཚོར་གཞོལ་ཞིང་འབབ་པར་འགྱུར། །སྲོང་བཙན་རྒྱལ་པོའི་མཛད་པ་ཇི་སྙེད་པ། །བསྟན་དང་འགྲོ་བའི་དོན་ཕྱིར་གཞོལ་བར་གྱུར། །འཛམ་གླིང་ལྗོན་ཤིང་མེ་ཏོག་འབྲས་བུའི་ཚོགས། །ཀུན་ཀྱང་མ་དྲོས་མཚོ་ལས་བསྐྲུན་པ་ཡིན། །གངས་ལྗོངས་ཐུབ་པའི་བསྟན་ལ་གང་གནས་པ། །སྲོང་བཙན་སྨོན་ལམ་འཕྲུལ་ལས་ཉེ་བར་འོངས། །ཆུ་སྤྲིན་སྟུག་པོར་བཀོད་པའི་ལྟོ་བ་ལས། །ཆར་བསིལ་སྦྲང་རྩིའི་ཁང་བཟང་གསོས་སུ་འབེབས། །སྲོང་བཙན་ཐུགས་བསྐྱེད་རླབས་ཆེན་སྒྱུ་འཕྲུལ་ལས། །བདུད་རྩིའི་ཆོས་ཆར་སྐལ་བཟང་གསོས་སུ་འབེབས། །ཚད་མེད་སྙིང་བརྩེས་བསྐྱངས་པའི་དྲིན་ཆེན་མས། །བཏང་བྱས་བུ་སྡུག་སྐྱབས་དང་བྲལ་བ་བཞིན། །གངས་ལྗོངས་བཀའ་དྲིན་མཚུངས་མེད་སྲོང་བཙན་གྱིས། །རྗེས་བཟུང་སྐལ་བས་དམན་གྱུར་བདག་ཅི་བྱས། །ཉིན་མོའི་དབང་ཕྱུག་ནུབ་གྱུར་དེ་མ་ཐག །མི་སྲུན་འབྱུང་པོའི་བྱ་ཚོགས་དགའ་བར་གྱུར། །སྲོང་བཙན་ཞི་བར་གཟིམས་ནས་བོད་ཁམས་ལྗོངས། །བདུད་དཔུང་ལོག་པར་སྨྲ་བས་བཏབ་པར་འགྱུར། །བསིལ་ལྡན་ཆུ་ཀླུང་རླན་དང་བྲལ་བ་ཡི། །གསེར་མིག་གཞོན་ནུའི་སྡེ་ཚོགས་བདེ་མི་འགྱུར། །བྱམས་ལྡན་སྲོང་བཙན་མགོན་དང་བྲལ་བ་ན། །གངས་


TN00_Page_080B
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་ཡིད་ཅན་བདེ་བས་ཕོངས་པར་གྱུར། །གླིང་འདིར་ལོ་ཏོག་ཇི་སྙེད་སྨིན་གྱུར་པ། །དེ་ཀུན་ཀླུ་ཡི་བདག་པོའི་དཔལ་ལས་འོང༌། །ཕན་བདེའི་ལེགས་ཚོགས་ཇི་སྙེད་མཆིས་གྱུར་པ། །སྲོང་བཙན་ཡེ་ཤེས་དཔལ་ལས་ཉེ་བར་འོང༌། །མདོར་ན་ཟབ་མོའི་མདོ་སྡེ་ཟ་མ་ཏོག །གང་ལས་གང་ཞིག་བསྟན་པའི་ཡོན་ཏན་ཚོགས། །དེ་ཀུན་དེ་ཉིད་གཟིགས་པའི་སྲོང་བཙན་རྗེར། །མངའ་བ་མ་ཡིན་ཆོས་འགའ་ཡོད་མ་ལགས། །དེ་སླད་གངས་རིའི་ལྗོངས་ཀྱི་མགོན་པོ་གང༌། །མི་འབྲལ་དང་བའི་ཡིད་ཀྱིས་བསྙེན་བྱས་ཏེ། །བཀའ་དྲིན་འཁོར་མཐའ་མེད་པའི་སྲོང་བཙན་རྗེར། །བསྟོད་ཚིག་མེ་ཏོག་དོག་པས་ཅུང་ཟད་བསྔགས། །ཞེས་པའང་ཆོས་རྒྱལ་ཆེན་པོ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཅན་མདོ་ཁམས་ཀྱི་སྤྲང་ཕྲུག་འཇིགས་མེད་པས་སོ།། །།


TN00_Page_081A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །རྟ་མཆོག་གྲུབ་པའི་རིགས་ཀྱི་ཐིག་ལེར་པདྨའི་ཞལ་རས་བཞད་པ་དང༌། །ལྷན་ཅིག་གྲགས་པའི་རྟ་སྐད་དབྱངས་སྙན་འོག་མིན་བ་གམ་རྩེར་སོན་པས། །འདོད་ཁམས་གཙོ་མོ་དྲེགས་པའི་རལ་པ་རླུང་གིས་ལྗོན་ཤིང་ལོ་མ་བཞིན། །བསྙིལ་ནས་གང་གི་བྲན་མོར་ཞལ་འཆེས་རྡོ་རྗེ་གཟི་བརྗིད་དེ་ལ་འདུད། །མགོན་ཁྱོད་གཞོན་ནུའི་ན་ཚོད་ལ་བཞུགས་ཚེ། །དཔལ་ལྡན་གསང་ཕུའི་སུམ་རྩེན་དགའ་བའི་ཚལ། །འཆད་རྩོད་རྩོམ་པའི་རྔ་ཆེན་སྒྲ་ཡིས་བཀང༌། །ཟླ་ཚེས་ཕྲ་ཡང་ནམ་མཁའ་དགའ་བར་བྱེད། །དེ་ནས་ཆོས་ཚུལ་མེ་ཏོག་རབ་རྒྱས་རིག་འཛིན་གཞོན་ནུ་རྒྱལ་པོའི་དྲུང༌། །གསང་དོན་ལེགས་བཤད་ཟིལ་དངར་ཚོལ་ལ་བུང་བའི་བརྟུལ་ཞུགས་གུས་མནོས་ཚེ། །སྡེ་གསུམ་ཀློང་དགུའི་ལུང་མང་སྦྲང་རྩི་བློ་གྲོས་རྐང་པས་ཉེར་ཐོབ་པ། །རབ་མང་ཆུ་ཡི་ལྗིད་ཀྱིས་ནོན་པའི་དབྱར་གྱི་ཆར་སྤྲིན་བཞིན་དུ་གྱུར། །རིན་ཆེན་མཆོག་རྣམས་རྒྱ་མཚོ་ཆེའི། །གཏིང་རུམ་དག་ན་དཔལ་དུ་གནས། ཁྱོད་ཀྱང་སྦས་པའི་བརྟུལ་ཞུགས་ཀྱིས། །ཐེག་མཆོག་བསྟན་ལ་དཔལ་དུ་གྱུར། །ལོངས་སྤྱོད་དངོས་ཀུན་རྩ་ལྟར་བོར་ཡང་ཏིང་འཛིན་འབྱོར་པ་མཐའ་ཡས་ལྡན། །གཅིག་


TN00_Page_081B
[མ་དཔེ་གཟིགས་ན་འདིར་གནོན།]

པུར་ཞི་བའི་ནགས་ཁྲོད་བསྟེན་ཡང་རིག་འཛིན་མཁའ་འགྲོ་སྤྲིན་བཞིན་འདུ། །བྱ་བ་དགུ་ཕྲུགས་རིང་དུ་བཏང་ཡང་མཛད་པ་རྒྱ་མཚོ་ལྷུན་གྱིས་གྲུབ། །ས་ལམ་ཡོན་ཏན་གཏེར་བཞིན་སྦས་ཀྱང་གྲགས་པའི་ཡེ་གེ་ཕྱོགས་མཐར་རྒྱུ། །ཟབ་མོའི་བློ་གྲོས་བལྟ་དཀའ་ཡང༌། །སྟོན་པའི་ཐབས་ལ་རབ་མཁས་ཤིང༌། །ཐུགས་རྗེ་ཉིད་ཀྱི་གཞན་དབང་ཕྱིར། །ལེགས་བཤད་སྣང་བ་བརྒྱ་ཡིས་བསྟན། །མཆིམས་ཕུའི་གནས་སུ་སྙིང་ཐིག་འཆད་ཚེ་མཚོ་སྐྱེས་རྡོ་རྗེས་ཞལ་བསྟན་ཅིང༌། །རྡོ་རྗེ་ཕག་མོས་མངོན་སུམ་དབང་བསྐུར་ལྐོག་གྱུར་གནས་མང་ལུང་དུ་བསྟན། །མཁའ་འགྲོ་དམ་ཅན་རགས་པའི་གཟུགས་ཀྱིས་གཏོར་མ་ལེན་ཅིང་དགའ་བའི་སྒྲས། །འཇིག་རྟེན་ཆེར་གཡོས་དེ་མཐོང་མི་རྣམས་ངོ་མཚར་རོལ་མོ་བརྡུང་བས་བྲེལ། །ཅི་ཙམ་བརྟགས་ཀྱང་ཤེས་དཀའ་བ། །སངས་རྒྱས་ཐེག་པའི་གཙུག་ཏོར་རྩེ། ཁྱེད་ཀྱིས་ཉི་མས་རྫས་གཟུགས་བཞིན། །ས་ལེར་སྣང་བའི་བཀའ་དྲིན་མཛད། །ཟབ་གསལ་དྲི་མེད་མཁའ་ལྟར་རབ་ཡངས་མཁྱེན་རབ་དམ་པའི་ལང་ཚོ་ནི། །གླེགས་བམ་རིན་ཆེན་མེ་ལོང་ངོས་ལ་ཡི་གེའི་གཟུགས་སུ་ཤར་བ་གང༌། །མཛོད་བདུན་ཞེས་གྲགས་ལེགས་བཤད་རྒྱ་མཚོའི་མཛེས་སྡུག་ཉིང་ཁུ་བསགས་པ་ལྟའི། །སྔོན་མེད་ཡ་


TN00_Page_082A
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སྐལ་བཟང་མཁས་པའི་བློ་མིག་བདུད་རྩིར་ད་ལྟའནག་སྣང༌། །ནོར་འདོད་ཚོང་པ་ཆུ་ཡི་རྒྱ་མཚོར་འཇུག །མཁས་རྣམས་ཁྱོད་ཀྱི་གསུང་རབ་རྒྱ་མཚོར་འཇུག །ཆུ་གཏེར་རིན་ཆེན་སྣ་ཚོགས་འབྱོར་བས་གང༌། ཁྱོད་གསུང་ཟབ་དོན་སྣ་ཚོགས་དཔལ་གྱིས་ཕྱུག །རྩོད་ལྡན་སྙིགས་མའི་ས་འོག་གནས་དང་སྐུ་གསུམ་གཙང་རིས་གཞལ་མེད་ཁང༌། །ལེགས་བཤད་ནོར་བུའི་ཐེམ་སྐས་སྤེལ་ལེགས་རྩ་བ་བརྟན་པོས་མཚམས་སྦྱར་ཏེ། །སློབ་བརྒྱུད་མཁས་གྲུབ་ཕྲེང་བའི་ཕྱི་བཞིན་མྱུར་བར་ཤོག་ཅེས་འབོད་འདྲ་བ། །ས་མཐོར་བཞུགས་པའི་འཇིག་རྟེན་འདྲེན་པ་སྙིང་རྗེ་ཟླ་མེད་ཁྱོད་ཕྱག་འཚལ། །དེང་ནས་བྱང་ཆུབ་བར་གྱི་ཚེ་རབས་ཀུན། ཁྱོད་ཀྱི་བཀའ་བརྒྱུད་དྲི་མེད་པདྨ་ལས། །རྡུལ་བྲལ་ཆོས་ཀྱི་ལུས་སུ་སྐྱེ་འགྱུར་ཞིང༌། །ཐེག་མཆོག་སྙིང་པོའི་བསྟན་པ་རྒྱས་བྱེད་ཤོག །རྡོ་རྗེའི་གནས་ན་འོད་གསལ་ལམ་བྱེད་བསྟན་པའི་བཙས། །རྣམ་གསུམ་སངས་རྒྱས་སྤྲུལ་པའི་གཟུགས་བརྙན་གང་བཞུགས་པ། ཁྱོད་ཀྱི་གཟི་བརྗིད་ཉི་མ་བརྒྱ་པས་རེག་མཛད་དེ། །འཛམ་བུའི་གླིང་འདི་འོད་ཟེར་ཕུང་པོ་གཅིག་ཏུ་མཛོད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ་སྙིང་ཐིག་བརྒྱུད་པའི་གྲལ་


TN00_Page_082B
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་འཛིན་པ། །འཇིགས་མེད་བསྟན་པའི་ཉི་མས་མན་ངག་སྙིང་ཐིག་གི་ལེགས་བཤད་ལ་ཞིབ་ཏུ་བལྟ་བའི་སྐབས་ཤིག་ཡིད་ལ་ངོ་མཚར་ཆེར་རྒྱས་ཏེ་མོས་གུས་ཀྱི་ཉམས་དབྱངས་སུ་བསྡེབས་པའོ།། ༈ །།ན་མོ་གུ་རུ་ཨ་བྷྱ་དྭི་བ་སེ་ན་ཡ། །བསིལ་ལྡན་འཛིན་མའི་འཁོར་ཡུག་རབ་ཡངས་པར། །ཐེག་རྒྱལ་བསྟན་པའི་བ་དན་འཛིན་ནོ་ཅོག །གང་གི་བཀའ་དྲིན་བདུད་རྩིས་ཉེར་འཚོ་བ། །རིག་འཛིན་འཇིགས་མེད་གླིང་པར་མགོས་ཕྱག་འཚལ། །ཕུལ་བྱུང་ལེགས་བཤད་འོད་བརྒྱས་ཐེག་མཆོག་ཞིང༌། །གསལ་ནུས་ཀློང་ཆེན་ཉིན་བྱེད་མནལ་བ་ན། །མཁྱེན་བརྩེའི་ཆ་གང་འཇིགས་མེད་ཟླ་བ་ཁྱོད། །ལྔ་བདོའི་མུན་གླིང་སྐྱོབ་པ་གཅིག་པུར་བྱོན། །མཆོག་གྲུབ་སྨོན་པའི་མེ་ཏོག་དུས་བཞིན་བརྗེས། །མཚོ་སྐྱེས་ལུང་གིས་རབ་བསྔགས་བདེན་པ་བསྟེན། །བརྒྱུད་འཛིན་མྱུ་གུའི་ཕྲེང་བའང་འཐོན་ལ་ཕྱོགས། ཁྱོད་འཁྲུངས་ཚེ་ན་འདི་དག་མཉམ་དུ་བྱུང༌། །ལ་ལ་ལྡུམ་ར་བཞིན་དུ་གཞན་གྱིས་བསྐྱངས། ཁ་ཅིག་བུང་བ་བཞིན་དུ་ངལ་བརྒྱས་རྙེད། ཁྱོད་ནི་འབྱུང་ཁུངས་མཆོག་ལ་གསེར་བཞིན་དུ། །ལང་ཚོའི་མེ་ཏོག་ཆེས་ཕྲའི་གནས་སྐབས་ནའང༌། །སྐུ་ཚེ་སྔ་མའི་རྨད་བྱུང་མཛད་པ་དང༌། །


TN00_Page_083A
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གཅིག་ཨོ་རྒྱན་བླ་མ་རྗེས་དྲན་ཞིང༌། །བྱང་ཆུབ་ཐུགས་ཀྱི་གཞན་དབང་ཉིད་གྱུར་ཏེ། །བསམ་ཡས་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ། །པདྨའི་གདུང་འཚོབ་སྐྱིད་གྲོང་རིག་འཛིན་དང༌། །དྲི་མེད་གླིང་པས་ཆོས་ཀྱི་མཛོད་གཏད་ཅིང༌། །དོན་བརྒྱུད་རྟོགས་པའི་བང་མཛོད་ལྡེ་མིག་དང༌། །གཏེར་བརྒྱུད་ནོར་བུའི་ཅོད་པན་ཁྱོད་ལ་བྱིན། །ཐེག་མཆོག་ལམ་དང་འབྲས་བུའི་ཤིང་རྟ་ཆེ། །ཅི་བདེར་རྒྱུ་བ་དཀའ་སྤྱད་སྒྲུབ་པའི་སྲང༌། །མིང་ཙམ་ལྷག་མར་གྱུར་པའི་དུས་ཀྱི་མཐར། །སྔོན་བཞིན་གསལ་མཛད་མི་ངལ་དཔའ་བོའི་ཟླ། །བྱང་ཆུབ་མཆོག་ཕྱིར་རྟག་འགྲུས་སྦྱོར་བའི་ལམ། །གཡར་དམ་བདུན་གྱིས་བརླིང་བ་ལེགས་བརྟེན་ཏེ། །སྣ་ཚོགས་ལས་དང་གཡེང་བའི་ཁྱད་པར་ཀུན། །ཉེར་ཞིའི་སྟེགས་ལ་ངལ་གསོ་བགྱིད་དུ་སྩལ། །ཐུན་མོང་ཐུན་མིན་བྱང་ཆུབ་སེམས་གཉིས་ཀྱི། །རྒྱ་མཚོ་ཡོངས་རྫོགས་བརྩོན་པའི་ཧུབ་གཅིག་གིས། །གསོལ་བས་སངས་རྒྱས་སྙིང་པོ་རབ་བསྐུལ་ཏེ། །རྡོ་རྗེ་གསུམ་མཆོག་གྲུབ་པའི་ལང་ཚོ་རྒྱས། །དེ་ཚེ་རང་སྣང་རྡོ་རྗེའི་འོག་མིན་དུ། །ཏིང་འཛིན་མཆོག་གི་བདེ་བས་དགྱེས་རོལ་པའི། ཁྱོད་ཀྱི་འབྱོར་པ་ཅི་འདྲ་


TN00_Page_083B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུ། །ས་གསུམ་དབང་པོ་རྣམས་ལའང་ཡོད་མ་ཡིན། །འོན་ཀྱང་ཟས་གོས་ངན་དོན་གྱིས་འཚོ་ཞིང༌། །རྡོ་བའི་མལ་སྟན་སྲ་བ་ཙམ་བལྟས་ནས། །སྐལ་པ་ངན་ཞེས་སྙིང་རྗེར་སེམས་པ་འགས། །ཕལ་དང་དམ་ཆོས་རིང་བར་མནའ་ཆུ་བཏུང༌། །རྨོངས་པས་ཁྲེལ་བའི་བསྟིང་ཚིག་རླུང་ལ་བསྐུར། །དམ་པའི་རྣམ་ཐར་བདུད་རྩི་ངོམས་མེད་གསོལ། །དེ་མཐུས་འཇིག་རྟེན་བླུན་པོའི་སྤྱོད་ཡུལ་བརྒལ། །འཕགས་པ་དགྱེས་པའི་གོ་འཕང་རབ་མཆོག་བརྙེས། ཁྱད་པར་སྔོན་སྦྱངས་ཡོན་ཏན་གཏེར་གྱི་རྒྱ། །རྡོ་རྗེ་རྩེ་མོའི་འཕྲུལ་གསང་གིས་ཕྱེ་བས། །སྤང་བླང་སེམས་འཛིན་རྩོལ་བའི་སྒྲོག་མདུད་གྲོལ། །ཀུན་བཟང་དགོངས་པའི་རྩལ་ཆེན་ཕྱོགས་མེད་རྒྱས། །ཡུལ་སྣང་ཀུན་རྟོག་རི་མོའི་འཕྲུལ་དུ་གཟིགས། །རྟོག་ཚོགས་རིག་རྩལ་སྒྱུ་མའི་འཁོར་ལོར་ཤར། །རིག་པ་གདོད་ནས་རྣམ་དག་དབྱིངས་དང་འདྲེས། །ཉག་གཅིག་ཐིག་ལེའི་ཀློང་དུ་ཆོས་ཀུན་རྫོགས། །ཞིབ་ལ་གྲངས་མང་ཤེས་བྱའི་རྡུལ་ཕྲན་དང༌། །བསམ་གྱིས་མི་ཁྱབ་གནས་ལུགས་ཟབ་མོའི་གཏིང༌། །མཐའ་དག་རང་གནས་ཡེ་ཤེས་གཅིག་ཁོ་ནའི། །གནད་ལ་བརྟེན་ནས་ཕྱག་མཐིལ་རྫས་བཞིན་


TN00_Page_084A
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །རྒྱལ་བ་རིག་འཛིན་མཁའ་འགྲོའི་ཚོགས་རྣམས་དང༌། །ཀ་དག་གཉུག་མའི་དབྱིངས་སུ་ཐུགས་ཡིད་འདྲེས། །ལྷུན་གྲུབ་འོད་གསལ་ཞིང་དུ་བགྲོ་བ་མཛད། །འགྲོ་འདུལ་རྒྱལ་ཚབ་སྐྱེས་བུར་བྱིན་གྱིས་བརླབས། །དག་པ་རྣམས་ལ་རྒྱན་བྱེད་གཞན་ཡང་འབྱུང༌། །རྙོག་བྲལ་ཆུ་ལ་ཟླ་བའི་གཟུགས་བརྙན་བཞིན། །གང་བར་གྱུར་ཀྱང་འགེངས་ཕྱིར་བརྩོན་པ་ཡོད། །རྒྱ་མཚོ་ཆེ་ལ་ཕྱོགས་བཞིའི་ཆུ་ཀླུང་བཞིན། །དེ་བཞིན་མགོན་ཁྱོད་དགོངས་པ་རྣམ་དག་ཅིང༌། །ཡེ་ཤེས་དགོས་འབྱུང་ནོར་བུའི་གཏེར་བརྙེས་པས། །དབྱིངས་ཕྱུག་མཁའ་འགྲོའི་གསང་བའི་ཆོས་མཛོད་ནས། །སྙིང་ཐིག་སྤྲུལ་པའི་གླེགས་བམ་ཆར་དུ་བསྙིལ། །རིང་ནས་རྣལ་འབྱོར་གོམས་པའི་བྱི་དོར་གྱིས། །ཤིན་ཏུ་སྦྱངས་པ་མཁྱེན་བརྩེའི་དྭངས་ཤེལ་འོད། །བསེ་རུའི་བརྟུལ་ཞུགས་ཟ་མ་ཏོག་ནང་དུ། །སྦས་ཀྱང་རང་བྱུང་པདྨའི་ཐུགས་བསྐྱེད་དང༌། །ཀློང་ཆེན་དགོངས་པའི་འོད་ཟེར་གྱིས་བསྐུལ་ཏེ། །སྔོན་མེད་ལེགས་བཤད་འོད་ལྔའི་རི་མོ་ཡིས། །རྒྱལ་བསྟན་ནམ་མཁའ་བརྒྱན་པའི་དཔལ་མཐོང་ནས། །ཕྱོགས་ཀྱི་མཛེས་མ་ཀུན་དགའི་ཅ་ཅོ་འཕེལ། །ཟབ་


TN00_Page_084B
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་དགོངས་པ་གཏིང་མཐའ་མི་མངོན་ཡང༌། །མ་འདྲེས་ཡོན་ཏན་གཟུགས་བརྒྱས་གསལ་བཀྲ་བ། ཁྱོད་ཀྱིས་བལྟ་བས་མི་ངོམས་གཟུགས་ཅན་ལྔའི། །གྲགས་པའི་བ་དན་བལྟར་མི་མངོན་པར་སྦས། །དེ་ཡིས་ཉེར་བོས་སྐལ་བཟང་སློབ་མའི་ཚོགས། །སྒྲུབ་དང་ཟང་ཟིང་མཆོད་པའི་ཆར་རྒྱུན་བཅས། ཁྱོད་ཀྱི་སྤྱན་སྔར་འདུ་ཞིང་སླར་གྱེས་པ། །དབྱར་དུས་མཁའ་ལ་སྤྲིན་གྱི་འདུ་འགོད་བཞིན། །བདག་ཉིད་ཆོས་ཚུལ་ལེགས་པར་བསྒོམ་པ་དང༌། །གཞན་ཕན་སྨོན་ལམ་སྒྲུབ་དཀའ་གྲུབ་པ་དང༌། །བརྒྱུད་གསུམ་གདམས་པའི་བྱིན་རླབས་བཅུད་འདུས་པས། ཁྱོད་ལ་སུ་བསྟེན་འདུན་མ་ལེགས་པའི་རྩེ། །མཁས་རྨོངས་བར་མའི་བློ་ཡི་རིམ་པ་དང༌། །མོས་པའི་བྱེ་བྲག་ལས་འཕྲོའི་ཁྱད་པར་སོགས། །སོ་སོར་གང་འཚམས་འདུལ་བའི་ཐབས་མཁྱེན་པས། །གཞན་དོན་སྤྱོད་ལ་བསྙེངས་དང་བྲལ་བ་ལགས། །སྟོབས་འབྱོར་རིགས་གཟུགས་རབ་འབྲིང་ཐ་མ་དང༌། །བྱམས་སྡང་བར་མར་གནས་པའི་སྐྱེ་བོའི་ཚོགས། །སྙོམས་པར་རྗེས་འཛིན་དམན་ལ་ལྷག་པར་བརྩེ། །དུལ་ཞིང་གཡོ་མེད་གཅིག་ཏུ་ཕན་འདོགས་བརྩོན། །མཐོན་པོས་བཀུར་དང་དམན་པས་


TN00_Page_085A
[མ་དཔེ་གཟིགས་ན་འདིར་གནོན།]

བརྙས་ལ་སོགས། །ཅིས་ཀྱང་མི་འགྱུར་འཆད་ལ་སྐྱོ་ངལ་སྤངས། །ས་ལྟར་འགྲོ་བ་ཀུན་གྱི་རྟེན་གནས་འོས། ཁྱོད་འདྲའི་མགོན་བཅས་སྐྱེ་དགུ་སྐལ་བ་བཟང༌། །གང་གིས་ཐེག་མཆོག་སེང་གེའི་སྒྲ་དབྱངས་ཀྱིས། །མཐའ་དབུས་ཡུལ་གྲུ་ཕལ་ཆེར་ཁྱབ་གྱུར་ཏེ། །སྙིང་པོའི་ལམ་བཟང་བཤད་དང་སྒྲུབ་པ་ཡི། །དགའ་སྟོན་ས་སྟེང་བརྒྱུད་མར་གྲགས་པ་བྱུང༌། །བིརྦ་ས་ཞག་བདུན་ཉི་མ་རྟོད་ལ་བཟུང༌། །མཐུ་སྟོབས་མགོན་ཞེས་གྲགས་པས་ས་གསུམ་འདར། ཁྱོད་ཀྱིས་སྙིང་པོའི་བསྟན་པ་ནུབ་ཀའི་དུས། །ད་དུང་རྟོད་ལ་བཟུང་བ་མཐོང་བའི་ཆོས། །ཡོན་ཏན་རང་བཞིན་རྩི་སྨན་རྒྱལ་པོ་ལྟར། །སེམས་ཅན་དོན་དུ་བདག་ཉིད་ཡོངས་བསྔོས་པ། ཁྱོད་ལ་ཆུ་ཐིགས་ཙམ་གྱི་དགེ་བསྐྱེད་ཀྱང༌། །བྱང་ཆེན་རྒྱ་མཚོའི་འཇིངས་སུ་རོ་གཅིག་འགྱུར། །དེ་ཕྱིར་ཁྱོད་མཚན་བརྗོད་དང་རྣམ་ཐར་བསྔགས། །དད་པས་གསོལ་འདེབས་བཀའ་ལ་རི་མོར་བྱེད། །གང་ཡང་ཕྱིར་མི་ལྡོག་པའི་སྐལ་ལྡན་དུ། །པད་འབྱུང་རྡོ་རྗེའི་ལུང་གིས་གསལ་བར་བསྔགས། །ཇི་སྲིད་ཚངས་པའི་མེ་ཏོག་ཡིད་བཞིན་མཚོ། །གངས་ཅན་འཛིན་མའི་དཔལ་དུ་གནས་དེ་སྲིད། །


TN00_Page_085B
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས་རྣམ་འདྲེན་ངང་པའི་རྒྱལ་པོ་ཡང༌། །དགྱེས་པའི་འཕུར་ལྡིང་བོད་ལ་རྩེན་པར་འགྱུར། །དེ་སླད་བསིལ་ལྗོངས་འགྲོ་བའི་ཕན་བདེ་ནི། ཁྱོད་ཞལ་མཐོང་གྲོལ་ཟླ་བའི་རྗེས་འགྲོ་བས། །ད་དུང་དགྱེས་སྤྱན་གཟིགས་པའི་བདུད་རྩི་ཡིས། །བོད་འབངས་སྐྱོང་བའི་མཆོག་འདི་ཁྱོད་ལ་སློང༌། །གྲངས་མེད་རིག་འཛིན་ཞིང་ནས་དཔའ་བོ་དང༌། །མཁའ་འགྲོས་བསྟོད་དབྱངས་རོལ་མོའི་སྤྲིན་གཏིབས་པ། ཁྱོད་ཀྱི་ཡོན་ཏན་བདག་འདྲས་དཔོག་མིན་ཡང༌། །རང་ཡིད་རབ་དགའི་ཅ་ཅོ་ཕྲེང་བར་བསྡེབས། །དེ་ལྟར་བསྟོད་ལས་བྱུང་བའི་དགེ་ཚོགས་རྒྱུན། །གང་མཆིས་ཁྱོད་ཐུགས་བཞེད་པའི་ཀློང་རུམ་དུ། །འདྲེས་ནས་འོད་གསལ་ཐེག་པའི་ཆོས་འཁོར་གྱིས། །འགྲོ་ཀུན་གདོད་མའི་དབྱིངས་སུ་བྱང་ཆུབ་ཤོག །བདག་ཀྱང་སྲིད་པར་རྒྱུ་བའི་རབས་ཀུན་ཏུ། ཁྱོད་ཞབས་གཙུག་གི་རྒྱན་དུ་མི་འབྲལ་ཞིང༌། །ཐེག་མཆོག་གདམས་པའི་རོ་བཅུད་རྟག་འཐུང་བས། །རྩལ་རྫོགས་དག་པའི་དབྱིངས་ལ་དབང་སྒྱུར་ཤོག །ཀུན་མཁྱེན་རིག་འཛིན་བླ་མ་འཇིགས་མེད་གླིང་པ་ལ་བསྟོད་པ་དད་བརྒྱའི་པདྨོ་རྒྱས་བྱེད་བདུད་རྩིའི་ཟིལ་ཆར་ཞེས་བྱ་བ། །ཀད་ཀོར་སྤྲུལ་པའི་སྐུ་འཇིགས་མེད་རྡོ་རྗེ་དཔའ་


TN00_Page_086A
[མ་དཔེ་གཟིགས་ན་འདིར་གནོན།]

བོས་སྲིད་དུ་རིང་བའི་ལྷ་རྫས་ཀྱི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར་དང༌། །རང་ཉིད་ཀྱི་དད་པའི་གསོས་སུའང་བསམས་ཏེ། །སྤྲང་རྒན་བསྟན་པའི་ཉི་མས་བྲིས་པ་དགེ་བར་གྱུར་ཅིག། ༈ །།གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་རྟོགས་བརྗོད་དང་འབྲེལ་བར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དཔག་བསམ་ལྗོན་པའི་མེ་ཏོག་ཅེས་བྱ་བ། ན་མོ་གུ་རུ་པདྨ་ཀ་ར་ཡེ། །རང་བྱུང་པདྨས་འཇིགས་མེད་ཆོས་ཀྱི་ཁྲིར། །སངས་རྒྱས་ཕྲིན་ལས་བྱེད་པོར་དབང་བསྐུར་བ། །སྐལ་བཟང་པདྨོའི་གཉེན་གྱུར་ཡེ་ཤེས་ཀྱི། །འོད་ཟེར་སྣང་བའི་གཏེར་ཆེན་དེ་ལ་འདུད། ཁྱོད་ཀྱིས་སྔོན་ཚེ་དུས་མཐའི་འགྲོ་བ་ལ། །པདྨའི་ཟབ་གཏེར་སྦྱིན་པར་ཞལ་བཞེས་ལྟར། །བསིལ་ལྡན་ཆོས་ཀྱི་སྣང་བས་འགེང་མཛད་པ། །སངས་རྒྱས་རྡོ་རྗེར་གྱུར་ལ་གསོལ་བ་འདེབས། །དེ་ལས་སླར་ཡང་རབ་ཉི་ཁྲོ་བོའི་ལོར། ཁམས་ཀྱི་ཤར་ཕྱོགས་རྡོ་རོལ་འཛིན་མའི་ཆར། །བོང་ཆུང་ཞེས་བྱ་སྨུག་པོ་གདོང་རིགས་སུ། །སྐྱེ་བའི་མྱུ་གུ་བཟུང་ལ་གསོལ་བ་འདེབས། །བལྟམས་ཙམ་ཉིད་ནས་ཚེ་རབས་དྲན་པ་དང༌། །སྙིང་རྗེ་ཆེ་ཞིང་ཡི་


TN00_Page_086B
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་མ་མོ་ཙམ། །སྦྱངས་པས་ཀློག་མཐར་སོན་པའི་མཁྱེན་རབ་ཀྱིས། །དཔྱད་ལྡན་ཡིད་འཕྲོག་མཛད་ལ་གསོལ་བ་འདེབས། །དེ་ཚེ་སྔགས་སྤྱོད་དཔའ་བོའི་གཟུགས་ཅན་གྱིས། །ཆོས་འཁོར་བསྐལ་བའི་མར་མེ་གསལ་འབར་དང༌། །གླེགས་བམ་གཏེར་ཁ་གཏད་ནས་དེ་དག་གི༌།བདག་པོར་ལུང་བསྟན་སྩལ་ལ་གསོལ་བ་འདེབས། །དགུང་གྲངས་བཅོ་ལྔར་ཤེས་རབ་རིན་ཆེན་ལས། །སྐྱབས་སྡོམ་རྡོ་རྗེ་ཕྲེང་བའི་དབང་བསྐུར་དང༌། །ཐུན་མོང་ལམ་རིམ་གདམས་པ་ལེགས་ནོས་ཏེ། །ཉིན་མཚན་ཆོས་ཀྱིས་འདས་ལ་གསོལ་བ་འདེབས། །ཉེར་གཅིག་ལོ་ནང་དྭགས་ལྷ་སྒམ་པོར་བྱོན། །མི་ཕམ་དབང་པོས་དགེ་བསྙེན་ཉིད་དུ་བསྒྲུབས། ། ཤྭ་རར་དཀའ་གདམས་ལམ་རིམ་དང༌། །ཆོས་དྲུག་ཟབ་ཁྲིད་བརྙེས་ལ་གསོལ་བ་འདེབས། །ཅིག་ཆར་གནས་སུ་ཕག་མོ་གསུམ་ལྡན་མར། །མཇལ་བའི་རྐྱེན་གྱིས་གང་སྣང་བདེ་བར་ཤར། །བདེ་བའང་མི་དམིགས་དབྱིངས་དང་རོ་གཅིག་འདྲེས། །ཡེ་ཤེས་བྱིན་ཆེན་ཞུགས་ལ༴་ཁམས་སུ་གདན་བཏེགས་ཟེ་ཆེན་ཀུན་རྣམ་དང༌། །ངེས་དོན་ཞབས་སོགས་མཁས་གྲུབ་དུ་མ་ལས། །དབང་ལུང་མན་ངག་བདུད་རྩི་ངོམས་


TN00_Page_087A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསོལ། །ཆོས་ཀྱི་རྒྱ་མཚོར་གྱུར་ལ༴༌།རང་ཡུལ་བཞུད་ཚེ་རྒྱལ་བ་འོད་དཔག་མེད། །མཇལ་ཞིང་ཚངས་དབྱངས་རྔ་སྒྲ་གསན་པའི་མོད། །འཇིག་རྟེན་ཆོས་ཀྱིས་མི་གོས་པདྨ་ལྟའི། །རྒྱལ་སྲས་སྤྱོད་མཆོག་བརྙེས་ལ༴༌།རུ་དམ་གནས་སུ་སྒྲུབ་ལ་རྩེ་གཅིག་ཏུ། །བཞུགས་ཚེ་འཚུབ་ལྷོད་དྲག་པོ་བརྒྱུད་མ་རུ། །བྱུང་རྣམས་ལྟ་དགོངས་ནུས་པས་ཟིལ་མནན་ནས། །རྟོགས་པའི་བོགས་ཆེན་ཐོན་ལ༴༌།དུས་དེར་མནལ་ལམ་ཨོ་རྒྱན་སློབ་དཔོན་ཆེས། །གསེར་མདོག་བདུད་རྩིའི་ཆུ་ཡིས་དབང་བསྐུར་ཞིང༌། །དཀའ་སྤྱད་དུས་སུ་མི་མིན་སྐྱེ་བོ་ཡིས། །མངོན་སུམ་ཞལ་ཟས་ཕུལ་ལ༴༌།བོད་སྐྱོང་མཁའ་འགྲོའི་གཙོ་མོ་ཚེ་རིང་མས། །རང་གི་གནས་སུ་སྤྱན་དྲངས་ཞབས་ཏོག་བསྟབས། །ཕྱོགས་དེར་ལོ་བཞིར་འདས་པར་རིམ་གཉིས་ཀྱི། །རྣལ་འབྱོར་རྒྱུན་ཆགས་བསྐྱངས་ལ༴༌།དེ་ནས་ནམ་ཞིག་བསྟན་བཅོས་ཡོན་ཏན་མཛོད། །གཟིགས་ལས་མོས་གུས་གདུང་བས་རྒྱུད་བསྐུལ་ཏེ། །ཚེ་རབས་མང་པོར་རྗེས་བཟུང་རིགས་ཀྱི་བདག །ཀུན་མཁྱེན་ཞབས་པད་བསྙེན་ལ༴༌།མགོན་དེས་སྔ་འགྱུར་བཀའ་གཏེར་རབ་འབྱམས་


TN00_Page_087B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །གདམ་ངག་དབང་བསྐུར་བུམ་པ་གང་བྱོལ་སྩལ། །གཞོན་ནུ་སངས་རྒྱས་སྨོན་ལམ་དུས་སྨིན་པའི། །རྟེན་འབྲེལ་སྲོག་རྩ་མཐུད་ལ༴༌།ཐུགས་བསྐྱེད་བཞེས་ཚེ་འོད་སྲུང་རྒྱལ་བ་ཡི། །སྐུ་གདུང་གཏེར་ཁ་བཞེས་པའི་མནལ་ལམ་གཟིགས། །བྱང་ཆུབ་ཆེ་དྲུང་ཡབ་སྲས་ལྷན་ཅིག་ཏུ། །བཟང་པོ་སྤྱོད་སྨོན་བཏབ་ལ༴༌།དགོངས་འདུས་དབང་བསྐུར་དུས་སུ་དཔོན་སློབ་གཉིས། །ཉང་རལ་སངས་རྒྱས་གླིང་པར་གྱུར་པའི་ཚུལ། །ཡེ་ཤེས་མེ་ལོང་ངོས་སུ་སྒྲིབ་མེད་གཟིགས། །སྔོན་སྦྱངས་ལས་འཕྲོ་སད་ལ༴༌།བསམ་ཡས་དབུ་རྩེར་གུ་རུའི་སྣང་བརྙན་ནི། །གྲངས་མེད་འཕེལ་བའི་རྒྱུ་ཚོགས་རྟེན་འབྲེལ་ལས། །ཕྲིན་ལས་དབྱར་མཚོ་བཞིན་དུ་རྒྱས་འགྱུར་ཞེས། །ལུང་བསྟན་མེ་ཏོག་འཐོར་ལ༴ཡབ་རྗེའི་སྤྱན་སྔར་སྒྲུབ་པའི་མཎྜལ་དང༌། །འབད་རྩོལ་ཆེན་པོས་སྤྱན་དབྱེའི་ཞབས་ཏོག་མཛད། །བདོག་དགུ་རྩལ་སྤྲུགས་མཆོད་པ་ལན་བཞི་སོགས། །མཉེས་པ་མཐར་ཕྱིན་བསྒྲུབས་ལ༴༌།ཀུན་མཁྱེན་རྗེ་ཡིས་སྙིང་ཐིག་བསྟན་པའི་མཛོད། །བཟུང་ནས་གཞན་དོན་སྤྱོད་པར་བཀས་གནང་ཞིང༌། །ཉིད་དང་དབྱེར་མི་ཕྱེད་པའི་ཞལ་བཞེས་མཛོད། །དགོངས་


TN00_Page_088A
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་རོ་གཅིག་འདྲེས་ལ༴༌།རིས་བྲལ་རྟེན་གསུམ་དགེ་འདུན་འདུས་པའི་སྡེ། །རྒྱ་ཆེར་མཆོད་ཅིང་སྒྲུབ་གནས་གསུམ་སོགས་སུ། །བསྙེན་སྒྲུབ་སྦྱིན་སྲེག་ཚོགས་ཀྱི་འཁོར་ལོ་ཡིས། །རྩ་གསུམ་དགྱེས་པ་སྐྱེད་ལ༴དུར་ཁྲོད་གཉན་ས་མང་པོར་གཅོད་ཡུལ་མཛད། །ཚར་ལྷོང་མཐར་ཕྱིན་གཅན་གཟན་ཁྲོ་བོ་དང༌། །ཀླ་ཀློ་གཙང་པོ་ལ་སོགས་ཐུག་ཕྲད་དུ། །ཟིལ་གནོན་བརྟུལ་ཞུགས་གྲུབ་ལ༴༌།དབུས་གཙང་མཐའ་དག་འདར་ནུས་བལ་པོའི་དམག །ལྷགས་ཚེ་བེ་ཧར་དབང་བསྡུས་བརྟུལ་ཞུགས་ཀྱིས། །ཕས་རྒོལ་སོས་ཀའི་ཐན་སྤྲིན་བཞིན་མཛད་དེ། །རྒྱལ་བསྟན་ནུས་མཐུས་བསྲུངས་ལ༴༌།རུ་བཞིར་ཐན་པས་ཉེན་ལ་རྗེས་བརྩེ་ཡིས། །སྦྱིན་སྲེག་མཛད་པའི་ཐལ་བ་མཚོར་གཤེགས་པས། །མོད་ལ་ཆར་གྱི་རྒྱུན་བཟང་འཛད་མེད་བབས། །འགྲོ་མང་སྡུག་བསྔལ་བསྐྱབས་ལ༴༌།གནམ་མཚོར་བདེ་ལྡན་ཞིང་གི་བཀོད་པ་གཟིགས། །ཙ་རི་སེང་གེ་ལ་རྩེར་ཨོ་རྒྱན་རྗེ། །མངོན་སུམ་ཞལ་མཐོང་གསོལ་འདེབས་མཛད་པའི་མོད། །ཡེ་ཤེས་དབྱིངས་གཅིག་གྱུར་ལ༴༌།ཀླུ་རིང་མདུང་རྩེ་གྱ་གྱུའི་གཞི་བདག་དང༌། །ཆུ་རྒྱུད་དགེ་བསྙེན་ལ་


TN00_Page_088B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དྲེགས་པ་རྣམས། །བྱང་ཆུབ་ཐུགས་ཀྱི་ནུས་པས་དབང་གྱུར་ནས། །དང་བས་སྲི་ཞུ་བགྱིས་ལ༴ཆོས་རྒྱལ་སྡེ་དགེའི་བསྟན་སྲིད་སྲུང་བ་དང༌། །བྱང་རྒྱུད་རིག་འཛིན་གླིང་གི་ས་འདུལ་དུས། །མི་མཐུན་བདུད་དཔུང་ཕམ་པའི་རྟགས་མཚན་གྱིས། །གྲགས་པའི་རྒྱལ་རྔ་བརྡུང་ལ༴༌།བྲ་རོང་ཕྱོགས་སུ་བུད་མེད་གླུ་སྐད་དང༌། །ལྷུན་གྲུབ་སྟེང་དུ་ཚོགས་ཟངས་སྒྲ་གསན་པས། །ལྐོག་གྱུར་བདེ་སྡུག་དུ་མའི་ངང་ཚུལ་མཁྱེན། །རྟེན་འབྲེལ་རང་བྱན་ཆུད་ལ༴༌།བྲག་དཀར་སྤྲེལ་རྫོང་འཕགས་པའི་སྒྲུབ་གནས་སུ། །རྩ་གསུམ་བསྙེན་སྒྲུབ་ཆུ་བོའི་རྒྱུན་བཞིན་གཞོལ། །དག་པ་རབ་འབྱམས་རང་སྣང་རིས་མེད་ཀྱི། །དགོངས་པའི་རྩལ་ཆེན་རྫོགས་ལ༴༌།སོག་ཡུལ་བྱོན་ཚེ་གྲོག་པོ་སྐམ་པོའི་ནང༌། །དལ་འགྲོའི་ཀླུང་ཆེན་འབབས་པའི་དགེ་མཚན་གྱིས། །ཡིད་དྲངས་ཧར་ཧན་ཏ་ལེ་བླ་མ་ཞེས། །སྐྱེ་དགུས་མགྲིན་གཅིག་བསྔགས་ལ༴༌།ཇོ་ནང་དཔོན་གྱིས་ཞུས་ཏེ་མཆོད་གནས་མཛད། །ཕྱོགས་དེར་ཕན་བདེའི་ལེགས་ཚོགས་སྤེལ་སླད་དུ། །མངོན་མཁྱེན་ནུས་སྟོབས་ཟད་མི་ཤེས་པ་བསྟན། །འབྲེལ་ཚད་དོན་ལྡན་མཛད་ལ༴ངག་དབང་ཝང་དང་སྒོ་མེ་ཆོས་རྗེས་མཚོན། །


TN00_Page_089A
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་མང་པོར་སྙིང་ཐིག་ཆོས་ཆར་ཕབ། །རྣལ་འབྱོར་དབང་ཕྱུག་བྱམས་པ་དགེ་ལེགས་ཀྱིས། །འཇིག་རྟེན་བླ་མར་བསྔགས་ལ༴༌།གོང་མའི་ལུང་གིས་མདའ་ཚན་བཅུ་གཉིས་ཀྱི། །བླ་མར་བསྐོས་སོགས་རྙེད་བཀུར་ཆེར་བྱུང་ཡང༌། །ཞེན་མེད་སྨོན་ལམ་མཐུན་པའི་གདུལ་བྱའི་ཆེད། །དགོངས་ཏེ་བོད་ཡུལ་བྱོན་ལ༴༌།ཡོངས་ཤར་ཤུག་ཆེན་གཉིས་སུ་གཙུག་ལག་ཁང༌། །བསྐྲུན་ཚེ་རྡོ་ཡི་གླེགས་བུའི་གཏེར་ཁ་ཕྱུངས། །བསྐལ་བཟང་རྒྱུད་རིས་བཀའ་འགྱུར་གླེགས་བམ་སོགས། །དཀོན་མཆོག་རྟེན་མང་བཞེངས་ལ༴༌།སླར་ཡང་སྡེ་དགེ་ལྷོ་བྱང་ཁམས་ཧོར་དང༌། །རྡོ་འཛི་སྨར་དང་ཟླ་སྙི་གསེར་ཁོག་ཀུན། །ཞབས་ཀྱིས་ལེགས་བཅག་སྐྱེ་དགུ་བགྲང་ཡས་པ། །ཞལ་མཐོང་འབྲེལ་བས་བསྡུས་ལ༴༌།དེ་དག་རྣམས་སུ་འཁོན་སྡུམ་འདྲེ་འདུལ་དང༌། །མངོན་ཤེས་ལ་བརྟེན་བླང་དོར་གནས་མང་བསྟན། །མཆོད་སྦྱིན་སྲོག་བསླུ་རྟེན་བཞེངས་རྒྱས་པར་སྤེལ། །གཞན་ཕན་སྒོ་མཐའ་ཡས་ལ༴༌།ལྷག་པར་དབང་བསྐུར་སྦྱིན་སྲེག་རབ་གནས་དང༌། །གནས་ལུང་མྱོང་གྲོལ་བདུད་རྩིའི་སྦྱིན་པ་སོགས། །རྣམ་མང་སྔགས་དང་རྒྱུད་ཀྱི་


TN00_Page_089B
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡིས། །གདུལ་བྱའི་དོན་ཆེན་བསྒྲུབས་ལ༴༌།དེ་ཚེ་སྒྲུབ་བརྩོན་ངག་དབང་ཆོས་འབྱོར་དང༌། །ངོར་ཆེན་བྱམས་པ་ནམ་མཁའ་འཆི་མེད་སོགས། །དམ་པ་མང་པོར་ཟབ་ཆོས་བདུད་རྩི་བཞེས། །འཆད་སྤེལ་ཕྲིན་ལས་བསྐྱངས༴༌།རབ་ཡིད་ལྕགས་རྟར་འབྲིང་རི་སྨུག་པོའི་ཞོལ། །སྦྱང་ཚང་ལུང་པ་པདྨའི་དབྱིབས་ཅན་དུ། །ལྷ་ཁང་སྒྲུབ་སྡེའི་བཀོད་པ་གསར་བསྐྲུན་ནས། །མི་གཡོའི་ཆོས་སྟན་བཟུང་ལ༴༌།གནས་དེར་གཏན་པ་མེད་པའི་ཆོས་སྦྱིན་ལ། །མདོ་ཁམས་སྡེ་དགེ་ནས་བཟུང་རྒྱལ་རོང་དང༌། །རེབ་ཀོང་སོག་ཡུལ་བར་གྱི་གདུལ་བྱའི་ཚོགས། །ཉི་ཟེར་རྡུལ་བཞིན་འཁྲིགས་ལ༴༌།སྙིང་ཐིག་གོང་འོག་མཛོད་བདུན་ངལ་གསོ་གསུམ། །རྒྱུད་འབུམ་ལ་སོགས་ཆོས་འཁོར་འབྱམས་ཀླས་ཀྱིས། །རྙིང་བསྟན་གྲུ་བཞིར་རྒྱས་པའི་ས་བོན་བཏབ། །བསྟན་འཛིན་ཕྲེང་བ་སྤེལ་ལ༴་ཁྱད་པར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །རྫོགས་ཆེན་སྙིང་ཐིག་སྒོམ་པའི་རྣལ་འབྱོར་ཁྱུས། །མདོ་ཁམས་རི་སུལ་ཀུན་ཏུ་ཁྱབ་མཛད་པ། །སངས་རྒྱས་གདུང་འཚོབ་ཆེ་ལ༴ཁྱིམ་གནས་རྣམས་ཀྱང་ཡང་དག་ལྟ་བ་དང༌། །མི་འཚེའི་བརྟུལ་ཞུགས་


TN00_Page_090A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་རབ་སྦྱར་ཞིང༌། །ཡན་ལག་བརྒྱད་པའི་ཁྲིམས་དང་ཡིག་དྲུག་སྒྲས། །ས་སྟེང་རྒྱས་པར་བཀང་ལ༴རྨོངས་རྟུལ་བླུན་པོ་འདུས་པའི་མཐའ་འཁོབ་ཏུ། །མཐོ་རིས་ཐར་པར་བགྲོད་པའི་ལམ་བཟང་པོ། །ཚོང་དུས་སྲང་ལྟར་གསལ་བ་ཁྱོད་ཀྱི་དྲིན། །ལོང་བ་མིག་འབྱེད་ཁྱོད་ལ༴༌།ཇོ་ཤཀ་ཞལ་བལྟར་ལམ་གྱིས་ངལ་བ་རྣམས། །དབུགས་འབྱིན་ཟས་ཀྱི་ཡོ་བྱད་རྐྱེན་སྦྱར་ཞིང༌། །བསམ་ཡས་ཞིག་གསོར་སྟོང་དངུལ་གསུམ་ལྷག་གིས། །མཐུན་རྐྱེན་ཞབས་ཏོག་ཕུལ་ལ༴༌།མཆུ་ཟླའི་ཚེས་བཅུར་བདེ་གཤེགས་རིགས་འདུས་ཀྱི། །དཀྱིལ་འཁོར་བཞེངས་སྒྲུབ་མཆོད་པའི་རྒྱུན་བཙུགས་ཏེ། །འགྲོ་བའི་རེ་སྐོང་བསོད་ནམས་དཔག་བསམ་ཤིང༌། །ཕ་མཐའ་ཡས་པར་བསྐྲུན་ལ༴༌།དེ་ལྟར་སངས་རྒྱས་ཞིང་ལ་དགེ་རྩ་བསྐྱེད། །ཐེག་མཆོག་ཆོས་ལ་བྱ་བ་རྒྱ་ཆེར་མཛད། །གྲངས་མེད་གདུལ་བྱའི་འཇིག་རྟེན་སྨིན་མཛད་ཅིང༌། །སྐུ་ཚེ་མཐར་ཕྱིན་བཞུགས་ལ༴་ཁྱུ་མཆོག་ཆོ་འཕྲུལ་ཟླ་བའི་བཅུ་གསུམ་ཉིན། །འཇའ་འོད་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༌། །དེ་ཡིན་མ་ཕྱེད་ལོངས་སྐུའི་ཆས་ཞུགས་ཏེ། །འོད་གསལ་


TN00_Page_090B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུར་གཟིམས་ལ༴་ཁྱོད་སྐུ་ཞུགས་ཀྱིས་སྦྱངས་པའི་ལྷག་མས་ཀྱང༌། །བསྟན་འགྲོའི་དོན་ཆེན་བྱེད་པར་ཞལ་གྱིས་བཞེས། །དུས་རྣམས་ཀུན་ཏུ་རྩི་སྨན་སྡོང་པོ་ལྟར། །ལུས་ཅན་ཉེར་འཚོར་གྱུར་ལ༴༌།མགོན་ཁྱོད་རྣམ་ཐར་ནོར་བུའི་རྒྱུད་མངས་ནི། །མོས་གུས་སོར་རྩེས་བསྐུལ་བའི་རྟོགས་བརྗོད་དབྱངས། །ཅུང་ཟད་བླངས་འདིས་བདག་དང་འགྲོ་བ་ཀུན། །ཐེག་མཆོག་བཤེས་གཉེན་དམ་པས་རྗེ་འཛིན་ཤོག །ཚེ་རབས་ཕྲེང་བར་དཔལ་ལྡན་བླ་མ་མཆོག །ཐབས་ཚུལ་ཀུན་གྱིས་མཉེས་པ་ལྷུར་ལེན་ཅིང༌། །བཀའ་བཞིན་སྒྲུབ་པའི་བརྩོན་འགྲུས་མཐར་དབྱུང་སྟེ། །ས་གསུམ་བླ་མའི་གོ་འཕང་མྱུར་ཐོབ་ཤོག །།ཅེས་པའང་གམ་དུ་འཁོད་པའི་དགེ་ཚུལ་འཇིགས་མེད་ཆོས་ཀྱི་བློ་གྲོས་ཀྱིས་གྲུབ་རྗེའི་རྣམ་ཐར་གསོལ་འདེབས་གོ་བདེ་བ་ཞིག་རྩོམ་ཞེས་ནན་གྱིས་བསྐུལ་བ་ལྟར། འཇིགས་མེད་བསྟན་པའི་ཉི་མས་རིག་འཛིན་བརྒྱུད་པའི་ཕྲེང་བར་གསོལ་བ་བཏབ་སྟེ། །རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ལ་བྲིས་པ་འབྲེལ་ཚད་རིག་འཛིན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ༈ །།གང་གི་རྨད་བྱུང་ཐབས་དང་སྙིང་རྗེའི་མཐུས། །


TN00_Page_091A
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་ཞིང་གི་སངས་རྒྱས་སྲས་བཅས་ཀྱི། །དབང་བསྐུར་བདུད་རྩིའནག་རབ་དམན་བདག་ལྟ་བུའི། །སྐལ་བར་ཐོབ་མཛད་དྲིན་ཆེན་ཆོས་ཀྱི་རྗེ། ཁྱོད་ཀྱི་ཡོན་ཏན་དྲན་པས་མཆི་མ་གཡོ། །བཀའ་དྲིན་ཕྲེང་བ་རྗེས་དྲན་ཐལ་མོ་སྦྱོར། །ད་དུང་བྱང་ཆུབ་བར་གྱི་ཚེ་རབས་ཀུན། ཁྱོད་ཞབས་སྤྱི་བོས་ནོད་པར་སྨོན་ལམ་འདེབས། །གང་གི་ཟེའུ་འབྲུར་མགོན་པོ་ཁྱོད་བལྟམས་པས། །ལྷར་བཅས་འཇིག་རྟེན་ཀུན་དགའི་གླུ་ལེན་པ། །གཉོས་ཞེས་གྲགས་པའི་རིགས་ཀྱི་པདྨ་དཀར། །ཡོན་ཏན་འདབ་བརྒྱ་ལྡན་ལའང་མགོས་ཕྱག་འཚལ། །གང་དུ་མགོན་ཁྱོད་སྐྱེ་བའི་སྒྱུ་འཕྲུལ་གྱིས། །བྲིས་པའི་དགེ་མཚན་ཡུན་རིང་གནས་གྱུར་པ། །གཏེར་ལྷུང་ཞེས་བྱ་ཡི་གེའི་མེ་ཏོག་གིས། །མཛེས་པའི་ཡུལ་འཁོར་དེ་ལའང་མགོས་ཕྱག་འཚལ། །གང་ཞིག་མགོན་ཁྱོད་ལྷུམས་ཀྱི་པདྨོ་ལས། །རྣམ་པར་གྲོལ་བའི་ལང་ཚོའི་གཟི་འོད་ཀྱིས། །སྐྱེ་དགུ་ཀུན་གྱི་བསོད་ནམས་ཞིང་མཛད་པ། །རི་བོ་དེའུ་ཆུང་དེ་ལ་མགོས་ཕྱག་འཚལ། །རྗེ་བཙུན་འཁྲུངས་ཚེ་དབུ་སྟེང་ཡར་ངོ་ཡི། །རྫོགས་པ་དང་པོའི་གདུགས་མཛེས་ཉེར་བཟུང་སྟེ། །སྲིད་ཞིའི་འབྱོར་པ་རྒྱས་


TN00_Page_091B
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་རེས་ཀྱི་གཟའ། །དཔལ་ལྡན་ཟླ་བའི་སྲས་ལའང་མགོས་ཕྱག་འཚལ། །གང་ཞིག་རིག་འཛིན་གཞོན་ནུའི་ཟླ་བ་ནི། །དང་པོར་འཆར་ཚེ་རང་གི་ཡོན་ཏན་ཚོགས། །ས་ལ་དགའ་སྟོན་བཤམས་པ་ལྟར་བཀོད་པ། །རྒྱུ་སྐར་ལྷ་མོ་ནབ་སོ་དེ་ལའང་འདུད། །ཀུན་མཁྱེན་རྗེ་ཁྱོད་ལན་རེ་དྲན་པས་ཀྱང༌། །སྙིང་གི་གདུང་བ་སེལ་ཕྱིར་གལ་ཏེ་ཁྱོད། །རྗེས་དྲན་མཚན་མར་འགྱུར་ན་དེ་ཡི་སླད། །དེའུ་མགོའི་ཁྱི་རྣམས་ལའང་བདག་ཕྱག་འཚལ། །ལི་ཐུར་བདུན་པའི་ཉེར་བདུན་ལ་གཟའ་སྐར་འདི་གཉིས་འཛོམ་པར་ཁ་བྱང་ཐེབས་པ་མཐོང་བས་རྐྱེན་བྱས་ཏེ་བླ་མ་དྲན་ནས་སོ།། ༈ །།ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ། འཇམ་ཞིང་ཟབ་པ་རྡོ་རྗེའི་གསུང་དབྱངས་ནི། །མཁྱེན་བརྩེའི་ལྷ་མཆོག་འཇིག་རྟེན་དབང་པོ་རུ། །རྣམ་པར་ཤར་བའི་ངོ་མཚར་སྒྱུ་མ་ལ། །མི་འཕྲོག་དང་བའི་མེ་ཏོག་གྲུ་ཆར་འབེབ། ཁྱོད་ཀྱིས་བསིལ་ལྡན་ལྗོངས་འདིར་མི་དབང་དང༌། །པཎ་གྲུབ་ལོ་ཙཱ་ཁྱིམ་བདག་དྲ་མ་སོགས། །དུ་མའི་གཟུགས་ཀྱིས་ཕན་བདེའི་གདུགས་དཀར་ནི། །རྩིབས་བརྒྱར་བྲེས་པའི་དྲིན་ལ་སུ་མི་གུས། །ལྷག་པར་སྙིགས་མ་ལས་ཀྱང་ཆེར་སྙིགས་པའི། །དུས་ཀྱི་རྒྱ་མཚོ་ཟབ་མོར་ལྷུང་གྱུར་པ། །


TN00_Page_092A
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་བརྩེ་ཆེན་གྲུ་ཡིས་རྗེས་འཛིན་ཕྱིར། །ཕྱོགས་འདིར་སྐྱེ་བའི་སྒྱུ་འཕྲུལ་བསྟན་ལ་འདུད། །མཁས་ཤིང་དྲང་ལ་བློ་གྲོས་བརྟན་གྱུར་ཅིང༌། །གཏོད་དང་ངོ་ཚ་ཤེས་པའི་ནོར་ལྡན་པ། །ཆེན་པོའི་རིགས་ཀྱི་ནང་དུ་ཁྱོད་བལྟམས་ཏེ། །འབྱུང་ཁུངས་བཟང་པོའི་གསེར་བཞིན་མཁས་པས་བཀུར། །པད་དཀར་རྒྱས་པའི་ཞལ་མངའ་ཁྱོད་ཀྱི་སྐུ། །ལྷུམས་ཀྱི་ཁང་བརྩེགས་ནང་ནས་བྱུང་མ་ཐག །གསལ་རྫོགས་དྲང་སྲོང་དུལ་བའི་ཆ་བྱད་ཀྱིས། །འགྲོ་ལ་ཚངས་པའི་སྤྱོད་ཚུལ་སློབ་པ་བཞིན། །མཚན་མོས་ཉི་འོད་གུར་གུམ་འཐོར་བ་དང༌། །འབབ་ཆུའི་ན་ཆུང་འོ་མ་འཇོ་བ་སོགས། །བཀྲ་ཤིས་ལྟས་ཀྱི་མེ་ཏོག་མ་རྙིངས་པ། །མང་པོའང་ཁྱོད་བལྟམས་དུས་སུ་བྱུང་བར་གྱུར། །མཐུན་པའི་འཁོར་དང་དམ་པའི་ཉེ་དུ་དང༌། །ཆོས་བཞིན་བསྒྲུབས་པའི་ནོར་དང་རིག་པ་ཡི། །གཟི་བརྗིད་ལྡན་སླད་ཁྱིམ་ན་གནས་ཚེ་ཡང༌། ཁྱོད་ཀྱིས་འཇིག་རྟེན་ཕལ་ཆེར་ཟིལ་གྱིས་མནན། །གཞོན་ཡང་རྒྱན་པའི་བརྟན་དང་ཞི་ལ་གནས། །མཐོ་ཡང་མ་དྲེགས་སྐྱེ་བོའི་བྲན་ལྟར་མཛད། །འབྱོར་ཡང་ཕྱི་ཕྱིར་མངོན་པར་འབྱུང་ལ་དགྱེས། །གསལ་ཡང་དགོངས་པའི་གཏིང་ནི་དཔག་པར་དཀའ། །


TN00_Page_092B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་སྔོན་ནག་པོ་ཆེན་པོ་གདོང་བཞི་པས། །སིལ་སྙན་འཁྲོལ་བའི་དབྱངས་ཀྱིས་ས་སྐྱ་པའི། །བསྟན་འཛིན་ཚོགས་ཀྱི་དབུས་སུ་སྤྱན་དྲངས་ལྟར། །དུས་འདིར་ས་ངོར་མཁས་པའི་མགོན་དུ་བྱོན། །བདེ་ལྡན་ཞིང་དུ་ཚེ་དཔག་མེད་མགོན་ལས། །རྒྱལ་ཚབ་དབང་བསྐུར་ཅོད་པན་ནོད་པ་ལྟར། །འདིར་ཡང་རྒྱལ་བའི་གདུང་འཚོབ་ཆེ་རྣམས་ལས། །སྡོམ་གསུམ་མེ་ཏོག་གཙང་མའི་ཐོད་རྒྱན་བཞེས། །རབ་འབྱམས་ཞིང་ན་རྒྱལ་སྲས་འཁོར་གྱི་དབུས། །ཐེག་མཆོག་འཆང་བའི་སྐྱེས་བུར་གྱུར་ཟིན་ཡང༌། །ཆོས་སྨྲའི་དྲུང་ན་ཐལ་མོ་སྦྱར་བཏུད་དེ། །གུས་བཅས་ལུང་མང་ནོད་པའི་གཟུགས་སུའང་སྣང༌། །བརྟན་ཡང་ཆོས་ལ་གུས་པའི་དབང་གྱུར་པས། །མཁས་པ་གནས་པའི་ཡུལ་ནས་ཡུལ་ཀུན་རྒྱུས། ཁྱོད་ཀྱིས་གསན་པའི་ཡོལ་གོས་མ་བཟུང་བའི། །གདམ་ངག་བདུད་རྩི་ཐོགས་པ་འགའ་མ་མཆིས། །སྐྱེ་དགུ་ཆོས་ལ་རི་མོ་མི་བྱེད་ཕྱིར། །རྒྱལ་བསྟན་གཟི་འོད་ཉམས་པའི་དུས་མཐའ་འདིར། །སྔོན་བྱོན་དཔའ་བོ་རྣམས་ཀྱིས་ཆོས་ཚོལ་སྲོལ། །གསལ་ནུས་སེང་གེའི་མཐུ་རྩལ་ཁྱོད་ཀྱིས་བསྟན། །མཐུ་ཆེན་ཁྱོད་ལྟ་བུ་ཡི་དབེན་པའི་བདེ། །འདུ་འཛི་ཕྱི་རོལ་


TN00_Page_093A
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པས་ག་ལ་བརྫི། །དེ་ལྟའནག་གདུལ་བའི་འཇིག་རྟེན་སྨིན་སླད་དུ། །དུས་ཀུན་འདུ་འཛིས་སྐྱོ་བའི་སྤྱོད་ཚུལ་བསྟན། །ལེགས་ཚོགས་རྩ་བ་བཤེས་གཉེན་བསྟེན་པ་ནས། །རྒྱུད་རྒྱལ་རྡོ་རྗེ་རྩེ་མོའི་ཟབ་ལམ་བར། །ཐུབ་བསྟན་ཡོངས་སུ་རྫོགས་པའི་སྒྲུབ་བརྒྱུད་ཀྱི། །བ་དན་ཕྱོགས་ཀྱི་བུ་མོས་མཐོང་བ་བཙུགས། །ཚུལ་ཁྲིམས་ལ་གནས་མང་དུ་ཐོས་པ་དང༌། །མང་ཐོས་སྙིང་པོ་སྒྲུབ་ལ་འདྲིལ་བྱེད་པའི། །སངས་རྒྱས་དགྱེས་པའི་ལག་ལེན་མ་ནོར་བ། ཁྱོད་ཀྱི་རྣམ་ཐར་བརྟགས་ལས་ཤེས་པར་འགྱུར། །བསྟན་འཛིན་གཙོ་བོ་ཁྱོད་ཀྱི་རྗེས་སློབ་པ། །བཤད་སྒྲུབ་སྟོབས་ཀྱི་འཁོར་ལོས་ཐུབ་བསྟན་གླིང༌། །དབང་སྒྱུར་མཁས་དང་གྲུབ་པའི་ཁྱུ་མཆོག་བརྒྱས། །གནས་དང་གནས་སུ་རྫོགས་ལྡན་ཐིག་ལེ་བཀོད། །དམ་ཆོས་འཆད་དང་འབྲི་དང་སྤེལ་བ་དང༌། །དེ་བཞིན་ཆོས་འདུལ་རབ་འབྱུང་བསྔགས་པ་དང༌། །རྣམ་མང་ལོངས་སྤྱོད་སྒོ་ནས་བསྙེན་བཀུར་སོགས། །ཐབས་ཚུལ་དུ་མས་བསྟན་ལ་སྨན་ཡོན་བཏགས། །གདུལ་བྱའི་ཁམས་དང་འདུལ་བྱེད་ཐབས་ཀྱི་སྒོ། །བསམ་མི་ཁྱབ་ཕྱིར་རྒྱལ་བའི་བསྟན་པ་ཀུན། །མར་དང་མར་གྱི་ཉིང་ཁུ་མཐུན་པ་


TN00_Page_093B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །བདུད་རྩིའི་རོ་གཅིག་ཉིད་དུ་ཁྱོད་ཀྱིས་གསུངས། །སྟོན་པ་མཉམ་མེད་དེ་ཡི་བསྟན་འཛིན་ནི། །མཆོག་དམན་གང་གིའང་ཉེས་པ་མི་གླེང་ཞིང༌། །དེ་དག་ཡོན་ཏན་སེན་རྩེའི་རྡུལ་ཙམ་ཡང༌། །སངས་རྒྱས་ཞབས་རྡུལ་ལྟ་བུར་དབུ་ལ་འཇོག །ཆོས་སྤོང་ལས་ཀྱི་གཡང་སར་ཕྱོགས་རྣམས་ཀྱང༌། ཁྱོད་བསྙེན་ཁྱོད་ཀྱི་སྤྱོད་ཚུལ་ལ་བལྟས་ན། །བདེ་བླག་ཆོས་ཀྱི་ལམ་དུ་འགྲོ་འགྱུར་བས། ཁྱོད་ནི་ལུས་ཅན་ཆོས་ཀྱི་ཟམ་པ་ལགས། ཁྱད་པར་སྔགས་རྒྱུད་ཀུན་ལ་ཆོས་མཁས་ཤིང༌། །རབ་འབྱམས་འཁོར་ལོའི་བསྙེན་པ་མཐར་སོན་ཏེ། །འགྲོ་ལ་དབང་བསྐུར་སྦྱིན་པའི་མཛད་པ་ཡིས། །ཟུང་འཇུག་ལམ་སྲོལ་ལམ་པོ་ཆེ་བཞིན་བགྱིས། །དཔལ་ལྡན་ཧེ་རུ་ཀ་ཡི་གསང་མཛོད་ནས། །སྔོན་མེད་རྡོ་རྗེའི་ཆོས་གཏེར་སྤྱན་དྲངས་ཏེ། །ཐུན་མོང་མིན་པའི་ལས་དང་སྐལ་ལྡན་རྣམས། །རྡོ་རྗེ་ཆོས་དང་སྐལ་པ་མཉམ་པར་བསྒྲུབས། །སྣ་ཚོགས་གྲུབ་མཐའི་མན་ངག་མེ་ཏོག་གི༌།ལྡུམ་རའི་ཚལ་ལ་ཉིན་བཞིན་རྟོག་མཛད་དེ། །གང་གང་རྙིས་དང་འཁྲུགས་པ་དེ་དང་དེ། །གསོ་དང་རྣལ་མར་འཇོག་ལ་བརྩོན་ཞིང་བཞུགས། ཁྱོད་ནི་གྲགས་པའི་དྲི་བསུང་རིང་འཕྲོ་ཞིང༌། །མཆོག་


TN00_Page_094A
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགའ་སྐྱེད་གཟུགས་ཀྱི་དཔལ་མངའ་དང༌། །ཆོས་དང་ཟང་ཟིང་བཏུང་བའི་རྒྱུན་མང་བས། །དབྱར་དུས་སྤྲིན་བཞིན་གདུལ་བྱའི་བུང་བ་འདུ། །དམ་ཆོས་སྒྲོམ་ཆེན་བདེ་གཤེགས་ཟ་མ་ཏོག་ཁྱོད་ཀྱི་ཞལ་རས་མཐོང་དང་ཟབ་མོའི་དབྱངས། །ཐོས་དང་ཚུལ་ཁྲིམས་དྲི་ཡིས་ཕོག་པའི་འགྲོ། །ཛམྦུའི་གླིང་འདིར་འོངས་པ་ལེགས་པ་ཡིན། །བདེན་སྨྲ་གོམས་པའི་བསོད་ནམས་གཟི་འབར་བ། ཁྱོད་གསུང་ཆོས་ཀྱི་སྒྲ་དབྱངས་མཐོན་པོ་ཡིས། །རྒྱ་མཚོའི་གོས་ཅན་ལྷ་ཡི་རྔ་བོ་ཆེས། །སྭ་སྟི་སྒྲོགས་པའི་ནམ་མཁའ་བཞིན་དུ་མཛེས། །དེ་མཐུས་ཆོས་མིན་འབྱུང་པོའི་དམག་སྡེ་ནི། །སྟོབས་ཀྱི་རྒྱལ་མཚན་བསྙིལ་ནས་རིང་དུ་བྱེར། །སྲིད་པའི་གྲོང་འདིར་དྲི་མེད་མངོན་མཐོ་དང༌། །ངེས་ལེགས་ཆོས་ཀྱི་དགའ་སྟོན་དཔག་ཡས་བྱུང༌། །ལྷ་མིན་ཁྲོས་པའི་དཔུང་བཅས་ཀླ་ཀློ་རྣམས། །མགོན་ཁྱོད་ཇི་སྲིད་བཞུགས་པར་གཟི་མེད་དེ། །མཐུ་སྟོབས་རྡོ་རྗེ་རྭ་བས་མཚམས་བཅད་ཕྱིར། །དེ་དག་བསིལ་བའི་ལྗོངས་འདིར་དུས་མང་རྡུགས། །གདུག་ཅན་འབྱུང་པོ་བསད་བསྐྲད་གཟིར་བ་དང༌། །བརྟན་གཡོའི་དངོས་ཀུན་ལྷག་པར་གནས་པ་དང༌། །བཀྲ་ཤིས་ཚེ་དང་བདུད་རྩིའི་


TN00_Page_094B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་སོགས། །རྣམ་པ་མང་པོས་ས་སྟེང་ཕན་བདེ་སྤེལ། །ཅི་མཛད་ཆོས་ཀྱི་མཚམས་ལས་མི་འདའ་དང༌། །དེ་དག་ཀུན་ཀྱང་རིས་སུ་མ་ཆད་པའི། །བསྟན་འགྲོའི་ཉེར་འཚོ་ཁོ་ནར་འདུག་པ་འདི། །བསྙོན་མེད་གཟུ་བོའི་བློ་ལྡན་ཀུན་ལ་གྲུབ། །བསྟན་པ་སྤྱི་ཡི་ས་ཆེན་སྐྱོང་བ་ཁྱོད། །རང་འཚོས་ངོམས་པ་སྟོན་རློམ་གདོལ་པའི་ཁྱུར། །སྲེ་བའི་རྨོངས་པ་མཐོང་ནས་བདག་གིས་ནི། །མཐོང་ཐོས་གདངས་སྙན་ལྟ་བུའི་ང་རོ་སྒྲོག །ཆོས་ཀུན་སྒྲ་བརྙན་ལྟ་བུར་གཟིགས་པའི་སྤྱན། ཁྱོད་ལ་བསྟོད་སྨད་མཐའ་དག་མཉམ་གནས་ཀྱང༌། །རང་གི་ཡིད་ལ་དགེ་བ་གནས་བྱའི་ཕྱིར། །བསྟོད་པ་བརྒྱུས་པའི་ཕྲེང་འདི་བརྩེ་བས་བཞེས། །དེ་ཡི་དགེ་བས་བྱང་ཆུབ་ཐོབ་བར་གྱི། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་འཛིན་ཞིང༌། །སྨོན་དང་སྤྱོད་པ་མཐའ་དག་མགོན་ཁྱོད་དང༌། །མཐུན་པར་བསླབ་ནས་ཁྱོད་བརྙེས་འགྱུར་བར་ཤོག །འཕགས་པ་སྤྱན་རས་གཟིགས་དགེ་སློང་གི་གཟུགས་སུ་རྣམ་པར་རོལ་པ་ལ་ཅུང་ཟད་བསྔགས་པའི་ཚིག་གི་ཕྲེང་བ་པདྨ་དཀར་པོའི་ཆར་ཞེས་བྱ་བ་རྡོ་རོང་གི་སྤྲང་པོ་འཇིགས་མེད་བསྟན་པའི་ཉི་མས་འཕར་བའི་ལོའི་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོར་བཀྲ་


TN00_Page_095A
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་མདངས་ཆེན་གྱི་རི་བོའི་གཙུག་ལག་ཁང་དུ་མཆོད་པའི་རོལ་མོར་དཀྲོལ་བའོ། །སྭ་སྟི་ཀུ་རུ།། ༈ །།རྒྱ་གར་ཆོས་ཀྱི་ཡུལ་གྲུན། །པཎ་ཆེན་འཇམ་དཔལ་བཤེས་གཉེན་བྱུང༌། །མཁས་གྲུབ་རྣམ་ཐར་ཆེས་འཕགས་ཀྱང༌། །རིན་ཆེན་གླིང་ན་ཁྱད་འཕགས་མང༌། །གངས་ཅན་ས་ཡི་ལྟེ་བ་རུ། །ཆོས་རྒྱལ་ཚངས་པའི་མེ་ཏོག་བལྟམས། །མཛད་པའི་ཕྱག་རྗེས་ཕུལ་བྱུང་ཡང༌། །དུས་བཟང་མི་ལ་ཕུལ་བྱུང་མང༌། །བོད་ཆེན་དུས་ཀྱི་རྒུད་པའི་ནང༌། །མཁྱེན་བརྩེ་ཡིད་བཞིན་གཏེར་ཁ་རྡོལ། །སངས་རྒྱས་མཛད་པས་འགྲོ་མང་བཏུལ། །དགུན་སྐྱེས་པདྨ་ངོ་མཚར་ཆེ། །ད་དུང་ངོ་མཚར་གཞན་ཡང་མཐོང༌། །པདྨ་མདོ་ཁམས་ཡུལ་འཁྲུངས་ཏེ། །ཟླ་བའི་རྒྱལ་པོ་བདུན་ཅུར་གནས། །དྲི་བསུང་མཁའ་འགྲོའི་གླིང་ཀུན་ཁྱབ། །སྦྲང་རྩི་དགའ་ལྡན་ལྷ་ཡང་འཐུང༌། །དེ་ཡི་རྫི་ཕྱོགས་ལ་བརྟེན་ཡང༌། །གེ་སར་རོ་བཅུད་མི་འདོད་ཅིང༌། །བཀྲེས་པའི་མི་ཡིས་ལྟོ་ཞུམ་ལ། །མི་གསལ་གླུ་ནི་འཛེར་འཛེར་བོས། །སྨྲེ་ཞིང་ལྕེ་ཚའི་མེ་ཏོག་ཚལ། །འཕྱན་པས་ངལ་བ་སྐལ་ཆད་ཀྱི། །བུང་བ་འདི་དག་ཆེས་ངོ་མཚར། །ཚུལ་


TN00_Page_095B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་བཞིན་དུ་དྲི་བཟང་ལྡན། །ཏིང་ངེ་འཛིན་ལྟར་རབ་དགའ་བྱེད། །ཤེས་རབ་བཞིན་དུ་སྙིང་པོར་གྱུར། །བྱམས་པ་ལྟ་བུར་མཉེས་གཤིན་ལ། །དམ་པའི་ཆོས་ལྟར་རབ་བཟང་བའི། །པདྨ་མཆོག་དེའི་མཐུ་དཔལ་གྱིས། །དེ་ཚེ་ས་འདི་སྐལ་བཟང་ལྡན། །དཀར་པོའི་སོ་ཕྲེང་དགོད་པས་མཛེས། །དེ་འདྲ་མཐོང་བས་ཡིད་རབ་དྭངས། །རྫི་ཚོར་ཙམ་ཡང་བཀྲ་ཤིས་འབྱུང༌། །བཟུང་ན་མཆོག་གི་བདེ་བ་སྟེར། །སངས་རྒྱས་ཕྱག་གི་པདྨ་འདྲ། །དེ་ནི་པདྨའི་ས་བོན་མཛོད། །དེ་ཡི་འཁོར་གྱི་པདྨ་ནི། །ས་བོན་ཙམ་དང་སྦལ་མིག་འཐོན། ཁ་འབུས་ཡིད་ཙམ་ཕྱེ་བ་དང༌། །མཆོག་ཏུ་ཆེར་རྒྱས་ལ་སོགས་པ། །གནས་སྐབས་སྣ་ཚོགས་ལ་གནས་པས། །ལྷོ་བྱང་ཕྱོགས་རྣམས་བརྒྱན་གྱུར་པ། །རྒྱུ་སྐར་ཚོགས་ཀྱིས་ནམ་མཁའ་བཞིན། །དེ་ལ་པདྨའི་འཁོར་ལོས་སྒྱུར། །རང་བྱུང་པདྨ་རྒྱལ་པོས་ཀྱང༌། །པདྨ་འོད་བརྒྱ་གསལ་བ་ཞེས། །ཡི་གེའི་མེ་ཏོག་ཅོད་པན་བྱིན། །ལེགས་ཚོགས་ཕུང་པོ་དེས་བཟུང་བས། །བོད་ཁམས་པདྨོའི་ཞིང་དུ་གྱུར། །དེ་ཡི་དཔལ་འབྱོར་གྱིས་དྲེགས་ནས། །བུང་བའི་འཇིག་རྟེན་ཅ་ཅོ་འཕེལ། །ཀྱེ་མའོ་བདུད་རྩི་གྲུབ་པ་ཡི། །


TN00_Page_096A
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྒྱུ་མའི་མེ་ཏོག་ཀྱང༌། །སྔོན་བཞིན་བསྡུས་ནས་མི་སྣང་སྟེ། །དྲི་མེད་དབྱིངས་སུ་ཉེ་བར་ཞི། །འགྲོ་ལ་ཆོས་དང་བདེ་བ་ཡི། །དོན་ཆེན་བྱས་ནས་མནལ་བ་ནི། །ཟླ་བས་ཀུ་མུ་ཏ་ཚོགས་ལ། །བདུད་རྩི་བསྣུན་ནས་ནུབ་པ་བཞིན། །དེ་ནས་ས་སྟེང་ཕལ་ཆེར་སྟོང༌། །བཀྲག་མེད་གཟི་བྱིན་རབ་ཏུ་རྒུད། །ཡུལ་རྣམས་འབྲོག་དགོན་ཉམ་ངར་སོང༌། །ཕྱོགས་ཀྱི་བུད་མེད་རྒྱན་དང་བྲལ། །ཀུན་ནས་བཟང་དང་དགེ་བ་དང༌། །དག་པ་ཞེས་བྱ་ཕལ་ཆེར་ནུབ། །ངན་ལ་བཀྲ་མི་ཤིས་པ་དང༌། ཁྲག་གིས་སྦགས་པའི་རྫས་དག་བྱུང༌། །སྐྱེ་དགུ་པདྨའི་ཆོ་རིགས་དང༌། །བརྟུལ་ཞུགས་དག་ལས་རིང་དུ་ཉམས། །དམྱལ་བ་སྤུ་གྲིའི་ལམ་འདྲ་བའི། །སྤྱོད་ཚུལ་ངན་ལ་ཡོན་ཏན་རྩི། །པདྨའི་ནགས་ན་བག་ཡངས་སུ། །སྦྲང་ཆང་འཐུང་བའི་ཡུལ་རྣམས་ཀྱང༌། །ཕྱོགས་མཐའི་གླང་ཆེན་ཁྲོ་བོ་རྣམས། །བརྒྱུགས་ནས་ཉིན་བཞིན་སློག་ཅིང་འཇོམས། །བློ་ལྡན་འདི་འདྲའི་གནས་སྐབས་མཐོང༌། །ཕྱིར་ཞིང་དམ་པའི་ཡོན་ཏན་དྲན། །རྨོངས་པ་ཕུང་འཚེང་དཔྱོད་མི་ཤེས། །སྨན་དང་དུག་ལོ་མཚུངས་པར་སེམས། །གཙང་མ་ཞི་བའི་ཆོས་དག་ནི། །པདྨའི་ངང་


TN00_Page_096B
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཡིན་པར་བརྗོད། །དེ་ལ་རྩ་དང་འདྲར་སེམས་པའི། །མི་ཡིས་པདྨ་ཇི་ལྟར་འཐོབ། །གང་ཕྱིར་པདྨ་པདྨ་ཡི། །ངང་ཚུལ་དགའ་བའི་དཔལ་དུ་འོང༌། །ཉེས་སྤྱོད་མི་ཡིས་རབ་གདུངས་པའི། །སྐལ་པར་པདྨ་ཇི་ལྟར་མཛེས། །འོན་ཀྱང་ཐུབ་བསྟན་མ་ནུབ་པས། །དགེ་ལེགས་ལྷག་མ་ད་དུང་མཆིས། །བཀྲ་ཤིས་དངོས་ཀུན་དེ་ལས་བྱུང༌། །ད་དུང་དེ་ལྟར་འབྱུང་ལགས་གྲང༌།། །།


TN00_Page_097A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པ་དང༌། དམ་ཆོས་ཤོག་སྡེ་བརྒྱད་པའི་ཆོས་འབྱུང་གི་རྩ་ཐོ་དང༌། །སྔ་འགྱུར་རྣལ་འབྱོར་ཆེན་པོའི་ཐུན་མོང་མ་ཡིན་པའི་དབང་གི་ཆུ་བོ་བཞིའི་རྣམ་བཤད་རྣམས་གཞི་མཐུན་པར་སྦྱར་བ་དགེ་ལེགས་རྒྱ་མཚོའི་རོལ་མོ་ཞེས་བྱ་བ། །ཨོཾ་སྭ་སྟི། །པདྨ་འབྱུང་གནས་འོད་གསལ་སྒྱུ་དྲྭའི་གར། །སྙིགས་དུས་མདོ་སྔགས་བསྟན་པའི་གཉེན་གཅིག་པུ། །གྲགས་པ་གླིང་འདིའི་སྤོ་ན་རབ་བརྗིད་པ། །འགྲོ་བའི་མུན་སེལ་ཁྱེད་ལ་ཕྱག་བགྱིད་དོ། །འདི་ལྟར་ཐོས་ཏེ། མགོན་པོ་ཁྱེད་གཅིག་ཏུ་གཞན་ཕན་གྱི་རོ་ལ་དགྱེས་པའི་དབང་དུ་གྱུར་ནས་འགྲོ་བ་ལྔའི་འཇིག་རྟེན་ཐ་དད་པ་རྣམས་སུ་རླབས་པོ་ཆེའི་སྨོན་ལམ་གྱི་ཁྱད་པར་དག་གིས་རྩེ་ཞིང་རྒྱུ་བའི་སྐབས་ཤིག་ན། ཡུལ་གྱི་དམ་པ་དཔལ་ས་ཧོ་ར་དང༌། བསིལ་ལྡན་འོད་ཀྱི་ཡུལ་དུ་མིའི་རྗེ་བོ། །བསོད་ནམས་ཀྱི་གཟི་བརྗིད་རྒྱས་པ། དབང་ཕྱུག་དམ་པའི་བདག་པོར་སྤྱི་བོ་ནས་མངོན་པར་དབང་བསྐུར་བ། །རིགས་ཆེ་ཞིང་མཐོ་བར་སྐྱེས་པའི་སེམས་ཅན་སྐལ་པ་བཟང་པོ་རྣམས་ཀྱི་མགོ་ལ་ཞབས་སེན་རིན་པོ་ཆེའི་ཅོད་པན་ཆོས་ཀྱི་དགེ་མཚན་དང་བཅས་པས་དབང་བསྐུར་བ་སྦྱིན་པར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་འོད་དཔག་མེད་འཛམ་བུའི་གླིང་འདིར་རིག་འཛིན་གྱི་འཁོར་ལོས་སྒྱུར་བའི་རྣམ་པར་བསྟན་པ། །བདེ་བ་ཆེན་པོ་པདྨ་སཾ་བྷ་བས། ཁྱོད་སྔོན་ནས་རྡོ་རྗེའི་


TN00_Page_097B
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་རླབས་པོ་ཆེ་བཏབས་པ་དང༌། དེའི་ཕྱིར་རྡོ་རྗེའི་རྣམ་ཐར་བླ་ན་མེད་པ་རྫོགས་པར་སྒྲུབ་པ་དང༌། རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཡོངས་སུ་སྐོང་བའི་མཐུ་ཡོད་པར་གཟིགས་ནས། །ནམ་མཁའ་གང་བའི་རིག་འཛིན་དང༌། མཁའ་འགྲོའི་འཁོར་གྱི་ཚོགས་ཆེན་པོའི་དབུས་སུ། །རྡོ་རྗེ་ཐེག་པའི་ཆོས་ཀྱི་གསང་མཛོད་གཏད་ཅིང༌། ཁྱོད་ཀྱིས་རྩོད་པའི་དུས་མཐར་རྡོ་རྗེ་སེམས་དཔའི་མཛད་པ་གྱིས་ཤིག་ཅེས་བཀའི་ཅོད་པན་དབུ་ལ་ཕོག་སྟེ། ལུང་བསྟན་མེ་ཏོག་དཀར་པོའི་གྲུ་ཆར་ཕབ། དེའི་མཐུ་ལས་གྲངས་མེད་པའི་རིག་འཛིན་རྣམས་ནི་ཕྱོགས་བཅུར་ཁྱོད་ཀྱི་གྲགས་པའི་ཡི་གེ་ཀློག་ཅིང༌། མཁའ་འགྲོ་མ་རི་རབ་ཀྱི་རྡུལ་སྙེད་དག་ནི་བསྟོད་པའི་གླུ་དབྱངས་རྟག་ཏུ་ལེན་པར་བྱེད་དེ། །མདོར་ན་གྲུབ་པའི་ཞིང་རབ་འབྱམས་ཐམས་ཅད་ཁྱོད་ཀྱི་ཡོན་ཏན་མཛེས་པའི་མེ་ཏོག་ཚིག་གི་སྲད་བུར་རྒྱུ་བ་ལ་བརྩོན་པའི་ཕྲེང་བ་རྒྱུད་མཁན་གྱི་ཁྱིམ་ལྟ་བུར་གནས་པར་གྱུར་ཏོ། །དེ་ཚུན་ཆད་སྐུ་ཚེའི་ཕྲེང་བ་ཐམས་ཅད་དུ་ཁྱོད་རྡོ་རྗེའི་གནས་ཆེན་རྣམས་སུ་བཞུད་པའི་ངལ་བ་མ་མཛད་ཅིང༌། ཆོས་ལ་ཁྱོད་འཚོལ་བའི་རྟོག་པ་མེད་ཀྱང་མཁའ་འགྲོ་མའི་གནས་ཀྱི་སྔགས་ཀྱི་ཆོས་མཛོད་ཐམས་ཅད་ཁྱོད་ཀྱི་ཕྱག་ཏུ་རང་འོང་བར་གྱུར་ཏེ། རེ་ཞིག་འདི་ནི་ངོ་མཚར་མི་ཆེའོ། །གང་གི་ཕྱིར་ན་རྒྱུའི་བདག་ཉིད་ཆེ་བ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་དབང་བསྐུར་བ་མེད་པར་ཡང་འཇིག་རྟེན་ན་


TN00_Page_098A
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བ་དག་ལྷའི་འཁོར་ལོ་རིན་པོ་ཆེ་ཚོལ་དུ་མ་ཕྱིན་ཅིང༌། འཁོར་ལོ་དེ་ལ་མི་བདག་དགའ་བར་བྱེད་པའི་སེམས་མེད་ཀྱང༌། དེ་གཉིས་གདོན་མི་ཟ་བར་འཛོམས་པར་བཤད་པ་ཡིན་ནོ། །བདེན་པའི་བརྟུལ་ཞུགས་གྲུབ་པ་རྣམས་ཀྱིས་དམ་བཅས་པ་ནི་རྒྱ་མཚོའི་དུས་རླབས་བཞིན་དུ་དུས་ལས་མི་ཡོལ་བ་ལགས་པས། །པདྨ་བཛྲ་གྱི་སྤྱན་སྔར་སྔོན་ཐུགས་དམ་ཇི་ལྟར་བཞེས་པ་བཞིན་དུས་ངན་ཐ་མ་ལ་བབས་པའི་སྐབས་འདིར། སྐལ་པ་མཆིས་ཤིང་རྐྱེན་གྱི་མཐུ་ལ་རག་ལས་པའི་འགྲོ་བ་མང་པོ་ལ་ཐེག་པ་མཆོག་གི་དགའ་སྟོན་འགྱེད་པའི་སླད་དུ་རིགས་ཕུན་སུམ་ཚོགས་པར་སྐྱེ་བའི་སྒྱུ་འཕྲུལ་སྐྱེད་ཚལ་གྱི་དུས་སྟོན་ལྟ་བུ་བསྟན་ཏོ། །དེའི་ཚེ་ཡང་རྒྱ་མཚོ་ཆུ་བོ་བཞིས་མི་ངོམས་པ་ལྟར་ཐུགས་རྒྱུད་དབང་གི་ཆུ་བོས་ངོམས་པ་མི་མངའ་བའི་ཕྱིར། ལང་ཚོའི་དང་པོ་ཉིད་ནས་ཁྱབ་བདག་པདྨ་ཀ་ར་དང༌། རྣལ་འབྱོར་གྱི་དབང་ཕྱུག་བིརྱ་བྷ་དྲས་རིག་རྩལ་ཕྱག་རྒྱའི་དབང་དང༌། །གླེགས་བམ་ལུང་གི་དབང་དང༌། །བདེ་སྟོང་ཕྱག་རྒྱ་ཆེན་པོའི་དབང་དང༌། ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་དབང་སྟེ་གཏོར་བླུགས་རྣམ་པ་བཞིའི་རྒྱུན་བཟང་ཁྱོད་ཀྱི་དབུ་ལ་ཕབ་བོ། །རིག་རྩལ་ཕྱག་རྒྱའི་དབང་དེ་བརྙེས་པས་ནི། ཁྱོད་དག་པ་རབ་འབྱམས་ཀྱི་འཁོར་ལོའི་སྣང་བ་གཞལ་དུ་མེད་པས་སྐད་ཅིག་སྐད་ཅིག་ལ་ཆོས་ཀྱི་དབྱིངས་ཐམས་ཅད་


TN00_Page_098B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་དགང་བ་དང༌། དེ་དག་མ་ལུས་པ་སླར་ཡང་སྐད་ཅིག་ཙམ་གྱིས་སྤྲོས་པའི་རི་མོ་རྣམ་པར་དག་པའི་དེ་ཁོ་ན་ཉིད་ཀྱི་ཐིག་ལེར་བསྡུ་བ་ལ་དབང་འབྱོར་བའི་རྣལ་འབྱོར་བརྙེས་སོ། །འདི་ལྟར་ཁྱོད་ནི་རྣམ་པར་སྣང་མཛད་ཀྱི་རྡུལ་ཕྲ་རབ་འདུས་པ། ཡེ་ཤེས་རིན་པོ་ཆེའི་རྒྱན་གྱི་སྤྲིན་སྟུག་པོ་བཀོད་པའི་གཞལ་མེད་ཁང་པར། སྟོང་པ་ཆེན་པོ་དང༌། །སྙིང་རྗེ་སྒྱུ་མ་དང༌། ཡི་གེ་སྒྱུ་འཕྲུལ་དང༌། ཕྱག་རྒྱ་རྫོགས་པའི་རིམ་པས་རྡོ་རྗེ་སེམས་དཔའི་གདུང་མཐོན་པོར་བལྟམས་ཤིང༌། རྡོ་རྗེ་བཞིའི་དཀྱིལ་འཁོར་ཆེན་པོ་བཞིར་སྐུ་བཞིའི་དབང་ཕྱུག་གི་སྐུར་བཞེངས་ནས་ཕན་ནུས་ཟབ་མོའི་དབང་གི་ཆོ་གས་དྲི་མ་གཏོར་ཞིང༌། །ཡེ་ཤེས་ཆེན་པོའི་ནུས་པ་རྒྱུད་ལ་བླུགས་པས་སྨིན་གྲོལ་ཆིག་རྫོགས་སུ་སད་པའི་རིག་པ་རྩལ་གྱི་དབང་རྒྱལ་ཐབས་སྤྱི་བླུགས་སུ་བསྐུར་བར་མཛད་མ་ཐག་འཁོར་ལོས་སྒྱུར་བའི་སྲས་ཐུ་བོ་རྒྱལ་སར་བཀོད་པའི་ཕྱིར་གཏེར་གྱི་བུམ་པས་དབང་བསྐུར་བ་བཞིན་གྱུར་ནས་སྙིང་པོའི་ཁམས་ལ་གནས་པའི་ཡོན་ཏན་གྱི་ལང་ཚོ་བཞད་པར་གྱུར་མ་ཐག་རྡོ་རྗེའི་ལམ་བདེ་མྱུར་དུ་ཞུགས་པས་མཐར་སོན་ཏེ། སྤངས་རྟོགས་ཀྱི་མེ་འབྲས་མི་ཟད་པར་དར་བས། །རིག་འཛིན་མཁའ་འགྲོའི་ཚོགས་ཀྱི་ཁྱུ་མཆོག་རྣམས་དང་སྐལ་པ་མཉམ་པར་གྱུར་པ་ལ། དེ་དག་གིས་ཀྱང་ཨེ་མ་ཁྱོད་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་ལ་རང་སྟོབས་ཀྱིས་འཛེགས་ནས་མཁྱེན་བརྩེ་ནུས་སྟོབས་ཀྱི་


TN00_Page_099A
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བ་ཞིག་གོ་ཞེས་བསྔགས་པའི་གླིང་བུ་སྙན་འཇེབས་སུ་སྒྲོགས། །ལྷ་དང་གྲུབ་པ་ཐམས་ཅད་དང་གཉིས་སུ་མེད་པའི་གོ་འཕང་དངོས་སུ་གྲུབ་པ་སྟེ། གསང་བ་རྒྱ་མཚོའི་དབྱིག་ཆེན་པོའི་མཛོད་ཀྱི་ལྡེའུ་མིག་ཕྱག་ཏུ་སོན། །ཆོས་ཀུན་ཡེ་ཤེས་ཀྱི་རོལ་རྩེད་དུ་གཟིགས་པའི་ལྟ་དགོངས་ཀྱི་ཕྱག་རྒྱས་བཏབ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་དབང་འབྱོར། དངོས་གྲུབ་འཛད་པ་མེད་པའི་འབྱོར་པས་ཕྱུག་ཅིང་སྙེམས། འདོད་རྒུའི་ཕྲིན་ལས་ཐེག་མཆོག་ཆོས་ཀྱི་རྒྱལ་ཁབ་ལ་དབང་བསྒྱུར་ནས། དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་མ་ཉམས་པར་ལོངས་སུ་སྤྱོད་ནས། འཁོར་བ་མྱང་འདས། སེམས་ཅན་སངས་རྒྱས་སུ་བྱ་རྩོལ་མེད་པར་ཡུད་ཙམ་གྱིས་བསྒྱུར་ནས་སྣང་སྲིད་ཟིལ་གནོན་གྱི་བརྟུལ་ཞུགས་གྲུབ་པའི་ཆེ་བ་ནི། གསང་འཛིན་བདག་པོས་ཀྱང་སྒྲ་ཇི་བཞིན་བརྗོད་པ་ལ་རྔོ་མི་ཐོགས་པས་མཚོན། །མཆོད་ཡོན་དེ་དག་གི་བཀའ་དྲིན་ལ་བརྟེན། གར་གྱི་དབང་པོའི་ཞིང་བསིལ་ལྡན་ལྗོངས་འདི་ཡང་ཤིན་ཏུ་བསྐལ་པ་བཟང་པོའི་རྩེ་མོར་སོན་ནས། སའི་གཟེར་ཐམས་ཅད་དུ་གཙུག་ལག་ཁང་གི་བཀོད་མཛེས་ཀྱིས་སྤ། མདོ་སྔགས་དགེ་འདུན་གཉིས་ཀྱི་མཁས་གྲུབ་ཀྱི་ཚང་བརྡོལ། ཁྱིམ་ན་གནས་པ་ཀུན་ཀྱང་རྣམ་དཀར་གྱི་དཔལ་འབྱོར་ལ་གཙོ་བོར་བསྐྱེད། །ལྷ་ཀླུ་མི་དང་མཁའ་འགྲོའི་གནས་ན་བཞུགས་པའི་རྒྱུད་ཀྱི་


TN00_Page_099B
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་རྣམས་དགོངས་པའི་རྩལ་དང༌། བརྟུལ་ཞུགས་ཀྱི་ནུས་པས་དབང་དུ་བསྡུས་ནས་བསྒྱུར་བཤད་ཉན་གསུམ་གྱིས་གཏན་ལ་ཕབ་པས་ཨོ་ཌི་ཡཱ་ནའི་གསང་མཛོད་ཀྱང་མོག་པོར་བྱེད་ཅིང༌། རིག་འཛིན་ལྷ་དང་ཌཱ་ཀི་འདུ་བས་གངས་ཁྲོད་ཀྱི་རི་བྲག་མཚོ་སོགས་རྡོ་རྗེའི་གནས་ཆེན་པོ་རྣམས་དང་ཐ་མི་དད་པར་བྱིན་གྱིས་བརླབས། ཆོས་ནོར་རྫས་ཀྱི་གཏེར་ཁ་མིང་ཅན་མིང་མེད་གྲངས་མེད་པ་འབྱུང་ལྔའི་དབྱིངས་དང་དགོངས་པའི་རྩལ་དུ་རྒྱས་བཏབ་ནས། གདུལ་བྱ་ལས་སྨོན་རྟེན་འབྲེལ་དུས་སུ་སོན་པས་ཆོས་གཏེར་ཟད་མི་ཤེས་པས་ཕྱི་མའི་བསྟན་འགྲོའི་དབུགས་དབྱུང་བས་ནག་ཕྱོགས་ཟིལ་གྱིས་གནོན་པ་དང༌། དཀར་ཕྱོགས་རུ་མཚོན་བསྒྲེངས་ནས་བསྟན་པ་རིན་པོ་ཆེའི་མངའ་ཐང་ཀུན་ནས་ཀུན་ཏུ་རྒྱས་པར་སྤེལ་མ་ཐག་གངས་རི་ལ་ཆར་སྤྲིན་དཀྲིགས་པ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོན་འཁོར་དགོངས་པ་གཅིག་པའི་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བའི་དགོངས་པ་མཛད། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་རིག་པའི་ལྷ་མོ་རྣམས་ཀྱི་རྩེ་དགའི་བདེ་བས་སྙེམས་པ་དང༌། ཀུན་ཏུ་བཟང་པོའི་མཆོད་པ་ནམ་མཁའ་ལྟར་བྱས་པའི་ནང་ན་རྣམ་པར་རོལ་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་ཀྱིས་ཆེ་བའི་བྱང་ཆུབ་སེམས་དཔའ་གཙོ་བོ་རྣམས་བློན་པོར་གྱུར་པས་ཞམ་རིང་བྱས་ཤིང༌།


TN00_Page_100A
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཁྲོ་བོའི་དམག་དཔུང་མཐའ་ཡས་པ་དང་ལྡན་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་ཀྱི་དཀྱིལ་འཁོར་མཐའ་དག་འོད་ཟེར་དང་སྤྲུལ་པའི་ཕོ་ཉས་ལང་ལོང་དུ་གྱུར་པའི་ཆོས་ཀྱི་རྒྱལ་པོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་གྱི་ཐབས་ཐོབ་པ་སྟེ། གྲངས་མེད་པའི་རྡོ་རྗེའི་ཞིང་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྡོ་རྗེའི་ཏིང་ངེ་འཛིན་རི་རབ་ལྟར་མི་གཡོ་ཞིང་ཤིན་ཏུ་བརྟན་པའི་མཐར་ཕྱིན་པ། བསོད་ནམས་བརྒྱའི་གཟི་བྱིན་བཟོད་པར་དཀའ་བའི་རྒྱན་མངའ་བ། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཇིག་རྟེན་གྱི་བླ་མ་རྣམས་ཀྱང་དཀའ་བ་མཐའ་ཡས་སྤྱད་དེ། གང་དག་གི་ཞབས་རྟེན་ལ་ཅོད་པན་ཉུག་པ་ཙམ་ཞིག་དོན་དུ་གཉེར་བ་དེ་དག་ཀྱང་ཁྱོད་ཀྱི་སྔགས་དང་ཕྱག་རྒྱའི་ཁྱད་པར་བསྟན་པའི་སྐད་ཅིག་མ་ཁོ་ནར། སྤྲིན་ཆེན་རླུང་གི་ལྕགས་ཀྱུས་ཚབས་ཆེར་བསྐུལ་བ་བཞིན་འབྱོན་པར་མཛད་ན། དེ་ལས་གཞན་པའི་ས་གསུམ་གྱི་དབང་པོ་ཐམས་ཅད་ལ་བཀའི་འཁོར་ལོ་སྦྱོར་བ་ལྟ་ཅི་སྨོས་དེ་ལྟར་ཁྱོད་ཡེ་ཤེས་རང་སྣང་གི་འོག་མིན་ཡོངས་སུ་དག་པ། ཕལ་པའི་སྐྱེ་དགུ་སུས་ཀྱང་སྔོན་བསམ་གཏན་གྱི་རྐང་པ་མ་བཀོད་པ། མཆོག་གི་དབེན་པ་ལ་དགྱེས་པའི་ཀུན་ཏུ་བཟང་པོ་རྣམས་ཀྱི་སྤྱོད་ཡུལ་གྱི་གནས་དམ་པ་དེ་ལས་མ་བཞེངས་ཤིང་མངོན་པར་མི་གཡོ་བཞིན་དུ། རྙོག་པ་ལྔ་དང་ལྡན་པའི་དུས་


TN00_Page_100B
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། བོད་དང་བོད་ཆེན་པོའི་འཛིན་མའི་གཞི་འདིར། རྒྱལ་པོ་དང༌། བློན་པོ་དང༌། ཁྱིམ་བདག་དང༌། ཚོང་དཔོན་དང༌། གདོལ་པ་ལ་སོགས་པ་ཐ་མལ་པའི་འཁོར་ཕལ་མོ་ཆེ་རྣམས་ཀྱི་དབུས་ན། སོ་སོའི་བསམ་པ་དང་མཐུན་པའི་ཀུན་སྤྱོད་དང་སྤྱོད་ཡུལ་རྣམ་པ་སྣ་ཚོགས་ཀྱིས་འདྲེ་ཞིང་སྣང་བ་ནི། སྒྱུ་མ་མཁན་གྱི་སློབ་དཔོན་སྒྱུ་མའི་རིགས་པ་ལ་ཤིན་ཏུ་བྱང་བར་བསླབས་པ་དག །སྒྱུ་འཕྲུལ་གྱི་རོལ་རྩེད་སྟོན་པ་ལྟ་བུ་སྟེ། ངོ་མཚར་ཆེའོ། །དེ་དག་ཀུན་ཏུའང་ཁྱོད་ཀྱིས་སྤྱོ་བ་དང༌། གཟེང་བསྟོད་པ་དང༌། བཞད་པ་དང༌། གཞན་ཡང་སྣ་ཚོགས་ཀྱི་གཏམ་གླེང་བ་མཛད་པ་དང༌། ཕྱག་སྟབས་སྒྱུར་བ་དང༌། འཆགས་པ་དང༌། བཞུད་པ་དང༌། བཟའ་བཏུང་སྤྱོད་པ་དང༌། མནལ་བ་ལ་སོགས་པ་སྤྱོད་ལམ་གྱི་རྣམ་པ་ཅི་དང་ཅི་མཛད་པ་ཐམས་ཅད་སྔགས་ཀྱི་བཟླས་པ་དང༌། ཕྱག་རྒྱ་དང༌། གར་དང༌། ཚོགས་ཀྱི་མཆོད་པ་དང༌། སྦྱིན་སྲེག་དང༌། ནཱ་དའི་དེ་ཉིད་ལ་མཉམ་པར་འཇོག་པ་ལ་སོགས་པའི་སྔགས་ཀྱི་སྤྱོད་པ་གཟི་མདངས་ཆེན་པོ་ཅན། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སེམས་ཅན་རྣམས་ལ་དོན་ཆེན་པོའི་སྒོར་ཉེ་བར་གནས་པ། ཡིད་བཞིན་གྱི་ནོར་བུ་དང༌། དཔག་བསམ་གྱི་ཤིང་ལྟ་བུ་འབའ་ཞིག་འབྱུང་བར་ཟད་ཀྱི། ཐ་མལ་པའི་སྤྱོད་པ་གཞན་ནི་ཡོང་ཡེ་མི་མངའོ། ཁྱོད་ཀྱི་རིག་རྩལ་ཕྱག་རྒྱའི་


TN00_Page_101A
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གཅིག་པུས་ཐ་མལ་པའི་ང་རྒྱལ་གྱི་གྲོང་ཁྱེར། སྣོད་དང་བཅུད་དང་རྒྱུད་ཀྱི་དམིགས་པ་སྣ་ཚོགས་དང༌། མཚུངས་ལྡན་གྱི་སྒོ་སྣ་ཚོགས་ནས་རྒྱས་པ། ཐོག་མ་མེད་པའི་དུས་ནས་བརྟན་པར་བྱས་པ། ཁམས་དང་ས་དང་འགྲོ་བ་ཐམས་ཅད་དུ་ཞུགས་པ། བལ་པ་ཛའི་ཚང་ཚིང་ཆེན་པོ་ལྟར་འཛིང་པ་རྣམས་ཕྱེ་མར་བརླག་ཅིང་ཐལ་བར་བྱས་པའི་དྲུང་ན། ལྷ་ཆེན་དྲག་པོས་མདའ་འཕངས་པས་གྲོང་ཁྱེར་སུམ་བརྩེགས་བསྲེགས་པའི་སྔོན་རབས་ཀྱང་སྦྲང་ཚང་འཇིག་པའི་སྐྱེས་བུའི་མཐུ་རྩལ་བཞིན་དུ་དམན་ནོ། །གླེགས་བམ་ལུང་གི་དབང་བསྐུར་བ་བརྙེས་པས་ནི། ཁྱོད་གསང་སྔགས་དང་རིག་སྔགས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པའི་དབང་དང་ལྡན་པ་དང༌། སྔགས་ཀྱི་ཚུལ་ཐམས་ཅད་སྣང་བར་བྱེད་པའི་ལེགས་བཤད་མི་ཟད་པ་དང་ལྡན་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗགས་རྡོ་རྗེ་ལས་སྤྲུལ་པའི་གོ་འཕང་བརྙེས་སོ། །དེ་ལ་ཁྱོད་ཀྱི་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་ཡུལ་ནི་དོན་དམ་གཟིགས་པ་རྣམས་ཁོ་ན་དབང་དུ་གྱུར་པ་ཡིན་གྱི། བདག་འདྲ་བས་བརྗོད་པ་ག་ལ་ནུས། འོན་ཀྱང་ཡུལ་དུས་འཚོ་བའི་འཇིག་རྟེན་འདིར་སེམས་ཅན་གྱི་བསམ་པའི་དབང་གིས་ཕལ་ཆེར་གླང་པོ་ཆེའི་ལྟ་སྟངས་མཛད་དེ་སྦས་ནས། ཉི་ཚེའི་སྣང་བ་ཙམ་ཞིག་བསྟན་པ་དང་སྦྱར་


TN00_Page_101B
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། ཁྱོད་ཀྱི་གསུང་གཅིག་ཉིད་རྒྱལ་བ་དང༌། བྱང་ཆུབ་སེམས་དཔའ་དང༌། རྣལ་འབྱོར་པའི་ཚོགས་ཀྱི་གསུང་ཐམས་ཅད་བསྡུས་པར་མཐོང་སྟེ། སྔོན་བཅོམ་ལྡན་འདས་ཀྱིས་འོག་མིན་དུ་བསྟན་པ་དང༌། འཕགས་པ་ལག་ན་རྡོ་རྗེས་རིའི་རྒྱལ་པོ་མ་ལ་ཡར་རྡོ་རྗེའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་རིག་འཛིན་གྱི་འདུས་པ་ཁོ་ནའི་དབུས་སུ་བཤད་པ་དང༌། མི་བདག་ལུང་བསྟན་རྡོ་རྗེ་དང༌། ཀུ་ཀུ་རཱ་ཛ་ལ་སོགས་པ་ཆེ་བ་བས་ཀྱང་ཆེ་བའི་སེམས་ཅན་མཆོག་རྣམས་ཀྱི་གཏིང་མཐའ་མེད་པའི་བློའི་ཆུ་གཏེར་གཅིག་ནས་གཅིག་ཏུ་སྦས་པའི་རྒྱུད་སྡེ་དང་རྒྱུད་སྡེའི་མན་ངག་རིན་པོ་ཆེ་དག །ད་ལྟའི་དུས་སུ་ཁྱོད་ཀྱི་གསུང་སྐལ་བཟང་གདུལ་བྱའི་ཐུན་མོང་གི་ལོངས་སྤྱོད་དུ་གྱུར་པའི་བང་མཛོད་བཟང་པོ་འདིར་ཕྱིན་པར་སྣང་ལ། གནའ་བོའི་ལོ་ཙཱ་ཆེན་པོ་རྣམས་ཀྱིས་འཕགས་པའི་ཡུལ་དུ་དཀའ་བ་དུ་མ་སྤྱད་ནས་བགྲོད་པ་དང༌། དེ་དག་གི་བཀའ་བརྒྱུད་འཛིན་པའི་དམ་པའི་ཕྲེང་བ་བར་མ་ཆད་པར་བྱོན་པ་རྣམས་ནི་དོན་འདི་ཉིད་ཁོ་ནའི་ཐབས་སུ་བསྟར་བ་འདྲ་བ་སྣང་ངོ༌། ཁ་བས་མཚན་པའི་ལྗོངས་འདིར་གསང་སྔགས་ཀྱི་གདམས་པ་ཐ་དད་པ། མཁས་གྲུབ་ཀྱི་བརྒྱུད་པ་གཞན་དང་གཞན་ལས་འོངས་པ། ཡུལ་སྣ་ཚོགས་ན་སོ་སོ་སོ་སོར་འཐོར་ཐབས་སུ་སྤྱོད་པ། ཕལ་ཆེར་མི་མངོན་པའི་གནས་ན་གབ་ཅིང་ནུབ་ལ་ཕྱོགས་པ་དུ་མ་ཡང༌། ཁྱོད་ཀྱི་སྤྱན་སྔར་སྒྲིམ་པ་


TN00_Page_102A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཕྱོགས་ཐམས་ཅད་ནས་འདུ་ཞིང༌། རང་རང་གི་ངང་ཚུལ་མ་སྦས་པར་སྟོན་པ་ནི། ཕྱོགས་ཐག་རིང་པོ་སྣ་ཚོགས་ན་གནས་ཤིང་སྤྱོད་ཡུལ་གྱི་གནས་མི་གསལ་བའི་བུང་བ་རྣམས། དཔྱིད་ཀྱི་དགའ་ཚལ་ན་མ་བོས་བཞིན་དུ། རང་ཉིད་གསལ་བར་སྒྲོགས་ཤིང་འདུ་བ་བཞིན་ནོ། །གཞན་ཡང་ཁྱོད་ཀྱིས་སྔོན་སྐུ་ཚེའི་ཕྲེང་བ་དཔག་ཏུ་མེད་པར་རྡོ་རྗེ་ཐེག་པའི་གསུང་རབ་ལ་སྦྱངས་ཤིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིག་སྔགས་བསྒྲུབ་པར་དཀའ་བ་མང་པོ་བསྒྲུབས་ཏེ། མ་ཉམས་མ་གོད་པར་རྩ་ཁམས་ཡི་གེའི་མཛོད་དུ་རྒྱས་བཏབ་ནས་མཆིས་པ། དུས་འདིར་རྗེས་སུ་དྲན་པའི་མཚན་མར་ཡེ་ཤེས་གྲུབ་པའི་མཁའ་འགྲོ་མ་རྣམས་ཀྱིས། གསུང་རྡོ་རྗེའི་སྤྲུལ་པའི་གཟུགས་བརྙན་བདེ་ཆེན་སྒྱུ་མའི་འདུ་བྱེད་ཀྱི་བྲིས་པའི་བརྡ་ཡིག་གི་གླེགས་བམ་ཁྱད་པར་ཅན་རྣམས་ཕུལ་ཏེ། ཇི་ལྟར་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་གཟུངས་ཀྱི་སྒོའི་ཡི་གེ་རེ་རེ་ལས་ཀྱང་དོན་དང་ཚིག་གི་རྣམ་གྲངས་མཐའ་ཡས་པ་མངོན་དུ་འགྱུར་བ་དང་འདྲ་བར། གླེགས་བམ་དེ་དག་ལྡེ་མིག་ཏུ་བརྙེས་པ་ན། གསུང་རབ་དང་གྲུབ་པའི་རིག་སྔགས་དེ་དག་གི་སྒོ་ཡང་གཉིད་ལོག་པ་ལས་སད་པ་བཞིན་དུ་བྱེ་བར་གྱུར་ཏེ། དེའི་མོད་ལ་རྡོ་རྗེའི་ལམ་བཟང་ཞིབ་མོའི་ཚུལ་ཐམས་ཅད་ས་ལེར་གཟིགས་ཤིང༌། རིག་སྔགས་དེ་དག་ཀྱང་རང་གི་ངང་གིས་


TN00_Page_102B
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་གྱུར་ཏོ། །དེར་ཡང་མ་ཟད་ཐོག་མ་མེད་པའི་དུས་ནས་གྲུབ་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་བཞིའི་གླེགས་བམ། ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་གློག་གི་གཟི་བརྗིད་ཀྱི་ཕྲེང་བ་འགྱེད་པ་རྣམས་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མས་བརྡ་ཡིག་གི་འཁྲུལ་འཁོར་རྣོན་པོ་ལ་བསྐྱོན་ནས། ཁྱོད་ཀྱི་གཞོམ་མེད་ནཱ་དའི་གཙུག་ལག་ཁང་འོད་ཟེར་ལྔའི་རི་མོ་ཅན་དུ་སྤྱན་དྲངས་ཏེ་བཞུགས་པའི་ཕྱིར། བློའི་མིག་དང་ལྡན་པའི་སེམས་ཅན་དག་ནི་ཁྱོད་ཀྱི་སྐུ་ལ་ཨོ་རྒྱན་ཧེ་རུ་ཀའི་ལྷ་ཁང་དུ་འདུ་ཤེས་ཏེ། ལྷ་ཁང་དེ་ལ་ནི་དབང་བསྐུར་བ་དང༌། ལུང་འབོགས་པ་ལ་སོགས་པའི་མཛད་པ་མེད་པས་ན། གཉིས་སུ་ཁྱོད་ཀྱི་སྐུ་ཁོ་ན་ཆེས་ཁྱད་པར་དུ་འཕགས་པར་ཡང་མཐོང་ངོ༌། །ཀུན་ཏུ་བཟང་པོའི་མཛོད་ཀྱི་རྒྱན་བྱེད་པའི་གླེགས་བམ་དེ་དག་ནི་ཕལ་ཆེར་ཞིག །འཇིག་རྟེན་དབང་ཕྱུག་གི་ཞིང་གི་ས་གཞི་རིན་པོ་ཆེའི་པདྨོ་ཟེ་བ་མཐའ་ཡས་པ་འདི་ལས་སྦྲང་རྩིའི་དོག་པ་བཞིན་དུ་ཁྱོད་ཀྱིས་བརྙེས་སོ་ཞེས་གཏམ་དུ་གྲགས་མོད་ཀྱི། དོན་དམ་པར་ནི་སྔགས་དང་རྒྱུད་ཐམས་ཅད་བདེ་བ་ཆེན་པོའི་མིག་འཕྲུལ་དུ་གཟིགས་ཤིང༌། བདེ་ཆེན་གཅིག་པུ་ཉིད་སྔགས་དང་རྒྱུད་ཀྱི་རྣམ་པ་ཐམས་ཅད་དུ་འཆར་བའི་རྣལ་འབྱོར་བརྟན་པའི་མཐུས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ནམ་མཁའ་ཉིད་ལ་རྙེད་པར་ཟད་དེ། དེའི་ཕྱིར་ཁྱོད་ནི་རྟག་


TN00_Page_103A
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ནམ་མཁའ་མཛོད་ཀྱི་འབྱོར་པ་ཅན་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་རྡོ་རྗེ་སེམས་དཔས་ཐ་མལ་པའི་གཟུགས་ཀྱིས་འདུལ་བའི་འགྲོ་བ་ལ་ཆོས་སྟོན་པའི་ཞལ་གྱི་སྒོ་ནི་གང༌། སེམས་ཅན་དཔག་ཏུ་མེད་པས་རྒྱུད་སྡེའི་དེ་ཉིད་མཆོག་ཏུ་ཟབ་པ་དང་བཀྲ་བའི་གནས་རྣམས་བལྟ་བ་ལ་མིག་ཏུ་གྱུར་པ་ནི་སུ། བྱིན་རླབས་ཀྱི་ལང་ཚོ་རྙིང་པའི་ཆོས་ཚུལ་མང་པོ་ཐོག་མའི་ན་ཚོད་ལ་འགོད་པའི་སྨན་བཅུད་ཀྱིས་ལེན་ནི་ཅི། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ན་སྤྱོད་པའི་རྒྱུད་སྡེའི་རི་དྭགས་མིག་མ་རྣམས་དང་གསུང་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྩེ་དགས་སྦྲེལ་བའི་དཔའ་བོ་གཅིག་པུའང་སུ་ཞིག་ཅེ་ན། དེ་ལྟ་བུ་ནི་བདག་ཉིད་ཆེན་པོ་ཁྱེད་ཡིན་ནོ་ཞེས་བརྗོད་པར་བྱའོ། །བདེ་སྟོང་ཕྱག་རྒྱ་ཆེན་པོའི་དབང་དེ་བརྙེས་པས་ནི། ཁྱོད་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རྣམས་ཀྱི་གསང་བ་ཟབ་མོའི་གཏིང་རྙེད་པ་དང༌། སེམས་དང་ཡེ་ཤེས་རང་སྣང་བའི་ཤེས་བྱའི་སྣོད་ཐམས་ཅད་དུ་བླ་ན་མེད་པའི་བདུད་རྩི་གསོལ་བས་དགྱེས་པར་གྱུར་ཏེ་ལྷ་དང་བཅས་པའི་འཇིག་རྟེན་ན་སུ་ཡང་ཤེས་རབ་དང་བརྩོན་པའི་གྲུས་བརྒལ་བར་དཀའ་བའི་ཡེ་ཤེས་ཆེན་པོའི་རྒྱ་མཚོར་གྱུར་ཏོ། །འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་བདེ་བའི་བཀའ་རྟགས། །དེ་ཉིད་འབྱེད་པའི་རི་མོ་ཅན་ཁྱོད་ལ་


TN00_Page_103B
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ནས། རྡོ་རྗེ་ཐེག་པའི་རྒྱལ་ཐབས་ཀྱི་བདག་པོར་གནང་སྟེ། མཆོག་གི་བདེ་བ་དེ་ནི་ལྷ་སྔགས་ཡེ་ཤེས་ཀྱི་དམིགས་པ་ཐམས་ཅད་ལས་འདས་ཀྱང་དཀྱིལ་འཁོར་གསུམ་གྱི་མཚམས་ལས་མ་བརྒལ་བ་ཡིན། རྟེན་མེད་ཅིང་གནས་མེད་པའི་ཡེ་ཤེས་ཡིན་ཡང༌། དེ་བཞིན་ཉིད་ཀྱི་དབྱིངས་ལ་རྟེན་ཅིང་གནས་པ་ཡིན། འཇུག་ལྡང་གི་སྤྲོས་པ་ཉེ་བར་ཞི་ཡང༌། ཆོས་ཀྱི་དབྱིངས་ལ་འཇུག་ཅིང་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་སྒྱུ་མའི་སྤྱོད་ཡུལ་དུ་ལྡང་བའི་མཚན་ཉིད་མི་འདོར་བ་ཡིན། གཅིག་དང་དུ་མའི་རྣམ་པར་བརྟག་ཏུ་མེད་ཀྱང༌། གཅིག་པུས་དུ་མའི་ཉམས་སུ་མཛད་དེ་ཕྲིན་ལས་སྣ་ཚོགས་ཀྱིས་རྩེན་པ་ཡིན། ཕྱག་རྒྱ་དང༌། སྔགས་དང༌། སྦྱིན་སྲེག་དང༌། དཀའ་ཐུབ་ཐམས་ཅད་བསྡུས་པ་ཡིན་ཀྱང༌། ཕྱག་རྒྱ་དང་དཀའ་ཐུབ་ལ་སོགས་པའི་མཚན་མ་ཐམས་ཅད་མི་རྒྱུ་བ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་ཞིང་གྲངས་མེད་པར་མཐའ་ཡས་པའི་བསྐལ་པ་རྣམས་སུ་དཀའ་བ་སྤྱད་ཀྱང་རྙེད་པར་དཀའ་བའི་གསང་ཆེན། ཁྱོད་ཀྱིས་འབད་པ་ཆུང་ངུས་རང་ཉིད་ལས་བརྙེས་པ་སྟེ། དོན་གྱི་དབང་འདི་ཉིད་གཟིགས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང༌། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་འཚོལ་


TN00_Page_104A
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །ཅེས་སེང་གེའི་སྒྲ་སྒྲོག་གོ །དེ་ལྟར་རང་བཞིན་མེད་པའི་ཆོས་ཉིད་ཀྱི་དཔལ་མོ། །རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་གཏིང་ན་འདུག་པ། བརྟག་པ་དང་མཐོང་བར་དཀའ་བའི་མཐར་ཐུག་པ་དེ་ལྷན་ཅིག་སྐྱེས་པའི་བདེ་བ་དམ་པའི་རྡོ་རྗེ་མེ་ཏོག་གི་མདས་དབང་དུ་མཛད་པ་ན། ལྷ་དང༌། སྔགས་དང༌། ཕྱག་རྒྱ་དང༌། ཕྲ་མོའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད། གསེར་གྱི་རིགས་མཆོག་མེ་ལྕེ་རྣོན་པོའི་རྒྱས་བཏབ་པ་ལྟ་བུ་དང༌། སྟོན་ཀའི་ནམ་མཁའ་ཉི་མའི་འོད་ཀྱི་རྒྱས་ཐེབས་པ་ལྟ་བུ་དང༌། དགའ་བའི་ནགས་ཚལ་དཔྱིད་ཀྱི་དུས་ཀྱི་རྒྱས་ཐེབས་པ་ལྟ་བུར། སྔོན་བས་ཀྱང་ཚད་མེད་ཅིང་མཚུངས་པ་མེད་པའི་དཔལ་དང་གཟི་བྱིན་གྱིས་མཛེས་པར་གྱུར་ནས་གནས་ཏེ། དེ་མཐོང་ནས་མཁའ་སྤྱོད་དང་རིལ་བུ་མིག་སྨན་ལ་སོགས་པ་དངོས་གྲུབ་ཀྱི་ན་ཆུང་ཤིན་ཏུ་དྲེགས་མ། དངོས་གྲུབ་བརྒྱའི་འཁོར་དང་ལྡན་པ་རྣམས་ཀྱང༌། ནམ་ཞིག་འདིས་བདག་ཅག་དང་རོལ་རྩེད་ཀྱི་དུས་འདེབས་པར་འགྱུར་སྙམ་སྟེ་རེ་བའི་མིག་རྩེ་གཅིག་ཏུ་གཏོད་པར་བྱེད་དོ། ཁྱོད་ཀྱིས་ཕྱིན་ཅི་ལོག་གི་དངོས་པོའི་འཁོར་ལོ་མཐའ་དག་བདེ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིག་སྔགས་ཀྱིས་མཚན་མ་བཏབ་སྟེ། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དྲི་མ་མེད་ཅིང་འོད་གསལ་བ། ཆོས་ཀྱི་དབྱིངས་ཀྱི་རྒྱན་བྱེད་པ། མཐའ་དང་དབུས་མེད་པ་སྒྱུ་


TN00_Page_104B
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དྲ་བ་ལྟ་བུའི་གཟུགས་འཛིན་པར་གྱུར་པ་ནི། རྒྱལ་བ་དང་རྒྱལ་བའི་སྲས་པོ་དབང་འབྱོར་གྱི་སྤྱོད་ཡུལ་བརྙེས་པ། སྣོད་བཅུད་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགས་སུ་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་མཛད་པ་རྣམས་དང་སེང་གེའི་རྣམ་པར་རྩེ་བས་འགྲན་པ་བཞིན་དུ་སྣང་ངོ། །ཡུལ་གྱི་སྤྲོས་པ་རྣམས་ནི་ཆོམ་རྐུན་ལྟ་བུར་གསུངས་ཏེ། འོན་ཀྱང་ཁྱོད་ཀྱི་སྤྲོས་པ་མེད་པའི་བདེ་བའི་རྒྱལ་ཐབས་ནི། སྤྲོས་པའི་བུན་ལོང་ཇི་ལྟར་ཆེར་གྱུར་ཅིང་སྣ་ཚོགས་སུ་གནས་པར་གྱུར་པ་དེ་ལྟར་གཟི་བྱིན་གྱི་ཕུང་པོ་གཅིག་ཏུ་འབར་བར་འགྱུར་ཞིང༌། ཡངས་ཤིང་རྒྱ་ཆེ་བ་དང༌། མཆོག་ཏུ་བརྟན་པ་དང༌། ཀུན་ནས་ཡོངས་སུ་དག་པར་འགྱུར་ཏེ། དེ་ལྟ་བུའི་ཚུལ་གྱིས་འཇིག་རྟེན་ན་སེང་གེ་བཞིན་དུ་སྐྲག་པ་དང་བག་ཚ་བ་ཐམས་ཅད་དང་བྲལ་བར་སྤྱོད་པ་དེའི་ཕྱིར་ཁྱོད་ལ་འཇིགས་བྲལ་གྱི་སློབ་དཔོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བརྗོད་པ་ནི་དོན་ཆེན་པོ་མཆིས་པ་ལགས་སོ།། །།


TN00_Page_105A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཡེ་ཤེས་སྐུ་ཅན་འཇམ་པའི་དབྱངས། །གང་དག་དབྱེར་མེད་རྗེ་བཙུན་མཁྱེན་བརྩེའི་གཏེར། །མཁས་གྲུབ་དབང་པོ་དེ་ལ་གུས་པའི་བློས། །བསྟོད་ཚིག་མེ་ཏོག་ཕྲེང་བ་ཅུང་ཟད་འཐོར། །ངོ་མཚར་བྱེ་བའི་གཏེར་ཆེན་ཆོས་ཀྱི་རྗེ། །རབ་གསལ་འོད་སྟོང་རྒྱས་པའི་དཀྱིལ་འཁོར་བཞིན། །འཇིག་རྟེན་ཀུན་ཕན་མཛད་པའི་སྣང་བ་ཡིས། །འབད་པ་མེད་བཞིན་སེམས་ཅན་ཀུན་དོན་སྤྱོད། །རིང་མོའི་དུས་ནས་བྱང་ཆུབ་སྙིང་པོའི་སར། །ཕྱིན་དྲུག་འགྲོས་ཀྱིས་བགྲོད་ཀྱི་མཐར་ཕྱིན་ཀྱང༌། །མགོན་མེད་ཉམ་ཐག་འགྲོ་ལ་བརྩེར་དགོངས་ཏེ། །སླར་ཡང་དགེ་བའི་བཤེས་གཉེན་གཟུགས་སུ་སྣང༌། །རྟག་ཏུ་འགྲོ་ལ་ཕན་པ་ལྷུར་ལེན་ཅིང༌། །འབྲེལ་ཚད་ཡང་དག་དགེ་བའི་ལམ་ལ་སྦྱོར། །ཆོས་སྐུ་ཟག་པ་མེད་པ་སྒྲུབ་མཛད་ཕྱིར། །དགེ་སློང་ཆོས་ཀྱི་ཉི་མ་ཁྱོད་ཅིག་ཡིན། །བསྐལ་པ་བྱེ་བ་མང་པོར་ཚོགས་བསགས་ཤིང༌། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་རྩལ་རྫོགས་པས། ཁྱོད་ཀྱི་མཛད་པའི་རོལ་མོ་ཇི་སྙེད་པ། །མཐའ་དག་ཡིད་ཅན་རྒྱ་མཚོར་སྨན་ལ་ལྟོས། །འཕགས་མཆོག་དཔག་བསམ་ལང་ཚོ་མ་རྙིང་བ། །རྨད་བྱུང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དྲིས། །ཀུན་ནས་ཀུན་ཏུ་བགོས་པའི་དགེ་མཚན་གྱིས། །འདུལ་འཛིན་རྒྱུ་སྐར་ཕྲེང་བ་ཟིལ་གྱིས་མནན། །མདོ་


TN00_Page_105B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གཞུང་ལུགས་ཟབ་ཅིང་རྒྱ་ཆེའི་གནས། །རྣམ་དག་ཐོས་དང་བསམ་པའི་ཤེས་རབ་ཀྱིས། །དཔྱད་པ་དྲི་མེད་ཤིན་ཏུ་ཡོངས་རྫོགས་པས། །ཀློག་པ་བ་ཁྱོད་འགྲན་ཟླས་དབེན་བཞིན་བཞུགས། །ཟབ་མོའི་དོན་ལ་རྟག་ཏུ་མཉམ་པར་བཞག །མཁའ་ལྟར་གོས་པ་མེད་པའི་ཏིང་འཛིན་སོགས། །ཞི་བའི་ཏིང་འཛིན་སྒོ་བརྒྱ་གཅིག་ཆར་འབྱེད། །སྤོང་བ་པ་ཁྱོད་རྒྱལ་སྲས་ཁྱུ་མཆོག་ལགས། །འཆད་དང་རྩོམ་པའི་ཕྲིན་ལས་རྨད་བྱུང་བས། །གྲགས་ལྡན་མཁས་པ་རྣམས་ཀྱང་ཟིལ་མནན་ཏེ། །མཐའ་ཀླས་འགྲོ་ལ་སྨིན་གྲོལ་ཆོས་ཀྱི་ཆར། །འབེབས་མཛད་བྱ་བ་ལས་ཀྱི་འཁོར་ལོར་རྩེན། །བློ་དང་དྲན་དང་རྟོགས་དང་ཆོས་ཀྱི་གཏེར། །དེ་སོགས་མི་ཟད་སྤོབས་པའི་གཏེར་ཆེན་བརྒྱད། །དཔལ་གོས་འདབ་མ་བཞིན་དུ་རྣམ་རྒྱས་པས། །ལེགས་བཤད་སྒོ་བརྒྱ་འབྱེད་ལ་དཔའ་བར་གྱུར། །འབད་དང་རྩོལ་ལ་རག་ལས་མ་ཡིན་པར། །ཐུག་ཕྲད་ཤེས་རབ་མཆོག་གི་གཏེར་རྡོལ་བས། །མ་ལུས་མི་ལུས་ལེགས་གསུང་དགོངས་འགྲེལ་བཅས། ཁྱོད་ཀྱི་ཐུགས་སུ་ཉིན་མོ་ལྟ་བུར་གསལ། །དཔལ་འབྱོར་སྙན་གྲགས་དབྱར་མཚོ་བཞིན་རྒྱས་ཀྱང༌། །འདམ་གྱི་སྦུབས་ན་པདྨོ་གཞོན་ནུ་བཞིན། །ཆགས་མེད་ཡེ་ཤེས་མཆོག་ལ་ལེགས་གནས་ཏེ། །སྒྱུ་མ་ལ་ནི་སྒྱུ་མ་ཉིད་རོལ་གྱུར། །སྙན་པའི་བ་དན་མཐོ་བའི་ཚེ་


TN00_Page_106A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང༌། །མི་འདུལ་ཁ་ལོ་སྒྱུར་བ་ཁྱོད་དྲུང་ན། །རྟ་བདུན་ཟེར་གྱིས་ཁེབས་པའི་རྒྱུ་སྐར་བཞིན། །ཆེས་གསལ་མིན་པའི་རང་གཟུགས་ཀུན་ནས་ངོམས། །དགེ་ལེགས་སྣང་འབུམ་གྱིས་ཀུན་གསལ་ལྟོ། །འགེང་མཛད་ཆོས་ཀྱི་ཟླ་རྒྱས་ཁྱོད་མཐོང་ནས། །ཆུ་ཤེལ་ཕུང་པོར་གྲུབ་པའི་འོད་དཀར་ཡང༌། །སྐྱེངས་ཏེ་ཆུ་འཛིན་གསར་པས་འགེབ་ལ་རིངས། །མཐོང་ན་མི་མཐུན་མེད་པའི་སྐུ་དཀྱིལ་མཆོག །གང་ལ་མངོན་སུམ་གྱུར་པའི་དེ་མ་ཐག །ཉོན་མོངས་རྙོག་སྐྱོན་ངང་གིས་ཞི་བྱེད་པའི། །མཐོང་གྲོལ་མཚན་དཔེའི་ཉི་མ་སྲིད་ན་མཛེས། །མཛེས་སྐུ་དྲི་མེད་གསེར་གྱི་མཆོད་སྡོང་བཞིན། །ཐོས་གྲོལ་ཚངས་དབྱངས་ལྷ་ཡི་རྔ་སྒྲ་བཞིན། །སྒྲིབ་མེད་ཡེ་ཤེས་དྭངས་པའི་ནམ་མཁའ་བཞིན། །ཡོན་ཏན་མི་ཟད་གངས་ཆེན་མཚོ་བཞིན་ནོ། །བརྡ་སྤྲོད་གཞུང་དང་ཚད་མ་རིག་པའི་གནས། །ཡང་དག་བློ་གྲོས་མཆོག་གིས་ལེགས་གཟིགས་ཏེ། །རྒོལ་ངན་ལོག་པར་སྨྲ་དང་ལོག་པར་རྟོག །དེ་ཀུན་དངོས་སྟོབས་རིགས་པས་སུན་འབྱིན་མཛད། །བཟོ་དང་གསོ་བ་ཕ་རོལ་རྗེས་འཛིན་སྒོ། །རྣམ་དཔྱོད་ལྡེ་མིག་འཕྲུལ་གྱིས་རབ་ཕྱེ་བས། །རྨད་བྱུང་གཞན་ཕན་ཐབས་ཚུལ་རིན་ཆེན་དབྱིག །མཐའ་ཡས་འགྲོ་བའི་ཉེར་འཚོར་འགྱེད་ལ་ལྟོས། །རྒྱལ་བསྟན་འཁོར་ལོ་གསུམ་གྱི་བརྗོད་བྱའི་དོན། །


TN00_Page_106B
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དང་ངེས་པའི་རྣམ་དབྱེ་ཇི་སྙེད་པ། །ངེས་ཤེས་བློ་མིག་དག་པས་མཐོང་ནས་ནི། །ཤིང་རྟ་ཆེན་པོའི་རྣམ་ཐར་ཇི་བཞིན་སྐྱོང༌། །དེ་སླད་གངས་རིའི་ལྗོངས་ཀྱི་མཁས་པ་ཁྱོད། །དམ་པའི་ནང་ན་ཤིན་ཏུ་དམ་པ་སྟེ། །བློ་མཆོག་མངའ་བ་རྣམས་ཀྱི་འབྱུང་གནས་ཆེ། །འཕགས་མཆོག་ཡེ་ཤེས་མེ་ལོང་ཞལ་སྐྱིན་ལགས། །ཤིན་ཏུ་མ་རྨོངས་དབང་པོ་རྣོན་པོའི་ཡུལ། །རྨད་བྱུང་ལྟ་སྒོམ་སྤྱོད་པའི་གཏེར་མཛོད་མཆོག །ཟབ་མོའི་ནང་རྒྱུད་སྡེ་གསུམ་ཆོས་ཀྱི་ཚུལ། །ཡོངས་གཟིགས་ཡེ་ཤེས་ཆེ་ལྡན་ཁྱོད་ཅིག་རྒྱལ། །གསང་སྔགས་ལམ་བཟང་ཀུན་གྱི་རྩ་བ་ནི། །བུམ་པ་གསང་བ་ཤེས་རབ་ཚིག་དབང་སྟེ། །གཏོར་བླུགས་ཆུ་བོ་རྣམ་བཞི་ཡོངས་རྫོགས་པས། །རྒྱུད་སྡེ་རྒྱ་མཚོར་མངའ་དབང་མཆོག་ཏུ་འབྱོར། །མཐོང་ན་བདེ་ཆེན་ཡེ་ཤེས་རབ་སྩོལ་སྟེ། །གཞན་སྣང་ཟིལ་གྱིས་གནོན་པའི་མཐུ་གྲུབ་པས། །ཧེ་རུ་ཀ་དཔལ་སྐུ་ཡི་དངོས་གྲུབ་སྩོལ། །རང་གིར་མཛད་པའི་འབྲས་རྟགས་ཀུན་ཏུ་གསལ། །བཀའ་དང་རང་གཏེར་ཡང་གཏེར་དགོངས་གཏེར་དང༌། །རྗེས་དྲན་གཏེར་དང་དག་སྣང་སྙན་བརྒྱུད་དེ། །བཀའ་བབས་རིན་ཆེན་བདུན་ལྡན་ཆོས་ཀྱི་རྒྱལ། ཁྱོད་གཅིག་ཚངས་ཆེན་ལྷས་ཀྱང་འགྲན་བཟོད་མིན། །དེ་སྐད་ཁྱབ་བདག་བླ་མ་ལ། །ཚིགས་བཅད་འདི་ཉིད་གྲངས་ལྡན་


TN00_Page_107A
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བསྔགས་པ་ཕུལ་བའི་ལེགས་བྱས་ལས། །འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག །དགེའོ།། ༈ ཁ་བའི་རི་ངོགས་བསིལ་ལྗོངས་བྷོ་ཊའི་གླིང༌། །ཡུལ་འཁོར་ཆེན་པོ་མདོ་ཁམས་སའི་ཐིག་ལེའི། །དུམ་བུ་བཀྲ་ཤིས་ལྷ་རྩེའི་ལྗོངས་ཤིག་ན། །ཀློང་ཆེན་སྒྱུ་མའི་རྣལ་འབྱོར་མཆོག་གཅིག་ཡོད། །དེ་ལ་སྐྱེ་བའི་ཟག་པ་ལྟ་ཅི་སྟེ། །སྒྱུ་མའི་ཡེ་ཤེས་མཆོག་གི་ཕྱག་རྒྱ་ཆེ། །གདན་གསུམ་གཟུགས་སྐུའི་རྣལ་འབྱོར་ལ་ཆགས་ཤིང༌། །མཚན་དཔེ་སྒྱུ་འཕྲུལ་དྲ་བའི་སྣང་བ་སྟོན། །འོད་གསལ་ཟབ་མོའི་གཞི་དབྱིངས་མཉམ་པ་ཆེ། །གཞི་སྣང་དག་ཆེན་རོལ་མོར་འབར་བའི་གར། །རྣམ་རོལ་སྐུ་ཡི་སྣང་བ་འབུམ་ཕྲག་གིས། །སྲིད་པའི་གྲོང་ཁྱེར་རྣམ་གསུམ་རྒྱས་པར་འགེང༌། །རིང་ནས་དྲི་མེད་ཐུགས་རྗེའི་འོད་ཟེར་བརྒྱས། །སྲིད་ན་སྲིད་འགྲོ་བསྐྱང་བས་མ་ངོམ་པར། །སླར་ཡང་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས། །སེམས་ཅན་ཁམས་ལ་སངས་རྒྱས་མཛད་པ་མཛད། །འཕགས་པ་མཆོག་དེའི་གྲགས་སྙན་འཁྲི་ཤིང་ལ། །འཁྱུད་པའི་སྐལ་བཟང་འདུ་བ་སྟོང་ལྷགས་ཏེ། །དྲུང་དུ་ཡུན་རིང་དུས་སུ་བརྟགས་བྱས་ཀྱང༌། །དེ་ཡི་གསང་བ་དཔོག་བཟོད་སུ་ཡང་མེད། །མཁས་པར་གྲགས་པའི་ཆེན་པོ་འབུམ་གྱིས་ཀྱང༌། །དེ་ལ་


TN00_Page_107B
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པ་རྒོལ་དུ་མི་སྤྱོད་དེ། །ཆོས་ལ་ཆོས་ཀྱི་བཟོད་པ་མཆོག་བརྙེས་པས། །ཚུལ་གཉིས་ཆོས་ཀྱི་དགའ་སྟོན་འགྱེད་ལ་དཔའ། །གྲུབ་པའི་ས་མཐོར་འཛེགས་པའི་དམ་པ་བརྒྱ། །བདག་ཉིད་ཆེ་དེའི་མདུན་སར་ཉེར་ལྷགས་ཀྱང༌། །དེ་ལ་ཟིལ་གྱིས་གནོན་པའི་སྐབས་མེད་དེ། །སློབ་པ་མིན་པའི་ཟུང་འཇུག་དེ་ཡིས་བརྙེས། །བསོད་ནམས་ཆེན་པོའི་བདག་ཉིད་མང་པོ་ཡང༌། །དེ་ཡི་མདུན་སར་ཆེན་པོར་མི་སྣང་སྟེ། །གསེར་སྦྱང་དྲུང་ན་སྣག་ཚའི་ཕུང་པོ་བཞིན། །སྨོན་ལམ་ཆེན་པོའི་སྟོབས་ཀྱིས་ཟིལ་གནོན་མཛད། །བློ་ཆེན་རྒྱལ་སྲས་བྱེ་བའི་འདུན་ས་ན། །མི་འཇིགས་མགྲིན་པའི་དཀྱིལ་འཁོར་གཟེང་བསྟོད་དེ། །ཟབ་དོན་སྐྱེ་བ་ལྔ་པའི་དབྱངས་སྙན་པོ། །འགྲོགས་མཁས་བློ་གྲོས་རྒྱ་མཚོ་དྲི་མེད་འོད། །དེ་ཡིས་ཆོས་རྣམས་རྨི་ལམ་ལྟར་རྟོགས་པས། །མཚན་མའི་ཆོས་ལ་འཇིགས་པ་མ་མཆིས་ཤིང༌། །གང་ལའང་དོགས་དང་ཞུམ་པ་ཡོད་མིན་ཏེ། །སྟོབས་དང་མི་འཇིགས་རྒྱ་མཚོའི་ཕ་རོལ་སོན། །རྒྱལ་བའི་བསྟན་པ་ཐོག་མཐའ་བར་དགེ་བ། །བྱ་བ་ལས་ཀྱི་འཁོར་ལོས་ཉེར་བཟུང་སྟེ། །སྟོང་གི་འཇིག་རྟེན་ཁོ་ར་ཁོར་ཡུག་ཀུན། །རྣམ་པར་དཀར་བའི་ཕྲིན་ལས་གཅིག་གིས་བཅིངས། །ཕྱོགས་ལྷུང་གདོན་གྱིས་ཟིན་པའི་ཀློག་པ་བ། །རྟོག་གེའི་ཚིག་ལ་སྙེམས་པས་མཁས་པར་རློམ། །བསྟན་པ་ཡོངས་


TN00_Page_108A
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་འགལ་མེད་གནད་གཅིག་ཏུ། །གཟིགས་པའི་མཐུ་ཆེན་མཁྱེན་བརྩེའི་ལྷ་དེས་གྲུབ། །རྣམ་པར་རྟོག་ལ་ཡེ་ཤེས་སྙེམས་འཆང་བའི། །སྤོང་བ་པ་དེ་གཟུང་འཛིན་འཆིང་བ་ཅན། །རྟོག་མེད་རིག་པ་ཡེ་བཞག་ཆེན་པོ་རུ། །སྤྲོས་པའི་དྲྭ་བ་ནུབ་མཛད་མཁྱེན་བརྩེའི་ལྷ། །བྲག་ལས་ཤོག་སེར་རེ་བའི་གཏེར་རློམ་འགའ། །འདོད་ལྷའི་བྱིན་རླབས་གྲུབ་པ་ཆེན་པོར་རེ། །ཆོས་ཉིད་ཀློང་ནས་ཆོས་སྐུའི་གཏེར་འབྱིན་ཞིང༌། །བཀའ་བབས་བདུན་གྱི་མཛོད་བརྙེས་མཁྱེན་བརྩེའི་དབང༌། །ཟག་བཅས་ཡིད་ཀྱི་འཆིང་བ་མ་གྲོལ་བཞིན། །ཟག་མེད་མངོན་ཤེས་ཐོབ་རློམ་དེ་ཟོག་པོ། །གཞི་གྲོལ་གཏིང་མཐའ་མེད་པའི་དགོངས་ཀློང་ནས། །སྒྲིབ་བྲལ་གཟིགས་པའི་གཏེར་འབྱིན་མཁྱེན་བརྩེའི་དབང༌། །ཆེན་པོའི་གོ་སར་འགྱིང་བའི་སྟོན་པ་བརྒྱ། །ཕྱོགས་རེའི་ཡོན་ཏན་ཙམ་གྱིས་ལྷག་པར་ཁེངས། །མཁྱེན་བརྩེའི་ལྷ་དེ་ཡོན་ཏན་ཡོངས་རྫོགས་ཀྱང༌། །ཡོན་ཏན་མངའ་བར་རློམ་དང་ཁེངས་མི་མཛད། །འཇིག་རྟེན་ཆོས་བརྒྱད་སྒྲུབ་པའི་སྟོན་ཆེན་ཕལ། །ཟང་ཟིང་གཏོང་བའི་གཡབ་མོས་འཁོར་སློབ་བསྡུ། །བདག་ཉིད་ཆེན་པོ་མཁྱེན་བརྩེའི་དབང་ཕྱུག་ནི། །དྲི་མེད་ཆོས་ཀྱི་སྣང་བས་གདུལ་བྱ་སྐྱོང༌། །བསྟན་དང་ཐེག་པའི་རྣམ་གྲངས་ཕྱོགས་རེ་བས། །མཐའ་ཡས་འགྲོ་ཁམས་གདུལ་བར་ནུས་མིན་ཕྱིར། །རང་


TN00_Page_108B
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་སྐལ་འཚམས་པའི་ཆོས་ཀྱི་ཆར། །སྐལ་བཟང་འགྲོ་བློའི་ཞིང་སར་རྟག་ཏུ་འབེབ། །ནོར་འདོད་ནོར་གྱི་བདོག་པས་རེ་བ་སྐོང༌། །གཏམ་འདོད་སྣ་ཚོགས་གཏམ་གྱི་རོལ་མོས་གསོ། །ཐར་འདོད་ཐར་པའི་ལམ་གྱིས་ཚིམ་མཛད་པའི། །ཐབས་མཁས་བསམ་གྱིས་མི་ཁྱབ་མཁྱེན་བརྩེའི་དབང༌། །འབྱོར་ལྡན་རྗེས་འཛིན་ཕོངས་པ་བརྟུལ་བའི་ཚུལ། །སྙིང་རྗེའི་བདག་ཉིད་དེ་ལ་མི་མཛའ་སྟེ། །བཀྲེན་དང་མ་རུངས་ལོག་པའི་བརྟུལ་ཞུགས་ཅན། །དེ་ལ་དེ་ཡི་བྱམས་བརྩེས་ལྷག་པར་དགོངས། །རྒྱན་དང་བྱུག་པས་ཉེ་བར་མ་བགོས་ཀྱང༌། །ཚུལ་ཁྲིམས་ཕུང་པོའི་སྐུ་མཆོག་ལྷང་ངེ་བས། །གཟུགས་བཟང་གཟུགས་ཀྱི་འཇོ་སྒེགས་ཟིལ་གནོན་པ། །ཚོགས་ཀྱི་ཚོགས་མཆོག་འཇམ་དབྱངས་མཁྱེན་བརྩེའི་དབང༌། །མཉམ་པར་བཞག་པ་མིན་པའི་སྐབས་མེད་པར། །དཔའ་བར་འགྲོ་སོགས་ཏིང་འཛིན་རྣམ་ཐར་ལ། །རྟག་ཞུགས་བློ་གྲོས་རྒྱ་མཚོ་དྲི་མེད་འོད། །དེ་བཞིན་གཤེགས་པའི་ཡུལ་ལ་རང་དབང་བསྒྱུར། །ཚུར་མཐོང་བློ་ཡིས་ཡང་དང་ཡང་དཔྱད་ནས། །རྟོགས་དཀའི་གནད་གསང་རྟོགས་སྨྲ་ལྟར་མིན་ཏེ། །ཟག་པ་མེད་པ་ཤེས་རབ་ཕུང་པོའི་མཐུས། །སྲིད་དང་ཞི་བའི་ཆོས་ཀུན་ཅིག་ཆར་གཟིགས། །སྣ་ཚོགས་སྒྲིབ་པའི་དྲ་བ་མ་ལུས་པ། །ཟབ་མོའི་ཡེ་ཤེས་རལ་གྲིས་ཚར་བཅད་དེ། །རྣམ་


TN00_Page_109A
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཤིན་ཏུ་ཞི་བའི་མྱང་འདས་སུ། །འུབ་ཆུབ་མི་སློབ་ལམ་བརྙེས་མཁྱེན་བརྩེའི་དབང༌། །སོ་སོ་རང་རིག་གཉུག་མའི་ཡེ་ཤེས་ནི། །མཐར་འཛིན་ལྟ་བའི་སྦུབས་སུ་མི་བཞུགས་ཀྱི། །སྟོང་དང་རྟེན་འབྱུང་རོ་མཉམ་ཆེན་པོ་རུ། །གཟིགས་པའི་ངོ་མཚར་མཆོག་གྲུབ་མཁྱེན་བརྩེའི་དབང༌། །རྒྱལ་ཀུན་ཡེ་ཤེས་གསང་བ་རྡོ་རྗེའི་གནས། །ཀློང་ཆེན་དགོངས་པའི་ངང་དུ་རྩལ་རྫོགས་ཀྱང༌། །ཚུ་རོལ་མཐོང་ལ་ཚུར་མཐོང་ལྟར་སྟོན་པ། །བདག་ཉིད་ཆེ་དེའི་འཇིག་རྟེན་མཐུན་འཇུག་ཡིན། །མཁའ་ཁྱབ་ཞིང་ན་རྡོ་རྗེའི་གཟུགས་སྐུའི་གར། །མཆོག་དང་མཆོག་མིན་གཅིག་ཏུ་མ་ངེས་ཀྱང༌། །ངེས་པའི་གཟུགས་སྐུ་དུར་སྨྲིག་འཆང་བའི་ཟོལ། །མཁྱེན་བརྩེའི་ལྷ་དེའི་འཇིག་རྟེན་མཐུན་འཇུག་ཡིན། །འཕོ་མེད་ཡེ་ཤེས་མི་ཤིགས་རང་བྱུང་སྐུ། །རྟག་བརྟན་བགྲེས་རྒུད་མེད་པར་ལྷུན་རྫོགས་ཀྱང༌། །བལྟམས་དང་བགྲེས་དང་བསྙུན་པ་ལྟར་སྟོན་པ། །དེ་དག་དེ་ཡི་འཇིག་རྟེན་མཐུན་འཇུག་ཡིན། །མཐུན་འཇུག་རྩིག་པ་སྔར་ནས་བསྒྱེལ་ཟིན་ཀྱང༌། །འཇིག་རྟེན་སྐྱེ་བོ་ཐབས་ཀྱིས་གདུལ་སླད་དུ། །མཐུན་འཇུག་སྟོང་གི་རོལ་མོ་འབར་བ་འདི། །འཇམ་དབྱངས་བླ་མ་མཆོག་དེའི་སྤྱོད་ཡུལ་ཡིན། །ཛམ་བུའི་གླིང་ན་དུར་སྨྲིག་འཆང་བའི་གཙོ། །ཀུན་དགའ་བསྟན་པའི་རྒྱལ་མཚན་ཞེས་བྱ་སྟེ། །བཤད་དང་སྒྲུབ་པའི་མཛད་


TN00_Page_109B
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་སྣང་བ་ཆེས། །ཤིང་རྟ་ཆེན་པོའི་རྣམ་ཐར་གསར་དུ་སློང༌། །རྔ་ཡབ་གླིང་ན་རིག་འཛིན་སྒྲུབ་པའི་རྗེ། །མཚོ་སྐྱེས་བླ་མ་བློ་ལྡན་མཆོག་སྲེད་དེ། །ཞིང་སྔགས་ལྷན་སྐྱེས་དཔའ་མོ་འབུམ་ཕྲག་འབུམ། །ཟབ་གསང་བདེ་བ་མཆོག་གི་ཕྱག་རྒྱས་འདེབས། །རྒྱལ་བའི་མདུན་ན་རྒྱལ་སྲས་བྱེ་བའི་གཙོ། །རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་གཞོན་ནུ་སྟེ། །དག་དང་མ་དག་རྒྱལ་བའི་ཞིང་ཁམས་སུ། །རྒྱལ་བའི་སྲས་ཀྱི་སྤྱོད་ཡུལ་རྒྱ་མཚོ་སྟོན། །མདོར་ན་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་པ། །དཔའ་ཆེན་དེ་ཡི་ཡེ་ཤེས་དགྱེས་སྤྲིན་ཏེ། །སྲིད་དང་ཞི་བའི་ལེགས་ཚོགས་ཇི་སྙེད་ཀྱང༌། །བདག་ཉིད་ཆེ་དེའི་ཕྲིན་ལས་རྒྱ་མཚོ་ཡིན། །འཕགས་པའི་རྣམ་ཐར་བློ་ཡིས་མི་ཐུག་པ། །བརྗོད་ལ་སྟོབས་བཅུའི་དབང་ཕྱུག་ངལ་མཛད་ན། །རྨོངས་ཆེན་བདག་འདྲས་བརྗོད་དུ་ག་ལ་ནུས། །ཉུང་ངུའི་ངག་འདི་མོས་གུས་ཡིད་ཀྱིས་ཡིན། །དགེ་བ་དེ་ཡིས་མཐའ་ཀླས་སྲིད་པའི་འགྲོ། །རྗེ་བཙུན་ཁྱོད་ཞབས་ཕྱག་གིས་རབ་འདུད་པའི། །སྐལ་བཟང་མངོན་སུམ་གྱུར་ཏེ་ཚེ་རབས་ཀུན། །སྣང་ནས་སྣང་བ་བླ་མེད་བགྲོད་གྱུར་ཅིག །དཔལ་འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། །མཚན་གཞན་བློ་གྲོས་རྒྱ་མཚོ་དྲི་མ་མེད་པའི་འོད་ཅེས་བྱ་ཞིང༌། ཁ་ཅིག་ཏུ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་


TN00_Page_110A
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི་རྗེ་བཙུན་ཆེན་པོ་དེའི་ཡོན་ཏན་གྱི་ཕྱོགས་ཕྲ་བ་ལས་བརྩམས་པའི་གཏམ་འདིའང་མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཤལ་པ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་གང་དྲན་མྱུར་དུ་བྲིས་པ་དགེ་བར་གྱུར་ཅིག། ༈ །།དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་གསང་བ་ལ་སྔགས་པ་ཟབ་དོན་རྡོ་རྗེའི་ཀ་མ་ཀཱ། བླ་མ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཇམ་ཞིང་ཟབ་པ་མི་ཤིགས་ན་དའི་དབྱངས། །བདེ་ཆེན་མཁྱེན་བརྩེའི་ཉམས་བརྒྱར་འབར་བའི་དབྱིག །དབང་ཕྱུག་བརྒྱད་ལྡན་འོད་གསལ་སྒྱུ་མའི་སྐུར། །རྣམ་རོལ་དང་པོའི་མགོན་པོར་ཕྱག་བགྱིའོ། །རྣམ་མང་རྟོག་ཚོགས་མཚན་མའི་རྡུལ་ཁམས་བརྒྱ། །འོད་གསལ་ཞི་བ་དམ་པའི་ཆུ་མཐོང་ངོགས། །དེངས་པའི་ཟུང་འཇུག་ཉིན་མོའི་སྣང་བ་བཞིན། །དཀྱིལ་འཁོར་འཁོར་ལོའི་སྤྲོས་པ་འབུམ་དུ་འཇོ། །སྙིང་དབུས་གཞོམ་དུ་མེད་པའི་ཐིག་ལེ་ཆེར། །སྲོག་རྩོལ་ཉི་ཟླའི་འགྲོས་ཀྱིས་ཕྱག་བྱས་པས། །རྣམ་པར་མི་རྟོག་ཟབ་མོའི་མཆོག་བརྙེས་པ། །ཐམས་ཅད་སྟོང་པ་ཁྱབ་གདལ་ཆེན་པོའི་གཤིས། །གཟོད་ནས་རྣམ་ཐར་བཞི་ལྡན་གཉུག་མའི་དབྱིངས། །བདེ་དང་མི་བདེའི་མཚན་མ་ཉེར་ཞི་ཡང༌། །ལྷན་སྐྱེས་མི་འགྱུར་བདེ་བའི་སྒེགས་འཆང་བ། །བདེ་ཆེན་གནས་ནི་བསམ་པར་དཀའ་བ་ལགས། །སྒྲ་གཅན་རླུང་བརྒྱ་ཟོས་པའི་ཤུགས་ལྡང་བས། །རོ་དང་རྐྱང་མའི་


TN00_Page_110B
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་པ་ལྷོད་ལྷོད་དུ། །བཤིག་པའི་ཉམས་མྱོང་ཁོང་ནས་ཤར་བ་ན། །ངེས་དོན་གསང་བ་མཆོག་གི་དགྱེས་པ་མཐོང༌། །སྲིད་དང་ཞི་བ་རོ་མཉམ་དེ་ཁོ་ན། །ཤེས་དང་ཤེས་བྱའི་འཇུག་ལྡང་ཐིམ་པའི་དབྱིངས། །གཞི་རྫོགས་ཐིག་ལེ་ཆེན་པོར་འུབ་ཆུབ་པའི། །ཡེ་ཤེས་མཆོག་ནི་ཡེ་སྟོང་རྣམ་པར་སྟོང༌། །སྨྲ་བསམ་བརྗོད་དུ་མེད་པའི་དེ་བཞིན་ཉིད། །རྣམ་མེད་སྟོང་པ་ཉིད་ཀྱི་ཕྱག་རྒྱ་སྟེ། །བདེ་བ་གང་གིས་སྙོམས་པར་འཇུག་བཟོད་པ། །ཨེ་ཝཾ་མཉམ་པར་སྦྱོར་བའི་ཡེ་ཤེས་ཡིན། །སྣ་རྩེར་འབར་བའི་གཟུགས་ཅན་ཙཎྜ་ལི། །དཀྱིལ་འཁོར་བཅུ་ཡི་སྲོག་རྣམས་བཀུག་པའི་དབྱིག །རྣམ་པ་ཀུན་གྱི་མཆོག་ལྡན་ཕྱག་རྒྱ་ཆེར། །འཁྱིལ་བའི་བཙུན་མོ་མཆོག་གཅིག་ཁྱོད་ལ་མངའ། །ཕུལ་བྱུང་བཙུན་མོའི་སྒྱུ་མ་དེ་བརྙེས་པས། །ཉི་ཁྲི་ཆིག་སྟོང་རྡོ་རྗེ་ལུས་ཀྱི་ཆ། །འདོད་དགུར་ཐོས་པའི་ཡེ་ཤེས་མེ་ལྕེ་ཡིས། །ཧེ་རུ་ཀ་དཔལ་དགྱེས་པ་ཅི་སྟེ་མིན། །གང་དུ་ཉི་མ་ཟླ་བ་མི་རྒྱུ་ཞིང༌། །རྡོ་རྗེ་སྔགས་ཀྱི་འཇུག་པས་མ་བཟུང་བའི། །མུན་པའི་ལམ་དེ་སྣང་བར་དཀའ་བ་སྟེ། །ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ་བ་ལགས། །གཟུང་འཛིན་གཉིས་སྣང་སྤྲོས་པའི་རྫུན་རིས་ཀུན། །ཞི་བས་གཏད་མེད་ནམ་མཁའི་དབྱིངས་བཞིན་དུ། །ཀློང་ཆེན་བསམ་བརྗོད་མེད་པའི་ངང་གནས་པ། །ཡེ་ཤེས་དེ་ནི་ཤིན་ཏུ་ཡངས་པ་


TN00_Page_111A
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །དབང་ཡུལ་ཕུང་ཁམས་འདུས་པའི་ལྕགས་ནག་རྡུལ། །འདོར་བའི་ངལ་བརྒྱ་བསྟན་པ་མེད་བཞིན་དུ། །དག་བྱེད་བདེ་བ་ཆེན་པོའི་གསེར་འགྱུར་རྩི། །ཡེ་ཤེས་དེ་ནི་ཤིན་ཏུ་རྣོ་བ་ལགས། །བྱ་དཀའི་སྤྱོད་ལ་ཡུན་རིང་མ་བསྟེན་ཀྱང༌། །འདོད་པ་མཆོག་ལ་འཁོལ་བའི་དགའ་བ་ཡིས། །ཚེ་གཅིག་བླ་མེད་བདེ་བའི་མཆོག་སྦྱིན་པ། །ཡེ་ཤེས་དེ་ནི་ཤིན་ཏུ་མྱུར་བ་ལགས། །སད་མི་གཉིད་དང་འཛག་པའི་གནས་སྐབས་ཀུན། །སྒྲིབ་བྲལ་སྐུ་བཞིའི་ངོ་བོ་མངོན་བསྐྱེད་ནས། །སྒྱུ་འཕྲུལ་དྲྭ་བའི་རོལ་མོར་འབྱམས་ཀླས་པ། །ཡེ་ཤེས་དེ་ནི་ཤིན་ཏུ་མཛངས་པ་ལགས། །མདོར་ན་གྲངས་མེད་རྡོ་རྗེ་འཆང་རྣམས་དང༌། །བགྲང་ཡས་དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན། །ཡེ་ཤེས་སྒྱུ་མ་བདེ་བའི་ཐབས་ཆེན་པོ། །འདི་ཉིད་ཁོ་ནའི་ཡང་དག་བགྲོད་པ་ལགས། །དེ་སླད་དག་པ་རབ་འབྱམས་བརྟན་དང་གཡོའི། །ཆོ་འཕྲུལ་དངོས་བརྒྱ་གནང་བའི་གར་མཁན་མཆོག །དཔལ་ལྡན་བླ་མའི་ཡེ་ཤེས་གསང་བ་མཆོག །ཟབ་གསལ་གཉིས་མེད་དེ་ལ་ཕྱག་འཚལ་ལོ། །ཞེས་པའང་སྨྱོན་པ་འཇིགས་མེད་པས་མེ་ཁྱི་ཟླ་ཚེས་ཀྱི་ཉི་ཤར་ལ་བྲིས་པ་དགེ་ཞིང་བཀྲ་ཤིས།། །།


TN00_Page_112A
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །གང་གི་མཚན་ཡང་བསོད་ནམས་གཏེར། །རྣམ་ཐར་མཁས་པ་དགའ་བའི་དཔལ། །གསོལ་བ་བཏབ་ན་དངོས་གྲུབ་ཀྱི། །དགེ་ལེགས་ཀུན་འབྱུང་བླ་མ་རྗེ། །རིགས་ལས་བཙུན་པ་སྨུག་པོ་གདོང༌། །དེ་ཡི་ནང་ན་རྗེའི་རིགས་ཡ་རབས་དྲ་མའི་ཁྱིམ་དུ་འཁྲུངས། །བལྟམས་པའི་ལོ་ནི་ལྕགས་ཕོ་སྤྲེལ། །སྐུ་བོང་ཆེ་ལ་སྐྱེ་མཆེད་གཙང༌། ཁོ་ལག་ཡངས་ཤིང་ཉམས་སྟོབས་ལྡན། །དབུ་ནི་གདུགས་ལྟར་རྒྱས་པ་སྟེ། །རོ་སྟོད་སེང་གེ་འདྲ་བར་སྣང༌། །བློ་གསལ་སྨྲ་མཁས་སྙིང་སྟོབས་ཆེ། །དཔའ་ཞིང་བརྟན་ལ་བརྟུལ་ཕོད་པ། །དེས་ལ་ཤིན་ཏུ་གཞུང་རབ་བཟང༌། །སྙིང་རྗེར་ལྡན་ཞིང་ཆོས་ལ་དགྱེས། །དེ་ལྟར་ཡོན་ཏན་རང་བཞིན་གྱི། །དམ་པའི་རིགས་ཀྱི་པདྨ་དེ། །དང་པོར་རྡོ་རོང་རྫོགས་ཆེན་པའི། །གདམ་ངག་ཆུ་ཡིས་མང་དུ་གསོས། །དེ་ནས་མཁས་གྲུབ་གཞན་མང་བསྟེན། །འཕགས་བོད་པཎ་ཆེན་གཞུང་ལ་སྦྱངས། །དབང་ལུང་མན་ངག་བདུད་རྩི་ཡིས། །བུམ་པ་བཟང་པོ་འདྲ་བར་གྱུར། །སེམས་སྦྱོང་བདུན་དང་བསྐྱེད་རྫོགས་ལམ། ཁྱད་པར་འོད་གསལ་སྙིང་ཐིག་གི༌།རྣལ་འབྱོར་རྩེ་གཅིག་སྦྱངས་པའི་མཐུས། །ཟབ་མོའི་ཏིང་འཛིན་ལས་སུ་རུང༌། །བརྟུལ་ཞུགས་གྲུབ་པའི་ཁྱུ་རྒྱལ་དང༌། །ལྷན་ཅིག་རྡོ་རྗེའི་གནས་ཆེན་ཉུལ། །དཔའ་བོ་་བྱིན་རླབས་ཀྱི། །རྒུན་ཆང་འཐུང་བས་རྟག་ཏུ་བཟི། །སྲོག་ཐུར་དབུ་མའི་དབྱིངས་སུ་དེངས། །གཏུམ་


TN00_Page_112B
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་འོད་ཀྱིས་གཉིས་སྤང་ཁྱབ། །དཔྱིད་ཀྱི་དགའ་བ་མཆོག་ཏུ་རྒྱས། །ངེས་དོན་དབུ་མའི་བདེན་པ་གཟིགས། །བརྟན་གཡོ་མཐའ་དག་བདེ་བར་ཤར། །བདེ་ཆེན་རོལ་མོས་ཉིན་མཚན་འདའ། །སྡུག་བསྔལ་སྲིད་པའི་འཇིག་རྟེན་འདིར། །སེང་གེ་བཞིན་དུ་འཇིགས་མེད་རྒྱུ། །བཤད་པ་མཁས་ཤིང་རྩོམ་པ་བཟང༌། །དྲིས་ན་ཟབ་ཅིང་བརྟགས་ཐུབ་པས། །སྔགས་ཤེས་རིན་ཆེན་ཚོགས་ནང་ན། །བསྲེགས་བཅད་བདར་བའི་གསེར་དང་འདྲ། །འགྲོ་བའི་བླ་མ་འཇིག་རྟེན་མིག །ཨོ་རྒྱན་ཆོས་ཀྱི་དབང་པོ་སོགས། །སྐྱེས་མཆོག་མང་པོའི་བླ་མར་མཛད། །སྙིང་ཐིག་ཆོས་ཀྱི་སྡོང་པོ་ཡིན། །འོན་ཀྱང་སྦས་པའི་བརྟུལ་ཞུགས་བཟུང༌། ཁྱིམ་སྔགས་ཕལ་པའི་ཚུལ་དག་གིས། །མཐོང་ཐོས་འགྲོ་བའི་དོན་ཆེན་སྒྲུབ། །གཏིང་མེད་རྣམས་ལ་ཅ་ཅོ་ཉུང༌། །ལོ་ནི་བརྒྱད་ཅུ་རྩ་ལྔའི་བར། །སྐུ་ལུས་ཡང་ལ་སྙུན་དང་བྲལ། །དེ་ནས་འཇམ་དཔལ་མཚན་བརྗོད་གཞུང༌། །འདོན་བཞིན་ཞི་བའི་དབྱིངས་སུ་གཟིམ། །བདག་འདྲའནག་གྲུབ་པའི་ཧེ་རུ་ཀ་ཁྱོད་ཀྱི་ཞབས་རྡུལ་ལ་རེག་པས། །སྐལ་བཟང་སྙམ་ནས་དགའ་བ་སྐྱེས། །གུས་བཅས་ལན་བརྒྱར་ཐལ་མོ་སྦྱོར།། ༈ །།ཕྱི་ནང་རིག་གཞུང་རྒྱ་མཚོའི་ཕ་རོལ་སོན། །ཟབ་རྒྱས་གསུང་རབ་མང་པོའི་སྒྲོམ་གཅིག་གྱུར། །དབེན་པའི་གནས་སུ་སྐུ་ཚེ་སྒྲུབ་ལ་དྲིལ། །ཐུགས་དམ་ཞལ་གཟིགས་བྱང་ཆུབ་སེམས་གཉིས་འབྱོངས། །ཆོས་བརྒྱད་རོ་སྙོམས་སྦས་པའི་


TN00_Page_113A
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་མཛད། །སྡིག་སྤྱོད་ཡུལ་ཁམས་དཀར་པོའི་གླིང་དུ་བསྒྱུར། །བྱང་ཆུབ་སྤྱོད་པའི་ལམ་བཟང་ཕྱོགས་བརྒྱར་སྤེལ། །གསང་ཆེན་རྒྱུད་རྒྱལ་རྩེ་མོའི་བསྟན་སྲོག་བཟུང༌། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལ། །རྣམ་ཐར་དྲན་བཞིན་དད་པས་གསོལ་བ་འདེབས། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་ཟུངས། །གོང་མའི་བརྒྱུད་སྲོལ་ཟིན་པར་བྱིན་གྱིས་རློབས། །རང་གི་འདོན་རྒྱུར་བསྟན་པའི་ཉི་མས་བྲིས་པའོ།། ༈ །།རྒྱལ་བསྟན་མདོ་དང་སྔགས་ཀྱི་ལྟ་གྲུབ་གནད། །ཟབ་མྱུར་བློ་གྲོས་རྣོན་པོས་འབིག་པ་ལ། །གཞན་དྲིང་མི་འཇོག་མི་ཕམ་ཆོས་ཀྱི་རྗེ། །དྲི་མེད་རིགས་པའི་གཏེར་ཆེན་ཁྱོད་མིན་སུ། །རྟོག་གེའི་ལམ་གྱིས་ཐ་སྙད་འཇལ་བ་ན། །རྟོག་གེ་མཁན་པོ་ཕལ་དང་མི་མཚུངས་པའི། །རྟོག་གེའི་གསང་གཏམ་བརྟོལ་བའི་བློ་གྲོས་དང༌། །ལྷན་ཅིག་རིགས་པར་སྨྲ་བའི་གྲགས་སྙན་རྒྱས། །ཟབ་མོའི་ཆོས་ཉིད་གཞལ་ལ་ཞུགས་པ་ན། །ཚུར་མཐོང་བློ་གྲོས་ཉི་ཚེ་མ་ཡིན་པར། །ཡང་དག་ངེས་ཤེས་ཡངས་པོའི་ཐེམ་སྐས་ལ། །བསྟེན་ནས་མཐའ་བྲལ་གནས་ལུགས་ཇི་བཞིན་གཟིགས། །སྤྲོས་མེད་ཇི་ལྟའི་ཆོས་དབྱིངས་ལེགས་གཟིགས་པས། །སྤྲོས་བཅས་ལམ་གྱི་མདུད་པ་ཞིག་གྱུར་ཅིང༌། །བློས་བྱས་ཐེག་པའི་གནད་གསང་ཀུན་མཁྱེན་པས། །གླེན་སྒོམ་རྫོགས་ཆེན་སྒོམ་ལོར་ཁྱོད་མི་མཚུངས། །སྣ་ཚོགས་གྲུབ་མཐའི་ཚུལ་མང་ཐུགས་ཆུད་ནས། །གྲུབ་མཐའི་འདོད་བློ་ཞི་བའི་


TN00_Page_113B
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དབྱིངས་སུ། །རྩོལ་རྟོག་མེད་པའི་ཚུལ་གྱིས་སྙོམས་འཇུག་པས། །ཏརྐ་སྨྲ་བ་ཕལ་ཆེར་ཟིལ་གྱིས་མནན། །མཁས་པའི་ས་མཐོར་འཛེགས་པའི་ཆེ་རྣམས་ཀྱང༌། །ཡིད་གཉིས་སྤང་བ་མིན་པའི་རང་མཚང་བརྒྱ། །ངོམ་པའི་ཟབ་དོན་ས་འོག་གཏེར་འདྲ་བ། །དེ་ཀུན་ཁྱོད་ཀྱི་ཐུགས་ལ་ཉིན་བཞིན་གསལ། ཁྱོད་ཀྱི་རིགས་ཚུལ་གཅིག་ཙམ་རྟོགས་པས་ཀྱང༌། །ཟབ་མོའི་ཆོས་ཚུལ་སྒོ་བརྒྱ་ཅིག་ཆར་དུ། །འབྱེད་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པས། །སྐལ་བཟང་སྙིང་ལ་གཟུངས་སྤོབས་སྣང་བ་སྟེར། ཁྱོད་ཀྱིས་ལེགས་བཤད་འོད་སྣང་སྤྲོ་བ་ན། །བློ་ལྡན་བློ་ཡི་པདྨོ་འཛུམ་བྱེད་ཀྱང༌། །རྒོལ་ངན་འབྱུང་པོའི་བྱ་ཚོགས་ལྡོང་གྱུར་ཏེ། །རབ་དགའི་ཀུ་མུད་ཟླུམ་ཞིང་ཤིན་ཏུ་ཟུམ། །འཕགས་པའི་ཡུལ་ན་འཕགས་མཆོག་ཀླུ་སྒྲུབ་དང༌། །གངས་རིའི་ཁྲོད་ན་མི་ཕམ་ཆོས་ཀྱི་རྗེ། །ཐལ་འགྱུར་དབུ་མའི་དགོངས་དོན་སྨྲ་བ་ལ། །ཤིང་རྟ་ཆེན་པོར་བསྙོན་དང་བསླུ་བ་སྤངས། །དེ་སླད་བདག་ཀྱང་ཁྱོད་ཀྱི་རྣམ་ཐར་ལ། །གུས་པའི་ཉི་གཞོན་སྙིང་གི་ཀུན་གསལ་ལྟོར། །འཛིན་པའི་ངོ་མཚར་ཤིན་ཏུ་བསྙེན་བྱས་ཏེ། །སོར་མོའི་ཆུ་སྐྱེས་ཟུམ་ལ་གཅིག་ཏུ་ཕྱོགས། །ཞེས་པའང་འཇིགས་མེད་པས་ཇ་ཕོར་གང་བཏུང་བའི་ཡུན་ཙམ་ལ་བསམ་གཞིག་མེད་པར་བྲིས་པའོ།། །།ཨེན་ཨེན་དུས་ཀྱི་ཡུན་ལ། །མང་མང་ཆོས་སྒོ་འབྱེད་པའི། །མྱུར་མྱུར་བློ་གྲོས་མངའ་བ། །མཁས་མཁས་མི་ཕམ་ཆོས་རྗེ། །ཡང་ཡང་ཡིད་ལ་བྱས་ཏེ། །ཟླུམ་ཟླུམ་སྤྱི་བོའི་ཐིག་ལེར། །ཟུམ་ཟུམ་ཐལ་མོས་མཆོད་ཀྱི། །ཟབ་ཟབ་བློ་མཆོག་སྩོལ་ཤོག། །།


TN00_Page_114A
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་དམ་པ་གཉིས་ཀྱི་རྒྱལ་ཐབས་བདག །འཇིག་རྟེན་མགོན་ལ་དང་བས་ཕྱག་བགྱིས་ཏེ། །དེ་ཡི་བཀའ་སྡོད་ལེགས་ལྡན་ནག་པོ་ཆེའི། །ཞལ་ལ་བྱིས་པའི་བསྟོད་དབྱངས་མེ་ཏོག་འཐོར། ཁྲོ་གཉེར་རླབས་འཁྲུགས་རྒྱ་མཚོའི་ཀློང་ལྟར་གནག །མཚོ་དབུས་ཉི་མའི་གཟུགས་ཤར་འདྲ་བའི་སྤྱན། ཁྱོད་ཞལ་འཇིགས་རུང་ཉམས་བརྒྱར་འབར་ན་ཡང༌། །དངོས་གྲུབ་རིན་ཆེན་འབྱུང་བས་ཀུན་དགའི་གཞི། །རབ་ཁྲོས་འབར་བའི་གདོང་ཅན་ཉི་མའི་མིག །ཡོན་པོར་ལྟ་བས་དགྲ་སྡེ་སྲེག་བྱེད་ཅིང༌། །སྨིན་འཁྱོགས་མེ་འབར་གློག་འགྱུའི་ཕྲེང་བ་བཞིན། །དེ་མཐུས་ཕྱོགས་རྣམས་འོད་ཟེར་རྡུལ་ཆུ་འབྱུང༌། །ཚ་བསྲེག་རྣོ་བའི་གཟི་ལྡན་དམར་ཟླུམ་སྤྱན། །གཟིགས་པ་ཙམ་གྱིས་ལོག་འདྲེན་ཁྲོ་བོའི་དཔུང༌། །ཉི་མས་གདུངས་བསྐྱེད་མར་གསར་བཞིན་འཇུ་བས། །བདུད་ཀྱི་དགྲ་ཞེས་གྲགས་པའི་རུ་མཚོན་ཐོབ། །ཞགས་པས་མ་བཟུང་ཕུར་བུས་བཏབ་མིན་ཡང༌། །ཆེ་བར་སྙེམས་ཤིང་སྟོབས་ཀྱིས་དྲེགས་པ་བརྒྱ། །སྡང་མིག་ཟུར་གྱིས་ཕོག་པའི་མོད་ཁོ་ནར། །རི་མོའི་གཟུགས་བཞིན་གཡོ་བ་མེད་པར་འཆིང༌། ཁྲོ་གཉེར་བསྡུས་པའི་ཤངས་ཀྱི་རླུང་སྒྲོམ་ལས། །འཇིགས་པའི་ཧཱུྃ་སྒྲ་མི་བཟད་རབ་འབྱིན་པས། །རི་གླིང་རྒྱ་མཚོར་བཅས་པའི་ས་གཞིའི་ཁྱོན། །ཆུ་དབུས་རླུང་ཆེན་བསྣུན་པའི་གྲུ་བཞིན་གཡོ། །བགྲང་དུ་མི་སྤྱོད་གདུལ་གྱིས་མི་ལང་བའི། །སྲིད་གསུམ་


TN00_Page_114B
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་དུས་གཅིག་ཟ་བའི་ཁ། །དྲག་པོར་གདངས་འདིས་གདུལ་དཀའ་ཡོངས་འདུལ་བའི། ཁུར་ཁྱེར་རྣམས་ཀྱི་ཐུགས་ཁྲལ་ཆུང་ངུར་བཏུངས། །འུར་འུར་འབར་བའི་སྒྲར་བཅས་མེ་ལྕེ་ཡིས། །ཕྱེ་ལེབ་སྤྲང་བུའི་ཚོགས་རྣམས་ལེན་པ་བཞིན། །ཧཱུྃ་ཧཱུྃ་དྲག་པོའི་དབྱངས་ལྡན་དམར་མཉེན་ལྗགས། །བསྐྱོད་པས་ཕྱོགས་བཅུའི་དགྲ་བགེགས་ཟས་སུ་འགུག །སྲ་བརྟན་ཆེ་བ་རྣོ་དཀར་གཙིགས་པའི་ངོས། །བསྟན་དགྲའི་གསོན་ཁྲག་གོས་དམར་གྱོན་པ་ནི། །ཐུན་མཚམས་སྤྲིན་གྱིས་གཡོགས་པའི་གངས་རིའི་ཕྲེང༌། །བརྡབ་པས་གནམས་གཡོ་འཁྲུགས་སྟོན་པ་བཞིན། །རྔམས་ཞལ་འོད་ཀྱིས་དགྲ་སྲོག་གབ་པ་འབྱིན། །དབུགས་ཆེན་ཚ་བས་དགྲ་ཡུལ་མུན་པར་བྱེད། །ཕྲད་དང་ཟོས་པ་དུས་གཅིག་རྐན་སྒྲ་གཏོག །མ་རུངས་འཇིགས་བྱེད་འབྱུང་པོའི་རི་དྭགས་དགྲ། །གཡུལ་ལ་དགྱེས་ཤིང་དཔའ་བོའི་བཤུག་གླུ་ཡིས། །བསྐུལ་ཚེ་གཏུམ་ཆེན་དྲག་པོའི་ལྷ་དམག་ཚོགས། །མཚོན་ཆའི་འོད་ཀྱིས་ཉི་ཟླ་ཟིལ་གནོན་པ། །འཚུབ་པས་ནམ་མཁའི་ལམ་སྲང་བར་མེད་ཁྱབ། །དེ་མཐོང་རི་རབ་འགྲོས་ལ་ཕྱོགས་པ་བཞིན། །འགུལ་ཞིང་ལྷ་མིན་ཡུལ་གྱི་རྒྱལ་མཚན་རྣམས། །བརྒྱལ་བས་འགྱེལ་གྱུར་སྦྱིན་སྐྱེས་དགའ་མའི་འཁོར། །ཡུག་སའི་གནས་སྐབས་སེམས་ཤིང་དུད་མོ་ལྡིར། ཁམས་ནག་རལ་པ་བརྫེས་པའི་སྐྲ་གསེབ་ནས། །གློག་འགྱུ་ནམ་མཁའ་འགེང་བའི་མེ་སྟག་ཚོགས། །


TN00_Page_115A
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་དཀའི་འོད་དམར་འཚེག་ཅིང་དྲག་རྒྱུ་བས། །རྒྱུ་སྐར་གནམ་སྔོན་ཟབ་མོའི་བུག་རིང་བྱེར། །བདུད་སྡེའི་སྙིང་སྟོབས་བུད་ཤིང་ཟ་བའི་མེ། །བསྟན་དང་དེ་འཛིན་རྣམ་པར་རྒྱལ་བའི་དཔལ། །ས་གསུམ་དྲེགས་པའི་ཚོགས་རྗེ་ནག་པོ་ཆེ། །མ་མོའི་འཁོར་དང་བཅས་ལ་ཕྱག་འཚལ་ལོ།། ༈ །།ཧྲཱིཿ ཛ་ལནྡྷ་རའི་བ་གམ་ཏོག །བདེ་ཆེན་དངོས་གྲུབ་རྒྱུན་འབེབས་པ། །འཆི་མེད་ཟླ་བའི་ལང་ཚོ་ཅན། །པདྨ་འབྱུང་གནས་ལ་ཕྱག་འཚལ། །སྟོང་ཉིད་ཕག་མོའི་བདེ་ཀློང་དུ། ཁམས་ལྔ་དག་པའི་ཤེས་རབ་ཆ། །བུད་མེད་སྒྱུ་མའི་དབྱིབས་གཟུགས་སུ། །རྣམ་འཕྲུལ་མཁའ་འགྲོ་ལྔ་ལ་འདུད། །ཀུན་རྟོག་ཟོས་པའི་ཙཎྜ་ལིས། །དཔྱིད་ཀྱི་སྤྲིན་སྒྲ་སད་པ་ལས། །ལྷན་སྐྱེས་ཉམས་བརྒྱར་རོལ་བ་མོ། །དབྱིངས་ཆེན་རྨ་བྱའི་རྒྱལ་མོ་ལྔ། ཁྱོད་ནི་ཆགས་མཆོག་པདྨའི་ཞིང༌། །ཟླ་ཞུན་ཁ་བའི་གོས་ཅན་གྱི། །རྡོ་རྗེ་ཕུང་པོའི་བོད་ལྗོངས་སུ། །ལས་རླུང་འགོང་པོ་འདུལ་བྱེད་ཅིང༌། །མཐར་འཛིན་མུ་སྟེགས་རྒྱུ་བ་གཅོད། །ཡེ་ཤེས་དྭངས་མའི་ལོངས་སྤྱོད་ཀྱིས། །འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་པས། །བཀྲ་ཤིས་ཚེ་རིང་མཆེད་ལྔར་གྲགས། །མི་ཕྱེད་མ་དང་ཕྲ་གཟུགས་སོགས། །གནས་ཡུལ་མ་མོ་མཁའ་འགྲོའི་སྤྲིན། །ཐིག་ལེ་རླུང་གི་གཟུགས་ཅན་མ། །ཀུན་ཀྱང་ཁྱོད་ཀྱི་རྣམ་འགྱུར་དང༌། །སྣ་ཚོགས་ལས་སྒྲུབ་ཕྱག་བརྙན་འཁོར། །


TN00_Page_115B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འགྲོའི་ལུས་ངག་ཡིད་གསུམ་གྱི། །སྣང་དང་མི་སྣང་ཕྱེད་སྣང་གྲོང༌། ཁྱབ་པར་ཉུལ་ཞིང་ཀུན་དབང་སྒྱུར། །ཀུན་རྫོབ་སྤྲོས་པའི་འཛུམ་དཀར་བརྒྱས། །འཇིག་རྟེན་མིག་སྒྱུར་རྩ་རླུང་གི༌།སྨན་མོའི་གྲོང་ཁྱེར་ཇི་སྙེད་ཀྱང༌། །དོན་དམ་སྤྲོས་མེད་ནམ་མཁའི་སྐུ། །འོད་གསལ་དབྱིངས་ལྔར་རྣམ་དག་སྟེ། །ཨ་ཝ་དྷུ་ཏི་མཐོན་མཐིང་གངས། །ཤེལ་དཀར་རྩ་ཡི་ཕོ་བྲང་ཆེར། །བདེན་གཉིས་མ་མོ་ཐ་མི་དད། །མཐར་ཐུག་ཉི་མའི་འཕོ་བ་རྣམས། །འགྱུར་མེད་དབྱིངས་སུ་རྒྱས་ཐེབས་པས། །ཕྱི་ནང་གཞན་གསུམ་དབུ་མར་འདྲེས། །གངས་ཆེན་རྒྱལ་མོས་ཕྱོགས་དུས་ཁྱབ། །བདེན་དོན་རྣམ་པ་བཅུ་གཉིས་ཀྱི། །བསྟན་སྐྱོན་ཡ་མ་ཆེ་རྣམས་ཀྱང༌། །མཆོག་བདེའི་ལང་ཚོ་གང་བ་མོ། ཁྱོད་ཀྱི་ཡོངས་འགྱུར་དག་པ་ལགས། །དེ་སླད་རླུང་སེམས་འཕོ་བའི་ཆ། །དབྱིངས་ལྔ་མི་ཕྱེད་ཀ་དག་ཀློང༌། །བདེ་ཆེན་ཐབས་ཀྱིས་བསྡམས་པ་ལས། །སྣང་སྲིད་མ་མོའི་སྲོག་ཏུ་འདྲེས། །མ་མོ་རང་སེམས་གཉུག་མར་བསྟིམ། །ཉག་གཅིག་ཐིག་ལེ་ཆེན་པོའི་ཀློང༌། །གདོད་མའི་རྒྱལ་སྲིད་དབང་བསྒྱུར་ཏེ། །དོན་གཉིས་བསམ་པ་ལྷུན་གྲུབ་ཤོག །ཅེས་པའང་སྐྱབས་རྗེས་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འདི་འདྲ་ཞིག་བྲིས་ཞེས་གནང་རྟེན་བཅས་བཀའ་ཕེབས་པ་ལྟར་བསྟན་པའི་ཉི་མས་སྦྱར་བ་དགེ་ཞིང་བཀྲ་ཤིས།། །།

གསུང་མགུར་ཕྱོགས་བསྡུས།


TN00_Page_116A
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ་སྐལ་ལྡན་ཤིང་རྟའི་ཆུ་འགྲམ། །སྐལ་བཟང་གྲོང་གི་ཉེ་འདབས། །ཉམས་དགའ་ལུམྦི་ནི་ཡི་ཚལ་དེར། །ཟས་གཙང་རིགས་ཀྱི་པདྨོ་བཞད་དོ། །དེ་ཚེ་འཇིག་རྟེན་གསུམ་གྱི་ཁོངས་འདི། །ལྷ་ཀླུ་མི་གསུམ་དགའ་བའི་ཅ་ཅོས། །གླུ་ཡི་འདུན་ཁང་ལྟ་བུར་གྱུར་ཏེ། །དམྱལ་ཁམས་སྡུག་བསྔལ་མེ་ཡང་ཞི་སྐད། །ང་ནི་ས་གསུམ་འགྲོ་བའི་མིག་ཅེས། །འཇིགས་བྲལ་ཚངས་པའི་དབྱངས་ཀྱི་ང་རོས། །སྟོང་གསུམ་དཀྱིལ་འཁོར་མ་ལུས་བཀང་ཚེ། །འོན་པ་རྣམས་ཀྱང་རྣ་བ་དག་གོ་བཙོ་སྦྱངས་གསེར་ཞུན་ལྟ་བའི་འོད་ཀྱིས། །མཁའ་ལྟར་ཡངས་པའི་ཞིང་ཀུན་གཡོགས་ཏེ། །དམུས་ལོང་མུན་པའི་སྐྱེ་གནས་རྣམས་ཀྱང༌། །དེ་ཚེ་མིག་དང་སྣང་བ་རྙེད་དོ། །བགྲང་བྱ་སུམ་སྟོང་ཉེ་བའི་ཁོངས་འདིར། །དེ་ལྟའི་ཡ་མཚན་གཞལ་མེད་བྱུང་ཡང༌། །ཆ་ཙམ་མཐོང་ཐོས་ཡུལ་གྱི་སྐལ་བར། །མ་ཐོབ་བདག་འདྲ་དེ་ཚེ་གར་སོང༌། །མགོན་པོ་གཞོན་ནུའི་རོལ་རྩེད་མཛད་ཅིང༌། །བཙུན་མོའི་འཁོར་དབུས་སྒྱུ་མ་སྟོན་དང༌། །དཀའ་སྤྱད་བྱང་ཆུབ་ཤིང་དྲུང་གཤེགས་པའི། །གནས་སྐབས་ཀུན་ཏུ་ཉིན་རེ་ཞིང་ཡང༌། །ཕྱོགས་བཅུའི་ཞིང་ནས་གྲངས་མེད་གདུལ་བྱ། །འཕགས་ཡུལ་རིགས་བཞི་མི་ཡི་ནང་དུ། །བདུད་རྩི་སྦྱིན་པའི་མགྲོན་ལ་བསོགས་ནས། །ས་འདི་དེ་འདྲའི་འཁོར་གྱིས་གང་སྟེ། །ཀྱི་ཧུད་དེ་ཚེ་དབུས་འགྱུར་ཚལ་གྱི། །གནག་རྫི་ཐ་ཤལ་ཙམ་དུ་སྐྱེ་བའི། །སྐལ་བ་མ་གཟིགས་


TN00_Page_116B
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་གོང་བུ། །བདག་འདྲ་མི་རུ་རློམ་སྟེ་ཅི་རུང༌། །སྐྱེས་མཆོག་བྱང་ཆུབ་བླ་མེད་བརྙེས་ནས། །ཕྱོགས་བཅུར་གདུལ་བྱ་རེ་རེའི་ཕྱིར་ཡང༌། །ཐོགས་མེད་རྫུ་འཕྲུལ་རྐང་པའི་ཤུགས་ཀྱིས། །སྐྱོ་དུབ་ངལ་བ་མེད་པར་གཤེགས་ཏེ། །བདག་འདྲ་འདི་ན་མ་བརྒྱུད་བྱ་བ། ཁམས་གསུམ་ཀུན་ཏུ་ཡོང་ཡེ་མེད་ཀྱང༌། །སྡིག་འཕྲོག་འཁོར་ལོ་མངའ་བའི་ཕྱག་དེར། །ཐེང་གཅིག་མ་བཏུད་སྐལ་པ་ངན་ནོ། །དྲི་མེད་ཟླ་ཞལ་དེ་ཡི་སྤྱན་སྔར། །གླེན་ལྐུགས་དུད་འགྲོའི་རྟེན་ལ་ཕྱིན་ཡང༌། །འདི་ལྟར་རྣམ་མང་རྒུད་པའི་རྒྱ་མཚོར། །བྱིང་སྟེ་མི་མཆི་རྟ་དབྱངས་བཞིན་ནོ། །འོན་ཀྱང་བདག་དང་བདག་འདྲ་དུ་མ། །ཐུབ་པའི་སྐུ་ཚེ་སྔ་མར་བསྡུ་བཞིས། །མགྲོན་དུ་བོས་པའི་འཁོར་ལ་གཏོགས་ཕྱིར། །དེ་ཡི་ཚེ་ཡང་འབངས་སུ་དགོངས་མཆི། །རིང་ནས་ལས་ཀྱི་ཆུ་བོས་ཁྱེར་ཡང༌། །དྲང་སྲོང་སྨོན་ལམ་ཞགས་པས་བརྟོད་ཕྱིར། །རྒྱལ་བསྟན་ལྔ་བརྒྱ་ཕྱི་མའི་དུས་མཐར། །གསུང་རབ་རིན་ཆེན་གླིང་དུ་འཐོན་བྱུང༌། །ཕན་མཛད་ཆོས་ཀྱི་ཕྲིན་བསྐུར་མང་པོ། །སློབ་དཔོན་ཀླུ་སྒྲུབ་ཞལ་སྒོ་བརྒྱུད་ནས། །མཐར་གྱིས་རྗེ་བཙུན་བླ་མའི་དྲིན་ལས། །ཡིད་དང་རྣ་བའི་བདུད་རྩིར་རྙེད་དོ། །དེ་ཚེ་དགའ་སྐྱོ་འདྲེས་མའི་ཉམས་ཀྱིས། །ཀྱེ་མའོ་ཐུགས་རྗེ་ལྡན་པའི་སྟོན་པ། །འདི་ལྟར་འཕྲིན་ཙམ་ཤུལ་དུ་བཞག་ནས། །གར་བཞུད་སྙམ་སྟེ་མཆི་མ་བློག་གོ །ས་སྟེང་ཆོས་ཀྱི་སྣང་བ་འགྱེད་པའི། །བསྟན་འཛིན་ཉི་ཟླའི་ཕྲེང་


TN00_Page_117A
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕལ་ཆེར། །དུས་ཀྱི་རིམ་པས་ཞི་བར་གཟིམས་ཏེ། །ཆོས་མིན་འབྱུང་པོའི་བྱ་རྣམས་དགོད་འདུག །སྟོན་པའི་ལེགས་གསུང་ནོར་བུའི་སྒྲོམ་ཆེན། །ནགས་མཆོག་གང་དུ་ཐོག་མར་ཕྱེ་བའི། །དྲང་སྲོང་ལྷུང་བའི་ནགས་ཚལ་དེ་དང༌། །རི་དབང་བྱ་རྒོད་ཕུང་པོ་དེ་ཡང༌། །དགའ་སྟོན་ཟིན་པའི་སྐྱེད་ཚལ་བཞིན་དུ། །ཧ་ཅང་ཉམས་སུ་དགའ་རྒྱུ་མེད་དེ། །སངས་རྒྱས་རྗེས་དྲན་མཚན་མ་ཕལ་ཆེར། །སྐྱོ་ཤས་སྐུལ་བའི་ཕོ་ཉར་སོང་འདུག། དཀར་པོའི་ཆོས་དང་དེ་ཡི་འབྲས་བུ། །དགའ་དང་སྐྱིད་པའི་དངོས་པོ་གང་མཐོང༌། །སྟོན་པའི་བཀའ་དྲིན་ཁོ་ནར་ངེས་པས། །དེས་ཀྱང་རྒྱལ་བ་ཉག་གཅིག་དྲན་ནོ། །འཇིགས་རུང་སྙིགས་མའི་སྤྱོད་ཚུལ་རྣམས་དང༌། །སྡུག་བསྔལ་མང་པོས་ཡིད་རབ་བྱུང་ཚེ། །བློ་གཏད་གཞན་ན་མེད་པར་ངེས་པས། །དེས་ཀྱང་སྟོན་པའི་རྣམ་ཐར་དྲན་ནོ། །མང་དུ་དྲན་ཡང་ཀུན་རྟོག་རི་མོ། །དུས་ཀྱང་རང་ཉིད་གདུངས་བ་ཙམ་ལས། །མཚན་དཔེའི་མཆོད་སྡོང་བལྟར་ནི་མི་སྣང༌། །ཀྱི་ཧུད་མི་བཟད་ལས་ཀྱི་མུན་པ། །དེ་ལྟར་རང་རྒྱུད་ཆོས་ཀྱི་སྒྲིབ་པས། །བསླད་ཕྱིར་སྔོན་གྱི་སངས་རྒྱས་རྣམས་དང༌། །གང་གིས་བདག་ཅག་ཕྱག་མཚན་བཞེས་པའི། ། སྐྱེས་མཆོག་དེ་ཡང་མ་མཐོང༌། །ད་དུང་རང་གི་སྤྱོད་ལ་བལྟས་ཚེ། །བྱས་ཚད་ཆོས་སྤང་མིན་པ་མི་འདུག །དེ་ཕྱིར་མ་བྱོན་སངས་རྒྱས་རྣམས་


TN00_Page_117B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །དེ་འདྲར་འགྱུར་དོགས་གདུངས་བ་སྐྱེའོ། །ཚུལ་འདི་བསམས་ཤིང་སྐྱེ་བ་ཀུན་ཏུ། །སྐད་ཅིག་ཙམ་ཡང་དམ་པའི་ཆོས་ལ། །ལོག་སྒྲུབ་མི་བྱེད་བསམ་སྦྱོར་གཙང་མས། །རྒྱལ་བ་དགྱེས་སྐྱེད་སྨོན་ལམ་འདེབས་སོ། །སྟོབས་བཅུ་མངའ་བའི་རྗེས་སུ་བསམས་ཏེ། །མཆི་མ་བླག་པའི་སྨྲེ་སྔགས་འདི་ཡིས། །སྔོན་བསགས་ཆོས་ཀྱིས་ཕོངས་པའི་སྒྲིབ་མུན། །མཐའ་དག་ཡུད་ལ་བྱང་བར་གྱུར་ཅིག །བརྩེར་བཅས་བདེན་པ་གསུང་བ་དེ་ཡིས། །མ་བྱོན་རྒྱལ་རྣམས་ང་ཡི་མཛའ་ཟླ། །ང་ལ་རྩེ་གཅིག་དད་པར་བྱོས་དང༌། །མཛའ་བོའི་ཚོགས་ལ་བཅོལ་གཏམ་བགྱི་ཡིས། །ཞེས་གསུངས་བཀའ་འདི་རྣམ་པ་གཞན་དུ། །མི་འགྱུར་སྙམ་ནས་རེ་བའི་མིག་ཡངས། །ཟླ་མེད་སྟོན་པ་ཁྱོད་ལ་གཏོད་ཀྱིས། །ཐུགས་རྗེའི་རྒྱ་མཚོ་བཏང་སྙོམས་མ་བཞུགས། །བྱང་ཆུབ་བར་གྱི་ཚེ་རབས་ཕྲེང་བར། ཁྱོད་ཀྱི་ཡོངས་རྫོགས་བསྟན་པའི་མཛོད་ཁང༌། །དངོས་པོ་ཀུན་གྱིས་ལེགས་པར་བཟུང་སྟེ། ཁྱོད་མཉེས་འབའ་ཞིག་བྱེད་པར་ཤོག་ཅིག །སྟོན་པ་མཉམ་མེད་་རྒྱལ་པོ་རྗེས་སུ་དྲན་པའི་སྨྲེ་སྔགས་ཀྱི་གདུང་དབྱངས་དོན་དང་ལྡན་པ་ཞེས་བྱ་བ་བསྟན་པའི་ཉི་མས་མཛེས་བྱེད་ཆུ་སྟོད་ཟླ་བའི་རྒྱལ་བ་དང་པོའི་ཉིན་སྦྱར་བ་འདིས་ཀྱང་སྐྱེ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པས་རྗེས་སུ་དགོངས་པར་གྱུར་ཅིག་གུ།། ༈ །།ངོ་མཚར་ལ་ཨ་ཧོ། །འགྲོ་དྲུག་སྲིད་པའི་རྒྱལ་ཁམས་ཡངས་པོར། །ངེས་མེད་རྒྱུ་བའི་སྤྲང་རྒན་སྨྱོན་པ། །མི་སྲིད་དགུ་སྲིད་ལས་ཀྱི་


TN00_Page_118A
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ། །མ་མཐོང་བྱ་བ་གཏན་ནས་མེད་དེ། །སངས་རྒྱས་གསུང་རབ་ཉི་མའི་འོད་ཀྱིས། །སྐལ་བཟང་ཀུན་དགའི་པདྨོ་ཕྱེ་བའི། །ཞིང་བཟང་འདི་འདྲར་སླེབས་ཅིག་མ་མྱོང༌། །ད་རེས་སླེབས་པ་སྐྱིད་པའི་དགའ་སྟོན། །སྨག་རུམ་དམྱལ་བའི་གནས་ནས་འཐོན་ཏེ། །ལན་ཅིག་ས་སྟེང་ཕྱིན་སྙམ་ཙ་ན། །སྤྱན་རས་གཟིགས་ཀྱི་ཞབས་སེན་དྲུང་ན། །མིག་འབུར་ཧྲིག་གེར་སླེབས་ནས་གདའ་འོ། །གླེན་ལྐུགས་ངན་འགྲོའི་ཡུལ་གྱི་སེམས་ཅན། །ད་ལྟ་འཕགས་པའི་སློབ་འབངས་ནང་ན། །ཆོས་ཀྱི་དགའ་ཉམས་བསྐྱང་ནས་བསྡད་ཡོད། །ཨ་ཧོ་འདུས་བྱས་འདི་ཡི་འགྱུར་བ། །རྗེ་བཙུན་ཐུགས་རྗེའི་བུམ་པ་བཟང་པོར། །འཇུས་ནས་སྨོན་ལམ་དཀར་པོ་བཏབ་ཟིན། །ད་དུང་བདེ་ནས་བདེ་བར་ལོས་འགྲོ། །སྐྱིད་དོ་སྙམ་ནས་དགའ་བྲོ་འཁྲོབ་དང༌། །བསགས་པ་དོན་ལྡན་ཐེག་མཆོག་ལོངས་སྤྱོད། །ད་ལྟ་འདི་ཡོད་སྙམ་པ་མེད་དེ། །རེ་ལྟོས་མི་བསླུ་ཁོང་ལ་བསྟེན་ནས། །རང་སྐལ་མི་འཆད་གདེངས་ཤིག་ཡོད་དོ། །ལས་ཀྱི་རྒྱ་མཚོར་ཉ་ལྟར་འགྱུ་ཡང༌། །འཕགས་མཆོག་སྐྱབས་སྦྱིན་ཕྱག་རྒྱའི་ལྕགས་ཀྱུར། །ལེགས་སྨོན་སྲད་བུས་སྦྲེལ་བའི་ཉ་ཆུང༌། །ཆུ་གནས་གཞན་དང་ཡུན་རིང་མི་འགྲོགས། །ཨ་ཧོ་ལྔ་བདོའི་སྙིགས་མའི་མི་ནང༌། །སྐྱིད་བྲོ་བརྡུང་དང་འཇིགས་མེད་སྨྱོན་པ། །འདམས་ཀྱི་ནང་ན་འཛུམ་དཀར་ཤིགས་སེ། །པདྨ་དཀར་པོའི་ལད་མོ་ཁྱོགས་དང༌། །དགུན་གྱི་ཡུལ་ངན་ཞིག་གི་རྐྱེན་དབང་དང་འགྲོགས་པས་ཤེས་པ་སྐྱོ་བ་ན་ཨ་མཚར་དུ་བྲིས་པ་ཡིན་ནོ། །དགེའོ། །


TN00_Page_118B
[མ་དཔེ་གཟིགས་ན་འདིར་གནོན།]

༈ །ཨ་ཧོ། །ནམ་མཁའི་རྣལ་འབྱོར་ཆེན་པོ་གཉུག་མའི་དབྱིངས་སུ། །ལྷུན་གྲུབ་གཞོན་ནུ་བུམ་པ་འོད་ཀྱི་ལུས་ཅན། །ཟུང་འཇུག་ཐོག་མའི་སངས་རྒྱས་མཁྱེན་བརྩེའི་འོད་ཟེར། །མི་འབྲལ་སྙིང་དབུས་པདྨོར་ངལ་འཚོ་མཛོད་ཅིག །ངེད་ཅག་བརྒྱུད་པ་བཟང་པོའི་བུ་ཆུང་གཞོན་ནུ། །རྟོགས་པའི་རྩལ་ཤུག་རྫོགས་པ་རེ་ཞིག་མེད་ཀྱང༌། །ཕ་མེས་རིག་འཛིན་བརྒྱུད་པའི་ཤུལ་ལམ་མཐོང་བས། །ད་ནི་ཐེག་མཆོག་རྒྱལ་པོས་ཡིད་ཁ་གང་ཡོད། །ཐེག་པའི་ནང་ན་མཐོ་བ་ཨ་ཏི་ཡོ་ག༌།ཐབས་ཀྱི་ནང་ན་བདེབ་སྒོམ་མེད་ཅོག་བཞག །བྱུང་རྒྱལ་ཉམས་ཀྱི་ངང་ནས་སྣང་བ་གདོང་འདེད། །ད་ནི་ཅི་ཡང་མི་འདོད་རོ་ཉལ་རྒྱག་འདོད། །དཔྱད་ཀྱང་བཞག་སོ་མི་རྙེད་རྟོག་པ་ཉིད་འཁྲུལ། །བལྟས་ཀྱང་བལྟ་ཡུལ་མི་མཐོང་རྟེན་མེད་གནས་མེད། །ལྟ་བ་བྱར་མེད་ངང་དུ་སྒོམ་པ་རང་བཞག །ད་ནི་བྱ་བ་བློས་བཏང་གཅིག་པུར་ཉལ་འདོད། །ངོ་བོ་ཀ་དག་ཟེར་ཡང་དག་པས་མི་ཚིམ། །གཞི་གྲོལ་གཉུག་མ་ཟེར་ཡང་གྲོལ་སར་མི་འཇོག །རྟོགས་ལྡན་འུད་ཀྱིས་བསླུས་པ་མང་ཞིག་མཐོང་བས། །ད་ནི་འགྲིགས་འགྲིགས་ཡིན་ཡིན་སྨྲ་སྙིང་མི་འདོད། །དག་པ་ཀ་ནས་དག་སྟེ་ཡང་དག་མི་དགོས། །གྲུབ་པ་ལྷུན་གྲུབ་ཡིན་ཏེ་ད་གྲུབ་ཅི་བགྱི། །བསལ་བཞག་སེམས་ཀྱི་སྤྲོས་པ་ཤིགས་སེ་ཐོངས་ལ། །ད་ནི་གནས་ལུགས་ངང་ལ་ལྷོད་དེ་སྡོད་འདོད། །བྱ་རྩོལ་སྤྲོས་པའི་ཞེན་འཛིན་ཡིད་ཀྱི་འཆིང་ཐག །རྩོལ་མེད་ཐ་མལ་སྡོད་པ་འཁྲུལ་བའི་ཡོ་ལང༌། །རྩོལ་དང་མི་རྩོལ་ཟེར་


TN00_Page_119A
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྟོག་པའི་རྫུན་རིས། །ད་ནི་གཏད་མེད་ངང་ལ་གང་དགར་ཉལ་འདོད། །སྣང་བ་ཕྱིན་མེད་དེ་ཆོས་སྐུའི་རིག་གདངས། །སྟོང་པ་ནང་ན་མེད་དེ་མཉམ་ཉིད་ཁྱབ་གདལ། །ཟང་ཐལ་ཕྱི་ནང་མེད་པའི་ཡིན་ལུགས་ཤེས་ནས། །ད་ནི་མི་སྤྲོ་མི་བསྡུ་ཙོག་གེར་སྡོད་འདོད། །ཟབ་མོ་རིག་པ་རྣོ་ཡང་ཕིག་ས་མི་འདུག །གནས་ལུགས་ཐོས་པ་མང་ཡང་གོ་མཁན་དཀའ་བས། །གཉུག་མ་ཚིག་གིས་མཚོན་དུས་ཡོད་ཡོད་མི་འདྲ། །ད་ནི་རྟོག་གེ་གོག་པོའི་སྤྲོས་པ་གཅོད་འདོད། །གཞུང་བརྒྱ་སྤུ་རིས་འབྱེད་པའི་བརྗོད་སྒྲོས་མེད་ཀྱང༌། །རང་བཞག་ཡངས་པ་ཆེན་པོའི་ལྟ་སྟངས་གཅིག་གིས། །སྤྲོས་པའི་གྲྭ་ཟུར་འབུམ་ཕྲག་གཅིག་ཆར་ཆོད་ན། །ཐ་སྙད་ཚིག་སྐམ་མུར་བ་འགྲམ་པའི་གཅོག་རྡོ། །ཚེ་གང་ཆོས་ར་འགྲིམས་ནས་འཆི་ཁ་ལག་སྟོང༌། །མགོ་ཐོད་སྒོམ་ལ་བཞག་ནས་སྐྱེ་ཤིའི་ཁ་བརྒྱུད། །དེ་དང་དེ་འདྲའི་ངལ་བ་འབྲས་མེད་བཞག་ནས། །གདོད་མའི་ནང་དབྱིངས་ཆེན་པོར་སིབ་ཀྱིས་འཇུག་འདོད། །འཁོར་བ་སྡུག་བསྔལ་ཟེར་ཡང་རྟོག་པའི་རང་མདངས། །ཞི་གྱུར་མྱང་འདས་ཟེར་ཡང་སེམས་ཀྱི་ཆོས་ཉིད། །འཁོར་འདས་རིག་དང་མ་རིག་ལག་པའི་ལྟོ་རྒྱབ། །འཆི་མེད་བྱང་ཆུབ་ཞི་བ་ཐག་རིང་མི་བཞུགས། །སྒྲིབ་བྲལ་དབྱིངས་རིག་དབྱེར་མེད་གཉུག་མའི་གཞི་ཀློང༌། ཁམས་གསུམ་རྟོག་པའི་འཇུག་ལྡང་ཤུགས་ཀྱིས་དེངས་པས། །ཀློང་ཆེན་ཡེ་ཤེས་དམ་པའི་མེ་ལོང་གཅིག་ཏུ། །ཆོས་ཀུན་མཉམ་པར་ཟླུམ་པ་


TN00_Page_119B
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་གྱི་སྐྱེལ་སོ། །ཨ་ཧོ་དགའ་བོ་སྐྱིད་དོ་རྡོ་ཤོད་སྨྱོན་པ། །ཕ་གཅིག་ཀུན་མཁྱེན་བརྒྱུད་པའི་གཞུང་ལུགས་མཐོང་ནས། །ཚུར་མཐོང་བྱིས་པའི་ངག་ལ་དགའ་བ་མི་སྐྱེ། །ཐེག་མཆོག་རྫོགས་ཆེན་བསམ་ན་ཁྱད་ཆོས་འདུག་གོ །དེ་སླད་རྟེན་འབྲེལ་བཟང་པོའི་ཁ་གཡང་བོས་པས། །གནས་སྐབས་རིག་འཛིན་དགྱེས་པའི་འཛུམ་དཀར་མཐོང་ཞིང༌། །མཐར་ཐུག་ཁྱད་ཆོས་དྲུག་ལྡན་གདོད་མའི་དབྱིངས་སུ། །འོད་གསལ་མ་བུ་འདྲེས་པའི་དགའ་སྟོན་ཞུའོ། །ཞེས་པའང་རྡོ་རོང་གི་སྨྱོན་པ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་སྨྱོན་ཚིག་རྐང་པ་དུམ་ཆོད་བྱས་པ་དགེ་ཞིང་བཀྲ་ཤིས།། ༈ །།ཞིང་རབ་འབྱམས་རྒྱལ་བའི་ཡེ་ཤེས་ཀྱི་སྣང་བརྙན། །མ་འགྲོ་བའི་སྐྱབས་གཅིག་རྗེ་བཙུན་གྱི་བླ་མ། །ཐུགས་ཡེ་ཤེས་གཟིགས་པའི་བྱིན་རླབས་ཀྱི་འཇུག་པས། །སྤྲང་བདག་གི་བློ་སྣ་ཆོས་ཕྱོགས་ལ་བསྒྱུར་མཛོད། །དུས་བསྐལ་མང་བསགས་པའི་ལེགས་བྱས་ཀྱི་མཐུ་ལས། །ཆོས་བཅུ་གཉིས་ཚང་བའི་མི་ལུས་ཞིག་རྙེད་ཀྱང༌། །འདི་རྙེད་པར་དཀའ་བའི་གནས་ཚུལ་ལ་རྨོངས་པའི། ཁོང་སྟོང་ལོག་མཁན་གྱི་རྣལ་འབྱོར་དེ་ཨེ་གཟིགས། །མི་མཁས་པར་གྲགས་པའི་དཔྱོད་ལྡན་གྱི་སྐྱེ་བོ། །ནོར་ཆོས་བརྒྱད་སྒྲུབ་པའི་གསོག་འཇོག་ལ་མཁས་ཏེ། །ཚེ་ཕྱི་མར་འགྲོ་དུས་གྲོ་རྒྱགས་ཤིག་མེད་ན། །སྐྱས་ཆེན་པོ་འདེགས་དུས་ཅི་འདྲ་ཞིག་ཡིན་ཨང༌། །ནོར་འབྱོར་པ་རྒྱས་པའི་སྟོན་ཆེན་གྱི་བླ་མ། །ཞལ་ཇ་ཆང་བཏུང་བའི་དགའ་སྟོན་ལ་རོལ་ཞིང༌། །ཐུགས་ང་རྒྱལ་ཆེན་པོའི་ཏིང་


TN00_Page_120A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱིས་དགྱེས་པའི། །ཚུལ་འདི་འདྲ་སྙིགས་མའི་ཕོ་ཉ་རུ་འདུག་གོ །གནས་རྒྱལ་ཁམས་འགྲིམས་པའི་རྟོག་ལྡན་གྱི་རྣལ་འབྱོར། །སྤྱན་སེང་གེའི་ལྟ་སྟངས་ནམ་མཁའ་ལ་སྒྲིལ་ཞིང༌། །གསུང་ཧཱུྃ་སྒྲ་གཅིག་གིས་རྟ་མཛོ་བརྒྱ་ཟླུམ་སྟེ། །རྡོ་གོར་མོ་འཕེན་འདྲའི་མན་ངག་དེ་ཅི་ཞིག །དུས་ལན་གཅིག་བསྒོམས་པའི་ཞི་གནས་ཀྱང་མེད་བཞིན། །གཏམ་མངོན་ཤེས་ཡིན་བརྫུ་ཅལ་ཅོལ་དུ་སྒྲོགས་པའི། །མི་དེ་འདྲ་ཟོག་མའི་སྒྲིབ་བྱེད་ལ་མཁས་ཏེ། །དཔེ་ཡལ་གའི་རི་དྭགས་མཆོད་གནས་སུ་འོས་སམ། །ལམ་ཐེག་ཆེན་པ་ཞེས་ཞལ་བཞེས་སུ་མཛད་བཞིན། །མ་དྲིན་ཆེན་བསད་པའི་ཤ་ཁྲག་གིས་དགྱེས་ཤིང༌། །ཐུགས་སྙིང་རྗེས་གཟིགས་ཡུལ་སྦྱིན་བདག་ཏུ་དགོངས་ནས། །བགེགས་དགྲ་རུ་འཛིན་པའི་སེམས་དཔའ་དེ་ཨ་ཧོ། །རྟགས་དུར་སྨྲིག་བགོ་བའི་རྒྱལ་མཚན་དང་འགྲོགས་ཀྱང༌། །ལས་སྤོང་ཀློག་གཉིས་ལྡན་བྱ་བ་དེ་བོར་ནས། །གཏམ་གླུ་གར་སྒྲུང་རྒྱུད་བཞད་གད་ཀྱི་འཁོར་ལོ། །རྟེན་དལ་འབྱོར་འཇོམས་པའི་མཚོན་ཆ་རུ་ཨེ་གཟིགས། །གོས་རས་དཀར་གྱོན་པ་ཙི་ན་ལ་ཡོད་མོད། །སྐྲ་རལ་པའི་ཐོར་གཙུག་མུ་སྟེགས་ཀྱིས་འཛིན་ཏེ། །རྒྱན་རྐང་ལག་གདུ་བུ་རྐེད་མེད་ཀྱིས་འཆང་ན། །དེ་རྣལ་འབྱོར་དཔའ་བོའི་ཁྱད་ཆོས་སུ་རེའམ། །གྲོགས་ཆུང་མ་ལེན་པ་ཚངས་སྤྱོད་ཀྱི་འགལ་ཟླ། །ཆས་ཟླུམ་པོའི་ཌཱ་རུ་ངལ་དུབ་ཀྱི་ཁུར་ཆེན། །ཚིག་འུད་གོག་སྐམ་པོ་བསླུ་བྲིད་ཀྱི་


TN00_Page_120B
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ཟོལ། །དེ་གསུམ་ལྡན་སྔགས་ཀྱི་བརྟུལ་ཞུགས་སུ་རེའམ། །ཐབས་མྱུར་ལམ་ཟབ་མོ་གསང་སྔགས་ཀྱི་སྒྲུབ་རྫས། །དོན་སྣང་སྟོང་ཟུང་འཇུག་གཉིས་མེད་ཀྱི་ཕྱག་རྒྱ། །རྟགས་རྡོ་རྗེ་དྲིལ་བུའི་དཀྱིལ་འཁོར་ཞིག་མཐོང་ན། །ཡོན་རིང་ཐང་བརྩི་བའི་སྔགས་འཆང་ཚོ་ཨེ་གཟིགས། །ལྷ་དྲང་སྲོང་ཆེན་པོའི་རྗེས་འཇུག་ཏུ་རློམ་བཞིན། །ཚུལ་འཁྱོགས་སྤྱོད་སྣ་དགུའི་ངང་ཚུལ་ལ་གནས་པའི། །དུས་སྙིགས་མའི་རང་གཟུགས་དགེ་སྦྱོང་གི་བཟོ་བཅོས། །དེ་བསྟན་འཛིན་ཡིན་ཟེར་ངོ་མཚར་ཞིག་ཆེའོ། །ཚུལ་འདི་དང་འདི་འདྲའི་ངན་སྤྱོད་ཀྱིས་ཀུན་ཁེབས། ཁོང་ལྔ་བདོ་སྙིགས་མའི་ཐུན་གསུམ་གྱིས་བསྐུལ་ནས། །ཆོས་ཐར་ལམ་སྣང་བའི་དགྲ་ཟླ་རུ་སླེབས་ཚེ། །མི་འཇིགས་པ་མེད་པས་སྐྱོ་གླུ་རུ་བླངས་སོ། །ཚུལ་དེ་འདྲ་ཤེས་པའི་བློ་གྲོས་ཀྱི་ཁྱེའུ་ཆུང༌། །སྒོ་རྣམ་པ་མང་པོའི་སྤྱོད་ངན་གྱིས་དཀྲིགས་པའི། །གྲོགས་བྱིས་པའི་སྐྱེ་བོས་སུན་འབྱིན་ཞིག་བྱས་ཚེ། །ནོར་བཀུར་སྟིའི་ཚེགས་ཀྱང་དེ་ཀ་ལ་ཕྱོགས་འདུག །ཡུན་རིང་པོར་འགྲོགས་པའི་སྲེད་ལེན་གྱི་ཕོ་ཉས། །དུས་རྟག་པར་བསྒྲུབས་པའི་རྙེད་བཀུར་གྱི་ལོངས་སྤྱོད། །ཀླུ་འཇོག་པོ་ལྟ་བུའི་དཔལ་འབྱོར་ལ་སྤྱོད་ཀྱང༌། །ལམ་རིང་མོ་འགྲིམས་དུས་ཕན་པ་ཞིག་བདོག་གམ། །དགྲ་འཆི་བདག་གཤིན་རྗེའི་གཡུལ་ངོ་དེར་སླེབས་ཚེ། །ནོར་རིན་ཆེན་ཐང་མ་སྟོང་གསུམ་དུ་བདལ་ཡང༌། །དེས་སུག་འབུལ་ལེན་པ་རི་བོང་གི་རྭ་ཅོ། ཁྱོད་རང་ལ་ཕན་པ་ག་འདྲ་ཞིག་ཡོད་ཨང༌། །ཐབས་


TN00_Page_121A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་མང་ངལ་བའི་དཀའ་ཚེགས་ཀྱིས་བསྒྲུབས་པའི། །ནོར་རྙེད་བཀུར་སྙན་གྲགས་ཚངས་ཆེན་ལས་ལྷག་ཀྱང༌། །དེ་གར་སོང་ཆ་མེད་བར་སྣང་གི་བྱ་རྗེས། །རང་གཅིག་པུར་འགྲོ་དུས་ཅི་ཚུགས་ཞིག་བྱ་སྙམ། །ནོར་དང་པོ་བསྒྲུབ་དུས་གཡོ་སྒྱུ་ཡི་བྱ་བ། །ཕྱི་ལུས་ངག་འཁྱུག་འཁྱུག་མགོ་སྐོར་གྱི་རྫུན་མ། །ནང་རང་སེམས་འཁྱུག་འཁྱུག་བསམ་གཞིག་གི་འཁོར་ལོ། །དེའི་བྱ་སྤྱོད་མཐའ་དག་བྲེལ་དོ་ཡི་ཕུང་པོ། །ནོར་བར་དུ་བསྲུང་དུས་ངལ་དུབ་ཀྱི་ཡོ་ལང༌། །ཉིན་རིང་པོར་འདབ་པའི་བཀའ་ཐུབ་ཀྱིས་སྨད་པས། །ལུས་ཤིན་ཏུ་ཉམ་ཐག་འགལ་དུམ་བཞིན་ཉལ་ཡང༌། །ལས་བསོད་ནམས་མ་བསགས་འབད་རྩོལ་གྱིས་ཕན་ནམ། །ནོར་ཐ་མ་སྤེལ་དུས་འདུ་འཛི་ཡི་འཁོར་ལོ། །ཐབས་སྣ་ཚོགས་ཚུལ་གྱིས་དཔལ་འབྱོར་རང་སྤེལ་ཀྱང༌། །སྔོན་སྦྱིན་པ་བྱས་པའི་བསགས་རྒྱབ་ཞིག་མེད་ན། །གསོག་ཇི་ལྟར་མཁས་ཀྱང་འཕེལ་རྒྱུ་ཞིག་ཨེ་གདའ། ཁབ་སྐུད་པ་བསོགས་པའི་ཁྱིམ་བདག་དང་ཡོན་གནས། །དུས་ཉིན་གཅིག་འདས་པའི་སོས་དལ་ཀྱང་མེད་པར། །ནོར་ལོངས་སྤྱོད་བསྒྲུབས་པ་གར་སོང་ཡང་མེད་ན། །དེ་ཁྱབ་འཇུག་ཆེན་པོའི་ལྟོ་ཞལ་དུ་ཕུལ་ལམ། །གྲོ་སྲན་མ་ཙམ་གྱི་ལོངས་སྤྱོད་ཞིག་ཡོད་ཀྱང༌། །ཡིད་ཟུག་རྔུའི་ཚོར་བ་དེ་ཙམ་ཞིག་མཆིས་ན། །མནོག་ཤིན་ཏུ་ཆུང་བའི་དབང་ཐང་གིས་ཅི་བྱ། །རྒོད་སྙི་ལས་ཐར་བའི་གདམས་ངག་དེ་ཨེ་དྲན། །དགྲ་རྣམ་གཡེང་འཕེལ་བའི་རྙེད་བཀུར་དང་སྙན་གྲགས། །


TN00_Page_121B
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྙིང་པོ་མེད་པའི་རང་ཚུལ་འདི་ཤེས་ནས། །སེམས་ཐར་པ་འདོད་པའི་བསྐལ་བཟང་གི་གཞོན་ནུ། །གནས་དབེན་པ་དྲན་ནས་ཚུགས་ཐབས་རང་མི་གདའ། །མགོན་སྲས་བཅས་རྒྱལ་བས་ལན་བརྒྱ་རུ་བསྔགས་ཤིང༌། །ལྷ་ཐུབ་པ་ཆེན་པོའི་བྱིན་རླབས་ཀྱིས་བསྲུངས་བའི། །གནས་ངོ་མཚར་སྨན་ལྗོངས་དབེན་རི་ཡི་རྒྱལ་ཁབ། །ཕ་ཀུན་མཁྱེན་བརྒྱུད་པའི་གདན་ས་རུ་དགོངས་སམ། །ནགས་ལྗོན་ཤིང་ཕྲེང་བས་མཛེས་རྒྱན་དུ་གནས་ཤིང༌། །གཙུག་རི་བོང་འཛིན་པ་ལ་ཐོད་དུ་བཅིངས་པའི། །གྲོགས་ཉོན་མོངས་མེད་པའི་མཛེས་སྡུག་གི་ལྷུན་པོ། །ལུས་མི་གཙང་གཟེ་རིའི་སྡིག་གྲོགས་དང་འདྲའམ། །གཡུའི་མཛེས་པ་འགོག་པའི་ལྗང་གསལ་གྱི་འཁྲི་ཤིང༌། །རླུང་ཤིན་ཏུ་འཇམ་པའི་བསིལ་ཆབ་ཀྱིས་བསྐུལ་ཚེ། །ལུས་བསིལ་བའི་རེག་བྱས་ལན་བརྒྱ་རུ་སིམ་བྱེད། ཁྱེད་མི་ཆེན་དགྱེས་པའི་རྔ་ཡབ་ཀྱིས་ཨེ་འགྲན། །གནས་མ་བཅོས་ལྷུན་གྲུབ་རྡོ་ལེབ་ཀྱི་ཁང་བཟང༌། །ཆོད་ཕག་ཕུག་དུ་མའི་མཛོད་ཁང་ཡང་མེད་དེ། །ནོར་ཆོག་ཤེས་བསོགས་པའི་འཛད་མེད་ཀྱི་གཏེར་ཆེན། །འདི་ཀུན་མཁྱེན་བརྒྱུད་པའི་བསོགས་རྫས་ཀྱི་ཕ་ཁང༌། །མདངས་ཤིན་ཏུ་གསལ་བའི་ན་ཆུང་གི་གྲོགས་མོས། །ལྷ་མིག་སྟོང་དབང་པོའི་རྒྱུད་མང་ལ་འགྲན་པའི། །སྐད་ཡན་ལག་བརྒྱ་པའི་འཇོ་སྒེགས་དང་འགྲོགས་ནས། །ཡིད་ཐར་བར་བསྐུལ་བའི་ཕོ་ཉ་དེ་དྲན་བྱུང༌། །མདོག་བེཌཱུར་གཞོན་ནུའི་གཟི་མདངས་


TN00_Page_122A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲན་ཅིང༌། །མིག་ཉི་མའི་ལུས་ཀྱི་མཚུངས་ཟླ་རུ་འོས་པའི། །གཉེན་ལྷོ་མོན་དགའ་མའི་མགྲོན་གླུ་ཞིག་བླངས་ཚེ། །ཆོས་འདུས་བྱས་འཇིག་པའི་ངང་ཚུལ་དེ་དྲན་བྱུང༌། །རེག་འཇམ་ཞིང་སྡུག་པའི་འདབ་བརྒྱ་ཡི་ཟེའུ་འབྲུ། །གནས་ངེས་མེད་འགྲིམ་པའི་རྐང་དྲུག་གི་གཞོན་ཆུང༌། །གླུ་སྙན་ལ་འཇེབ་པའི་མགྲིན་རྔ་དང་ལྷན་ཅིག །བཅུད་སྦྲང་རྩིའི་སྙིང་པོ་ཅི་དགའ་རུ་བླངས་སོང༌། །སྒྲ་ལྷུང་ལྷུང་འབབ་པའི་ཕུ་ཆུ་ཡི་བཤེས་གཉེན། །དུས་རིངས་པར་རིངས་པར་མི་རྟག་གི་ཕོ་ཉ། །ཚུལ་ང་ཅག་འདྲ་ཞེས་གདམས་ངག་ཏུ་འདོམས་པའི། །དོན་འདི་འདྲ་སྟོན་པ་དབེན་རི་ཡི་ཁྱད་ཆོས། །དུས་ཆར་ལྡན་རྒྱལ་མོའི་བསོགས་བྲུན་གྱི་མེ་ཏོག་ཁང་མི་སྡུག་སྲིན་མོའི་གཞན་དབང་དུ་གྱུར་པའི། །ཚུལ་དེ་མཐོང་བསགས་པ་འཛད་མཐའ་རུ་ཤེས་པའི། །ཚུལ་འདི་འདྲ་སྟོན་པའི་བླ་མ་རུ་གཟིགས་སམ། །སྙིགས་མའི་སྐྱེ་བོའི་རྙེད་བཀུར་གྱི་ལོངས་སྤྱོད་ལ་སྐྱོ་བའི་གཏམ་སྐལ་བཟང་རྣ་རྒྱན་ཞེས་བྱ་བ་ཏིང་ངེ་འཛིན་གྱི་དགའ་བ་ལ་མངོན་པར་སྤྲོ་བའི་བྱིས་པ་འཇིགས་མེད་པས་སོ།། ༈ །།ཕ་བཀའ་དྲིན་མཚུངས་མེད་ཨོ་རྒྱན་གྱི་ཆོས་རྗེ། །སྐྱབས་མཆོག་གསུམ་ཀུན་འདུས་དྲིན་ཆེན་གྱི་བླ་མ། །དེ་དབྱེར་མེད་རྗེ་བཙུན་ཡེ་ཤེས་ཀྱི་མེ་ལོང༌། །ངའི་སྙིང་ཀ་ཆོས་ཀྱི་འཁོར་ལོ་རུ་རྩེན་མཛོད། །གཤིས་མཐའ་བརྒྱད་སྤྲོས་བྲལ་ངེས་དོན་གྱི་འཇམ་དཔལ། །དེ་ཚིག་ཏུ་བརྗོད་པས་གོ་རྒྱུ་ཞིག་མི་གདའ། །བློས་ཇི་ལྟར་བརྟགས་ཀྱང་བསམ་རྒྱུ་ཞིག་མི་འདུག །ད་རྩོལ་མེད་ལྟ་བས་ཁྱེད་ཞལ་དེ་


TN00_Page_122B
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་འདོད། །ལས་བྱས་བྱས་ནམ་མཁའི་མདུང་སྐོར་དང་མཚུངས་ཤིང༌། །ཡིད་གང་ཤར་སྦྲུལ་མདུད་རང་གྲོལ་དུ་འདུག་པ། །དེ་ཤེས་ནས་ཐབས་གསལ་གཉིས་མེད་ཀྱི་འཇམ་དཔལ། །དོན་མཉམ་ཉིད་ཆེན་པོར་ལྷོད་ལྷོད་དུ་འཇོག་སྙམ། །ལྷའི་བསྐྱེད་རིམ་བསྒོམ་པ་རྣམ་རྟོག་གི་རི་མོ། །ལམ་རྩ་རླུང་སྦྱོང་བ་བློས་བྱས་ཀྱི་རྣལ་འབྱོར། །དེ་ཤེས་ནས་བྱ་རྩོལ་བློ་འདས་ཀྱི་འཇམ་དཔལ། །ཐབས་ཅོག་བཞག་འཁྱིལ་བའི་མན་ངག་གིས་བལྟ་འདོད། །སེམས་སྤང་དུ་མི་འཚལ་འཇམ་མགོན་གྱི་རང་གདངས། །ལམ་བསྒྲུབ་ཏུ་མི་འཚལ་ས་ལམ་ཀུན་གཞི་རྫོགས། །དེ་ཤེས་ནས་མཉམ་རྫོགས་གཞི་གྲོལ་གྱི་འཇམ་དཔལ། །བློ་འཇུར་བུས་མ་ཡིན་ལྷོད་འབོལ་དུ་བལྟ་སྙམ། །བློ་ཚོགས་དྲུག་འགོག་པ་སྲིད་རྩེ་ལ་ཡོད་ཅིང༌། །སེམས་དང་དུ་ལེན་པ་ཁྱི་རྒན་ཡང་ཤེས་མོད། །དེ་མཐོང་ནས་གཉུག་མ་དག་མཉམ་གྱི་འཇམ་དཔལ། །བློ་བསལ་བཞག་མེད་པར་གུ་ཡངས་སུ་བལྟ་འདོད། །ཡིད་ཀུན་རྟོག་འཆིང་བ་ཁམས་གསུམ་གྱི་རྩ་བ། །སེམས་ཅིར་ཡང་མི་འཛིན་ཧ་ཤང་གི་ལྟ་སྒོམ། །དེ་ཤེས་ནས་རིག་སྟོང་མཐའ་བྲལ་གྱི་འཇམ་དཔལ། །ཐབས་གསལ་དྭངས་ཕྱེད་པའི་ཉམས་མྱོང་གིས་བལྟ་འདོད། ༧༌།དབྱིབས་ཁ་དོག་མེད་དེ་སྟོང་ཆེན་གྱི་ཆོས་ཉིད། །རྒྱ་རིས་ཆད་བྲལ་བ་ཀུན་ཁྱབ་ཀྱི་རིག་གདངས། །ཕྱོགས་མཐའ་དབུས་མེད་དེ་མཁའ་མཉམ་གྱི་ཡེ་ཤེས། །ཚུལ་དེ་ཤེས་འཇམ་མགོན་རང་ཞལ་དེ་མཐོང་ངོ༌། །ཧོ་ཧོ། གཤིས་ཡོད་པ་མ་ལགས་བདེན་མེད་ཀྱི་


TN00_Page_123A
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ། །དེ་མེད་པ་མ་ལགས་ཀུན་སྣང་གི་ཡེ་གཞི། །བློས་གང་དུ་བརྟགས་ཀྱང་མཐོང་རྒྱུ་ཞིག་མི་འདུག །ཚིག་ཡི་གེར་བརྗོད་པས་མཚོན་རྒྱུ་ཞིག་མ་ལགས། །ཕྱི་བརྟན་སྣོད་མ་ཡིན་བེམ་ཆོས་སུ་མ་གྲུབ། །ནང་གཡོ་བ་མ་ཡིན་གང་ཟག་ཏུ་མི་གདའ། །ཆོས་རྟག་དང་མི་རྟག་བརྗོད་གཞི་ལས་འདས་པའི། །དོན་ཡིན་ལུགས་ཟབ་མོ་སྤྲོས་མཚན་ལས་འདས་སོ། །མི་བརྩོན་འགྲུས་ཅན་འགའ་འཇུར་དྲན་ལ་འབྱམས་སོང༌། ཁོང་ཤེས་རབ་ཅན་ཕལ་རྟོག་གེ་ལ་ཞེན་སོང༌། །ཕ་བློ་ལྡན་མཆོག་སྲེད་བྱིན་རླབས་ཀྱི་མཐུ་ལས། །མིང་ཅག་ཐེག་རྩེའི་དགོངས་དོན་ལ་དགའ་འོ། །ཞེས་པའང་གཞོན་ནུ་འཇིགས་མེད་པས་ལྕགས་སྤྲུལ་གྱི་ཟླ་༡༢ཚེས་༢༥ལ་སྐད་ཅིག་ཡུད་ཙམ་གྱིས་བྲིས་པའོ།། ༈ །།རི་བོ་སྤྲིན་དཀར་གྱི་ལྭ་ཐོད་ཅན། ཁྱོད་ལན་བུན་འདི་མཛེས་མོད་དེ། །དྲག་པོའི་འཐོར་རླུང་ཞིག་སླེབས་ཙ་ན། །མགོ་རྗེན་ལུས་རྗེན་དུ་འགྲོ་ཉེན་ཡོད། །ནགས་རླུང་རྩི་སྨན་གྱི་ཡོ་ལང་ཅན། ཁྱོད་ལ་ལྕུགས་ཕྲན་འདི་མཛེས་མོད་དེ། །སྟོན་དགུན་རེག་བྱ་ཡིས་བྲན་ཙ་ན། །སྐུ་རྐྱང་དབུ་རྐྱང་དུ་འགྲོ་ཉེན་ཡོད། །ཁུ་བྱུག་རྒྱུད་མངས་ཀྱི་སྒྲ་དབྱངས་ཅན། ཁྱོད་ཀྱང་ཆར་བསིལ་འདིས་འཚོ་མོད་དེ། །གྲང་རེག་ཁ་ངར་གྱིས་བརྡོལ་ཙམ་ན། །བྷོ་ཊའི་སྨན་ལྗོངས་ནས་བྲོས་དོགས་ཡོད། །ནེའུ་སེང་མེ་ཏོག་གི་འཛུམ་ཞལ་ཅན། ཁྱོད་ཀྱང་གེ་སར་གྱིས་ཁེངས་མོད་དེ། །དྲུག་པའི་ཧོར་ཟླ་དེ་སོང་ཙ་ན། །ཐལ་བའི་མདོག་ངན་ཞིག་འཆར་ལས་ཆེ། །པདྨ་འདབ་སྟོང་གི་


TN00_Page_123B
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ཚོ་ཅན། ཁྱོད་ཀྱང་གཡུ་སྦྲང་འདིས་བཀུར་མོད་དེ། །ཆབ་རོམ་གདོང་བ་ལ་བབ་ཙམ། །གྲོགས་པོ་ལྔ་ལམ་དུ་འགྲོ་དོགས་ཡོད། །རྩ་ལྗང་བསིལ་འཇམ་གྱི་རེག་བྱ་ཅན། ཁྱོད་ཀྱང་གཡུ་མདོག་འདིས་མཛེས་མོད་དེ། །ཉི་མ་ལྷོར་བགྲོད་ཀྱི་མཐར་སླེབས་ཚེ། །རྩ་སྐྱའི་གྲགས་ངན་ཞིག་འཐོབ་ཀྱིས་དོགས། །ལོ་ཏོག་འབྲུ་སྔོན་གྱི་རྩི་བཅུད་ཅན། ཁྱོད་ཀྱང་ཞིང་ས་ན་བརྗིད་མོད་དེ། །བ་མོའི་ཚེ་གེགས་ཞིག་བྱུང་ཙ་ན། ཁོང་རུལ་སྙིང་སྟོང་དུ་འགྲོ་དོགས་ཡོད། །གཞོན་ནུ་བསྟན་རྒྱམ་གྱི་མིང་གོག་ཅན། ཁྱོད་ཀྱང་གསོན་ཡུལ་དུ་སྣང་མོད་དེ། །གཤིན་རྗེའི་བཀའ་ཁྲིམས་ཀྱིས་དེད་ཙ་ན། །གཅེར་བུ་ལག་སྟོང་དུ་འགྲོ་ཉེན་ཆེ། །ཆོས་གཏམ་རྣ་ལམ་དུ་གྲགས་ནས་ཡོད། །འཆི་ཆོས་བློ་ཐོག་ཏུ་བླང་བ་མེད། །བྱུར་ངན་སྣ་འདྲེན་གྱི་འགོང་རྒན་ཁྱོད། །རང་ཕུང་རང་བརླག་ཞིག་བྱེད་ངེས་ཡོད། །ལྷ་ཆོས་རྟེན་དྲུང་ན་བཞུགས་བཞིན་དུ། །སྡིག་སྤྱོད་ཁ་ཟས་སུ་ཟ་ལུགས་ལ། །ཐར་པའི་རེ་བ་དེ་ཟད་པར་མཆི། །བར་དོའི་འཕྲང་རིང་དུ་ལྟད་མོ་ལྟོས། །གསོན་ཚེ་རྣམ་གཡེང་གི་ཡོ་ལང་འགྱེད། །འཆི་ཁ་སེན་རྗེས་ཀྱིས་བྲང་གོག་འགེང༌། །བར་དོའི་འཇིགས་སྐྲག་གི་འཁོར་ལོ་བསྐོར། །དེ་འདྲ་བསྟན་རྒྱམ་གྱི་རྣམ་ཐར་ཡིན། །ཞེས་པའང་གཞོན་ནུ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་བྲིས་པའོ།། ༈ །།ཧོ་ཧོ། །མཐའ་བརྒྱད་དང་བྲལ་བའི་འོད་གསལ་གྱི་ཀློང་དུ། །ཡིད་དཔྱོད་ཀྱི་ཞེན་འཛིན་རང་གྲོལ་དུ་དག་སོང༌། །རང་བྱུང་གི་རིག་པ་བཟོད་མེད་ཁོ་མཐོང་ནས། །འབད་རྩོལ་གྱི་སྤུ་རིས་བྲི་འདོད་ཅིག་མེད་དོ། །


TN00_Page_124A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྟངས་ནི་མི་འདུག་གཉུག་མ་ཡི་དྲན་རིག །བཟོ་བཅོས་ནི་མི་དགོས་གཏད་མེད་ཀྱི་ཤེས་པ། །དཔྱད་སྒོམ་ནི་མི་བྱེད་རང་བཞག་གི་ཆོས་ཉིད། །མཐའ་བྲལ་གྱི་ཀློང་དུ་ཆམ་གདལ་དུ་སོང་ངོ། །གནས་པ་དང་འགྱུ་བའི་ཤན་འབྱེད་ཀྱིས་མ་བྲེལ། །མངོན་འགྱུར་དང་ལྐོག་འགྱུའི་རྩིས་འདབ་ཀྱང་མ་དགོས། །གསལ་འགྲིབ་དང་བྲལ་བའི་ཀློང་ཆེན་གྱི་དགོངས་པ། །དམིགས་གཏད་ཀྱི་མཚན་མ་ཞི་བ་དེ་སྐྱིད་དོ། །སྣང་བ་ལ་སྟོང་པས་རྒྱས་འདེབས་ཀྱང་མ་ཡིན། །སྟོང་པ་དང་སྣང་བ་རེས་འཇོག་ཀྱང་མ་དགོས། །ཀ་དག་དང་ལྷུན་གྲུབ་དབྱེར་མེད་ཀྱི་དགོངས་ཀློང༌། །ཕྱོགས་འཛིན་གྱི་མདུད་པ་རང་ཞིག་ཏུ་ཐལ་ཐལ། །རྣམ་རྟོག་ལ་སྒོམ་དུ་རེ་བ་དེས་ཅི་བྱ། །རྟོག་མེད་ཀྱི་སྙོམས་འཇུག་དེ་འདྲས་ཀྱང་ཅི་ལྟོ། །རྟོག་བཅས་དང་རྟོག་མེད་འཛིན་རྩོལ་ལས་འདས་པའི། །སྒོམ་མེད་འདི་སྒོམ་གྱི་དྲག་ཤོས་རང་ཡིན་ནོ། །འཁྲུལ་རྟོག་གི་ལྟད་མོས་བསླུས་པ་ཡང་མིན་མོད། །ཡུལ་སྣང་གི་འཆར་ཆ་ནུབ་པའང་མ་ཡིན། །ནང་གསལ་གྱི་རིག་པ་འཛིན་མེད་དུ་བཞུགས་དེས། །གཟུང་འཛིན་གྱི་རི་མོ་རྨིང་སྒྱེལ་ཞིག་བྱས་སྐད། །བྲག་གསེབ་ཀྱི་སྒོམ་ཆེན་འདི་འདྲ་རང་གསུངས་གདའ། །སྤྲང་པོས་ནི་རྫོགས་ཆེན་རྟོགས་དུས་ཞིག་ནམ་ཡོད། །འོན་ཀྱང་ནི་བླ་མ་པད་འབྱུང་དེའི་དྲིན་ལས། །རིག་སྟོང་གི་ཆོས་སྐུའི་གཏན་སྲིད་ཀྱང་འཛིན་ཐང༌། །ཅེས་འཇིགས་མེད་པས་སོ།། ༈ །།དབྱིངས་དག་ཆེན་འཁོར་ལོ་རྒྱས་འདེབས་མ། །རྩལ་བདེ་ཆེན་བཛྲ་ཀུ་མཱ་ར། །


TN00_Page_124B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དབྱེར་མེད་གཉུག་མའི་འོད་གསལ་ཆེ། །འདི་ཁྲག་འཐུང་སྟོང་གི་སྲོག་སྙིང་ཡིན། །ལྷ་སྒོམ་ཀྱང་རུང་ལ་མ་བསྒོམ་རུང༌། །གཞི་ཡེ་གྲོལ་ཆོས་སྐུའི་རྒྱལ་ཁབ་ན། །དོན་རིག་སྟོང་གི་དཔལ་ཆེན་ཡབ་ཡུམ་ཟུང༌། །དུས་བཞི་མཉམ་ཉིད་དུ་འབྲལ་མེད་བཞུགས། །སྔགས་བཟླས་ཀྱང་རུང་ལ་མ་བཟླས་རུང༌། །བརྗོད་ཚད་འདི་བརྗོད་མེད་ཀྱི་རོལ་མོར་གདའ། །བརྗོད་མེད་དེ་སྤྲོས་བྲལ་དོན་གྱི་སྔགས། །དེ་འཕོ་འགྱུར་མེད་པར་གདོད་ནས་གནས། །མཉམ་བཞག་ལ་བསྡད་རུང་མ་བསྡད་རུང༌། །ཤར་སྣང་འདི་ཡེ་ཤེས་ཀྱི་རོལ་བར་གདའ། །ད་ལྟར་གྱི་ཤེས་པ་ཐ་མལ་པ། །འདི་མཚན་མེད་རིག་པའི་ཕུར་བུ་ཡིན། །སྣང་སྣང་འདི་དག་ཆེན་ཕུར་པའི་ལྷ། །གྲགས་གྲགས་འདི་མི་ཤིགས་རྡོ་རྗེའི་སྔགས། །དྲན་དྲན་འདི་མི་རྟོག་ཡེ་ཤེས་ཐུགས། །སྣང་སྲིད་འདི་དཀྱིལ་འཁོར་གསུམ་དུ་ཆེ། །དེར་ལྷ་ཡང་ཡེ་ཤེས་རོལ་པའི་ལྷ། །སྔགས་ཀྱང་ཡེ་ཤེས་རྡོ་རྗེའི་སྔགས། །ཐུགས་ཀྱང་མི་རྟོག་ཡེ་ཤེས་ཐུགས། །ཐམས་ཅད་ཡེ་ཤེས་ཀྱི་རོལ་མོར་འདུག །དོན་མ་བཅོས་རིག་པའི་ཕུར་བུ་དེ། །བློ་གཉིས་འཛིན་གདོན་གྱི་སྙིང་ལ་རྒྱོབ། །ཐུག་ཕྲད་རང་གྲོལ་གྱི་སྨད་ལས་དེས། ཁམས་གསུམ་འདི་ཀ་དག་དབྱིངས་སུ་སྒྲོལ། །ངས་དེ་ལྟར་རྟོགས་པ་མ་ལགས་ཏེ། །གྲུབ་ཆེན་གྱི་གཟིགས་མོ་འདི་ཡིན་ཞེས། །རྟོགས་ལྡན་ཚོས་གསུང་གླེང་མོལ་བ་ཐོས། །ཐོས་པ་བཞིན་དྲང་པོར་སྨྲས་པ་ལགས།། ༈ །།ཕ་སྙན་བརྒྱུད་རྡོ་རྗེའི་ལམ་སྟོན་མཆོག །མཁྱེན་བརྩེའི་ཟློས་


TN00_Page_125A
[མ་དཔེ་གཟིགས་ན་འདིར་གནོན།]

གར་དེ་ཡང་ཡང་དྲན། །གཤིས་རྫོགས་པ་ཆེན་པོ་ཡེ་གྲོལ་ལ། །གནད་གཏད་མེད་ལྟ་བའི་གཟེར་ཀ་ཞིག །ལམ་ཡི་གེ་མེད་པའི་ཆོས་མཛོད་དེར། །ཕ་བླ་མའི་དྲིན་གྱིས་དེ་རིང་མཐོང༌། །དབྱིངས་མཐའ་བརྒྱད་སྤྲོས་བྲལ་སྒོམ་བློ་འདི། །ལམ་ཐེག་རྩེའི་དགོངས་དོན་མི་བྱེད་པས། །ད་འོད་གསལ་མ་བཅོས་ཅོག་བཞག་གིས། །གཞི་རང་བཞིན་རྣམ་དག་གདར་ཤ་ཆོད། །སེམས་རྟོག་པའི་འགྱུ་དྲན་དེངས་པ་ཙམ། །དོན་གཉུག་མའི་ཆོས་སྐུ་མ་ལགས་པས། །ད་གཞི་གྲོལ་ཀ་དག་ཟབ་མོའི་དབྱིངས། །སེམས་རིག་པའི་ལ་ཤན་དབྱེ་སྟེ་ལྟོས། །སྒོམ་རོ་གཅིག་སྣང་སེམས་འདྲེས་བློ་ཙམ། །ཟུང་འཇུག་གི་འོད་གསལ་མ་ལགས་པས། །ད་གཟུང་འཛིན་གཏད་མེད་ཡོངས་གྲོལ་དང༌། །ཀུན་རྟོག་གི་སྤྲོས་པ་ཤིག་ལ་ཞོག །ལར་སྣང་བ་ཡུལ་གྱི་རྫུན་རིས་ལ། །ཤེས་བྱ་སུམ་སྒྲིལ་གྱི་མན་ངག་ཡོད། །ལམ་རིག་སྟོང་ཁ་སྦྱོར་མ་ཤེས་ན། །སྣང་སེམས་གཞི་གྲོལ་གྱི་ཨ་བོ་མིན། །ནང་འཛིན་པ་སེམས་ཀྱི་བྱུང་ཚོར་ན། །སྒྱུ་མ་ངོ་སྤྲོད་ཀྱི་གདམས་ངག་ཡོད། །ལམ་འོད་གསལ་རྩལ་སྦྱོང་མི་ཤེས་ན། ཁྱབ་གདལ་གྱི་ཆོས་སྐད་ལད་མོ་ཡིན། །བར་ལས་རླུང་ཉི་ཁྲི་ཡར་བ་ན། །གཤིས་གཞོན་ནུ་བུམ་པའི་ཆོས་སྐུ་ཡོད། །ཡེ་གྲོལ་གྱི་ལམ་གནད་མ་འཆུག་ན། །སྟོང་གསལ་གྱི་དྲན་རིག་གཟུགས་བརྙན་ཙམ། །


TN00_Page_125B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་ལ། །གཉིད་ཤེས་བྱ་བུམ་འཇུག་གནད་དུ་ཆེ། །སྨན་གཞོན་ནུའི་རེག་བྱ་གང་དགར་ཐོངས། །དོན་ཡེ་ཤེས་ཀྱི་ཕྱག་རྒྱར་རྩེད་མོ་མཛོད། །སྲོད་ཐོ་རང་གཉིས་ཀྱི་སྟོན་གྲལ་ན། །གཉིད་རྨི་ལམ་གཉིས་ཀྱི་མཚམས་ཤིག་ན། །ཡིད་ཆོས་སྐུར་གྲོལ་བའི་ཉམས་མྱོང་ཡོད། །ལྭ་བའི་གོས་ཅན་ལྟར་ཅིས་མི་མཛད། །ལམ་ལྟར་སྣང་ཙམ་གྱིས་མི་ངོམས་པའི། །བུ་ལས་འཕྲོ་ལས་ཀྱི་སྐལ་བཟང་དག །ཕ་སྔོན་བྱོན་གོང་མའི་རྣམ་ཐར་གཟིགས། ཁྱད་ཆོས་དྲུག་ལྡན་དུ་མཆོད་ལ་ཤོག །ཅེས་པའང་གཞོན་ནུ་འཇིགས་མེད་པས་སོ།། ༈ །།རྒྱ་ཡན་ཅོག་བཞག་རང་བྱུང་གི་རིག་པ། །ཡེ་བབས་རང་གནས་ཀ་དག་གི་ཆོས་ཉིད། །ལྟ་གྲུབ་མཁན་པོས་མཐོང་ས་ན་མི་གདའ། །འཛིན་ཞེན་མེད་པའི་ཉེ་ལམ་ཞིག་དགོས་སོ། །གདལ་བ་ཆེན་པོ་ཀུན་ཁྱབ་ཀྱི་ཡེ་ཤེས། །རྟོག་པས་མ་བཟོས་ཀློང་ཆེན་གྱི་དགོངས་པ། །རྟོག་གེ་མཁན་པོས་མཐོང་ས་ན་མི་གདའ། །རང་བབས་འཇོག་པའི་ཉེ་ལམ་ཞིག་དགོས་སོ། །ཡེ་གྲོལ་གཤིས་ལུགས་མཐའ་བཞི་ལས་འདས་པའི། །ཀུན་བྱེད་སྙིང་པོ་བྱང་ཆུབ་ཀྱི་སེམས་མཆོག །དམིགས་གཏད་མཁན་པོས་མཐོང་ས་ན་མི་གདའ། །དམིགས་མེད་འཇོག་པའི་ཉེ་ལམ་ཞིག་དགོས་སོ། །གཞི་མེད་རྩ་བྲལ་འོད་གསལ་གྱི་རིག་པ། །བསམ་བརྗོད་སྤྲོས་བྲལ་མཁའ་མཉམ་གྱི་ཡེ་ཤེས། །རྟོག་དཔྱོད་མཁན་པོས་མཐོང་ས་ན་མི་གདའ། །གཉུག་མར་


TN00_Page_126A
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པའི་ཉེ་ལམ་ཞིག་དགོས་སོ། །ཕྱལ་བ་ལྷུག་པ་རྟོག་བྲལ་གྱི་རང་མདངས། །སྐྱེ་འགགས་གཉིས་མེད་དག་གསལ་གྱི་དགོངས་པ། །འདོད་ཞེན་མཁན་པོས་མཐོང་ས་ན་མི་གདའ། །བློ་འཛིན་མེད་པའི་ཉམས་ལེན་ཞིག་དགོས་སོ། །ཡེ་བཞག་རང་བཞག་གཞི་བཞག་གི་དགོངས་པ། །ཡེ་གདལ་ཕྱམ་གདལ་ཁྱབ་གདལ་གྱི་རང་རིག །གཏད་མེད་འཛིན་མེད་རྟོག་མེད་ཀྱི་ཡེ་ཤེས། །ཅེར་གྲོལ་རང་གྲོལ་མཐའ་གྲོལ་གྱི་ཆོས་ཉིད། །འཇུར་དྲན་གཉེན་པོས་འཆིང་ས་ན་མི་བཞུགས། །སྤང་གཉེན་ཡེ་གྲོལ་ཐ་མལ་གྱི་ཤེས་པ། །མ་བྱས་ཡེ་ཟིན་རྩོལ་མེད་ཀྱི་འབྲས་བུ། །མ་བགྲོད་ཡེ་ཕྱིན་ཆོས་སྐུ་ཡི་རྒྱལ་ས། །མི་བསྒོམ་རྒྱུན་ཆད་མེད་པ་ཡི་སྒོམ་པ། །རྣལ་འབྱོར་སྤྱོད་པའི་ཉེ་ལམ་དེ་མཁྱེན་ནམ། །ལྟ་སྟངས་མཐོན་པོ་ནམ་མཁའ་ལ་བསྒྲིལ་བའི། །ཨུ་ཙུག་ཅན་གྱི་གླེན་སྒོམ་ལ་གཟིགས་དང༌། །ཧ་ཤང་རྒན་པོའི་ཐ་ཚིག་གིས་བཅིངས་པའི། །འདག་ཞལ་མཁན་པོའི་རྣམ་ཐར་དེ་མཐོང་ངམ།། ༈ །།གཉུག་མ་མཐའ་བྲལ་གྱི་གནས་ལུགས་ཆེན་པོ། །ཇི་བཞིན་རྗེན་པ་རུ་སྟོན་པའི་བླ་མ། །འབྲལ་མེད་སྙིང་དབུས་ཀྱི་ཐིག་ལེར་བཞུགས་ནས། །འོད་གསལ་ཡེ་ཤེས་ཀྱི་སྣང་བ་སྩོལ་ཤོག །ཟབ་མོ་གསང་ཆེན་གྱི་ཐེག་པའི་དགོངས་བཅུད། །བློ་བྲལ་རིག་སྟོང་གི་ཡེ་ཤེས་ཆེན་པོ། །རྩོལ་མེད་རང་བཞག་ཏུ་ལྟ་བའི་མན་ངག །ཤིན་ཏུ་རྣལ་འབྱོར་གྱི་ཁྱད་ཆོས་ཁོ་ན། །སྤྲོས་པའི་གྲྭ་ཟུར་དང་


TN00_Page_126B
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་བ་མིན་པའི། །སྟོང་ཆེན་བརྗོད་བྲལ་གྱི་ཀུན་ཟླུམ་ཐིག་ལེ། །རང་གནས་ཡེ་ཤེས་ཀྱི་སྙིང་པོར་བཅས་པ། །ཟུང་འཇུག་འོད་གསལ་དེ་ངོ་མཚར་ཆེའོ། །མཚན་འཛིན་གཉིས་སྣང་གི་དྲྭ་བ་སྟུག་པོ། །བློ་འདས་ཡེ་ཤེས་ཀྱི་རལ་གྲིས་བཅད་པས། །ཞེན་འཛིན་དམིགས་གཏད་ཁོ་སྐྱེ་སྙམ་མི་འདུག །ནམ་མཁའ་རྡུལ་བྲལ་གྱི་ཀློང་ལྟར་འདུག་གོ །སྣ་ཚོགས་རྣམ་རྟོག་གི་ན་བུན་ལང་ལོང༌། །སྤོང་བསྒྱུར་སྦྱོང་བྱེད་ཀྱི་རྩོལ་བ་མེད་ཀྱང༌། །རྒྱ་ཡན་ཅོག་བཞག་ལ་ཅི་བདེར་བསྒྱུར་བས། །ཀློང་ཆེན་ཡེ་གྲོལ་གྱི་གཤིས་སུ་དེངས་སོང༌། །མི་དགེའི་རྣམ་རྟོག་ལ་སྤང་རྒྱུ་ཅི་ཡོད། །ཤར་ཚད་ཡེ་ཤེས་ཀྱི་རོལ་མོར་འདུག་པ། །དགེ་བའི་རྣམ་རྟོག་ལ་བསྒྲུབ་རྒྱུ་ཅི་ཡོད། །བློས་བྱས་ཡིད་དཔྱོད་ཀྱི་འཆིང་བར་འདུག་པ། །སྡུག་བསྔལ་ངན་པ་ལ་དོགས་རྒྱུ་ཅི་ཡོད། །སྡུག་བསྔལ་རིག་སྟོང་གི་རང་རྩལ་ཡིན་པ། །དགའ་བདེའི་ཚོར་བ་ལ་རེ་རྒྱུ་ཅི་ཡོད། །དགའ་བདེ་ཐ་མལ་གྱི་སྣང་ཚུལ་ལགས་པ། །འཇུར་དྲན་ཨ་འཐས་ཀྱིས་བཅིང་བ་མ་ཡིན། །འཁྲུལ་བ་རྒྱ་འབྱམས་སུ་ལྷོད་པ་མ་ཡིན། །རང་འགྲོས་བཅོས་སླད་དང་བྲལ་བའི་དགོངས་ཀློང༌། །མཉམ་རྫོགས་ཟང་ཐལ་གྱི་ཉམས་མྱོང་ངོ་མཚར། །ཚོགས་དྲུག་ཡུལ་སྣང་གི་སྒྱུ་མའི་གྲོང་ན། །ཀུན་བྱེད་གླང་པོ་ཁོ་ཅི་བདེར་ཡན་ཚེ། །རང་གྲོལ་རྗེས་མེད་ཀྱི་ལྟད་མོ་ཆེ་བས། །སྤང་གཉེན་འདོར་ལེན་གྱི་ངལ་དུབ་མི་དགོས། །དེ་སླད་རྡོ་རྗེ་ཡི་མཆེད་པོ་ཁྱོད་ཀྱང༌། །སྟོང་སྒོམ་མུན་ཅན་གྱི་བསླུ་བྲིད་


TN00_Page_127A
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ལ། །ཡོད་མེད་ཡིན་མིན་གྱི་མཚན་མ་ཞི་བའི། །གདོད་མའི་ནང་དབྱིངས་དེར་མྱུར་དུ་ཕེབས་སོང༌། །འཇིགས་མེད་པས་སོ།། ༈ །།ཐ་མལ་གྱི་ཤེས་པ་ཟང་ཐལ་ཡེ་གྲོལ་ལ་ལྟོས་དང༌། །ཡིད་ཀྱི་དབང་པོ་ཚིག་དང་ཡི་གེས་བརྗོད་དུ་མེད་པ་ནམ་མཁའ་ལ་མདུང་བསྐོར་བས་འབིག་རྒྱུ་མེད་པ་ལྟར་འདུག་གོ །བཅོས་བསླད་དང་བྲལ་བ་གཉུག་མའི་ཡེ་ཤེས་ལ་ལྟོས་དང༌། །མ་དག་ལས་རླུང་གི་རྒྱུ་བ་ཆ་དང་བཅས་པས་བསྒྲིབས་ཀྱང་མ་གོས་པ་ཉི་མ་སྤྲིན་གྱིས་བསྒྲིབས་ཀྱང་རང་ངོར་བསླད་པ་མེད་པ་ལྟར་འདུག་གོ །རང་གྲོལ་ལ་རྒྱུན་ཆད་མེད་པའི་སྒོམ་པ་ལ་ལྟོས་དང༌། །རྣམ་རྟོག་གི་འཁྲུལ་འཁོར་ཇི་ལྟར་འཁྲུགས་ཀྱང་རང་ངོ་ལ་སྐྱོན་མི་འཇུག་པ་པདྨོ་ལ་ཆུས་མི་གོས་པ་ལྟར་འདུག་གོ །ཀུན་ཁྱབ་ཆོ་འཕྲུལ་སྣ་ཚོགས་དང་ལྡན་པའི་རང་རིག་ལ་ལྟོས་དང༌། །ཡུལ་སྣང་ཇི་ལྟར་ཤར་ཀྱང་རང་གི་གྲོགས་སུ་ཆེ་བ་རླུང་ཇི་ལྟར་འཁྲུགས་ཀྱང་མེ་ཆེན་པོ་ལྷག་པར་འབར་བ་ལྟར་འདུག་གོ །ཀུན་སྣང་འོད་གསལ་གྱི་རང་གདངས་འགག་མེད་ཀྱི་འཆར་ཚུལ་ལ་ལྟོས་དང༌། །བདེན་པར་མེད་བཞིན་དུ་སྐུ་དང་ཐིག་ལེའི་སྣང་བ་ཅིར་ཡང་འཆར་བ་འཇའ་ཚོན་ནམ་མཁའ་ལ་བཀྲ་བ་ལྟར་འདུག་གོ །གཞི་གྲོལ་གྱི་ཡེ་ཤེས་མཁའ་མཉམ་ཡངས་པ་ལ་ལྟོས་དང༌། །རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ཤིན་ཏུ་ཚད་མེད་པའི་ནམ་མཁའ་དྭངས་པའི་ཀློང་ལྟར་འདུག་གོ །ཡེ་གནས་ཀྱི་ཆོས་སྐུ་ཕྱམ་གདལ་ཆེན་པོ་ལ་ལྟོས་དང༌། །


TN00_Page_127B
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་དང་གྲོལ་བ་ཐམས་ཅད་རང་གི་ངང་ལས་མ་གཡོས་པ་རླབས་ཇི་ལྟར་བྱུང་ཡང་རྒྱ་མཚོ་ཆེན་པོ་ལས་གཡོ་བ་མེད་པ་ལྟར་འདུག་གོ །ཀུན་བྱེད་ཀྱི་སྟོན་པ་འཕོ་མེད་སྤྲོས་བྲལ་ལ་ལྟོས་དང༌། །ངོ་བོ་ལ་དྲི་མ་མེད་ཀྱང་དྲི་མ་རང་རྩལ་དུ་ཤར་བ་ནམ་མཁའ་ལ་སྤྲིན་གྱིས་བསྒྲིབས་ཀྱང་སྤྲིན་རང་གི་ངང་ལས་བྱུང་བ་ལྟར་འདུག་གོ་ཧ་ཧ། མ་བཅོས་པའི་ཆོས་ཉིད། མ་འཁྲུལ་པའི་གནས་ལུགས། མི་རྟོག་པའི་ཡེ་ཤེས། མ་ཡེངས་པའི་དྲན་པ། མ་མཐོང་བའི་མཐོང་བ། མི་བསྒོམ་པའི་བསྒོམ་པ། ཡུལ་དང་ཡུལ་ཅན་ཐམས་ཅད་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་འདུག་གོ །ཚིག་ལས་འདས་པའི་རང་བཞིན། སེམས་ལས་འདས་པའི་རིག་པ། བློ་ལས་འདས་པའི་དོན་དམ། ཡིད་ལས་འདས་པའི་ཤེས་རབ། མཐའ་ལས་འདས་པའི་འོད་གསལ། ནམ་མཁའ་དྭངས་པའི་དཀྱིལ་ལྟར་འདུག་གོ །གཟའ་གཏད་མེད་པའི་ཉམས་མྱོང༌། ཆེད་འཛིན་མེད་པའི་མཉམ་བཞག །གཟུང་འཛིན་མེད་པའི་ཡེ་ཤེས། །རྩིས་གདབ་མེད་པའི་རྗེས་ཐོབ། །རྒྱུན་ཆད་མེད་པའི་རྣལ་འབྱོར། །བར་མེད་ཆུ་བོའི་རྒྱུན་ལྟར་འདུག་གོ །སྤྲོས་མེད་ལ་སྤྲོས་པར་འཛིན་པ་མཚར་ཆེ། །བློ་བྲལ་ལ་རྟོག་གེས་འཇལ་བ་དགོད་བྲོ། །གཉིས་མེད་ལ་གཉིས་སུ་འཛིན་པ་རེ་སྡུག །དག་དབྱིངས་ལ་ཕོ་ཚོད་བྱེད་པ་ཐང་ཆད། །བརྗོད་མེད་ལ་བརྗོད་བྱར་རེ་བ་ཡི་མུག །ཨ་ཅང་ཀུ་རེ་ཙམ་དུ་འུད་གོག་རྔམ་པོ་ཆེ་བསྒྲགས་པ་


TN00_Page_128A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །གཞོན་ནུ་འཇིགས་མེད་གང་ཤར་རང་གྲོལ་གྱིས་ཤར་མར་བྲིས།། ༈ །།འཕགས་མཆོག་འཇམ་པའི་དབྱངས་ལ་སྤྱན་འདྲེན་པའི་གླུ་དད་པའི་མྱུ་གུ་ཞེས་བྱ་བ། །ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ཀ་དག་གི་ཀློང་ན། །ལྷུན་གྲུབ་ངེས་པ་ལྔ་ལྡན་རིགས་ཀུན་གྱི་ཁྱབ་བདག །གདོད་མའི་སངས་རྒྱས་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཅན། །ཀུན་ཁྱབ་ཆོས་སྐུའི་ཀློང་ནས་སྤྲུལ་སྐུ་རུ་བཞེངས་ཤོག །སྲིད་ཞི་མཉམ་པར་གདལ་བའི་ཆོས་ཉིད་ཀྱི་ཀློང་ན། །གཉིས་སྣང་མཚན་མ་ཉེར་ཞི་རང་བྱུང་གི་ཡེ་ཤེས། །འཕོ་མེད་སེམས་ཀྱི་རྡོ་རྗེ་འཇམ་དཔལ་གྱི་དཔའ་བོས། །སྣ་ཚོགས་གཟུགས་སྐུའི་རོལ་གར་འགགས་མེད་དུ་བཞེངས་ཤོག །མི་ཤིགས་སེམས་ཀྱི་ཆོས་ཉིད་བརྗོད་བྲལ་གྱི་ཀློང་ན། ཁ་སྦྱོར་ཡེ་ཤེས་རྡོ་རྗེ་བདེ་ཆེན་གྱི་ལང་ཚོ། །རྟག་ཆེན་གཉུག་མའི་སྐུ་ཅན་འཇམ་དཔལ་གྱི་རྡོ་རྗེ། །རིག་གདངས་སྒྲོན་མ་རྣམ་བཞིའི་འཇའ་སྐུ་རུ་སྟོན་ཤོག །སྣང་མེད་སྣང་བའི་གར་རོལ་སྒྱུ་འཕྲུལ་གྱི་ཡེ་ཤེས། །གཟུགས་མེད་གཟུགས་སུ་བརྫུ་བའི་ལྷུན་གྲུབ་ཀྱི་འོད་གདངས། །ཐོགས་མེད་ཅིར་ཡང་འཕྲུལ་བའི་འཇམ་དཔལ་གྱི་ཡེ་ཤེས། ཁྱེའུ་ཆུང་རྒྱང་ཞགས་སྒྲོན་མའི་ལྟད་མོ་རུ་ངོམས་ཤོག །བྲི་དང་གང་བ་གཉིས་མེད་མཐའ་བྲལ་གྱི་དབྱིངས་སུ། །ལས་རླུང་ཟས་སུ་ཟ་བའི་ཁྲག་འཐུང་གི་སྤྱི་རྗེ། །འཁོར་འདས་ཀུན་གྱི་སྤྱི་དཔལ་གཤིན་རྗེ་ཡི་གཤེད་པོ། །ཡེ་ཤེས་སྒྱུ་མའི་བཀོད་པའི་རྣམ་རོལ་གྱིས་བཞེངས་ཤོག་ཁམས་


TN00_Page_128B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡིད་ཀྱི་རྒྱུ་བ་གཞི་མེད་དུ་སངས་པའི། །ནང་གསལ་གཞོན་ནུ་བུམ་སྐུ་འཇམ་དཔལ་གྱི་ཡེ་ཤེས། །གཏུམ་ཆེན་ཞེ་སྡང་རྡོ་རྗེའི་རོལ་མོ་རུ་བཞེངས་ནས། །ཟག་བཅས་སེམས་ཀྱི་མཚན་མ་ཡོངས་གྲོལ་དུ་ཤིག་ཅིག །འཁྲུལ་རྟོག་རྡུལ་ཁམས་དྭངས་པའི་གཞི་དབྱིངས་ཀྱི་ཀློང་ནས། །བརྗོད་མེད་གྲགས་སྟོང་རྡོ་རྗེའི་རྒྱང་གླུ་འདི་བླངས་པས། །འཇམ་པའི་རྡོ་རྗེ་དགྱེས་པའི་མཆོད་སྤྲིན་དུ་གྱུར་ནས། །བྱིན་རླབས་མཆོག་གི་ཆར་ཆེན་འཛད་མེད་དུ་སྙིལ་ཤོག །ཅེས་པའང་སྤྲང་རྒན་འཇིགས་མེད་པས་གང་དྲན་གླུར་བླངས་པ་དགེ་བར་གྱུར་ཅིག། ༈ །།དབྱིངས་དག་པ་རབ་འབྱམས་ཀློང་ཡངས་ན། །ལྷ་མཚམས་སྤྲིན་གྱི་མདངས་ལྡན་ཡོད་དོ་ཞེས། །ཡིད་དང་བའི་མོས་ངོར་རབ་བསམས་ཏེ། །ངག་འོ་དོད་ཀྱི་སྒྲ་དབྱངས་འདི་འབོད་ན། །ཐུགས་བརྩེ་ཆེན་གྱི་གཟིགས་པ་མ་གཡེལ་ཞིག །སྙིང་ཀུན་རྨོང་གི་མེ་ལྕེས་ཟིན་བཞིན་དུ། །བློ་མོས་གུས་ཀྱི་གདོང་བ་ར་རི་ཞིག །ལྷ་ཟུར་ཕུད་ལྔ་པའི་ཞབས་པད་ཕྱོགས། །ད་གྲུབ་འབྲས་ཀྱི་སྐལ་བ་མི་སྩལ་ན། །སྤྲང་སྡུག་བསྔལ་གྱི་གཡང་སར་སླར་ཡང་འགྲོ། །ཡིད་ཤེས་རབ་ཀྱི་འབྱོར་པས་ཕོངས་བཞིན་དུ། །བློ་དད་གསུམ་གྱི་སྤྲང་སྒྱེ་འདི་བཟུང་སྟེ། །སྐྱབས་ལག་ན་རལ་གྲིའི་ཞབས་དྲུང་ན། །ངག་སྨྲེ་སྔགས་ཀྱི་ཀུ་ཅོ་འདོན་ཞིང་འདུག །ད་དངོས་གྲུབ་ཀྱི་ནོར་སྐལ་མི་གནང་ན། །སྤྲང་སྐྱབས་མེད་དུ་འཁོར་བའི་གཡང་སར་མཆི། །མི་ཉམ་ཆུང་གི་སྤྲང་པོ་འཇིགས་


TN00_Page_129A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི། །བློ་གཏད་ས་དེ་ཁྱོད་ལས་གཞན་མ་རྙེད། །ངས་ཉིན་མཚན་དུ་གདུད་ཡུས་ཁ་ཏོན་བྱས། །ད་མཚན་བཟང་གི་གསེར་ཞལ་མི་སྟོན་ན། །སྤྲང་འདུན་མའི་གཏད་སོ་སུ་ལ་འཆའ། །ལྷ་མཁྱེན་པའི་གཏེར་ཆེན་སེམས་ལ་བཏགས། །མིག་མཆི་མའི་ཆུ་རྒྱུན་དྲག་ཏུ་གཡོ། །ལག་ཐལ་མོའི་གེ་སར་གཙུག་ཏུ་བཅིང༌། །ལུས་གུས་པའི་རྣམ་འགྱུར་འདི་བཅས་ནས། །ལྷ་འཇམ་དཔལ་གཞོན་ནུའི་མཚན་ནས་འབོད། །སྐྱབས་ཐུགས་རྗེ་ཅན་དེས་གསན་ལགས་སམ། །ངས་རྩེ་གཅིག་ཏུ་འཕགས་མཆོག་ཡིད་ལ་བྱས། །ལྷས་ཉིན་གཅིག་ཀྱང་དགྱེས་ཞལ་བསྟན་པ་མེད། །ངའི་རེ་བའི་རེ་འབྲས་དཀའ་དཀའ་འདྲ། །དུས་ད་དུང་ཡང་རེ་ཐག་རྒྱུན་མ་ཆད། །འདི་གཟིགས་སམ་འཇམ་མགོན་མཁྱེན་པའི་ལྷ། །ཞབས་རྩིབས་སྟོང་གི་འཁོར་ལོ་དཔལ་ཡོན་ཅན། །སྤྱི་གཙུག་ཏུ་འཇོག་པའི་བཀའ་དྲིན་ཞུ།། ༈ །།སྙིང་ལ་བློ་གྲོས་སྣང་བ། །སྦྱིན་མཛད་ཆོས་ཀྱི་ཉི་མ། །དཔལ་ལྡན་ཨོ་ཌིའི་སངས་རྒྱས། །ཀུན་མཁྱེན་བློ་ལྡན་མཆོག་སྲེད། །པཎ་གྲུབ་བྱེ་བའི་གྲལ་ན། །མཚུངས་མེད་མི་ཡི་སེང་གེ༌།རིག་གྲོལ་རྟོགས་པའི་གཏེར་ཆེན། །མཁས་པ་བློ་ལྡན་མཆོག་སྲེད། །མཁའ་ཁྱབ་ཞིང་ཁམས་རྒྱ་མཚོར། །ཇི་སྙེད་རྒྱལ་དང་རྒྱལ་སྲས། །སྤྲོ་ཞིང་སྡུད་པའི་བདག་ཉིད། །བདེ་གཤེགས་བློ་ལྡན་མཆོག་སྲེད། །དབྱིངས་ལས་གཡོ་བ་མེད་


TN00_Page_129B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །གང་འདུལ་མོས་པའི་སྣང་ངོར། །མཚན་དང་སྐུ་ཡི་བཀོད་པ། །སྣང་མཛད་བློ་ལྡན་མཆོག་སྲེད། །རྨོངས་ཤིང་དམན་པའི་གདུལ་བྱར། །ཐུགས་རྗེ་ལྷག་པར་རྒྱས་ཏེ། །རྩོལ་མེད་གཞན་ཕན་མཛད་པའི། །བརྩེ་ཆེན་བློ་ལྡན་མཆོག་སྲེད། །རིག་འཛིན་མཁའ་འགྲོའི་ཚོགས་རྗེ། །སྒྱུ་མ་ཡེ་ཤེས་ལུས་ཅན། །བདེ་ཆེན་ཉམས་བརྒྱ་འབར་བའི། །དགྱེས་མཛད་བློ་ལྡན་མཆོག་སྲེད། །བློ་ཆེན་འབུམ་གྱི་སྤྱི་བོར། །ཞབས་སེན་ཟླ་སྣང་འཇོ་ཞིང༌། །མི་ཟད་སྤོབས་པའི་གཏེར་ཆེན། །བློ་མཆོག་བློ་ལྡན་མཆོག་སྲེད། །འོད་གསལ་སྣང་བཞིའི་གྲོང་ན། །ཀུན་སྣང་ཡེ་ཤེས་རོལ་མོ། །འགགས་མེད་སྣང་ཞིང་འཕྲུལ་པའི། །རང་རིག་བློ་ལྡན་མཆོག་སྲེད། །ཨ་ཧོ། གཉུག་མ་བློ་ལྡན་མཆོག་སྲེད། །བཙལ་ནས་རྙེད་རྒྱུར་མི་གདའ། །གདོད་མའི་གྲོལ་གཞི་ཆེན་པོ། །ཡེ་བཞག་འཕོ་འགྱུར་མེད་པའི། །གནས་ལུགས་རིག་སྟོང་དབྱེར་མེད། །མི་ཤིག་རང་བྱུང་ཐིག་ལེ། །དོན་གྱི་བློ་ལྡན་མཆོག་སྲེད། །ཙིཏྟ་ཕྱི་ནས་འཚོལ་བ་ཧོ་ཧོ། །རང་གནས་གཞན་དུ་འཚོལ་བ་ཧོ་ཧོ། །རང་ངོ་རང་གིས་མ་ཤེས་ཧོ་ཧོ། །ལག་པའི་ལྟོ་རྒྱབ་ནོར་བ་ཧོ་ཧོ།། །།དགེའོ།། ༈ །།ཕ་བཀའ་དྲིན་འཁོར་མེད་མཁྱེན་བརྩེའི་ལྷ། །སངས་རྒྱས་མི་གཟུགས་ཀྱི་རྫུ་བག་ཅན། །མཚན་བརྗོད་ན་རྡོ་རྗེ་གཟི་བརྗིད་རྩལ། །བུའི་སྙིང་དབུས་བཞུགས་ལ་བྱིན་གྱིས་རློབས། །རྒྱལ་ཁམས་ཀྱི་བླ་མ་བཟང་


TN00_Page_130A
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དང༌། །གྲགས་པ་འུར་འུར་གྱི་རྗེས་མི་ཆོད། །ངའི་བླ་མ་དྲན་ཆོག་རྒྱལ་པོ་དེ། །བསླུ་མེད་ཀྱི་མགོན་པོ་ཁྱོད་ལ་ཞུ། །ཕ་རིག་འཛིན་ཁྱོད་ཀྱི་བཀའ་དྲིན་ལས། །ཆོས་རྫོགས་པ་ཆེན་པོ་གཉུག་མའི་བབས། །ཡེ་གྲོལ་གྱི་རིག་པ་རྗེན་པ་དེར། །སྤྲང་བདག་འདྲའི་ཡིད་ཀྱང་གོ་བ་སྐྱེས། །དེར་བཅོས་མའི་དད་པ་སོག་པོ། །བཟོ་མ་དང་མགར་མའི་རྫུན་རྐྱལ་དུ། །ཕུགས་ཁོང་ནས་རྡིབ་པའི་ཤེས་པ་ཁོ། །བཅོས་མིན་གྱི་དད་པར་སོང་ལ་ཁད། །ཕ་བླ་མ་སངས་རྒྱས་ཡིན་ཟེར་མཁན། །རྒྱལ་ཁམས་ན་ཅི་ཡོད་ཅི་མེད་དེ། །སྤངས་རྟོགས་ཡོངས་རྫོགས་ཀྱི་ངེས་ཤེས་ལ། །ཐུག་ན་སྦུད་པ་བུས་པ་འདྲ། །ངེད་ཀུན་མཁྱེན་བརྒྱུད་པའི་བུ་རྒྱུད་ལ། །མོས་གུས་ཚིག་རྗེས་སུ་ཤོར་བ་མེད། །དད་པས་ཁམས་འདུས་གསོ་བ་ཞིག །ལས་ཅན་གྱི་སློབ་མར་བསྔགས་པ་ཡིན། །ང་བརྒྱུད་པ་བཟང་པོའི་རིགས་སྐྱེས་ཀྱང༌། །རྟོག་གེ་མགོ་མཁྲེགས་ཀྱི་ཐན་སྐད་འདིས། །རྒྱུད་ཐ་རྒོད་ཀྱི་ཉམ་ངར་ཅུང་ཟད་འཕྱན། །རྒྱལ་རིགས་ད་ཕྲུགས་སུ་ལྷུང་བ་བཞིན། །དེ་འོན་ཀྱང་མགོན་པོ་པདྨའི་ཞབས། །ཐུགས་སྲས་རིག་འཛིན་གྱི་ཚོམ་བུར་བཅས། །ཡིད་དང་བའི་མོས་ངོར་བསྒོམས་བསྒོམས་པས། །ད་རང་ལུགས་ཉམས་ཀྱིས་དོགས་པ་མེད། །ངའི་ཆོས་གྲོགས་ཆོས་པར་རེ་བ་འགའ། །གདམས་ངག་དེ་ངེད་ཀྱི་ཆོས་


TN00_Page_130B
[མ་དཔེ་གཟིགས་ན་འདིར་གནོན།]

གྲར་ཞུས། །བསྔགས་བརྗོད་དེ་རྟོག་གེའི་རྩོད་གྲར་བྱེད། །ཉིན་ཟོས་སྲིབ་ཉལ་གྱི་རྣམ་ཐར་ཅན། །ངའི་མན་ངག་ཀུན་མཁྱེན་བརྒྱུད་པའི་ཆོས། །བློ་རྩེ་ཀུན་མཁྱེན་གྱི་གཞུང་ལ་གཏོད། །ཚེ་རབས་ཀྱི་གྲོས་ཕུགས་བཅོལ་ས་དེ། །དོན་རྫོགས་པ་ཆེན་པོ་ཁོང་ལ་ཞུས།། ༈ །།ཕ་ཟབ་ལམ་རྡོ་རྗེའི་བླ་མ་མཆོག །མཚན་བརྗོད་ན་འཇིགས་མེད་མཁྱེན་བརྩེའི་ལྷ། །དེ་ཡང་ཡང་དྲན་པས་སྙིང་ཁམས་འདི། །དད་པའི་ཚོས་མདོག་ཏུ་ལམ་གྱིས་འགྲོ། །གནས་རི་ཁྲོད་འདོད་པའི་སྒོམ་ཕྲུག་ཚོ། །བྱ་བ་བློས་བཏང་སྔ་དྲག་པས། །རྟོག་ངན་གྱི་དུག་རོ་ལང་ཙ་ན། །ཞེན་ལོག་གི་ལས་མཐའ་ལོག་ཏ་རེ། །ཆོས་འཆི་ཁར་ཕན་ངེས་ཞིག་མཛད་བཞེད་ན། །གྲོ་བརྒྱགས་སུ་གཏད་པ་བཞི་ལྡན་དགོས། །ལྟོ་གོས་གཏམ་གསུམ་པོ་མི་ཕྱིད་ན། །མཐོ་དྲག་ན་དམའ་སར་ལྷུང་གིས་དོགས། །ལྟོ་མུ་གེས་གདུངས་བའི་དཀའ་སྤྱད་དང༌། །རྒྱབ་ལྷག་པ་ཕྱུར་བའི་སྙིང་རུས་ཞིག །བྱུང་ན་བཟང་གསུམ་གྱི་རྩེ་མོ་ལོ། །མདོ་འགགས་སུ་གོ་མཉེད་ཡོང་ཡོང་མཛོད། །ཕྱི་ཕྱུགས་ལུག་ཀོ་བ་མ་ལགས་ཏེ། །ནང་གཤིས་ངན་སེམས་ཀྱི་ཀོ་གྱོང་འདི། །ཐབས་ཟབ་མོ་བླ་མའི་གདམ་ངག་གིས། །མཉེད་ལྷན་ལྷན་བབས་ཚེ་ཆོས་ལ་ལགས། །ལམ་དལ་འབྱོར་རྙེད་དཀའི་བློ་རྩེ་ནས། །ཐེག་དགུ་ཡི་རྩེ་མོ་རྫོགས་ཆེན་བར། །དེ་རང་སེམས་འདུལ་བ་ཁོ་ནའི་ཕྱིར། །མགོན་སྐྱོབ་པ་


TN00_Page_131A
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་དེ་ཡིས་གསུངས། །ད་བསམ་གཞིག་རང་གི་སེམས་ལ་ཐོངས། །རྟོག་དཔྱོད་ཀྱི་རྩེ་མོ་ནང་དུ་སྐོར། །དཔྱད་སྒོམ་གྱི་རྣོ་སོ་རང་ལ་སྟོན། །འུག་པའི་མགོ་ཅན་དེ་ཅི་ཐུལ་ཞུ། །དཀར་ཕྱོགས་ཀྱི་ཉིན་མོ་མི་གྲགས་སྟེ། །མི་སྐལ་ངན་མཚན་མོ་ལྷང་ལྷང་གྲགས། །ཉེས་སྤྱོད་ཀྱི་ལྟས་ངན་སྣ་དགུའི་མཛོད། །ཕུང་བྱེད་ཀྱི་འུག་རྒན་ག་ན་གདའ། ཁོ་ཡུལ་དྲག་ཐང་ནས་མི་རྙེད་ཀྱི། །སེམས་བག་མེད་ཤིང་རྩེར་ཉལ་ཚབ་ཆེ། །ཐུགས་བསམ་གྱི་བཀྱེ་འགྱེད་དེ་རུ་ཐོང༌། །དགྲ་ཞེ་འཁུའི་སྙིང་རྡོ་དེ་ན་གདའ། །མིང་ལ་རྟག་འཛིན་གྱི་འགོང་པོ་ཟེར། །འདིར་སྣང་གི་ཕྱི་ཚིས་བྱེད་ཀྱིན་ཡོད། །ཕྱག་རྡོག་པོ་གཅིག་གི་དགེ་སྦྱོར་ཀྱང༌། །ལོག་འཆུ་རུ་འཁྲིད་མཁན་ཁོ་ལས་མེད། །ད་ཆུ་བུར་རྡོས་འདྲའི་བེམ་ཀོག་དང༌། །ཤ་མེད་སྤུ་མེད་ཀྱི་ཚེ་སྲོག་འདི། །འཆི་བདག་གིས་དགུང་ལ་མ་སྤུར་གོང༌། །ཤུལ་རིང་གི་སྐྱེལ་མ་ཅི་རྙེད་མཛོད། །ཚེ་ནམ་གཞུག་སྦྲང་མའི་ཚང་ཁང་འདི། །ཤི་གཤིན་རྗེ་བྱང་འབྲོང་རྨིག་ར་ཡིས། །ནམ་གཅུར་གྱི་ངེས་པ་མི་ཤེས་པས། །འཆི་ཀའི་འཕྱོར་ཆས་དེ་མ་མཛད་ཅིག །ལམ་རིང་པོ་བར་དོའི་འཕྲང་ན་ཡོད། །གྱི་ལིང་གི་གཞོན་པ་ག་འདྲ་བདོག །དགྲ་ཁ་དྲག་དམྱལ་བའི་ལས་མཁན་ཡིན། །འཇིགས་མེད་ཀྱི་གདེངས་ཚད་ཅི་འདྲ་གདའ། །ལར་དམྱལ་བ་ཟེར་བའི་སྒྲ་བོ་ཆེ། །མི་སྡིག་ཅན་ཤི་བའི་འགྲོ་ཁུང་


TN00_Page_131B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྡིག་པ་ཆ་ལུགས་ཀྱི་སྟེང་ན་མེད། །ལས་དགེ་སྡིག་རང་གི་སེམས་ལ་ལྟོས། །ང་འཆི་འཆི་ཤི་ན་སྐྲག་སྐྲག་ཟེར། །འཆི་ཁ་ལ་བཏགས་ནས་གསོན་དུ་རེ། །ཚེ་ཕྱི་མའི་འདུག་ཆུས་གང་བྱུང་བྱེད། །སྤྱང་གྲུང་གི་མི་ཕོ་ཚོ་ཡིན་ལེ་ལེ། །སྤྱང་བཅེན་ཕྱུག་སྒྲུབ་པའི་ཕོ་རྒོད་དང༌། །གླེན་འུག་པ་སྣོད་བཏུམ་མི་ངན་གཉིས། །འཆི་བདག་གི་སྲིན་པོ་ཁྲག་མིག་མདུན། །དཀར་ནག་གི་ཐང་ཤ་མཉམ་པར་གཅོད། །དུས་དེ་ཚེ་མལ་གྱི་ཐ་མ་ཞིག །གཅིན་སྟུག་གིས་བཀང་བའི་སྟན་ཐོག་ན། །བྲང་རུས་ཀྱི་པགས་པ་མཉེ་ཙ་ན། །འཁྲུལ་སྣང་གི་སུན་མ་བྱུང་ཙ་ན། །ཚེ་འདི་ཕྱིའི་བར་ལག་འབྱེད་ཙ་ན། །ཤུལ་རིང་གི་ཐག་པ་བསྡོག་ཙ་ན། །ཞུམ་འོ་དོད་འབོད་ཚེ་ཨ་ཙ་མ། །མིག་ཧུར་ཧུར་བྱེད་ཚེ་ཨ་ཙ་མ། །དབུགས་ཤུགས་རིང་འབྱིན་ཚེ་ཨ་ཙ་མ། །དགྲ་འཆི་བདག་ཞགས་པས་རྐེ་ནས་བཏགས། །ལས་ངན་གྱི་ཉེས་པ་རྣ་བར་བསྒྲགས། །ཤི་དམྱལ་བར་ཁྲིད་པའི་གྲོང་སྒོ་ན། །གོས་མེད་ཀྱི་གཅེར་བུ་འཇིགས་པ་ལ། །བཤེས་མེད་ཀྱི་གཅིག་པུར་འཇིགས་པ་ལ། །ནོར་མེད་ཀྱི་ལག་སྟོང་འཇིགས་པ་ལ། །སྡིག་ཅན་གྱི་མི་མཁན་ཨ་ཙི་ཙི། །མི་ཕྱུག་གི་ཤི་སྐད་ཐོས་ཙ་ན། །ཤི་བར་དོ་ཟེར་བའི་གྲགས་པ་ཅན། །དུས་དོ་མོད་ཀྱི་མཚན་མོ་ཚུན་ཆད་ཀྱང༌། །གཉའ་ཐོག་ཏུ་འཆར་གྲབ་འཆར་གྲབ་ལགས། །ད་འཆི་ཆོས་རང་དྲིན་རང་ཆེ་ཞིག །རན་པས་མི་ཚད་འཕྱིས་


TN00_Page_132A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ། །དེ་ཐུགས་ལ་དགོངས་སམ་འཇིགས་མེད་བཟང༌། །སྤྲང་སྨྱོན་གྱི་ཡིད་ལ་ཤར་ཚོད་ལགས། །ཞེས་པའང་ད་རི་དྲ་འདུ་ཤེས་གསུམ་པའི་བན་གཞོན་ཞིག་གིས་གང་དྲན་སྐད་ཅིག་ལ་བྲིས་པའོ།། ༈ །།ཕ་བླ་མ་མཁྱེན་བརྩེའི་ཟློས་གར་མཆོད། །གླུ་ཚིག་ཐུང་རྐང་པ་དུམ་ཆོད་མ། །ངག་སྙན་པོས་ལེན་འདོད་མི་འདུག་སྟེ། །གང་དྲན་གྱི་སྨྱོ་གླུ་ཚིག་གསུམ་ལེན། །གླུ་བླང་ན་ཆོས་ཀུན་གླུ་ཆོས་ཏེ། །མགྲིན་པ་འདི་གླུ་ཡི་བང་མཛོད་ཡིན། །ངེད་དེ་འདྲའི་དོ་ཧ་མི་ཤེས་པས། །གླུ་བླང་ན་གྲེ་བ་དོག་མོར་གདའ། །དེ་འོན་ཀྱང་བཤེས་གཉེན་མ་ཏིའི་མཚན། །བཞི་ཆ་གསུམ་བྲལ་གྱི་ཆོས་སྐད་འདི། །གླུ་ཚིགས་བཅད་ལམ་ནས་དྲོངས་ཤིག་ཅེས། །བཀའ་སྩལ་ཏེ་ཟློག་ཏུ་ཅུང་མ་སྤོབས། །ལམ་ཐེག་པའི་རྩེ་རྒྱལ་རྫོགས་པ་ཆེ། །ཟབ་པའི་གནད་ཅིག་མ་ཤེས་ན། །ཟབ་ཁ་ལ་བཏགས་ཀྱང་དོན་རྩ་ཆུང༌། །བསྟོད་མི་ཤེས་སྨད་རའི་གཞི་མར་འགྲོ། །སྤྱིར་རྡོ་རྗེ་ཐེག་པའི་ཟབ་ཁྱད་དང༌། །དགོས་བླ་མེད་ཐེག་པའི་དགོངས་དོན་ལ། །གོ་བ་རགས་པ་ཙམ་མ་བྱུང་ན། །རྡོ་རྗེ་སྐེད་བཟུང་ཞིག་དཀའ་བར་སྣང༌། །ད་མང་རབ་དེ་ཚོ་ཕར་བཞག་ནས། །མི་ཉན་ཤེས་ཀྱི་རྣ་བ་བཟང་པོ་ལ། །མགོ་མེད་འཇུག་མེད་ཀྱི་རྣ་རྒྱན་ཞིག །འདོགས་པ་དུས་སུ་བབས་པ་ལགས། །སེམས་རིག་པ་གཉིས་ཀྱི་ཐ་སྙད་འདི། །སྒོམ་ཆེན་གྱི་ཞལ་ན་རླུང་ལྟར་གྲགས། །གྲོགས་གྲགས་པ་ཆེ་སར་ཡོད་ན་ཀོ །དེ་ཞིབ་


TN00_Page_132B
[མ་དཔེ་གཟིགས་ན་འདིར་གནོན།]

མོར་བཤད་དུ་ཅི་ཞིག་དགོས། །དེ་ཐུགས་ལ་བཅིངས་ནས་སྐབས་དོན་འདིར། །བཞི་ཆ་དེ་རིག་པ་ཀ་དག་ལ། །གསུམ་སེམས་ལ་བྱས་པའི་གོལ་ས་འདི། །གཞི་མེད་རྩ་བྲལ་དུ་ཆོད་ལ་ཤོག །སེམས་ཀུན་རྟོག་བརྒྱད་ཅུའི་དབྱེ་བ་དེ། །གསུམ་དུ་བསྡུས་པ་མི་ཤེས་ན། །སེམས་ཅི་ཟེར་འདི་ཟེར་ཐབས་རྡུགས་ནས། །གནས་འགྱུའི་བརྡ་ཆད་ལ་སྐྱབས་སུ་མཆིས། །ལར་འགྱུ་བ་སེམས་སུ་བཏགས་པ་ཙམ། །འགལ་འདུའི་སྣ་འདྲེན་མ་ལགས་མོད། །སྤྱི་རྒྱ་དེ་རླབས་ཀྱིས་མ་ཆོད་ན། ཁོལ་ཚེས་བང་ཐག་མི་ཆོད་ལགས། །དོན་དེ་སླད་ཀུན་རྟོག་སྤྲོས་པའི་ཁམས། །ངོ་བོ་བརྒྱད་ཅུ་རུ་ཕྱེ་མོད་ཀྱི། །ཡུལ་འདུས་བྱས་དངོས་པོའི་སྣང་བ་ཀུན། །དུས་གསུམ་དུ་བསྡུ་བ་འདི་ཡི་ལུགས། །དུས་ལྡན་མིན་འདུ་བྱེད་ཡིན་མོད་ཀྱི། །དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་ལ། །ཕུང་པོ་ལྔས་བསྡུས་ཀྱི་ཆོས་ཀུན་འདུ། །འདུས་མ་བྱས་ཆོས་ཀྱང་ཞར་ལ་མཚོན། །དེ་ཡུལ་ལས་ཡུལ་ཅན་ཕྱེ་བ་ཡིས། །རྟོག་པ་རྣམ་གསུམ་དུ་གྲགས་པ་དེ། །ཤུགས་འབྱུང་གི་དྲན་པ་གཉུག་མའི་ཁམས། །བཟོ་མེད་དུ་ཁྲོལ་ལེར་ཤིག་ལ་ཞོག །དེར་བཞག་ན་རྟོག་མེད་རིག་པའི་གཤིས། །དཀར་དམར་ནག་གསུམ་གྱིས་མ་བསླད་པའི། །གཤིས་འོད་གསལ་རིག་པ་བུམ་པའི་སྐུ། །ནམ་མཁའི་གཟུགས་ཅན་དེ་འབྱོན་ཞིང་འོང༌། །འདི་རང་བཞིན་རྫོགས་པ་ཆེན་པོ་ཞེས། །


TN00_Page_133A
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཆེན་སྟོང་གི་སྙིང་རྡོ་སྟེ། །རྟོགས་ལྡན་ཁྲི་ཡིས་མ་རྟོགས་པ། །རྟོགས་དཀའི་ཟབ་མོ་གསང་བ་ཡིན། །དེ་བཞི་ཆར་གྲགས་པའི་བརྡ་ཆད་འདི། །དང་པོ་འདས་དུས་ཀྱི་རྗེས་གཅོད་ལ། །གཉིས་པ་ད་ལྟའི་ཆ་འཛིན་ཏེ། །ཆ་གསུམ་པ་འབྱུང་འགྱུར་སྡུན་བསུ་ཡིན། །དེ་དག་དང་བྲལ་བའི་གཉུག་སེམས་ལ། །ཆ་བཞི་པའི་བརྡ་ཆད་མཛད་པ་སྟེ། །ཀློང་ཆེན་གྱི་རིག་པ་ཀ་དག་ལ། །གསུམ་བཞི་ཡི་ཐ་སྙད་ཅིག་ཡོད་དོགས་མེད། །ངོ་འཕྲོད་ན་ཚིག་བརྒྱ་དོན་གཅིག་སྟེ། །འུག་པ་གླད་ལོག་གི་བྱིས་པ་ལ། །གོ་སླ་བར་བཤད་པའི་བརྡ་ཆད་ཀྱང༌། །ཀོ་དམར་གཡོགས་རྒྱབ་ཏུ་འགྲོ་ཡིན་གདའ། །བཞི་ཆ་སྙིང་དབུས་ན་གཟིམས་ཏེ་ཡོད། །གསུམ་ལས་རླུང་རྟ་ལ་བསྐྱོན་ནས་སོང༌། །རླུང་རང་སར་བཞག་ན་དགའ་བ་ལ། །གསུམ་བྲལ་འཐོབ་པའི་ལམ་གནད་ཡིན། །བཞི་ཆ་ལ་གཞོན་ནུ་བུམ་སྐུ་ཟེར། །ཐམས་ཅད་སྟོང་པའང་ཁོང་ལ་ཞུ། །གསུམ་ཡིད་དཔྱོད་རྟོག་པའི་འཆིང་བ་ཟེར། །འཆིང་བ་དང་བྲལ་ན་བཞི་ཆ་ཡིན། །ཕྲ་རགས་ཀྱི་ཀུན་རྟོག་ཡོད་དོ་ཅོག །གསུམ་གྱི་ཕྱོགས་མཐུན་དུ་ཧྲིལ་ཧྲིལ་འདུ། །སྣང་གསུམ་ཁོ་བཞི་ཆ་མ་ལགས་ཀྱང༌། །བཞི་ཆའི་ཕྱོགས་མཐུན་དུ་མཁྱེན་པར་མཛོད། །ལར་བཞི་ཆ་འདི་གསུམ་གྱི་སྦྱང་གཞི་སྟེ། །གསུམ་པོ་ཁོ་སྦྱང་བྱའི་ཆོས་སུ་བཞག །འབྲལ་བ་ལ་ངང་གིས་འབྲལ་བ་དང༌། །སྒོམ་བྱུང་གིས་བྲལ་བ་


TN00_Page_133B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཤིག་ཡོད། །འབྲལ་ལུགས་དང་པོ་མཁྱེན་བཞེད་ན། །མི་འཆི་ཀ་མ་ལ་དྲིས་ཤིག་ཨང༌། །འབྲལ་ལུགས་ཕྱི་མ་ལ་བསླབ་བཞེད་ན། །འོད་གསལ་ངང་སྒོམ་ལ་བགྲོ་གླེང་མཛོད། །བཞི་ཆ་གསུམ་བྲལ་གྱི་གོ་བ་འདིའི། །མཐའ་བཅད་ན་སྲིད་པའི་སྒྲུང་རབས་ཙམ། །ཕྱོགས་བསྡུས་ན་སྨྱོ་གླུ་ཚིག་གསུམ་ཡིན། །ཕ་ཀུན་མཁྱེན་བརྒྱུད་པའི་མཆོད་པར་བཞེས། །ཞེས་ཡོངས་འཛིན་དགེ་རྒན་བློ་གྲོས་ནས་བཀའ་ཕེབས་བསྩལ་བ་ལྟར། སྤྲང་ཕྲུག་མདོ་མེད་འཇིགས་མེད་བསྟན་རྒྱམ་གྱིས་དྲན་ཚད་ས་བཤད་རྡོ་བཤད་དུ་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།ཕ་ཀུན་མཁྱེན་བརྒྱུད་པར་སྙིང་ནས་འདུད། །ལམ་རྡོ་རྗེ་ཐེག་པའི་སྙིང་པོའི་བཅུད། །སེམས་གཉུག་མའི་དེ་ཉིད་སྒོམ་འདོད་ན། །གཞི་དམ་ཚིག་སྡོམ་པ་མིག་བཞིན་སྲུངས། །གནད་རིམ་གཉིས་ཟབ་མོས་ཁོག་ཕུབ་སྟེ། །འོད་གསལ་གྱི་རང་བཞིན་ཕྱག་རྒྱ་ཆེ། །ཡིད་ཀུན་རྟོག་རླུང་གི་ཁ་ལོ་ཅན། །དེ་སྦྲིན་ཚོགས་ནམ་མཁར་དེངས་པ་བཞིན། །དབྱིངས་སྟོང་པར་དག་པའི་རིག་མདངས་ཆ། །ཆེས་ཕྲ་ཡང་ཉི་མ་བརྒྱ་ལྟར་གསལ། །གཤིས་བདེ་བས་ཁྱབ་ཀྱང་ཆགས་རྟོག་མེད། །རང་ཉམས་སུ་མྱོང་ཡང་སྨྲ་དཀའ་བའི། །གནད་ངོ་མཚར་ཅན་འདི་ཤེས་བྱོས་ལ། །དེ་མ་བརྗེད་དྲན་པའི་ལྕགས་ཀྱུས་ཟུངས། །ཡུལ་བཟང་ངན་བར་མའི་སྣང་བ་དང༌། །བློ་སྣ་ཚོགས་རྟོག་པའི་ཡོ་ལང་ཀུན། །ནང་འོད་གསལ་རིག་པའི་རྣམ་འཕྲུལ་དུ། །བལྟ་ཤེས་ན་མཉམ་བཞག་རྟོགས་པའི་གྲོགས། །


TN00_Page_134A
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཏིང་མཐའ་བྲལ་བའི་སྟོང་པ་དག་ཁྱབ་གདལ་གྱི་རིག་པ་དབྱེར་མེད་ལས། །རྩལ་འགགས་མེད་ཅིར་ཡང་འཆར་བ་འདིར། །ངེད་རྫོགས་ཆེན་པའི་གསང་གཏམ་མང་པོ་ཡོད། །ལར་རྫོགས་ཆེན་བློ་འདས་རིག་པ་དང༌། །དཔལ་དུས་འཁོར་རྒྱུད་སྡེའི་རིང་ལུགས་ཀྱི། །ལམ་མི་འགྱུར་བདེ་བའི་བསྒྲུབ་གཞི་གཉིས། །མིང་འདོགས་ཚུལ་ཙམ་ལས་སོ་སོར་མེད། །རྩ་དྷུ་ཏིའི་ནམ་མཁར་སྟོང་གཟུགས་ཀྱི། །སྣང་བ་མཐའ་མེད་དུ་འབྱུང་བ་ཡང༌། །སོར་སྡུད་ཀྱི་དམིགས་པ་ཡིད་བྱེད་མཐུས། །གཞི་འོད་གསལ་འདི་ནང་འཆར་བ་ཡིན། །ཚུལ་དེ་ཕྱིར་བདེ་སྟོང་དབྱེར་མེད་དང༌། །གནད་རིག་སྟོང་ཟུང་འཇུག་ལ་སོགས་པ། །མིང་དུ་མས་བསྙད་བྱའི་སེམས་ཉིད་འདི། །སྐྱོང་མཁས་པ་ལམ་གྱི་སྙིང་པོར་ཟུངས། །རང་ཟབ་དོན་རྟོགས་པའི་མི་མིན་ཡང༌། །ཤར་རྒྱལ་མོ་རོང་པས་བསྐུལ་འདེབས་ཚིག །ནན་ཆེས་ནས་ཡིད་ལ་གང་ཤར་བྲིས། །དེའི་དགེ་བས་འགྲོ་ཀུན་གྲོལ་བར་ཤོག །སྤྲང་རྒན་བསྟན་ཉིས་ཡུད་ཙམ་ལ་བྲིས་པ་དག།ཨེ༌༈ །།འོད་གསལ་གྱི་རིག་པ་གཏད་མེད་དུ་བཏང་ནས། །སྣང་གྲགས་ལ་ཀློང་ཆེན་ཡེ་རྒྱ་ཡིས་བཏབ་པས། །བདེ་སྟོང་གི་ཆོ་འཕྲུལ་མཁའ་མཉམ་དུ་གདལ་ཏེ། །གཟུང་འཛིན་གྱི་འཆིང་བ་ཆོས་ཉིད་དུ་དེངས་སོང༌། །ལྷུན་གྲུབ་ཀྱི་འཇའ་སྐུ་སྙིང་དབུས་སུ་མཐོང་ནས། །བྱ་རྩོལ་གྱི་སྤྲོས་པ་ཅོག་བཞག་ཏུ་བཏང་ཡོད། །དམིགས་གཏད་


TN00_Page_134B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཚན་མ་རང་གྲོལ་དུ་བཤིག་ན། །རླུང་སེམས་ཀུན་དབུ་མ་འོད་གསལ་དུ་འདུས་འགྲོ། །ཨ་ཧོ་ཡ་སྣང་ཤེས་འདི་བདེན་མེད་ཀྱི་རང་བཞིན། །སྙིང་དབུས་ཀྱི་རྩ་འཁོར་ཉེར་བཞི་ཡི་ཡུལ་ཆེན། །བདེ་སྟོང་གི་ཞབས་བྲོ་ལྡིར་ལྡིར་གྱི་ངང་ནས། །སྤྲོས་མེད་ཀྱི་བརྟུལ་ཞུགས་གང་དགའ་རུ་སྐྱོངས་ཤོག །སྟག་ཤམ་དང་རུས་པའི་རྒྱན་ཆ་ཚོ་ཁྲོལ་ཁྲོལ། ཁ་ཊྭཱཾ་དང་ཅང་ཏེའུ་དབྱངས་གདངས་དང་ལྷན་ཅིག །རོ་ལང་གི་གཉའ་བར་བརྟུལ་ཞུགས་ཀྱིས་ཞོན་པའི། །རྐང་བྲོ་དེ་སྙིང་ལ་ཀམ་ཀམ་རང་ཤར་བྱུང༌། །འཇོག་སྒོམ་གྱི་དྲན་པ་ལྷོད་ལྷོད་དང་འབོལ་འབོལ། །གཉུག་མ་ཡི་འོད་གསལ་ཤིག་ཤིག་དང་ཁྲོལ་ཁྲོལ། །ཤན་འབྱེད་ཀྱི་ངང་མཆུ་ངེས་ངེས་ཤིག་མེད་ན། །ཐ་མལ་གྱི་ལྟ་བའི་ཞལ་ངོ་དེ་བསྐུང་དོགས། །ལས་རླུང་གི་དྲ་བ་རྟོག་ཚོགས་ཀྱི་བཞོན་པ། །སྣང་གསུམ་དང་བཅས་པའི་སྒྲིབ་བྱེད་ཀྱི་འཆིང་བ། །རྩོལ་མེད་དུ་གྲོལ་བའི་ནང་གསལ་གྱི་བུམ་སྐུ། །རང་བབས་སུ་བཞག་ན་རྫོགས་ཆེན་གྱི་ལྟ་སྒོམ། །བདེ་ཆེན་གྱི་རིག་པ་འཕོ་མེད་དུ་བཞག་པས། །གསལ་ངར་གྱི་རང་མདངས་འཆར་ནུབ་རང་མེད་དེ། །ཀུན་རྟོག་དང་སྒོ་ལྔའི་འགྱུ་དྲན་གྱི་སྙེམ་ཐག །ད་ལྟར་གྱི་རིག་པ་རྗེན་དེད་དེས་བཅད་ཐལ། །ལྟ་སྒོམ་ལ་མཐོ་བ་འོད་གསལ་གྱི་ཐེག་པ། །བརྟུལ་ཞུགས་ལ་རྣོ་བ་འཁོར་འདས་ཀྱི་རུ་ཤན། །ཟུང་འབྲེལ་དུ་སྦྲེལ་བའི་རྣལ་འབྱོར་གྱི་དབང་ཕྱུག །ད་ལྟ་ནས་གདོད་མའི་ནང་དབྱིངས་སུ་


TN00_Page_135A
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་འགྲོ། །ཞིང་སྐྱེས་ཀྱི་་འདུ་བ་དང་ལྷན་ཅིག །བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་ཐབས་རང་མེད་ན། །རྡོ་རྗེ་ཡི་ཕུང་པོ་རང་བྱུང་གི་དུར་ཁྲོད། །འདི་ཉིད་དུ་རིག་སྟོང་ཁ་སྦྱོར་ལ་བཞུགས་མཛོད། །གནས་ཆེན་ལ་ཨ་བ་དྷུ་ཏི་ཡི་བང་མཛོད། །གཉན་ཁྲོད་ལ་སྙིང་གའི་རླུང་རིག་གི་ཐིག་ལེ། །ལྷན་སྐྱེས་ཀྱི་འདུ་བ་འབུམ་ཕྲག་གི་རྒྱལ་ཁབ། །དེ་ཉིད་དུ་ཅོག་བཞག་ངལ་བསོ་རུ་བཞུགས་ཤོག །རྡོ་རྗེ་ཡི་ལུས་ལ་ལས་རླུང་གི་དྲ་ཕད། །བྱར་མེད་ཀྱི་ངད་དུ་རང་དྭངས་ཤིག་ནུས་ན། །གངས་ཁྲོད་དང་གཉན་ཁྲོད་ཕྱི་རོལ་ནས་མ་ཚོལ། །ཡེ་ཤེས་མཆོག་བཞི་སྦྱོར་འོད་གསལ་གྱི་ལྷ་ཁང༌། །འཕོ་ཆེན་གྱི་རིག་པ་ཟང་ཐལ་གྱི་འཇའ་ལུས། །འདི་ཉིད་དུ་གྲུབ་པའི་རྟེན་འབྲེལ་རང་ཡོད་དོ།། ༈ །།མཉམ་པ་ཆེན་པོའི་ཆོས་ཉིད་མཐའ་བཞིའི་སྤྲོས་བྲལ། །ཀུན་སྣང་སྒྱུ་མའི་ལང་ཚོར་རྟག་ཏུ་སྣང་བའི། །ངོ་མཚར་བསམ་གྱིས་མི་ཁྱབ་འཇམ་པའི་རྡོ་རྗེའི། །སྣང་སྟོང་གཟུགས་སྐུའི་དཀྱིལ་འཁོར་དེ་རིང་སྟོན་ཤོག །དག་ཆེན་ཡེ་ཤེས་རོལ་མོ་འབུམ་དུ་འབར་ཞིང༌། །རྨད་དུ་བྱུང་འཕྲུལ་གྱི་རོལ་མོས་འཇིག་རྟེན་ཁྱབ་མཛད། །གྲགས་སྙན་རོལ་མོ་སྟོང་ལྡན་འཇམ་པའི་རྡོ་རྗེ། །ཕུལ་བྱུང་ཕྲིན་ལས་རོལ་མོས་སྲིད་འདི་སྐྱོངས་ཤོག །སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ཡེ་ཤེས་གཅིག་ཉིད། །མཁའ་ཁྱབ་ཞི་དང་ཁྲོ་བོའི་གར་གྱིས་རྩེན་པའི། །


TN00_Page_135B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་སྣང་བ་འབུམ་ལྡན་འཇམ་པའི་རྡོ་རྗེ། །གཟུངས་དང་སྤོབས་པའི་ཆར་ཆེན་སྙིང་ལ་སྙོལ་ཤོག །ཐོགས་མེད་སྤོབས་པའི་བློ་གྲོས་མཚུངས་པ་མེད་ཅིང༌། །མི་འཇིགས་སེངྒེའི་སྒྲ་དབྱངས་ལྷུག་པར་འཇོ་བའི། །མཐའ་ཡས་གདུལ་བྱ་སྨིན་མཛད་འཇམ་པའི་རྡོ་རྗེ། །ཚུལ་གཉིས་སྣང་བ་དམ་པས་བདག་ཡིད་ཁྱབ་མཛོད། །སྐྱེ་དང་འཆི་བའི་མཚན་མ་ངང་གིས་ཞི་བས། །རྟག་ཆེན་གཞོན་ནུའི་འཇོ་སྒེག་ཅིར་ཡང་ངོམས་པའི། །མཁྱེན་གཉིས་ཡེ་ཤེས་སྐུ་ཅན་འཇམ་པའི་རྡོ་རྗེས། །མཚན་རྫོགས་སྐུ་ཡི་དཀྱིལ་འཁོར་མངོན་དུ་སྟོན་ཤོག །ལམ་ལམ་མཚན་དཔེའི་སྣང་བ་སྟོང་དུ་འཇོ་ཞིང༌། །མཐིང་མདོག་རལ་པའི་ཟུར་ཕུད་ལྡེམ་ལྡེམ་གཡོ་བཞིན། །ཞིང་མང་འོད་བརྒྱས་འགེངས་མཛད་འཇམ་པའི་རྡོ་རྗེས། །དྲན་དང་རྟོགས་པའི་ཆར་ཆེན་ཡིད་ལ་ཕོབ་ཤོག །འོད་བཟང་རལ་གྲིའི་འཁྲུལ་འཁོར་ཀུན་ཏུ་སྐྱོད་ཅིང༌། །འཁྲིལ་ལྡེམ་ཞི་བའི་ཉམས་བཟང་འཛད་པ་མེད་པས། །ལྷ་ཀླུའི་དྲེགས་པ་ཟིལ་གནོན་འཇམ་པའི་རྡོ་རྗེས། །བྱིན་རླབས་མེ་ཏོག་ཆར་ཆེན་རྟག་ཏུ་སྙོལ་ཤོག །གོ་ཆ་ཆེན་པོ་བགོས་པའི་འཁོར་གྱི་དབུས་ན། །མི་ཤིགས་དྭངས་མའི་སྐུ་མཆོག་ལྷམ་མེར་གསལ་ཞིང༌། །སྨོན་ལམ་ཆེན་པོའི་གཟི་བརྗིད་མཚུངས་ཟླ་མེད་པས། །འཕགས་མཆོག་འཇམ་པའི་ལྷ་དེས་བྱིན་རླབས་སྩོལ་ཤོག །ཅེས་པའང་གཞོན་ནུ་འཇིགས་མེད་པས་ཡར་ཀླུང་པདྨ་


TN00_Page_136A
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་དུ་བྱི་བ་ཟླ་བའི་ཚེས་༡༡་ཀྱི་སྔ་དྲོ་བྲིས་པའོ།། ༈ །།མཆོག་ཏུ་མི་འགྱུར་བདེ་བའི་ལང་ཚོ་གསར་པ། །རྗེས་ཆགས་དམར་འོད་སྣང་བ་འབུམ་དང་འགྲོགས་ནས། །དགའ་ཆེན་རོལ་མོའི་སིལ་ཁྲོལ་དིར་དིར་སྒྲོག་བཞིན། །གཟུགས་སྐུའི་སྣང་བ་སྟོན་ཤོག་མཁའ་སྤྱོད་དགའ་མ། །ཞིང་སྔགས་ལྷན་སྐྱེས་དཔལ་མོ་འབུམ་གྱི་གྲལ་ན། །སྣང་སྟོང་གཉུག་མའི་འོད་གསལ་ལྷ་སྐུར་བཞེངས་པའི། །མཁའ་སྤྱོད་རྣལ་འབྱོར་རྗེ་མོ་མཁར་ཆེན་དགའ་མས། །ཡིད་ལ་ཡེ་ཤེས་སྣང་བ་ཆར་དུ་སྙོལ་ཤོག །ལས་རྒྱའི་ལུས་ལ་བརྟེན་ནས་བདེ་ཆེན་སྒྲུབ་པའི། །འབར་འཛག་གཏུམ་མོའི་ནུས་པ་ཡོད་སྙམ་ཟད་ཀྱིས། །གྲོལ་ལམ་གཉུག་མའི་ཡེ་ཤེས་ཟད་སར་འཁྱོལ་བའི། །བྱིན་རླབས་སྣང་བ་སྩོལ་ཤོག་མཁའ་སྤྱོད་དགའ་མ། །ཕྱིན་དྲུག་ཁྱིམ་སོ་འཛིན་པའི་མཐུ་ནུས་རྡུག་ཅིང༌། །བསྡུ་བཞིའི་དགའ་སྟོན་འཇོ་བའི་སྦྱིན་ལག་ཕྲ་ལ། །རྟོགས་པའི་ཉམས་རྩལ་རྫོགས་པ་ད་དུང་མེད་ཀྱི། ཁྱེའུ་ཆུང་རྩེ་གྲོགས་མཛོད་ཅིག་མཁར་ཆེན་དགའ་མ། །འབྲས་བུ་མ་བཅོས་ཅོག་བཞག་འཁྱིལ་བའི་ཀློང་དུ། །དགོངས་པའི་གཏན་སྲིད་ཇི་སྲིད་ཟིན་གྱི་བར་དུ། །མི་ཤིགས་མཚན་དཔེའི་སྣང་བ་འབུམ་དང་ལྷན་ཅིག །སྙིང་ལ་ཟློས་གར་སྒྱུར་ཅིག་མཁའ་སྤྱོད་དབང་མོ། །ཤེས་དང་ཤེས་བྱའི་སྤྲོས་པ་དབྱིངས་སུ་ཞི་བའི། ཁྱབ་གདལ་གཉུག་མའི་དེ་ཉིད་བསམ་བརྗོད་བྲལ་བ། །གཟུང་


TN00_Page_136B
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མཚན་མའི་དམིགས་གཏད་ཉེར་ཞིའི་ཚུལ་དུ། །མཐོང་བའི་དགའ་སྟོན་སྩོལ་ཅིག་མཁའ་སྤྱོད་དགའ་མ། །དག་ཆེན་ཡེ་ཤེས་རོལ་པའི་འཁྲུལ་འཁོར་ཆེན་པོས། །མ་དག་ལས་རླུང་རྒྱུ་བ་དབུ་མར་བསྒྲལ་ཏེ། །དགོངས་པའི་གསང་མཛོད་ཟབ་མོ་ནང་ནས་རྡོལ་བའི། །འཕྲུལ་གྱི་ལྡེ་མིག་མཛོད་ཅིག་མཁར་ཆེན་རྗེ་མོ། །དྷུ་ཏིའི་རྩ་མདུད་གཞིག་དཀའ་དམ་པོར་བཅིང་བ། །བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་འཕྲུལ་གྱིས་བཤིགས་ནས། །མི་འཛད་ས་བཅུའི་སྤངས་རྟོགས་ཡིད་བཞིན་འཇོ་བའི། །འཕྲུལ་ཆེན་རོལ་མོ་འཁྲོལ་ཤོག་མཁའ་སྤྱོད་གཙོ་མོ། །ཀ་དག་ཁྲེགས་ཆོད་ལྟ་བའི་རྩལ་ཆེན་རྫོགས་ཤིང༌། །ལྷུན་གྲུབ་སྣང་བཞིའི་ལམ་བཟང་མངོན་དུ་བྱས་ཏེ། །ནང་དབྱིངས་གཞོན་ནུ་བུམ་སྐུའི་རྒྱལ་ཐབས་ཆེན་པོར། །མི་རིང་མྱུར་དུ་འཇོག་མཛོད་མཁའ་སྤྱོད་རྗེ་མོ། །སྟོང་སྒོམ་མུན་རྡོའི་གཡང་ས་རིང་དུ་བགྱིད་ཅིང༌། །མི་བཟད་རྟོག་གེའི་འཇིགས་པ་མིང་ཙམ་བྱས་ནས། །ཀློང་ཆེན་བསམ་གྱིས་མི་ཁྱབ་འོད་གསལ་ངང་དུ། །ཚེ་འདིར་བཙན་ས་ཟིན་པར་བྱིན་གྱིས་རློབས་ཤིག། དག་དང་མ་དག་སྣང་བ་མཉམ་པར་ཟླུམ་པའི། །ཀུན་ཁྱབ་མཉམ་པ་ཆེན་པོའི་ཨེ་དབྱིངས་ཀློང་དུ། །མཉམ་དང་མི་མཉམ་འཛིན་ཞེན་རང་སར་གྲོལ་བའི། །དངོས་གྲུབ་སྣང་བ་སྩོལ་ཤོག་མཁའ་འགྲོའི་ཚོགས་རྗེ། །འཕོ་མེད་རང་བྱུང་རིག་པའི་རང་ཞལ་མཐོང་ཞིང༌། །འཕོ་འགྱུར་རྟོག་པའི་དྲྭ་བ་དབྱིངས་སུ་ཐིམ་


TN00_Page_137A
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་འགྲུབ་པའི། །བྱིན་རླབས་ཆར་ཆེན་ཕོབ་ཤོག་རྒྱལ་ཡུམ་ཕག་མོ། །ཞེས་པའང་འཇིགས་མེད་སྨྱོན་པས་ཅལ་ཅོལ་དུ་སྨྲས་པའོ།། །།དགེའོ།། ༈ །།སྣང་སྟོང་མི་ཤིགས་ཐིག་ལེ་འོད་གསལ་གྱི་ལྷ་སྐུར། །གནས་ཡུལ་ཉེར་བཞིའི་བཀོད་པ་ལྷུན་གྲུབ་ཏུ་རྫོགས་པའི། །གཞོམ་ཞིག་མཚན་མ་རྣམ་སྤང་ཡེ་ཤེས་ཀྱི་རང་གཟུགས། །དག་ཆེན་དཀྱིལ་འཁོར་རྡོ་རྗེ་ཕུང་པོ་ཡི་གྲོང་ན། །སྣ་ཚོགས་སྒྱུ་མའི་རོལ་མོ་འགགས་མེད་དུ་རྩེན་པའི། །རིག་རྩལ་དཔའ་བོ་་ཚོམ་བུ་ཡི་ཚོགས་ཀུན། །བདེ་ཆེན་གཉུག་མའི་གར་སྟབས་མིག་འཕྲུལ་ལྟར་བསྒྱུར་བཞིན། །གྲུབ་གཉིས་བྱིན་རླབས་སྣང་བ་གྲུ་ཆར་ལྟར་སྙོལ་ཤོག །སྲིད་གསུམ་ཟས་སུ་ཟ་བའི་སྒྲ་གཅན་གྱི་ལྟོ་བར། །དཀར་དམར་ཉི་ཟླའི་དཀྱིལ་འཁོར་རྔམ་ཟས་སུ་རོལ་བས། །སྒྱུ་མའི་ལང་ཚོ་རབ་འབར་འོད་གསལ་གྱི་ཕག་མོས། །མི་འགྱུར་ཡེ་ཤེས་མཆོག་གི་བྱིན་འོད་ཞིག་ཕོབ་ཤོག །བསླུ་མེད་སྒེག་མོའི་རྒྱུ་བ་སྲིན་ཞལ་དུ་བསྟབས་པས། །བསླུ་མེད་ནམ་མཁའི་འཛུམ་ཞལ་སྙིང་དབུས་སུ་ངོམ་པ། །རང་བྱུང་འདུས་མ་བྱས་པ་བདེ་སྟོང་གི་ཕག་མོས། །འཕོ་མེད་ཟག་བྲལ་ཆེན་པོའི་བྱིན་འོད་ཞིག་ཕོབ་ཤོག །དབྱིངས་ཕྱུག་སྙིང་པོའི་སྣ་རྩེའི་རེག་བྱ་དང་འགྲོགས་པའི། །པདྨོ་རྣམ་པར་རྒྱས་འདྲའི་ལང་ཚོ་ཡི་སྲི་ཞུས། །ནོར་བུའི་དགྱེས་པ་སྐོང་བའི་ངོ་མཚར་དང་ལྷན་ཅིག །གཞོན་ཆུང་ལག་པའི་གྲངས་ལྡན་རྩེད་


TN00_Page_137B
[མ་དཔེ་གཟིགས་ན་འདིར་གནོན།]

འཇོ་རུ་ཕོབ་ཤོག །ག་བུར་བདུད་རྩིའི་ཐིགས་པ་ལུགས་འབྱུང་དུ་འབབ་ཅིང༌། །ལུགས་ལྡོག་རོལ་མོ་བཅུ་དྲུག་སིལ་ཁྲོལ་དུ་འཁྲོལ་བཞིན། །ནམ་མཁའི་འཁོར་ལོའི་གྲོང་དུ་རྩེ་དགའ་ལ་རོལ་བའི། །མི་ཟད་དུས་སྟོན་སྟེར་ཅིག་མཁའ་སྤྱོད་ཀྱི་དགའ་མ། །ཁུ་རྡུལ་དྲི་མ་བཀྲུས་པའི་ཉི་གཞོན་གྱི་ད་ལ། །འཆར་ནུབ་བྲི་གང་ཡོངས་སྤང་མཁའ་དཀྱིལ་དུ་རྩེན་པའི། །རྟག་ཆེན་སྣང་བ་དམ་པའི་འཇིག་རྟེན་ཀུན་འགེང་བའི། །ངོ་མཚར་བྱིན་འོད་ཕོབ་ཤོག་ཡེ་ཤེས་ཀྱི་ཕག་མོ། །རོ་སྙམ་ཟིལ་གནོན་དགོངས་པའི་རྣལ་འབྱོར་གྱི་ངང་ནས། །མཉམ་པའི་བརྟུལ་ཞུགས་སྤྱོད་པའི་དཔའ་གདེང་དང་ལྷན་ཅིག །རུས་པའི་འཕྱང་འཕྲུལ་གཡོ་བའི་གར་སྟབས་ལ་དགྱེས་པས། །མཁའ་འགྲོའི་ཚོགས་གྲལ་འགྲིམ་པའི་རྟེན་འབྲེལ་ཞིག་ཞུའོ། །ཞེས་པའང་ལྕགས་སྦྲུལ་ཟླ་བ་དང་པོའི་དམར་ཕྱོགས་ཀྱི་ཚེས་བཅུར་གཞོན་ནུ་འཇིགས་མེད་པས་སོ།། ༈ །།ཕ་བདེ་གཤེགས་ཀུན་དངོས་མཚོ་སྐྱེས་ཀྱི་རྡོ་རྗེ། །ལྷ་ཡེ་ཤེས་སྐུ་ཅན་ཡེ་ཤེས་ཀྱི་མེ་ལོང༌། །དེ་ཟུང་འཇུག་ཁྱབ་བདག་མཁྱེན་བརྩེ་ཡི་དབང་པོ། །མི་ཁོ་བོའི་སྙིང་དབུས་ཐིག་ལེ་རུ་བཞུགས་མཛོད། །གཤིས་ཡེ་གྲོལ་གཉུག་མ་ཀུན་བཟང་གི་རང་ཞལ། །ལམ་མ་བཅོས་ལྷུག་པའི་ཉམས་མྱོང་གི་ངང་ནས། །དོན་མཉམ་རྫོགས་ཆེན་པོ་མངོན་སུམ་དུ་བལྟ་བའི། །ཐབས་ཟབ་མོ་ཤེས་པའི་བློ་ལྡན་དེ་སྐྱིད་དོ། །དབྱིངས་སྐྱེ་འགག་མེད་པ་ཀ་དག་གི་ཀློང་ནས། །མདངས་ནང་གསལ་རིག་པ་ལྷུན་གྲུབ་ཀྱི་གྲོང་


TN00_Page_138A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །དེ་དབྱེར་མེད་གནས་ལུགས་ཅི་བཞིན་དུ་རྟོགས་པའི། ཁོང་སྐལ་པ་རབ་ཀྱི་རྣལ་འབྱོར་དེ་སྐྱིད་དོ། །མཐའ་སྤྲོས་པའི་གྲ་ཟུར་རི་བོང་གི་རྭ་ཅོ། །བློ་གཉིས་སྣང་ཁྲུལ་པ་ཐག་ཁྲ་ལ་སྦྲུལ་འཛིན། །ཚུལ་དེ་ལྟར་ཤེས་པའི་བློ་གྲོས་དང་ལྡན་བཞིན། །ལམ་སྤྲོས་མེད་རྟོགས་པའི་གདེང་ཅན་དེ་སྐྱིད་དོ། །གཤིས་མཐའ་གྲོལ་ཆེན་པོ་རིག་སྟོང་གི་འོད་གསལ། །ཡུལ་ཡུལ་ཅན་མཚན་མ་རྒྱ་ཡན་དུ་སངས་པའི། །དོན་བསམ་བརྗོད་མེད་པ་ཀློང་ཆེན་གྱི་མཁའ་ལ། །སེམས་རང་སར་གྲོལ་བའི་རྟོགས་ལྡན་དེ་སྐྱིད་དོ། །ཕྱི་སྣང་བ་སྒྱུ་མའི་གྲོང་ཁྱེར་གྱི་ལྟད་མོ། །དེ་སྤང་བླང་མེད་པའི་ཉམས་མྱོང་གིས་བལྟས་ཚེ། །ནང་རིག་པ་གཏད་མེད་ཡོང་གྲོལ་དུ་ཐལ་ཏེ། །བློ་འཁྲུལ་པ་ཞིག་པའི་ཞིག་པོ་དེ་སྐྱིད་དོ། །དོན་ཡུལ་མེད་ཟང་ཐལ་རྗེན་པ་རུ་མཐོང་བའི། །སྒོམ་ཟབ་མོ་ཉིན་མཚན་ཁ་སྦྱོར་གྱི་གདམས་པས། །སེམས་རིག་པ་ལ་ཤན་ཅི་དགའ་རུ་ཕྱེ་བས། །ད་འཁྲུལ་སྙམ་མེད་པའི་སྒོམ་ཆེན་དེ་སྐྱིད་དོ། །དོན་ཐ་མལ་རིག་པ་ལྷོད་གྲོལ་གྱི་སྦུབས་སུ། །ཐབས་ཅོག་བཞག་བཞི་ཡི་མན་ངག་གིས་རོལ་པས། །སྒོམ་དྲན་འཛིན་འཆིང་བ་ཡིད་ཡུལ་ན་མི་འདུག །ལམ་རྩོལ་མེད་མཁྱེན་པའི་བློ་མངའ་དེ་སྐྱིད་དོ། །ཆོས་རྫོགས་པ་ཆེན་པོར་ངེས་ཤེས་ཤིག་སྐྱེས་པས། ཁོང་ཐེག་བརྒྱད་གྲུབ་མཐའི་འཚོ་སྐྱོང་གི་ངལ་བ། །དེ་སྒྲུབ་འདོད་འགྲམ་ཆུ་ལྡང་དོན་ཞིག་མེད་པས། །


TN00_Page_138B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གུ་ཡངས་སྡོད་པའི་རྣལ་འབྱོར་དེ་སྐྱིད་དོ། །ཡུལ་ཚོགས་དྲུག་རོལ་པ་བདེན་མེད་ཀྱི་བརྫུ་བག །ནང་འཛིན་པའི་ཤེས་པ་རང་རིག་གི་བརྫུ་བག །ཆོས་ཅི་ཤར་ཅི་སྣང་ཡེ་ཤེས་ཀྱི་རོལ་མོ། །དེ་ཁོ་ཐག་ཆོད་པའི་རྟོགས་ལྡན་དེ་སྐྱིད་དོ། །གཞི་རིག་པའི་རང་གདངས་སྣ་ཚོགས་སུ་ཤར་ཚད། །དེ་སྣང་བ་གདོང་འདེད་བརྟུལ་ཞུགས་ཀྱི་ངང་ནས། །ཚུལ་བཟོ་བཅོས་མེད་པར་བྱུང་རྒྱལ་དུ་སྤྱོད་པའི། ཁོང་གཏད་མེད་གདེངས་ལྡན་སྨྱོན་པ་དེ་སྐྱིད་དོ། །ཆོས་མ་དག་སྣང་བ་ཡེ་ཤེས་སུ་ཤར་བའི། །སྲིད་ཁམས་གསུམ་གནས་ཞེས་དོགས་ཡུལ་དུ་མི་ཤེས། །དོན་ས་ལམ་འབྲས་ཆོས་གཞི་རྫོགས་སུ་བཞུགས་པས། །འབྲས་གཞན་ནས་མི་འཚོལ་གྲུབ་ཐོབ་དེ་སྐྱིད་དོ། །ཚུལ་ཐོ་ཅོ་སྤྱོད་པ་ཞིག་པོ་ནི་མ་ལགས། །ཚིག་འུད་གོག་འཐག་པ་སྒོམ་ཆེན་དུ་མི་བསམ། །རྡོ་རྐང་པས་བརྫི་བ་གྲུབ་འབྲས་སུ་མི་འདུག །གཤིས་དག་མཉམ་རྟོགས་པའི་གྲུབ་བརྙེས་དེ་སྐྱིད་དོ། །ལུས་ནམ་མཁར་འཕྱོ་བ་མུ་སྟེགས་ལ་ཡོད་མོད། །མགོའི་རལ་རྫིགས་འཆང་བ་ཨ་མྱེ་ཚོས་ཤེས་འདུག །མིག་ནམ་མཁར་སྒྲིལ་བ་འན་བུས་ཀྱང་ནུས་མོད། །དོན་གཞི་གྲོལ་རྟོགས་པའི་གྲུབ་ཆེན་དེ་སྐྱིད་དོ། །ཨ་ལ་ལ་ཧོ།། ༈ །།ཕ་རིག་འཛིན་པདྨའི་ཞབས་ལ་འདུད། །གཤིས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། ཁྱེད་གསོན་དང་སྐལ་བཟང་ཐར་འདོད་རྣམས། །སྙིང་ནས་བྱང་ཆུབ་ཞིག་ཐོབ་འདོད་ན། །སངས་རྒྱས་སྒྲུབ་པའི་ཐབས་མཁས་ཆེ། །


TN00_Page_139A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཆེན་པོ་བདུན་ལྡན་གྱི་རྩེ་རྒྱལ་མཆོག །ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་འདིར། །བསྟེན་ནུས་ན་མགོན་པོ་སྟོབས་བཅུ་པ། །ཚེ་གཅིག་ལ་འགུགས་པའི་སྐལ་པ་ཡོད། །བློ་ཀུན་རྟོག་གི་རྫུན་རིས་ཡོ་བོ་ཆེ། །དོན་རང་བཞིན་མེད་པའི་ཆོས་ཉིད་ལ། །དཔྱད་སྒོམ་གྱི་རྣམ་པར་ཤར་བ་དང༌། །གནས་དགའ་འགྱུ་སྡུག་གི་ཤེས་བཞིན་ལ། །བསམ་གཏན་གྱི་སྙིང་རྡོར་རེ་བ་གཉིས། །སྣང་གསུམ་གྱི་དངོས་གཉེན་མ་ལགས་པས། །ལས་རླུང་གི་བརྩིགས་པ་སྒྱེལ་འདོད་ན། །ལམ་ཅོག་བཞག་འཁྱིལ་བའི་མན་ངག་གིས། །ཐ་མལ་གྱི་ཤེས་པ་བྱུང་རྒྱལ་ལ། །རྟོག་མེད་ཀྱི་ངང་ལ་གང་དགར་ཞོག །ཕྱི་ཡུལ་སྣང་གི་སྤྲོས་པ་རྫུན་པོ་ཆེ། །ནང་ཀུན་བྱེད་ཀྱི་རིག་པའི་རྣམ་འཕྲུལ་ཅན། །ཆུ་ནང་གི་ཟླ་བའི་གཟུགས་བརྙན་བཞིན། །སྣང་ཡུལ་གྱི་འཆར་སྒོ་མ་འགགས་ཀྱང༌། །དེར་འཛིན་གྱི་བཟོ་རྒྱ་མི་འཆོས་པར། །སྣང་མཁན་གྱི་རིག་པ་རྐྱང་འདེད་མཛོད། །རླུང་ཀུན་རྟོག་མཚན་མའི་རྒྱུ་བར་བཅས། །ཡུལ་མེད་དུ་སངས་པའི་ཡེ་ཤེས་ལ། །ཀློང་ཆེན་གྱི་རིག་པ་སོ་མ་ཤེས། །ཐ་སྙད་ཀྱི་ཚིག་གིས་བཏགས་ཙམ་ལས། །གཞི་མེད་རྩ་བྲལ་གྱི་ཆོས་ཉིད་དུ། །སེམས་རིག་གི་མཚན་མ་ག་ལ་ཡོད། །ད་ལྟར་གྱི་ཤེས་པ་ཆུ་འབབ་མ། །བཞི་ཆ་གསུམ་བྲལ་གྱི་དགོངས་པ་འདི། །མངོན་ལྐོག་གི་འགྱུ་བའི་རང་ས་སྟེ། །སེམས་འཇོག་ན་གཉུག་མའི་ཡིད་འདིར་ཞོག །ཡུལ་སྣང་ལ་


TN00_Page_139B
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་བཅོས་མི་བྱེད་ཅིང༌། །རྣམ་རྟོག་གི་རྗེས་སྙོགས་མ་ཡིན་ཏེ། །ཡེ་བབས་ཀྱི་ཀུན་གཞིའི་དྭངས་ཆ་འདི། །བཙལ་ཤེས་ན་རྫོགས་ཆེན་དེ་ཀ་རང༌། །ཚིག་དེ་སྐད་སྨྱོ་གཏམ་ཐོལ་བྱུང་མ། །བླུན་ཕྲུག་གི་བྱིས་པ་འཇིགས་མེད་པས། །ཡིད་གང་ཤར་གྱི་རྟོག་པའི་རི་མོ་ལས། །གང་བབ་བསྒྱུར་བཟོ་མེད་པར་སྨྲས། །ཞེས་པའང་འཚོ་བྱེད་གར་དབང་གི་ངོར་བརྗོད་པའོ།། ༈ །།ལམ་བྱང་ཆུབ་ཞི་བའི་ས་མཁན་པ། །སྐྱབས་དྲིན་ཆེན་བླ་མ་ལས་གཞན་མེད། །ཆོས་ཚིག་གསུམ་དོན་ཡང་མི་མཁྱེན་ན། །སྟོན་གཡག་གླང་རྒན་གྱི་དཔེ་འཐེན་ཞུ། །ཆོས་མགོ་ནས་ལེགས་པའི་རྟེན་འབྲེལ་དེ། །བུ་ལས་ཅན་སློབ་མའི་རྒྱུད་ལ་ཡོད། །ཆོས་ཞུས་ལོ་ཐོས་ལོས་ཚོམ་སྲིད་ན། །རྔོན་པ་རྩི་ཚོལ་གྱི་ལད་མོ་ཤོ༌།ལམ་བསླབ་གསུམ་བསྟན་པའི་ཆོས་མཛོད་སྒོ། །མི་ཐར་འདོད་སྐྱེ་བོའི་འཇུ་ཐག་སྟེ། །ཚིག་ཐོས་དོན་རྒྱུད་ལ་མ་སྦྱར་ན། །མགོ་ཆག་ཁ་བརྡལ་གྱི་གོང་མ་ཙམ། །ཚེ་མི་རྟག་སྒོམ་པའི་རྣལ་འབྱོར་པ། །བློ་ཆོས་བརྒྱད་ཞེན་པས་ག་ལ་འཆིང༌། །ཆོས་བློ་སྦྱོང་ཞུས་ཞུས་རྟག་འཛིན་ཅན། །འུག་པའི་རྫུན་དྲུག་གི་སྤུན་ཟླ་ལགས། །ལམ་ཆེན་པོ་བདུན་གྱི་སྲོག་རྩ་དེ། །གནད་ཟབ་མོ་བྱང་ཆུབ་སེམས་སུ་འདུ། །སེམས་དེ་བསྐྱེད་ཟེར་བའི་སྒོམ་ཆེན་ཕལ། །སྨོན་འཇུག་གི་འཛུབ་མོ་བཙུག་ས་མེད། །དོན་བླ་མེད་བྱང་ཆུབ་བསྒྲུབ་འདོད་ན། །ཐབས་ཟབ་མོ་གསང་སྔགས་འདྲ་བ་མེད། །སྟུ་དགའ་རྙེད་ཚོལ་གྱི་སྔགས་


TN00_Page_140A
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཚོ། །བོང་ཤ་དང་རི་དྭགས་རྔ་མ་བཞིན། །ལམ་རྡོ་རྗེ་ཐེག་པའི་མྱུར་ཁྱད་དེ། །གཞི་སྨིན་བྱེད་དབང་བཞིའི་གནད་ལ་ཐུག །དམ་ཉམས་ཀྱིས་རི་ལུང་བཀང་དྲག་ན། །ཕ་བསད་རྔ་བརྡུང་གི་རྣམ་ཐར་ཡིན། །རྒྱུ་རྡོ་རྗེ་བཞི་ཡི་ནུས་པ་དེ། །སྨིན་འདོད་ན་ནན་ཏན་དབང་ལ་མཛོད། །ཆུ་འཁྱགས་ལ་རེ་ཧམ་ཚ་དྲག་ན། །ཝ་སྙན་རྒན་སྒྲོ་བའི་རྗེས་གཅོད་ཡིན། །ལམ་བསྐྱེད་རིམ་སྒོམ་པའི་རྣལ་འབྱོར་ཅན། །རྫོགས་རིམ་གྱི་རྟོགས་པ་གན་ན་ཡོད། །གནད་དག་རྫོགས་སྨིན་གསུམ་མི་ཤེས་ན། །རི་བོང་གིས་སྟག་ལ་བརྡུང་སྟངས་ཡིན། །དོན་སྟོང་པ་བཞི་ཡི་བདེ་ཆེན་ལ། །སེམས་ཆོས་སྐུར་གྲོལ་བའི་ཟབ་གནད་ཡོད། །རླུང་བུམ་ཅན་དགང་བའི་སྔགས་གཟུགས་ཕལ། །རྦུད་པ་རླུང་རྐྱལ་གྱི་ཆེ་བརྗོད་ཡོད། །གཤིས་ཡེ་གྲོལ་ཅོག་བཞག་འཁྱིལ་བའི་ཀློང༌། །གཟུང་འཛིན་གྱི་སྣང་བ་ཐད་ཀར་ཆོད། །ཚིག་གནད་ལ་འབེབ་པའི་དྲག་སྔགས་དང༌། །འཐབ་ན་ཀུན་རྟོག་གི་གདོང་པ་དམར། །ལར་དམའ་མོ་གཞི་ནས་མ་ཐེག་ན། །མེ་སྲིད་ཀྱི་བྱ་རོག་དཀར་པོ་མིན། །མཐོ་དྲག་ནས་དམའ་སར་ལྷུང་བ་དེ། །མི་ཆོས་དང་དགུ་ཆོས་ཀྱི་ཨ་བོ་ཡིན། །གོས་དུར་སྨྲིག་གྱོན་པའི་དགེ་སྦྱོང་དང༌། །ལྕུག་སྣལ་མ་སེར་པོའི་སྐ་རགས་ཙམ། །ཡོན་ཏན་གྱི་སྙིང་རྡོ་མ་ལགས་པས། །ཆོས་སྙིང་པོར་དྲིལ་ན་རང་སེམས་ཐུལ། །དུས་དེང་སང་གི་བཙུན་པའི་ལྟ་གྲལ་འགའ། །དོན་སྒྲུབ་པ་


TN00_Page_140B
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་མི་འཛིན་པར། །དཀོར་གྲལ་ཤེས་ཉུལ་བའི་སྟ་གོན་ལ། །སྒོ་གསུམ་ཆིག་དྲིལ་གྱི་བརྩོན་པ་མཛད། །དེ་བསམས་ཤིང་མགོན་པོ་་ཏོག །ཐུགས་སྙིང་རྗེའི་གཞན་དབང་ཁོ་ན་ཡིས། །གསུང་སྡེ་སྣོད་བསྟན་པའི་དམ་ཆོས་མཛོད། །རྗེས་གནང་ལ་མཆི་མས་ཁྲུས་གསོལ་བྱས། །ཤིང་དུང་གི་ཁ་ལ་ཤོག་བུའི་ལྕེ། །དེ་བསྐྱོད་ན་མི་དྲག་ཅི་དྲག་སྟེ། །འདིས་རྒན་རབས་མཁས་པ་མ་མཉེས་ཀྱང༌། །སྤྲང་རང་གིས་སྨྱོ་གླུ་བླང་བར་ཟད། །ཚིག་འདི་ཡང་འཇིགས་མེད་པས་སོ།། ༈ །།ནམ་ཡང་མི་བསླུའི་སྐྱབས་གནས་དཀོན་མཆོག་ཁྱེད་ཤེས་བློ་གཏད་གཏིང་ནས་འབྱོང་གིས། །སྐྱབས་མེད་སེམས་ཅན་དྲིན་ཆེན་མ་གཅིག །དེ་རིང་སྐྱོབས་ཤིག་སྐྱབས་མཛད་རྒྱལ་བ། །འཕྲང་རིང་བར་དོའི་གྲོང་ཁྱེར་ཆེན་པོར། །དྲིན་ཆེན་མ་དེ་གཅིག་པུར་སོང་གི༌།མི་བསླུ་གཏན་གྱི་སྐྱབས་གནས་རྣམ་གསུམ། །དེ་རིང་བདེན་པའི་བྱིན་རླབས་ཡོད་རན། །འཇིགས་རུང་གཤིན་རྗེའི་ཁྲིམས་ར་དོག་མོ། །དེ་རིང་ཨ་མས་འགྲིམ་དགོས་བྱུང་གིས། །དེད་དཔོན་ཕན་མཛད་གང་ན་ཕེབས་སོང༌། །ཕན་པའི་མཛད་བཟང་དེ་རིང་སྐྱོང་རན། །སྔུན་ནས་འཁྲུལ་སྣང་སུན་མས་སླེབས་ཤིང༌། །རྒྱབ་ནས་ལས་རླུང་ཤུགས་ཀྱིས་བདས་ཏེ། །ཤུལ་རིང་ལམ་ནས་ཨ་མ་སོང་གིས། །སངས་རྒྱས་ཕན་བཞེད་དེ་རིང་ཨེ་གཟིགས། །དྲིན་ཆེན་མ་གཅིག་སྙིང་ལས་ལྷག་པ། །གཏིང་རིང་མུན་པའི་ནགས་ཁྲོད་ཉུལ་ཞིང༌། །ཕྱི་


TN00_Page_141A
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལམ་ཆེན་དེ་རིང་བླང་གིས། །མཆོག་གསུམ་ར་མདའ་ད་ནི་ཕེབས་རན། །ཀྱི་ཧུད་འཆི་བདག་སྙིང་རྗེ་མེད་པའི། །ཞགས་ནག་ཁུག་པ་དེ་ཙམ་མྱུར་ཆེས། །དུས་ཀྱི་སྟ་རེ་གདེངས་སྟབས་རྔམ་པས། །དྲིན་ཆེན་མ་ལ་དེ་ཙམ་བཏབ་དྲག །རེག་འཇམ་ལུས་ཀྱི་དྲོད་ལ་བཅར་ཞིང༌། །མངར་བའི་འོ་རྒྱུན་ཁ་ལ་བསྣུན་པའི། །དྲིན་ཆེན་མ་དེ་གཤིན་ཡུལ་སོང་གིས། །བུ་སྡུག་ད་ལྟ་ཅི་ཞིག་བྱེད་ཨང༌། །བྱམས་པའི་གདུང་བ་འཛུམ་མདངས་དགོད་ཅིང༌། །བརྩེ་བའི་ཚིག་སྙན་ཡིད་ལ་འབབས་པའི། །དྲིན་ཆེན་མ་དེ་གཤིན་གྲལ་འཛིན་ཅིང༌། །ཕུང་ཤུལ་ནུས་པ་རླུང་གིས་སྤུར་སོང༌། །ཨ་མའི་བརྩེ་གདུང་རྡོ་རྗེའི་རྒྱ་མདུད། །སྔ་རབས་དྲན་ན་དགའ་བ་སྐྱེ་སྟེ། །ད་ལྟ་དྲན་ན་ད་ཕྲུག་བྱིས་པའི། །མྱ་ངན་སྡུག་གི་སྣོན་མ་ཁོ་ན། །ཀྱི་ཧུད་ཀྱི་ཧུད་སྲས་བཅས་རྒྱལ་བ། །ཉམ་ཐག་རྒན་མོ་པུ་ཎྱེ་ས་ར། །སྡུག་བསྔལ་ཆུ་བོའི་རླབས་ཀྱིས་བཏབ་ཚེ། །ཅི་སླད་ཐུགས་རྗེའི་ཕྱག་རང་མི་སྐྱོང༌། །གཟིགས་ཤིག་སངས་རྒྱས་སྟོབས་བཅུའི་དབང་གྱུར། །དགོངས་ཤིག་འཕགས་མཆོག་སྙིང་རྗེའི་བདག་ཉིད། །དེ་རིང་བྱིས་པ་འཇིགས་མེད་གཞོན་ནུའི། །དྲིན་ཆེན་མ་ལ་དཔུང་གཉེན་མཛོད་ཅིག། ཅེས་སྤྲང་ཕྲུག་འཇིགས་མེད་པས་རེ་ཆེ་ལྷ་ལ་འབོད་པ་ཡིན་པས་ད་ལྟ་དང་ཕྱི་རབས་ཀྱི་གང་ཟག་སྙིང་རྗེའི་བདག་ཉིད་རྣམས་ཀྱིས་ཀྱང་གཟིགས་ནས་ཐུགས་གཏད་བསྔོ་སྨིན་གྱི་སྒོ་ནས་མ་རྒན་མོ་དག་པའི་ཞིང་ཁམས་སུ་འདྲེན་པ་ཞིག་ཅི་ནས་ཀྱང་ཞུ་ཞུ།། ༈ །།


TN00_Page_141B
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་འདོད་ཀྱི་ཕོ་ནད་ཞེ་ཕུག་ལ་ཐེབས་བྱུང༌། །གཏམ་ངན་གྱི་བཤལ་སྐྱུག་འབྱུང་ངེས་ཞིག་རེད་མོད། ཁྱེད་རང་གི་སྐུ་ཆས་རྩོག་འདོད་ནི་མེད་ཀྱི། །སྐུ་སྤྱོད་ཀྱིན་བཟའ་ཚག་ཚག་ལ་རེམ་མཛོད། །འདིར་སྣང་གི་བྱ་བཞག་ཟད་མཐའ་ནི་མི་སྣང༌། །འགྲུབ་འདོད་འདིས་སྟོན་ཆེན་དབུ་ཡུལ་འདྲ་འཁོར་ཐང༌། །ཆོས་བརྒྱད་ལ་ཐུགས་ཁུར་ཆེ་ཚོད་རང་ལགས་ཏེ། །སྨིག་རྒྱུ་ཡི་ཆུ་རག་འོ་བརྒྱལ་ལས་མཆིས་སམ། །སྐུ་དོན་དང་བསྟན་ཆུས་ནམ་མཁའ་དང་མཉམ་སོང༌། །མཚན་སྙན་གྱི་བླ་མ་སངས་རྒྱས་སུ་བཞག་མོད། །གདམས་ངག་གི་བདུད་རྩི་སྩོལ་དུས་ནི་མེད་ན། །ཐར་ལམ་གྱི་སྟོན་པ་དཀའ་དཀའ་ཞིག་ཡིན་དྲག །བྱིན་རླབས་ལ་རེབས་སྐྱབས་གནས་སུ་མཆོད་མོད། །སྡེ་དཔོན་ནི་མ་རེད་ཁྲལ་འུར་ནི་ཅི་དགོས། །ཚོང་དཔོན་ནི་མ་བྱས་བུ་ལོན་ནི་མི་དགོས། །བླ་ཆེན་ཚོས་དེ་ལུགས་མཛད་ན་ནི་བཟང་དྲག །ཐོབ་ཐང་འདི་མི་ཆེན་ཁེ་དྲག་ཚོས་རེད་མོད། །བླ་མ་ལ་གོ་ས་མཐོ་བས་ཏ་ཅི་བྱེད། །བླ་མ་དེ་བྱང་ཆུབ་ས་མཁན་རང་རེད་མོད། །བླ་ཆེན་ལ་བླ་མའི་རྣམ་ཐར་འདི་དཀའ་དྲག །སྣམ་ཐེར་གྱི་སློག་སྙིང་ཁྲ་ཁྲ་དང་ཤིག་ཤིག །རྟ་གོག་དང་མཛོ་གྱོག་གོག་གོག་དང་ཐར་ཐར། །འདི་འདྲས་ཏ་དགེ་བའི་བཤེས་གཉེན་དུ་ཅིར་འགྱུར། །གཞན་ཕན་གྱི་མཛད་ཕྲིན་དགུང་སྔོན་ལ་ཡལ་སོང༌། །དཀྱིལ་འཁོར་ནི་དར་གོས་ལྷབ་ལྷུབ་ཏུ་བཀྲ་འདུག །དུང་རྒྱག་གི་འུར་སྒྲས་ཡ་ལོག་ནི་ཟིང་ཟིང༌། །གདུང་གྲལ་གྱི་ཆས་གོས་འཇའ་ཚོན་ལས་ཕྱོར་ཏེ། །འུར་


TN00_Page_142A
[མ་དཔེ་གཟིགས་ན་འདིར་གནོན།]

འུར་གྱི་གྲགས་སྐམ་རླུང་འཚུབ་ཀྱིས་སྤུར་ཐལ། །ཉམས་པ་དེ་བདུན་ལྡན་ཡོད་སྐད་ནི་འདུག་མོད། །བླ་ཆེན་ཚོས་བརྟུལ་ཞུགས་འདི་འདྲ་ལ་བལྟས་ན། །ཞིང་བཅུ་ཡང་ལུག་རྒན་བཤས་སྐོབ་ལས་མེད་འདྲ། །མེད་ན་ནི་ངས་ཀྱང་མ་རྒན་རེ་གསོད་ནུས། །ཆགས་མེད་ཀྱི་ཡེ་ཤེས་འོད་གསལ་གྱི་ཀློང་ན། །སྒོམ་མེད་དུ་གཟིམ་པའི་ཞེན་མེད་ཀྱི་གྲུབ་ཐོབ། །འབྱུང་འགྱུར་གྱི་འབུལ་ནོར་དགོངས་ཀློང་དུ་བལྟམས་པས། །སྣང་ཚུལ་འདིས་སྤྲང་པོའི་ཞེ་ཁ་ནི་སྟིག་སྟིག །ནོར་མེད་ཀྱི་སེམས་ཅན་གདུལ་བྱ་རུ་མི་བཞེད། །ཕྱུག་པོ་ཚོ་དག་པའི་ལས་ཅན་ལས་མེད་འདྲ། །ནོར་ལྡན་ལ་སངས་རྒྱས་བྱང་སེམས་སུ་ལུང་སྟོན། །བླ་མ་འདི་ཀུན་ཕན་ཉི་མ་ཞིག་མིན་དྲག །ཐར་འདོད་ནི་མི་འཚལ་བྱང་ཆུབ་ཀྱི་ལམ་འཁྲིད། །སྙིང་རྗེ་ནི་མི་དགོས་ཐེག་ཆེན་གྱི་ལམ་སྟོན། །བདེན་མེད་ནི་མ་རྟོགས་ཕྱག་རྫོགས་ཀྱི་ངོ་སྤྲོད། །འདི་འདྲ་དག་བླ་ཆེན་ཐུགས་དམ་གྱི་རྩ་བ། །བྱུང་རྒྱལ་གྱི་མཛད་སྤྱོད་མི་ནག་ལ་འགྲོ་སྟེ། །ཆོས་མིག་དང་ལྡན་པའི་གང་ཟག་ལ་མི་ལྟོ། །ལེགས་བཤད་ཀྱི་ལྗགས་རྩེ་ཐུང་ཐུང་ལས་མེད་ན། །དབང་རྟུལ་གྱི་མི་ནག་འབའ་ཞིག་རང་བསྡུས་ཤིག །ཨ་ཧོ་ཡ་བླ་མ་དེ་འདྲ་རུ་བཞུགས་ན། །གྲ་སློབ་ཀྱི་མཛད་སྤྱོད་གུ་ཡངས་ལ་ཅི་ཁག །རང་དྲིན་ཞིག་རང་ལ་གཅོད་འདོད་འདྲ་ཡོད་ན། ཁག་མེད་དུ་བཞུགས་རྒྱུའི་དུས་སྐབས་ཀྱང་མ་རེད། ཤེས་རྒྱ་དང་འདུག་ཕེར་རྐུན་ཁྲམ་དང་ཐུན་


TN00_Page_142B
[མ་དཔེ་གཟིགས་ན་འདིར་གནོན།]

མོང༌། །ཀློག་འདོན་འདིས་བཙུན་པའི་ལྷ་གྲལ་ན་བཞག་མོད། །མི་ཆེན་གྱི་གཅེས་ཕྲུག་ཁྱིམ་འཛིན་གྱི་ལས་ཅན། །དེ་འདྲས་ཀྱང་འབྲི་ཀློག་ལེགས་པོ་རེ་ཤེས་སྐད། ཁ་ཟས་ཀྱི་གསོག་བསྐྲུན་བྱི་ལོང་ལ་ཡོད་མོད། །གོས་ཕྲུག་གི་སོ་ནམ་མཐའ་མིས་ཀྱང་ཤེས་འདུག །སྤོང་ཀློག་འདི་བཙུན་པའི་ལས་ཀ་རང་ལགས་ན། །བཙུན་གཟུགས་ཚོའི་བཙུན་ཚུལ་ཐལ་ཕུང་དུ་ཕོས་དྲག །གཟན་ཤམ་འདི་འཕགས་པའི་རྟགས་མཚན་དུ་གྲགས་མོད། །གླང་སྙིང་གི་སྐྱེ་བོས་གྱོན་ན་ནི་ཅི་ཆ། །རྡོར་དྲིལ་འདི་རྒྱལ་བའི་དཀྱིལ་འཁོར་གྱི་མཚོན་བྱེད། །ཚོང་མཁན་གྱི་ཕྱག་ན་ཅི་ཞིག་ལྟར་འགྱུར་ཨང༌། །གཡག་རྒན་གྱི་ཚ་སྣ་འཐེན་སྐོར་ལ་བསམ་ན། །སྦྱིན་བདག་ལ་ཐུགས་བརྩེ་ཅི་འདྲ་ཞིག་ཡོད་ཨང༌། །ཆིབས་རྒན་ལ་ཞོན་ན་གཤེད་མ་དང་འདྲ་བ། ཁྱིམ་ཕུག་ཏུ་བཞུགས་ཚེ་སངས་རྒྱས་རེ་ཡིན་ལོ། །ཚུལ་ཁྲིམས་ཀྱི་བསླབ་པའི་དོན་ལྡོག་ཀྱང་མི་མཁྱེན། །བདག་མེད་ལ་ཐུགས་དཔྱད་སྔོན་སོང་ཡང་མེད་ན། །ལྡན་གྲོལ་གྱི་ཡོན་ཏན་གར་ཡོད་ནི་མ་གོ །དཀོར་ནག་འདི་ཁྱེད་ལ་ཞིམ་ཞིམ་ཞིག་མི་འདྲ། །ཚོགས་གྲལ་ན་གཟན་ཤམ་རྨ་བྱ་ལས་མཛེས་ཏེ། །ཤ་བཟན་གྱི་ཚོང་ཟོང་ཙི་ན་ལ་སྤྲོད་ཚེ། །གྲི་རིང་དང་གོས་བརྫེས་ཤན་པ་བཞིན་ཆས་ནས། །ཅི་མཛད་དང་འདི་མཛད་ཡོད་སྙམ་ཡང་མི་འདུག །དུར་སྨྲིག་དང་ཀློག་འདོན་རང་བྱན་ལ་ཚུད་ནས། །དད་ཟས་ནི་ནས་ཕྱེ་འགམ་འགམ་དུ་མཛད་འདུག་ཁེ་སྐྱེད་དང་རེག་


TN00_Page_143A
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་ཕ་རོལ་ཏུ་སོན་ནས། །སྐྱ་སེར་གྱི་ལས་གོ་གཉིས་ཆོད་འདི་ཨ་ཧོ། །སྐུ་ཚེ་འདིར་ཁྱེད་ཅག་ཕོ་རྒོད་རང་ལགས་ཏེ། །བྲང་གོག་ལ་སེན་རྗེས་འཇོག་དུས་ཤིག་བྱུང་ཚེ། །གཤིན་རྗེ་ཡི་ཁྲིམས་ལ་མི་ཐབས་ནི་མི་འགྲོ། །ཤུལ་རིང་གི་ལམ་ནས་སྐུ་རྐྱང་དུ་ཕེབས་ཡོང༌། །དེང་སང་ནི་སྟེང་ན་ཨ་སྔོན་ལས་མི་སྣང༌། །ས་འོག་ན་སྤོ་དོ་དོ་མདུང་ལས་མི་མཐོང༌། །གཅིག་པུ་རུ་ཕྱི་མའི་ལམ་ཆེན་ཞིག་ལེན་དུས། །མི་མཐོང་གི་དགུ་མཐོང་གཟིགས་མོ་རུ་ངོམས་ཡོང༌། །དཔའ་བརྟུལ་གྱི་སྙིང་སྲན་ཁྱེད་རང་ལ་ཡོད་མོད། །ལྕགས་ཞུན་གྱི་བཏུང་བ་སྐུ་ཁོག་ཏུ་བླུག་ཚེ། །ཞེ་རུས་ཀྱི་བསྲན་ཚུགས་དཀའ་དཀའ་ལྟར་འདུག་གོ །ད་ལྟ་ནས་ཐུགས་བསམ་བཏང་ན་ནི་དགའ་ཡོང༌། །གླུ་ཐུང་འདི་ཞལ་གདམས་ཉམས་དབྱངས་ནི་མིན་མོད། །གླང་རྒན་གྱི་ས་སྐོས་རང་གཉའ་རུ་འབབ་པའི། །དཔེ་སྒྲུང་དང་མཐུན་པའི་སྐྱོན་བརྗོད་ཀྱི་རྨིག་སྐོས། །རང་མཚང་གི་ས་ལོག་རང་ཐོག་ཏུ་འཕང་ངོ༌། །ཞེས་པའང་སྤྲང་སྨྱོན་འཇིགས་མེད་པས་འཆལ་གཏམ་མགོ་རྒྱག་རྔ་རྒྱག་མར་བྲིས་པ་ལགས།། ༈ །།སྒྱུ་ལུས་ཀྱིས་ཁུར་ནས་སོང་སོང་ཡང༌། །ངོ་སོ་མི་རྙེད་ཨ་རེ་སྡུག །མི་ཐེག་གི་ཁུར་བོ་ཁུར་ཁུར་ཡང༌། །གླ་རྔན་མེད་པས་ཨ་ཐང་ཆད། །གར་སོང་གི་གཡོག་ཏུ་འབྲང་འབྲང་ཡང༌། །གཅེས་ཀ་མི་བྱེད་ཐང་རེ་ཆད། །གང་འདོད་ཀྱི་མངག་སར་བརྒྱུགས་བརྒྱུགས་ཀྱང༌། །དྲིན་ལན་མེད་པ་སྡུག་རེ་ཆེ། །ཉིན་མཚན་དུ་ཁོལ་པོར་ཕྱིན་ཕྱིན་


TN00_Page_143B
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། །བྱམས་བརྩེས་མི་སྐྱོང་ཡི་རེ་མུག །ཅི་ནུས་སུ་བང་གིས་བསྐྱོད་བསྐྱོད་ཀྱང༌། །ལྕགས་ཚན་རྙེད་པ་ལས་བསྐོས་ཆེ། །འགྲོ་འདོད་ཀྱི་གོམ་པའི་སྟོབས་ཟད་ཀྱང༌། །དམོད་པ་འདོར་བ་བསྐོས་ཐང་ལྕི། །སྣ་རྩིད་ཐག་རྩུབ་མོས་འཐེན་འཐེན་ནས། །སྣ་བུག་ད་ལྟ་འདྲལ་ལ་ཁད། །སྐེད་ཡོབ་ལྕག་ས་ལེབ་མོས་བརྡུང་བརྡུང་ནས། །རྩིབ་མ་ད་ལྟ་ཆག་ལ་ཁད། །འཕོང་སྙེད་ཐག་ནར་མོས་བསྡམས་བསྡམས་ནས། །རྔ་ཤིང་ད་ལྟ་འཆད་ལ་ཁད། །རྒྱབ་ཡག་ལྕགས་ཟོར་མོས་བཅད་བཅད་ནས། །གློ་སྙིང་ད་ལྟ་མཐོང་ལ་ཁད། །ལྕེ་སྤང་ལེབ་ཙམ་དུ་འཕྱར་བ་ལ། །བརྗིད་འདོད་ཀྱི་ཆེ་རྟགས་ཅི་ཞིག་སྟེ། །སྡུག་ཨ་ཐང་ཆད་པའི་རང་རྟགས་ཡིན། །སྣ་རླུང་གི་འུར་སྒྲ་དིར་དིར་པོ། །རྔམ་འདོད་ཀྱི་དཔའ་རྟགས་ཅི་ཞིག་སྟེ། །སེམས་སྐྱོ་དུབ་ཆེ་བའི་སྡུག་མཚང་ཡིན། །རྐང་གོམ་འགྲོས་མགྱོགས་པའི་འདུར་རྒྱུག་འདི། །སྒྱུ་རྩལ་གྱི་ངོམ་འདོད་ཅི་ཞིག་སྟེ། །འཕོང་ལྕགས་ཀྱིས་བྲབ་པའི་སྡུག་རྟགས་ལགས། །གཡག་རྒན་ཚོས་དེ་སྐད་གསུང་གྱིན་གདའ། །སྙིང་རྗེའི་བདག་ཉིད་ཚོས་ཐུགས་ལ་ཞོག། ༈ །།ཐང་ཆེན་པོ་སྔོ་ཕྱུག་དར་མ་རེད། །མེ་ཏོག་གིས་གཡོག་ན་དེ་བས་ལྷག། སྟོན་དགུན་གྱི་ཐུགས་བབ་མ་བྱུང་ན། །བ་མོའི་བཀའ་བཀྱོན་ཞིག་ཕོག་ངོ་ཡོད། །སྨན་ལོ་གཞོན་མཛེས་སྡུག་དར་བབ་རེད། །གཞོན་ལྷ་ཕྲུག་གིས་འཁྱུད་ན་དེ་བས་མཛེས། །སྔོན་ལས་ལ་ཐུགས་བབ་མི་འདུག་ན། །འདུ་འབྲལ་གྱི་


TN00_Page_144A
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ལང་ཞིག་འབྱུང་ཏ་རེ། །གཞོན་ཆུང་གི་གདོང་པ་ལྷ་བས་ལྷག །སྨན་རྐེད་མེད་ཀྱི་མིག་ཟུར་མདའ་བས་རྣོ། །ལྷ་ཕྲུག་ཚོ་མདའ་རྩེས་རྨས་ཏ་རེ། །མདའ་རྐེ་རྒྱན་དུ་བཞེད་ན་ཅི་དགྱེས་མཛོད། །ཆུང་ལྷ་སྨན་གྱི་མཁུར་ཚོས་མཛེས་མོད་དེ། །རྒན་ཁ་སྔོན་ཤ་ཚུག་སྐྱི་རེ་བུང༌། །འདང་སྔ་མཐའ་ཕྱི་ཕུག་ལ་མ་བཏང་ན། །སེམས་འགྱོད་པའི་དུས་ཞིག་ཡོད་ལས་ཆེ། །བན་དར་མའི་འཕྱོར་ཉམས་འཇའ་བས་ལེགས། །སྨན་གཞོན་ནུའི་སྒེགས་ཉམས་ལྷ་མོ་འདྲ། །འཕྱོར་ཉེ་བའི་གྲ་སྡེབ་བཟང་མོད་ཀྱི། །བྱི་ཕྲུག་གི་གྲགས་པ་སྙིང་ལ་གཟན། །མཚན་སྨད་ཀྱི་དུས་སྟོན་སྐྱིད་མོ་དང༌། །ཉིན་ཕྱེད་ཀྱི་གཟའ་འཛིང་ཐལ་སྤུལ་མ། །རེས་འཇོག་གི་བྱ་བ་མཐའ་རིང་པོ། །བྱེ་བྲལ་ལ་གཏོད་པའི་དུས་ཤིག་མཆི། །ནུབ་གཅིག་གི་དགའ་བདེའི་གཡང་སློང་དང༌། །བསྐལ་ཆེན་གྱི་རང་སྡུག་ངུ་འབོད་མ། །དེ་མཉམ་ཚོང་བྱེད་པའི་ཕོ་རྒོད་ཚོ། །ཚོང་ཕམ་པོ་རེད་དམ་རྒྱལ་པོ་རེད། །དེ་ཚོང་ཁེ་ལོན་ཞེས་དགོངས་ན་ནི། །སོས་དལ་དུ་བཞུགས་ལོང་མི་གདའ་བས། །ཚེ་གྲོགས་ལ་གཡབ་མོ་མྱུར་དུ་མཛོད། །ཉིན་མཚན་དུ་ལྷ་སྨན་འཁྱུད་ལ་བཞུགས། །ལྷ་ཞི་ཁྲོ་རབ་འབྱམས་བསྒོམ་ནའང༌། །སྟོང་འདང་ཞིག་རེད་མོད་མཐོང་རྒྱུ་དཀའ། །ད་བསྒོམ་ན་ལྷ་སྨན་བོ་ལི་སྒོམས། །བྱིན་རླབས་ཞིག་དེ་ཡི་གསང་ན་ཡོད། །བདག་སྲས་དང་གཞན་སྲས་བསྒོམ་ཅི་དགོས། །སྲས་ལྷ་ཕྲུག་འདྲ་བ་ཞིག་


TN00_Page_144B
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ན་ཆོག །ད་བསྐྱེད་ན་རིགས་ཀྱི་ས་བོན་བསྐྱེད། །དངོས་གྲུབ་ཞིག་དེ་ཡི་གསང་ན་ཡོད།། ༈ །།དགའ་སྟོན་ཚོགས་ཀྱི་གླུ་བཛྲ་གཱི་རྟིའི་རྒྱུད་མངས་ཞེས་བྱ་བ་ཐོག་མཐའ་བར་དུ་དགེ་བར་གྱུར་ཅིག །ན་མོ་གུ་རུ། །གདོད་ནས་རྣམ་དག་སྟོང་ཆེན་ཀུན་ཁྱབ་ཀྱི་ཀློང་ནས། །བདེ་ཆེན་མཆོག་ཏུ་མི་འགྱུར་འོད་གསལ་གྱི་རིག་པ། །མཉམ་རྫོགས་ལོངས་སྤྱོད་ཆེན་པོའི་སྒྱུ་འཕྲུལ་ལ་ཆགས་པའི། །རང་སྣང་དོན་གྱི་བླ་མ་མཚན་དཔེ་རུ་བཞེངས་ཤོག །མཐའ་བྲལ་ཆོས་དབྱིངས་དག་པའི་ཡེ་ཤེས་ཀྱི་ཀློང་ནས། །རིག་བདག་དྲུག་པའི་རྒྱལ་ཚབ་རྗེ་བཙུན་གྱི་བླ་མ། །རིགས་རྣམས་ཀུན་གྱི་ཁྱབ་བདག་རྡོ་རྗེ་ཡི་གཟི་བརྗིད། །སྤྱི་གཙུག་ཛ་ལནྡྷ་རར་འབྲལ་མེད་དུ་བཞུགས་མཛོད། །ཟུང་འཇུག་ངེས་པ་ལྔ་ལྡན་འོག་མིན་གྱི་གནས་མཆོག །སྤྲུལ་པའི་གླིང་ན་ཉེར་བཞིའི་ཞིང་ཁམས་སུ་བཀོད་པའི། །མཁའ་སྤྱོད་གནས་ཀྱི་མཁའ་འགྲོ་འབུམ་ཕྲག་ཏུ་གཡོ་བའི། །དགའ་སྟོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཨ་ཧོ། །མཁའ་ཁྱབ་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ཀྱི་ཀློང་དུ། །འཕོ་མེད་སེམས་ཀྱི་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ། །ཟབ་གསལ་གྷ་ན་ཙཀྲའི་དགའ་སྟོན་གྱིས་མཆོད་པའི། །ཐབས་ཆེན་མྱུར་ལམ་ཟབ་མོའི་གླུ་དབྱངས་ཞིག་ལེན་འདོད། །སྐྱེད་ཚལ་འབྲས་བུས་བརྒྱན་པའི་བཟའ་ཤིང་གི་ལྡུམ་རར། །གཏུམ་པོའི་ངང་ཚུལ་རྫོགས་པའི་ཧ་ལ་ཡི་ལྗོན་པ། །ལྕུགས་ཕྲན་ཤིན་ཏུ་རྒྱས་པའི་འགྱུར་བ་འདི་མཐོང་ནས། །འཇིགས་ཤིང་འདོར་


TN00_Page_145A
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཕྱོགས་པའི་བློ་དམན་དེས་ཅི་བྱ། །བརྟུལ་ཞུགས་གྲུབ་པར་གྲགས་པའི་གསོ་བྱེད་ཀྱི་རིག་སྨྲས། །དུག་ཆེན་འདུལ་སྦྱོང་ངལ་བས་སྨན་མར་དུ་བསྒྱུར་ཞིང༌། །མཁས་པའི་ངང་ཚུལ་ཅན་གྱི་མནྟྲ་ཡི་ཐབས་ལས། །འཆི་བྱེད་འཚོ་བར་བསྒྱུར་བའི་ངལ་དུབ་དེས་ཅི་བྱ། །བྱུང་རྒྱལ་ཉམས་ཀྱིས་སྒེགས་པའི་རྨ་བྱ་ཡི་གཞོན་ཆུང༌། །དགག་སྒྲུབ་སྤང་བླང་བྲལ་བ་གཏད་མེད་ཀྱི་སྤྱོད་པས། །འཆིང་བྱེད་ལས་ཀྱི་གྲོལ་འབྲས་མངོན་གྱུར་དུ་བགྱིད་པ། །ལམ་ཟབ་ཨ་ཏི་ཡོ་གའི་ཁྱད་ཆོས་སུ་གཟིགས་སམ། །རིམ་རྩོལ་སྤྲོས་པས་མ་ཡིན་བློ་བྲལ་གྱི་རིག་པ། །ཀློང་ཆེན་མཁའ་ལྟར་དག་པའི་ཡེ་ཤེས་ཀྱི་ཀློང་ན། །འཁྲུལ་གྲོལ་གཉིས་སུ་མེད་དེ་ཆོས་ཟད་ཀྱི་དགོངས་པ། །དགག་སྒྲུབ་གཉིས་སུ་མེད་དེ་ཡེ་གྲོལ་གྱི་གཤིས་ལུགས། །རྒྱ་ཆད་ཕྱོགས་ལྷུང་མེད་དེ་ཁྱབ་གདལ་གྱི་དགོངས་ཀློང༌། །གྲུབ་མཐའི་ཞེ་འདོད་མེད་དེ་རྫོགས་ཆེན་གྱི་ལྟ་བ། །བརྩོན་དང་མི་བརྩོན་མེད་དེ་བསྒོམ་མེད་ཀྱི་རྣལ་འབྱོར། །ཨ་འཐས་འཛིན་ཞེན་མེད་དེ་ལྷུན་འབྱམས་ཀྱི་ཡོ་ལང༌། །གང་ཤར་རང་སར་གྲོལ་བའི་ཟང་ཐལ་གྱི་རང་རིག །གཏད་མེད་རང་ཡན་ཆེན་པོ་གཉུག་མ་ཡི་དེ་ཉིད། །ལྟ་སྒོམ་ཐ་སྙད་མེད་དེ་བརྗོད་བྲལ་གྱི་ཡེ་ཤེས། །མིང་ཚིག་ཡི་གེས་མི་མཚོན་བློ་འདས་ཀྱི་འོད་གསལ། །ཕྱི་སྣང་ཡུལ་མེད་ཟང་ཐལ་ཅོག་བཞག་གི་སྒོམ་པ། །བཅོས་བསླད་རྟོག་པས་མ་བཟོས་ཐ་མལ་གྱི་ཤེས་པ། །སྣང་སྟོང་


TN00_Page_145B
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་མེད་པའི་གདོད་མ་ཡི་ཆོས་སྐུ། །ཡིད་དཔྱོད་ཐེག་བརྒྱད་ལས་འདས་ཐེག་རྩེ་ཡི་གྲུབ་མཐའ། །སྣང་སྲིད་དག་པ་རབ་འབྱམས་གཞི་གནས་ཀྱི་དཀྱིལ་འཁོར། །སྣོད་བཅུད་དག་མཉམ་རྟོགས་པའི་གདེངས་ཚད་ཞིག་མེད་ན། །མིག་འགྱུར་ནམ་མཁར་བསྒྲིལ་བའི་ལྟ་སྟངས་ཀྱི་ངང་ནས། །འུར་འུར་མཆོད་དབྱངས་གྱེར་བའི་འཕྱོར་སྒེག་དེས་ཅི་བྱ། །རྟོགས་པས་བདག་རྒྱུད་གྲོལ་བའི་ཉམས་མྱོང་གི་ངང་ནས། །རྒྱུད་དྲུག་སྙིང་རྗེས་འདུལ་བའི་ཐབས་མཁས་ཤིག་མེད་ན། །ཨ་འཐས་ཞེ་སྡང་རྔམ་པའི་འཁྲུལ་རྟོག་གི་ངང་ནས། །སྡང་མིག་གློག་ལྟར་གཡོ་ཡང་དགྲ་བགེགས་ནི་མི་ཐུལ། །གདན་གསུམ་ལྷ་རུ་ཤེས་པའི་དག་སྣང་གི་ངང་ནས། །ཅིར་སྣང་བདེ་ཆེན་དགའ་བཞིའི་རོལ་མོ་རུ་རྟོགས་པའི། །གསང་ཆེན་ཐབས་ཀྱི་དགོངས་སྤྱོད་དེ་འདྲ་ཞིག་མེད་ན། །ཟ་འདོད་བཟའ་བཏུང་དགྲམ་པའི་ཚོགས་འཁོར་དེས་ཅི་བྱ། །གང་སྣང་ལྷ་རུ་ཤེས་པ་བསྐྱེད་རིམ་གྱི་ཟབ་གནད། །སྒྲ་གྲགས་སྔགས་སུ་གོམས་པ་བཟླས་བརྗོད་ཀྱི་ཡང་རྩེ། །གདོད་མའི་རང་ཞལ་མཇལ་བ་ཉམས་མྱོང་གི་སྙིང་པོ། །རྩོལ་མེད་རང་བཞག་རྟོགས་ན་དེ་ཀ་རང་ལགས་སོ། །འཕོ་མེད་སེམས་ཀྱི་རྡོ་རྗེའི་དམ་ཚིག་གིས་བསྡུས་པའི། །འདིར་འདུས་ལས་སྨོན་མཐུན་པའི་རྡོ་རྗེ་ཡི་མཆེད་ལྕམ། །ཐབས་ཆེན་མྱུར་ལམ་ཟབ་མོའི་དགོངས་སྤྱོད་ཀྱི་ངང་ནས། །ཟག་མེད་ཆོས་སྐུར་གྲོལ་བའི་རྟེན་འབྲེལ་ཞིག་ཞུའོ། །ཞེས་དགའ་


TN00_Page_146A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཚོགས་ཀྱི་འཁོར་ལོ་དང་འབྲེལ་བའི་གླུ་བཛྲ་གཱི་རྟིའི་རྒྱུད་མངས་ཞེས་བྱ་བ་འདིའང་ལུང་རྟོགས་ཡོན་ཏན་གྱིས་ཕྱུག་པའི་དད་ལྡན་ལས་ཅན་གྱི་སློབ་བུའི་དམ་པར་གྱུར་པ་འཇིགས་མེད་དཔའ་བོ་རྡོ་རྗེའི་གསུང་ལྡོག་ཏུ་མ་ནུས་པར་ཀུན་མཁྱེན་བརྒྱུད་པའི་བཀའ་འབངས་ཀྱི་ཐ་ཤལ་པ། །ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་གང་ཤར་ལྷུག་པར་སྤེལ་བ་ཛ་ཡནྟུ།། ༈ །།གསང་སྔགས་གཱ་ན་ཙཀྲའི་གླུ་དབྱངས་མཚོ་སྐྱེས་རིག་འཛིན་དགྱེས་པའི་དགའ་སྟོན་ཞེས་བྱ་བ་བཞུགས། །ཨེ་དབྱིངས་ཉེར་བཞིའི་ཞིང་མཆོག་དབུ་མ་ཡི་གྲོང་དུ། །ཝཾ་ཡིག་མཆོག་ཏུ་མི་འགྱུར་ལྔ་ལྡན་གྱི་ཐིག་ལེ། །བདེ་ཆེན་ནམ་མཁའི་གཟུགས་ཀྱི་གར་སྟབས་སུ་བཞུགས་དང༌། །ལོངས་སྤྱོད་འཁོར་ལོའི་དཀོར་མཛོད་རྒྱང་གླུ་རུ་ཆས་འགྲོ། །ཀུན་རྟོག་སྤྲོས་པའི་མཚན་མ་ཆོས་དབྱིངས་སུ་ཞི་བའི། །ཀ་དག་བཟོད་ནས་རྣམ་གྲོལ་འོད་གསལ་གྱི་རིག་པ། །ལྷུན་གྲུབ་རྡོ་རྗེའི་ལུས་ཀྱི་བྱེད་བཅིང་ལ་བརྟེན་ནས། །མཆོག་གི་ཡེ་ཤེས་གྲུབ་པ་གསང་སྔགས་ཀྱི་ཁྱད་ཆོས། །དཔྱིད་དང་ཐིག་ལེ་མཉམ་སྦྱོར་ཐབས་ཆེན་གྱི་ལམ་གནད། །ཕུང་ཁམས་བསམ་གྱིས་མི་ཁྱབ་འོད་གསལ་དུ་བསྡུས་པའི། །བདེ་སྟོང་ནམ་མཁའ་ལྟ་བུའི་རྣལ་འབྱོར་ཞིག་མེད་ན། །དབྱིང་ཕྱུག་སྣ་རྩེའི་སྟོན་མོ་བྱུང་རྒྱལ་དུ་མ་མཛད། །ཡུལ་ལྔ་རྣམ་ཀུན་མཆོག་ལྡན་འོད་གསལ་གྱི་དབྱིངས་སུ། །རོ་གཅིག་ཕྱག་རྒྱ་སྒྱུ་མ་དག་མཉམ་གྱི་རྟོགས་པས། །གིང་ཆེན་མི་མགོའི་ཅོད་པན་ཐོར་ཚུགས་སུ་བཅིངས་ནས། །གཏད་མེད་བརྟུལ་ཞུགས་རོལ་པའི་ཟློས་གར་ཞིག་རྩེན་


TN00_Page_146B
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། །གང་སྣང་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་མོ། །འོད་གསལ་ནམ་མཁའི་རྡོ་རྗེར་ཡེ་གྲོལ་དུ་དེངས་པའི། །དོན་དམ་རིག་སྟོང་གཉིས་མེད་ཀློང་ཆེན་གྱི་དགོངས་པས། ཁམས་གསུམ་ཨ་ཝ་དྷུ་ཏིའི་འཁོར་ལོ་རུ་སྒྲོལ་གཏོང༌། །གཞི་གྲོལ་ཐོག་མའི་སྟོན་པ་ལྷན་སྐྱེས་ཀྱི་འོད་གསལ། །གསང་སྤྱོད་ཨ་དཱི་ཀ་དཱིའི་དགའ་སྟོན་དང་བསྦྲགས་ནས། །རྣམ་གྲོལ་འཆི་བ་མེད་པའི་བཅུད་ལེན་ཞིག་ཡོད་དེ། །མཚོ་སྐྱེས་གྲུབ་པའི་རྡོ་རྗེའི་ཐུགས་དབུས་སུ་གབ་ཡོད། །སྟག་ཤམ་རུས་པའི་རྒྱན་ཆ་སིལ་ཁྲོལ་དུ་གཡོ་ཞིང༌། །ཅང་ཏེའུ་དྲིལ་བུ་གཡེར་ཁའི་སྒྲ་དབྱངས་དང་ལྷན་ཅིག །གཏུམ་པོ་རོ་ལང་ཞོན་ནས་དུར་ཁྲོད་དུ་ཉུལ་བཞིན། །མ་ཚོགས་མཁའ་འགྲོའི་གྲལ་ན་ཚོགས་འཁོར་ལ་ཕེབས་འགྲོ། །མཉམ་བཞག་གཉུག་མའི་ཆོས་སྐུ་འོད་གསལ་དུ་འཇུག་ཅིང༌། །རྗེས་ཐོབ་རླུང་གི་གཡོ་བ་གཟུགས་སྐུ་རུ་ལྡང་བའི། །དགོངས་རྒྱུད་རྡོ་རྗེའི་རྣལ་འབྱོར་དེ་འདྲ་ཞིག་འདོད་དེ། །སྐྱེ་འཆི་རྨི་ལམ་ལྟ་བུའི་གཡོ་འཁྲུལ་འདིས་བསླུས་དོགས། །ངེས་དོན་འཕོ་འགྱུར་མེད་པ་བུམ་སྐུ་ཡི་ཡིན་ལུགས། །བྱ་རྩོལ་སྤྲོས་ཀུན་ཉེར་ཞི་སྙིང་ཐིག་གི་ཐེག་པས། །ཚེ་འདིར་ཡེ་ཤེས་བླ་མའི་ཀུན་བཟང་གི་དགོངས་ཀློང༌། །ནང་དབྱིངས་བཙན་ས་ཟིན་པའི་དངོས་གྲུབ་ཞིག་ཞུའོ། །ཞེས་ཤྲི་གཱ་ན་ཙཀྲའི་རྡོ་རྗེའི་གླུ་མཚོ་སྐྱེས་རིག་འཛིན་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་འདི་ཡང་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་བཀའ་འབངས་གྲལ་མཐར་སྡོད་པའི་རྡོ་རོང་གི་སྤྲང་པོ་ལམ་ཟན་པ་འཇིགས་མེད་བསྟན་པའི་


TN00_Page_147A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་གྱིས་རྒྱལ་ཀུན་སོར་རྟོག་ཡེ་ཤེས་ཞལ་སྐྱིན་དུ་བརྫུ་བའི་ཁྱབ་བདག་བློ་ལྡན་མཆོག་སྲེད་སིན་དྷུའི་ཆུ་གཏེར་གྱི་པདྨོ་ལས་མཚན་དཔེའི་ལང་ཚོ་གསར་དུ་འཁྲུངས་ལོའི་ཉི་སྒྲོལ་ཞེས་པ་ཤིང་ཕོ་སྤྲེའུའི་ལོའི་རྒྱལ་ཟླའི་ཚེས་བཅུའི་རྒྱལ་དབང་ཨོ་ཌི་ཡ་ནའི་རྒྱལ་ཐབས་སུ་དབང་བསྒྱུར་བའི་དུས་རྡོ་རྗེའི་ལམ་གྱི་གནད་དུ་ངེས་པར་བསྡུས་པ་གཏམ་དུ་བརྗོད་པ་དགེ་བར་གྱུར་ཅིག་གུ། །དགེའོ། །དགེའོ། །དགེའོ།། ༈ །།སྙན་འགྱུར་མགྲིན་པའི་རྔ་གསང་ལྷོད་ལྷོད་འཇོ་ཞིང༌། །ལྗང་སྔོན་འདབ་མའི་འགྱུར་བ་འབུམ་དུ་སྐྱོད་བཞིན། །ལྟོ་ལྡིར་བུམ་པའི་བསྟི་གནས་འཚོལ་ཞིང་རྒྱུ་བའི། །ཐི་བྱ་དེ་རིང་སླེབས་སོ་གནས་ཁང་བདག་པོ། །བསིལ་ལྗོངས་བྷོ་ཊའི་གྲོང་ན་གེ་སར་སྣང་ཞེས། །ལྷོ་མོན་སྨྱུག་མའི་ཚལ་ནས་ཉེ་བར་འོངས་པའི། །སྤུ་སྡུག་ན་གཞོན་གྲོགས་པོ་ཐི་བྱའི་དཔལ་མོས། །གཤོག་འགྱུར་གར་གྱི་རོལ་པས་དེ་རིང་སླེབས་བྱུང༌། །འཁྲིལ་ལྡེམ་ལུས་ཀྱི་འགྱུར་བ་སྟོང་དུ་གཡོ་ཞིང༌། །ཟླུམ་མཛེས་ལང་ཚོ་མ་རྙིང་སྒྲོ་གཤོག་སྐོར་བཞིན། །ཐོགས་མེད་ནམ་མཁའི་ལམ་ནས་དལ་གྱིས་རྒྱུ་བའི། །བྱ་འདི་ཐི་བྱ་ལགས་སོ་གནས་ཁང་བདག་པོ། །ས་མཆོག་བྱེ་མའི་ཁང་ཆུང་སྔོན་ནས་ཡོད་དེ། །མི་སྲུན་བྱེའུ་ཆུང་རྒྱ་ངོས་ཕྲོགས་སམ་མ་ཕྲོགས། །བརྟགས་པ་རྣམ་པ་དུ་མས་ལེགས་པར་བརྟགས་ཏེ། །གཤོག་འགྲོས་དལ་གྱིས་སྐྱོད་འདི་ཐི་བྱ་ལགས་སོ། །རྩྭ་ལྗང་མྱུ་གུའི་ཚལ་ནས་འཚོ་བ་འཚོལ་ཞིང༌། །ཡིད་འོང་ངག་གི་རྫ་རྔ་ལྷུག་པར་འཁྲོལ་བཞིན། །སྔོ་བསང་ནམ་མཁའི་ངོགས་སུ་ལྡིང་ཞིང་འགྲོ་


TN00_Page_147B
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །ཐི་བྱ་ད་ལྟ་བྱུང་ངོ་གནས་ཁང་བདག་པོ། །ཞེས་པའང་གཞོན་ནུ་འཇིགས་མེད་པས་ཉམས་མཚར་དུ་བྲིས་པ་ཙམ་ཁོ་ནའོ།། ༈ །།གླུ་ཚིག་བྱིས་པའི་རྩེ་འཇོ་ཞེས་བྱ་བ། །རྡོ་ཞུན་དང་མའི་དུམ་བུ། །མཐིང་མདོག་ཟླ་བའི་དབྱིབས་ཅན། །འཕེན་སྡུད་ཆོ་ལོའི་བརྫུ་བག །སྟོན་མཁས་གཞོན་ནུའི་འདུ་ལོང༌། །ལྡེམ་ལྡེམ་འཛུབ་མོའི་ཞགས་པ། །མཁའ་ཁམས་བླ་ན་བསྐྱོད་དེ། །བར་སྣང་སྣང་བའི་གྲོང་ཁྱེར། །རྡེའུ་ཆུང་འཕྲུལ་གྱིས་བརྡལ་སོང༌། །སྐྱེད་ཚལ་གཡུ་ལྗོངས་ལོགས་ནས། །སྒྱུ་རྩལ་ཤེ་མོང་དར་བས། །ཆུ་སྐྱེས་དཔུང་པ་བཅོམ་སྟེ། །རྣ་ལུང་རྒྱལ་རྔ་བརྡུང་ངོ། །གེ་སར་ནུ་མའི་འོ་སྦྲང༌། །བུང་མ་གཞོན་པའི་བཅུད་ལེན། །འཛིན་བཟོད་འདབ་སྟོང་དཔལ་མོ། །ལག་སོར་ཕོ་ཉས་ཕྲོག་སོང༌། །རེག་འཇམ་རྩ་སྔོན་ཕོན་པོ། །གནོན་ལ་རིང་བའི་སྟབས་ཀྱིས། །མཐེ་བོང་ཕན་ཚུན་འགྲན་བཞིན། །ནེ་ཐང་དཀྱུས་སར་བཏང་བྱུང༌། །གྲ་ལྡེམ་བྱིན་པའི་འཁྲི་ཤིང༌། །ལོང་གཉིས་འབྲས་བུའི་ཁུར་འཆང༌། །དྲི་བཞོན་བསྐྱོད་པ་མེད་ཀྱང༌། །རླུང་རྡུལ་གཞན་གྱིས་བསྐུལ་སོང༌། །གོམ་སྟབས་ཐ་གུ་ཆུང་ཡང༌། །མི་ལྷོད་རྩལ་གྱི་དཔུང་པས། ཁྱོན་ཡངས་ཕྱོགས་ཀྱི་ཐ་ཁྱོན། །འགྲོ་ལྡོག་སྲང་ལམ་བྱས་སོ། །བཞད་གད་སློང་མོར་སློང་བའི། །བཀྱལ་ཚིག་གཏམ་གྱི་ཡོལ་གོས། །དོར་ཁོར་མོར་བཅིངས་པ། །དེ་སླད་རྩེད་འཇོར་གདགས་སོ། །གོ་སྐབས་མགྲིན་པས་ཕྱེ་ཞིང༌། །ལམ་སྲང་མཆུ་ཡིས་བླངས་ནས། །བག་ཡང་གད་


TN00_Page_148A
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཆུ་རྒྱུན། །ལྷུང་ལྷུང་མཁའ་ལམ་བརྟོལ་འགྲོ། །ལྷུག་ལྷུག་རླན་གྱི་རྐྱལ་བའི། །བྱེ་རྡུལ་མཁའ་ལ་བརྩེགས་པ། །བརྟན་དང་ཀུན་ཏུ་ཉམས་པས། །འཛུམ་དགོད་དུད་མོ་འབྱིན་ཏོ། །ཆུ་འདབ་རྣམ་པར་དབྱེ་ཞིང༌། །འགྲིག་འགྲིག་སོ་ཕྲེང་ངོམ་བཞིན། །གསལ་བྱེད་ཐ་མའི་གྲོགས་པོ། །སྒྲོགས་མཁས་གཞོན་ནུའི་གཟུགས་ཅན། །ཨེ་ཡིག་ཕྲ་མའི་གདངས་ཅན། །འཛེར་འཛེར་སྐད་ཀྱི་འབྱུང་བས། །ཆུ་ཐིགས་མགྲོན་པོར་བོས་ཏེ། །མིག་ཟུར་ཐ་གྲུ་གཡོག་གོ །ཐ་དད་གཟུགས་ཀྱི་རྣམ་འགྱུར། །ལམ་ལམ་མིག་སྔར་སྟོན་པའི། །རྐང་གཉིས་གཞོན་ནུའི་ལུས་ཅན། །དེ་དག་དེ་ལྟར་གནས་སོ། །ཧྲུལ་ཧྲུལ་རྩུབ་མོའི་མལ་ནས། །ཉེར་ཉེར་ལྕི་བའི་བམ་རུལ། །ཡོར་ཡོར་འགུལ་བའི་མི་རྒན། ཁྱུག་ཁྱུག་ལས་འདིར་མི་དགྱེས། །གད་གད་མཉམ་པའི་ས་ཕྱོགས། །དྲང་དྲང་རྐང་པས་དཀྱུ་བའི། །གསལ་གསལ་གཞོན་ནུའི་གདུང་ཅན། །ཡང་ཡང་རྩེད་མོས་མྱོས་སྐད། །ཧ་ཧ། མཁས་ལ་བཀྱལ་ཀས་ཉེར་མཁོ་མེད། །བག་མེད་དོན་ལོག་དོན་རློམ་པ། །དེ་དག་འདི་འདྲས་དགྱེས་དེ་སླད། །བྱིས་པའི་ཟློས་གར་འདི་བྲིས་སོ། །ཞེས་སོ།། ༈ །།ལ་མཐོན་པོ་འཕྱོར་ཡག་གི་སྟེང་ན། །སྨན་ཁྲ་མོ་ཟླ་གཞོན་གྱི་གདོང་ཅན། །ངག་འགྱུར་ཁུག་ལ་ཡི་རུ་ལེན་སྐད། །མོ་ཚུལ་མིན་ཚུལ་ཞེན་ཞིག་ཡིན་དྲག །ཐང་ཆེན་པོ་སྤང་ལེབ་ཀྱི་ངོགས་སུ། །སྤྲང་རྒན་པོ་གོས་ཧྲུལ་གྱི་གཡོགས་


TN00_Page_148B
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ངག་འདེགས་འཇོག་རྒྱང་གླུ་རུ་ལེན་སྐད། ཁོ་མྱ་ངན་སྡུག་ཡུས་ཀྱིས་ཡིན་དྲག །བྲག་མཐོན་པོ་རང་བྱུང་གི་ཕུག་ན། ཁོ་བརྟུལ་ཞུགས་མཐར་ཕྱིན་གྱི་གྲུབ་ཆེན། །ངག་སྙན་འཇེབས་ཐོལ་གླུ་རུ་ལེན་སྐད། །དེ་འོད་གསལ་ཉམས་རྩལ་རང་ཡིན་དྲག། ༈ །།སྤྲིན་རབ་དཀར་དྲི་མེད་གཙང་ལ་མཛེས། །འཇམ་ཡང་འཛོམ་པ་ལྷ་རྫས་དང༌། །མཉེན་འབོལ་ཚར་བ་རས་བལ་གོས། །བརྐྱང་ན་ལྷོ་བྱང་ཧྲིལ་གྱིས་ཁེབ། །དྲིལ་ན་ཤེལ་ཕྲེང་རྡོག་པོ་ཙམ། །བཟོ་མ་བྱས་སྲུབ་ཀྱི་འཛུམ་རིས་དོད། །སྲུབ་མེད་ཀྱང་བཟོ་སྒྲོས་དུ་མར་ཤར། །དེ་རྒྱ་མཚོ་ཀླུ་ཡི་འདུ་བྱེད་ཀྱིས། །རྒྱུ་སྤུན་མེད་པའི་ཐགས་སུ་བཏགས། །འཐག་དང་དྲུབ་པ་མཉམ་དུ་བྱུང༌། །དྲུབ་ཟིན་ཙམ་ནས་ཚལ་བརྒྱར་རལ། །རལ་སྙམ་ཙ་ན་ཡུག་གཅིག་འགྲོ། །ཡ་མཚན་རྫུ་འཕྲུལ་སྤྲུལ་པའི་གོས། །མཐོང་བཀྲག་ཆེ་བ་འཇའ་ཚོན་ཏེ། །སྤྲིན་དང་འཇའ་ཚོན་མཚེ་མའི་སྤུན། །རེག་བདེ་བསིལ་བ་གཙང་ཆུ་སྟེ། །ཆུ་སྤྲིན་སོར་མོ་ཁུ་ཚུར་བཞིན། །སྟེང་དགུང་སྔོན་ཡངས་པའི་རྒྱན་དུ་བཏགས། །འབྲུག་རྔ་སྒྲའི་རྒྱལ་མོས་གོས་སུ་གྱོན། །རི་མཐོ་བརྗིད་ཀྱི་མགོ་ལ་གདུགས་ལྟར་འཁོར། །རླུང་སྟོབས་པོ་ཆེ་ཡི་རྒྱལ་མཚན་ཏེ། །ས་ལ་གཡང་ཞག་འབོད་པའི་དར། །མགོ་ནག་མི་ཡི་གཡང་རྟེན་ཏེ། །རྨིག་ཆགས་དུད་འགྲོའི་གཡང་གི་བླ། །མི་རྒྱལ་པོ་ཆེ་ཡང་བཟུང་དུ་མེད། །འཕྱོར་བག་མ་བཟང་ཡང་གྱོན་མི་བཏུབ། །མཛོད་ཕྱུག་པོ་བརྒྱ་ལ་མི་ཆུག་སྟེ། །


TN00_Page_149A
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་གནས་སར་མཐའ་དབུས་ཁེབ། །མི་ཕྱུག་དབུལ་མེད་པར་དགོས་འདོད་སྟེར། །ས་རི་ཀླུང་མེད་པར་རྩི་བཅུད་འགུག །མཐོང་ན་བྱ་རྣམས་བཀྲ་ཤིག་སྒྲོག །སྤྲུགས་ན་བདུད་རྩིའི་ཆབ་རྒྱུན་འབེབས། །འབྲུ་འདོད་ཀྱི་ཞིང་ས་ཁོང་འཛུམ་རྒྱས། །བུ་འདོད་ཀྱི་རྨ་བྱ་རྩེ་བྲོ་འཁྲབ། །བདག་བཟུང་གི་གཉེར་ལ་མི་ལྟོས་ཤིང༌། །བསྲི་ཕང་གི་སེམས་ལས་མ་གོས་པར། །དུས་ནམ་དགོས་ཚེ་ན་ཕུང་གིས་འདུ། །དོན་བྱས་མ་ཐག་ཏུ་རང་སར་གྱེས། །ཕྱྭ་ཁུ་ཡེ་ཟེར་ན་དེ་ལ་གྱིས། །གཡང་ཁུ་ཡེ་འདྲེན་ན་དེ་ལ་སྒྲོང༌། །ཆར་སྤྲིན་འབོལ་མོ་གཡང་གི་མཛོད། །ཆུ་ཁུར་བ་མོ་སྐྱེ་དགུའི་གསོས། ཁྱོད་ཁར་སང་དབྱར་གྱི་ཟླ་བ་ལ། །དཔལ་གཟུགས་ཅན་བཞིན་དུ་མཁའ་ལ་འཁྲིགས། །འབྲོག་ཐམས་ཅད་མར་ཁུའི་རྒྱ་མཚོར་བཏང༌། །འབྲོག་མིའི་རྒྱལ་བ་མར་གྱིས་བཀང༌། །རོང་ཐམས་ཅད་འབྲུ་སྣའི་ཐང་མར་བརྡལ། །སྟོང་སྡེའི་བང་བ་ནས་ཀྱིས་བཀང༌། །མི་ཐམས་ཅད་སྐྱིད་པའི་རྒྱང་གླུ་ལེན། །བྱད་མདངས་སྣུམ་ལ་འཛུམ་བག་ཆགས། །ཕྱུག་ཐམས་ཅད་རྒྱགས་པས་གར་རྩེད་སྒྱུར། །གཅིག་ལས་གཉིས་འཕེལ་རི་ཐང་གང༌། །མདོ་ཕྲུག་རྟ་ཡི་བང་ཁ་དར། །བཀྲག་མདངས་ལྷ་ཡི་རི་དྭགས་འདྲ། །ཆུ་དང་ནགས་ཚལ་ལ་གནས་པའི། །བྱ་རྣམས་རྫོགས་ལྡན་བདེ་བས་མྱོས། །རྩ་ལྗང་མྱུ་གུའི་ལོངས་སྤྱོད་ཀྱིས། །རི་དྭགས་རྣམས་ཀྱང་དྲེགས་པ་འཛིན། །དེ་འདྲ་དཔག་མེད་ཁྱོད་ལས་


TN00_Page_149B
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང༌། །སྐུ་དྲིན་མི་ཆུང་ཆེ་ལགས་ཏེ། །དུས་དེང་སང་སྟོན་ཟླའི་མཇུག་མ་ལ། ཁྱོད་ཀྱང་ཆུ་ཡི་དབང་ཐང་ཉམས། །ཕྱག་དར་ཁྲོད་ཀྱི་གོས་བཞིན་ཟད། །རིང་པོར་མི་ཐོགས་ཡལ་དུ་ཉེ། །དེ་འོན་ཀྱང་འདུས་བྱས་སྒྱུ་མའི་གཟུགས། །ད་ལྟ་མེད་ཀྱང་ད་ལྟ་ཡོད། །རེས་གཅིག་ནུབ་ཀྱང་གཞན་དུ་འཆར། །དར་རྒུད་གཅིག་ཏུ་མ་ངེས་པས། །ད་ལོ་སྐུ་ཁམས་བདེ་མོ་ཞུ། །སང་ཕོད་ཆོ་འཕྲུལ་ཟླ་བའི་དུས། །རྒྱ་མཚོ་ཀླུ་ཡི་བང་མཛོད་ནས། །ནམ་མཁར་འཕགས་ལ་ཕྱོགས་བཅུར་ལྡིང༌། །རྔ་སྒྲ་སྒྲོགས་ཤིང་ལྷབ་ལྷུབ་གཡོ། །བར་སྣང་ཉུལ་ཞིང་ས་ཀུན་འགེབས། །འཛད་མེད་ཆར་གྱི་ཕམ་ཕབ་བཅས། །ས་སྟེང་མི་ཡི་དཔལ་དུ་ཤོག །གཞི་མགྲོན་འཛོམ་པའི་སྨོན་ལམ་ཞུ། །ཆད་མདོ་རྡོ་ཡི་རི་མོ་འབྲི། །རྡོ་བརྐོས་རི་མོ་འགྱུར་མེད་ལགས།། ༈ །།མ་ཉལ་ལོངས་ལ་ཕྱོགས་སུ་ལྟོས། །ཉལ་ན་གཉིད་ཀྱི་རྒྱ་མཚོར་ལྟུང༌། །གཉིད་མཚོར་ལྷུང་ན་འཇིགས་པ་ཆེ། །ཤེས་རབ་འགྲིབ་ཅིང་བརྗེད་ངས་སྐྱེད། །ཕྱོགས་སུ་ལྟོས་དང་ཉམས་དགའ་ཡོད། །མི་ཡུལ་མི་དགའ་ཅི་ཞིག་དགའ། །དགའ་ན་ཤེས་པ་ཕྱིར་ལ་འཕྲོ། །འཕྲོ་ན་གཉིད་ཀྱིས་སྡུད་མི་འགྱུར། །གར་གྱི་ལྟད་མོར་འདུས་པ་དང༌། །བཞད་གད་ཤག་ལ་ཉན་པ་དང༌། །སྟོབས་འགྱོད་རྒྱན་པོ་ལྟ་བ་ཡང༌། །གཉིད་ཀྱིས་ཁྱེར་བ་གཅིག་མ་མཐོང༌། །འདི་ན་ཐང་ཤིང་གར་བྱེད་ཅིང༌། ཁུ་བྱུག་འཇོལ་མོ་ཤགས་ཀྱིས་རྩེ། །ཕུག་རོན་སྟོབས་འགྱེད་འཕུལ་ཐོ་རྡེག་ཁུག་རྟ་མཁར་ལས་


TN00_Page_150A
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བས་བྲེལ། །བུང་བ་གླུ་ལེན་མེ་ཏོག་དགོད། །འདི་ལྟར་རྣམ་པ་སྣ་ཚོགས་པའི། །ལྟད་མོའི་འདུན་ས་ཆེར་འདུག་ནས། །ཉིན་གཉིད་ལོག་པར་ཇི་ལྟར་འཐད། །ནམ་མཁའ་སྨག་གིས་ར་རོ་བའང༌། །ཉི་འོད་བདུད་རྩི་རེག་པས་སངས། །མེ་ཏོག་གཉིད་ཀྱིས་མིག་ཟུམ་པ། །ཉིན་མོའི་དུས་སྟོན་གསར་པས་སད། །བྱིའུ་ཚང་མལ་གཉིད་ལོག་རྣམས། །ཕྱིར་བྱུང་ཅ་ཅོ་སྒྲོགས་ཤིང་རྒྱུ། །འདི་འདྲའི་དབུས་ན་ཁྱོད་གཅིག་པུ། །ཉིན་གཉིད་ཤོར་བ་ལས་མཐུ་ཆེ། །སྐྱེ་དགུ་གཉིད་ལས་སློང་དོན་དུ། །གནམ་ལ་ཉི་མ་འདི་ལྟར་ཤར། །ཉི་མ་མགོ་ལ་ཤར་བཞིན་དུ། །གཉིད་ལོག་ཉི་མས་ཅི་ཞིག་བྱ། །སྤྱི་མཐུན་མིག་གི་བསོད་ནམས་ལས། །འཛམ་གླིང་འདི་ལྟར་བཀྲ་བ་སྤྲུལ། །དུས་ཀུན་མིག་བཙུམ་གཉིད་ལོག་ན། །འཛམ་གླིང་བཀྲ་བ་དོན་མེད་ཡིན། །བྱོལ་སོང་ཁ་ཏྭས་གསལ་ཉམས་བསྟན། །རྩེ་གར་འཁྲབ་ཅིང་གཏམ་དག་གཏོང༌། ཁྱོད་འདྲའི་མི་ཡིས་རྨོངས་ཉམས་བསྟན། །ཉིན་མཚན་གཉིད་ཀྱི་མུན་པར་ཞུགས། །འབུ་སྦྲང་རྣམས་ལའང་དོན་ཅིག་ཡོད། །རང་འཚོ་བསྒྲུབ་ཕྱིར་སྤྱོད་ཡུལ་རྒྱུ། ཁྱོད་ཀྱིས་བྱ་བ་ཀུན་བཅག་ནས། །ཉིན་གཉིད་ལོག་ཕྱིར་མདོ་ཤོར་ཡིན། །ད་རེས་མངོན་མཐོ་མི་ལུས་ཐོབ། །མཁས་པའི་གྲལ་འདབ་ལན་མང་ཉུལ། །དུད་འགྲོའི་སྤྱོད་ལས་འཕགས་རྒྱུ་ལ། །མཉམ་པའང་མ་བྱུང་མཚར་རེ་ཆེ། །ཨ་ཅང་དི་ཙམ་ཀུ་རེ་ཡིན། ཁྱོད་དང་དུད་འགྲོ་འདྲ་དོགས་


TN00_Page_150B
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །བློ་གསལ་སྨྲ་ཤེས་དོན་གོ་ཁྱོད། །རང་ཉིད་སུ་ཡིན་མནོ་བསམ་ཐོང༌། །ང་རྒྱལ་སྐྱེད་ལ་མགོ་འཕང་སྟོད། །རང་ཚུལ་འཚོས་ལ་རང་སྤྱོད་སྐྱོངས། །རང་མགོ་གཉིད་ཀྱི་རྡོ་ལེབ་འོག །མི་འཆོད་ངེས་པའི་སེམས་སྟོབས་སྐྱེད། །འཇིགས་མེད་དུང་ཐོད་ཅན་གྱིས་བུ་ཀི་ལོ་ལ་བཀའ་བཀྱོན་ཕབ་པའོ།། ༈ །།ཚིག་གི་མེ་ཏོག་ཞེས་བྱ་བ། ཁ་བའི་གོས་དཀར་དྲི་མེད་དུང་མདོག་ཅན། །དགུན་གྱི་རྒྱལ་མོས་བཀབ་པ་འཁུར་བཟོད་པའི། །ལྕུགས་ཕྲན་སར་བ་སར་བའི་ཉིང་ལག་ཅན། །ལྗོན་པའི་ཤིང་འདི་ལྷ་ཡུལ་ལྷ་མོ་བཞིན། །ཉི་གཞོན་འོད་ཀྱི་བྱུགས་པས་རེག་མ་ཐག །དྭངས་ཤེལ་ཁ་དོག་འཛིན་པའི་ཆུ་ཐིག་ཏུ། །ཞུ་བའི་གཟུགས་ཅན་ཁ་བ་བ་མོའི་རྡུལ། །ཤིང་ལོའི་འགྲམ་པར་ཡང་དང་ཡང་དུ་འཁྱུད། །ལྡེམ་དྲང་ཁེངས་པས་དྲེགས་པའི་ནགས་ཀྱི་ཀླུང༌། ཁུར་ཆེན་ལྕིད་ཀྱིས་སྨ་དབབ་བགྱིའོ་ཞེས། ཁ་བའི་ཆུ་རྒྱུན་ཀུ་མུད་དོག་པ་བཞིན། །ནམ་མཁའི་ལམ་ནས་ལྗོན་བཟང་སྤྱི་བོར་འབབས། །སྤྲིན་དཀར་ཁ་ཡི་ཟེག་མ་སྐྱུག་པའི་ཆུ། །དཀར་གསལ་ཁ་བའི་ཟོལ་གྱིས་ཉེར་འོང་བ། །ལྗོན་ཤིང་མགུལ་བར་ཅུང་ཞིག་ངལ་གསོས་ནས། །དབྱིག་འཛིན་ཁོང་པར་རིངས་པར་རིངས་པར་སོང༌། །ཉི་མའི་དཀྱིལ་འཁོར་མངོན་དུ་མི་གསལ་ཞིང༌། །གྲང་རེག་འཛིན་པའི་རླུང་གི་གར་སྟབས་ལ། །ཞོན་པའི་གོ་སྐབས་ཉེ་བར་གནས་པའི་ཚེ། ཁ་བའི་རྡུལ་འདི་རི་ནས་ཀླུང་དུ་རྒྱུ། །གང་ཚེ་ཉི་མ་འབར་བའི་འོད་ཞག་གིས། ཁ་བའི་རྡུལ་མང་ཀུན་ཏུ་


TN00_Page_151A
[མ་དཔེ་གཟིགས་ན་འདིར་གནོན།]

བཞུས་པའི་མོད། །ཤིང་གི་གྲིབ་བསིལ་ཁོ་ར་ཁོར་ཡུག་ཀུན། །རླན་གྱི་ཐིག་པ་གོས་སུ་འཛིན་པར་གྱུར། །དེ་ཚེ་བདག་ཅག་ཁུར་དང་བྲལ་ལོ་ཞེས། །དགའ་བའི་གར་གྱིས་རོལ་མོ་རྒྱས་པའི་ཤིང༌། །ཡལ་གའི་གཡོ་བ་འབུམ་དུ་བརྩེན་པ་འདིས། །ནགས་ཀྱི་བྱ་ཚོགས་སྙིང་ལ་རབ་དགའ་འཕེལ། །ནགས་ཀྱི་མཐོངས་སུ་རྣལ་འབྱོར་ལྡན་པས་ཉལ། །ཕྱག་དར་ཁྲོད་ཀྱི་གོས་ནི་ཁ་བས་གཡོག །སླར་ཡང་བ་མོའི་ཁྲི་ལས་ཉེར་ལྡང་སྟེ། །ནང་དུ་ཡང་དག་འཇོག་ལ་གནས་དེ་སྐྱིད། །ཅེས་པའང་གཞོན་ནུ་འཇིགས་མེད་པས་ཉམས་མཚར་གྱི་ཕྱིར་དང་ནགས་མཐོང་ལ་དགའ་བ་འཕེལ་བའི་ཕྱིར་ཤར་མར་བྲིས་པའོ།། ༈ །།ངས་སྐྱ་ཀ་ལ་འདི་བྱས། བྱ་ཀྱ་ཀ་ཁྲ་མོའི་འདབ་མ་བསྐྱོད་ན། །ཤིང་བལ་གྱི་ཡང་ཁྱད་ངོ་རེ་ཚ་སྟེ། །ཐུགས་རློམ་སེམས་མཐོན་པོས་ཆེ་ཐང་མ་མཛད། །བྱ་སྤུའི་ཤེ་མོང་ཨེ་དྲན་འདབ་བཟང་གི་གྲོགས་པོ། །བྱས་པས། ཁོ་ན་རེ། ཁྱེད་འཇམ་དར་སྐྱིད་པོ་མལ་ནང་ཉལ་ཚེ། །ཕྱུག་པོ་ཚོའི་གཅེས་ཕྲུག་འདྲ་ལ་ཁད་དེ། །ཐུགས་རྐྱལ་པ་ཕུས་གཏེར་ཤག་པོ་མ་མཛད། །རམ་པའི་ཞལ་ཟས་ཨེ་དྲན་འཇིགས་མེད་ཀྱི་བསྟན་རྒྱམ། །ངས་ཁོ་ལ། ཤ་ཟོས་ན་ཞིམ་པའི་ཚང་ར་ཚིལ་རྐྱལ། །སྐུ་ཁོག་ཏུ་སླེབས་དུས་མནོག་པོ་ཡོད་དེ། །ཟས་སྲོག་དང་བསྡོས་ནས་འཚང་ཁྲ་མ་མཛད། །གྱང་ཞལ་བ་ཨེ་གཟིགས་སྤུ་སྡུག་གི་གྲོགས་པོ། །བྱས་པས། ཁོས་ང་ལ། ནོར་བསགས་ན་འཕེལ་བའི་དངུལ་སྒྲོམ་རྒྱབ་ཁལ། །


TN00_Page_151B
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཁང་ན་བཞུགས་དུས་ཞལ་ངོ་དྲོ་སྟེ། །སྲོག་འབེན་ལ་བཞག་ནས་ལྡོམ་བུ་མ་མཛད། །གུང་ཕྱིའི་ཟས་ཐང་ཨེ་གཟིགས་འཇིགས་མེད་ཀྱི་བསྟན་རྒྱམ། །ངས་ཁོ་ལ་ཡང༌། མཆུ་གཟན་ལ་རྣོ་བ་ཁ་མཆུའི་གཞི་མ། །འབྱོན་ལམ་ནས་ཁ་ཏྭའི་རུ་སྣ་བཤམ་འདུག །བྱ་འོལ་བ་སེར་པོའི་ལད་མོ་མ་མཛད། །སྐུ་ཤུག་རང་ཚོད་ཨེ་ཟིན་མཁའ་ལྡིང་གི་གྲོགས་པོ། །བྱས་པས། །ང་ལ་ཁོས། བློ་རིག་པའི་རྣམ་འཕྲུལ་བྱུར་ངན་གྱི་སྣ་འདྲེན། །སྙིགས་དུས་ཀྱི་སེམས་ཅན་ཀོ་ལོང་དམ་འདུག་ཁོང་སྔོན་རབས་མཁས་པའི་ལད་མོ་མ་མཛད། །རྣམ་དཔྱོད་རང་ཚོད་ཨེ་ཟིན་འཇིགས་མེད་ཀྱི་བསྟན་རྒྱམ། །ཡང་ངས་ཁོ་ལ། །ཟས་ཧབ་ཐོབ་མཛད་པ་བྱ་བརྒྱའི་ཆོས་ཉིད། །གདུང་མ་དང་དྲལ་ཕྱམ་ཁང་པའི་ཤིང་ཆ། །ཤིང་ཁང་པའི་ལོགས་ལ་སྤུ་འཐོར་མ་མཛད། །གཟིགས་ཚད་ཁ་ཟས་ཨེ་རེད་གཤོག་བཟང་གི་གྲོགས་པོ། །བྱས་པས། ཁོས་ང་རང་ལ། །གཏོ་ཚོགས་གྲལ་འགྲིམས་པ་གཏོ་བླའི་ཆོས་ཉིད། །དཀོན་མཆོག་ལ་ཕུལ་བ་དཀོར་གྱི་གཉན་ཤོས། །རྟེན་མཆོད་ཆས་སྤྱན་གཟིགས་ངའི་ཡིན་མ་མཛད། །ཟང་ཞུན་ལྟོ་བས་ཨེ་ཐུབ་འཇིགས་མེད་ཀྱི་བསྟན་རྒྱམ། །ངས་ཁོ་ལ། མཚན་ཟླ་བ་བཀབ་འདྲའི་གཟུགས་སུ་མཛེས་ཀྱང༌། །ངན་སྐྱུག་གི་ཞལ་ཟས་དྲི་ངད་དེ་མནམ་པས། །ཤིང་ཇོ་དར་ཡུ་བ་དྲིལ་ཕྱིས་མ་མཛད། །གསུང་རབ་བཀུར་སྟི་ཨེ་ཡིན་འཕུར་འགྲོ་ཡི་གྲོགས་པོ། །བྱས་པས། ཁོས་ང་ལ། །གཟན་དུར་སྨྲིག་ན་བཟའ་མཚན་


TN00_Page_152A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ལས་ལྷག་ཀྱང༌། །ལྡན་གྲོལ་གྱི་བསླབ་བྱ་གུ་ཡངས་ལ་བཞག་ནས། །འཁོར་སློབ་མ་སྡུད་པའི་བཤེས་གཉེན་མ་མཛད། །བསྟན་འཛིན་རྣམ་ཐར་ཨེ་རེད་འཇིགས་མེད་ཀྱི་བསྟན་རྒྱམ། །ཟེར་བས། ངས་ཁོ་ལ། །ཨ་ཅང་ཀུ་རེ་ཡིན་མོད་འདབ་བཟང་གཞོན་ནུ། །རྩེ་སྒྲོས་གནམ་འཕང་གཅོད་པ་མཁའ་ལྡིང་གི་ཁྱད་ཆོས། །སྡིག་ཟས་ཤ་ལ་རྔམ་པ་སྔོན་ལས་ཀྱི་རྒྱུ་མཐུན། །བདེན་རིགས་ཁྱོད་ལ་ཡོད་དོ་བདེན་སྨྲ་ཡི་སྐྱ་ཀ༌།བྱས་པས་ཁོས་ཀྱང་ང་ལ། བདེན་བདེན་ང་ལ་ཡོད་ན་བྱོལ་སོང་རང་མིན་མོད། །ཨ་ཅང་སྙིགས་མར་སྤྱོད་པའི་རང་རྟགས་འདི་མིན་ན། །བདེན་སྨྲའི་དྲང་སྲོང་མཆོག་གཅིག་སངས་རྒྱས་རང་བཞིན་ཏེ། །སྣལ་མ་སེར་པོ་ཅན་ཚོའི་རེས་མོ་ལ་བབས་ཡོད། །ཟེར་ནས་འཕུར་སོང༌། །ཞེས་པའང་ངས་བྲིས་སོ། །ཧ་ཧ། ༈ །།ཤར་མདོ་སྨད་སླང་ངའི། །བྱ་དེ་མོའི་བུ་སྡུག་ངང་དཀར་མ། །ཆུང་སྒོང་ངའི་སྦུབས་སུ་བསྡད་བསྡད་ནས། །སྒོང་ཤུན་གྱི་གཟེབ་ཏུ་བཅིངས་བཅིངས་ནས། །མུན་ནག་གི་ཁྲོད་དུ་ཉལ་ཉལ་ནས། །དུས་བབ་ཀྱི་ཉིན་མོ་ཁ་སང་ལ། །ལུས་སྒོང་ལྤགས་ཀྱི་ཤུབས་ནས་ཐོན་དེ་བྱུང༌། ཁོ་ཡུལ་དྲུག་གི་སྣང་བའི་ཐང་ཆེན་དུ། །བློ་འཇུག་ཤེས་རྣམ་དྲུག་རྩེན་ལ་རེ། །ཉམས་གཤོག་རྩལ་རྫོགས་པའི་ཕོ་རྒོད་ཞིག། ཡོང་སྙམ་ལ་ངེད་ཀྱང་རེད་མོད་དེ། །ཚེ་ཟད་དང་དུས་མིན་མ་ཕྱེད་པའི། །འཆི་རྐྱེན་དེ་ཐོག་འབབ་བཞིན་དུ་བྱུང༌། །དུས་ད་ནང་བཙས་པའི་དོ་མོད་ལ། །སྲོག་རྒྱུ་བ་ཕྲ་མོའི་


TN00_Page_152B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་ཐག་ཅད། །ལ་སྒྲོ་གཤོག་རྒྱས་ཀྱང་མི་སླེབ་པའི། །ཤི་བར་དོའི་འཕྲང་ལ་འཛེགས་ནས་སོང༌། །དེ་སྤུན་ཟླ་གསུམ་གྱི་ཐ་ཆུང་ཡིན། །ཕུ་བོ་ཚོ་རེ་ཞིག་གསོན་ལྟར་སྣང༌། །ཆུང་བྱིས་པའི་རང་ནས་བྱེ་བྲལ་བྱུང༌། །ལར་འདུས་བྱས་ཀྱི་རང་མཚང་རྔམ་པོ་ཆེ། །འདི་དང་འདི་འདྲ་ལ་བསམ་ཙ་ན། །འདི་བྱ་ཕྲུག་གཅིག་པོའི་སྒོས་སྐལ་མིན། ཁམས་གསུམ་གྱི་སེམས་ཅན་ཀུན་གྱི་ཡིན། །དེ་ལེགས་པར་བསམ་ན་ཡི་རེ་མུག །ཐོག་ཏུ་བྱུང་ན་ཇི་ཚུགས་བགྱི། །ན་དགའ་ཤི་སྐྱིད་ཅིག་དགོས་རྒྱུ་ལ། །ང་དང་ང་འདྲ་ཚོས་བྱེད་ལུགས་འདིས། །ཅི་མིན་འདི་མིན་ཞིག་འབྱུང་གིས་དོགས།། ༈ །།ཡེ་ཡེ། འོད་མཛད་ཆོས་ཀྱི་རྒྱལ་བུ། །སྐྱིད་པའི་ཡ་མཐའ་རེད་དེ། །གཞན་གྱི་སྡུག་བསྔལ་གཟིགས་ནས། །དཀའ་བ་བརྒྱ་ཡིས་བྲེལ་འདུག། རྩོད་དུས་འདོད་ཁམས་འགྲོ་བ། །སྡུག་པའི་མ་མཐའ་རེད་དེ། །རང་གི་སྡུག་བསྔལ་མཐོང་ནས། །སྐྱོ་བ་ཡིད་ན་མི་འདུག །ཡེ་ཡེ། །སྤྱན་རས་གཟིགས་ལ་མེད་པའི། །དངོས་གྲུབ་བསྒྲུབ་རྒྱུ་མེད་ཀྱང༌། །ད་དུང་མ་ཎི་འདྲེན་པའི། །བགྲང་ཕྲེང་ཕྱག་དང་མ་བྲལ། །ཉམ་ཐག་འགྲོ་བའི་རེས། །མ་ཎི་མིན་པ་མེད་དེ། །ཕྲེང་བ་སྔས་སུ་གཡུག་ནས། །གཏམ་ཉོབ་ནང་ན་ཡེངས་འདུག །ཡེ་ཡེ། །མྱོས་བྱེད་ཆང་འཐུང་ངང་ལ། །ནམ་ཟླ་གར་ཐལ་མེད་པར། །གོ་ཞིག་ཆོད་ཡོད་སྙམ་པའི། །རོང་ཕྲུག་མགོ་འཁོར་པོ་ཚོ། །རི་བོ་ཏ་ལའི་ཁང་བརྩེགས། །


TN00_Page_153A
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་བ་གམ་ཅན་དང༌། །ཕུན་ཚོགས་བཟའ་ཤིང་ར་བ། །བདུད་རྩིའི་སྙེམ་དུད་རྣམས། །སྨྱོ་ཆུ་བྱུར་བུ་ཅན་དང༌། །ཐན་སྙེ་སྐེ་རིང་སྐྱེས་པའི། །ཞིང་སྒོག་སྐྱེ་བོ་རེ་ལ། །བལྟས་ནས་འདོར་ཕོད་ཨེ་འདུག །ཡེ་ཡེ། །དཔག་བསམ་ལོ་མའི་ལྡིང་ཁང༌། །འཕགས་ཚོགས་རྩེ་བའི་ནང་ན། །རབ་དཀར་བདུད་རྩིའི་ཟ་བའི། །གྲུ་འཛིན་ཆུ་བོའི་མ་ཁྱུད། །འདའ་བྱེད་མ་ཎིའི་གྲུ་གཟིང༌། །མི་འཛིན་སྟོང་པར་སྦུབ་ནས། །བེའུ་ལུག་གསོན་མཆུ་འཆིང་བས། །བྲེལ་བ་འབྲོག་པའི་བརྒྱག་ཕྲུག །རེ་ནག་སྒྱེ་མོའི་ཁྱིམ་དུ། །རྒྱབ་ཁྲ་ཚེར་མའི་ཁ་ཅན། །སྲིན་མོའི་གཡོག་ལ་སྡོད་དང༌། །འདུན་མའི་གཏད་སོ་ལེགས་འདུག །ཡེ་ཡེ། ཚུར་བལྟས་རང་ལ་བསམ་ཚེ། ཁ་མང་རང་མདོ་ཤོར་འདུག །ཕར་བལྟས་གཞན་ལ་བསམ་ཚེ། །ཅོལ་ཆུང་རང་ཆུས་བརྗེད་འདུག །ཀུན་ཀྱང་སྙིང་རྗེའི་དབང་ཕྱུག །དངོས་གྲུབ་གཏེར་ཁ་འགྱེད་ལ། ཁྱོར་བ་གཅིག་ཙམ་འཛད་པའི། །བསམ་པ་གཞིན་མི་འདུག །ཡེ་ཡེ། ཨ་ཅང་ཀུ་རེ་ཡིན་གྱི། །ཕོངས་པ་ནང་འཐབ་མི་བྱེད། །སྣང་བ་ཡེངས་ལ་བོར་ནས། །བྱུང་རྒྱལ་ངག་གཅིག་ལོངས་དང༌། །ཡེ་ཡེ། །ལྷོ་ཕྱོགས་བར་སྣང་ལམ་ནས། །དལ་གྱིས་འོང་བའི་སྤྲིན་ཁྱོད། །ཆུ་གཏེར་ལྷོ་མའི་ནང་ནས། །འོང་བའི་མགྲོན་པོ་ཡིན་ན། །ང་ཚོའི་བླ་མ་བཞུགས་པའི། །རི་རྒྱལ་གྲུ་འཛིན་ཕྱོགས་ཀྱི། །མཚར་བའི་གཏམ་ཞིག་ཤོད་དང༌། །སྣང་བའི་སྐྱོ་གྲོགས་


TN00_Page_153B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་གི༌།ཕྱི་སྣོད་རྩི་ཐོག་ནགས་ལ། །ཕམ་ཕབ་ཆར་པ་མེད་ཅིང༌། །ནང་བཅུད་ཤེས་པ་སྐྱོ་དུས། །གཏམ་སྙན་སྤྲིང་ཡིག་མེད་ན། །ཆེ་བརྗིད་རི་བོ་འདྲ་ཞིང༌། །དལ་འགྲོས་གླང་ཆེན་མཉམ་ཡང༌། །ཕྱོགས་འདིར་འོང་བའི་ལས་དོན། །བསྟན་རྒྱུ་ཟད་ནས་གདའོ། །ཡེ་ཡེ། འདབ་བཟང་ལྕུང་ཀ་ནག་ཆུང༌། །དགུང་སྔོན་འཕུར་ལྡིང་བྱེད་ཁྱོད། །ལྷོ་མཐའི་ཆུ་གཏེར་ཕྱོགས་སུ། །རྒུམ་བུ་ཐུ་ཞིང་འགྲོ་ན། ཁྱོད་སྨྲ་མཁས་སྐད་སྙན་འགྱུར་བདེ། །ལྷོ་ཕྱོགས་རྒྱ་མཚོའི་གླིང་རྩེར། །ང་ཚོའི་རྗེ་བཙུན་བཞུགས་ཀྱིས། །སྤྲང་པོའི་སྐྱིད་སྡུག་ཚུལ་འདི། །ཇི་ལྟ་བ་བཞིན་ཞུས་ལ། །རྗེས་བསྟན་གསུང་གི་སྐྱེས་ཤིག །འདུག་ན་ཅིས་ཀྱང་མ་སྐྱུར། །བུ་ངའི་རྣ་བར་བླག་དང༌། །ས་འདིར་ཁྱོད་དང་ང་གཉིས། །བསམ་པ་མཛའ་བོར་བསྡེབས་ཏེ། །ཡུན་རིང་ཁྱིམ་ཚེས་འགྲོགས་པའི། །ཕྱི་ཐག་དེ་ཀ་ཡིན་ནོ། །ཅེས་འཇིགས་མེད་པས་སོ།། ༈ །།རྩ་རྐྱ་ཁ་བས་གཡོགས་པའི་གསང་སྟེང་ན། །ཕོ་རོག་ལྷག་རླུང་འགམ་པ་ཡི་རེ་ཕྱྭ། །བྱིན་ཆགས་ཐང་ཤིང་ཕྱུག་མོའི་ནགས་ཁྲོད་ན། ཁྭ་ཏ་ཉི་ཤིག་འཐུ་བ་བག་རེ་དྲོ། །འཐབ་འཐབ་ལྕགས་རྒྱུན་ཁྱི་ཁར་མ་ཟད་པར། །བརྡུང་བརྡུང་ལྕགས་ཡུ་ཁྱིམ་གོས་མ་བཅག་པར། །སུན་མེད་འབྲོག་སྡེའི་རུ་སྒོ་ཉུལ་ན་ཡང༌། །ལྟོ་ཕྱིར་གཞན་མིག་ཁྲེལ་བ་སྙིང་པོར་ཟད། །བེརྒ་སྔོན་དུ་བཏང་ནས་ཁུག་སྟོང་མཆན། །བསོད་ཆུང་སྤྲང་ཟས་གཅིག་ལ་ཁྱི་རུབ་བརྒྱ། །ད་དུང་རྒྱུག་རྒྱུག་སོང་


TN00_Page_154A
[མ་དཔེ་གཟིགས་ན་འདིར་གནོན།]

སོང་སྒྲས་འདེད་པའི། །ལས་ངན་སྤྲང་པོའི་ལས་ལ་སྣང་བ་སྐྱོ། །ཟས་ལ་གཙང་སྨེ་མེད་པའི་བག་ཡངས་པོ། །གང་བྱུང་དེ་གར་ཟ་བས་རྩོལ་སྒྲུབ་སླ། །ཅི་སྣང་ཟས་སུ་ཤར་བས་སེམས་ཁྲལ་ཆུང༌། །བློ་བདེ་རྒྱུན་ཆད་མེད་དོ་ཁྭ་ཏའི་བུ། །རྡོར་འདེབས་གཡོས་སྐོལ་ཐབས་ལྡན་མི་ཡིས་བྱེད། །ཆུ་ཐབ་ཁོལ་པོ་མི་དགོས་སྐྱིད་ཅིག་ཡོད། །དཀོན་ཟས་དུས་ཁྲལ་དབྱར་གྱི་རྒྱལ་མོས་སྤྲོད། །དཀའ་ཚེགས་རྙེད་ཚོལ་མི་དགོས་སྐྱིད་ཅིག་ཡོད། །བྱུང་ཁུངས་མི་ཟས་བཟང་དགུའི་ཆོ་རིགས་བཙུན། །བྱེད་ལས་འདི་མེད་འཛམ་གླིང་ལོ་ཏོག་མེད། །ངོ་བོ་ཚ་སྐྱུར་ཁ་བསྐའི་རོ་བཅུད་རྫོགས། །དོན་རྩ་རང་ལ་ཞིམ་ན་ཞིམ་པར་ཟད། །སྦྲ་སྒོ་ལྕགས་སྣས་ཕྱེ་ཞིང་ལྟ་བ་དང༌། །ཆེན་པོའི་མཚན་སྙན་བསྒྲགས་ནས་འབོད་པ་སོགས། །སློང་ཐུབ་ལྡོམ་བུ་མང་པོས་ཐོབ་དཀའ་བའི། །ཞིམ་དགུའི་བཟའ་བ་ཐང་མར་བརྡལ་བ་ཡང༌། །ཨོ་ཀ་ཨོ་ཝ་ལ་སོགས་སཾ་སྐྲི་ཏའི། །གསང་སྔགས་ཡི་གེའི་ཕྲེང་བ་ཟློས་བཞིན་དུ། །ལྗན་ལྗིན་ཕྱི་སའི་རྫབ་ཆགས་རྡོ་རྗེའི་མཆུས། །དུད་ཅིང་དཀྲུགས་པའི་བྱིན་རླབས་བྱས་མ་ཐག །འཛིན་པའི་རྒྱ་བཤིག་གཅེས་པའི་འཆིང་ཐག་བྲལ། །སེར་སྣའི་སྒྲོག་བཅད་བདག་པོའི་ལག་བསྒུལ་ནས། །རྣམ་པ་རྫས་བདག་ཁྲོས་པའི་བསྡིགས་རྔམ་སྟེ། །མདོ་དོན་ཁྭ་ཏ་རང་ལྟོ་འཆིང་བ་འབྱུང༌། །གོང་མའི་ངོ་བསྲུང་མིང་འགྲུབ་མ་བྱིན་རུང༌། །ཕ་གཞིས་ཤོར་ན་ཕང་བ་


TN00_Page_154B
[མ་དཔེ་གཟིགས་ན་འདིར་གནོན།]

གཞིན་མེད། །མཐོན་པོའི་ཞལ་ངོ་མི་འཚོ་མ་མཉེས་རུང༌། །རང་ཤོང་ནགས་སྒུགས་རྒྱལ་ཁམས་ཀུན་ན་ཡོད། །བཙན་པོའི་ཞབས་ཏོག་མི་འོང་མ་བཞག་རུང༌། །འཕུར་ཆོག་གཤོག་པའི་གདེང་ཚད་བརྟན་པོ་ཡོད། །ཕྱུག་པོའི་ངོ་བསྲུང་མི་འགྲུབ་མ་བྱིན་རུང༌། །ཟ་ཞིང་སོ་ནམས་སྟོང་ཁམས་སྡེ་བས་བྱེད། །སོ་ནམ་ལས་གླ་མི་ཐིང་མི་བྲ་ན། །སྐྱག་པ་ཁྱིམ་དུ་བསྡུས་ལ་ཁ་རྒྱ་ཞོག །ཡང་ན་དེ་ཡང་མི་བྲ་ཟུངས་ལ་སྡོད། །རུལ་བའི་ཁྱི་རོ་ཟོས་ཀྱང་མི་བརྒྱགས་ཏེ། །ནེ་ཙོ་ཅོར་ལི་གཟུགས་དང་ཁས་ཕུང་བར། །མཐོང་བས་གཡོན་ཅན་མི་ཡི་རྒྱུས་ཤེས་ནས། །མི་བློར་མི་བསྟུན་རྣ་བ་གཙེར་སྐད་དང༌། །མི་སྡུག་སྤུ་ལོང་སྟོན་པས་མིས་མི་འཛིན། །མ་བཟུང་ཕ་ཡུལ་ནགས་ཀྱིས་མི་འཆོར། །མ་ཤོར་རིགས་མཐུན་འདབ་ཆགས་ཁྱུ་མི་འཇིགས། །མ་ཞིག་ཡིད་གཅུགས་བཟའ་ཚོའི་སྡེབ་མི་འཐོར། །མ་འཐོར་འགྲོགས་ཡུན་རིང་བས་ལོ་བཞིན་དགའ། །ཕར་འགྲོ་དཔའ་སྙིང་ཆེ་བས་རྡོག་པ་བརྟན། །གཟན་ལེན་བྱ་བརྒྱའི་ནང་ནས་ཐོབ་སྐལ་མནོག །ཚུར་རྒོལ་ཁང་ཟོན་རྣོ་བས་གླག་རྙེད་དཀའ། །བྱ་བརྒྱ་ཇག་ཉེས་བྱུང་ཡང་རང་མགོ་ཐོན། །མི་སེམས་གཡེངས་དང་མང་སྣང་འུར་བ་སོགས། །གཞན་བློའི་གླགས་ཤེས་ལས་ཀྱི་དུས་ཤེས་ཤིང༌། །རྐུན་གབ་མཁས་འཕྲོགས་ན་འཇབ་མཁས་པའི། །རྣམ་དཔྱོད་རང་ན་དྲོ་བ་ཁྭ་ལ་ཡོད། །མི་དགོས་གཟུགས་ལྡེམས་ངག་སྙན་སྒྲོས་མི་བཏོད། །ཤུགས་འབྱུང་ལྷུག་པར་སྡོད་པས་


TN00_Page_155A
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དྲང༌། །དགོས་ངེས་རང་དོན་སྒྲུབ་ལ་བློ་རྩེ་འཁྱུག །འཛུར་དང་སྐོར་བའི་ཐབས་མཁས་སྨུག་ལྟར་ལྡེམས། །སྲེད་ལྡན་ཡིད་ཀྱི་སྐོམ་པ་མི་སེལ་བཞིན། །ངལ་མེད་ཅ་ཅོ་ཟེར་བའི་རོལ་མོའི་ཤིང༌། །ངོ་ཚ་སྤང་བ་དེ་དག་ལྷ་ཡུལ་ན། །ད་དུང་རང་གི་རྒྱགས་པ་ཉིན་བཞིན་འཕེལ། །འཕྲལ་དགའ་སྣང་བ་འདྲིད་པའི་པི་ཝཾ་དང༌། །ཟོལ་མེད་རྒན་ཉམས་ཆགས་པ་ཁྭ་ཏའི་སྐད། །མགོ་ཡང་བྱིས་པའི་རྣ་བར་སྔ་མ་སྟེ། །ཡུལ་གྱི་ཉེས་དམིགས་རིག་པ་ཕྱི་མ་འཐད། །དེ་ཕྱིར་ཁྭ་ཏ་ཡོག་མགོས་འདེད་མི་དགོས། །བཟླས་ཚིག་ཡེ་གེས་དྲུག་མ་ཡོད་བཞིན་དུ། །དོན་མེད་འཆལ་གཏམ་སྨྲ་ལ་དགའ་བའི་ཁ། །བསྲུང་ན་ཡོག་མགོ་ཟུང་ལ་འདི་གཅིག་སྲུངས། །ཡ་གི་སྐྱེ་མཆེད་མུ་བཞིའི་གདུགས་རྩེ་ནས། །མ་གི་མནར་མེད་དམྱལ་བའི་གདན་མཐའ་ཡན། །འཁོར་བ་སྡུག་བསྔལ་ཕུང་པོའི་རང་བཞིན་ཏེ། །སྐྱག་ཟན་ཁྭ་ཏའི་ལུས་ལ་སྨོན་རྒྱུ་ཅི། །འོན་ཀྱང་དགོས་ངེས་འཇིག་རྟེན་ཕྱི་མའི་རྒྱགས། །རང་སྐལ་སེན་རྩེ་གང་ཡང་མི་འཁྱེར་བར། །དོན་ཆུང་འཇིག་རྟེན་ཚེ་འདིའི་འཚོ་ཐབས་ལ། །དཔའ་རྒོད་སུ་ལྷག་བལྟ་བས་ཆོག་སྙམ་པ། །རང་དང་གཞན་གྱི་ཁྲོད་ན་མང་མཐོང་ཞིང༌། །དེ་ལྟར་བྱས་ན་ནག་ཆུང་ཡོག་མགོ་ཡང༌། །སྤྱང་གླང་སྐྱེས་བུའི་མཐུ་རྩལ་མི་དམན་པར། །རིག་ནས་འཇིགས་མེད་གདོལ་བ་དེ་ཡིས་བྲིས། །ཧ་ཧ་ཧ། །དགེའོ། །དགེའོ། །དགེའོ།། ༈ །།སྔོན་ཆད་


TN00_Page_155B
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་གྱིས་བསྐྱངས་པའི་མ་རྒན། །ཀུན་འབྱུང་ལས་ཉོན་བཙན་པོའི་ཁྲིམས་ཀྱིས། །ངན་འགྲོའི་གཡང་ལ་དབང་མེད་བསྐྱུར་བས། །མཆོག་གསུམ་བླ་མའི་སྐྱབས་ཞབས་མ་ཆུང༌། །ཡུན་རིང་འགྲོགས་པའི་ཨ་མ་རྒན་མོ། །མཐུ་ཆེན་སྡིག་པའི་ལས་དབང་བཙན་པོས། །གཏི་མུག་བྱོལ་སོང་གནས་ལ་བོར་བས། །དམ་ཆོས་བསྒྲུབ་པའི་སྐལ་བ་ཆད་སོང༌། །དྲིན་ཆེན་ཨ་མ་འཁོར་མེད་དྲིན་ཆེན། །མི་བཟད་ལས་ངན་སྙིང་རྗེ་མེད་པས། །མྱ་ངན་གཡང་ལ་ལྟོས་མེད་བོར་བས། །དགའ་སྐྱིད་བདེ་བའི་ནོར་དང་ཕྲལ་སོང༌། །ནུ་ཞོས་གསོས་པའི་ཨ་མ་རྒན་མོ། །ཤ་ཚ་མེད་པའི་ལས་རླུང་ངར་མས། །ཉམ་ཐག་དུད་འགྲོའི་གཡང་ལ་བསྐྱུར་བས། །ཐར་ལམ་སྒྲུབ་པའི་རྟེན་དུ་མ་གྱུར། །བདག་གི་མ་གཅིག་བརྩེ་ལྡན་རྒན་མོ། །བརྩེ་བྲལ་ཉེས་མང་ལས་ཀྱི་ཞགས་པས། །ངན་སོང་གཡང་ལ་དབང་མེད་འཁོར་བས། །ཚོགས་མཆོག་འདུས་པའི་གྲལ་དུ་མ་སླེབས། །ཀྱེ་མ་ཀྱི་ཧུད་མི་བཟད་ལས་ངན། ཁྱོད་ལ་ཨ་མས་ཅི་ཞིག་ཉེས་ཨང༌། །ཨ་མ་རྒན་མོ་ངན་འགྲོར་འཕེན་པའི། །སྡུག་ཡུས་ཅི་ཞིག་ཁྱོད་ལ་ཡོད་ཨང༌། །ཀྱེ་མ་ཀྱི་ཧུད་དྲིན་ལན་འཁོར་མེད། །ཨ་མ་རྒན་མོའི་ལས་བསྐོས་འདི་ཅི། །ཀྱི་ཧུད་སྲས་བཅས་རྒྱལ་བས་ཨེ་གཟིགས། །ཨ་མའི་ཉམས་མྱོང་མྱ་ངན་འདི་ཅི། །བདེ་ལེགས་བྱེ་བས་སྟོང་ཁམས་ཁྱབ་ཀྱང༌། །འཕགས་ཞལ་བལྟ་བའི་སྐལ་བ་མི་འདུག། དམ་ཆོས་རིན་ཆེན་ཐང་མ་


TN00_Page_156A
[མ་དཔེ་གཟིགས་ན་འདིར་གནོན།]

བརྡལ་ཡང༌། །སྡོམ་གསུམ་བསླབ་པའི་རྟེན་དུ་མི་རུང༌། །འཕགས་ཚོགས་འདུས་པ་སྐར་ལྟར་བཀྲ་ཡང༌། །འཕགས་པའི་གྲལ་ན་སྡོད་དུ་མི་དབང༌། །ཀྱེ་མ་ཀྱི་ཧུད་ཀྱེ་མ་མ་ལ། །བརྩེ་བའི་འགྲོགས་པའི་ཨ་མ་སྙིང་སྡུག །ལྷ་བས་ལྷག་པའི་ལུས་རྟེན་མིན་ཡང༌། །ལྷ་དང་ལྷ་མིན་གནས་རིས་ཙམ་དུ། །སྡོད་དུ་མི་སྟེར་སྐལ་ངན་འདི་ཅི། །ནམ་མཁར་འཕུར་བའི་སྒྲོ་གཤོག་གདའ་སྟེ། །ཐབས་དང་ཤེས་རབ་འདབ་མ་མི་གདའ། །ཡིད་དབང་འགུགས་པའི་སྐད་སྙན་གདའ་སྟེ། །ལེགས་པར་སྨྲ་བའི་ངག་སྙན་མི་གདའ། །ཤིང་ལོའི་བསིལ་གྲིབ་འདུག་པར་གདའ་སྟེ། །འཕགས་ལམ་མཆོག་གི་གྲིབ་བསིལ་མི་གདའ། །རྒྱང་གླུ་ལེན་པའི་སྨྲ་ལྕེ་གདའ་སྟེ། །ཟབ་དོན་མྱོང་བའི་རོ་འཛིན་མི་གདའ། །ཟན་རྒུམ་འཐུ་བའི་མཆུ་སྒྲོས་གདའ་སྟེ། །ལེགས་ལམ་སྡུད་པའི་སྤོབས་པ་མི་གདའ། །གོམ་འགྲོས་བསྒྱུར་བའི་རྐང་པ་གདའ་སྟེ། །ཐར་པར་འགྲོ་བའི་བློ་མཆོག་མི་གདའ། །འགྲོགས་པའི་གྲོགས་ལ་བྱོལ་སོང་འདབ་ཆགས། །བཟའ་བའི་ཟས་ལ་སྲིན་བུའི་ཤ་ཁྲག །བཏུང་བའི་སྐོམ་ལ་འདམ་ཆུ་རྙོག་ཅན། །སྤྱོད་པའི་ལས་ལ་སྲོག་གཅོད་སྡིག་ཆེན། །བསགས་པའི་ནོར་ལ་ཀུན་རྨོངས་གཏི་མུག །བསམ་པའི་སེམས་ལ་ཉོན་མོངས་འཐིབས་འཐིབས། །རྐང་གཉིས་མི་དང་འབྲེལ་གཏམ་མི་འོང༌། །གཉེན་མེད་བཤེས་མེད་ཨ་མ་སྡུག་གོ །ཞིམ་པའི་བཟའ་བཏུང་ཁ་ལ་མི་


TN00_Page_156B
[མ་དཔེ་གཟིགས་ན་འདིར་གནོན།]

འགོ །འཚོ་བ་མེད་པའི་ཨ་མ་སྡུག་གོ །དགེ་སྡིག་ལས་ལ་སྤང་བླང་མི་ཤེས། །བློ་མཐུ་མེད་པའི་ཨ་མ་སྡུག་གོ །དམ་པའི་ལྷ་ཆོས་བསྒྲུབ་ཏུ་མི་ཤེས། །འཆི་ཆོས་མེད་པའི་ཨ་མ་སྡུག་གོ །དཀོན་མཆོག་མཚན་སྙན་རྣ་བར་མ་གྲགས། །དཔུང་གཉེན་མེད་པའི་ཨ་མ་སྡུག་གོ །སྔོན་ཆད་དྲིན་ཆེན་ཨ་མ་རྒན་མོ། །ད་ལྟ་སྐྱོ་གྲོགས་བྱེའུ་ངག་སྙན། །གྲངས་མེད་བསྐལ་པ་བརྒྱ་སྟོང་བྱེ་བར། ཁྱེད་དང་ང་གཉིས་མ་བུར་གྱུར་མོད། །བུ་སྡུག་འཇིགས་མེད་བསྟན་པའི་རྒྱལ་མཚན། །ད་ལྟ་གཞན་ཕན་ཁ་ཉམ་ཆུང་ཡང༌། །སྙིང་ལ་སྙིང་སྟོབས་གོ་ཆ་བགོས་ནས། །ནམ་ཞིག་རྣམ་གྲོལ་གཏན་བདེར་ཁྲིད་དོ། །དེ་སྐད་གཞོན་ཆུང་མྱ་ངན་སྨྱོ་གླུ། །གང་འདི་འཇམ་དཔལ་གཞོན་ནུའི་ཁང་བཟང༌། །ཟླ་གཞོན་སྣང་བ་སྟོང་ལྡན་ཆེན་པོར། །ཡི་གེའི་ལམ་ནས་གསལ་བར་བྱས་སོ། །ཞེས་པའང་འཇིགས་མེད་བསྟན་པའི་རྒྱལ་མཚན་དབེན་གནས་གཤིན་རྗེའི་ཕུག་པར་གནས་ཚེ་བྱེའུ་ཁ་ལ་ཁ་འདྲ་ཞིག་མཐོང་ཚེ་ཉམས་མཚར་དུ་བྲིས་པའོ།། ༈ །།ཤར་ཉི་མ་སེར་པོའི་མངའ་ཞབས་ན། །ལུས་ལང་ཚོ་དར་བབ་པདྨོ་མཆོག །དགུང་ཟླ་བ་གཞོན་ནུའི་ཐོད་ཆིངས་ཤིག །འདོགས་འདོད་ན་སྨྱོ་གུ་ཚིག་གསུམ་ཉོན། །ཧ་རཱ་ཨི་ཨཾ་ཨཱཿ སྐད་མཐོན་པོ་འཁར་བའི་རྔ་ཀོར་ཡིན། །དབྱངས་གདངས་དང་ང་ཞེས་ཟེར་མོད་དེ། །སེམས་འཕྲེང་བའི་གླུ་གསུམ་མི་འཐེན་ན། །ཡིད་སྐྱོ་བའི་ཉམས་ལ་སང་དུས་མེད། །ཧ་རི་ཨཱི་ཨཾ་ཨཱཿ འབུ་བུང་བའི་གཤོགས་རླུང་ཟི་ཟི་བོ། །སྐྱིད་


TN00_Page_157A
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཚལ་ན་སྙན་སྐད་དེ། །སྡུག་བ་མོའི་གཉའ་ཤིང་འཁོར་བ་ན། །ཚེ་ཕྱི་མའི་དུང་ཁར་རྐང་པ་འཇོག །ཧ་ར་ཨཱ་ཨཾཨཱཿ བྱ་འཇོལ་མོའི་གྲེ་ལྕེ་བདེ་ལགས་ན། །མ་ལྷོ་མོན་ནགས་མའི་ཁུ་བྱུག་དེ། །སྙིང་བྱམས་པའི་ཤུགས་ཀྱིས་དྲན་དྲན་ཡང༌། །ཞལ་མཐོང་བ་མེད་པས་སྣང་ཤེས་སྐྱོ། །ཧ་ར་ཨཱ་ཨཾ་ཨཿ ཡུམ་སྙིང་ལ་སྡུག་པའི་མིའམ་ཅི། །གླུ་པི་ཝཾ་ལེན་པས་ཅི་སྐྱོ་སྟེ། །མ་སྐུ་དྲིན་ཆེ་ཞེས་མི་བརྗོད་ན། །བུ་བདུད་དུ་འབབས་པའི་ནམ་ཟླ་ཡོད། །ཧ་ར་ཨཱིཿཨཾ་ཨ། །བྲག་ཤེལ་དཀར་མཆོད་རྟེན་བཟང་ལེགས་ཏེ། །གླུ་བྲག་ཆ་བླང་བ་རྫུན་དུ་ཆེ། །མི་རྣམ་དཔྱོད་ཅན་གྱིས་བལྟས་ཙ་ན། །རྩ་སོག་མ་བུས་པའི་ཐལ་བ་ཙམ། །དྷཾ་དི་དི་དི་དི་དི་དི་དི། །དྷཾ་དི་དི་དི་དི་དི། །དྷཾ་དི་དི་དི། དྷཾ་དྷཾ་དྷཾ། དྷཾ་དྷཾ་དྷཾ། ཨི་ཨི་ཨཱི། ཞེས་ཟད་མི་ཤེས་པའི་སྙན་འགྱུར་ཀ་མ་ལའི་གདངས་ལས་དྲངས་སོ། །དེའང་ཚིགས་བཅད་དང་པོས་ཉན་པར་བསྐུལ་ཞིང་དགོས་འབྲེལ་བཤད། གཉིས་པས་བཤེས་གཉེན་བསྟེན་པ་སྟེ། །གང་གི་དོན་དུ་བསྟེན་པའི་དགོས་ཆེད། །གང་བསྟེན་བྱའི་མཚན་ཉིད་བཤད། །གསུམ་པས་མི་རྟག་པ་དང་དེའི་ས་ཁོངས་ཚེ་འདི་བློས་བཏང་རྫོགས་པར་བཤད། བཞི་པས་སྐྱབས་འགྲོའི་རྒྱུ་མཚན་དང་སྐྱབས་འགྲོ་དངོས་བསྟན། ལྔ་པས་སྙིང་རྗེ་ཆེན་པོ་སྒོམ་ལུགས་བསྟན། །དྲུག་པས་རྟེན་འབྲེལ་གྱི་རྟགས་ཀྱིས་སྟོང་ཉིད་ལ་འཇུག་ཚུལ་བཤད་དོ། །དགེ་ཞིང་བཀྲ་ཤིས།། ༈ །།


TN00_Page_157B
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་སང་ཟླ་བ་སྔ་མ་ལ། །ས་སྣུམ་གཤེར་བདུད་རྩིའི་ལང་ཚོ་ཅན། །རྩ་མཆོག་ལྗང་ལོ་འཁྲིལ་བས་ཁྱབ། །རྒྱན་མེ་ཏོག་བཀྲ་བའི་དོ་ཤལ་གྱོན། །དེང་སང་གཟིམ་དངས་ཉམས་ནས་གདའ། །བྱ་མཐོང་ན་དགའ་བའི་ཁུ་བྱུག་ཁྱུ། །དབྱར་གྱི་སྤྲིང་ཡིག་ཀློག་ཅིང་གྲགས། །སྤྲིན་ཚོན་པོ་མཐོང་ནས་སྙན་པར་འགོད། །ད་ལྟ་མོན་ཡུལ་འཕུར་ནས་སོང༌། །བཅུད་སྦྲང་རྩི་རྒྱས་པའི་མེ་ཏོག་ཚལ། །མཐོང་ནས་ཡིད་དགའ་བུང་བའི་ཚོགས། །དབྱངས་རབ་གསལ་རྒྱུད་མངས་ལེན་འདྲ་དེ། །ད་ལྟ་སྨྲེ་སྔགས་ལྡབ་ལྡིབ་འདོན། །ཤིང་སྔོ་ལྗང་ལོ་མའི་ཁུར་བ་ཅན། །ཉིན་བཞིན་མེ་ཏོག་གསར་པ་བཀོད། །རླུང་སྨན་དྲིས་ཕྱོགས་ཀུན་འགེང་བདེ། །ད་ལྟ་ཤིང་ལོ་དམར་པོ་བྲུལ། །ཆུ་ཀླུང་ཆེན་སྤྲིན་ཆར་ཕྱུག་པོའི་གསོས། །ཆུ་བྲན་དུ་མའི་འཁོར་གྱིས་དྲེགས། །རླབས་ནམ་མཁར་ལྡིང་ཞིང་རྩེ་བ་ཡང༌། །ད་ལྟ་ཉིན་རེ་སོང་ཞིང་འཁུམ། །ཕྱི་དབྱར་གྱི་ལྟད་མོས་མིག་བྲིད་ནས། །དགེ་སྦྱོར་རླུང་ལ་བསྐུར་བ་ཁྱོད། །དུས་ད་ལྟ་སྐྱི་སེར་གྲང་བའི་ནང༌། །བྱ་བཟུང་ལག་པ་སྟོང་པར་འདུས། །ནོར་ལོངས་སྤྱོད་ཉེ་དུ་མཛའ་བཤེས་ཀྱིས། །མགོ་རྨོངས་སྡིག་གི་ཁོལ་པོ་རྣམས། །དཔེ་འདི་བཞིན་འཇིག་རྟེན་ཕ་རོལ་ཏུ། །གཅིག་པུར་འགྲོ་ཚེ་ཤེས་པ་སྐྱེ། །གཞོན་སོ་དཀར་དུས་ཀྱི་སྣང་བ་ཀུན། །རིམ་གྱིས་དྲན་ཡུལ་ཙམ་དུ་སོང༌། །རྒན་སྐྲ་དཀར་འཆི་བའི་ཕོ་ཉ་རུ། །སྔར་ནས་སླེབས་ཏེ་ད་གཟོད་སྐྱོ། །སྔར་ན་གཞོན་སེམས་ཤེད་རྒྱས་པའི་དུས། །སྐྱོ་ཤས་


TN00_Page_158A
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ན་དོན་ཆེན་འགྲུབ། །ད་སྟོབས་ཉམས་དབང་པོ་འགྲིབ་པའི་ཚེ། །སྐྱོ་ཡང་རང་སེམས་ངལ་བར་ཟད། །དེ་འོན་ཀྱང་ངན་འགྲོའི་རྟེན་བསམ་ཆེ། །ད་དུང་ཐབས་མེད་ནུས་མེད་མིན། །ལྷ་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་ཀྱིས། །ཚེ་མཇུག་ཆོས་ལ་འདྲིལ་བར་ཤོག། །།

ཞལ་གདམས་ཕྱོགས་བསྡུས།


TN00_Page_159A
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤི་པདྨཱ་ཀ་ར་ཡ། །དལ་བ་རྙེད་དང་བསྟན་ལ་མཇལ་བ་དང༌། །དད་པ་མང་དང་རབ་ཏུ་བྱུང་ཐོབ་པ། །འདི་འདྲ་རྙེད་པར་དཀའ་བས་འབད་པ་བརྒྱས། །སྙིང་པོ་ལེན་པའི་ཐབས་ལ་བསླབ་འཚལ་ལོ། །མཐོན་པོའི་ཐོབ་དང་ཕྱུག་པོའི་ལོངས་སྤྱོད་དང༌། །བཙན་པོའི་དཔུང་ཤེད་གཞོན་ནུའི་ལང་ཚོ་སོགས། །མཐའ་དག་བོར་ནས་ངེས་པར་འཆི་དགོས་ན། །ཚེ་འདི་ཁོ་ནར་སེམས་པ་ཤིན་ཏུ་བླུན། །སྟོན་པས་འཁོར་ལོས་སྒྱུར་བའི་སྲིད་སྤངས་ནས། །ཤིང་དྲུང་རྩ་ཡི་གདིང་བ་བསྟེན་མཛད་ན། །དུས་ངན་འདུ་འཛི་སྦྲུལ་གྱི་ཚང་ནང་ལྟར། །འཇིགས་པའི་གནས་འདིར་བདག་ཅག་ཇི་ལྟར་དགའ། །ཐུབ་པ་ཆགས་བྲལ་ཞི་བའི་མཐར་སོན་པའང༌། །འདུ་འཛི་སྤངས་ནས་བྱང་ཆུབ་མཆོག་བརྙེས་ན། །ཉེས་བརྒྱས་རྨས་པ་བདག་ཅག་ཆགས་སྡང་གི༌།ཡུལ་ངན་ནང་དུ་དགེ་བ་ག་ལ་འཕེལ། །གཞུང་མང་སྦྱངས་ཤིང་མན་ངག་ཐོས་པ་དང༌། །སྒྲུབ་ལ་འདུན་པའི་སྐྱེས་བུ་བརྒྱ་རྙེད་དག །འདོད་དང་འདུ་འཛིའི་ཆོམ་རྐུན་གྱིས་བཅོམ་སྟེ། །ཚོང་དང་གྱོད་དང་ཁྱིམ་གྱི་སྒྲོག་ཏུ་ཚུད། །ཕྱི་སྣོད་ཕལ་ཆེར་གོག་ཅིང་ཞིག་ཤུལ་གྱུར། །སྐྱེ་དགུ་ཕལ་ཆེར་ལས་ཀྱི་ཆད་པས་མནར། །གང་ལ་བལྟས་ཀྱང་འཇིགས་དང་སྐྱོ་བའི་རྒྱུ། །འདི་འདྲའི་ནང་དུ་བདེ་སྐྱིད་ཅི་ཞིག་ཡོད། །མདོར་ན་འཆིང་བ་མི་བཟད་འདོད་པའི་དགྲར། །སྐྱོ་བ་སྐྱེད་ལ་བསྐྱེད་ནས་མང་དུ་བསླབ། །སྐྱོ་འདི་བྱང་ཆུབ་ལམ་གྱི་གླེང་གཞི་རུ། །འཇིག་


TN00_Page_159B
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཉེན་གྱིས་ལན་ཅིག་མིན་པར་གསུངས། །འཇིག་རྟེན་བྱ་བ་སྤུན་པ་འཕྱར་བ་བཞིན། །སྙིང་པོ་མེད་པར་གཏིང་ནས་རིག་གྱུར་ན། །དམ་ཆོས་སྒྲུབ་ལ་ཅིས་ཀྱང་མི་བཟློག་པའི། །ཐག་ཆོད་བློ་སྣ་འདི་འདྲ་ཟིན་པ་འོང༌། །ཕྱུག་པོའི་ནོར་བཞིན་དམ་ཆོས་ཐང་བདལ་ཡང༌། །གང་ལ་འཇུས་ཀྱང་ཕག་སྣ་བྲག་ཐུག་བཞིན། །གཅིག་ཏུ་རྡུག་འདི་ཆོས་བརྒྱད་འགོང་པོ་ཡིས། །རང་རྒྱུད་ཟིལ་གྱིས་མནན་པས་ནོངས་པར་གསུངས། །དམ་ཆོས་བྱེད་འདོད་ལྷད་དང་བྲལ་ངེས་ཤིག །ཡོད་ན་ད་ལྟ་ཐུབ་བསྟན་གནས་པའི་ཕྱིར། །མངོན་མཐོ་ངེས་ལེགས་ཆོས་སྐོར་གང་འདོད་ཀྱང༌། །རིན་ཆེན་གླིང་ནས་གསེར་བཞིན་བླང་བས་ཆོག །དེ་ཚེ་གདམས་པས་རང་གི་བྱ་བ་བྱེད། །ཆོས་ལ་བློ་འགྲོ་སོང་ནས་ཕྱིར་མི་ལྡོག །ཆོས་དང་རང་རྒྱུད་དཔྱིད་དང་ལྡུམ་ར་བཞིན། །མཐུན་པའི་རྟེན་འབྲེལ་ངང་གིས་འགྲིགས་པ་ལགས། །ཆོས་ཀྱི་ཉིང་ཁུ་ཐེག་པ་མཆོག་གི་ལམ། །མཐོ་རིས་ཐར་པ་སྒྲུབ་པའི་ལམ་རྣམས་ཀུན། །དེ་ལ་གཞོལ་ཞིང་དེ་ཡི་ཁོང་ཆུད་དེ། །སངས་རྒྱས་ཐེག་པ་གངས་ཆེན་མཚོ་འདྲར་བསྔགས། །ཐེག་མཆོག་ལམ་བཟང་ངེས་པར་སྒྲུབ་སྙམ་ན། །ལམ་དེའི་སྔོན་འགྲོ་ཅི་ཙམ་སྦྱང་བ་དང༌། །ལམ་དེའི་འཇུག་སྒོ་གང་ལ་བྱེད་པ་དང༌། །འཇུག་སྒོ་དེ་ལ་ཇི་ལྟར་སློབ་པ་དང༌། །ཞུགས་ནས་ཅི་ཞིག་བྱ་བའི་རྣམ་བཞག་སོགས། །རྒྱལ་བས་གསུངས་ཤིང་ཤིང་རྟ་ཆེན་པོས་བཀྲལ། །མཁས་ནས་མཁས་པར་བརྒྱུད་པའི་མན་ངག་བཞིན། །བརྩོན་འགྲུས་


TN00_Page_160A
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ལེགས་པར་སྦྱངས་པ་གཅེས། །འོན་ཏེ་ཚིག་ཕྲེང་ཉུང་ངུས་ལམ་གྱི་གནད། །ཚང་བར་འདོམས་པའི་ཞལ་གདམས་ལ་དགྱེས་ན། །སངས་རྒྱས་སྲས་པོ་དཔལ་ལྡན་ཞི་བ་ལྷའི། །སྤྱོད་འཇུག་གཞུང་ལ་ཆོག་ཤེས་མེད་པར་གཟིགས། །གཞུང་ཉུང་དོན་རྒྱས་ཚིག་སྦྱོར་གསལ་ཞིང་སྙན། །རིགས་པའི་རྒྱན་ལྡན་ཉམས་ལེན་གནད་དུ་འདྲིལ། །རྒྱ་བོད་མཁས་པའི་ཐུགས་དམ་བྱིན་རླབས་ཅན། །འདི་འདྲ་རྙེད་དཀའ་ལྷག་པ་གང་ནས་རྙེད། །ཡང་ཡང་བལྟ་ཞིང་མཁས་པས་ཞིབ་ཏུ་མཉན། །དུས་ཀུན་སེམས་ཤིང་དབྱངས་ཀྱིས་ཁ་ཏོན་བྱ། །སྔས་སུ་བཞག་ཅིང་སྨོན་ལམ་རྒྱ་ཆེན་གདབ། །སྒོ་རྣམས་ཀུན་ནས་འདི་ལ་བྱ་བ་མཛོད། །བཀྲ་ཤིས་མཐའ་བཟང་མིས་མཆོད་རང་སེམས་གཙང༌། །ལྷ་དགའ་འདྲེ་ཞི་རྒྱལ་དང་མཁས་པ་དགྱེས། །རྨི་ལམ་ཚུན་ཆད་ལེགས་པའི་ལམ་དུ་འོང༌། །དགེ་སྦྱོར་དེ་ཡིན་ཆོས་སྤྱོད་དེ་ལ་ཟེར། །དེ་ལྟར་ཐེག་པ་མཆོག་ལ་བློ་སྦྱངས་ནས། །སངས་རྒྱས་རིགས་ཀྱི་ནུས་པ་ཆེར་རྒྱས་ན། །དོན་གཉིས་བསམ་པ་མྱུར་དུ་རྫོགས་སླད་དུ། །བླ་མེད་རྡོ་རྗེ་ཐེག་ལ་འཇུག་པར་བྱ། །འཇུག་སྒོ་དབང་དང་དབང་སྲོག་དམ་ཚིག་གིས། །བཟུང་དང་སྨིན་ལམ་རིམ་པ་དང་པོ་དང༌། །དངོས་གཞི་རྫོགས་རིམ་བོགས་འདོན་ཐབས་དང་བཅས། །གསར་རྙིང་རྒྱུད་སྡེའི་ལམ་སྲོལ་གྲངས་མེད་ཀྱང༌། །རང་ཅག་ལས་སྨོན་དཀར་པོའི་མེ་ཏོག་ཕྲེང༌། །སྔ་འགྱུར་ཆོས་ཀྱི་རེ་ཁཱ་ལ་བབས་ཕྱིར། །


TN00_Page_160B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གཅིག་ཨོ་རྒྱན་པདྨའི་བཀའ་བརྒྱུད་འདིར། །བློ་རྩེ་གཅིག་ཏུ་དྲིལ་ནས་འཇུས་ན་འཐད། །དེ་སྐད་རང་བློར་གང་ཤར་ཡི་གེའི་ཕྲེང༌། །རྐང་པར་བཅད་འདི་བསོད་ནམས་དཔལ་ལྡན་པས། །བསྐུལ་ནས་ནགས་ཀྱི་མི་རྒན་བྷུ་སུ་ཀུས། །བྲིས་པའི་དགེ་བའི་འགྲོ་ལ་ཕན་བྱེད་ཤོག། ༈ །།མཁྱེན་པས་བཟང་གོམས་ཁོ་ན་སྙིང་པོར་དགོངས། །བརྩོན་པས་ངན་གོམས་བག་ཆགས་དྲུངས་ནས་ཕྱུངས། །དེ་མཐུས་བཟང་གོམས་རབ་ཀྱི་རྩེར་སོན་པ། །ཐུབ་མཆོག་ཟླ་མེད་དེ་ལ་མགོས་ཕྱག་འཚལ། །ཡོན་ཏན་མཐའ་དག་གོམས་པའི་རྗེས་འགྲོ་ཞིང༌། །གོམས་པ་རང་གིས་འབད་རྩོལ་ལ་གནས་ཀྱང༌། །ཡོན་ཏན་ལ་དགའ་དེ་ཉིད་མངོན་འདོད་ཅིང༌། །གོམས་ཕྱིར་རྩོལ་བ་སྣ་གཅིག་མི་བྱེད་མཚར། །ངན་གོམས་ཁོ་ནའི་དབང་སོང་གདུལ་བྱ་ཡི། ཁ་ལོ་སྒྱུར་ཕྱིར་སངས་རྒྱས་འཇིག་རྟེན་བྱོན། །དེ་ཡི་རྗེས་ཞུགས་བཟང་གོམས་མི་སློབ་ན། །རྗེས་ཞུགས་ཟེར་བའང་མཛུབ་མོ་བཙུག་ཡུལ་དཀའ། །ཤིན་ཏུ་བླུན་ཡང་གོམས་པ་ལྷུར་བླངས་པས། །ཚིགས་བཅད་གཅིག་གིས་ལམ་པས་ཁྱད་པར་རྟོགས། །བློ་རྣོ་སྨྲ་ལྕེ་བདེ་བའི་ཁེངས་ལྡན་བརྒྱ། །ལེ་ལོའི་དབང་གྱུར་ལག་པ་སྟོང་པར་འགྲོ། །རང་བློ་ཆོས་ལ་བཅུག་ཀྱང་མི་འཇུག་པ། །ཚེ་སྔོན་བཟང་གོམས་མེད་པའི་ལག་རྗེས་ཏེ། །ད་ལྟའི་མི་ཚེའང་ངན་གོམས་ལ་བཏང་ན། །ཕྱི་མའི་ཚེ་ཡང་ལམ་བཟང་ཇི་ལྟར་རྙེད། །སྐད་ཅིག་བསམ་ཀྱང་དོན་ཆེན་མི་ཟད་པའི། །སྒོར་གྱུར་


TN00_Page_161A
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་བདུད་རྩིའི་རོ། །རྙེད་ནས་མ་མྱང་ཆོས་ཀྱི་སྒྲ་ཙམ་ཡང༌། །མི་ཐོས་དམྱལ་བར་སོང་ཚེ་ཅི་ཞིག་བྱ། །བདེ་འགྲོའི་རྟེན་རྙེད་ལམ་སྟོན་བླ་མ་དང༌། །ཆོས་ཚུལ་དཔྱོད་པའི་བློ་མིག་འཛོམ་དུས་སུ། །བཟང་གོམས་མི་བསྟེན་སྐྱབས་མེད་མགོན་མེད་དུ། །ངན་འགྲོར་སོང་ཚེ་བཟང་གོམས་ཇི་ལྟར་འོང༌། །ན་ཚོད་ཐོག་མར་རྩེད་མོས་ནམ་ཟླ་ཕུལ། །དར་མའི་རྣམ་དཔྱོད་ངན་གོམས་ལང་ཤོར་བཏང༌། །རྒུད་ཚེ་བཟང་གོམས་བསླབ་ཀྱང་སྟོབས་མེད་པས། །ཀྱེ་མའོ་གོ་འཕང་བཟང་པོར་ཇི་ལྟར་འགྲོ། །འདུ་འཛིའི་ནང་དུ་འཇིག་རྟེན་ལོང་གཏམ་སྤེལ། །གཅིག་པུར་འདུག་དུས་བཙེམ་དྲུབ་ཤིང་བཟོར་བརྩོན། །སང་རྗེས་གནངས་འོང་རྣམ་རྟོག་ལུ་གུ་རྒྱུད། །དེ་འདྲའི་དཀྱིལ་ནས་བཟང་གོམས་ནམ་ཡོང་སོམས། །བྲེལ་དུས་བྲེལ་བས་གཡེངས་ཤིང་སོས་དལ་དུས། །རྒྱ་བོད་ཧོར་སོགས་འདུ་འཛིའི་གཏམ་གྱིས་འདའ། །དུས་རྣམས་ཀུན་ཏུ་ཤག་དང་བཞད་གད་སྦྱང༌། །བཟང་གོམས་མ་བྱུང་ཟེར་ཏེ་གང་ནས་འབྱུང༌། །ཉིན་མོ་གཏུག་འགྲུལ་ལས་མང་བྱ་དགོས་སྙམ། །མཚན་མོ་གཉིད་བྲོད་མྱུར་དུ་ཉལ་དགོས་སྙམ། །ཉིན་མཚན་མཐའ་དག་དེ་འདྲའི་ངང་སོང་ན། །མི་ཚེའི་ལྷག་མ་ཞེས་བྱ་གཞན་ཡོད་མིན། །ཉམས་མྱོང་སྤྱོད་ལམ་ཀུན་དང་སྲེ་བ་ལ། །ཆོས་ཀྱི་ཉམས་མྱོང་སྣ་གཅིག་ཡོད་པ་དགོས། །རྗེས་དྲན་དྲུག མཆན་༌།འོན་ཀྱང་སྒྲ་སྤྱིའི་གོ་ཡུལ་རྗེས་དྲན་ཙམ། །སྤྱོད་ལམ་རྣམ་བཞིར་སྦྱོང་བ་བྱ་དཀའ་མིན། །འཇིག་


TN00_Page_161B
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བླུན་པོ་ཆོས་ལ་མ་འདྲིས་པའང༌། །ཕོངས་པས་ཉེན་ཚེ་དཀོན་མཆོག་དྲན་བྱེད་ན། ། རྗེས་འབྲངས་བྲེལ་བ་ཕྲ་མོའི་ཕྱིར། །དམ་ཆོས་བརྗེད་དོ་ཟེར་ན་ངོ་ཡང་ཚ། །མཆོག་གསུམ་ལན་རེ་དྲན་ཡང་ཚེ་རབས་སུ། །འཚེད་ངེས་བསོད་ནམས་རོ་བརྒྱགས་ཐོབ་འགྱུར་ན། །རྩེ་རྒོད་གཡེང་བས་བརྗེད་ངས་དགྲ་འབོད་པ། །བདུད་ཀྱི་མེ་ཏོག་ཉག་ཕྲན་མངོན་སུམ་བཞིན། །བྲེལ་བས་མ་ཁོམས་ཟེར་ཏེ་ཇི་ལྟར་ཡང༌། །དེ་ཚེ་འདུ་འཛིའི་གཏམ་དང་ཤག་འགྱེད་ནི། །བྲིས་ན་གླེགས་བམ་ཆེ་ཚད་བགྱིད་དུ་བྱུང༌། །ཆོས་ཚིག་གཅིག་དྲན་མ་ཁོམས་ཅང་བདེན་ནམ། །གྱོད་དང་ཁེ་སྤོགས་ཉེ་དུའི་ཁ་འཛིན་སོགས། །ལོག་པའི་ཡུལ་བསམ་དེ་ལ་དགའ་བ་བསྒོམ། །དེ་ཉིད་བཟླས་བརྗོད་བྱེད་ཅིང་ཡིད་གཏད་ན། །མི་དགེ་ངན་གོམས་མ་བསླབ་ཅི་ཞིག་བསླབ། །གཡོ་སྒྱུ་ཁྲམ་སོགས་འཇིག་རྟེན་ཁྱིམ་པ་ཡི། །ངན་སྤྱོད་ཁོ་ནའི་རྒྱུས་ལ་སྦྱང་བྱས་པས། །དཀར་ཆོས་ཟླ་བ་ཡར་ངོ་ལྟར་འགྱུར་ན། །རྒྱུ་འབྲས་མི་འཆོལ་ཞེས་པ་རྫུན་དུ་བས། ཁེ་བས་ཚོང་དང་ཆོམ་རྐུན་གཡོ་ཐབས་དང༌། །སྣ་བོས་གྱོད་དང་བནྡེས་ཆོས་གཏམ་སོགས། །གོམས་ཤུགས་ཇི་བཞིན་ངག་ཀྱང་རྗེས་འབྲངས་བས། །གཏམ་རྣམས་འདོད་པའི་ཕྱོགས་བཞིན་འགྲོ་ཞེས་གྲགས། །དམ་པ་ཡིན་མིན་སེམས་རྒྱུད་བཟང་ངན་ཁྱད། །སེམས་རྒྱུད་བཟང་བ་གོམས་པ་བཟང་ལ་རག །ངན་པའི་སྤྱོད་ཚུལ་གོམས་པ་ལྷུར་ལེན་ཅིང༌། །བཟང་པོར་རེ་ན་དུ་བས་རྒྱ་མཚོ་དཔོགས། །


TN00_Page_162A
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་རྒྱལ་མཚན་ཐོགས་པའི་གྲལ་རིང་གིས། །བཙོག་གཏམ་ཆོས་ལྟར་འདོན་ལ་མི་ཁྲེལ་བར། །རབ་བྱུང་ཁ་ནས་ཆོས་གཏམ་ཐོན་པ་ལ། །ཚུལ་འཆོས་ཡིན་ཞེས་ཞེ་ཁྲེལ་གཏོང་བའང་མཐོང༌། ཁྱིམ་པས་ངན་ལས་གང་དང་ཅི་བྱེད་ཀྱང༌། །རང་གི་ལས་སྐལ་ཡིན་ཅེས་མགྲིན་གཅིག་སྒྲོགས། །རབ་བྱུང་ཆོས་ལ་གུས་ཤིང་ཆོས་སྨྲ་ན། །ལས་སྐལ་མི་ཟེར་ཟོལ་མ་ཡིན་ཞེས་འཕྱ། །ཀྱི་ཧུད་འཇིག་རྟེན་བླ་མའི་བསྟན་པ་ནི། །འདི་ལྟར་ཐ་མའི་གནས་སྐབས་སོན་མཐོང་ཡང༌། །ཡིད་འབྱུང་མི་སྐྱེ་དམུ་རྒོད་བག་མེད་ཀྱི། །ཕྱི་རྗེས་ཅི་སྙོགས་བྱེད་པ་སྐྱོ་བའི་ཡུལ། །འདུ་འཛི་བཅད་ན་དེ་འདྲ་མིན་ནོ་ལོ། །དབེན་པའི་གནས་སུའང་མཐོ་བའི་སར་སོང་སྟེ། །གྲོང་ལ་བལྟ་ཞིང་གྲོང་གི་གཏམ་འདྲི་ཕྱིར། །ལམ་འགྲུལ་འཚོལ་ན་འདུ་འཛི་ནམ་ཞིག་འཆད། །ནེའུ་སེང་མཛེས་པས་ཕྱུགས་ཀྱི་རྩ་ལྷས་དང༌། །ནགས་ཚལ་དྲ་བས་རྩབ་ཏུ་ཤིང་འབྲེག་དང༌། །དབེན་པའི་སྐྱིབས་ཀྱིས་རྐུན་པོའི་གབ་ཁུང་དང༌། །རི་དྭགས་ཚོགས་ལས་རྔོན་པའི་མེ་མདའ་སོགས། །མདོར་ན་གང་གང་དབེན་པའི་འབྱོར་བ་མཆོག །དེ་དེ་འདུ་འཛི་རྗེས་དྲན་སྒོར་སོང་ནས། །འདུ་འཛི་རྨི་ལམ་ནང་དུའང་མི་བརྗེད་པའི། །ཚུལ་འདིས་དབེན་ཡང་དོན་དུ་འགྱུར་བ་དཀའ། ཁ་ཅིག་འདི་ལྟར་ངན་གོམས་ཆེར་མཐོང་བས། །སྐྲག་ནས་བཟང་གོམས་འབའ་ཞིག་རྩལ་སྦྱོང་བྱེད། །རི་ཀླུང་ཕལ་ཆེར་


TN00_Page_162B
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཡིས་འབར་མཐོང་ཚེ། །མིག་ལྡན་སྐྱེ་བོ་བསིལ་བའི་ཕྱོགས་སུ་འབྲོས། །གཞན་དག་ཁོ་བོ་བཟང་གོམས་མི་སློབ་པའི། །རྒྱུ་མཚན་ངན་གོམས་འཐུག་པས་ནོངས་སོ་ཟེར། །མེ་ཆེན་དུ་བས་ནགས་ཀླུང་གླལ་བ་ན། །བསམ་མེད་བྱ་ཚོགས་ནན་གྱིས་མེ་ནང་འཇུག །ལམ་འགྲུལ་འཕྱིས་ན་དོ་ནུབ་འདོད་པའི་སར། །མི་སླེབ་ཟེར་ཏེ་སྔ་ནས་སྒ་ཆས་འཇུག །ཚེ་ཕྱེད་རྫོགས་ཀྱང་བཟང་གོམས་བསླབ་འཕྱིས་པས། །འཆི་དུས་འདོད་སར་མི་སླེབ་ཡོང་མི་སེམས། །ཐོག་མེད་ངན་གོམས་དྲག་པོའི་རི་གཟར་རྦབ། །བརྩོན་འགྲུས་ཤུགས་ཀྱིས་བཟུང་སྟེ་བདེ་མཐོའི་སར། །འདྲེན་འདི་ལོ་རེ་ཟླ་རེས་སྒྲུབ་ནུས་པའི། །བགྱི་བ་ཆུང་ངུ་མིན་ཏེ་སུ་ཡིས་ཤེས། །རྒས་པའི་འོག་ཏུ་མྱུར་བ་མྱུར་བར་ནི། །བཟང་གོམས་མཐར་དབྱུང་སྙམ་པ་སྙིང་སྟོབས་ཆེ། །སེམས་ཤེད་རྒྱས་དུས་བཟང་གོམས་ཕྲ་མོ་ནས། །གསོག་ལ་ཞུམ་པ་སྙིང་སྟོབས་ཤིན་ཏུ་དམན། །རི་བོ་བགས་ཀྱིས་འཛེགས་ཤིང་གྲོག་མའི་མཁར། །བགས་ཀྱིས་བསགས་ནས་ཆེན་པོར་གྱུར་པ་ལྟར། །བགས་ཀྱིས་སྦྱངས་ཤིང་མཐར་གྱིས་བསླབ་ནས་སུ། །གོམས་པར་འགྱུར་འདི་སྲས་བཅས་རྒྱལ་བའི་ལུགས། །མ་བཅུས་བཀོད་མའི་ཆུ་ཡང་སྐམ་འགྱུར་ལ། །བུས་ན་མེ་སྟག་ཕྲ་མོའང་མཆེད་འགྱུར་ལྟར། །བསླབ་ན་སྐད་ཅིག་རེས་ཀྱང་བཟང་གོམས་འཕེལ། །བསྐྱུར་ན་སྔོན་གོམས་རྣམས་ཀྱང་བརྗེད་ནས་འགྲོ། །འོན་ཀྱང་བགས་ཀྱིས་སློབ་


TN00_Page_163A
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རྫུན་དུ་ཟད། །ནམ་ཞིག་ཅིག་ཆར་ཁོ་ནར་སྒྲུབ་བོ་ཞེས། །སྨྲ་འདི་རྒྱ་ནག་ཧྭ་ཤང་སྐུ་འདས་ནས། །སྔོན་མེད་སྤྲུལ་པའི་གར་གྱིས་རྩེན་ནམ་སྙམ། །གཞུང་མང་དཀྱུས་གཅིག་འཛིན་པ་ཆེས་སླ་སྟེ། །ཉིན་རེར་ཚིག་རེ་འཛིན་པ་ཤིན་ཏུ་དཀའ། །དགེ་སྦྱོར་ཆིག་དྲིལ་སྦྱོང་ལ་ཚེགས་མེད་དེ། །ཞར་དང་ཞོར་ལ་སྒྲུབ་པ་ཆེས་རབ་དཀའ། །དེ་སྐད་སྨྲ་ན་ལྟ་བ་སྙིགས་མའི་དུས། །ངོ་མཚར་མེད་མོད་སྔོན་བྱོན་མཁས་གྲུབ་ཀྱི། །མདུན་སར་གཏུག་ན་ངོ་མཚར་ཆེན་པོ་ཡི། །གླེང་གཞིར་མཛད་ངེས་བསྟན་བཅོས་ལྟོས་དང་ཤེས། །ནམ་མཁར་ཡལ་རྒྱུའི་ལོང་གཏམ་ཕྲེང་བ་བགྲང༌། །རང་དང་འགྲོགས་པའི་དགེ་སྦྱོར་རྒྱབ་ཏུ་འཕང༌། །སྤྲུལ་ལྟར་འཇིགས་པའི་ངན་གོམས་མགུལ་བར་བཏགས། །འདི་ལྟར་འཇིག་རྟེན་གཞན་དུ་འགྲོ་ནུས་སམ། །དགེ་སྦྱོར་ཞེས་བྱ་ཕྱག་སྐོར་ཙབ་ཙུབ་དང༌། ཁ་ཏོན་འབག་འབུག་རྐྱང་དུ་ཟད་པ་མིན། །རྒྱལ་བས་འཇིག་རྟེན་སེམས་ཙམ་ཞེས་གསུངས་པས། །རང་སེམས་བཟང་གོམས་སྦྱོང་བ་གནད་ཀྱི་མཐིལ། །འདི་ལྟར་དམ་པའི་གསུང་སྒྲོས་དུ་མ་ལས། །མཐོང་ཡང་བཟང་གོམས་ཕྱོགས་སུ་མི་ཁྱེར་བར། །ཟེར་མོད་ཤེས་མོད་ཁོ་ནར་བསྐྱལ་བ་ཡིས། །བློ་དྲེད་ཆོས་ལས་ཞུད་པ་འདི་འདྲར་བྱུང༌། །བླང་འོས་གདམ་པའི་ཁྱད་པར་ཅི་མཐོང་ཡང༌། །དོན་ལ་མི་དཔྱོད་ཚིག་གི་སྙན་ཆ་རྟོག །སྙིང་པོ་མི་ལེན་རྩོམ་མཁན་བཟང་ངན་སྨྲ། །རྒོད་བག་རྩེད་


TN00_Page_163B
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གླེང་གཞིར་བྱེད་པ་ཡིས། །དོན་ལ་མི་རྟོན་ཚིག་འབྲུར་རྟོན་པ་དང༌། །ཆོས་ལ་མི་རྟོན་གང་ཟག་ལ་རྟོན་དང༌། །ཆོས་ཀྱི་ཞིང་ལ་ངག་འཁྱལ་རྨོ་བ་སོགས། །དེ་ལྟར་བྱེད་ན་གདམས་པའི་དགོས་པ་ཅི། །ཆོས་ཀྱི་རྗེ་ཡིས་རང་གི་ལེགས་བཤད་ལ། །རྟོན་པ་རྣམ་བཞིའི་ཚུལ་གྱིས་འཇུག་གསུངས་པ། །གཉིས་སུ་མི་འགྱུར་གཅིག་ཏུ་བདེན་གསུངས་པའི། །བཀའ་ཡིན་དེ་ཕྱིར་གཞན་དུ་བྱར་མི་རུང༌། །ཆོས་འདི་རྒྱལ་བས་སྐུ་ཚེ་གྲངས་མེད་དུ། །འབད་པ་བརྒྱ་ཡིས་བཙལ་ནས་ལེགས་བསྒྲུབས་ཏེ། །ཉིད་ཀྱིས་རི་མོར་མཛད་ནས་བཤད་པའི་ཕྱིར། །འདི་ལ་འཆལ་གཏམ་རྩེད་མོ་བགྱིར་མི་རུང༌། །ཇི་སྲིད་བདེ་གཤེགས་བསྟན་པ་གནས་ཀྱི་བར། །ས་སྟེང་ལེགས་བཤད་ཁྱད་པར་གང་འབྱུང་བ། །དེ་ཀུན་རྒྱལ་བ་སྟོན་པའི་ཆོས་འཁོར་དུ། །རོ་གཅིག་ཉིད་ཅེས་མདོ་སྡེ་རྣམས་ལས་འབྱུང༌། །ཚུལ་འདིས་རྣམ་པར་འཐག་པ་བསྡུས་པའི་མདོར། །དམ་ཆོས་སྤོང་བའི་ལས་སྒྲིབ་ཆེས་ཕྲ་ཞེས། །གསུངས་པའི་གནད་ལའང་ངེས་པ་བཙལ་དགོས་ཏེ། །འདི་ལས་དོན་ཆེ་གཞན་ནི་འགའ་མ་མཐོང༌། །མང་དུ་བརྗོད་པས་ཅི་བྱ་མདོར་དྲིལ་ན། །དྲན་པ་འདྲིས་པའི་དམིགས་པ་ཁོ་ན་ལས། །སྐྱེ་བར་གསུངས་ཤིང་འཕྲིན་གྱི་ཕོ་ཉ་བས། །འཕྲིན་ཚིག་སྐྱོར་དང་སྐུད་མདུད་འདོགས་ལ་ལྟོས། །དམ་ཆོས་མི་བརྗེད་བྱེད་པའི་འཕེན་པ་བསམ། །ཆོས་ཀྱི་གནད་འགག་སྙིང་པོ་མཚན་མར་བཟུང༌། །དེ་ཉིད་ཡིད་ཀྱིས་མང་བརྗོད་འདྲིས་སུ་


TN00_Page_164A
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག །ཡང་ཡང་དྲན་ཕྱིར་སྲད་བུའི་བརྗེད་བྱང་གདགས། །དུས་རྣམས་ཀུན་ཏུ་དབང་པོའི་སྒོ་སྡོམ་ཞིང༌། །རང་གིས་རང་བརྟགས་རང་ཉིད་རང་གིས་བཅོས། །ཐབས་ཚུལ་དུ་མས་དམུ་རྒོད་སེམས་ཀྱི་རྟ། །འདུལ་སྦྱོང་བྱས་ཏེ་ལེགས་པའི་ལམ་དུ་གཞུག །རྩ་ཤིང་བེམ་པོར་བློ་གྲོས་ཡོད་མིན་ཡང༌། །སངས་རྒྱས་དབང་གིས་ཆོས་སྒྲ་འབྱིན་བྱེད་ལྟར། །བདག་ཀྱང་བཟང་གོམས་ཡོན་ཏན་ཡོད་མིན་ཡང༌། །འདི་ལྟར་བརྗོད་ནུས་དཔལ་ལྡན་བླ་མའི་མཐུ། །རིང་ནས་བསགས་པའི་ངན་གོམས་མ་ཞུའི་ནད། །སུན་འབྱིན་འཕྲུལ་ཐལ་རྣོན་པོའི་སྦྱོར་བ་འདིས། །བཤིགས་ཏེ་ཆོས་ཀྱི་ལུས་ལ་ནད་མེད་ཅིང༌། །ཆོས་སྐྱེས་བདེ་བས་ཉིན་མཚན་འདའ་བར་ཤོག །ལུས་ཅན་ཀུན་གྱི་ངན་གོམས་རྒྱ་མཚོའི་ཆུ། །སྐེམ་བྱེད་རྟ་གདོང་རི་བོང་ཁྱོད་འགྱུར་ཞིང༌། །བརྩོན་འགྲུས་མེ་ཆེན་འཁྲུགས་པའི་དམར་འོད་ཀྱིས། །བདུད་སྡེའི་སྙིང་ལ་འཇིགས་པ་སྟེར་གྱུར་ཅིག །བདག་ཅག་པདྨ་རྒྱལ་པོའི་ཞབས་དྲུང་དུ། །ཕན་ཚུན་དམ་ཆོས་སྤྱོད་པའི་གྲོགས་གྱུར་ཏེ། །ཐེག་མཆོག་བདེ་བའི་ལམ་བཟང་གཅིག་ཉིད་ནས། །གཉིས་མེད་ཆོས་སྐུ་གཅིག་ཏུ་འགྲུབ་པར་ཤོག །བློ་ལ་ཆོས་ཀྱི་གནད་དོན་ལེགས་བཟུང་སྟེ། །རང་བློ་ཆོས་ཀྱི་སྣོད་དུ་བསྒྲུབ་བྱ་ཞིང༌། །བློ་དང་ཆོས་སྲེས་བློ་ཆོས་རོ་གཅིག་ཏུ། །འགྲོ་བར་མཛོད་ཅེས་གལ་ཆེན་ལན་དགུ་རུ། །བསྐྱར་འདི་རྡོ་རོང་ཡུལ་གྱི་མུ་ཏོ་བ། །མིང་ལ་སྙན་པ་འཇིགས་མེད་བསྟན་པའི་ཉི། །དོན་ལ་ལོད་པ་ཆོས་


TN00_Page_164B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རོ་ཉལ་མཁན། །དེ་ཡིས་བྱ་མང་འདུ་བའི་ནགས་སུ་བྲིས། །མངྒ་ལམ།། ༈ །།བསླབ་བྱའི་སྙིང་གཏམ་ཞིམ་མངར་སྦྲང་རྩིའི་གོང་བུ་བཞུགས་སོ། །དྲིན་ཆེན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །སྤྱིར་དམ་པའི་ཆོས་སྒྲུབ་པའི་རྟེན་ལ་ཁྱིམ་པ་དང་རབ་བྱུང་གི་ཕྱོགས་གཉིས་ལས། །དང་པོ་ལྟར། དཔོན་གྱིས་མངའ་རིས་དང༌། འབང་མིས་ཀྱང་རང་ཁྱིམ་ཆོས་ཀྱི་ལམ་དང་མི་འགལ་བར་སྐྱོང་ཚུལ་དང༌། བརྟུལ་ཞུགས་ཀྱི་གཞི་ལྔ་དང༌། རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཞི་བདུན་སོགས་ལ་བརྟེན་ནས་འཇིག་རྟེན་ཕ་རོལ་གྱི་བརྒྱགས་སྒྲུབ་ལུགས་མང་དུ་ཡོད་ཀྱང་བཤད་པའི་སྐབས་སུ་མ་བབ། །ཕྱོགས་གཉིས་པ་རབ་བྱུང་ཡིན་ན། །དགེ་ཚུལ་སློང་གང་ཡིན་ཀྱང་དེ་དང་དེའི་བསླབ་བྱ་ལེགས་པར་ཉན་ནས་འབད་པ་ཆེན་པོས་སྲུང་བ་གཞིར་བཞག་སྟེ། །ཐོས་པ་ལ་དང་པོར་བརྩོན་དགོས། དེ་ལ་སྒྲ་སྙན་སྐར་རྩིས་སོགས་ཀྱང་སྤྱིར་མཁས་བྱའི་གནས་ཙམ་ཡིན་ཀྱང༌། སྙིགས་དུས་ཀྱི་ཚེ་ཐུང་འདིར་དེ་འདྲའི་སྤྲོས་པ་མང་པོ་ལ་གཡེང་ཆེས་ན་ཟན་རྒུམ་ཐུས་པས་ཟན་ལོག་རྦབ་ལ་ཤོར་བའི་དཔེ་བཞིན་འགྱུར་བས། །བྱང་ཆུབ་སྒྲུབ་པའི་ལམ་ཚང་ལ་མ་ནོར་བ་འབའ་ཞིག་གཙོ་བོར་བཟུང་ནས་ཅི་ཤེས་བྱེད་དགོས། དེ་བྱེད་ན་སྟོན་པ་སངས་རྒྱས་ནས་བཟུང་སྟེ་ཆོས་བརྒྱུད་ཀྱི་བྱིན་རླབས་བར་མ་ཆད་པར་ཐོབ་དགོས་པས། དཔེ་ལྟས་རྐྱང་པ་ལྟ་བུས་མི་ཆོག་གི༌།སྐྱེས་བུ་དམ་པ་ལ་བསྟེན་ནས་གདམས་ངག་གི་ཞུན་ཐར་ལེགས་པར་གཅོད། །དེ་ནས་


TN00_Page_165A
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕྱིར་བལྟས་ཀྱི་སློབ་གཉེར་ཁོ་ནའི་རྗེས་སུ་མགོ་བོ་མི་འཁོར་བར། རྩེ་གཅིག་ཏུ་སྒྲུབ་ཚུགས་བཟུང་སྟེ་ཐོས་པ་ལ་སྙིང་པོ་ལེན་དགོས་ཀྱང༌། གྲོགས་ངན་འདུ་ལོང་གི་གསེབ་ཏུ་མཐུན་འཇུག་ངོ་བསྲུང་དང༌། །དགྲ་གྱོད་འཁོན་གསུམ། ཚོང་སོ་ནམ། །བསམ་བློ་འདུན་གྲོས། ཟད་མེད་ངག་འཁྱལ་གྱི་འཁོར་ལོ་སོགས་བྱ་བ་ངན་པ་ལ་མི་ཚེ་ཟད་ནས་སྒྲུབ་པ་རྣལ་མ་ཉིན་གཅིག་ཀྱང་བྱེད་རྒྱུ་མི་འབྱུང་བས་འདུ་འཛི་རྒྱང་བསྲིང་ནས་དབེན་པ་བསྟེན། དབེན་པར་བསྡོད་ཀྱང་བག་མེད་རྣམ་གཡེང༌། སོས་དལ་རོ་ཉལ། དྲན་ཚད་ལག་ལེན་གྱི་ངང་ལ་ནམ་ཟླ་བསྐྱལ་ན་ཕྱུགས་རྫི་རི་ཁར་ཉལ་བ་དང་ཁྱད་མེད་པས། དུས་རྒྱུན་དུ་བློ་ལྡོག་རྣམ་པ་བཞིས་རང་གི་རྒྱུད་བཏུལ་ཏེ། །བློ་སྣ་ཆོས་ལ་འགྲོ་བ་དང༌། བསམ་རྒྱུ་ཆོས་ལས་མེད་པ། ཡེང་མ་ལམ་དུ་སྐད་ཅིག་ཙམ་ལུས་ཀྱང་ལོང་མེད་ཀྱི་འདུ་ཤེས་དྲན་སོས་ནང་ནས་བསྐུལ་བ་ལ་བསླབ། །དེའང་རེས་མ་སྒོམ་ཀྱང་འོང་ལ། རེས་སྒོམ་ཀྱང་མི་འཆར་བའི་གློ་བུར་གྱི་ངེས་འབྱུང་སྤུ་སུ་ཙམ་སྐྱེ་བ་ལ་སྔོན་དུ་ཚུལ་བཞིན་སྦྱང་དགོས་པའི་ངེས་པ་མེད་ཀྱང༌། ངེས་འབྱུང་གི་བསམ་པ་ཆིག་རྐྱ་ཕེར་བ་དང༌། ནམ་དགོས་ཀྱི་དུས་སུ་སླེབ་པ་འོང་བ་ལ་བློ་ལྡོག་རྣམ་བཞི་ཁྲིད་གཞུང་ནས་བཤད་པ་བཞིན་དུ་བསྒོམ་དགོས་པ་ཡིན། ནང་མ་རེ་བཞིན་དེ་རིང་དྲང་སྲོང་གི་གནས་སུ་ཐ་མལ་པའི་ཀུན་སྤྱོད་མི་བྱ་བར་དགེ་སྦྱོར་ཁོ་ན་སྐྱོང་དགོས་སྙམ་དུ་འཕེན་པ་བཏང༌། ཐུན་ནང་དུ་ཆོས་བསམ་ལོ་བྱས་ཀྱང་ཐུན་མཚམས་


TN00_Page_165B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་ཤེས་པ་ངན་ལང་ལ་བཏང་ན་ཡང་སྐྱེད་མེད་ཅིང་རིམ་གྱིས་བློ་དྲེད་ལ་འགྲོ་བས་དུས་ཐམས་ཅད་དུ་རང་གི་རྒྱུད་ལ་བརྟག་ཅིང་དགེ་སྦྱོར་གྱི་རྒྱུན་མི་བརྗེད་པའི་དྲན་པ་ནར་རེ་བསྟེན། དེ་འདྲའི་རྩོལ་བ་ཧ་ཅང་བསྟེན་དྲག་ནའང་ཞེ་སུན་སྐྱེས་ནས་སྡོད་སྙིང་མི་འདོད་པ་འབྱུང་བས་གྲིམས་ལ་ལྷོད་ཆགས་པ་པི་ཝང་གི་རྒྱུད་ལྟ་བུའི་བརྩོན་འགྲུས་རྩོམ་ཚུལ་ཤེས་དགོས། བར་སྐབས་ཅི་རིགས་པར་གོང་མའི་རྣམ་ཐར་ཉན་ཅིང་བལྟས་ན་བརྩོན་འགྲུས་ཀྱི་བོགས་འདོན་ཡོང་བས་རྗེ་བཙུན་མི་ལ་སོགས་བཀའ་བརྒྱུད་གོང་མ་དང༌། ཞི་བྱེད་དང༌། སྨྱུང་གནས་ཀྱི་བླ་བརྒྱུད། རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་སོགས་ཀྱི་རྣམ་ཐར་བལྟ་ཞིང་སྤྲོ་བ་བསྐྱེད། །དེ་དག་གི་རྗེས་སུ་སློབ་པའི་ཡི་དམ་བཅའ། །ནུབ་རེ་བཞིན་ཉིན་དེར་དགེ་སྦྱོར་གྱི་འཕེལ་འགྲིབ་གང་བྱུང་བརྩིས་ལ། འགྲིབ་ནས་སྣང་ན་རང་ལ་ཉེས་པ་བགྲང་ཞིང༌། སང་ཉིན་ནས་འདི་ལྟར་མ་སོང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་གཏོང༌། འཕེལ་བར་འདུག་ན། འདི་འདྲ་དབེན་པ་བསྟེན་པ་ལས་བྱུང་སྙམ་དུ་ཕྱི་ཕྱིར་དབེན་པ་ལ་དགའ་བ་བསྒོམ་ཞིང༌། དཀོན་མཆོག་གི་བཀའ་དྲིན་དྲན་པ་དང༌། སྨོན་ལམ་རྣམ་པར་དག་པའི་རྒྱས་འདེབས་སོགས་བྱ། བྱ་བཏང་དང་རྣལ་འབྱོར་པའི་ཤ་ཚུགས་བཟུང་ཡང༌། དེ་ལ་མངོན་རློམས་ཀྱི་གཡའ་ཞུགས། གཞན་ལ་བརྙས་སྨོད་དང་ཁྱད་གསོད་གཏོང༌། རང་ལ་གཞན་གྱིས་བཟང་པོར་མཐོང་དུ་རེ་ཞིང༌། ནང་དུ་ཡོན་ཏན་ཅི་སྐྱེས་ངོམ་ཆོས་སུ་ཁྱེར། རྟོགས་པ་མ་ཤར་བཞིན་དུ་


TN00_Page_166A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཤད་ལ་དགའ། །དྲོད་མ་ཐོབ་བཞིན་དུ་ཐོ་ཅོ་རྩིང་སྤྱོད་བྱེད་པ་སོགས་ཆོས་མ་འགྲུབ་གོང་ནས་བདུད་འགྲུབ་པའི་རྒྱུ་ཡིན་པས་ས་འོག་གི་གཏེར་དང་ཐལ་དོང་གི་མེ་བཞིན་དུ་སྦས་པའི་བརྟུལ་ཞུགས་བཟུང༌། ལར་བློ་ཆོས་སུ་འགྲོ་བ་དང༌། ཆོས་ལམ་དུ་འགྲོ་བ་ཐམས་ཅད་བླ་མ་དཀོན་མཆོག་གི་དྲིན་ལ་རག་ལས་པས་དུས་རྟག་ཏུ་གསོལ་འདེབས་མོས་གུས་ལ་འབད་ཅིང༌། ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྟོབས་བཞིའི་བཤགས་པས་སྦྱོང་བ་དང༌། ཚོགས་བསགས་ཀྱི་སྒོ་མང་པོའི་མཐུན་རྐྱེན་བསྟེན་པ་གལ་ཆེ། དེ་ལྟར་མན་ངག་གི་གནད་དང་ལྡན་པས་དབེན་པའི་གནས་སུ་སྒྲུབ་པ་སྙིང་པོར་བྱས་ན་རིམ་ནས་རིམ་གྱིས་ཕྱིན་ཅི་ལོག་གི་བློ་སྣ་ཤས་ཇེ་ཆུང༌། ཕྱིན་ཅི་མ་ལོག་པའི་བློ་སྣ་ཤུགས་ཇེ་ཆེ་དང་ཇེ་མང་ལ་འགྲོ་སྟེ། དེ་འདྲ་བ་ལ་སེམས་འདུལ་བ་ཟེར། སེམས་འདུལ་བ་མིན་པའི་གདམས་ངག་གི་དོན་པོ་གཞན་མེད་དེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། ཁྱོད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་ཇི་སྐད་གསུངས་པ་བཞིན་ནོ། །སྐྱབས་འགྲོ་དང་བློ་ལྡོག་རྣམ་བཞིས་ཆོས་ཀྱི་རྩ་བ་ཚུགས་པ་ན་ཐེག་ཆེན་སྤྱིའི་ལམ་གྱི་སྙིང་པོ་བྱང་ཆུབ་སེམས་གཉིས་ལ་ཉམས་ལེན་གྱི་མཐིལ་དུ་བཟུང་ནས་སློབ་དགོས་ཏེ། དེའི་ཚུལ་ནི་འདིར་མགོ་མེད་མཇུག་


TN00_Page_166B
[མ་དཔེ་གཟིགས་ན་འདིར་གནོན།]

རྡུམ་ཅིག་བྲིས་ཀྱང་གོ་མི་ཆོད་པས་སྤྱོད་འཇུག་དང༌། རྫོགས་ཆེན་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ། དྭགས་པོ་རིན་པོ་ཆེའི་ཐར་རྒྱན་སོགས་ལས་ཞིབ་ཏུ་ཤེས་པར་བྱ། ཁྱད་པར་དུ་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ཐུན་མོང་མ་ཡིན་པ་ཕྱག་རྫོགས་ཀྱི་རྣལ་འབྱོར་ལ་འཇུག་ན། གཞི་དབང་དང་དམ་ཚིག་གིས་བཟུང་སྟེ། སོ་སོའི་ངོ་སྤྲོད་དང༌། ལྟ་སྒོམ་སྤྱོད་པའི་རྣམ་དབྱེ། གེགས་སེལ་བོགས་འདོན་སོགས་མཁས་གྲུབ་གོང་མའི་གསུང་རབ་དང༌། བླ་མ་ཉམས་མྱོང་ཅན་གྱི་ཞལ་གྱི་བདུད་རྩི་ལྟར་ཉམས་སུ་བླང་བས་རིང་པོར་མི་ཐོགས་པར་ས་ལམ་གྱི་ཡོན་ཏན་དབྱར་གྱི་མྱུ་གུ་ལྟར་རྒྱས་པར་འགྱུར་རོ། །ཞེས་པའང་ཡིད་ལྷུང་ལྷ་རུ་དབོན་སྲས་ཀརྨ་ངེས་དོན་ཆོས་ཀྱི་རྒྱ་མཚོ་ཞེས་དམ་པའི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པ་གང་གིས་ཕྲིན་ཡིག་གནང་རྟེན་དང་བཅས་པས་བསྐུལ་བ་ལྟར། ཞལ་གདམས་སློང་བའི་དོན་གཉེར་མཁན་གཞན་འགའ་ཞིག་ལའང་ཕན་པར་བསམས་ཏེ། འཇིགས་མེད་བསྟན་ཉིས་རང་གིས་ཆོས་བྱེད་མ་མྱོང་ཡང༌། རྒྱལ་སྲས་ཞིབ་ལྷ་སོགས་ཆོས་ལ་ཉམས་ལེན་མཐར་ཕྱིན་པའི་དམ་པ་རྣམས་ཀྱི་གསུང་རྒྱུན་ཟེག་མ་ཙམ་བྲིས་པ་མཆོག་ཏུ་དགེ་བར་གྱུར་ཅིག། །།དགེའོ། །དགེའོ། །བྷ་ཝནྟུ། ཤུ་བྷཾ།། ༈ །།བླ་མ་དཀོན་མཆོག་མཁྱེན། དེ་མཆོད་བརྗོད་ཡིན། དེང་སང་ལ་ལས་རྒྱུ་ཟས་མེད་པས་ལྟོ་རྒྱབ་ཀྱིས་མི་བཟོད་འདུག་ཟེར་ཞིང༌། ཚོང་རྐུ་ཇག་གསུམ་ལ་འགྲོ། འདུན་མ་ཡག་ཉེས་མོ་ཐོབ་དང་ཟེར་ནས་མོ་ཕྱྭ་བྱེད། ཕལ་ཆེར་ལ་མོ་ངན་བབས་ཟེར་ཏེ་བདེན་པར་སྣང༌། ཕལ་ཆེར་མི་བསད། རྒྱུ་


TN00_Page_167A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོགས། མཛུབ་མོ་ཁ་ལ་བཅུག་ནས་ཐོན་འདུག །ལ་ལས་དམ་པའི་ཆོས་ཤིག་སྒྲུབ་དགོས་པས་གནས་སྐོར་ལ་འགྲོ། །གཉན་ས་འགྲིམ། འདི་ལས་བཟང་བའི་ཆོས་མེད་ཟེར་ཏེ། དེ་ཚོར་འགྲོ་ས་ནས་སྡོམ་པ་ཤོར་བ་དང༌། འདྲེས་ཁྱེར་བ་སོགས་མང་པོ་ཡོད་པས་དཔྱད་དགོས། ལ་ལ་ཅི་བསམ་འདི་བསམ། སྔར་དཔྱད་ཕྱི་འདང་གང་ཡང་མེད་པར་རོ་ཉལ་བརྒྱབ་སྡོད་དེ། དེ་རིང་ཉལ་བསྡད་པས་མི་ཡོང༌། །སང་ཉིན་གྱི་ཟ་ཆས་ཞིག་སྔོན་ནས་མ་བསྒྲུབས་ན། བ་ཉལ་བའི་ཁ་ལ། རྩ་གནམ་གྱིས་མི་སྤྲོད་པ་ཡིན། ལ་ལས་ད་ལོ་འདི་བྱེད། སང་ཕོད་འདི་ཡོང༌། །དེ་དུས་འདི་འདྲ་དགོས་ཞེས་ཕོར་ཆག་ནང་དུ་ཡུལ་གླིང་གི་བཀོད་པ་བྲིས། ཡར་རྒྱུག་མར་མདུར། རྡོ་ལ་བུག་པ་འབུག་ཟེར་ཏེ་གཅིག་རྗེས་གཉིས་མཐུད་མང་པོ་དྲན་རྒྱུ་བྱེད་རྒྱུ་ཡོད་ཀྱང༌། བསམ་པའི་སྟེང་དུ་གོམ་པ་སོང་བ་རེ་ཟུང་ཙམ་རེད། ངས་བསམ་ཚད་ཐིག་ལས་མི་བཟུར། བཤད་ཚད་ས་ལ་མི་ལྷུང་སྙམ་ནས་རང་ལ་བརྩི་འཇོག་གནམ་སྔོན་པོ་ཙམ་ཡོད་པ་རྣམས་ཀྱང༌། བསམ་པ་ལ་ཁར་ལུས་བཞིན་དུ། ཕུང་པོ་དུར་ཁྲོད་དུ་སླེབས་པས་སྐྱོ། ཞེས་པ་ལྟར་འགྲོ་བའི་དུས་ལ་བབས་ཚེ། ཕག་སྣ་བྲག་ལ་ཐུག་པ་ལྟར་ཐབས་མེད་སྟོབས་ཤོར། མཐུ་རྡུག་སྟེ་ཁ་སྐྱ་ཀྲད་དེ། །གདོང་མཆི་མ་ཙ་རེ། ས་ཚུགས་མེད་པའི་ཕྱོགས་སུ་འགྲོ་གི་འདུག །དེ་ལྟར་ན་དེ་འདྲའི་རིགས་ཐམས་ཅད་ཐབས་བཟོ་མོ་དང༌། ཐབས་མཁས་


TN00_Page_167B
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན་ཡིན་མི་འདྲ། དེ་ཅི་ལ་འདྲ་སྟེ། ཐམས་ཅད་འོལ་ཚོད་མུན་པ་མདའ་འཕེན་དང༌། བཟོ་ཆག་ཚད་ལ་མ་ཕབ་པ་ཤ་སྟག་རེད་པས། འདོད་དོན་གྱི་འབེན་ལ་མ་བཅར་བ་དང༌། ལྷག་ཆད་ནོར་འཁྲུལ་སོང་བ་ལ་ཡུས་ཅི་ཡོད། འདོད་དོན་སྒྲུབ་པ་ལ་མི་བསླུ་ངེས་པའི་ཐབས་བཟོ་མོ་ཟེར་བ་དེ། ཐབས་དང་ཐབས་བྱུང༌། ཐབས་མིན་ཉེས་དམིགས་དང་བཅས་པའི་རྒྱུས་ལ་མཁས་པའི་བླ་མས་བསྟན་ཅིང༌། ཐབས་དང་ཐབས་མིན་གྱི་དབྱེ་བ་ལེགས་པར་དཔྱོད་ནུས་པ་མང་པོས་གཏན་ལ་ཕབ་པ་ཞིག་དགོས། ཐབས་དེ་འདྲ་སྟོན་པའི་བླ་མ་དེ་སུ་རེད་ཟེར་ན། སྲིད་པ་གསུམ་ན་བླ་མ་གཅིག །རྐང་གཉིས་ནང་ན་གཙོ་བོ་གཅིག །སྨྲ་བའི་ནང་ན་ཟླ་མེད་གཅིག་སྟེ་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན། ཁོང་གིས་སེམས་ཅན་བདེ་སྐྱིད་དང་སྤྲོད་པའི་ཐབས་བསྟན་ཆེད་མངོན་མཐོ་སྒྲུབ་བྱེད་དང༌། ངེས་ལེགས་སྒྲུབ་བྱེད་གཉིས་སུ་འདུ། དེའང་མངོན་མཐོ་ལ་བརྟེན་ནས་ངེས་ལེགས་སྒྲུབ་དགོས་པས། དང་པོར་མངོན་མཐོ་སྒྲུབ་དགོས། དེའི་ཚུལ་མང་ཡང་མངོན་མཐོ་ཁྱད་པར་ཅན་དག་པའི་ཞིང་གི་མངོན་མཐོ་བསྒྲུབས་པའི་སྟེང་ནས་ངེས་ལེགས་སྒྲུབ་པ་འདི་ཐེག་ཆེན་གྱི་མདོ་སྡེ་མང་པོ་ནས་བསྔགས་བསྔགས་པ་ཡིན། དེའི་ནང་ནས་བདེ་བ་ཅན་དུ་སྐྱེ་བ་ལེན་པའི་རྒྱུ་ཚོགས་སྒྲུབ་ལུགས་གླེན་གཏམ་བྱས་ན། སངས་རྒྱས་འོད་དཔག་མེད་རྣམ་པའི་སྒོ་ནས་ཡང་ཡང་ཡིད་ལ་བྱེད་པ་དང༌། ཡན་ལག་བདུན་པ་སོགས་ཀྱི་དགེ་


TN00_Page_168A
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་མང་པོ་རྒྱུན་མི་གཅོད་པར་གསོག་པ་དང༌། ཐེག་ཆེན་སེམས་བསྐྱེད་ཅི་ནུས་སུ་སྦྱང་བ་དང༌། དགེ་རྩ་གང་བསྒྲུབ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་བ་དང་བཞི་པོ་འདི་བློ་ལ་བཟུང་ནས་ཆེ་ཤེས་ཆུང་ཤེས་བསླབ་དགོས། འདི་བཞི་ལ་མང་དུ་བསླབས་ནས་བསྐྱུར་བས་མི་ཆོག །ད་ལྟ་མང་དུ་བསླབ། རྒྱུད་ཐོག་ཏུ་འདྲེས་ངེས་བསླབ། འཆི་རན་དུས་བར་དུ་འཕྲོ་མ་ཆད་པར་བསླབ་ནས། གནས་གང་དུ། རྐྱེན་གང་གིས། སྡུག་བསྔལ་ཆེ་ཆུང་དང་ཡུན་རིང་ཐུང་ཇི་ལྟ་བུའི་ངང་ནས་ཤི་རུང་འཆི་ཁ་བག་ཆགས་སྟོབས་ལྡན་སད་ངེས་པ། རང་ཞེ་རང་ལ་ཁེལ་ཤག་ཤག་བྱ་དགོས། དེ་ལ་ད་ལྟ་རང་གི་སེམས་ཞིང་སྦྱང་གི་ཚོགས་ལ་ཤིན་ཏུ་ལོབ་ཅིང་བྱང་བ། རྟ་རྩལ་ཅན་དལ་བྲེལ་གྱི་གནས་སྐབས་ཀུན་ཏུ་རྟ་ལས་མི་ལྷུང་བ་འདྲ་བ་ཞིག་སྦྱང་དགོས། དེ་ཡོང་བ་ལ་དང་པོ་མི་འགྲུལ་བཅད། སྐད་ཆ་བསྐྱུར། ཕག་ལྟས་ལྐོག་ཉན་སོགས་ལྟ་དགའ་ཉན་སྲེད་མང་པོའི་རྒྱུན་རྦད་ཀྱིས་བསྐུམ་སྟེ། སེམས་ཕྱི་རོལ་དུ་མ་ཤོར་བས་རྒྱུ་ཚོགས་བཞི་པོ་རྩེ་གཅིག་ཏུ་བསྒོམ། འདི་དུས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ཀྱི་ཡོན་ཏན་བཀོད་པ་རྣམས་ལ་བསྐྱེད་རིམ་གྱི་གསལ་སྣང་འདོན་ལུགས་ལྟ་བུ་མི་དགོས། ད་ལྟ་ཐག་རིང་ན་བླ་མ་བཟང་པོ་བཞུགས་རབས། དེ་ལ་ཡོན་ཏན་འདི་དང་འདི་ཡོད། ཆོས་འདི་དང་འདི་འདྲ་གསུང༌། དེའི་བཞུགས་གནས་ན་ཆོས་དང་ཟང་ཟིང་གི་དཔལ་འབྱོར་འདི་ཙམ་ཡོད་སོགས་


TN00_Page_168B
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་ཏུ་ཐོས་ནས། དེ་ལ་བསམ་བློ་མང་དུ་བཏང་བས་དེ་ཁོ་ནས་སེམས་ཕྲོགས་པ་བཞིན་སོང་སྟེ། ཨེ་ཤི་རེ། བླ་མ་དེ་བཞུགས་སར་ནམ་ཐོན་ན། དེར་ཐོན་རྒྱུ་ཞིག་ཡོད་ན་ཕ་མ། ཕུ་ནུ། ཉེ་མཛའ་སོགས་སུའི་ཁ་ལའང་མི་ཉན། སུ་ལའང་བློ་འདྲི་གྲོས་བསྟུན་མི་བྱེད་པར་བུད་མི་འགྲོ་ན་སྙམ་དུ་ཁོ་ཐག་ཆོད་པ་དང༌། དོན་དེ་བརྗེད་མི་ཐུབ་པར་རྒུན་འབྲུམ་གྱི་ཆང་འཐུང་བ་ལྟར་ཡོན་ཏན་གྱི་རོ་མངར་ཡང་མྱང་ན་ཡང་འདོད་པ། ཅི་ཙམ་མྱང་ཡང་ཚིམ་པ་མེད་པ་དེ་ལ་སེམས་ཡང་ཡང་འཁོར་ཡོང་བ་དེ་ངོ་མ་ལྟ་བུ་ཞིག་བྱས་ནས་སྦྱོང་རྒྱུ་རེད། ཞིང་བཀོད་སོགས་འདིར་བྲི་མ་ཐུབ་པས་གཞན་ནས་ཨི་ཤེས་ལྟོས། བདེ་བ་ཅན་ན་ཤིང་དང་ཆུ་དང་མེ་ཏོག་དང་ཟས་གོས་སོགས་ལོངས་སྤྱོད་དང༌། རིན་པོ་ཆེའི་ས་གཞིའི་ཡོན་ཏན་སོགས་བཤད་པ་རྣམས་འབྲོག་ན་མར་མོད་རབས་དང་རོང་ན་ཇ་ནས་འབོལ་རབས། ས་སྐྱིད་རབས། མི་བཟང་རབས་བཤད་བསྡད་པ་ལྟ་བུར་གོ་མི་ཉན། སེམས་ཅན་ལས་ངན་སྡིག་ཅན་མང་པོས་བཟུང་བའི་ཡུལ་དུ་དགེ་བ་བྱེད་མཁན་རེ་རེ་གཉིས་གཉིས་ཡོད་ཀྱང་རང་འོད་མི་འབྱིན་ཞིང་སྟོབས་ཆུང༌། དེ་སྡིག་པའི་དབང་འབྲས་ཀྱི་ནུས་པ་རེད། དེས་ན་དེ་འདྲའི་ཡུལ་དུ་དགེ་བ་བྱེད་མཁན་ཚེ་ཐུང༌། ཁས་དམན། མི་འདོད་པ་གང་ན་ཡོང་བ་མང༌། སེམས་ཅན་དགེ་བ་ཅན་མང་པོའི་ལས་ཀྱི་དབང་འབྲས་བདོ་བའི་ཡུལ་དུ་ཆོས་བྱེད་མཐུ་ཆེ། སྨན་དང་རིག་སྔགས་ཀྱི་ནུས་པའང་འཕྲལ་ལ་མཐོང༌། སྨོན་ལམ་དཀར་པོ་འགྲུབ་སླ། དགེ་བའི་སྟོབས་


TN00_Page_169A
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཚན་ཆེ་བ་སོགས་ཡོང༌། དེ་བཞིན་དུ་བདེ་བ་ཅན་གྱི་ཞིང་ན་སངས་རྒྱས་འོད་དཔག་མེད་ཀྱི་སྔོན་གྱི་སྨོན་ལམ་དང༌། ཚོགས་གཉིས་ཀྱི་མཐུ་ལས་བྱུང་བའི་གནས་དང་ཡོ་བྱད་ཁོ་ན་མ་གཏོགས། སེམས་ཅན་ཐ་མལ་པའི་ལས་ཉོན་གྱི་དབང་གིས་གྲུབ་པའི་ས་ཕྱར་བ་ཙམ་མམ། སྤར་མཐིལ་ཙམ་ཡང་མེད། དེ་ཇི་ལྟར་ཡིན་ན། ཞིང་དེའི་ལྗོན་ཤིང་གཅིག་ཙམ་མམ། མེ་ཏོག་རྡོག་གཅིག་ཙམ་ལའང་སངས་རྒྱས་འོད་དཔག་མེད་ཀྱི་སྔོན་སྨོན་དང་སྤྱོད་པའི་ལག་རྗེས་འདི་དང་འདི་ལྟར་ཡོད། དེའི་དབང་གིས་ཞིང་དེར་ཐེག་ཆེན་གྱི་ལམ་བསྒྲུབ་པ་ཐམས་ཅད་སྟོབས་ཆེ། ཤུགས་དྲག །འགྲུབ་མྱུར། ཚེགས་ཆུང་ཞེས་བསྟན་པ་རེད། དེའི་བར་སྐབས་ཐམས་ཅད་དུ་བཟང་སྤྱོད་སྨོན་ལམ་ཅི་ཐུབ་འདོན། ལར་འདི་དུས་འདོན་པ་གཙོ་བོར་མི་བྱེད། བསམ་རྒྱུ་གཙོ་བོར་བྱེད། དེའང་ལྷོད་ཆེས་ནས་རྣམ་གཡེང་གི་རླུང་གིས་ཁྱེར་བ་དང༌། དམ་དྲག་ནས་ཤེས་པ་སྣ་སུན་ལ་འགྲོ་བ་གཉིས་གང་ཡང་མི་བྱ་བར་གྲིམ་གྱི་ནང་ན་ལྷོད་ཡོད་པ་གཞུ་བརྡུངས་པའི་རྒྱུད་འདྲ་བ་དགོས་ཤིང༌། ཡུན་ཐུང་གྲངས་མང་ཁང་རྒན་ཆུ་ཐིག་གི་དཔེ་བཞིན་ག་ལེ་བསླབ། ངལ་བསོ་ལ་སྡོད་སྐབས་རྣམས་སུ་ཡང༌། རྩ་བའི་དམིགས་པ་བཏང་བ་ཙམ་མ་གཏོགས། དེ་དང་ཕྱོགས་གཏན་ནས་འཛོལ་བའི་ཚོང་དང་གྱོད་དང་ཁྱིམ་གྱི་སོ་ནམ་སོགས་ལ་རྟོག་པ་སྤྲོ་མི་ཉན་པས། དགེ་བ་དང་ལུང་མ་བསྟན་གྱི་སེམས་ལ་ངལ་གསོ། ཚུལ་དེ་ལྟ་


TN00_Page_169B
[མ་དཔེ་གཟིགས་ན་འདིར་གནོན།]

བུས་ལོ་རེའི་ནང་དུ་ཟླ་བ་གསུམ་རེའམ། རེ་རེའམ། ཐ་ནའང་ཞག་བཅུ་རེ་ལྟ་བུར་བཅད་རྒྱ་བྱས་ནས་བསྒོམ། དེ་དག་གི་དུས་སུ་བསྒོམ་པ་དེ་དུས་གཞན་ཐམས་ཅད་དུའང་ཁྱེར་ནས་དཔའ་བོའི་རལ་གྲི་སྐེད་དང་མི་འབྲལ་བ་བཞིན་དུ་འགྲོ་འདུག་ཟ་ཉལ་སོགས་སྤྱོད་ལམ་དང་སྤྱོད་པ་ཐམས་ཅད་ལ་སླེབས་གང་ཐུབ་བྱ། ནངས་པར་ལང་ཚེ་བླ་མ་འོད་དཔག་མེད་དང༌། རྒྱལ་སྲས་ཐུ་བོ་རྣམ་གཉིས་སོགས་ལ་དམིགས་ནས་ཕྱག་གསུམ་རེ་བཙལ་ཏེ། དེ་རིང་གི་ཉི་མ་འདི་དྲོན་ཛར་ལ་མི་གཏང་བར་བདེ་བ་ཅན་དུ་འགྲོ་བའི་རྟ་ཁལ་དང་གྲོ་བརྒྱགས་ཚགས་སུ་ཅི་ཚུད་བྱ་དགོས། མི་གཞན་མའི་རྟ་ཁལ་གྱིས་ཉི་མ་བཅའ་བཅུ་ལ་ཨེ་འཕོང་མི་འཕོང་བཤད་གི་འདུག་པས་དེས་བདེ་བ་ཅན་དུ་འཁྱོལ་བའི་རེ་བ་མི་འདུག །ཇའི་རྩིགས་པ་བརྒྱབ། མར་གྱི་ཡ་དོ་བརྩིགས། ནས་རྒྱལ་གྱི་རག་ཐེན། ཤ་ཐུད་མར་ཁུའི་ཁྲོད་དུ་འབོགས་རྐྱལ་བྱེད་གི་ཡོད་པའི་ཕྱུག་པོ་ཐམས་ཅད་རྩམ་ཁུག་དང་ཁ་ཕོར་ཚུན་ཆད་ཤུལ་དུ་བསྐྱུར་ནས་བུད་སོང་བས་དེ་འདྲའི་གྲོ་བརྒྱགས་ཅི་ཙམ་ཡོད་ཀྱང་ཚེ་ཕྱི་མ་མི་དགོས། བར་དོའི་འཕྲང་ལ་ཡང་འཁྱེར་ཐབས་མི་འདུག །དེས་ན་རང་ཉིད་ད་གཟོད་གནས་གཏན་འཕོ། ཡུལ་གཏན་བརྗེ་བྱས་ནས། ཤི་དང་འཕོ་དང་ཤི་འཕོ་དུས་བྱས་པ། །ཕྱིར་མི་འོང་ཞིང་ཕྲད་པར་འགྱུར་མ་ཡིན། །ཞེས་གསུངས་པ་ལྟར། ཁ་མི་འཁོར་གི་སར་འགྲོ་དུས། ཞོན་རྒྱུའི་རྟ། འདེད་རྒྱུའི་ཁལ། འཚོ་བའི་བརྒྱགས།


TN00_Page_170A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་པའི་གྲོགས་ཐམས་ཅད་ཀྱི་སྐལ་པ་རྒྱུ་ཚོགས་གོང་སྨོས་བཞི་པོ་ཁོ་ན་མ་གཏོགས་ཅི་ཡང་མེད། ད་རེས་ཀྱི་ཚེ་མཇུག་འདི་ལ་ཉེ་འུས་ཀོ་མོག་ལ་རྒྱ་མཚོར་ཤེས་པ་བཞིན་དུ་རིང་པོ་ཞིག་ཡོད་སྣང་ཤར་ནས་རང་གིས་རང་བསླུས་པ་མ་གཏོགས་དོན་ལ་ལུག་གི་རྔ་མ་གཡུག་པ་ལྟར་ཐུང་རྩེད་དེ་བ་ཞིག་ལས་ཅི་ཡང་མེད། ཚེ་ཕྱི་མ་ཟེར་རྒྱུ་དེ་རིང་ཚད་ཐུང་ཚད་འདི་ཙམ་ཞེས་འཇོག་རྒྱུའི་མཚམས་མི་ཟིན་པ་ཞིག་ཡིན་ཏེ། འཁོར་བ་ཡ་མཐའ་ཐུག་མེད་ནས་ད་བར་འོང་བ་ལ། མགོ་ནས་རྫོགས་ཏེ་རྔ་མ་ལ་ཟད་འགྲོ་རྒྱུ་མེད་དུས། ད་དུང་ཡང་དེ་འདྲ་བ་ཞིག་ལོས་ཡིན་ཏེ། སྐྱེ་བོའི་རྗེས་སུ་སྤྱོད་པའི་འཁོར་བ་བས། །དེ་བས་ཆེས་མང་བ་ཞིག་བཏུང་འཚལ་ལོ། །ཞེས་གསུངས། དེས་ན་ང་རང་ལ་ཚེ་ཕྱི་མའི་རྟ་གྲོ་རོགས་གསུམ་བསྡུ་ཚག་བྱེད་པ་འདི་ལས་གལ་ཆེ་བའི་ཁེབ་གཅིག་ཀྱང་མེད་པས། འདི་ཁོ་ན་ལ་ཧྲིལ་གྱིས་འདྲིལ་སྙམ་དུ་འཕེན་པ་ཤུགས་དྲག་གཏོང༌། དར་ཅིག་མལ་དུ་བསྡད་ལ་སྔར་བསྒོམ་པའི་རྒྱུ་བཞི་ཚང་བའམ། མིན་ཀྱང་ཤ་ཆོད་རུས་ཆོད་གསོས་བཏབ། དེ་ནས་མེ་འབུད་ཇ་བསྐོལ་སོགས་ཀྱི་ཚེ་ཡང་དེའི་རྩི་དང་མི་འབྲལ་བ་ཅི་ཡོད་བྱེད། གཞན་དུ་འགྲོ་དུས་ཀྱང་འདི་བཞིན་དུ་རང་གཞན་སེམས་ཅན་ཐམས་ཅད་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་དྲུང་དུ་ཆོས་མཉན་པའི་ཕྱིར་རྫུ་འཕྲུལ་གྱིས་འགྲོ་བར་ཤོག་ཅིག་ཅེས་དང༌། རང་ཁྱིམ་དུ་ཡོད་དུས་འདི་བཞིན་འོད་


TN00_Page_170B
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་ཀྱི་སྤྱན་སྔར་སླར་འཇུག་པར་ཤོག་ཅིག་དང༌། ཟས་ཟ་དུས་འདི་བཞིན་དུ་བདེ་བ་ཅན་དུ་བསམ་གཏན་དང་ཆོས་ཀྱི་དགའ་བའི་ཟས་ལ་སྤྱོད་པར་དང༌། སྐད་ཆ་ཆལ་ཆོལ་ལབ་དུས་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང་ལྷན་ཅིག་སྨྲ་བར་དང༌། ཉོ་ཚོང་དུས། ཡང་ན་རིག་པ་རིག་པ་བརྗེ། ཟེར་བ་ལྟར་བྱང་སེམས་རྣམས་དང་ཆོས་ཀྱི་ཉོ་ཚོང་གིས་དུས་འདའ་བར་ཤོག་སོགས་རྩལ་སྦྱང་ན། ཚིག་ཟིན་གྱི་ཁུངས་མི་སྣང་ཡང་མདོ་སྡེ་རྒྱན་དུ། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་བུར། །སོགས་དང༌། མདོ་ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པའི་ལེའུ་དང་ཤིན་ཏུ་འགྲོས་མཐུན་པས་མི་ལེགས་པ་ཅི་ཡོད་སྙམ། གཞན་ཡང་འཇིགས་སྐྲག་དང་སྡུག་བསྔལ་གྱི་ཡུལ་རྐྱེན་མང་པོས་ཡིད་སྐྱོ་བ་ན་བདེ་བ་ཅན་དུ་འགྲོ་དགོས་པའི་བྱ་གཏོང་དུ་ཤེས་པ་དང༌། བདེ་སྐྱིད་ཀྱི་ཡུལ་རྐྱེན་ཉམས་དགའ་བས་སེམས་བྲིད་པ་ན་བདེ་བ་ཅན་གྱི་བདེ་བ་དང་བདེ་བའི་རྒྱུ་ཚོགས་ལ་བསམ་ཚེ། སྦྲང་ཚང་ལྟར་རྒྱ་ཆུང་བ། དུར་ཁྲོད་ཀྱི་རྫས་ལྟར་ངན་ཞིང་སྨད་པ། དུག་ཅན་གྱི་ཟས་ཞིམ་ལྟར་མཐའ་ངན་པ་འདི་འདྲ་ལ་དགའ་རྒྱུ་ཅི་ཡོད། ང་བདེ་བ་ཅན་དུ་འགྲོ་བའི་ལམ་རྒྱགས་བོར་ནས་འདི་འདྲའི་ནང་དུ་མགོ་འཁོར་བ་ནི་ལྷའི་རྒྱལ་སྲིད་བསྐྱུར་ནས་སྲིན་མོའི་འཛུམ་དཀར་ལྟ་བ་དང་འདྲ་སྙམ་དུ་དྲན་པ་བསྟེན། སྡུག་པ་ཡིད་འོང་གི་དངོས་པོ་ཅི་མཐོང་བ་དང༌། ཟས་གོས་ལ་ལོངས་སྤྱོད་པ་སོགས་ཀྱི་ཚེ་སངས་རྒྱས་འོད་


TN00_Page_171A
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་མཆོད་སྙམ་པ་སོགས་མདོར་ན་རྒྱུ་བཞིའི་ཕྱོགས་ཀྱི་དྲན་འདུན་མ་བོར་བ་བྱེད། ནུབ་མོ་ཉལ་ཁར་དེ་རིང་རྒྱུ་བཞི་ལ་བག་ཆགས་ཅི་ཙམ་ཐེབ་པ་བྱས་འདུག །ཕྱུག་པོས་འདུ་འགོད་རྩི་རྩི་བྱས་ནས་ཆེར་མ་བྱུང་འདུག་ན། ང་རང་ལོ་སུམ་ཅུ་ལྷག་ལོན་ཚར། མྱི་ཚེ་གཅིག་ལ་ལོ་མང་མེད་དེ། ད་འདུག་ལོང་ཅི་ཙམ་ཡོད་སུས་ཤེས། ལོ་གཅིག་ལ་ཟླ་བ་བཅུ་གཉིས། ཟླ་བ་གཅིག་ལ་ཞག་སུམ་ཅུ་ལས་མེད། དེའི་གཅིག་དེ་རིང་ཡིན། ལོང་ཡོད་ཡོད་ལ་སོང་ན་ཉི་མ་ལུས་འཕགས་གླིང་གི་ཕྱེད་སྟེང་གི་ནམ་མཁའ་ལ་སླེབས་པ་ནས་བཟུང་སྟེ། བ་གླང་སྤྱོད་ཀྱི་ནམ་མཁའ་ལ་ཐོན་འགྲོ་བའི་བར་ན་དཔག་ཚད་ཁྲི་ཚོ་བཅོ་ལྔ་སྐོར་ཡོད། དེ་རྫོགས་རིང་ལ་ངས་འདུན་མ་རླུང་ལ་བསྐུར་ནས་ལག་སྟོང་ཁར་བཅུག་རྒྱུ་རེད་འདུག །སྙིགས་དུས་ཚེ་ཐུང་གི་མིར་སྐྱེས། འབྱུང་བ་བཞི་དང་གདོན་རྒོད་སོགས་འཆི་རྐྱེན་རགས་ལ་མང་བའི་ནང་དུ་རླུང་གསེབ་ཀྱི་མར་མེ་ལྟར་གནས་པས་དེ་རིང་ཁོ་ནར་མ་ཤི་བ་ཡང་སངས་རྒྱས་ཀྱི་བཀའ་དྲིན་ཡིན་པ་ལ། དེ་ཆུད་ཟོས་ལ་བཏང༌། མདོ་ཤོར་ཟེར་ན་དེ་ལ་ཟེར། བློ་ཉེས་ཟེར་ན་དེ་ལ་ཟེར། རྩམ་ཁུག་ཁྱིས་ཁྱེར་དུས་དེ་རིང་ང་ལ་གྱོང་བརྡབ་ཟེར་བའི་རྐེ་མིན། ཧ་བོ། ཧ་བོ། སྙམ་དུ་ཡང་ཡང་བསམ་ལ། སང་ཉིན་མ་ཤི་བར་མགོ་བོ་བཏེགས་རྒྱུ་ཡོད་ན་ནི་དེ་འདྲ་བྱེད་རེ་ཤི་ཞེས་དམ་བཅའ་བཟུང༌། རྒྱུ་བཞི་དགའ་ཚད་བསོགས་འདུག་ན། ཨ་ལེ། ངས་དེ་རིང་


TN00_Page_171B
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱུང་བ་མཉེས་པར་བགྱིས་སོ། །དེ་རིང་ངའི་མགོ་ལ་ཉི་མ་ཤར་བ་ལ་དོན་འབྲས་བྱུང་ངོ༌། །འདི་ལྟར་ང་རང་བེམ་གོག་མི་མཇེད་ཀྱི་ཞིང་དུ་ཡོད་ཀྱང༌། བདེ་བ་ཅན་དུ་སྔ་སྐྱས་བཏེགས་ཟིན་ཏེ། སྐྱིད་པའི་མགོ་ཚུགས་སོ། །ཕྱིའི་རྟེན་འབྲེལ་ལ། རྒྱུ་ཡུངས་ཀར་གྱི་བཞི་ཆ་ཙམ་ལས་ནྱ་གྲོ་དྷའི་སྡོང་པོ་དཔག་ཚད་ཙམ་སྐྱེ་ལ། དེ་བས་ནང་གི་རྟེན་འབྲེལ་ཤིན་ཏུ་འགྱུར་ཆེ་བར་གསུངས་པས། དུས་དེ་རིང་ཁོ་ནར་ཛམ་གླིང་གི་རྡུལ་གྲངས་དང་མཉམ་པའི་ལོར་ལྷ་དང་མིའི་བདེ་བ་མྱོང་བ་དང༌། རྒྱལ་སྲས་ཀྱི་ལམ་བཟང་སྒྲུབ་པའི་ས་བོན་བཏབ་འདུག །འོན་ཀྱང་དེ་རང་ཉིད་བཟང་བའི་ཤེ་མོང་མ་རེད། སངས་རྒྱས་དང་བླ་མའི་དྲིན་རེད། རུས་སྦལ་ནམ་མཁའ་ལ་འགྲོ་བ་རང་ཤེད་མ་རེད། ངང་པའི་ཤེ་མོང་རེད། ད་དུང་ཅོལ་ཆུང་མགོ་ཡང་བྱས་ན་ཁ་ནས་ཤིང་ལོ་འཆོར། དེ་ཤོར་ན་འགྲོ་ས་མཐོ་བས་མི་ཕན། ཐུར་དུ་ལྷུང་ཡོང་བས། སང་ཉིན་ཕན་ཆད་ཀྱང་དགེ་སྦྱོར་གྱི་འཕྲོ་ཇེ་བཟང་ལ་གཏོང་དགོས་སྙམ་དུ་འཕེན་པ་གཏོང་ཞིང༌། ཉལ་བའི་འོག་ཏུ་བདེ་བ་ཅན་གྱི་སྣོད་བཅུད་ལ་སེམས་གཏད་དེ་གཉིད་ལོག །དེ་ལྟར་བྱས་ན་རིམ་གྱིས་དགེ་བའི་བག་ཆགས་ཤུགས་རྗེ་ཆེར་འཕེལ་བའི་རྟགས་སུ་རྨི་ལམ་ན་ཡང་ཞིང་བཀོད་དྲན་པ་དང༌། སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་རྨི་བ་སོགས་འོང༌། དེ་ནས་ཀྱང་སྒོམ་འཕྲོ་རླུང་ལ་མ་བསྐུར་ན། ངེས་པར་ཕྱི་མའི་ཚེ་ལ་བདེ་བ་ཅན་དུ་རྣམ་འདྲེན་འོད་དཔག་


TN00_Page_172A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས་རྗེས་སུ་འཛིན་པར་འགྱུར་རོ། །ཞེས་པའང་དགེ་ཚུལ་ངེས་ལེགས་ཀྱི་ནན་ངོར་བསྟན་པའི་ཉི་མས་ཤ་ཟིན་སྤུ་ཟིན་བྲིས་པ་དགེ་བར་གྱུར་ཅིག། ༈ །།དགེ་ཚུལ་ཡེ་ཤེས་བཟང་པོ་ནས་ཞལ་གདམས་ཉུང་དུ་བྲིས་ཤིག་ཟེར། ཁྱོད་ཀྱིས་ན་ནིང་མི་ཉག་དགེ་སློང་ལས་ཀློང་སྙིང་སྔོན་འགྲོའི་ཁྲིད་ཡིག་ཚིག་འགྲེལ་ཨེ་ཤེས་བལྟས་འདུག་པ་ཤིན་ཏུ་གོ་བཅད། ད་དུང་ཡང་དེ་དུས་ཀྱི་ཚིག་རྒུམ་ཚོ་བརྗེད་དུ་མི་འཇུག་པར་བཤར་སྦྱང་བཏང༌། འདི་ཚོ་རང་རྒྱུད་ལ་ཨེ་ཁེལ་རེ་ལྟ་དགོས་སྙམ་པའི་དྲན་འདུན་བསླབ་ན། དེ་ལས་ལྷག་པའི་ཞལ་གདམས་ཅི་ཡང་མེད། ལ་ལས་ཞལ་གདམས་དགོས་ཟེར། ཨེན་རེ་བྲིས་ནས་བྱིན་ཙ་ན་ཡིག་ཉོབ་ཅིག་གི་ནང་དུ་བཅུག །དོན་བསམ་རྒྱུ་མ་དགོས། ཚིག་ཅི་ཡོད་ཙམ་ཡང་མ་བལྟས་པར། ཤིང་མདའ་སྒྲོ་མེད་ནགས་སུ་འཕང་བ་ལྟ་བུ་ཤ་སྟག་མཐོང༌། དེ་འདྲ་བྲིས་ནས་ཅི་བྱེད། བྲིས་ཤིག་ཟེར་ནས་ཀྱང་ཅི་བྱེད། གང་ལྟར་ཡང་འཕྲལ་དུ་ལག་སྣེར་བབས་ཚོད་ཅིག་འབྲི་ན། ཁམས་གསུམ་འཁོར་བ་ཟེར་རྒྱུ་འདི་ཟོ་ཆུན་གྱི་འཁྲུལ་འཁོར་ལྟར་ངང་གིས་ཐུར་དུ་འགྲོ་ཞིང༌། གྱེན་དུ་འབད་པ་དུ་མས་ཀྱང་འཐེན་དཀའ་བས་ཤིན་ཏུ་སྐྱོ་བའི་གནས་ཤིག་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས། དེའི་ཚོད་ཀ་དང་སྦྱར་ན་ཁྱོད་ཀྱང་དལ་རྟེན་གཙང་མ་ཐོབ། བྱིས་པའི་དུས་ནས་ཆོས་སྒོར་འཇུག་རྒྱུའི་རྩིས་བཏིང༌། རིམ་གྱིས་མཁན་སློབ་ཀྱི་དྲུང་དུ་བསྟེན་ནས་རབ་ཏུ་བྱུང༌། གདམས་


TN00_Page_172B
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཀྱང་ཅི་རིགས་ཐོབ་པས་ད་སྔོན་ཡར་ལ་སོང་བའི་ལུགས་ཡིན། ད་ཕྱིན་ཆད་ཡར་མར་གར་འགྲོ་རང་ཉིད་ལ་ཐུག་པ་ཡིན་ཏེ། རྒྱ་ཆེར་རོལ་པ་ལས། གཞན་གྱིས་གླེང་བའི་སྐབས་ནི་མ་དབྱེ་བར། །བདག་ནི་རྟག་ཏུ་སྒྲིམ་ཏེ་འབད་པར་བྱོས། །ལ་ལས་བྱས་ཤིང་སྦྱིན་པ་ཡོད་མ་ཡིན། །མ་བྱས་པར་ཡང་འགྲུབ་པར་འགྱུར་བ་མེད། །ཅེས་གསུངས་པ་འདི་བདེན་པའི་བཀའ་གཞན་དུ་མི་འགྱུར་བ་ཡིན། དེས་ན་ད་ལྟ་རྒ་རྒས་རྣམས་ཀྱིས་བན་གཞོན་ཚོ་ལ་ཁ་ཏ་བྱེད་ཙ་ན། ཁྱེད་ཚོ་བྱ་ཁང་འོག་ཏུ་བཅུག་པའི་ལྟ་ལུགས་འདྲ་བ་བྱེད་དགོས། ཁྱི་ཁང་ཐོག་ཏུ་ཕུད་པ་འདྲ་བ་བྱེད་མི་ཉན་ཟེར། དེའི་དོན་འདི་འདྲ་ཡིན། བྱ་ཁང་པ་གཏིང་རིང་གི་ནང་དུ་ཚུད་ན། སྟེང་ན་གོས་གདང་སོགས་འཕུར་ས་གར་ཡོད་བལྟས་ནས་སྐད་ཅིག་ཀྱང་སྡོད་མི་ཚུགས་པར་དེའི་སྟེང་དུ་འཕུར་ནས་འགྲོ་ཞིང༌། དེ་ཙམ་གྱིས་ཀྱང་ཆོག་ཤེས་མི་བྱེད་པར། ད་དུང་སྟེང་ན་གནམ་སྐར་སོགས་གར་ཡོད་བལྟས་ཏེ། ཇི་སྲིད་ཕྱི་རོལ་གྱི་གནམ་ལ་འཕུར་ས་རྙེད་ཀྱི་བར་དུ་སྟེང་ནས་སྟེང་དུ་ལྟ་ཞིང་ངལ་གསོ་མེད་པར་ཨེ་ཐར་ཁོ་ན་བྱེད་པ་ཡིན། དཔེ་དེ་བཞིན་དུ་རབ་ཏུ་བྱུང་ནས་ཅི་བྱེད་དང་འདི་སྒྲུབ་ཀྱི་འདུན་མ་སྣ་གཅིག་མེད་པར། ཉར་རེ་ཉོར་རེའི་ངང་ལ་མི་ཚེ་བསྐྱལ་བ་མ་ཡིན་པར་ཆོས་ཚིག་རེ་རེ་ཙམ་ཡང་ཨེ་ཟིན་དང༌། བསླབ་བྱ་རེ་རེ་ཙམ་ཡང་ཨེ་ཤེས་བལྟས། ཆེ་ཤེས་ཆུང་ཤེས་མཁོ་མེད་དུ་གཡུག་ནས་མི་བཏང་བར་གཅེས་སྤྲས་


TN00_Page_173A
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཞིབ་ཏུ་བསམ། རྒྱུད་ལ་བསྲེ། དད་པ་སྦྱང༌། སྨོན་ལམ་ཚུན་ཆད་བཏབ། དེ་ཙམ་གྱིས་ཆོག་ཤེས་ཀྱང་མི་བྱེད་པར་གོང་ནས་གོང་དུ་བློ་སྐྱེད་ཅི་ཐོན་ལ་ངལ་གསོ་མེད་པར་འབད་ན། རིམ་གྱིས་བློ་ཁ་ཇེ་མཐོ། རྒྱུད་ཇེ་བཟང༌། ཡོན་ཏན་ཇེ་འཕེལ་ལ་འགྲོ། ཁྱི་ནི་ཁང་པ་རྩག་རིམ་མང་པོ་ཅན་གྱི་སྟེང་དུ་བཞག་ན་བག་མི་ཕེབས་ཤིང་རྩག་གཉིས་པའི་ཐོག་ཏུ་མར་མཆོང་གྲབ་ཀྱིས་བྲེལ་འཚུབ་ཟིང་ཟིང་བྱེད། དེར་མཆོང་བ་ན་དེ་ལས་ཀྱང་དམའ་བའི་རྩག་གསུམ་པ་སོགས་འོག་ནས་འོག་ཏུ་ཇི་སྲིད་ཐང་ལ་མ་ཐུག་པར་ལྕེབ་ཅིང་འགྲོ་བ་ཡིན། དཔེ་དེ་ལྟར་ལས་འཕྲོ་ངན་པའི་མི་རྣམས་བནྡྷེའི་ལྷ་གྲལ་དུ་བཞག་ཀྱང༌། ཆོས་ཀྱི་སོ་ནམ་ལ་མི་ལྟ་བར། ཆགས་སྡང་སྒོམ། འཆལ་གཏམ་གྱི་ངང་ལ་མགོ་འཁོར། དམུ་རྒོད་བག་མེད་ཀྱི་ཀུན་སྤྱོད་ཁོ་ནས་དུས་འདའ། རིམ་གྱིས་ཇེ་ཐུར་སོང་སྟེ། ཚོང་དྲན། གྱོད་རྨོ། གཡོ་སྒྱུ་ཁྲམ་གསུམ་ལ་སློབ་གཉེར་བྱས། ཕོ་སྐྱ་མོ་ཉོག་གི་དཀྱིལ་དུ་བསྡད། བུད་མེད་དང་ལྷན་ཅིག་རྩེ་དགོད་དང་བཙོག་གཏམ་གཏོང༌། ཉིན་མཚན་ཀུན་ཏུ་བུད་མེད་དྲན། དེ་ནས་རིམ་གྱིས་ཚངས་སྤྱོད་ཀྱི་བརྟུལ་ཞུགས་མགོ་ཞབས་ལོག །སྐ་རག་སེར་པོ། །གོས་འཇོལ་བཅིང༌། སྐྱ་སེར་གང་ཡིན་ངོས་མི་ཟིན་པ་བྱས། དེ་བས་ཀྱང་སྡོམ་སེམས་ཀྱི་ལྷག་མ་ཟད་དེ། བེའུ་མཆུ་རྟོལ་མཆུ་ཚུན་ཆད་བཅིང༌། ཕྲུ་གུ་མང་པོས་མཐའ་འཁོར། ལུས་མ་བརྗེས་བཞིན་དུ་ཡི་དྭགས་ཀྱི་འགྲོ་བར་སོང་བ་དེ་འོང༌།


TN00_Page_173B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀྱང་ཞིབ་ཏུ་ཕྱེ་ན། བྱ་ཁང་པའི་འོག་ནས་སྟེང་དུ་ཕུར་གྱིས་འཕུར་བ་ལ། མིག་ཡར་ལ་གཏད་ནས་མཐོ་ཞིང་མཐོ་བའི་ཕྱོགས་སུ་འཕུར་འདོད་པའི་བློ་དེ་ངེས་པར་སྔོན་དུ་འགྲོ་དགོས་པ་བཞིན། ཆོས་མཐུན་གྱི་སྤྱོད་པ་ཇེ་བས་ཇེ་བཟང་དུ་འགྲོ་བ་ལ། དམ་པའི་རྣམ་ཐར་དང་མཛད་སྲོལ་གང་ཤེས་ཀྱི་རྗེས་བཞིན་བལྟས་ནས་དེ་འདྲའི་རྗེས་ཅི་ཟིན་བྱ་སྙམ་པ་དང༌། ཚེ་འདི་བས་ཕྱི་མ། དེ་བས་ཀྱང་ཕྱི་མའི་ཕྱི་མ་སོགས་ཇེ་སྐྱིད་ཇེ་བཟང་དུ་འགྲོ་བའི་ཐབས་ཁོ་ན་ལ་རེམ་དགོས་སྙམ་པའི་ཞེ་བཅད་བརྟན་པོ་ཞིག་ངེས་པར་ཡོད་དགོས། ཁྱི་ཁང་སྟེང་དུ་ཕྱིན་པ་ལྟར་སྤྱོད་པ་མར་མར་གཞོལ་བ་རྣམས་ཀྱང༌། བསམ་པ་ལ་མ་ཤར་བར་སྤྱོད་པ་ཐུར་དུ་ཤོར་བ་མིན། །ཤ་སྦྲང་མེ་ཏོག་གི་དྲིལ་མི་འཁོར་བར་ཤ་རུལ་གྱི་དྲི་ངན་ལ་ཆགས་པ་དང༌། ཁ་ཏ་བུ་རམ་གྱི་ལ་དུ་བསྐྱུར་ནས་བཤང་ཁང་ཉུལ་བ་ལྟར་མ་རབས་ཀྱི་སེམས་ངན་ངོ་ཚ་བོར་བའི་ངན་སྤྱོད་ལ་དགའ་ཞིང༌། ཚེ་ཕྱི་མར་བདེ་བའི་ཐབས་རྣམས་ཁ་རྗེ་བསོད་ནམས་ཀྱིས་མ་འཆུན་ནས་ཡིད་ཆེས་དོན་གཉེར་མེད་པས་ལན་ནོ། །གཏན་གྱི་འདུན་མ་ད་རེས་འཆུག་མི་རུང་སྙམ་པའི་ཞེ་བཅད་སྔ་མ་འདྲ་བ་ཞིག་ཡོད་ན། ལན་རེ་ཉེས་སྤྱོད་ཀྱི་དབང་དུ་སོང་ཡང་དེ་མ་ཐག་དྲན་པ་རྙེད་ནས་ཕྱིར་བཅོས་ཀྱི་ཐབས་ཀྱིས་ལྟུང་བ་ལས་ལྡང་སྟེ། བྱ་ས་ལ་བབས་ཀྱང་མྱུར་དུ་གནམ་ལ་འཕུར་བ་ལྟར་གོ་འཕང་མཐོན་པོར་འགྲོ་བ་ལ་ཚེགས་མེད་པར་ཤེས་པར་བྱའོ། །དེ་དག་ནི་བསྟན་བཅོས་ཡིན་


TN00_Page_174A
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་བཤད་པ་ནི། ཆགས་མེད་རིན་པོ་ཆེས། ལག་པ་ན་ཡང་འབད་ནས་བྲིས། །ཞེས་གསུངས་པ་ལྟར་རོ། །དགེའོ།། ༈ །།ལགས་དམ་པའི་ཆོས་གཤའ་མ་ཞིག་མཛད་ན་འདི་བཞིན་འཚལ་ཏེ། འཇིག་རྟེན་གྱི་བྱ་བ་ཇི་ལྟར་བསྒྲུབ་ཀྱང་སྙིང་པོ་རྡུལ་ཙམ་ཡང་མེད་པས་སོ་ནམ་གྱི་ཁུར་པོ་ཕོག །ཟས་ནོར་གྱི་འབྱོར་པ་རི་རབ་ཙམ་ཡོད་ཀྱང་ངོམ་པ་དང་ཆོག་ཤེས་སྤུ་རྩེ་ཙམ་ཡང་མེད་པས་གསོག་བསྲུང་གི་བྲེལ་དོ་སྐྱུར། རྣམ་གཡེང་གི་བྱ་བ་བསྐལ་ཆེན་འབུམ་དུ་བསྒྲུབ་ཀྱང་ཟིན་པ་དང་ཚིམ་པ་ཏིལ་འབྲུ་ཙམ་ཡང་མེད་པས་ཆོས་བརྒྱད་ཀྱི་བགྱི་བ་ཐོང༌། གཉེན་གྲོགས་ཀྱི་ཁ་འཛིན་ལ་བསྐལ་བར་འབད་ཀྱང་འགྲུབ་པ་དང་ཚར་ཕྱིན་པ་ཆུ་ཐིགས་ཙམ་ཡང་མེད་པས་མཛའ་བཤེས་ཀྱི་ཞེན་པ་བོར། ད་ལྟ་ལོངས་སྤྱོད་ལ་ཆགས་པ། ཟས་གོས་ལ་བསོགས་འཇོག །འདི་སྣང་ལ་ཞེན་སྲེད། སྲིད་སྡེ་ལ་དགའ་གདུང་སོགས་འཇིག་རྟེན་ཚེ་འདིའི་བྱ་བ་ཅི་འདྲ་ཞིག་བསྒྲུབ་ཀྱང་འཆི་བའི་ཚེ་ཅུང་ཟད་ཙམ་ཡང་རྗེས་སུ་མི་འབྲང༌། དམ་པའི་ཆོས་གཅིག་པུ་མ་གཏོགས་སུས་ཀྱང་སྐྱོབ་མི་ནུས་པར་ཐམས་ཅད་ཀྱིས་གླས་ལ་བོར་ཏེ་འགྲོ་བ་ན་སེམས་ཕམ་པ་ཞིག་ཡོང༌། འཇིག་རྟེན་གྱི་ལས་ཐབས་ཇི་ལྟར་མཁས་ཀྱང་འཆི་བདག་གཤིན་རྗེ་ལ་ནི་མི་ཐབས་བྱེད་རྒྱུ་མེད། བཙན་པོ་སྟོབས་རྩལ་ཅན་ཇི་ལྟ་བུ་ཞིག་ཡིན་ཀྱང་འཆི་བདག་གི་གཡུལ་ངོ་བཟློག་


TN00_Page_174B
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ནི་ཡེ་མི་འདུག །ཕྱུག་པོ་མངའ་ཐང་ཅན་ཇི་ལྟར་ཡིན་ཀྱང་གཤིན་རྗེ་འཆི་བདག་གི་རྒྱལ་པོ་ལ་ལྐོག་ཟས་ནི་མི་འཕྲོད། ད་ལྟ་སྐྱིད་པོའི་གནས་ཁང་ན་འདུག །བདེ་བའི་མལ་ན་ཉལ། ཞིམ་པོའི་ཟས་ཟ། མངར་པོའི་སྐོམ་འཐུང༌། དྲོན་པོའི་གོས་གྱོན། འཁོར་འབངས་དུ་མ་བཅས་ཏེ་ལྷ་གཡག་ཞོལ་མོ་འགྱིང་བ་བཞིན། བརྗིད་མེར་རེ། སྣུམ་ཆིལ་ལེ། གཟི་འོད་ལམ་ལམ་དུ་འདུག་ཀྱང་སྒྲེན་མོ་ལག་པ་སྟོང་པར་འཇིག་རྟེན་ཕ་རོལ་ཏུ་སོང་སྟེ། རོ་སྔོ་སྒོག་གེ༌།གདོང་སྐྱ་ལམ་མེ། མགོ་ས་ཁ་ལེ་སྤོ་ཐོ་ཞིག་སྔས་ལ་བཞག་ཁ་ཕོར་དེ་སྔས་མགོར་སྦུབས་ནས་མི་རྟག་སྒྱུ་ལུས་ཀྱི་ཁང་པ་ཤུལ་དུ་བཞག་སྟེ། གཅིག་པུ་ས་ཚུག་མེད་པའི་ཕྱོགས་སུ་འགྲོ་བ་ན་དམ་པའི་ཆོས་མ་གཏོགས་པ་གླིང་དང་སྐྱབས་སུ་ཞིག་ཡོད། ད་ལོ་བླ་མ་ཡིན་ཟེར་གྱི་ལང་རྒྱན་གྱིས་བརྒྱན་པ་ལ་ཞོན། ངེས་མེད་ཀྱི་ཡུལ་དུ་གདུལ་བྱའི་དོན་དུ་ཕེབས་ཟེར། དར་ཁའི་མདུད་པ་བོར་ནས་བྱིན་རྟེན་དུ་འགྱེད། ཧཱུྃ་རེ་གསུང་ནས་རྟ་རེ། ཕཊ་རེ་བྱས་ནས་མཛོ་རེ་ལེན་གྱིན་ཡོན་བདག་གྱི་སྒོ་དྲུང་འགྲིམ། མི་ཀླད་མེད་ཚོས་ཞབས་པད་བཏེགས་ཙ་ན་ཐུགས་རྒྱལ་ཆེར་སོང༌། དངུལ་རྒྱབ་ཁུར་མང་པོ་སྒྲོམ་བུར་བསགས་ཀྱིན་བསགས་ཀྱིན་སྐུ་ཚེ་ཐམས་ཅད་ཆོས་བརྒྱད་ལ་དྲིལ་ཏེ་མྱ་ངན་ལས་འདས་པའི་ཐ་སྙད་བརྗོད་པ་ན་ཐུགས་གཙིག་ཆེ་བའི་དཔལ་འབྱོར་ལ་བརྩེ་བར་དགོངས་ཏེ་གསེར་ཞྭ་རྟ་བེར་གྱི་བདག་ཉིད་ཆེན་པོ་


TN00_Page_175A
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ལྡན་དྲེགས་པའི་སྐུར་བཞེངས་པ་ལ་ལྟོས། འཇིག་རྟེན་གྱི་བྱ་བ་ལ་ཞེན་པའི་འབྲས་རྟགས་མི་ཤེས་པ་ཁ་མེད་དུ་གདའ། རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ཡིན་ཟེར། རྒྱལ་ཁམས་ཕྱོགས་མེད་དུ་འགྲིམ། སྦྱིན་བདག་ཤིན་ཏུ་མང༌། མངོན་ཤེས་དང་རྫུ་འཕྲུལ་ཆེན་པོར་སྟོན། ལྟ་སྟངས་ནམ་མཁའ་ལ་སྒྲིལ། དད་ཟས་དང་འབུལ་ནོར་བྲག་ཕུག་ཏུ་བསགས་ནས། སྐུ་ཚེ་བཏང་མ་ཐག་གྲོང་ཉུལ་མྱུར་མགྱོགས་ཅན་འགྲོ་བ་ལ་ལྟོས། ཆོས་བརྒྱད་དབང་ཆེ་བའི་རྟགས་མཚན་ཅིའི་ཕྱིར་མི་མཐོང༌། ད་ཚུལ་དེ་ལེགས་པར་བསམས་ནས་ཚེ་འདི་བློས་བཏང༌། གྱོང་ལྟོ་གོས་གཏམ་གསུམ་ལ་སྐུར། དགྲ་གཉའ་རེང་དུ་བཏང༌། ཞིང་ཐ་རེང་དུ་བཞག་ནས། མཐོན་པོའི་ངོ་དགའ། དམའ་མོའི་སྐྱོང་བྲན། མཉམ་པོའི་ཁ་འཛིན་ཐམས་ཅད་ཆམ་གྱིས་བཞག་སྟེ། མི་མེད་ཀྱི་ལུང་སྟོང་སྐམ་པོར་སོང་ལ་སྡོད་ཅིག །ལུང་སྟོང་སྐམ་པོ་ན་འདུལ་རྒྱུའི་དགྲ་མི་འདུག །བསྐྱང་རྒྱུའི་གཉེན་མི་འདུག །ལྗོན་ཤིང་དང་བྲག་རིས་ནི་འགྲས་མི་གསོག །བྱ་དང་རི་དྭགས་ཀྱིས་ནི་འགྲས་མི་གསོག །རྩ་ལྗང་དང་ཆུ་ཀླུང་གིས་ནི་འགྲས་མི་གསོག་ན་ཅིའི་ཕྱིར་མི་བདེ། བྱ་དང་རི་དྭགས་ནི་འགྲོགས་ན་བདེ་བ་ལགས་ཏེ། གཏམ་གྱི་ལན་འཇལ་མི་དགོས། མགུ་འཁང་དང་ཆགས་སྡང་མི་དགོས། སྔ་དྲོ་མཛའ་བོར་ཡོད་བཞིན་དུ་ཕྱི་དྲོ་དགྲར་སྡང་བའི་བྱིས་པ་དང་མི་འདྲ། བྱ་དང་རི་དྭགས་ནི་གྲོགས་བཟང་པོ་ལགས་


TN00_Page_175B
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཟས་བགོ་དང་ནོར་བགོ་མི་དགོས། ངོ་བསྲུང་དང་ཡུས་ཆེ་མི་ཡོང༌། ཕན་པ་བརྒྱ་འཇལ་བ་གནོད་པ་གཅིག་གིས་འཇོམས་པའི་བྱིས་པ་དང་མི་འདྲ། བྱ་དང་རི་དྭགས་ནི་ཆོས་མཐུན་གྱི་གྲོགས་པོ་ལགས་ཏེ། འདུས་ནས་སོ་སོར་གྱེས་ཏེ་འདུས་མཐའ་འབྲལ་ལོ་ཞེས་བརྡ་སྟོན། གང་བྱུང་དེ་ཉིད་དུ་སྤྱོད་པས་གསོགས་འཇོག་སྤོངས་ཤིག་ཅེས་གཏམ་འདོམས། གཟའ་གཏད་མེད་པར་རྒྱུ་བས་ངེས་མེད་འགྲིམས་ཤིག་ཅེས་བསྐུལ་མ་འདེབས། འཇིག་རྟེན་གྱི་བྱ་བ་སྒྲུབ་ནས་འཁོར་བ་མཐའ་མེད་དུ་འགྲིམ་དུ་འཇུག་པའི་བྱིས་པ་དང་མི་འདྲ། བྱ་དང་རི་དྭགས་ནི་གེགས་མེད་ཀྱི་གྲོགས་པོ་ལགས་ཏེ། ཆགས་པ་དང་མཛའ་བོར་བདག་བཟུང་མི་བྱེད། འཁོན་པ་དང་ཁྲོས་པའི་ཞེ་འགྲས་མི་འགྲེམ། འདུག་ན་སྣེ་བཏོག། སོང་ན་གེགས་བྱེད་པའི་བྱིས་པ་དང་མི་འདྲ། མདོར་བསྡུ་ན་སྣ་ཐག་རང་མགོ་ལ་གཟད་དེ། རྡོ་བ་དང་ཤིང་ལོས་གང་བའི་ས་ཕྱོགས་སུ་ཆུ་དང་ལོ་མའི་འཚོ་བ་ལ་བརྟེན་པ་ཞིག་བཀའ་དྲིན་མི་ཆུང་བར་ཅི་ནས་ཀྱང་ཞུ་ཞུ་ཞུ་མཁྱེན་མཁྱེན་མཁྱེན་རེམ་རེམ་རེམ།། ༈ །།ལར་སྟོན་པ་ཐམས་ཅད་མཁྱེན་པའི་བསྟན་པ་སྡེ་སྣོད་རིན་པོ་ཆེ་འདི་གོ་བར་བྱ་བའི་ཆོས་ཡིན། འདྲིས་པར་བྱ་བའི་གཞུང་ཡིན་ཏེ། བྱང་ཆུབ་སེམས་དཔའ་འདི་དག་ལ་བསླབ་ན་ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱི་རྒྱུ་ཚོགས་འཕེལ་བ་དང་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་ཁམས་སྨིན་པའི་ཐབས་ལ་མཁས་པར་འགྱུར་བའི་


TN00_Page_176A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འོན་ཀྱང་དེང་སང་གི་སློབ་གཉེར་མཁན་པོ་ཁ་ཅིག་ནི་ཅི་ཙམ་དུ་ཐོས་པ་མང་བ་དེ་ཙམ་དུ་ཁེངས་པས་དྲེགས་ཏེ། ང་ནི་མང་དུ་ཐོས་པ་གཞུང་ལུགས་ཤེས་པ། སྡེ་སྣོད་ལ་མཁས་པའོ་ཞེས་རྟོག་ཅིང༌། གང་ཟག་གཞན་ཐོས་པ་མ་བསགས་པ་དག་མཐོང་བ་ནའང་འདི་དག་ནི་བླུན་པ་རྟུལ་བ་བུས་པ་གླེན་པ་མི་མཁས་པ་ཡིན་ནོ་ཞེས་ཁྱད་དུ་གསོད་ལ། མཁས་པ་གཞན་དག་གི་གཞུང་ལུགས་ཤིག་བཀླག་ཀྱང་དམ་པའི་ཆོས་ལ་གུས་ཤིང་དོན་དུ་གཉེར་བ་མེད་བཞིན་དུ་དང་པོ་གླེགས་ཐག་དཀྲོལ་དུས་ནས་འདིའི་ནང་ན་ག་འདྲ་ཞིག་ཡོད། ཅི་འདྲ་ཞིག་བྲིས་འདུག་ཨང་སྙམ་ནས་མཚར་ལྟས་ཀྱི་འདུ་ཤེས་བཞག་སྟེ། རིག་པ་རྩ་མགོ་ལ་བཀྲམ། མཛུབ་རྩེ་གདོང་ཉག་ལ་བཙུགས། མགོ་ལ་སྒྲི་ལང་སྟེ། ཆེ་གེ་མོ་ཞིག་ཟེར་ན་ཚད་མའི་གཞུང་དང་མི་འགྲིགས། ག་གེ་མོ་ཞིག་འདོད་ན་མངོན་པ་དང་མི་མཐུན། ཅིག་ལེ་ཞིག་ཁས་བླང་ན་རིགས་པ་འདི་འདྲ་ཞིག་གིས་གནོད་འདུག་ཅེས་དཔྱད་དཔྱད་ནས་དཔེ་ཆ་དེ་བལྟས་ཟིན་པ་ན་བསྡུ་རྒྱུ་བདག་རྒྱུ་འདོད་རྒྱུ་འཇོག་རྒྱུ་ཐམས་ཅད་ཅི་ཡིན་འདི་ཡིན་མེད་པ་ཞིག་ཏུ་སོང༌། ད་ག་རེ་ང་རང་གི་རང་ལུགས་འདི་འདྲ་ཞིག་བཞག་ནས་གཞན་ཞིག་དང་བརྩད་ན་དེས་འདི་ཟེར་ཡོང༌། དེ་ལ་འདི་ཟེར་དགོས། དེས་ལན་འདི་འདེབས་ཡོང༌། དེ་ལ་ཅི་དྲག་བསམ་ནས་བསྡད་དུས་ཉིན་བློ་མི་བདེ། མཚན་གཉིད་མི་ཡོང༌། གལ་ཏེ་


TN00_Page_176B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ཞིག་བྱུང་ཡང་རྨི་ལམ་ཚོར་དེ་འདྲ་དེ་དག་ཁོ་ན་རྨིས་རྨིས་ནས་ཐོ་རང་སད་འོང་དུས་ཀྱང་ཡིད་མ་བདེ་སིང་སིང་འགྲོ། ལམ་ཟབ་མོ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་སྒོམ་རིམ་ལྟ་བུ་རེ་འདུག་ན་དེ་གོ་སླ་ཨའུ་ཙི་སྙམ་ནས་སྐྱུར། རྟོག་གེའི་གཞུང་ཕྲན་རེ་མཐོང་ན། འོ་འོ་དེ་ཀ་ལ་གཅིག་བལྟ་དགོས་ཟེར་ནས་ཁ་ཕྱེས། དེ་མ་ཐག་ཤེས་པ་ཧུར་ཕྱུང་སྟེ། ག་རེ་དེ་དོན་ལྡོག་རེད་དམ། གཞི་ལྡོག་ཞིག་རེད། དགག་པ་ཞིག་རེད་དམ། སྒྲུབ་པ་ཞིག་རེད་དམ། འདི་ཁྱབ་པ་གྲུབ་བམ། འགལ་བ་འདུའམ་ཞེས་དྲན་རྟོག་གི་སྤུ་རིས་བྲིས་བྲིས་ནས་ཕྱི་དྲོ་ཙ་ན་སྙིང་ཕྱོད་ཕྱོད་གློ་བ་ཏིག་ཏིག་པོར་འགྲོ། སངས་རྒྱས་ཀྱི་ལྡོག་པ་དང་སེམས་ཅན་གྱི་རྫས་སྤྱི་ལ་གཏད་འདུག་ས་ནས་དད་པ་དང་ངེས་འབྱུང་གི་བློ་སྣ་ཐམས་ཅད་ཇེ་ཆུང་ཇེ་འགྲིབ་ཏུ་སོང༌། འཆི་ཙ་ན་ཐོས་ཚད་ཚིག་རོ། དཔྱད་ཚད་སྟོང་འདང༌། བལྟས་ཚད་ཆུད་ཟོས་སུ་དྲོན་པའི་རྫུན་རྐུབ་དེ་བུད། གཟུགས་ཤེས་ལྡན་མིན་འདུ་བྱེད་བརྩིས་ཤིང་དཔྱད་ཚད་པོ་ཐམས་ཅད་མུན་ནག་ནང་དུ་རྡོ་འཕང་བ་ལྟར་གྱུར་ཏེ་རྗེན་ཅེར་རེ་ཕེབས་ཡོང༌། ལེགས་པར་བསམ་ན་རིགས་ལམ་འདིས་ལོག་རྟོག་བཟློག་དགོས་པར་འདུག །དེ་བཟློག་ནས་རང་ཉིད་ཡང་དག་པའི་ལམ་ལ་འཇུག་དགོས་པར་འདུག །དེར་ཞུགས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མངོན་དུ་བྱེད་དགོས་པར་འདུག །ཆོས་མང་དུ་ཐོས་པ་ཞེས་བྱ་བ་མང་པོ་ཞིག་ཉན་པ་ཙམ་ལ་མི་འཇུག །ཐོས་པ་གང་ཞིག་


TN00_Page_177A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་ཁམས་གསུམ་ལ་སྐྱོ་བར་འགྱུར་བ་དེ་ཉིད་མང་དུ་ཐོས་པ་ཡིན་ཞེས་ཆོས་མངོན་པ་ལས་བཤད་པས། ཚིག་གི་འཛིན་མཚམས་ཕྲན་ཕྲིན་རེ་ཤེས་པས་མཁས་པར་སྨྲ་བ་འདིའང་བརྟག་དགོས། སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོར། ཆོས་ཐོས་ནས་རང་གིས་ཉམས་སུ་ལེན་པ་དང༌། གཞན་ལ་ལེགས་པར་བཤད་པས་ཕན་འདོགས་པ་གཉིས་ཐོས་པ་མང་བའི་སྙིང་པོ་ཡིན་ཞེས་བསྟན་པས། དོན་འབྲས་འདི་དག་མི་ལེན་བཞིན་དུ་ཚུར་མཐོང་གི་རིགས་ལམ་གྱོང་པོ་འགའ་ཞིག་གིས་མཁས་པའི་རྣམ་ཐར་སྐྱོང་བར་རློམ་པ་འདིའང་དཔྱད་དགོས། ངེད་ཀྱི་སློབ་གཉེར་འདི་སྲིན་བུ་པདྨའི་རྗེས་ཤུལ་གྱི་ཆུ་ཙམ་ལས་མེད་ཀྱང་རྣམ་ཐར་འདི་ཚོ་ལ་ཉམས་མྱོང་རེ་ཡོད་པས་གཞན་འགའ་ལའང་འདྲའམ་སྙམ་ནས་སྤྲང་སྨྱོན་འཇིགས་མེད་པས་སྨྱོ་གཏམ་བྱས་པའོ།། ༈ །།ལགས། བདག་ཅག་གི་སྟོན་པ་སྟོབས་བཅུའི་དབང་ཕྱུག་ཉིད་ཀྱིས་ཀྱང་སློབ་པའི་ལམ་གྱི་གནས་སྐབས་ན་བརྩོན་འགྲུས་ཕུན་སུམ་ཚོགས་པས་ལེགས་པར་བཙལ་བའི་ཆོས་ནི་ཕྲད་པར་དཀའ་བ་ལགས་ཏེ། བརྒྱ་ལམ་ན་མེ་ཏོག་ཨུ་དུམ་ཝཱ་ར་སྐྱེ་བ་བཞིན་ནོ། །དེའི་ཕྱིར་ཁྱོད་ཀྱིས་འཁོར་ལོ་ཆེན་པོ་བཞི་དང་ལྡན་པའི་ལུས་རྟེན་འདི་ལྟ་བུ་རྙེད་པ་ན་དམ་པའི་ཆོས་ལ་དོན་དུ་གཉེར་བ་ཤུགས་དྲག་པོ་ལྷུར་བླང་སྟེ། མང་དུ་ཐོས་པའི་ཡོན་ཏན་གྱིས་མི་ངོམས་པར་བུང་བ་རྣམས་པདྨ་དག་ལས་སྦྲང་རྩི་ལེན་པ་བཞིན་ཡང་དང་


TN00_Page_177B
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དུ་ཐོས་པ་རིན་པོ་ཆེ་ཚོལ་བ་ནི་ངོ་མཚར་ཏོ། །འོན་ཀྱང་ཐོས་པ་ཇི་ལྟར་བསགས་ཀྱང་དེ་འདོད་ཆགས་དང་འབྲལ་བ་དང༌། ཟག་པ་དང་བཅས་པའི་ཕུང་པོ་ལ་མངོན་པར་སྐྱོ་བའི་རྒྱུར་མ་གྱུར་ན་དེ་ལ་ནི་མང་དུ་ཐོས་པར་མི་གདགས་སོ་ཞེས་ཆོས་མངོན་པ་ལ་སོགས་པ་ལས་བསྟན་པ་ཡིན་པས་ཐོས་པའི་ཆོས་ལ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡང་དག་གི་ལམ་ནས་ངེས་ཤེས་བསྐྱེད་ཅིང༌། ངེས་ཤེས་གང་ལ་འདྲོངས་པའི་དོན་དེ་སྒོམ་པའི་ཕྱིར་ཚེ་འདི་བློས་ཐོང༌། ཆོས་བརྒྱད་རྡོག་པས་ནོན་ལ་མི་མེད་ཀྱི་ལུང་སྟོང་དུ་ཞི་བའི་ཏིང་ངེ་འཛིན་སྒྲུབས་ཤིག །ཚེ་འདི་བློས་བཏང་བར་སྟོན་པའི་སླད་དུ་རྒོད་སྣ་ཡུམ་བྱས་ཏེ་བྱ་བྲལ་གྱི་ལྟར་སྣང་ལིང་ལིང་ལིང་བྱེད་པ་རྒྱལ་ཁམས་ན་མང་མོད་ཀྱི། སྙིང་ནས་འཇིག་རྟེན་གྱི་ཆོས་བརྒྱད་ལམ་ཁའི་རོ་བཞིན་དུ་འབོར་ནུས་པ་དེ་ཉིན་མོའི་སྐར་མ་ལྟར་འདུག་པ་དགོངས་ཆུབ་ལྟར་ལགས། དེའི་ཕྱིར་ཁྱོད་ཀྱིས་དལ་རྟེན་རྙེད་པར་དཀའ་ལུགས། རྙེད་ན་ཕན་པ་ཆེ་ལུགས། ཚེ་ལ་རྟག་པ་མེད་ལུགས། འཆི་བདག་ཟློག་ཐབས་བྲལ་ལུགས། ཤི་ཚེ་དམ་པའི་ཆོས་མ་གཏོགས་པ་ལོངས་སྤྱོད་དང་ཉེ་དུས་སྐྱོབ་མི་ནུས་པར་རང་ཉིད་གཅིག་པུར་ས་ཚུགས་མེད་པའི་ཕྱོགས་སུ་འགྲོ་ལུགས་ལ་བསམ་བློ་བཏང་སྟེ། དམ་པའི་ཆོས་འབའ་ཞིག་ལ་བློ་སྣ་གཏད་དེ། ཤ་དང་རུས་པའི་རི་བོ་བསྙིལ་ཐུབ་པ། ཁྲག་དང་མཆི་མའི་རྒྱ་མཚོ་སྐམ་ནུས་པ་ཞིག་དགོས། དམ་པའི་ཆོས་ཞེས་བྱ་བ་ཉམས་སུ་ཇི་ལྟར་ལེན་ན། དལ་འབྱོར་རྙེད་


TN00_Page_178A
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བསམ་པ་ནས་ཐེག་མཆོག་རྫོགས་པ་ཆེན་པོའི་བར་གྱི་གཞུང་ལམ་ཐམས་ཅད་འགལ་མེད་ལམ་གྱི་ཆ་རྐྱེན་གཅིག་ཏུ་རྟོགས་ཏེ། དགེ་བའི་བཤེས་གཉེན་ལ་སངས་རྒྱས་སུ་ལྟ་བའི་མོས་གུས་གཞིར་བཟུང༌། འཁོར་བ་སྡུག་བསྔལ་དུ་ཤེས་ཏེ་ཐར་འདོད་ཀྱི་བློ་སྔོན་དུ་བཏང༌། བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ་ཁོ་ན་ལ་འཇིགས་པ་ལས་སྒྲོལ་བའི་དཔུང་གཉེན་དུ་སྐྱབས་ཚོལ། འགྲོ་དྲུག་མར་ཤེས་ཤིང་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་སེང་གེའི་སྒྲ་ཆེན་པོ་འཇིག་རྟེན་དུ་བསྒྲག་པར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་དྲན་པ་མངོན་དུ་བཞག་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱི་རྗེས་སུ་སློབ་ནུས་པ་ཞིག་བྱུང་ན་ཁྱོད་འདུན་མ་ལེགས་པའི་རྩེ་མོར་བྱོན་པ་ལགས། གཏམ་དུ་བྱ་བ་ཐོར་བུ་ཡང་དགའ་ཞིག་བྱ་བར་བདག་སྤོབས་ཏེ། གང་ཞིག་ཤིང་རྟ་ཆེན་པོའི་གཞུང་ལུགས་ལ་གསན་བསམ་མཐར་ཕྱིན་པའི་བདག་ཉིད་ཆེན་པོ་རྣམས་ཀྱིས་ཀྱང་ཆོས་དང་ཆོས་མ་ཡིན་པ་རྣམ་པར་ཕྱེ་ཞིང་དམ་པའི་ཆོས་ལས་རིང་བ་རྣམས་ལ་བརྒལ་བརྟག་མཛད་པ་ནའང་རྟོག་གེ་བས་ནི་ཆོས་སྤོང་ངོ་ཞེས་སྐྱེ་བོ་བླུན་པོ་རྣམས་ཀྱིས་སྡང་ཞིང་སྤོང་བར་བྱེད་ན་རང་ཅག་ལྟ་ཅི་སྨོས། དེའི་ཕྱིར་ཁྱོད་སྒྲིམ་ལ་གཞན་སུན་འབྱིན་མ་སྨྲ་ཞིག །དོན་དུ་མི་འགྱུར་གྱི་ཆགས་སྡང་གི་གཞིར་འགྱུར་ཏ་རེ། གཞན་ཡང་བདག་གིས་འདི་བྱའམ་མི་བྱ་ནའང་ལེགས་སོ་ཞེས་ལས་ཀྱི་མཐའ་སྣ་ཚོགས་སྒྲུབ་པར་


TN00_Page_178B
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ནས་བློ་གཅིག་ཏུ་མི་ཚུགས་པ་ནི་སྐྱེས་བུ་བརྟན་པ་རྣམས་ཀྱི་ཚུལ་མ་ཡིན་གྱི། བློ་རི་རབ་བཞིན་དུ་བརྟན་པས་རིགས་པའི་བྱ་བ་འབའ་ཞིག་ལས་མི་འདའ་བ་ཞིག་དགོས་པ་ལགས། ཞེས་སྦྲང་སྨྱོན་འཇིགས་མེད་པས་རང་ཉིད་ལ་ཡོན་ཏན་སྤུ་ཉག་ཙམ་ཡང་མེད་པས་དོན་མཐུན་གྱི་བསྡུ་བ་དང་མི་ལྡན་པར་རིག་ཅིང་ཤེས་བཞིན་དུ་ཆོས་གྲོགས་་མིང་ཅན་གྱི་ངོ་མི་ལྡོག་ཙམ་དུ་བྲིས་པའོ།། ༈ །།རྣལ་འབྱོར་པས་སྒྲོལ་བའི་ལས་བྱེད་པ་ལ། དང་པོ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ལྟ་བས་གཏན་ལ་ཕབ། སྒོམ་པའི་ཏིང་ངེ་འཛིན་གྱིས་གོམས་པར་བྱས་ནས་རྣམ་པར་རྟོག་པའི་སྲོག་རང་བཞིན་སྐྱེ་བ་མེད་པའི་དབྱིངས་སུ་གཅོད་པ་ནི་རྟོགས་པས་བདག་བསྒྲལ་བ་ཞེས་བྱ་བ་ཡིན་ཏེ། གསང་བ་སྙིང་པོ་ལས། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་སེམས་ཅན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱའོ། །ཞེས་སོ། །ཐུགས་རྗེས་གཞན་སྒྲོལ་བ་ནི། དགྲ་བོ་འདིས་ང་ལ་གནོད་པ་འདི་བྱས། ངའི་ཡོན་བདག་ལ་གནོད་པ་འདི་བྱས་སྙམ་ནས་དགྲ་ལ་ཞེ་སྡང་དང་སྦྱིན་བདག་ལ་ཆགས་པ་སྐྱེས་ནས་དགྲ་འདི་བསྒྲལ་དགོས་སྙམ་ན་ཆགས་སྡང་འཁོར་བའི་རྒྱུ་ཡིན་པ་མདོ་རྒྱུད་དུ་མ་ནས་གསུངས་ཡོད་མོད། དེས་ན་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱི་རང་བཞིན་ཡིན་པ་ལ་རང་ངོ་རང་གིས་མ་ཤེས་པར་ང་མེད་ལ་ང་རུ་བཟུང༌།


TN00_Page_179A
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་ལ་བདག་ཏུ་བཟུང་ནས་མཐའ་མེད་འཁོར་བའི་གནས་སུ་འཁྱམས་པ་འདི་རྣམས་སྙིང་རེ་རྗེ། གང་དག་ཞི་བས་མི་འདུལ་བ་དག་ལ་བདག་གིས་མངོན་སྤྱོད་དྲག་པོས་བསྒྲལ་ནས་སངས་རྒྱས་ཐོབ་པ་ཞིག་ཅི་ནས་ཀྱང་བྱ་སྙམ་པའི་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བ་ཞིག་ཅི་ནས་གལ་ཆེ། དེ་ནི་དོན་གྱི་སེམས་ཟེར་བ་ཡིན། སྟོང་ས་ཀྱི་སེམས་ནི་ལས་ལ་སྦྱོར་ཚེ་ཁྲོ་ཞིང་གཏུམ་པའི་སེམས་དང་ལྡན་པས་བདག་མདུན་གྱི་ལྷ་ཐམས་ཅད་སྐུ་མདོག་ནག་པོ་རབ་ཏུ་ཁྲོ་བ་དྲག་པོའི་ལས་ལ་རྔམས་པའི་ཚུལ་དུ་བསྐྱེད་དེ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཕོ་ཉ་ཕྱག་རྒྱ་བཞིའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ངར་འཛིན་གྱི་དགྲ་བོ་དང་ཁྱད་པར་དུ་དམིགས་བྱ་གང་ཡིན་པ་དེ་སྙིང་རྗེའི་ལྕགས་ཀྱུས་སྙིང་ནས་དྲངས། བྱམས་པའི་ཞགས་པས་སྐེ་ནས་བཅིང༌། དགའ་བའི་ལྕགས་སྒྲོག་གིས་ཡན་ལག་བསྡམ། བཏང་སྙོམས་ཀྱི་དྲིལ་བུས་དབང་པོ་མྱོས་པར་བྱས་ཏེ་ལིངྒ་ལ་ཕྱེ་མར་ཆུ་བླུག་པ་བཞིན་ཐིམ་པས་ཏིང་ངེ་འཛིན་གྱི་གནད་དང་ལྡན་པས་བཀུག་རྗེས། བསྒྲལ་བ་དངོས་ལ་བབས་ཚེ། རང་དཔལ་ཆེན་པོ། སྒྲོལ་ཕུར་བཛྲ་ཀཱི་ལ་ཡ། དམིགས་བྱ་ཞིང་བཅུ་ཚང་བ་དངོས་སུ་གསལ་ཏེ་ཕུར་པ་ཁོའི་སྙིང་གར་དྲིལ་བས་ཚེ་བསོད་ནམས་ཐམས་ཅད་རྣྲི་ལྗང་གུའི་རྣམ་པར་བདག་ལ་ཐིམ་པས་བདག་འཚོང༌། བསྒྲལ་བྱའི་རྣམ་ཤེས་ཨ་དཀར་པོའི་


TN00_Page_179B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་དེ་རང་གི་ཤངས་བུག་ནས་དྲངས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁའ་ལ་བབས་ཧཱུྃ་ཡིག་ཏུ་གྱུར་སྡིག་སྒྲིབ་ཐམས་ཅད་དག་ནས་རྡོ་རྗེ་སེམས་དཔའི་རྣམ་པར་མཁའ་ནས་ཐོན་ཟླ་དཀྱིལ་ལ་གནས་པ་རླུང་གིས་བཏེགས་ནས་འོག་མིན་དུ་ཕཊ་ཀྱིས་འཕང་བས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པས་དགྲ་འཚེངས། རྣམ་སྨིན་གྱི་ལུས་ཡེ་ཤེས་ཀྱི་མཚོན་ཆས་གཏུབས་ཏེ་ཤ་ཁྲག་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་རླབས་ཏེ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པས་ལྷ་འཚེང་སྟེ་འཚེང་བ་གསུམ་དང༌། བདག་དཔལ་ཆེན་པོར་གསལ་བས་ལོག་པའི་སྐྱོན་བསལ། ཕུར་བ་སྲས་མཆོག་ཀཱི་ལ་ཡར་གསལ་བས་རྡུག་པའི་སྐྱོན་བསལ། དམིགས་བྱ་ཞིང་བཅུ་ཚང་བ་དངོས་སུ་གསལ་བས་འབྱམས་པའི་སྐྱོན་བསལ་བའོ། །དེ་ལྟ་བུའི་དགོངས་པ་དང་ལྡན་ན་སྔགས་པ་ཕུར་སོའི་ཁ་ནས་འཚང་རྒྱ་བའི་གདམས་ངག་ཡིན་ཏེ། ཕུར་པ་ཞེ་སྡང་ཁྲོས་པའི་རྒྱུད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པའི་དོན་ནོ། །དེ་ལྟར་མ་ཡིན་པར་ལྷ་རང་རྒྱུད་དུ་བཟུང༌། སྔགས་ལོག་པར་བསྒྲངས། རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང༌། ཆགས་སྡང་གཉིས་ལས་མ་འདས་པའི་ལྷ་དྲག་པོ་ཞིག་གཞན་ན་ཡོད་པར་བཟུང༌། དེ་འགྲུབ་ཏུ་རེ་ནས་དྲག་སྔགས་མང་པོ་བགྲང༌། འདྲེ་བགེགས་ལ་ཞེ་སྡང་


TN00_Page_180A
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་བསྐྱེད་ནས་ཧཱུྃ་སྒྲ་དང་ཕཊ་སྒྲས་ལུང་པ་བཀང་ནས་མིག་སྡང་མིག་བསྒྲད་ཀྱང་འདྲེ་སེམས་ཀྱི་རྣམ་རྟོག་གི་རྩལ་ཡིན་པར་མ་ཤེས་ན། འདྲེ་ཞེ་སྡང་གི་རང་གཟུགས་ལ་ཞེ་སྡང་བ་བསྐྱེད་ན་མེ་འབར་བའི་སྟེང་དུ་ཤིང་བསྣན་པ་དང་འདྲ་བས། སྤ་རྒྱབ་དང་གནས་བརྟན་མུ་གེའི་རྣམ་ཐར་དྲན་དགོས་སོ། །འདྲེ་སྙིང་རྗེས་འདུལ་དགོས་ཏེ། ལྷ་བསྐྱེད་དང་སྔགས་བཟླ་ཤེས་པའི་འདྲེ་མང་པོ་མཐོང་ཆོས་སུ་གྲུབ་སྟེ། སྙིང་རྗེ་ཅན་གྱི་འདྲེ་མི་སྲིད་དོ། །དེས་ན་ལྷ་ཁྲོ་བོ་ཡང་ཞི་བས་ཞེ་སྡང་ལངས་ཏེ་ཁྲོ་བོའི་སྐུར་བཞེངས་པ་ནི་མིན་མོད། ཉན་ཐོས་རྣམས་ལའང་ཞེ་སྡང་མེད་ན་སངས་རྒྱས་ལ་ལྟ་ཅི་སྨོས། དེའི་ཕྱིར་ན་བདག་འཛིན་གྱི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་ལྷ་སྐུའི་ཕྱག་རྒྱར་སྣང་བ་ལས། གཞན་ན་ཁྲོ་བོ་ཞེས་ཁ་གདངས་མིག་བསྒྲད་ནས་རྒྱུན་དུ་ཁྲོས་ཡོད་པའི་རང་མཚན་པ་ཞིག་ཡོད་པ་རྒྱུད་སྡེ་གང་ནའང་མ་བཤད་དེ། ཞི་བ་རང་རྒྱུད་དུ་བཟུང་ན་འདོད་ཁམས་ཀྱི་ལྷ་དང༌། ཁྲོ་བོ་རང་རྒྱུད་དུ་བཟུང་ན་ལས་ཀྱི་གཤིན་རྗེར་སྐྱེ་བར་གསུང་པས། དེང་སང་གྲོང་ཆོག་པ་རྣམས་ཀྱི་མཐའ་གྱེན་དུ་མི་འགྲོ་བ་ནི། ལྷ་དང་འདྲེ་གཞན་དུ་བཟུང་ནས། སྦྱིན་བདག་ལ་ཆགས། འདྲེ་ལ་སྡང་ནས་རྒྱལ་བའི་བཀའ་ཆགས་སྡང་གིས་བསླད་ནས་རང་གཞན་གཉིས་ཀ་གནས་སྐབས་རྒྱལ་འགོང་དང༌། མཐར་དམྱལ་བའི་རྒྱུ་བསྒྲུབ་པ་འདིས་ལན་པ་ཡིན། དེ་མིན་ན་ཞི་བའི་དབང་བསྐུར་བ་དང༌། དྲག་


TN00_Page_1780B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མནན་བསྲེག་འཕང་གསུམ་བྱེད་པ་གཉིས་ཀ་སྣང་ཚུལ་མི་མཐུན་ཡང༌། དོན་ལ་དམིགས་བྱའི་སྒྲིབ་པ་སྦྱངས་ཤིང་གནས་སྤར་བ་ལ་ཁྱད་མེད་པས་དབང་བསྐུར་བ་ལ་བཟང་པོ་དང༌། མནན་བསྲེག་འཕང་གསུམ་ངན་པར་བཟུང་ན་སངས་རྒྱས་ཀྱི་ཆོས་ལ་ལར་བཟང་བར་འདུ་ཤེས་ལ་ལར་ངན་པར་འདུ་ཤེས་ན་ཆོས་སྤོང་གི་ལས་ཡིན་པས་གནད་ཤེས་པ་གལ་ཆེ་ཞིང༌། ཁྱད་པར་མནན་བསྲེག་འཕང་གསུམ་གང་གི་ཚེ་ནའང༌། རང་རྒྱུད་ཆགས་སྡང་གིས་བསླད་དེ་རྒྱལ་ངན་དུ་སྐྱེ་བའི་རྒྱུ་མི་བསགས་པར་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཟིན་པ་ཞིག་གལ་པོ་ཆེའི་གནད་དམ་པ་ཡིན་པས་གྲོང་ཆོག་པ་དག་གིས་ཐུགས་ལ་ཞོག །རེམ་རེམ། སྐུ་མཁྱེན་གསུང་མཁྱེན་ཐུགས་མཁྱེན། ཞེས་པ་འདི་ནི་གྲོང་ཆོག་པ་མི་ཚེ་སྟོང་ཟད་མཁན་རྣམས་ལ་ཕན་པའི་བློས་ཨ་བྷྱཱའི་མིང་གིས་བྲིས་པ་སྟེ། ཐོག་མཐའ་བར་དུ་དགེའོ།། ༈ །།ཤར་རྒྱལ་མོ་རོང་བ་འཇིགས་མེད་ཡེ་ཤེས་ལ་ཡིག་འཛར་ཕུལ་བ། འོད་གསལ་རྫོགས་པ་ཆེན་པོའི་ལམ་མ་ནོར་བ་དེ་བརྒྱུད་ལྡན་གྱི་བླ་མའི་བྱིན་རླབས་ལ་བརྟེན་དགོས་པས་བསགས་སྦྱང་སྤེལ་གསུམ་གྱི་གནད་འདུས་པ་བླ་རྣམ་ལ་འབད་པ་གལ་ཆེ། དེ་ནས་ཨོ་རྒྱན་པདྨ་དང་རང་སེམས་དབྱེར་དུ་བསྲེས་ལ། བཟང་ངན་གྱི་རྣམ་རྟོག་གང་གིས་ཀྱང་མ་བསླད་ཅིང་སྤང་བླང་དགག་སྒྲུབ་ཀྱི་རྩོལ་བས་མ་གོས་པའི་གཤིས་རང་བབས་ཀྱི་རིག་ཆ་རྗེན་པ་དེ་ཤེས་པར་བྱས་ཏེ། ཕྱིའི་ཡུལ་སྣང་མི་སྣང་དང༌། ནང་རྣམ་རྟོག་


TN00_Page_181A
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་མི་འཆར་སོགས་ལ་རྗེས་འདེད་རྩིས་འདེབས་གང་ཡང་མི་བྱ་བར། རིག་པ་ཟང་ཐལ་གྱི་ངང་ལས་མ་གཡོས་པ་ལ་བསླབ། ཅུང་ཟད་ཡེངས་གྲབ་བྱེད་ཚེ་ཡང༌། ང་ཡེངས་འགྲོའམ་ཞེས་དང༌། འདི་ལྟར་ཡེངས་འདུག་ཅེས་དང༌། མི་ཡེངས་པའི་ཕྱིར་དུ་གཉེན་པོ་ཇི་ལྟར་བརྟེན་ན་དྲག་ཅེས་སོགས་ཙབ་ཙུབ་ཟང་ཟེང་གཏན་ནས་མི་བྱེད་པར་རིག་པ་དེ་ཀ་ཧུར་ཕྱུང་ལ་གཤིས་ཐོག་ཏུ་ས་བཟུང༌། མདོར་ན་ངོ་སྤྲོད་གེགས་སེལ་བོག་འདོན་ཐམས་ཅད་ཁ་ཁ་སོ་སོ་མང་པོ་མི་དགོས། ད་ལྟའི་རིག་པ་ངོ་བོ་མི་རྟོག་པ། གདངས་མ་འགགས་པ། རྩལ་ཕྱོགས་མེད་དུ་འཆར་བ་ཉམས་སུ་མྱོང་ཡང་བརྗོད་མི་ཤེས་པ་དེ་ཀའི་རང་འགྲོས་བཟོ་མེད་དུ་སྐྱོང་བས་ཆོག་པར་གསུངས་ཡོད་པས་ཐུགས་ལ་ཟུངས་མཛོད། ང་རང་ནད་རོས་མནར་ནས་ཞལ་གདམས་བསླབ་སྟོན་ཟེར་བའི་ཟ་ཟིའི་རིགས་ཅི་ཡང་འབྲི་ལོང་མེད་ཀྱང་ཁྱེད་ཐག་རིང་ནས་འོང་བ་ཤ་ཚ་ནས་གླེན་གཏམ་ཡིང་ནག་ཏུ་ཕབ་སྟེ་བྱིན་པ་དགེ་བར་གྱུར་ཅིག། ༈ །།ལགས། ཚིག་གི་སྦྱོར་བ་དམ་པོས་བསྙད་ན་གོ་བར་དཀའ་བས་གྲོང་ཚིག་ཁོ་ནས་ཕན་པའི་གཏམ་བྱ་བ་ལ། མང་པོ་ཞིག་ཞུ་མི་ནུས་མོད། དོན་ལ། དེ་རིང་གཤིན་རྗེ་འཆི་བདག་གི་རྒྱལ་པོ་སླེབས་ཏེ། སྲོག་གི་རྒྱུ་བ་ཕྲ་མོ་ནི་བཅད། ཚེའི་འདུ་བྱེད་ཀྱི་རྒྱུ་བ་ནི་འགགས། དབུགས་མེད་སྟག་ལྟ་བུ་ནི་ཡར་ཏེ། གཅེས་པར་བསྐྱངས་པའི་ལུས་ནི་ཤུལ་དུ་བཞག །བརྩེ་བས་འགྲོགས་པའི་


TN00_Page_181B
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ནི་རྗེས་སུ་མི་འབྲང༌། ཚེ་གང་བསགས་པའི་ལོངས་སྤྱོད་ནི་གཏན་འཇོག་ཏུ་སོང༌། བར་དོའི་སྣང་བ་མང་པོ་མཚན་མོའི་སྐར་མ་བཞིན་དུ་སྣང་སྟེ་འཇིགས་པའི་མུན་ནག་ཆེན་པོ་ལ་འཇུག །སྡུག་བསྔལ་གྱི་འཕྲང་གཟར་མོ་ལ་བཤར། ལས་ངན་གྱི་རང་རྟགས་མང་པོ་ཕྱིར་ཤར་ཙ་ན་སོས་དལ་དུ་འདུག་རྒྱུ་ཡོད་པ་ཨེ་གདའ། དེང་སང་འཆི་བ་ཡོད་ཟེར་རུང༌། ཚེ་མི་རྟག་ཟེར་རུང༌། དོན་དུ་སྔ་དྲོ་ཆོས་ཉན་པ་དང་བཤད་པ་ལ་བསམ་གྱིན་ཕྱི་དྲོ་ཚེ་འདིའི་འདུག་ཆུས་ལ་ལིང་ལིང་བྱེད་ལུགས་ལ་འཆི་བ་དྲན་ཡོད་པ་མི་འདུག་པ་དངོས་གསལ་རེད་མོད། ད་སྔར་སོང་དེ་ཚར་ཐལ་བ་ལགས་ཀྱང་ཕྱིན་ཆད་ནམ་ཡར་ལང་དུས་མུན་ཐུར་རུབ་དུས་ཐམས་ཅད་དུ་འཆི་བ་འོང་དུས་མི་འགྱོད་པ་ཞིག་ཅི་དྲག་སྙམ་དུ་ཐུགས་ལ་འཇོག་ཐུབ་པ་མ་འཆུག་རེམ་རེམ་རེམ། སྐད་ཆ་ལབ་དུས། རྒྱུ་འགྲུལ་བྱེད་དུས། གཤང་གཅི་འདོར་དུས། ཁ་ཟས་ཟ་དུས་ནམ་ཡིན་ཀྱང་འདིར་སྣང་གི་བྱ་བ་ལ་སྐྱུག་ལོག་པས་བློ་སྐྱོ་ཐིབས་སེ་ཡོད་པ་ཞིག་དགོས་པ་ལགས། དམ་པའི་ཆོས་བསྒྲུབ་པ་བྱ་བ་གཞན་ན་ཅི་ཡོད། དཀོན་མཆོག་གསུམ་ལ་དད་པ་སྐད་ཅིག་མ་གཅིག་སྐྱེས་ཀྱང༌། སྙིང་རྗེ་ཏིལ་འབྲུ་ཙམ་བློ་ལ་ཤར་ཡང་དམ་པའི་ཆོས་ཡིན། དམ་པའི་ལམ་ཅི་འགྲུབ་ཞིག་མ་བྱས་ན་ད་རེས་ཀྱི་ཐོད་རུས་ས་ལ་བཞག་ཕན་ཆད་ནི་མི་ལུས་རྟ་བྲུན་འཐོར་འཐོར་དུ་འོང་རྒྱུ་མེད་དོ། །ཉིད་གཉེར་ཁང་དུ་ཕེབས་ལ་དབྱར་ཁ་ཤ་རུལ་དུམ་དུམ་རེའི་འཁྲིས་


TN00_Page_182A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཆགས་པའི་ཤ་འབུ་ཅི་ཙམ་ཡོད་གཟིགས་དང་ངན་འགྲོ་དང་མི་ལུས་ལ་མང་ཉུང་ཡོད་པ་མཁྱེན་སླ་བར་འདུག །ཤིང་ཁ་ཤོག་ལྕེའི་དཔེ་ལྟར་ཐར་ལམ་ཡང་དག་གིས་མ་ཟིན་པའི་བཟླས་བརྗོད་ཤབ་ཤུབ་དང༌། ཚེ་འདི་དོན་གཉེར་གྱི་ནད་རོ་ཁོང་དུ་བསྙལ་ནས་ལྟར་སྣང་གི་སྒོམ་སྒྲུབ་བྱེད་ལོ་དེ་འདྲས་ག་འདྲ་ཡོང་བ། ད་ལེགས་པར་བསམ་བློ་ཐོང་ལ་དམ་པའི་ཆོས་ཀྱིས་དུས་འདའ་བ་ཞིག་ལ་བློ་ཐག་རྦད་ཀྱིས་བཅད། ཟོག་པོ་བརྫུས་མའི་སངས་རྒྱས་ལ་ཡིད་མ་གཏོད། མཁའ་ལ་རྒྱུ་བའི་ཡི་དྭགས་ལ་སྐྱབས་མ་འཚོལ། སྡིག་གྲོགས་བྱིས་པའི་སྐྱེ་བོ་ལ་གྲོས་མ་འདྲི། བསླུ་མེད་ཀྱི་སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་སྙིང་བྲང་གསུམ་གཏོད། བླ་མ་ལ་སངས་རྒྱས་སུ་བལྟ་བའི་མོས་གུས་མ་བརྗེད། སྐྱེས་བུ་དམ་པ་ལ་སྐུར་བ་མ་འདེབས། གཉེན་གྱི་ཁ་འཛིན་ལ་ཤི་སྤར་མ་འཐམ། དགྲས་གནོད་པ་བསྐྱལ་བའི་སྡུ་གཡུས་སེམས་ཐོག་ཏུ་མ་ལེན། གཞན་གྱིས་ཚིག་བརླངས་པོ་ཞེར་འདེབས་པ་འདྲ་མོ་ཞིག་བྱུང་ཚེ་འདིས་ང་ལ་ཅིའི་ཕྱིར་ངན་སྨྲས་བྱེད་ཅེས་སྙིང་གི་དབུས་སུ་ལྷང་ལྷང་འཆར་ཙ་ན་ཕུང་བྱེད་ཀྱི་འགོང་པོ་སླེབས་བྱུང༌། འདིས་ང་གྱོད་ལ་གཏུག་གོ་ཞེས་བྲང་བརྡུང་ལ་གཉེན་པོའི་ཡེ་ཤེས་དན་དན་འབྱུང་བ་ཞིག་དགོས། ནོར་བསོག་བྲུན་དང་མཛའ་བཤེས་ཀྱི་ངོ་སྲུང་ལ་རེམ་རྒྱུ་དེ་དང༌། གཞན་ཕྱོགས་ལ་སེམས་འཁུ་བ་དེ་ཚོ་ཆགས་སྡང་གི་རབ་ཏུ་ཕྱེ་བ་ལགས་ཏེ། ཉོན་མོངས་ཀྱི་ཞབས་ཕྱི་ཞུས་པ་ཡིན། ཉོན་


TN00_Page_182B
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ཀྱི་ཞབས་ཏོག་བསྒྲུབ་ན་ཅི་སྡུག་འདི་སྡུག་མེད་པ་ཞིག་ཡོང་སྟེ། འཁོར་བ་ཐོག་མེད་ནས་ཉོན་མོངས་ཀྱི་གཡོག་བྱས་པས་ད་ལྟ་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་རང་བཞིན་ཅན་གྱི་འཁོར་བ་ན་འུ་ཅག་སྡུག་ཙུམ་མེ་ལུས་ཡོད་རྒྱུ་འདི་ཨེ་གཟིགས། དེང་ཕན་ཆད་ཉོན་མོངས་དགྲར་བལྟས། གནོད་བྱེད་ཀྱི་མི་ལ་གཉེན་དུ་བཟུང༌། རང་རེའི་རྒྱབ་ན་ཤིག་གིས་ཟོས་ཚེ་ཨ་ཙ་འདྲེ་ཤིག་རྣམས་ཟེར་ཞིང་མི་བཟོད་ན་སྡུག་བསྔལ་དོས་ཆེན་པོ་རྣམས་ལྟ་ཡང་ཅི་སྨོས། དེ་བཞིན་དུ་སེམས་ཅན་གཞན་རྣམས་ཀྱང་བདེ་བ་འདོད་སྡུག་བསྔལ་མི་འདོད་པ་ཤ་སྟག་སྟེ། བྱིས་པ་རྣམས་ཀྱི་ཁ་སྒྲུང་དུ། སྐྱིད་ལྷག་ལྷག་སྡུག་ཙུམ་ཙུམ་ཟེར་བ་ལྟར། སྡུག་བསྔལ་ཕྲ་མོ་རེ་བྱུང་ཡང་བློ་མ་བདེ་སིང་སིང་འགྲོ་བ་འབའ་ཞིག་ཡིན་ཚུལ་བློ་ཐོག་ཏུ་ལོངས་ལ་བསམ་པ་བཟང་པོ་ཨེ་འོང་ལྟོས། འདི་མ་བརྗེད། འདི་མ་བརྗེད། འདི་མ་བརྗེད། སྐུ་ཚེ་རིང༌། ཞེས་སྤྲང་པོ་འཇིགས་མེད་པས་དགེ་རྒན་དཔལ་དགེའི་བཞེད་སྐོང་དུ་བྲིས་པ་ལགས།། ༈ །།ཇི་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་བ་བརྒྱ་ལམ་འབྱུང་སྲིད་ཙམ། །ད་ལྟ་དལ་འབྱོར་དམ་པ་རྙེད་པ་ལ། །གང་དག་ཐར་འདོད་བག་མེད་སྤང་བར་གྱིས། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་འཇིག་རྟེན་ལ་ཕན་པར་བཞེད་པ་དོན་བཞེད་པ་རྣམས་ནི་མེ་ཏོག་ཨུ་དུམྦ་ར་བཞིན་དུ་འབྱུང་བར་དཀའ། དེའི་བསྟན་པ་དཔྱད་པ་གསུམ་གྱིས་


TN00_Page_183A
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་གཞུང་ནི་འཕྲད་པར་དཀའ། དེའི་ལམ་སྲིད་པ་ཟློག་བྱེད་ཀྱི་ཐབས་ཡང་དག་པ་ནི་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའི་ལུས་རྟེན་ནི་འཐོབ་པར་དཀའ་བ་ལགས་ཏེ། ཉིན་མོའི་སྐར་མ་བཞིན་ནོ། །མི་ལུས་ལའང་རྣམ་གྲངས་མང་མོད་དེ་གང་དམ་པའི་ཆོས་ལས་འཇིག་རྟེན་གཅེས་པར་འཛིན་པ། འཇིག་རྟེན་ཕ་རོལ་ལས་ཚེ་འདི་གཙོ་བོར་འཛིན་པ། དམ་པའི་བརྟུལ་ཞུགས་ལས་ཁ་ན་མ་ཐོ་བ་ལྷུར་ལེན་པ། ཡང་དག་པའི་ལམ་བཟང་དུར་ཁྲོད་ཀྱི་མི་རོ་ནག་པོ་བཞིན་དུ་འདོར་བ་རྣམས་ནི་མི་ལུས་བྱུར་པོ་ཆེ་ཞེས་བྱ་སྟེ། ཁྱེད་དེའི་གྲངས་སུ་མ་འདུག་ཅིག་ཡུན་རིང་པོར་རྨས་ཏ་རེ། གང་མི་དགེ་བའི་ལས་ཀྱི་ལམ་མཐའ་དག་སྡོམ་ཞིང༌། དགེ་བའི་ཆོས་ལ་དྲན་པ་མངོན་དུ་འཇོག་ལ། དབང་པོའི་སྒོ་མཐའ་དག་དྲན་པ་དང་ཤེས་བཞིན་གྱིས་བསྡམས་ཏེ། དུལ་ཞིང་ངེས་པའི་ཚུལ་ལས་འདའ་བར་མི་བྱེད་ན། དེ་ནི་མི་ལུས་རིན་པོ་ཆེ་ཞེས་བྱ་སྟེ། ཁྱེད་ཀྱིས་དེའི་ངང་ཚུལ་ཟུངས་ཤིག་དང༌། ཁྱོད་དྲང་སྲོང་གི་རྒྱལ་མཚན་ཅན་དུ་འགྱུར་རོ། ཁྱོད་སྐྱེ་བོ་མངའ་ཐང་ཅན་དུ་སོང་སྟེ། ཆེན་པོའི་མདུན་གྲོས་ལ་དབང་བ། ལུགས་ཀྱི་བྱ་བཞག་ལ་མཁས་པ། འབྱོར་བའི་གསོག་བསྐྲུན་ལ་བྱང་བ། དགྲའི་འདུལ་ཐབས་ཤེས་པ། གཉེན་གྱི་སྐྱོངས་ལུགས་རིག་པ། ཁ་མཆུའི་སྒྱུ་ཐབས་རྟོགས་པ། ཆེ་དགུའི་མི་གྲལ་ན་སླེབས་པར་གྱུར་ཀྱང༌། དེས་ཁྱེད་ཀྱི་དལ་རྟེན་དོན་ཡོད་དུ་གྲུབ་པ་མ་ལགས། ཚེ་རབས་ཀྱི་འདུག་ཆུས་གྲུབ་པ་མ་ལགས། ངན་འགྲོའི་


TN00_Page_183B
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་འཕར་བཅད་པ་མ་ལགས། ཐར་པའི་སྒོ་མོ་ཆེ་ཕྱེས་པ་མ་ལགས་ཏེ་མྱ་ངན་གྱི་མཆི་མ་བཀུ་བའི་ལྟས་ངན་ཤར་བ་ལགས་སོ། །གལ་ཏེ་ཁྱོད་སྟོབས་ཆེན་གྱི་ལྷ་གྲལ་དུ་སོན་ཏེ། སྐྱེ་བོས་མཆོད་གནས་བྱེད་པ། དད་ཟས་སྤྲིན་ལྟར་འདུག །སྙན་གྲགས་རྔ་ལྟར་ལྡིར་བ། གསོན་པོའི་སྐྱབས་འཇུག་གནང་བ། གཤིན་པོའི་སྐྲ་རྟགས་ལེན་པ། འབུལ་ནོར་གྱིས་རི་ལུང་འགེང་བ། སྦྱིན་བདག་གིས་ས་སྟེང་ཁྱབ་པར་གྱུར་ཀྱང༌། དེས་ཁྱོད་ལ་བདག་ཉིད་ཆེན་པོ་རྣམས་མི་བསྔགས་མི་བསྟོད་མངོན་པར་མི་བཀུར། རྗེས་སུ་ཡི་རང་བར་མི་མཛད་དེ། ཁྱོད་རང་ཉིད་ཡུན་རིང་པོ་རོ་མྱག་གི་འདམ་རྫབ་དང༌། ཆུ་བོ་རབ་མེད་པར་འོ་དོད་འབོད་པའི་སྟ་གོན་སྣང་བ་ཡིན་ཏེ་དྲང་པོར་སྨྲས་པ་ཡིན་ནོ། །དེ་ལྟ་བས་ན་ཁྱོད་ཀྱིས་དལ་འབྱོར་རྙེད་པར་དཀའ་ལུགས། ཚེ་སྲོག་རྟག་པ་མེད་ལུགས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་ལུགས། འཇིག་རྟེན་བྱ་བ་ལ་ཡིད་བརྟན་མེད་ལུགས་ལ་བསམ་བློ་བཏང་སྟེ་ཚེ་འདི་བློས་ཐོང༌། ནམ་འཇིག་རྟེན་གྱི་ཆོས་བརྒྱད་ལམ་ཁའི་རོ་བཞིན་དུ་འབོར་ནུས་པ་དེའི་ཚེ་ཁྱོད་ཀྱིས་རྒྱལ་བ་གོང་མའི་རྗེས་ཤུལ་ཟིན་པ་ཡིན། སྐྱེས་བུ་དམ་པའི་རྣམ་ཐར་འཁྱོངས་པ་ཡིན། མྱ་ངན་ལས་འདས་པའི་གོ་འཕང་ཉེ་དྲུང་ན་འདུག་པར་གྱུར་པ་ཡིན་ནོ། །དེའི་ཕྱིར་དེ་ཉིད་གཞིར་བཟུང་སྟེ། ད་གདོད་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ཤིག །ཐེག་པ་ཆེན་པོའི་ལམ་ཞེས་བྱ་བ་ཁུར་དུ་འཁུར་བའང་མེད། ཁར་བཅུག་སྟེ་མིད་པར་བྱ་


TN00_Page_184A
[མ་དཔེ་གཟིགས་ན་འདིར་གནོན།]

བའང་མེད། ཀུན་ཏུ་ཉུལ་ཏེ་བཙལ་བར་བྱ་བའང་གཞན་མེད་དེ། ཆོས་གཅིག་དང་ལྡན་ན་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ་ཡིན་ནོ། །ཆོས་གཅིག་གང་ཞེ་ན། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཏེ། གཞན་ཕན་དོན་གཉེར་དང་རྫོགས་བྱང་དོན་གཉེར་ལ་བཅོས་མིན་གྱི་མྱོང་བ་ཐོན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཞིག་གོ །དེ་ཡང་འདི་ལྟར་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་མཐའ་དག་སྲིད་པའི་རྩ་བ་བདག་འཛིན་གྱི་དབང་གིས་ཟག་པ་དང་བཅས་པའི་ཉེར་ལེན་གྱི་ཕུང་པོ་རྣམ་པ་ལྔ་ཡོངས་སུ་བླངས་ཏེ། སྐྱེ་བ་སྔ་མ་དང་ཕྱི་མ་རིམ་པར་བརྒྱུད་ཅིང༌། སེམས་ཅན་དམྱལ་བ་པ་རྣམས་ཚ་གྲང་གི་སྡུག་བསྔལ་གྱིས་གདུང༌། གཤིན་རྗེའི་འཇིག་རྟེན་པ་རྣམས་བཀྲེས་སྐོམ་གྱི་རེག་བྱས་རྒུད། དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་བཀོལ་སྤྱོད་ཀྱི་དུཿཁས་གཟིར། མིར་གྱུར་པ་རྣམས་ཀྱང་འཚོ་བ་ཐུང་ངུར་གྱུར་པ་ལ་སོགས་པས་ཉམས་སྨད། ལྷའི་རིས་རྣམས་ཀྱང་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཙམ་གྱིས་སྨ་ཕབ་སྟེ། འདོད་པའི་ཁམས་ཀྱི་ཕྱོགས་དེ་དག་དང༌། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་གསུམ་པ་མན་ཆད་ནི་འདུ་བྱེད་ཀྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་གྱིས་ཁྱབ་པ་ཡིན་ལ། བསམ་གཏན་བཞི་པ་ཡན་ཆད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཙམ་ཞིག་སྟེ། མདོར་ན་སྲིད་པ་མཐའ་དག་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་དམ་ལ་མ་བཞག་པ་ནི་མ་


TN00_Page_184B
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་སོ། །དེ་ལྟར་སྡུག་བསྔལ་གྱི་འཁྲུལ་འཁོར་དུ་ལྟུང་བའི་སེམས་ཅན་དེ་དག་འོ་སྐོལ་གྱི་མར་གྱུར་མྱོང་ཤ་སྟག་སྟེ། འདི་ལྟར་ཟག་བཅས་ཀྱི་སེམས་ལ་ཐུག་པར་གྱུར་པའི་ཐོག་མ་མེད་པ་བཞིན་དུ། ལུས་ཀྱི་ཡ་མཐའ་འང་མི་སྲིད་པ་ཡིན་ལ། དེ་ཉིད་ཇི་ལྟ་བ་བཞིན་དུ་མའི་ཐོག་མའང་སྲིད་པ་མ་ཡིན་པའི་ཕྱིར་རོ། །དེ་དག་སྔ་མ་གྲུབ་པས་ནི་གཏན་ཚིགས་ཕྱི་མ་དག་འགྲུབ་པར་ནུས་མོད་ཀྱི། སྔ་མ་ནི་མ་གྲུབ་བོ་ཞེན་མ་ཡིན་ཏེ། བདག་ཏུ་ལྟ་བ་འདི་ལྟར་ཆེ་བ། འདི་ལྟར་སྟོབས་དང་ལྡན་པ། འདི་ལྟར་གཏིང་ཟབ་པ། སྦྱོང་དཀའ་བ། གདུལ་དཀའ་བ། འཆོས་དཀའ་བར་འདུག་པ་འདི་བདག་ལྟ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ལ་ཕན་བཏགས་ཤིང་ནུས་པ་ཆེར་བགོས་པ་ལས་བྱུང་བར་རྟོགས་སོ། །དེ་ལྟ་བུའི་ཡིད་ཅན་རྣམས་ལ་ཕན་འདོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་འདོད་པ་ཞིག་གལ་ཆེ། ཚིག་འདི་སྙིང་ལ་ཕུར་ཅིག །དོན་འདི་ཡིད་ལ་ཟུངས་ཤིག །འདི་ངས་རང་གི་རྒྱུད་ལ་ཐེག་པ་ཆེན་པོའི་ལམ་ཉམས་སུ་བླངས་ནས་རང་གི་རྟོགས་པ་བཞིན་དུ་སྨྲས་པ་ནི་མ་ཡིན་ཏེ། སྐད་ཅིག་གཅིག་ལ་ཁ་ནང་དུ་ལོག་སྟེ་བསམ་པ་བཟང་པོ་སྦྱང་བ་མེད་པ་དགོངས་གསལ་ལྟར་ལགས་མོད་ཀྱི། དགེ་བའི་བཤེས་གཉེན་ཆོས་སྨྲ་བ་རྣམས་ཀྱི་ཞལ་ལུང་དང་མཐུན་པར་གཞོན་ནུ་འཇིགས་མེད་པས་བྲིས་པ་སྟེ། གཏམ་དུ་བྱ་བའི་ཡི་གེ་འདི་ཤོག་དཀར་གྱི་ངོས་སུ་དྲིལ་ཏེ་ལྟེབ་མ་འཇོག །སེམས་ལ་ལེན་པ་ཞིག་སྐུ་ཚེ་རིང༌།


TN00_Page_185A
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འཇིགས་མེད་རབ་རྒྱས་ལའོ།། ༈ །།དཔལ་རི་བ་དོན་གྲུབ་རྡོ་རྗེ་ལ་ཕན་པའི་གཏམ་བྱ་བ། འཕགས་པའི་ཡུལ་གྱི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་ལྟར་མི་སྐྱེ་ཞིང་མི་རྒ་ལ་ན་བ་དང་འཆི་བ་མེད་པའི་མྱང་འདས་མཆོག་གི་གོ་འཕང་ལ་འགྲོ་བར་བཞེད་ན་མྱུར་པོ་མྱུར་པོར་སྒེག་མོའི་མགོ་ལ་མེ་ཤོར་བ་དང༌། སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར། དམ་པའི་ལྷ་ཆོས་གཤའ་མ་མ་མཛད་ན་སང་བྱ་གནངས་བྱའི་ངང་ལ་མི་ཚེ་ཟད་ནས། སྲོག་ནི་འགྲིབ། ཤེས་པ་ནི་ཉམས། བེམ་རིག་གི་འབྲལ་བ་ནི་རྒྱུན་ཆད། ཚེ་འདིའི་སྣང་བ་ནི་ནུབ། ཕྱི་མའི་སྣང་བ་འཆར། གཡང་ས་དོག་པོར་ཞུགས། མུན་པ་སྟུག་པོར་ཆུད་དེ་ངན་སོང་གི་སྡུག་བསྔལ་རང་ཐོག་ཏུ་བབ་ཙ་ན་བཟོད་བརླག་མེད་དེ། ད་ལྟ་ཅོ་སྐྲ་ཉག་མ་རེ་འཐེན་ནམ་འབུ་སྲིན་ཕྲ་མོ་ཙམ་ཞིག་གིས་ལུས་ལ་ཟོས་སམ་མེ་སྟག་ཆུང་ངུ་ཙམ་ཞིག་གིས་ལུས་ལ་འཚིག་ཀྱང་གདོང་ཤའི་ཚུགས་འཆོར་བའི་སྡུག་བསྔལ་ཞིག་འདུག་ན། ངན་སོང་གསུམ་གྱི་སྡུག་བསྔལ་ལྟ་ཡང་ཅི་སྨོས། གལ་ཏེ་ངན་སོང་དུ་རེ་ཞིག་མཆིས་ཀྱང་སླར་མི་ལུས་རྙེད་ནས་དམ་པའི་ཆོས་བསྒྲུབ་པའི་སྐལ་པ་ཅན་དུ་འགྱུར་རོ་ཞེས་མ་སེམས་ཤིག །དེ་ཅིའི་


TN00_Page_185B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན་མི་ལུས་རིན་པོ་ཆེ་ཐོབ་པ་ནི་ཕོ་གོ་ཆེ་བས་མ་ཡིན། སྟེས་དབང་ལེགས་པས་མ་ཡིན། རྒྱུ་མེད་རྐྱེན་མེད་དུ་མ་ཡིན་པར། རྒྱུ་ལེགས་པར་བྱེད་པའི་ཚུལ་ཁྲིམས་དང༌། རྐྱེན་སྨོན་ལམ་བཟང་པོ་ཟུང་དུ་འབྲེལ་བའི་མཐུ་ལས་ཡིན་ན། ད་ལྟ་རང་རེའི་རྣམ་ཐར་བཞིན་གང་བྱུང་བྱུང༌། ཅི་ཐོད་ཐོད་བྱས་པས་ག་ལ་འོང༌། ཚུལ་ངན་པ་དེ་ལྟ་བུས་ནི་བསྐལ་པ་བྱེ་བ་བརྒྱ་སྟོང་མང་པོར་བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་པའི་ངན་སོང་གི་གཏིང་རྡོ་ཆེན་པོར་འགྱུར་ཏ་རེ། དེ་ལྟ་བས་ན་མྱུར་དུ་ངེས་པར་འབྱུང་འདོད་ཀྱི་བློ་ཤུགས་དྲག་པོ་བསྐྱེད་དེ་ཐར་པའི་ལམ་རྣལ་མ་ལ་ལོང་བས་གླང་རྔ་དེ་ཟིན་ཞིག་དགོས། ཐོད་པ་བོར་ཆོག་མ་ཞིག་དགོས། ཤ་དང་རུས་པའི་རི་བོ་བསྙིལ་ཐུབ་པ་ཞིག་དགོས། ཁྲག་དང་མཆིལ་མའི་རྒྱ་མཚོ་སྐེམས་ནུས་པ་ཞིག་དགོས། མྱུར་དུ་བྱང་ཆུབ་སྙིང་པོའི་ས་མཐོར་འགྲོ་བ་ཞིག་དགོས། དེ་ལྟ་བུ་ཞིག་ཨེ་འོང་སྙམ་དུ་དགོངས་ན་འཇིག་རྟེན་གྱི་ཆོས་བརྒྱད་ལ་ཞེན་པ་གཏིང་ནས་ལོག་པ་སྐྱུགས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟ་བུ་ཞིག་དགོས། འདོད་ཡོན་གྱི་སྣང་བ་ལ་ལམ་ཁའི་རོ་བཞིན་དུ་ཅིས་ཀྱང་དགོས་མེད་དུ་ཤེས་པ་ཞིག་དགོས། རྙེད་བཀུར་དང་སྙན་གྲགས་ལ་སྙིང་པོ་མེད་པ་ཆུའི་ཆུ་བུར་བཞིན་དུ་ཤེས་པ་ཞིག་དགོས། སྡིག་གྲོགས་ཀྱི་སྐྱེས་བུ་ནི་དགའ་བ་འཕེལ་བའི་གནས་མ་ཡིན་པ་གཅན་ཟན་གདུག་པའི་ཁྲོད་བཞིན་དུ་ཤེས་པ་ཞིག་དགོས། གདམས་ངག་སྟོན་པའི་བླ་མ་མ་གཏོགས་གཞན་ཟེར་གྱི་ངག་ལ་མི་ཉན་པ་སྨྱོན་


TN00_Page_186A
[མ་དཔེ་གཟིགས་ན་འདིར་གནོན།]

པ་འུར་ལང་བ་ལྟ་བུ་ཞིག་དགོས། བློ་སྣ་དཀོན་མཆོག་ལ་གཏོད་ཅིང་བསམ་རྒྱུ་དཀོན་མཆོག་ལས་མེད་པ་རྟག་ཏུ་སྐྱབས་འགྲོ་ལ་འབད་པ་ཞིག་དགོས། ལྷ་ཆོས་ཀྱིས་སེམས་རྒྱུད་ཐུལ་བ་ཕྱེ་ཐུག་ལ་ཟོ་མར་བཏབ་པ་ལྟ་བུ་ཞིག་དགོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་གི་བསྐྱེད་མར་མ་གྱུར་པ་གཅིག་ཀྱང་མེད་པས་ད་ལྟའི་ཕ་མ་བཞིན་དུ་ཤེས་པ་ཞིག་དགོས། ཕ་མར་གྱུར་ནས་ཀྱང་ཕན་འདོགས་དང་གནོད་སྤོང་གི་བྱ་བ་གྲངས་མེད་པས་བདག་ངེས་པར་བསྐྱངས་པ་ཡིན་པས་འགྲོ་དྲུག་དྲིན་མོ་ཆེར་ཤེས་པ་ཞིག་དགོས། སེམས་ཅན་ལ་དྲིན་གཟོ་བའི་ཕྱིར་འགྲོ་དོན་དུ་སངས་རྒྱས་བསྒྲུབ་པ་ལ་བློ་གཅིག་ཏུ་འདུན་པ་བཀྲེས་པ་ཟས་ལ་གདུང་བ་ལྟ་བུ་ཞིག་དགོས། ད་ལྟ་བདག་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་གཞན་ཡང་ཕན་པ་འདོད་ལ་གནོད་པ་མི་འདོད་པར་མཚུངས་པ་ཤེས་ནས་རང་དང་གཞན་སྲུང་མཉམ་བྱེད་པ་ཞིག་དགོས། རང་དང་གཞན་གོ་བརྗེས་ནས་སེམས་ཅན་གཅེས་པར་འཛིན་པ་བྱང་ཆུབ་སེམས་དཔའ་སྤྲེའུའི་རྣམ་ཐར་ལྟ་བུ་ཞིག་དགོས། ཅི་བྱས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོ་ལང་ལས་མི་འདའ་བར་གཞན་དོན་མིག་འབྲས་ལྟར་སྲུང་བ་ཞིག་དགོས། གནད་ཆེན་པོ་བཅུ་གསུམ་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་བདེ་བར་མ་སོང་ན་ངས་ཁྱོད་བསླུས་པར་ཟད་དོ། །ཅི་སྟེ་ལུས་རྟེན་འདི་ལ་རྣམ་གྲོལ་མཆོག་གི་གོ་འཕང་མངོན་དུ་བགྱི་བར་འདོད་ཅིང་རང་


TN00_Page_186B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཐེག་མཆོག་རྒྱལ་པོའི་དོན་ལ་བཅོས་མིན་གྱི་མོས་གུས་དང་ལྡན་པས་ཤིན་ཏུ་རྣལ་འབྱོར་གྱི་ཚུལ་ལ་ཐུགས་དམ་མཛད་ན་འདི་བཞིན་འཚལ་ཏེ། མོས་གུས་སྲོག་ཏུ་བཟུང༌། སེམས་བསྐྱེད་ཀྱིས་གཞི་བཏིངས། ཕྱི་སྣང་བ་དང་ནང་ཤེས་པས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་མེད་འགག་མེད་གནས་མེད་ཆེན་པོར་གཏན་ལ་ཕབ་ནས། དངོས་གཞི་ད་ལྟའི་ཐ་མལ་གྱི་ཤེས་པ་རྟོག་པའི་བསྒྱུར་བཀོད་དང་བྲལ་ཞིང་འདི་ཡིན་གྱི་ངོས་བཟུང་མེད་པ་རང་སྟོང་བློ་བྲལ་ཆེན་པོ་རང་གསལ་མཁའ་མཉམ་ཡངས་པ། བདེ་བའི་ཉམས་ལ་མ་ཞེན། གསལ་བའི་ཉམས་ལ་མ་ཆགས་མི་རྟོག་པའི་རོ་ལ་མ་བརྐམས་པའི་ཅོག་བཞག་རང་ཡན་ཆེན་པོར་གློད་ཙ་ན་རྣམ་རྟོག་གི་འགྱུ་བ་ཅི་ལྟར་ཤར་ཡང་དེ་ལ་བདག་རྐྱེན་མི་སྤྲད། རྦད་ཆོད་མི་བྱ། རྗེས་སུ་མི་འབྲང་བར་ལྷོད་དེ་འཇོག །དེའི་ཚེ་ཚོགས་དྲུག་གི་ཡུལ་སྣང་གང་སྣང་ཡང་དེར་འཛིན་གྱི་ལྷད་མ་ཞུགས་པ་གལ་ཆེ། དེའང་ལས་དང་པོའི་སྐབས་སྐད་ཅིག་དང་པོར་འདི་གཟུགས་སོ། །འདི་སྒྲའོ་ཞེས་འཛིན་ཤེས་འཇུག་མོད་ཀྱི་འོན་ཀྱང་སྐད་ཅིག་གཉིས་པ་ལ་འཛིན་པ་དེ་ཉིད་ཆུའི་རི་མོ་རང་ཞིག་པ་བཞིན་དུ་ཤར་གྲོལ་ཟུང་འཇུག་ཆེན་པོར་དེངས་འགྲོ་བ་ཞིག་ཡིན། ད་དུང་དེ་ལྟ་བུ་རེ་ལ་དགོངས་པ་གཏད་ན་འོད་གསལ་སྣང་བཞིའི་ལམ་ཟབ་ལས་ཡང་ཟབ་རྣམས་ཕྱི་ནས་བརྒྱུད་ལྡན་བླ་མའི་མན་ངག་ལས་རྟོགས་པར་འགྱུར་རོ། །གཏམ་འདི་ཡལ་བར་མ་དོར་ཉམས་སུ་


TN00_Page_187A
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས། ཚིག་འདི་ཡན་པར་མ་སྐྱུར་སྙིང་ལ་འཆོངས། །དོན་འདི་ཡི་གེར་མ་བཞག་སེམས་ལ་ཟུངས། །སྙིང་གཏམ་དེ་ལས་མེད་དོ་ཨ་མོ་གྷ། །ཞེས་པའང་གཞོན་ནུ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་བྲིས་པའོ།། ༈ །།རྩིས་མདའི་གར་དབང་གི་མགོ་ལ་གནམ་ཡིག་བབས་པ། །ཀྭ་ཡེ་ཁྱོད་ཀྱིས་མངོན་མཐོའི་རྟེན་བཟང་ནི་རྙེད་ནས་གདའ་ཡི། །དུད་འགྲོ་དང་ཤན་ཐང་འབྱེད་པའི་ལས་ཤིག་མི་བྱེད་དམ། །ཚེ་འདིའི་བཟང་ཤོས་ཕལ་ཆེར་ནི་འདས་ནས་གདའ་ཡིས། འདུག་ཆས་ལས་ཀྱང་འགྲོ་ཆས་འདམ་པའི་དུས་སུ་མ་སླེབ་བམ། །ཕན་པའི་གདམས་ངག་མང་པོ་ནི་ཐོས་ནས་གདའ་ཡི། །ད་ཅི་ཞིག་བསམ་ནས་མཛུབ་མོ་ཁ་ལ་བཅུག་སྟེ་འདུག །རྟེན་འབྲེལ་ད་རེས་ལས་ལྷག་པ་འགྲིགས་ཐབས་མེད་ཀྱིས། །མཚམས་འདི་ལས་ཐལ་ན་ནི་འགྱོད་ཀྱང་འཕྱིས་སོ། །དམ་ཆོས་རང་གིས་བོར་ནས་མ་བྱུང་བ་ཡིན་གྱི། །བསྒྲུབ་ནས་མ་གྲུབ་པ་ནི་ཤེས་བྱའི་ལུགས་ན་མེད་དོ། །བྱས་ན་ཉི་མ་རེར་ཡང་དམ་ཆོས་མང་དུ་འགྲུབ་སྟེ། །རང་གིས་མ་བྱས་ན་ནི་ཚེ་གཅིག་ལ་ཡང་ཆོས་སྤྱོད་སྣ་གཅིག་ཇི་ལྟར་འགྲུབ། །བག་ཆགས་འཇིག་རྟེན་གྱི་འཁྲུལ་པ་ལ་བསགས་ནས། །ཡར་འདྲེན་ཆོས་ཀྱིས་བྱེད་ལུགས་ཅང་ཡོད་དམ། །སྐྱིད་སྡུག་གང་བྱུང་གི་རེ་ལྟོས་འཇིག་རྟེན་ལ་བཅོལ་ནས། །འཆི་དུས་དཀོན་མཆོག་གསུམ་ལ་རང་འབྱར་དུ་འགྲོ་བ་ནི་སྲིད་དམ། །ཤེས་རྒྱུད་ཁྱིམ་ནས་མ་བྱུང་ན།


TN00_Page_187B
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རབ་ཏུ་འབྱུང་ལོ་བྱས་ཀྱང་རྒྱལ་པོ་ཀྲི་ཀྲིའི་གླང་མཇུག་སྐར་ཁུང་ལ་ཐོགས་པའི་རྨི་ལམ་ལྟར་མི་འགྲོའམ། ལར་ཅི་ལྟར་བྱས་ཀྱང་ཡར་ལ་མི་འདྲོངས་བ་ཟངས་རྦབ་རི་སྐེད་ནས་ཤོར་བ་བཞིན་དུ་སོང་ན། ཉིན་མཚན་གཡེལ་བ་མེད་པར་དཀོན་མཆོག་ལ་ཤི་སྤར་འཐོམ་དང༌། ཁོང་གིས་ཅིས་ཀྱང་མི་བསླུ་ཡིས། དཀོན་མཆོག་ལ་ཤི་སྤར་འཐམ་པ་བྱ་བ་ཁའི་འདོན་འདོན་མང་པོ་ལ་མི་ཟེར། སེམས་དཀོན་མཆོག་གི་ཕྱོགས་སུ་བར་མཚམས་མེད་པར་དྲངས་པ་ལ་བྱེད། རང་གི་འཁྲུལ་བ་རང་གིས་མ་བརྟགས་ཤིང༌། །རང་གི་མགོ་འདོན་རང་གིས་མ་བྱས་ན། །རྟ་ན་སོ་བརྒྱད་པའི་ཁ་ལོ་གཞན་སུས་འདུལ། །ཞལ་གདམས་དགོས་ན། མི་ཡི་གྲུ་ལ་བརྟེན་ནས་ནི་སོགས། རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་པ་དེ་ལས་བཟང་བ་སུས་ཐོན། དེའི་གླེགས་བམ་སྣོད་རྐུབ་ཏུ་བཅུག་ནས་གཞན་ལ་ཞལ་གདམས་རེ་བ་ཅི་ཡིན། ཞེས་པའི་གནམ་ཡིག་འདི་རག་བཀྲམ་བྱམས་པ་གླིང་ན་ལྷུང་འདུག་ཟེར་ལོ།། ༈ །།བླ་མ་ཀུན་དགའ་ལ་གཏམ་བྱ་བ། སྙིང་ནས་འཆི་ཆོས་ཤིག་འདོད་ན་འཇིག་རྟེན་ཚེ་འདིའི་སྣང་ཤེས་ཐམས་ཅད་རྟག་པ་དང་བརྟན་པ་ཏིལ་འབྲུ་ཙམ་ཡང་མེད་པར་ཤེས་ནས། ཚེ་ཕྱི་མའི་འདུག་ཆུས་ཁོ་ན་ལ་རྡོག་པ་གཏད་དེ། གོང་གི་དཔོན། ཐད་ཀྱི་གྲོགས། འགབ་ཀྱི་གཡོག་ཐམས་ཅད་ལ་ངོ་བསྲུང་དང་སྐྱོང་ཞེན་གྱི་བློ་སྣ་མཐའ་དག་བསྟུང་ལ། ཚེ་རབས་གཏན་གྱི་སྐྱབས་གནས་


TN00_Page_188A
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང༌། དཀོན་མཆོག་རིན་པོ་ཆེ་གསུམ་ལ་སྐྱབས་བཅོལ་ཏེ། སྟོན་པ་ཐམས་ཅད་མཁྱེན་པ་ལ་མི་ཕྱེད་པའི་མོས་གུས་ཀྱི་སྲོག་མཁར་ཚུགས་པ་ཞིག་དང༌། དུས་དང་གནས་སྐབས་ཐམས་ཅད་དུ་ལྷ་ཆོས་ཡིད་བཞིན་གྱི་ནོར་བུ་གཞན་དོན་དུ་བྱང་ཆུབ་ཀྱི་སེམས་ལ་མོས་པ་མི་གཏོང་བ་ཞིག་དང༌། སྐྱེས་བུ་དམ་པའི་རྣམ་ཐར་ལ་ལྟ་བ་མ་གཏོགས་དམ་པ་མིན་པའི་ལད་མོ་ལ་སྐད་ཅིག་ཙམ་ཡང་མི་རྒྱུག་པ་ཞིག་མཛད་ན་མི་བསླུ་བའི་བརྟུལ་ཞུགས་གྲུབ་པ་ལགས། འཇིགས་མེད་པས་སོ།། ༈ །།མེ་ཏོག་འཛུམ་པའི་ལང་ཚོར་ཅོ་འདྲིའི་དབུ་དང་ཕྱག་གི་ཁོར་ཡུག་ལ། །ས་སྲུང་གླང་པོའི་སྟོབས་ཀྱིས་མི་མཚོན་སྒྱུ་རྩལ་སྟོང་གིས་ཉེར་བསྲུངས་བ། །དེ་ལ་མཐུ་སྟོབས་དཔུང་བས་བརྫི་བའི་གོ་སྐབས་སུས་ཀྱང་མི་འབྱེད་མོད། །སློང་མོའི་དོན་སླད་ཨུད་པལ་འདབ་འདྲའི་རལ་གྲིས་ཉིད་ལ་ཉིད་གཅོད་མཛད། །གཡུལ་ངོའི་འཇིགས་པས་བསྡིགས་པ་མེད་ཀྱང་བདག་ཉིད་ཆེན་པོའི་ཡན་ལག་ཐོབ། །གཡོ་སྒྱུའི་ཞགས་པས་བཏབ་པ་མེད་ཀྱང་སྙིང་རྗེའི་བདག་ཉིད་བྲན་ལྟར་བྱས། །འབྲུ་དང་ནོར་གྱིས་ཉོས་པ་མིན་ཡང་བྱང་ཆུབ་སེམས་དཔའི་བདོག་པ་རྙེད། །སེམས་ཅན་ཆེན་པོའི་གནས་ཀྱི་སྒོ་གཏན་སྐལ་ཆེན་སློང་མོ་དེ་འདྲས་ཁེབས། །ས་ཕྱོགས་གང་ན་འཁར་བའི་འཁྲི་ཤིང་སོར་མོས་བསྟེན་པའི་མི་མཐོང་བ། །དེ་ཡི་མོད་ལ་སྦྱིན་པའི་ཕར་ཕྱིན་གཡབ་མོས་འབོད་པ་འདི་བྱུང་ཞེས། །


TN00_Page_188B
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མས་དགོད་པའི་ཆུ་སྐྱེས་ཇི་བཞིན་མཆུ་ཡི་མཛུམ་མདངས་སྟོང་ངོམ་ཞིང༌། །ལུས་དང་ལོངས་སྤྱོད་སྲིད་སྡེར་བཅས་ལ་གཏོང་བའི་ལག་པ་སྐྱོང་དུ་རིངས། །སློང་བ་བཟློག་པའི་ཆོ་ག་བགྱིད་ལ་རིང་མོའི་དུས་ནས་མི་བཤེས་ཤིང༌། །སེམས་ཅན་སེམས་ལ་རབ་དགའི་དུས་སྟོན་སྟེར་བའི་དམ་བཅའི་ཁུར་ལྕི་བས། །ཡིད་འོང་མཁོ་དགུའི་བདོག་པ་འབུམ་ཕྲག་ཆར་དུ་སྙིལ་བའི་ལེགས་བྱས་ཀྱིས། །གཏོང་བ་དོན་གཉེར་ད་རི་དྲྭ་བའི་རེ་བའི་ཤིང་རྟ་ཕྱུར་བུར་འགེངས། །གང་ཚེ་འབྱོར་པའི་སྤྲིན་ཕུང་ཆེན་པོས་བཀྲེན་ལྡན་ཀུན་ཏུ་ཚིམ་བྱས་ཚེ། །རྙེད་དཀའི་བྱང་ཆུབ་མགྲོན་དུ་འགུགས་པའི་ཐབས་འདི་བདག་གིས་གྲུབ་བོ་ཞེས། །དེ་བློ་རབ་དགའི་ངོ་མཚར་དེ་འདྲ་སྦྱིན་གནས་དེས་ཀྱང་མ་ཐོབ་སྟེ། །དེ་ནི་དེ་ལྟར་འཇིག་རྟེན་གསུམ་དུ་ཕན་པ་རླབས་ཆེན་བསྒྲུབ་ཕྱིར་གནས། །དབང་ཕྱུག་བརྙེས་པའི་ཆེན་པོ་རྣམས་ཀྱིས་ཡང་དང་ཡང་དུ་སྨད་བྱས་ཤིང༌། །གོས་ཀྱི་ཐ་གྲུ་རོ་རས་དུམ་བུས་བརྩེགས་ཤིང་བརྩེགས་མར་གཡོགས་གྱུར་ཏེ། །ལུས་ལ་གཤིན་དྲི་ཀུན་ཏུ་མནམ་པའི་དབུལ་ཕོངས་སྐྱེ་བོ་ཉམ་ཐག་བརྒྱ། །སྦྱིན་པ་ཆེན་པོའི་བསོད་ནམས་ཞིང་དུ་སྙིང་རྗེའི་བདག་ཉིད་མཆོག་གིས་བཀུར། །ཡོ་བྱད་གཏོང་བ་ཁོ་ནར་མ་ཟད་ལུས་དང་སྲོག་གིས་སློང་མོ་མཆོད། །སློང་མོར་ཕན་པ་ཁོ་ནར་མ་བས་མཐའ་ཀླས་ཡིད་ཅན་དོན་དུ་ཆེ། །གཞན་ཕན་འབྲས་བུ་ཉི་ཚེ་མ་ཡིན་སྟོབས་བཅུའི་ཁྲི་འཕང་མཐོ་ལ་འཛེགས། །སྦྱིན་པའི་ཆེ་


TN00_Page_189A
[མ་དཔེ་གཟིགས་ན་འདིར་གནོན།]

བ་བློ་ཡིས་མི་ཐུག་བདག་ཉིད་ཆེན་པོའི་སྤྱོད་པ་མངའ། །ཤ་དང་ཁྲག་ལ་གཅིག་ཏུ་རྔམ་པའི་བདུད་དང་སྲིན་པོའི་དམག་དཔུང་ཡང༌། །འཇིགས་བྱེད་གཤེད་ཀྱི་ཕྱོགས་སུ་མི་བཞེད་དེ་ལ་བསྔགས་པས་མདུན་བསུས་ཏེ། །མ་མས་བུ་སྡུག་ནུ་ཞོས་གསོ་ལྟར་རང་གི་ལུས་ཀྱིས་ཚིམ་མཛད་ཕྱིར། །བྱམས་ཆེན་མངའ་བའི་གྲགས་པ་དེ་ཀོ་དེ་ལ་ཆུས་ཟོས་ཡོང་མ་གྱུར། །བསོད་ནམས་མཆོག་གི་མཆོད་སྡོང་ཉིད་གྱུར་ཡན་ལག་ཕུལ་བྱུང་འཆང་བཞིན་དུ། །དམན་པའི་ཤ་ཁྲག་བསླངས་ནས་སྟེར་བ་ཚུལ་དུ་ཤེས་པ་མ་ཡིན་ཞེས། །སེམས་དཔའ་མཆོག་ནི་རང་གི་ལུས་ལས་གནོད་སྦྱིན་དགའ་བའི་མགྲོན་འགྱེད་ཀྱི། །རིག་བྱེད་སྨྲ་བའི་མཆོད་སྦྱིན་གཏམ་ལ་ཕུ་དུད་མཛད་པ་མ་ཡིན་ནོ། །བྱེ་བ་ཁྲག་ཁྲིག་བསྐལ་བའི་ཡུན་ལ་མནར་མེད་ཞུགས་ཀྱིས་རབ་སྦྱང་ཡང༌། །དེ་ཡི་ལུས་ཀྱིས་བཙས་མཆོག་བཞག་པ་འགའ་ཡང་ཡོད་པ་མ་ཡིན་གྱི། །ལྷག་པའི་སེམས་ཀྱིས་ཁྲག་གི་ཆུ་རྒྱུན་ཕྲ་མོ་ཙམ་ཞིག་སྦྱིན་བྱས་པའང༌། །བླ་མེད་བྱང་ཆུབ་ལག་རྩེར་སྦྱིན་པའི་ཕོ་ཉ་ཡིན་ཞེས་དགའ་བ་འཕེལ། །རྐང་གི་དུམ་བུ་ཉུང་ཤས་སྟེར་བས་གདུང་བ་རྣམ་མང་འཕེལ་གྱུར་ཀྱང༌། །དེ་ལ་ཁོ་བོ་གདུངས་བའི་གདུངས་ཞེས་ཞུམ་པས་གཤུང་བར་མི་འགྱུར་གྱི། །དེ་ལས་ཆེས་ལྷག་སེམས་ཅན་དམྱལ་སོགས་སྡུག་བསྔལ་མང་ལྡན་འཁོར་བ་པར། །ལྷག་པའི་སྙིང་རྗེ་ལྷག་པར་རྒྱས་ཏེ་བྱང་ཆུབ་སྤྱོད་ལ་ལྷག་པར་དགའ། །སྲིད་


TN00_Page_189B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐོག་མ་གཞལ་དུ་མི་སྤྱོད་ཡུན་ནི་ཤིན་ཏུ་རིང་པོ་ནས། བདག་གི་དོན་ལ་རྗེས་སུ་ཆགས་པའི་ངང་ཚུལ་ཡིད་ལ་བརྟན་བྱས་པའང༌། །སྙིང་རྗེ་ཆེན་པོའི་མཐུ་དཔུང་གཅིག་གིས་མིང་ཙམ་ལྷག་མར་ལུས་གྱུར་ཏེ། །ཀྱེ་མའོ་སེམས་ཀྱི་རྒྱུད་ནི་གོམས་པའི་ཤུགས་ལས་བསྐྱེད་པ་ཡིན་ཞེས་ངེས་པ་རྙེད། །བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་བསྔགས་པའི་གཏམ་ཐུང་ངུ་མིའམ་ཅིའི་དབྱངས་སྙན་ཞེས་བྱ་བ། གཞོན་ནུ་འཇིགས་མེད་པས་གང་དྲན་བྲིས་པ་དགེ། ༈ །།ལྷག་བསམ་ཆུ་གཏེར་སྦུབས་ནས། །མཛད་བཟང་པདྨོའི་ལང་ཚོ། །འགོག་མེད་ཅིར་ཡང་སྣང་བའི། །འཕགས་མཆོག་དེ་ལ་འདུད་དོ། །ལྷག་བསམ་མཆོག་གིས་བསྐྲུན་པའི། །རྣམ་དཀར་ལེགས་བྱས་མེད་ན། །ལྷ་བས་ལྷག་པའི་ལུས་རྟེན། །འདི་འདྲ་རྙེད་པ་སྲིད་དམ། །ལུས་རྟེན་མཆོག་ཅིག་ཐོབ་ཀྱང༌། །ལྷག་བསམ་དགེ་བ་དཀོན་པས། །ལྷག་བསམ་ལན་རེ་སྐྱེས་ཀྱང༌། །གོང་འཕེལ་ཐབས་མཁས་བརྟེན་མཛོད། །ལྷག་བསམ་རྣམ་དག་མེད་ན། །སྤྱོད་པ་རྣམ་དག་མི་འབྱུང༌། །སྤྱོད་པ་རྣམ་དག་མེད་ན། །གཞན་ཕན་རྣམ་དག་འབྱུང་ངམ། །ལྷག་བསམ་རྣམ་དག་མེད་ན། །བྱང་ཆུབ་སེམས་མཆོག་འབྱུང་ངམ། །བྱང་ཆུབ་སེམས་མཆོག་མེད་ན། །བྱང་ཆུབ་བླ་མེད་འཐོབ་བམ། །ལྷག་བསམ་རྒྱལ་སྲས་སྤྱི་ནོར། །རྒྱལ་སྲས་ལྷག་བསམ་ལས་སྐྱེས། །ལྷག་པའི་བསམ་པ་མེད་ན། །རྒྱལ་དང་རྒྱལ་སྲས་མི་འབྱུང༌། ཁམས་གསུམ་


TN00_Page_190A
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་གྲོང་ན། །འགྲོ་དྲུག་སེམས་ཅན་དཔག་མེད། །འདི་ལྟར་ལྷག་བསམ་སྐྱེ་ཡུལ། འདི་ལ་ལྷག་བསམ་བསྐྱེད་མཛོད། །ལྷག་བསམ་མཆོག་དང་བྲལ་བའི། །རང་དོན་དོན་གཉེར་བྱིས་པ། །དེ་དག་བློ་གྲོས་ཉམས་རྩལ། །བྱ་ནག་གཤོག་རྩལ་འདྲའོ། །འགྲོ་ཀུན་དྲིན་ཆེན་ཕ་མ། །འདི་ལ་སྙིང་རྗེས་དྲངས་པའི། །གཞན་ཕན་དོན་གཉེར་ཆེན་པོ། །དེ་ཀ་ལྷག་བསམ་ལགས་སོ། །རྣམ་དཀར་བག་ཙམ་བསྒྲུབ་ཀྱང༌། །བློ་གྲོས་ཕུར་ཁུང་མ་ཐུག །ལྷག་བསམ་ཆེ་ཆེ་མཛོད་དང༌། །ཆུང་ངུ་ཆེན་པོར་འགྱུར་རོ། །དགེ་སློང་ལྷག་བསམ་རབ་དཀར། །བཏགས་མིང་དོན་ལྡན་བཞེད་ན། །དྲི་མེད་ལྷག་པའི་བསམ་བཟང༌། །ཡར་ཟླ་བཞིན་དུ་སྤེལ་ཅིག་ཁ་ཅིག་ན་རེ་དལ་འབྱོར་ཐོབ་པ་ལ་ལྷག་བསམ་དགོས་ན་མིར་གྱུར་པ་ལ་གཞན་ཕན་དོན་གཉེར་དགོས་པ་ཧ་ཅང་ཐལ་ལོ་ཞེ་ན། དེ་ནི་སྐབས་ཐོབ་ཀྱི་དབང་ལས་གོ་དགོས་ཏེ་དཔེར་ན་རྟོགས་པ་ཞེས་པ་སྤང་བྱའི་རྣམ་རྟོག་དང་ཟབ་མོའི་ཉམས་རྟོགས་གཉིས་ལ་འཇུག་ཀྱང་སྐབས་སོ་སོར་གོ་བ་ལེན་དགོས་པ་བཞིན་ནོ། །དགེའོ།། ༈ །།དུས་གསུམ་རྒྱལ་བའི་རྣམ་འཕྲུལ། །ཐར་འདོད་འགྲོ་བའི་མིག་གཅིག །དོན་གཉིས་འདོད་དགུ་སྦྱིན་པའི། །བླ་མ་སངས་རྒྱས་མཁྱེན་ནོ། །གྲངས་མེད་བསྐལ་པར་བཙལ་ཀྱང༌། །རྙེད་དཀའ་དམ་ཆོས་རིན་ཆེན། །བརྒྱུད་ལྡན་བླ་མའི་དགོངས་བཅུད། །ཐུགས་ཀྱི་བུམ་པར་བསྐྱིལ་ནས། །


TN00_Page_190B
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དང་སྐལ་བ་ཇི་བཞིན། །དོན་གཉེར་བུ་ལ་སྩོལ་བའི། །དྲིན་ཆེན་བླ་མ་རྗེ་བཙུན། །མཁྱེན་ནོ་ཐུགས་རྗེས་བཟུང་མཛོད། །དུས་བརྒྱ་ཟ་མ་གཅིག་བཞིན། །རྒྱལ་བསྟན་ལན་གཅིག་མཇལ་ཚེ། །རྙེད་དཀའ་དོན་ཆེར་ཤེས་ནས། །སྒྲུབ་ལ་གཅེས་སྤྲས་བྱེད་ཅིང༌། །ས་རྙིང་བཀའ་བརྒྱུད་ལ་སོགས། །རིས་མེད་ཆོས་བརྒྱུད་མཐའ་དག །སངས་རྒྱས་གཅིག་གི་བསྟན་འཛིན། །བསྟན་པ་གཅིག་ལ་ཞུགས་པ། །གུས་པའི་ཞིང་མཆོག་ཁོ་ནར། །ཡིད་ཆེས་ཁོང་ནས་རྙེད་དེ། །དག་སྣང་པདྨོ་རྒྱས་པར། །རྗེ་ཡིས་བྱིན་གྱིས་རློབས་དང༌། །ཐོག་མེད་འཁོར་བའི་འབྲོག་ཏུ། །རང་སེམས་འཁྲུལ་པས་དུབ་པ། །འོད་གསལ་གཉུག་མའི་དབྱིངས་སུ། །ངལ་བསོའི་བདུད་རྩི་སྩོལ་དང༌། །ཟབ་རྒྱས་ལམ་བཟང་མཐའ་དག །འོད་གསལ་སྙིང་པོའི་ལམ་སྟེགས། །ཀུན་གྱི་རྩེ་མོར་སོན་པའི། །ངེས་དོན་མཆོག་གི་ཟབ་ལམ། །སྣང་སྟོང་ཕྱོགས་རེ་མིན་པར། །ཟུང་འཇུག་བརྗོད་བྲལ་ཆེན་པོར། །གདོད་ནས་འདུ་འབྲལ་མེད་པའི། །རང་སེམས་གཉུག་མའི་དེ་ཉིད། །བཅོས་བསླད་བྲལ་བའི་ངང་དུ། །སྣང་སེམས་སྤྲོས་པའི་རྫུན་རིས། །ཆུ་རླབས་མཚོ་ལ་ཐིམ་བཞིན། །རང་གྲོལ་ཕྱག་རྒྱ་ཆེན་པོ། །འགྱུར་མེད་མཆོག་བདེའི་གོ་འཕང༌། །ད་ལྟ་ཉིད་དུ་མཐོང་བར། །མཉམ་མེད་རྗེ་བཙུན་བླ་མས། །བདག་རྒྱུད་བྱིན་གྱིས་རློབས་མཛོད། །མ་འོངས་སྐྱེ་བའི་ཕྲེང་བར། །བླ་མ་སངས་རྒྱས་


TN00_Page_191A
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་ཞིང༌། །གདམས་ངག་བདུད་རྩིའི་བཏུང་བས། །བློ་སྟོབས་རྒྱས་པར་ཤོག་ཅིག །ཕྱག་རྫོགས་སྒོམ་ལུགས། དག་སྣང་སྦྱང་ལུགས། །བླ་མའི་གསོལ་འདེབས་ཁ་ཁ་སོ་སོར་ང་རང་ནད་པ་ཐབས་རྡུགས་ཡིན་ཕྱིར་འབྲི་མི་ཐུབ་པས། གསུང་མི་གཅོག་ཙམ་དུ་དེ་ལྟར་བྲིས་སོ།། ༈ །།ཉོན་དང་མཐའ་གྲོལ་ཞལ་གདམས་སློང་མི། །ཞལ་གདམས་ཉམས་ལེན་འདོད་མཁན་ཡིན་ན། །ཤོག་ཤར་གཅིག་ལ་བྲིས་པས་མི་ཕན། །ཀུན་མཁྱེན་བླ་མའི་གསུང་རབ་བལྟ་དགོས། །གསུང་དེ་བལྟ་བའི་ནུས་པ་ཆུང་རུང༌། །བསྟན་པ་ཡོངས་རྫོགས་སྐྱེས་བུ་གསུམ་གྱི། །ལམ་དུ་དྲིལ་བ་སྔོན་འགྲོའི་ཁྲིད་ཡིག །དྲན་པ་ཉེར་བཞག་ཡིན་པས་དེར་ལྟོས། །བློ་ལྡོག་བཞི་ནས་བྱང་ཆུབ་སེམས་གཉིས། །སྒོམ་པའི་བར་ཀུན་ཐེག་མཆོག་རྒྱལ་པོའི། །རྟེན་གཞིར་བཟུང་ནས་ཉམས་སུ་ལེན་པ། །ཕ་གཅིག་ཀུན་མཁྱེན་བརྒྱུད་པའི་རིང་ལུགས། །སོར་རྩེ་ཙམ་གྱི་གདམས་ངག་ཁོ་ནས། །དམ་པའི་ལམ་སྲོལ་ཟླ་བ་སྟོན་པའི། །འཕྲུལ་ཐབས་འདི་ཉིད་བསྟན་པའི་ཉི་མས། །གང་ཤར་བཟོ་མེད་ལྷུག་པར་བྲིས་སོ།། ༈ །།བསོད་རྒྱམ་ན་རེ་ཞལ་གདམས་དགོས་ཟེར། །ང་ཡི་ཁ་སྒོ་གདམས་པས་བརྒྱན་འདི། །ཤེས་རྒྱུད་དུལ་བའི་ཉམས་མྱོང་མཐུས་མིན། །དམ་ཆོས་ཉུང་ཟད་ཐོས་པའི་མེ་ཏོག །ང་ཡི་སྒོ་གསུམ་སྡིག་དང་ལྟུང་བ། །འདི་གཉིས་ཁོ་ནར་ཕྱག་ལེན་བྱེད་


TN00_Page_191B
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ཆོས་ནས་དེ་ལྟར་བཤད་པས་མ་ཡིན། །ལས་ཀྱིས་ནོངས་པའི་རང་བློ་འདིས་ལན། །དེ་ཕྱིར་རང་གི་རྒྱུད་ལ་བརྟགས་ཚེ། །གསུང་རབ་རིན་ཆེན་གླིང་དུ་སླེབས་ནས། །ལག་པ་སྟོང་པར་རྒ་ཤིའི་གྲོང་སྒོར། །ཕྱིན་པའི་ངང་ཚུལ་བསམ་ནས་འགྱོད་དོ། །རེས་འགའ་བསྐལ་མང་སྒྲ་ཙམ་ཐོས་དཀའི། །དྲང་སྲོང་གསུང་རབ་བདུད་རྩིའི་ཟིལ་ཐིགས། །ཅུང་ཟད་རྣ་བའི་སྙིམ་པས་ཐོབ་འདི། །འབྲས་མེད་མིན་སྙམ་གློ་བ་དགའ་འོ། །གང་ཕྱིར་རྒྱལ་བའི་རྟོགས་པའི་བསྟན་པ། །ཇི་བཞིན་རང་གི་རྒྱུད་ལ་མེད་ཀྱང༌། །ལུང་གི་ཆོས་མཛོད་ཕྱོགས་ཙམ་རིག་པས། །ནམ་ཞིག་བག་ཆགས་དཀར་པོར་སད་སྙམ། །འོན་ཀྱང་དད་བརྩེ་འཚོ་བ་དག་ཅིང༌། །ཐོས་པས་ཕོངས་ཡང་མ་ཎི་བཟླས་པས། །འཆི་བ་དགའ་ཚལ་འགྲོ་ལྟར་མཐོང་བའི། །སྐྱེ་བོའི་མདུན་སར་ངོ་ཡང་ཚའོ། །ཚུལ་འདིས་བདག་དང་བདག་འདྲའི་སྤྱོད་ཚུལ། །དམ་པའི་མདུན་སར་སྣ་བཅད་བཞིན་དུ། །དམན་འདི་བློ་ངན་ལངས་ལ་ཤོར་བའི། །ཉེས་དམིགས་ཡིན་པས་གནས་འདིར་གཟོབ་མཛོད། །དེ་ཕྱིར་ཁྱོད་ཀྱིས་ཡིད་ཀྱི་གླང་པོ། །ཤུགས་དྲགས་ཉེས་སྤྱོད་གཡང་ལ་འཇུག་འདི། །སྐྱོ་ཤས་ངེས་འབྱུང་ལྕགས་ཀྱུས་གཙགས་ནས། །གཏན་བདེའི་ཕྱོགས་སུ་ཁ་ལོ་སྒྱུར་ཅིག །དེ་ལྟ་ན་ཡང་གཏན་བདེ་ཐབས་བཅས། །ཅི་ཡང་མི་ཤེས་དེ་སྒྲུབ་རློམ་པ། །ལོང་བ་སྨྱོ་འགྲོས་བྱེད་དང་མཚུངས་པས། །དམ་ཆོས་མཉན་སླད་བརྩོན་པ་


TN00_Page_192A
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབོར། །ཆོས་དེ་ལོགས་ནས་འཚོལ་དགོས་མིན་གྱི། །རྒྱལ་བསྟན་སྤྱི་དང་ཁྱད་པར་ཐེག་ཆེན། །མདོ་སྔགས་ཀུན་དང་ལྷག་པར་གསང་སྔགས། །རྒྱུད་སྡེ་མཐའ་དག་དགོས་སུ་བླ་མེད། །རྡོ་རྗེ་རྩེ་མོའི་ལམ་གནད་མ་ལུས། །གྲུ་བཞི་ལམ་ཁྱེར་ཀུན་མཁྱེན་བརྒྱུད་པའི། །གསུང་རབ་ཡིད་བཞིན་ནོར་བུའི་གཏེར་ཁ། །འདི་འདྲར་མཇལ་ཚེ་སྙིང་པོ་ལེན་དགོས། ཁ་ནས་ཞལ་གདམས་སྐུལ་མཁན་མང་སྟེ། །བསྒོ་བའི་ངག་བཞིན་བྱེད་མཁན་མི་འདུག །མང་པོའི་ཆོས་མཐའ་ཚོང་དང་ནག་ཆང༌། །གྱོད་ཀྱི་ཕྱག་ལེན་ཁོ་ནས་ཆོད་སོང༌། །ད་ནི་འོ་མས་ཁ་ཚིག་བྱིས་པ། །ཞོ་འཁྱགས་འཐུང་ལའང་སུན་པ་སྐྱེས་ནས། །བཏང་སྙོམས་ངང་ལ་སྡོད་པར་སྤྲོ་ཡང༌། །རྔ་ལས་སྒྲ་འབྱུང་དབྱུག་པའི་གཞན་དབང༌། །འཛིར་ཀའི་བནྡྷེ་པུཎྱེ་དྷཱ་ཛའི་ངོར། ཁ་མང་ཁྭ་ཏ་གཉིས་པ་བསྟན་ཉིས་བྲིས། །དགེའོ།། ༈ །།ལར་དངོས་གཞིའི་ལམ་གྱི་གཞི་རྟེན་དང༌། །གེགས་སེལ་དུ་སྔོན་འགྲོའི་ཆོས་ཁྲིད་ཀྱི། །ཉམས་ལེན་ལ་སྦྱོང་བ་གནད་དུ་ཆེ། །དེར་སྦྱང་གོམས་ཅུང་ཟད་སོང་བ་ན། །ལམ་ཟབ་མོའི་མཐར་ཐུག་རྫོགས་པ་ཆེ། །བློ་ཡིད་བྱེད་བཅོས་མའི་གཟེབ་སྤངས་པའི། །གཤིས་ཀ་དག་ཕྱོགས་ཡན་ཆེན་པོའི་ངང༌། །ཅོག་བཞག་གི་ཉམས་ལེན་སྐྱོང་བ་གཅེས། །དུས་དེ་ཚེ་དགྲ་འདྲེའི་འཚུབ་ལྷོང་དང༌། །འཁོར་འཕེལ་འགྲིབ་ལོངས་སྤྱོད་དར་རྒུད་སོགས། །རྐྱེན་


TN00_Page_192B
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་ཇི་ལྟར་སྣང་བ་ཀུན། །དོན་ཟང་ཐལ་རིག་པའི་རྩལ་སྦྱོང་དུ། །འཁྱེར་ཤེས་ན་གེགས་སེལ་གཞན་མི་དགོས། །གནད་དེ་ཤེས་བྱ་བ་ལེགས་ཉེས་དང༌། །རང་སྐྱིད་སྡུག་གནས་སྐབས་ཅི་བྱུང་ཡང༌། །ཡིད་རེ་མེད་དོགས་མེད་གུ་ཡངས་ངང༌། །ངལ་བསོས་ནས་སྐྱིད་ཉལ་བརྒྱབ་པས་ཆོག །དེ་ཚེ་ཕོག་ཐུག་བཟེ་རེ་མེད། །དེ་ཚེ་ཆགས་སྡང་གླེང་བརྗོད་བྲལ། །དེ་ཚེ་སྣང་བ་བདེ་བར་ཤར། །རང་བདེ་གཞན་སྐྱིད་སྐྱིད་དགུ་འཛོམ། །དེ་ལུང་བསྟན་མང་པོའི་དོན་བསྡུས་ཡིན། །ཕ་ཀུན་མཁྱེན་བརྒྱུད་པའི་ཞལ་ཏ་ཡིན། །བུ་བསྟན་པའི་ཉི་མའི་གླུ་དབྱངས་ཡིན། །དོན་ཐུགས་ལ་བཅང་ན་ཟབ་པར་མཆིས། །ནམ་མཁའ་རྒྱ་མཚོར་གསུངས་པ་རེད།། ༈ །།མགོན་སྲས་བཅས་རྒྱལ་བའི་ཐུགས་རྗེའི་འཕྲུལ། །དུས་སྙིགས་མའི་འགྲོ་བ་རྗེས་འཛིན་ཕྱིར། །ཐ་མལ་གྱི་གཟུགས་བཟུང་དམ་ཆོས་བསྟན། །ཕ་དྲིན་ཆེན་བླ་མ་སྤྱི་བོར་བཞུགས། །ལར་འདབ་ཆགས་བླུན་པོ་ཅ་ཅོ་ཆེ། །དོན་མེད་ཀྱང་ལས་ཀྱིས་བསྐོས་ཚུལ་ཡིན། །དེ་བསྐྱར་ཟློས་བྱེད་ན་བྱིས་པའི་རྟགས། །བཏང་སྙོམས་སུ་ཞོག་མཛོད་རྒན་རབས་ཚོ། །མི་བསམ་མེད་རྨོངས་པའི་སུག་བྲིས་དེ། །དོན་བཤད་རིན་མེད་ཀྱང་རྩེད་མོ་ཙམ། །དེར་རྩ་འགྲེལ་གྱི་ཐ་སྙད་དགོད་རེ་བྲོ༌།སྨྱོ་གཏམ་འགྲེལ་ན་འཆལ་བའི་རྟགས། །གཞོན་ལུས་སེམས་རྒྱས་ཚེ་ཆོས་ལ་སྦྱངས། །ཆོས་ཁ་ལ་མ་སྤུར་རྒྱུད་དང་སྦྱར། །རང་བཙན་ས་ཟིན་


TN00_Page_193A
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཆད་རྩོམ་གྱིས། །ལས་གཞན་དོན་སྒྲུབ་པ་དམ་པའི་སྲོལ། །གཞོན་བྱིས་པའི་མི་ཚེ་རྩེད་མོས་བསྐྱལ། །ཆོས་རྣ་བས་ཐོས་ཚད་ཁ་ནས་སྤུར། །རྒན་ལང་ཚོ་སོང་ཚེ་རང་སེམས་ལ། །འདི་འཛིན་སྙམ་མེད་པ་བདག་འདྲའི་ལུགས། །གླུ་འདི་འདྲ་འགྲེལ་དགོས་ཟེར་ཙ་ན། ཁྱོད་བོད་ཡུལ་འཕགས་པའི་ཞིང་སྐྱེས་ཀྱང༌། །བག་མེད་ཀྱི་ཀུན་སྤྱོད་འདི་ལྟ་བུས། །མགོ་དཀར་པོར་སླེབ་ཅེས་སྤྱོ་བ་འདྲ། །ད་ཚེ་མཇུག་དགུན་ཉིའི་ཕྱི་དྲོ་འདིར། །གླུ་འདི་འདྲ་འགྲེལ་བའི་ལོང་མེད་ཀྱིས། །ཚིག་བརྗོད་པ་དོན་ལྡན་འཕགས་པའི་གསུང༌། །དོན་ཟབ་ཅིང་རྒྱ་ཆེ་གདམ་པའི་གཏེར། །མདོ་རྒྱུད་ཀྱི་སྙིང་པོ་ཡི་གེ་དྲུག །དེ་མ་བརྗེད་སྙིང་ལ་རི་མོར་བྲིས། །དབུགས་མ་ཆད་བར་དུ་སྐྱོར་སྦྱངས་གྱིས། །བློས་མ་ལྕོགས་བར་དུ་འགྲེལ་པ་རྒྱོབས། །ཚེ་འདི་ཡི་རྒྱབ་ཏུ་ཕྱི་མ་འོང༌། །དེར་སྐྱིད་པོ་འདོད་ན་མ་ཎི་ཐོན། །ཆོས་ཡི་གེ་དྲུག་མའི་ཞབས་རྟེན་ལ། །ལས་སྡིག་སྤྱོད་ཐག་པ་མ་འདོགས་ཨང༌། ཁམས་གསུམ་གྱི་འགྲོ་བ་མ་རྒན་ཡིན། །དྲིན་ཆེའོ་སྙམ་ན་མ་ཎི་ཐོན། །ལམ་བྱམས་དང་སྙིང་རྗེར་འབྲེལ་བ་ཞོག །ཚེ་ཕྱི་མར་སྒོམ་པའི་སྨོན་ལམ་ཐོབ། །བོད་བསིལ་ལྡན་ཡུལ་འདི་འཕགས་པས་བསྐྱངས། །དེའི་བཀའ་དྲིན་དྲན་ན་མ་ཎི་ཐོན། །ཚེ་སྔོན་ནས་འབྲེལ་བས་མགོན་དུ་ཐོབ། །རང་རྩེ་གཅིག་འཇུས་ན་སླར་ཡང་མཇལ། །མཐོ་ཉི་ཟླ་རི་རྩེར་འཆར་བའི་


TN00_Page_193B
[མ་དཔེ་གཟིགས་ན་འདིར་གནོན།]

དཔེས། །སྐྱབས་བླ་མ་སྤྱི་བོའི་གཙུག་ཏུ་སྒོམས། །དམའ་ཀླུང་ཆེན་རྒྱ་མཚོར་གཞོལ་བའི་དཔེས། །རང་བློ་ཁ་དམ་པའི་ཆོས་ཕྱོགས་དྲོངས། །ས་རི་ཐང་དབྱར་ཀས་བསྒྱུར་བའི་དཔེས། །རྒྱུད་ངན་པ་འཕགས་པའི་ཐུགས་རྗེས་གྲོལ། །ཚེ་འདིར་བདེ་ཕྱི་སྐྱིད་གཏན་དུ་འཚེང༌། །འདུན་མ་རྩེ་མོར་ཕྱིན་པའི་བཀྲ་ཤིས་ཤོག །དབལ་ཤུལ་ཁྱོ་ཁོའི་སྔགས་རྒན་དད་པས་རྒྱུད་ཕྱུག་པ་ཆོས་འབྱུང་ནས། ཁོ་བོ་གཞོན་ནུས་རྩེད་མོར་བྲིས་པའི་གླུ་ཅལ་ཅོལ་ཅིག་ལ་འགྲེལ་པ་བྲིས་ཞེས་རིན་པོ་ཆེའི་རྟེན་བཅས་བསྐུལ་བའི་ལན་དུ་སྤྲང་པོ་བསྟན་པའི་ཉི་མས་སྨྲས་པ་དགེ་བར་གྱུར་ཅིག། ༈ །།བླ་མ་ཐུབ་དབང་སེང་གེ་ཡི། །ཞབས་ལ་སྒོ་གསུམ་གུས་པས་ཕྱག་བགྱིས་ནས། །གཏན་འདུན་འཆུག་མེད་སྒྲུབ་པའི་མན་ངག་འདི། །མདོར་བསྡུས་གོ་སླའི་ངག་གི་ཕྲེང་བར་སྤེལ། །གང་ཞིག་ཐེག་མཆོག་རིགས་ལ་གནས་པ་ཡི། །སྐལ་བཟང་སྐྱེ་བོ་རྣམས་ལ་བརྩེ་བ་ཡིས། །ཐེག་མཆོག་ལམ་གྱི་རིམ་པ་ཇི་སྙེད་ཅིག །ཀུན་མཁྱེན་ཞལ་གྱི་བུམ་པ་ནས་འོངས་པའི། །སྙིང་པོ་ལུང་བསྟན་བརྙེས་པའི་པཎ་ཆེན་གྱིས། །བཀྲལ་བའི་རང་ལུགས་དྲི་མ་མེད་བཟུང་སྟེ། །རྣམ་པར་བཤད་པའི་མཛོད་ཆེན་རྣམ་བདུན་པོ། །གཞུང་ལུགས་གདམས་པའི་མཐིལ་དུ་འཆར་འདོད་ན། །དང་པོ་དལ་འབྱོར་རྙེད་དཀའ་སེམས་པ་ནས། །ཇི་སྲིད་རང་བཞིན་ཐེག་མཆོག་རྒྱལ་པོའི་བར། །འགལ་མེད་ལམ་གྱི་ཕུང་པོ་གཅིག་ཉིད་དུ། །སྒྲིགས་པའི་མན་ངག་འདི་


TN00_Page_194A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོམས་པར་མཛོད། །མངོན་མཐོའི་ཕུན་ཚོགས་རྣམ་པ་བརྒྱ་དག་དང༌། ངེས་པར་ལེགས་པའི་ཡོན་ཏན་འབྱོར་པ་ཀུན། །མ་ཚང་མེད་པར་འདུ་བའི་ཡེ་ཤེས་ཀྱི། །གཏེར་དེ་རྒྱལ་བ་ཉག་གཅིག་གོ་འཕང་ཡིན། །དེ་ཕྱིར་གོ་འཕང་མཆོག་དེ་སྒྲུབ་པའི་སྒོ། །བླ་མེད་ཐེག་པ་མཆོག་གི་ཆོས་ཚུལ་དུ། །མངོན་མཐོ་སྒྲུབ་བྱེད་གསུང་རབ་ཀུན་དོན་དང༌། །ངེས་ལེགས་སྒྲུབ་པའི་ཐབས་ཀུན་ཚང་བར་འདུ། །གང་ཡང་འཇིག་རྟེན་ཕྱི་མའི་ཕུན་ཚོགས་ལ། །བློ་ཁ་ཅུང་ཟད་ཙམ་ཡང་མ་ཕྱོགས་རུང༌། །གཏན་བདེ་ཞི་བ་སྒྲུབ་པའི་བསྙོན་ཧམ་ཅན། །དེ་དག་བྱིས་པ་ལས་ཀྱང་ཆེས་ཐ་ཤལ། །རང་ཉིད་སྲིད་པའི་བདེ་འབྱོར་ལ་ཆགས་བཞིན། །འགྲོ་ཀུན་སྡུག་བསྔལ་མཐའ་དག་ལས་སྒྲོལ་ཞེས། །སྨྲ་བ་དེ་དག་ད་དུང་ཅི་ཞིག་ལས། །འགྲོ་ཀུན་སྒྲོལ་བའི་ངག་དོན་འཚོལ་བར་རིགས། །དེ་སླད་སྐྱེས་བུ་ཆུང་དང་འབྲིང་པོ་དང༌། །ཐུན་མོང་ལམ་གྱི་རིམ་པ་ལ་སྦྱངས་ནས། །ད་གདོད་ཐེག་མཆོག་ཐུན་མོང་མ་ཡིན་པའི། །རྟོགས་རིགས་འདོད་རྣམས་སྐྱེ་བོ་མཛངས་པ་ཡིན། །ཤིན་ཏུ་རྙེད་དཀའ་རྙེད་ན་དོན་ཆེ་བའི། །རྟེན་དེ་ད་ལྟ་རང་གི་ལག་མཆིས་པས། །འབྲས་མེད་མི་བགྱི་འཆི་ཆོས་གཅིག་ཁོ་ནར། །མི་ཚེ་དྲིལ་བའི་བློ་སྣ་འདི་དང་གཅིག །དེ་ཡང་སྐྱེ་བ་ད་རེས་བྱ་སྙམ་ལོས། །མི་ཆོག་ལོང་མེད་འཆི་བའི་ཚུལ་མཐོང་ནས། །སྐད་ཅིག་རེ་རེའང་མི་ཚེ་དོན་ལྡན་དུ། །བགྱིད་པའི་དགེ་སྦྱོར་ཅི་ནུས་བྱེད་


TN00_Page_194B
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་གཉིས། །རྒྱུ་ཡི་དགེ་སྦྱོར་དེ་ལ་མང་ཡོད་ཀྱང༌། །སྟོན་པས་ཆེ་ལོང་བསྡུས་པ་དགེ་བཅུའི་ཁྲིམས། །ཡང་དག་ལྟ་བས་བརྒྱན་པ་འདི་ཉིད་ལས། །བརྩམས་ཏེ་མཁས་པར་སྦྱང་བ་འདི་དང་གསུམ། །དཀྱུས་ས་མ་མཐོང་རྟ་རྒྱུག་བྱེད་པ་བཞིན། །སྡིག་པའི་ཉེས་དམིགས་ཅི་ཞིག་ལྟར་མཐོང་ནས། །དགེ་ལ་འདུན་པའི་རྒྱུ་མཚན་མེད་མིན་པར། །ངན་འགྲོའི་སྡུག་བསྔལ་མང་དུ་སེམས་དང་བཞི། །སྐྱེས་བུ་ཆུང་ངུའི་ལམ་དང་ཐུན་མོང་བའི། །སེམས་སྦྱོང་ཡིན་ཏེ་འཁོར་བ་སྡུག་བསྔལ་དུ། །ཤེས་ནས་ཐར་པ་སྒྲུབ་པའི་སྔོན་འགྲོ་རུ། །མི་བསྒོམ་མི་རུང་རིམ་པ་ངེས་པ་ལགས། །དེ་ནས་སྲིད་པའི་རྩེ་མོའི་འཇིག་རྟེན་བར། །སྐད་ཅིག་འགྱུར་བ་གློག་གི་ཕྲེང་འདྲ་དང༌། །དེ་ཡང་ལས་དང་ཉོན་མོངས་གཞན་དབང་བའི། །འདུ་བྱེད་སྡུག་བསྔལ་གཙོ་བོར་སེམས་པ་ཡིས། །དྲང་བའི་ཐར་འདོད་ཤུགས་དྲག་རྒྱུན་རིང་དུ། །སྐྱེས་ཚེ་ངེས་འབྱུང་ཆོས་སྒོར་ཞུགས་པ་སྟེ། །སྡུག་ཀུན་འགོག་པའི་གོ་རིམ་སྒྲུབ་ཚུལ་སོགས། །འདི་ལས་འཕྲོས་ཏེ་ཞིབ་ཏུ་མཁྱེན་པར་མཛོད། །ནམ་ཞིག་སྲིད་པའི་འཁོར་ལོ་ཆ་ལྔ་འདི། །མེ་འབར་འཁྲུགས་པའི་རླབས་ལྟར་མཐོང་བ་ཡི། །ཡིད་འབྱུང་དེ་ཡི་མྱོང་བ་ལ་དཔགས་ནས། །སྐྱེ་དགུའི་སྡུག་བསྔལ་ཞི་འདོད་བདེ་བླག་སྐྱེ། །འགྲོ་བ་སྡུག་བསྔལ་མཚོ་ལས་ཐར་འདོད་དང༌། །དེ་དག་སྡུག་བསྔལ་འཕྲང་ལས་བསྒྲལ་འདོད་བློ། །གཅིག་པ་མིན་ཕྱིར་ཕྱི་མ་


TN00_Page_195A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐྱེད་དང༌། །སྤེལ་བའི་སླད་དུ་བརྩོན་འགྲུས་བརྒྱུད་མར་སྦྱང༌། །དེ་ཡང་རྒྱུ་མཚན་རྣམ་དག་དུ་མ་ལས། །འགྲོ་ཀུན་ཕ་མར་ཤེས་པའི་ངེས་ཤེས་དང༌། །བདག་གཞན་མཉམ་བརྗེ་སྒོམ་པའི་སྦྱོར་བ་ལས། །བཟོད་མེད་སྙིང་རྗེ་ཆེན་པོ་འདྲེན་པའི་ཚུལ། །རྒྱས་པར་ངེས་དོན་ཤིང་རྟ་ཆེན་པོ་དང༌། །རྣམ་བཤད་བདེན་གཉིས་ཤིང་རྟར་གསུངས་པས་ན། །ཀློག་དང་སྒོམ་པའི་ངལ་བ་བརྒྱ་ཕྲག་གིས། །ཐེག་ཆེན་རིགས་ཀྱི་ནུས་པ་ཅི་རྒྱས་མཛོད། །སྙིང་རྗེ་ཆེན་པོ་བཅོས་མ་མིན་རྙེད་ན། །དེ་ཡི་ཤུགས་ཀྱིས་རྫོགས་བྱང་དོན་གཉེར་གྱི། །སེམས་བསྐྱེད་ཟུར་ཡང་མཚན་ཉིད་ཚང་ནུས་པས། །བློ་འདི་ཐེག་པ་མཆོག་གི་རྩ་བར་གསུངས། །སེམས་དེ་བསྐྱེད་ཀྱང་རྒྱལ་སྲས་སྤྱོད་པ་ཡི། ཁུར་ཆེན་རྫོགས་པར་ཉམས་སུ་མ་བླང་ན། །དམ་བཅའ་ཙམ་གྱིས་སངས་རྒྱས་མི་འཐོབ་པས། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་པར་བླང༌། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀུན་བསྡུ་ན། །སྡོམ་སྡུད་དོན་བྱེད་རྣམ་པ་གསུམ་ཡིན་ཏེ། །དེ་དག་རྣམ་བཞག་ཡོན་ཏན་མཛོད་ལ་སོགས། །བསྟན་བཅོས་རྒྱས་པ་རྣམས་སུ་ལེགས་པར་ཚོལ། །རྒྱལ་སྲས་སྤྱོད་པའི་སྒོ་མོ་གྲངས་མེད་པ། །ཤེས་པར་དཀའ་ཕྱིར་མདོ་སྡེ་བལྟ་བ་དང༌། །བཤེས་གཉེན་དམ་པ་རིང་དུ་བསྟེན་དགོས་པར། །ཞི་བ་ལྷ་སོགས་ཤིང་རྟ་ཆེ་རྣམས་གསུངས། །བྱང་སེམས་སྤྱོད་ལ་སློབ་ཚེར་མ་


TN00_Page_195B
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཀྱི། །ཐོག་མཐའ་བར་དུ་དགེ་བའི་ལམ་ཐམས་ཅད། །བཤེས་གཉེན་དམ་པའི་དྲིན་གྱིས་རྙེད་དགོས་པར། །ནོར་བཟང་དཔའ་བོའི་རྣམ་པར་ཐར་ལས་བྱུང༌། །དེ་སླད་བསམ་དང་སྦྱོར་བས་དགེ་བའི་བཤེས། །བསྟེན་ཚུལ་མདོ་སྡེ་རྒྱན་ལས་གསུངས་པ་སོགས། །ཡིད་བཞིན་རིན་པོ་ཆེ་ཡི་མཛོད་འགྲེལ་དུ། །བཀའ་སྩལ་དེ་དག་ལམ་གྱི་གཞི་མ་ཡིན། །རྒྱལ་སྲས་རྣམས་ཀྱི་མཁས་བྱའི་གནས་མང་ཡང༌། །སྒྲིབ་པ་མཐའ་དག་ངེས་པར་ཞི་བའི་སྒོ། །གནས་ལུགས་རྟོགས་པའི་ཡེ་ཤེས་ཚོལ་བ་ཡི། །ཐབས་ཚུལ་རྒྱས་པར་སློབ་ལ་སྙིང་པོར་འཛིན། །ཆོས་ཀུན་རང་རང་མིང་ཙམ་ཟད་པ་ཡི། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་བཞིན་ཤེས་ནས། །གདོད་ནས་རང་བཞིན་ཆ་ཙམ་དམིགས་མིན་པའི། །དེ་བཞིན་ཉིད་ཀྱི་བཞུགས་ཚུལ་རྗེན་པ་མཐོང༌། །རྒྱལ་བའི་ཤེར་ཕྱིན་མདོ་སྡེ་མང་པོ་རུ། །སྟོང་ཉིད་བཅུ་དྲུག་དེ་བཞིན་ཉི་ཤུ་དང༌། །བདག་མེད་གཉིས་སོགས་དབྱེ་བ་མང་མཛད་པ། །ཀུན་ཀྱང་ཆོས་ཉིད་ཚུལ་གཅིག་འདི་ལས་ཕྱེ། །ཇི་ལྟར་མི་ཡི་སྐྱེད་ཚལ་སྟོང་མཐོང་ཡང༌། །ལྷ་ཡི་ཁང་བཟང་བཀོད་པའི་ཁྱད་པར་ལ། །སྒྲོ་འདོག་ཆོད་པ་མ་ཡིན་དེ་འདྲའི་ཚུལ། །དེ་བཞིན་ཉིད་ལ་ཡོང་ཡེ་མི་མཆི་སྟེ། །རང་བཞིན་མེད་པས་ཐ་སྙད་མེད་པ་མིན། །རྟེན་ཅིང་འབྲེལ་འབྱུང་རང་མཚན་གྱིས་ཡོད་མིན། །ཡོད་མིན་མེད་མིན་འདི་འདྲ་འདི་ཁོ་ནར། །སྲིད་དང་ཞི་བའི་ཆོས་ཀུན་མཉམ་པ་ཉིད། །དེ་བཞིན་


TN00_Page_196A
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཐོང་གཞན་ན་ཡོད་མིན་ཏེ། །སྐྱེ་འགགས་རྟག་ཆད་འགྲོ་འོང་མཚན་མ་སོགས། །སྤྲོས་པའི་མཐའ་བརྒྱད་ཉེ་བར་ཞི་བ་ཡི། །དབྱིངས་དེར་ཀུན་རྟོག་ཞི་བའི་བརྡ་ཆད་ཙམ། །ཇི་སྲིད་རྟེན་འབྲེལ་ཟབ་མོའི་རྣམ་བཞག་འདི། །རྣམ་པར་དཔྱོད་པའི་རྩལ་ཁྱད་མ་སྦྱང་བ། །དེ་སྲིད་མུ་བཞི་སྐྱེ་འགོག་གཏན་ཚིགས་སོགས། །མང་དུ་བཤད་ཀྱང་སྙིང་པོ་སྟོར་བར་ཟད། །དེ་ལྟར་མེད་ན་ཇི་ལྟར་ཡོད་སྙམ་དུ། །ཐེ་ཚོམ་དེས་ཀྱང་ལྟ་བ་མ་རྙེད་ན། །རང་བཞིན་མེད་ན་ཆོས་ཀུན་མེད་དོ་ཞེས། །ལོག་པར་བཟུང་རྣམས་ཇི་ལྟར་དབུ་མ་པ། །དེ་སླད་ཡོན་ཏན་མཛོད་ཀྱི་གནས་དགུ་པར། །རྟེན་འབྲེལ་ཤེས་པའི་བསྔགས་པ་མང་གསུངས་ཏེ། །ད་ལྟའི་དུས་ཀྱི་རྣལ་འབྱོར་དབང་ཕྱུག་ཕལ། །ཀུན་མཁྱེན་གཞུང་གི་སྙིང་པོ་སྟོར་ནས་འདུག །ངེས་དོན་ལྟ་བའི་མཐར་ཐུག་རྙེད་པ་ན། །གྲོགས་སུ་བསོད་ནམས་ཚོགས་ཆེན་བདེ་བླག་ཏུ། །རྫོགས་པའི་ཐབས་མཁས་གསང་སྔགས་རྒྱུད་སྡེ་ལས། །ཤེས་པར་འདོད་ན་དབང་སྐུར་ཚུལ་བཞིན་ནོད། །དེར་ནི་འབྲས་བུ་ལམ་བྱེད་རྣལ་འབྱོར་མཐུས། །མཐར་ཐུག་གཟུགས་སྐུ་སྒྲུབ་པའི་མན་ངག་དང༌། །བལྟས་དང་དགོད་སོགས་བདེ་བ་ལམ་བྱེད་པས། །ཡེ་ཤེས་ཚོགས་ཆེན་སྒྲུབ་པའི་ཟབ་གནད་ཀྱི། །མྱུར་ཁྱད་ཟེར་སྒྲོས་ཙམ་གྱིས་མི་ཚིམ་པར། །ཡིད་ཆེས་རྙེད་ནས་དེ་བཞིན་སྒྲུབ་ནུས་ན། །ཆེད་དུ་བྱ་བའི་གོ་འཕང་དུས་རིང་མཐར། །


TN00_Page_196B
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱང་སྟན་ཐོག་གཅིག་ཏུ་འགྲུབ་པ་ཡོད། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་ལམ། །ཟབ་མོ་ཀ་དག་ཁྲེགས་ཆོད་ལྟ་བ་དང༌། །རྒྱ་ཆེན་ལྷུན་གྲུབ་ཐོད་རྒལ་གོམས་པའི་མཐུས། །ཕུང་པོ་འཇའ་སྐུར་དེངས་པའི་ཟབ་ཁྱད་ཅན། །དེང་སང་ལག་ལེན་བྱེད་མཁན་མང་མོད་དེ། །ཡིན་ལུགས་ཐོག་ཏུ་ཁེལ་བ་ཉུང་མཐོང་བས། །གཟུ་ལུམ་མི་བྱ་ཤིང་རྟ་ཆེ་སྲོལ་འདིར། །དཔང་གྱུར་རིག་འཛིན་གཞུང་དུ་ཞུན་ཐར་ཆོད། །གདོད་ནས་རྣམ་གྲོལ་རང་བྱུང་རིག་པའི་བབ། །རྣམ་པར་མི་རྟོག་འོད་གསལ་གཉུག་མ་འདི། །རང་ངོ་ཤེས་ནས་ཇི་བཞིན་ཉིད་བསྐྱང་ན། །སེམས་རིག་མྱོང་སྟོབས་ཀྱིས་ཀྱང་བྱེད་པ་འབྱུང༌། །འོན་ཀྱང་ཉམས་མྱོང་དེ་འདྲ་མ་སྐྱེས་པར། །ངོ་སྤྲོད་གནད་ལ་ཞིབ་ཏུ་མཁས་བྱ་ཞིང༌། །བཞག་ཐབས་འཆུགས་མེད་གཅིག་ཏུ་འདྲིས་བྱ་སྟེ། །བོགས་འདོན་གེགས་སེལ་རྣམས་ཀྱང་སྒྲོ་འདོགས་ཆོད། ཁྲེགས་ཆོད་རྟོགས་པའི་གདེངས་ཆེན་རྙེད་པའི་ཚེ། །འོད་གསལ་སྒྲོན་མ་རྣམ་བཞིའི་གསེང་ལམ་ནས། །ནང་དབྱིངས་ལྷུན་གྲུབ་སྦུབས་སུ་འཇུག་པའི་ཚུལ། །མན་ངག་གནད་གསང་རིག་ལ་སླ་བ་ཡིན། །ཇི་ལྟ་ཅལ་ཅོལ་མང་དུ་སྨྲ་བ་ཡི། །བྱིས་རྣམས་མི་རྒན་རྣམས་ཀྱིས་གཙེ་བ་བཞིན། །ཆོས་གྲོགས་རོང་ཐའི་བླ་མ་དེས་བསྐུལ་ནས། །སྤྲང་སྨྱོན་གང་དྲན་རྣམ་རྟོག་གང་བབ་བྲིས། །དགེ་བས་ཉམ་ཐག་མ་རྒན་འགྲོ་དྲུག་ཀུན། །སྲིད་མཚོ་རྣམ་གྲོལ་ཞི་བའི་གནས་ཐོབ་ཤོག །ཕྲིན་ཡིག་བྱིས་པའི་ཅ་ཅོ་འདི་


TN00_Page_197A
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང༌། །བསྐུལ་བ་པོ་ཡི་རྣ་བ་གཙེར་གྱུར་ཅིག །ཅེས་པའང་བཙུན་པ་གུ་རུ་ཡེ་ཤེས་ཀྱིས་སྐྱེས་དང་བཅས་ཏེ་ཡི་གེའི་ལམ་ནས་བསྐུལ་བ་ལྟར་འཇིགས་མེད་བསྟན་ཉིས་ཤར་མར་བྲིས་པ་མདྒ་ལཾ།། ༈ །།དགེ་ཚོགས་ས་ཆེན་ཡངས་པའི་མངལ་ནས་འཁྲུངས། །སངས་རྒྱས་ཆོས་ཚུལ་ཉི་མའི་འོད་ཀྱིས་ཕྱེ། །མཁྱེན་བརྩེའི་འདབ་མ་ཀུན་ནས་དཀྱུས་རིང་བ། །མི་ཡི་པདྨ་དེ་ལ་མཆིད་འདི་གསོལ། །བསིལ་ལྡན་ལྗོངས་འདི་སྣ་ཚོགས་རིག་གནས་ཀྱི། །རིན་ཆེན་མང་པོས་བརྒྱན་པས་འཕགས་ཡུལ་དང༌། །བགོ་སྐལ་མཉམ་དེ་འཇམ་མགོན་ས་སྐྱ་པའི། །བཀའ་དྲིན་བདུད་རྩི་དཀར་པོའི་ཆ་ཤས་ལགས། །འཇིག་རྟེན་མིག་དེའི་རྣམ་ཐར་ནོར་བུའི་ཕྲེང༌། །མགུལ་བར་བཞེས་ནས་རྒྱལ་བསྟན་བཤད་སྒྲུབ་ཀྱི། །བྱ་བས་ངལ་མེད་རིང་དུ་བྲེལ་བ་ཁྱོད། །སྐུ་ཁམས་བདེ་བར་བཞུགས་པས་ཡིད་རབ་དགའ། ཁྱོད་ནི་གཉིས་མེད་གསུང་བའི་ཆོས་ལ་དགྱེས། །ལུང་གི་སྒྲ་ཙམ་སྨྲ་ལའང་གུས་པས་འདུད། །ཉུང་ངུ་ཤེས་པའང་གཅེས་སྤྲས་ཡུལ་དུ་དགོངས། །ཚོང་དཔོན་རིན་ཆེན་རྒྱུས་ལ་མཁས་པ་བཞིན། །དེ་སླད་ཤིན་ཏུ་དམན་ཞིང་ཉམ་ཆུང་བ། །བདག་འདྲའནག་ཐུབ་པའི་ལེགས་བཤད་ཚིག་འགའ་ཙམ། །སྨྲ་བ་གཅིག་པུའི་རྒྱུ་མཚན་ཉེར་བཟུང་སྟེ། །གཟིགས་པར་དགོངས་ཤིང་ཕྲད་ལ་དོན་གཉེར་མཛད། །འོན་ཀྱང་བདག་ནི་ལས་ཀྱི་ཤ་ཟས་གཙེས། །སྣ་ཚོགས་ནད་ཀྱི་ཚོར་བས་ལུས་སེམས་དཀྲུགས། །འཆད་ལ་སྤྲོ་མེད་སྒྲུབ་ལ་མོས་དང་བྲལ། །


TN00_Page_197B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མཚན་ཀུན་ཏུ་སྡུག་བསྔལ་འབའ་ཞིག་སེམས། །རྒ་བས་ངལ་ཞིང་ན་བས་དུབ་པའི་ཡིད། །ལང་ལོང་འདུ་འཛིའི་ཁུར་པོ་མི་ཐེག་ཕྱིར། །མི་མང་མི་འཕྲད་སྨྲ་མང་མི་ཐོས་པར། །རི་དྭགས་བཞིན་དུ་བསྐུང་ནས་ཉལ་བར་དགའ། །རང་གི་ནུས་པ་ཇི་བཞིན་ཆོས་ཚིག་གི༌།སྐྱེས་བཟང་ཅུང་ཟད་ཅིག་ནི་ཡོངས་འཛིན་ལོར། །ཕུལ་བ་དེ་ལགས་མ་འོངས་དུས་སུ་ཡང༌། །ལེགས་བཤད་མཆོད་སྤྲིན་སྟོབ་པའི་སྨོན་ལམ་འདེབས། །ད་རེས་ཁོ་བོ་འགྲུལ་རྒྱ་བསྡམས་པ་དང༌། །གཅིག་ངོ་བཟུང་ན་གཞན་ངོ་བཟློག་དཀའ་བའི། །ཚུལ་འདི་ཁྱོད་ཀྱིས་མི་མཁྱེན་མི་སྲིད་ཅིང༌། །བརྩེ་ཆེན་ལྡན་ཕྱིར་ཕུར་ཚུགས་མཛད་མི་འཚལ། །ལུས་ནི་སྒུར་ཞིང་བྱད་བཞིན་གཉེར་མས་ཁྱབ། །ཤིན་ཏུ་མི་སྡུག་མཐོང་ན་སྐྱུག་བྲོ་བ། །བདག་འདྲ་མཐོང་བས་ཅི་བྱ་དེ་ལས་ནི། །འབུམ་འགྱུར་ལྷག་པའི་མན་ངག་ཚིག་འགའ་གསོལ། །བསྟན་འཛིན་རྣམས་ཀྱིས་ངེས་པར་བྱ་བ་ནི། །རྒྱལ་བའི་བསྟན་པ་བཤད་དང་སྒྲུབ་པ་སྟེ། །བཤད་སྒྲུབ་མེད་ན་ལུང་རྟོགས་ཅི་ཡིས་འཛིན། །དམ་པའི་ལམ་སྲོལ་འཛིན་ན་དེ་ལྟར་དགོངས། །ཚུལ་བཞིན་མ་བསྒྲུབས་ཆོས་ཀྱིས་ཇི་ལྟར་གྲོལ། །བསྒྲུབ་བྱ་མ་ཤེས་སྒྲུབ་པ་ཅི་ལ་བྱེད། །བདེ་གཤེགས་ཆོས་ཚུལ་མ་ཐོས་མི་ཤེས་ཏེ། །འཇུག་རིམ་མ་ནོར་མཛད་ན་དེ་ལྟར་དགོངས། །ཐོས་པས་སྒྲུབ་ལ་བག་ཆགས་འཇོག་པ་དགོས། །སྒྲུབ་པས་མང་ཐོས་སྙིང་པོ་ལོན་པ་དགོས། །ཐོས་བསམ་སྒོམ་གསུམ་རྟ་ཤིག་ཕྲུག་འདྲ་དགོས། །བརྩོན་པ་དོན་ཡོད་མཛད་


TN00_Page_198A
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེ་ལྟར་དགོངས། །ཤེས་ཀྱང་ཚིམ་སླ་མི་བྱ་ཞིབ་ཏུ་སྦྱང༌། །རྟོགས་དཀར་གྱུར་ཀྱང་མི་ཞུམ་ཡུན་དུ་བསླབ། །མི་དྲག་མི་དལ་ཆུ་བོའི་རྒྱུན་བཞིན་བརྩོན། །ཐོས་པའི་ལོངས་སྤྱོད་གསོག་ན་དེ་འདྲ་དགོས། །མཁས་པའི་ལུགས་མང་མ་འཛིང་ཞིབ་མོར་དཔྱོད། །གང་ལའང་ཆགས་སྡང་དབང་གིས་རིས་མི་གཅོད། །རང་ལུགས་ངོས་བཟུང་ངེས་པ་མི་འཕྲོག་བྱ། །ཕ་ཆོས་གྲུབ་མཐའ་འཛིན་ན་དེ་འདྲ་དགོས། །བློ་སྣ་མི་མང་འདུན་མ་གཅིག་ཐོག་བཞག །ངང་ཐུང་མི་བྱེད་སེམས་ཁོང་གློད་ལ་བསྒྲུབ། །རེ་དོགས་མི་གཙུབ་གླང་པོའི་ལྟ་སྟངས་བྱ། །སྒོམ་སྒྲུབ་སྙིང་པོར་མཛད་ན་དེ་འདྲ་དགོས། །ཏིང་འཛིན་བརྟན་ན་འདུ་འཛིས་ཡིད་མི་འཕྲོག །སྙིང་རྗེ་འབྱོངས་ན་བདེ་སྡུག་རྐྱེན་སྣ་ཐེག །མངོན་ཤེས་གྲུབ་ན་བརྩམ་པ་འབྲས་བུར་བཅས། །འཁོར་མང་སློབ་ཚོགས་སྡུད་ན་དེ་འདྲ་དགོས། །བདེན་ལ་རབ་གནས་སྐྱེ་བོས་ཚད་མར་འཛིན། །སྤྱི་སྙོམས་ཆེ་བས་ཀུན་གྱིས་མ་བཞིན་འཁུར། །སྒམ་ཞིང་ཟབ་པས་འཁོར་གྱིས་ཡོང་མི་བརྙས། །ཆེན་པོའི་གོ་ས་སྐྱོང་ན་དེ་འདྲ་དགོས། །བདག་ལ་ཆོས་མེད་འཇིག་རྟེན་ཤེས་པ་མེད། །འོན་ཀྱང་གནག་རྫིས་རྒྱལ་པོའི་ཕྱུགས་བགྲང་ལྟར། །བསྙད་འདི་དམ་པའི་མན་ངག་ལ་བརྟེན་ཕྱིར། །ཐུགས་ལ་བཅང་ན་འཕྲོད་པར་འགྱུར་བ་སྙམ། །དེ་སྐད་ཀློང་ཆེན་བརྒྱུད་པའི་གྲལ་མཐའ་པ། །ཕྱི་རྐྱེན་དབྱར་གྱི་དགའ་བས་སེམས་བྲིད་ཅིང༌། །ནང་རྐྱེན་ནད་ཀྱི་ཟུག་རྔུས་ཡིད་གདུངས་པའི། །དུ་མ་དགོད་དེས་དབེན་རིར་འབད་ནས་


TN00_Page_198B
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། །དེང་སང་དཔྱིད་ཀྱི་རླུང་ཆེན་ལྡང༌། །དབྱར་ཀ་འབྱུང་བའི་རྟེན་འབྲེལ་ལགས། །བདག་ཀྱང་འདི་ལྟར་ཅ་ཅོ་སྒྲོགས། །དགེ་ལེགས་འཕེལ་བའི་རྟེན་འབྲེལ་ལགས། །ཧ་ཧ།། ༈ །།བློ་གྲོས་སྣང་བ་འབུམ་འཇོ་བས། །ཕྱིན་ཅི་ལོག་བློའི་མུན་ནག་ཆེ། །འཇོམས་མཛད་འཇམ་མགོན་ཉི་ཟླ་ལ། །བཏུད་ནས་མི་རྟག་ཚུལ་བཤད་བྱ། །མལ་ཁྲིའི་ཐ་མ་ཞིག་ལ་རང་འདུག་སྟེ། །བཞིན་གྱི་གཟི་མདངས་ཉམས་པའི་གདོང་པ་ནི། །གཤིན་རྗེའི་གྲོང་ཁྱེར་ཆེན་པོར་མངོན་ཕྱོགས་ཚེ། །འཆི་བ་དེ་རིང་འོངས་ཞེས་སྡུག་བསྔལ་སྐྱེ། །བསགས་པའི་ལོངས་སྤྱོད་མཐའ་དག་ཀུན་སྤངས་ཏེ། །ཉེ་དུ་མཆི་མ་ཅན་གྱིས་མཐའ་སྐོར་ཞིང༌། །གཏམ་གྱི་ཐ་མ་སྨྲ་བར་ཞུགས་པའི་ཚེ། །ང་འདྲའི་སྐལ་ངན་མེད་ཅེས་སྙམ་སེམས་བྱེད། །གླིང་བཞིའི་ཕུན་ཚོགས་ཀུན་ལ་དབང་བསྒྱུར་ཀྱང༌། ཁབ་དང་སྐུད་པ་ཙམ་ཡང་མི་དབང་བར། །གཅེར་བུ་ལག་པ་སྟོང་པར་འགྲོ་བའི་ཚེ། །འཆི་བདག་ད་རེས་སླེབས་ཅེས་སྙིང་ཁམས་གཡོ། །མི་ཚེ་གང་པོར་གསོས་གསོས་བསྐྱངས་བསྐྱངས་བའི། །སྒྱུ་ལུས་སྒྱུ་མའི་ཁང་པ་ཤུལ་དུ་བཞག །གཅིག་པུས་ཚུགས་མེད་པར་འགྲོ་ཙ་ན། །བར་དོའི་འཕྲང་རིང་ཆེན་པོར་འོ་རེ་བརྒྱལ། །ཕོ་གྲུང་ཞ་ཆུས་སྒྲུབ་ལ་མཁས་མོད་ཀྱང༌། །འཆི་ཚེ་བློ་གདེང་ཐེབས་པ་མི་འདུག་ན། །འཆི་བདུད་ཞགས་པ་ནག་པོས་བཏབ་ཙ་ན། །འཆི་བའི་སྐྱེས་ཆེན་བཟློག་མཁན་དཀའ་མོ་ཡོད། །འཇིགས་རུང་དམྱལ་བའི་གྲོང་སྒོ་མཐོང་ཙ་ན། །སྙིང་ལ་མྱ་ངན་ཤུམ་ཤུམ་


TN00_Page_199A
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཚེ། །ཕྱི་མའི་གྲབ་ཤོམ་སྔ་ནས་མ་བྱས་ཞེས། །འགྱོད་པའི་མེ་ཆེན་འབར་བའི་དུས་ཤིག་འོང༌། །རྣམ་ཤེས་མི་རྟག་མགྲོན་པོ་ལས་དབང་སོང༌། །སེམས་མེད་རོ་སྒོག་སྐམ་པོ་ཤུལ་དུ་ལུས། །སྐྲ་སེན་རི་ལུང་མང་པོར་འཐོར་བའི་ཚེ། །ཆོས་བརྒྱད་བསྒྲུབ་ལ་སྙིང་པོ་ཅི་འདུག་སོམས། །བསགས་པའི་ནོར་གྱིས་མི་བསྟུངས་འཆི་བའི་གནས། །བཙན་པོ་གཡུལ་གྱིས་མི་བཟློག་གཤིན་རྗེའི་ཁྲིམས། །སྣ་ཚོགས་ཐབས་ཀྱིས་བཅོས་མེད་སྐྱེ་ཤིའི་འཕྲང༌། །འདི་ལས་ཐར་ཐབས་ལྷ་ཆོས་རིན་པོ་ཆེ། །ལྷ་ཆོས་ལོ་ཟླར་གྲབ་ཤོམ་བྱས་བྱས་ནས། །ག་ལེར་ག་ལེར་བསྒྲུབ་རྒྱུ་མི་འདུག་སྟེ། །ལྷ་ཆོས་སེམས་ཀྱི་སྟེང་ནས་འཇོག་རྒྱུ་འདི། །མཉམ་མེད་རྒྱལ་བ་གོང་མའི་ཚུལ་ལུགས་ཡིན། །འགྲོ་འདུག་ཇི་ལྟར་བྱས་ཀྱང་ལྷ་ཆོས་བསྒྲུབ། །སྤྱོད་ལམ་གང་བྱེད་དམ་པའི་ཆོས་སུ་དྲིལ། །ཟ་ཉལ་འཆག་ཚད་བྱང་ཆུབ་ལམ་གྲོགས་སུ། །ཤེས་འདི་བྱང་ཆུབ་སེམས་དཔའི་ངང་ཚུལ་ཡིན། །དགེའོ།། ༈ །།ན་མོ་མཉྫུ་ཤྲི་ཡེ། །གྲོང་ཁྱེར་ཝ་ར་ཎ་སིར་སངས་རྒྱས་ཀྱིས། །བདེན་བཞིའི་ཆོས་འཁོར་བསྐོར་བའི་ཐོག་མ་རུ། །འདི་ནི་སྡུག་བསྔལ་ཞེས་གསུངས་དེ་ཡི་ཕྱིར། །རང་གི་ལོངས་སྤྱོད་ཆ་རྒྱུས་ཤེས་པའང་དཀའ། །ཚེ་རབས་ཐོག་མ་མེད་ནས་ད་བར་དུ། །རང་ཉིད་གར་མ་སྐྱེས་ཤིང་ཅི་ལྟ་བུར། །མ་ཤི་ཚུལ་དེ་བསམ་ནས་མི་སྐྱོ་བར། །གཞན་གྱི་འཆི་བ་མཐོང་ནས་སྐྱོ་མི་རིགས། །ད་དུང་ཚེ་བསོགས་ནོར་དང་སྙིང་


TN00_Page_199B
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་གཉེན། །ཐམས་ཅད་ཤུལ་དུ་བཞག་ནས་ཚེ་ཕྱི་མའི། །ལམ་རིང་གཅིག་པུར་བླང་སྟེ་འགྲོ་དགོས་ན། །ཡི་མུག་སུ་ལ་བྱེད་དེ་སུ་ཡིས་བྱེད། །འཆི་བས་མདུན་བསུ་གསོན་ལ་ཞེན་ཆགས་ཤིང༌། །གསོན་པོའི་འབབ་སྟེགས་འཆི་བས་ཡི་མུག་པ། །འདི་འདྲའི་དབང་གིས་ཡང་དང་ཡང་དུ་ནི། །འཆི་བའི་བྱུར་སྡུད་ཕུང་པོ་འདི་འདྲ་འཐོབ། །ལུས་ལ་མི་ཆགས་འབྲལ་བས་མི་གདུང་སྟེ། །ཚུལ་དེ་མ་ཤེས་རྒྱུད་ལྔའི་འཇིག་རྟེན་དུ། །ལས་ཀྱིས་བསྡུས་ཤིང་ལས་ཀྱིས་ཁ་ཕྲལ་བའི། །འགྱུར་བ་མཐའ་དག་སྡུག་བསྔལ་སྣོན་མར་འཆར། །རླུང་མར་ནང་དུ་མར་མེ་གཞོན་ནུ་དང༌། །སྣུམ་ཟད་མར་མེ་ངང་གིས་རྒས་པ་གཉིས། །འདི་འཆི་ཚུལ་མིན་འདི་ཉིད་ཚུལ་བཞིན་ཞེས། །དབྱེ་བ་ཨེ་འདུག་བསམ་བློ་ལེགས་པར་ཐོངས། །དེ་ལྟར་དུས་མིན་གློ་བུར་རྐྱེན་དབང་དང༌། །ན་ཚོད་ལོ་མང་ཐལ་ནས་ཤི་བ་གཉིས། །འདི་འདྲ་མི་འཚམས་འདི་འདྲ་འཇིག་རྟེན་སྤྱིའི། །དཔེ་ཁེབས་ཡིན་ཞེས་དབྱེ་བ་བྱེད་རྒྱུ་ཅི། །འཆི་འདི་སྡུག་བསྔལ་ནང་ནས་ཟིལ་ཐིགས་ཙམ། །དེ་འདྲའི་སྡུག་བསྔལ་བསམ་ཡས་མི་ཟད་ཕྱིར། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཞེས་བྱ་སྟེ། །རྒྱ་མཚོར་ཉལ་ནས་ཐིགས་པས་ཅི་ཞིག་འཇིགས། །སྐྲག་ཅིག་ཤེས་ན་རང་རེའི་ཐོག་མེད་ཀྱི། །སྐྱེ་ཤིའི་གནས་འདི་ཧྲིལ་གྱིས་སྡུག་བསྔལ་ཕྱིར། །སྡུག་བསྔལ་མཐར་བྱེད་སྟོན་པ་བླ་མེད་ཀྱི། །བསྟན་དང་མཇལ་དུས་ཅི་ཟིན་ཅི་ཐོབ་དགོས། །རང་གིས་མཚད་


TN00_Page_200A
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་གར་ཁྱབ་ཀྱི། །འགྲོ་ཀུན་དྲིན་གྱིས་བསྐྱངས་པའི་མ་རྒན་ཏེ། །དེ་དག་འདི་འདྲའི་སྡུག་བསྔལ་མཚོར་བྱིངས་པ། །བསམ་ཞིང་བསམ་ན་སྐྱོ་རྒྱུ་མང་པོ་འདུག །འོན་ཀྱང་རྒྱལ་བ་ཀུན་གྱི་ཐུགས་གསང་མཛོད། །སེམས་ཅན་ཕོངས་པ་སྐྱོབ་པའི་གཉེན་གཅིག་པུ། །རྣམ་དག་བྱང་ཆུབ་སེམས་མཆོག་ཡིད་བཞིན་ནོར། །བསྒོམ་རྒྱུ་ཡོད་བཞིན་མྱ་ངན་བྱ་མི་དགོས། །སེམས་འདི་སྐྱེས་ཚད་འཇིག་རྟེན་དམིགས་བུ་སྟེ། །གཞན་ཕྱིར་སྙིང་བརྩེ་ཡོད་ན་ངེས་པར་སྒོམས། །ཤེས་ཆུང་ཉམས་མྱོང་མེད་པའི་སྤྲང་པོའི་ཁར། །ཞལ་གདམས་རེ་བ་མི་འཐད་དེ་ལྟ་ནའང༌། །གདུངས་བ་ཡིད་གསོ་བྱེད་པའི་སྐད་ཆ་ཞིག །དགོས་ཞེས་སྲང་ཚེས་བསྐུལ་ངོར་སྨྱོན་པས་བྲིས། །དགེ་ཞིང་བཀྲ་ཤིས།། ༈ །།བླ་མ་ལ་ཕྱག་འཚལ་ལོ། །ཉོན་དང་བསོད་ནམས་རྡོ་རྗེ་བགྲེས་པོ་ཁྱོད། །སྔོན་བསགས་བསོད་ནམས་ཆེ་བས་དལ་རྟེན་ཐོབ། །འཕྲད་དཀའ་རྒྱལ་བསྟན་རིན་ཆེན་གླིང་དང་ཕྲད། །ད་རེས་བརྒལ་ནས་འདི་འདྲ་རྙེད་པ་དཀའ། ཁྱོད་ཀྱིས་ངན་སོང་འགྲོ་ལ་ཕར་ལྟོས་དང༌། །དྲག་ཤོས་རྟ་དང་གླང་པོ་མཆོག་རྣམས་ཀྱང༌། །ཡིག་དྲུག་ཚར་གཅིག་འདོན་པའི་མཐུ་མེད་ཕྱིར། །ད་རེས་སྨྲ་ཤེས་དོན་གོ་དོན་ཡོད་མཛོད། །ཐུགས་རྗེའི་དབང་ཕྱུག་མཐུ་སྟོབས་བསམ་ཡས་གཏེར། །སྤྱན་རས་གཟིགས་འདྲ་བོད་ཀྱི་ལྷར་བཞུགས་ཀྱང༌། །རྗེས་འཛིན་རྒྱུ་ཚོགས་རང་གིས་མ་བསྒྲུབས་པས། །མགོན་


TN00_Page_200B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཉེས་སྤྱོད་རྒྱ་མཚོར་བྱིང་བ་མང༌། །གྲོགས་ཁྱོད་སྐུ་ཚེ་ཉི་ཟླའི་མཆེད་པོར་ཤོག །འོན་ཀྱང་སྙིགས་མ་ལྔ་བདོའི་དུས་མཐར་སྐྱེས། །ཚེ་ལོ་བདུན་ཅུའི་ཤུལ་རིང་རྒྱབ་ཏུ་བཞག །དགྲ་ཆེན་འཆི་བ་ནམ་འོང་མི་ཤེས་ཀྱིས། །ཚེ་འདིའི་འདུན་མ་མགྲོན་ཁང་སོ་ནམ་ལྟར། །དོན་ཆུང་འདི་ལ་རང་མགོ་མ་སྐོར་བར། །གཏན་བདེ་རིན་ཆེན་གླིང་དུ་འཁྲིད་པའི་མགོན། །ཐུགས་རྗེ་ཆེན་པོའི་ཞབས་ལ་རྩེ་གཅིག་འཇུས། །ལུས་ཀྱི་སྤྲེའུ་བག་ཡོད་ཁྱིམ་དུ་ཆུག །ངག་གི་ཟོང་ངན་མ་ཎིའི་བརྒྱགས་སུ་སྒྱུར། །སེམས་ཀྱི་བུམ་པ་དགེ་བའི་བདུད་རྩིས་ཁོངས། །གཅིག་པུར་འགྲོ་ཚེ་མཁོ་བའི་དུས་ཞིག་འབྱུང༌། །བྱང་ཆུབ་སེམས་དང་ཟབ་མོའི་ལྟ་བ་དང༌། །ཐེག་པའི་རྒྱལ་པོ་འོད་གསལ་རྫོགས་ཆེན་སོགས། །ཇི་བཞིན་ཤེས་པའི་ཉམས་མྱོང་དཀའ་མོད་ཀྱང༌། །རླབས་ཆེན་སྨོན་ལམ་ཐོབ་དང་དོན་ཆེར་མཆིས། །བསོད་ནམས་དཔྱིད་ཀྱི་དུས་སུ་ཞིང་རྨོ་བཞིན། །འཕྲལ་དང་འཕྲལ་ལ་འབྲས་བུ་མི་མཐོང་ཡང༌། །གྲོགས་མེད་གཉེན་མེད་འཇིག་རྟེན་ཕ་རོལ་དུ། །སྟོན་ཀའི་ལོ་ཏོག་ལེགས་བཞིན་སྤྱད་དུ་ཡོད། །དེ་ཕྱིར་སྙིང་ནས་བརྩེ་བའི་སྙན་བསྐུལ་འདི། །དོན་མེད་བར་སྣང་རླུང་བཞིན་མ་སོང་བར། །བརྗོད་དོན་ཐུགས་ཀྱི་རས་ལ་ཚོན་འཕོས་བཞིན། །བཟུང་ནས་ཚེ་མཇུག་ཆོས་ཀྱིས་འདའ་བར་མཛོད། །སྤྲང་རྒན་གྱིས་བྲིས་པ་མངྒ་ལཾ།། ༈ །།བཤད་ན་ཉམས་མྱོང་མེད་རུང་ཆོས་རྒྱུས་བདོག །བཤད་རྒྱུ་


TN00_Page_201A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཐུན་ཡིན་རུང་ཉན་མཁན་དཀོན། །གདམས་མཁན་ཉེས་པ་སྟོང་གིས་གང་ནའང༌། །གདམས་དོན་ཉམས་སུ་བླང་ན་སྐྱོན་ཡོད་མིན། །དང་པོ་དཀོན་མཆོག་གསུམ་གྱི་སྐྱབས་ཞབས་སུ། །ཕན་བདེའི་བསིལ་གཡབ་འཁོར་བའི་ཚུལ་མཐོང་ནས། །གཙུག་ཕུད་སྙེ་མའི་མཆོད་པ་སངས་རྒྱས་ལ། །ཕུལ་དེས་མི་ལུས་སྐལ་པ་བཟང་པོར་བྱས། །འོན་ཀྱང་འཕགས་པའི་དགེ་བསྙེན་ཆེ་རྣམས་ཀྱི། །སྤུན་ཟླ་མིང་དོན་མཐུན་པར་བྱེད་སྙམ་ན། །རྣམ་དག་བསླབ་པའི་གཞི་ལྔ་རང་སྲོག་དང༌། །བརྡོས་ནས་གཅེས་པར་བཟུང་བ་གནད་དུ་ཆེ། །དམར་སེར་གོས་ཀྱི་མདངས་ལ་རབ་དགའ་ནས། ཁས་ལེན་མིག་འཕང་གྱེན་ལ་ཕྱོགས་ན་ཡང༌། །བག་ཡངས་ནག་ཆང་རོལ་བའི་ཉམས་དགའ་ལ། །བལྟས་ནས་ལག་ལེན་ཐུར་དུ་སོང་བ་མང༌། །དམ་པ་མིན་པས་ཤིན་ཏུ་བསྲུང་དཀའ་དང༌། །དམ་པར་གྱུར་པས་ནན་གྱིས་སློབ་དགོས་པ། །བསླབ་པ་འགངས་སུ་ཆེ་བའི་རྟགས་ཡིན་པས། །རང་གི་རིན་ཆེན་ཆུད་ཟོས་མ་བྱེད་ཨང༌། །ཇི་སྲིད་འཚོའི་བར་དུས་མཚམས་གཞན་མེད་པའི། ཁྲིམས་ཀྱི་ཆུས་སྲིད་ལ་དབང་ཐུབ་པའི་སྲས། །རྟག་ཏུ་བསླབ་པའི་ནོར་མེད་མ་རབས་ཀྱི། །མི་དང་ཀུན་སྤྱོད་འདྲེ་བ་སྨྱོན་པ་ཡིན། །རིན་ཆེན་མེ་ལོང་ཕྱིས་འདྲའི་དགའ་ཚལ་ནང༌། །ཡིད་འཛིན་མེ་ཏོག་ཆོ་ལོ་ལ་རྩེ་ཞིང༌། །འཆི་མེད་བདུད་རྩིའི་ཁྱད་པར་མང་སྤྱད་ནས། །ལྷག་མ་ཐམས་ཅད་ཟད་པའི་མྱང་འདས་


TN00_Page_201B
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། །འཇུག་པའི་ཐེམ་སྐས་ཡོན་ཏན་མཐའ་དག་གི༌།རྩ་བ་ཚུལ་ཁྲིམས་བོར་ནས་གདོང་དམར་མའི། ཁོལ་པོ་རྒྱབ་སྐྱར་སོང་ན་ཆེས་ཕངས་པས། །སྐྱིད་ཀྱིས་རང་སྡུག་མ་ཉོ་སྙིང་ལ་ཕུར། །ཚུལ་ཁྲིམས་ཡོད་ན་ཐོས་ཉུང་བློ་དམན་ཡང༌། །ཏིང་འཛིན་ཤེས་རབ་སྐྱེད་ལ་དཀའ་བ་མེད། །རྩ་བ་མེད་ལ་ལོ་མེད་འབྲས་བུ་མེད། །དེ་སླད་ལམ་གྱི་རྟེན་འབྲེལ་མགོ་ནས་སྒྲིགས། །ཟ་བདེ་མཁུར་བར་འཚམས་པའི་ཟན་ཆང་དང༌། །གོ་བདེ་བློ་དང་མཐུན་པའི་ཚིགས་བཅད་འདི། །མ་འབོར་མ་བརྗེད་ཡིད་ལ་ཉ་ར་གྱིས། །མཁོ་ཆེ་བེད་ཆོད་ངེས་པའི་ནོར་གཅག་ཡིན། །སྨན་ལྷའི་ངོར། །བསྟན་པའི་ཉི་མས་བྲིས། །དགེའོ། །བཀྲ་ཤིས།། ༈ །།ཚེ་འདིའི་བྱ་བ་མཆིལ་མའི་ཐལ་བ་བཞིན། །འབོར་བའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་ཀྱང༌། །རྩ་བ་གསུམ་དང་རྒྱུ་མཚན་རྣམ་པ་དགུ། །ཐག་བཅད་གསུམ་གྱིས་འཆི་བ་བསམ་བྱས་ན། །ཞེན་ལོག་སྐྱེ་བའི་འབྱུང་གནས་ཆེན་པོ་ཡིན། །ཚེ་སྲོག་མི་རྟག་ངེས་པར་འཆི་བ་དང༌། །ཡུན་རིང་མི་སྡོད་མྱུར་དུ་འཆི་བ་དང༌། །འཆི་ཚེ་ཆོས་མིན་གང་གིས་མི་ཕན་ཞེས། །ཡིད་ལ་བྱ་བ་རྩ་བ་རྣམ་གསུམ་ཡིན། །འཆི་བདག་བདུད་ལ་བཟློག་ཐབས་མེད་པ་དང༌། །སྐྱེས་བུའི་ཚེ་ལ་སྣོན་པ་མེད་པ་དང༌། །གཤིན་རྗེའི་ཁྲིམས་ལ་ཕྱིར་བཞག་མེད་པ་གསུམ། །ངེས་པར་འཆི་བའི་རྒྱུ་མཚན་གསུམ་ཞེས་བྱ། །ཚེ་ཡི་འདུ་བྱེད་ཡིད་བརྟན་མེད་པ་དང༌། །སྒྱུ་མའི་ལུས་ལ་སྙིང་པོ་མེད་པ་དང༌། །གསོན་


TN00_Page_202A
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཉུང་ཞིང་འཆི་རྐྱེན་མང་བ་གསུམ། །ནམ་འཆི་ངེས་པ་མེད་པའི་རྒྱུ་མཚན་ཡིན། །འཆི་ཚེ་ལུས་དང་གཏན་བྲལ་བྱེད་པ་དང༌། །ཉེ་དུ་འབྲེལ་བས་ཕན་པ་མེད་པ་དང༌། །ལོངས་སྤྱོད་འབྱོར་པ་ཤུལ་དུ་འཇོག་པ་གསུམ། །འདི་སྣང་བསྒྲུབ་ལ་དགོས་པ་མེད་པའི་རྟགས། །ལྷ་ཆོས་བསྒྲུབ་པར་བློ་ཐག་བཅད་པ་དང༌། །མྱུར་དུ་དམ་ཆོས་བརྩོན་པར་ཐག་བཅད་དང༌། །འཆི་ཚེ་ཕན་ངེས་ཆོས་ཞིག་བསྒྲུབ་དགོས་ཞེས། །འདུན་ཕུགས་བཅའ་བ་ཐག་བཅད་རྣམ་གསུམ་ཡིན། །ཡུན་རིང་དུས་ནས་སྲིད་པའི་གྲོང་ཁྱེར་དུ། །ཆོས་བརྒྱད་བྱ་བ་ཤི་སྤར་འཐམ་ན་ཡང༌། །ཕན་པའི་སྙིང་པོ་རྡུལ་ཙམ་མི་འདུག་ན། །འདི་ལ་སྤར་འཐམ་བྱེད་རྒྱུ་ཅི་ཞིག་ཡོད། །དེ་རིང་མལ་གྱི་ཐ་མ་ལ་འདུག་སྟེ། །ཕྱི་མའི་གྲོང་ཁྱེར་ཆེན་པོར་འགྲོ་དགོས་ན། ཁྱོད་ལ་མི་འཇིགས་དཔའ་གདེང་ཅི་ཞིག་ཡོད། །བསམ་བློ་ནང་དུ་ཐོང་དང་གོ་རྒྱུ་འདུག །བུག་པ་འདག་ཞལ་བྱས་ནས་ཀུན་འབྱུང་སྒོམ། །ཐུགས་དམ་གཙིགས་སུ་མཛད་པའི་རྟོགས་ལྡན་པ། །ཐུགས་རྒྱ་ཆེ་རུ་སོང་བའི་འདུག་ཆས་འདི། །འཆི་བ་ཐུགས་ལ་མ་བཞག་བཀའ་དྲིན་ཡིན། །ལྟ་བ་ཟབ་མོ་རྟོགས་རུང་མ་རྟོགས་རུང༌། །གནས་ལུགས་ཟབ་མོ་མཐོང་རུང་མ་མཐོང་རུང༌། །འཆི་བའི་འགྲོ་ཆས་ཁོ་ན་འདུན་མའི་རྩེར། །གཏད་ན་དམ་པའི་ལྷ་ཆོས་ལག་ན་འདུག །འཆི་ཆོས་བསྒྲུབ་ལ་ཤོམ་ར་མི་དགོས་ཏེ། །འགྲོ་ཞོར་འདུག་ཞོར་གནས་སྐབས་


TN00_Page_202B
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་རུང༌། །བསམ་པ་བཟང་པོ་གཅིག་ལས་མི་འདའ་ན། །དམ་པའི་ལྷ་ཆོས་ལེགས་པར་བསྒྲུབས་ཅེས་བྱ། །ཐུགས་ལ་ཟུངས་ཤིག་སྐལ་པ་ཅན། །སེམས་ལ་འཆོངས་ཤིག་བློ་གྲོས་བཟང༌། །སྤྲང་ཕྲུག་སྨྱོན་པའི་སྨྱོན་གཏམ་འདི། །མ་བརྗེད་མ་བརྗེད་སྐུ་ཚེ་རིང༌། །ཞེས་གཞོན་ནུ་འཇིགས་མེད་པས་བྲིས་པ་དགེའོ།། ༈ །།ལག་པ་དལ་མེད་ལང་ཤོར་འཇིགས་མེད་པ། །ལག་བཟང་མི་མཁོ་དགུ་མཁོའི་རྟོགས་ལྡན་དེས། །བསྐུལ་ནས་ཅི་ཀ་ལེ་དང་ཉོ་ཀ་ཐོའི། །ཡིག་རིས་མི་བྲི་ཟེར་བའི་དམ་བཅའ་ཤོར། །བྲིས་ན་ཚོང་དུས་ཇ་ཤོག་ཟད་པ་མེད། །བཤད་ན་རྣམ་རྟོག་འཆར་སྒོ་རྫོགས་དུས་མེད། །བྱས་ན་རྣམ་གཡེང་རྩེད་མོ་ཟིན་དུས་མེད། །ད་ནི་བྱུང་རྒྱལ་མལ་དུ་ཉལ་ན་ལེགས། །ཐོས་ཀྱང་ཐོས་པ་ཕལ་ཆེར་རྟོག་གེའི་གཏམ། །བཤད་ཀྱང་འཆད་ཉན་ཕལ་ཆེར་ཚིག་གི་རོ། །བསྒོམ་ཀྱང་ཉམས་ལེན་ཕལ་ཆེར་སེམས་ཀྱི་བདུད། །ཐམས་ཅད་གོས་མེད་ཤིག་མེད་གཅེར་ཉལ་མཛོད། །མ་ཉན་ཉན་ལོ་ཐོས་ལོ་རྣ་བའི་དགྲ། །ཉན་ན་ཤེས་རྒྱུད་འདུལ་བའི་ཆོས་གཅིག་ཉོན། །མ་སེམས་སྡུག་བསམ་མུག་བསམ་སྟོང་པའི་འདངས། །བསམ་ན་ཉོན་མོངས་སྤོང་བའི་ཐབས་ཤིག་སོམས། །མ་སྒོམ་ས་སྒོམ་རྡོ་སྒོམ་ཉམས་ཞེན་བདུད། །སྒོམ་ན་ཞེན་མེད་ལྟ་བའི་བབ་ཅིག་སྒོམས། །མ་བྱེད་ཕུ་བྱེད་མདོ་བྱེད་རྣམ་རྟོག་དགྲ། །བྱེད་ན་འདུན་མ་ལེགས་པའི་ལམ་ཞིག་བྱོས། །


TN00_Page_203A
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཆེན་སྒོམ་གྱི་མཐོ་སྐད་ཟེང་མ་འདི། །ཉན་ན་འགྲམ་ཆུ་ལྡང་བའི་སྣང་ལུགས་ཞིག །ཡོད་མོད་ཀིམ་པའི་ཤིང་ཐོག་ཟོས་པ་བཞིན། །མྱང་ན་རང་མཚང་རྡོལ་བའི་སྣང་ཤེས་སྐྱེ། །གནས་པའི་དྲེད་མོང་ལག་གདངས་སྦྲེལ་བ་ཡང༌། །དྲན་རིག་ས་ལའི་ནགས་འདབ་མ་སྙེགས་ན། །འགྱུ་དྲན་འཕར་བ་རྔ་ནག་འདིས་སླེབས་ཚེ། །འཕོང་འགོ་ལག་པས་འགེབ་རྒྱུའི་སྡུག་ལ་ཐུག། གཉིད་ཀྱི་མི་རྒན་བྱིས་པའི་མགོ་ཅན་དང༌། །འཕྲོ་རྒོད་མོན་པ་འགྲོ་ཤེས་ཨ་དགེ་སྤྲེལ། །གོལ་སྒྲིབ་ཁྱི་མང་ནང་གི་བན་རྒན་ཁྱོད། །གེགས་སེལ་སྤྱོད་པའི་བེར་རྒ་རིང་པོར་ཟུངས། །གཡོ་མེད་སེམས་ཀྱི་རྒྱ་མཚོ་མེར་བ་འདིར། །ཆེད་འཛིན་གཉེན་པོའི་དབྱུག་མདུང་མ་མཛད་དང༌། །སྤང་བླང་རྟོག་པའི་རྙོག་པ་དྭངས་པའི་ཁམས། །རྩོལ་སྒྲུབ་མེད་པའི་བསམ་གཏན་ཤུགས་ལ་འཆར། །ལྤགས་སྐྱའི་ཕུ་དུང་གྱོན་པའི་དགེ་སྦྱོང་ཁྱོད། །དྲང་སྲོང་རྒྱལ་མཚན་འཛིན་པ་ཡིན་མཆི་ན། །ད་ནི་ཡོན་ཏན་དམ་པའི་རྒྱལ་མཚན་དེ། །ལྟར་སྣང་ཕྱི་ན་མི་འདུག་ནང་དུ་ཚོལ། །གང་ཚེ་སེམས་ཀྱི་གླང་པོ་གཉའ་རེང་པོ། །གདུལ་ན་མི་གཙང་ལུས་ཀྱི་ཁང་པ་ཡང༌། །གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཞེས་བྱ་སྟེ། །དེ་ཚེ་བདག་ཉིད་ཆེན་པོ་ལག་བཟང་ཡིན། །ཞེས་པའང་ཁང་སྐུང་གི་བན་རྒན་མ་ཎི་པས་ཕུལ།། ༈ །།ན་མ་་མུ་ན་ཡེ། །ཕུན་ཚོགས་ཞི་བ་དམ་པའི་ལྡིང་ཁང་ནས། །ཚངས་དབྱངས་ཆོས་


TN00_Page_203B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྔ་སྒྲ་ལེགས་བསྒྲགས་པས། །ལུས་ཅན་ཕན་བདེའི་དགའ་སྟོན་ལ་འབོད་པ། །མཉམ་མེད་སྐྱོབ་པ་དེ་ཡིས་ཁྱོད་ལ་སྲུངས། །དམ་ཆོས་ཐོས་ཀྱང་རྒྱུད་ལ་མ་སྦྱར་བས། །སྒོ་གསུམ་ཉེས་སྤྱོད་ཁོལ་པོར་རྒས་གྱུར་པ། །བདག་འདྲས་ཆོས་གཏམ་འབུལ་བ་མི་འཚམ་ཡང༌། ཁྱོད་གསུང་མ་བཟློག་ནེ་ཙོའི་མ་ཎི་གསོལ། །འཁོར་བ་ལས་ཀྱི་རི་མོའི་གྲོང་ཁྱེར་ན། །ལུས་རྟེན་མང་སྟེ་མངོན་མཐོ་ཐོབ་པ་ཉུང༌། །ཐོབ་ཀྱང་སྙིང་པོ་ལེན་པ་ཆེས་ཉུང་བས། །སྲིད་འདི་ཆུ་ལྟར་འོག་ཏུ་གཞོལ་བ་ལགས། ཁྱོད་ཀྱིས་ཕུན་ཚོགས་མི་ཡི་བདེ་བ་བརྙེས། །ཐུབ་པའི་ལེགས་བཤད་བདུད་རྩིས་བློ་མིག་སད། །འཕགས་པའི་ཆོས་ལ་རབ་དགའ་ཆེར་འཁྲུངས་པ། །བསོད་ནམས་དམ་པའི་མཐུ་ཡིན་སྟེས་དབང་མིན། །དེ་ལྟ་མོད་ཀྱི་པད་དཀར་ལང་ཚོ་ཡང༌། །སྟོན་ཀའི་སྣང་བས་ལྷག་པར་རྒྱས་པ་བཞིན། །ཡོན་ཏན་ལེགས་ཚོགས་བཤེས་གཉེན་དམ་པའི་མཐུས། །རྒྱས་པར་འགྱུར་གྱིས་དམ་པའི་མགོན་ལ་བསྟེན། །ཆོས་ཚུལ་གསན་ཅིང་ཆོས་ལ་དགའ་བ་དང༌། །ཆོས་མཆོད་ཆོས་ཀྱི་རྗེས་སུ་གོམས་མཛད་ན། །རིན་ཆེན་ཆོས་ཀྱི་བྱིན་རླབས་མི་བསླུ་བས། །སྐུ་ཚེ་བརྒྱུད་མར་དོན་ཆེན་བརྙེས་པར་འགྱུར། །རྒྱལ་པོས་སྐྱེ་དགུ་སྐྱོང་བའི་ཐབས་ཚུལ་ཡང༌། །བག་ཡོད་སྙིང་རྗེ་ལགས་པར་སངས་རྒྱས་གསུངས། །དེ་དག་ཉིད་ཀྱང་ཆོས་མིན་ལ་མེད་ཕྱིར། །ཆོས་ལ་གནས་ཏེ་འཇིག་རྟེན་སྐྱོང་བར་མཛོད། །བདེན་དང་དུལ་


TN00_Page_204A
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏོང་བའི་བསིལ་གྲིབ་ཀྱིས། །འབངས་རྣམས་བཀབ་ན་སྐྱེ་དགུ་བསྐྱང་འགྱུར་གྱི། །ཆོས་མིན་སྤྱོད་པས་མངའ་རིས་སུན་ཕྱུང་ན། །དེ་ཡིས་བདག་ཉིད་མིན་པ་སུ་ཞིག་བསྐྱངས། །སྡིག་སྤྱོད་མེ་ཡིས་འདིར་ཡང་དཔལ་འབྱོར་དང༌། །གྲགས་པའི་དགའ་ཚུལ་ཡིད་འོང་ཀུན་ཉམས་ཏེ། །སླར་ཡང་ས་འོག་མེ་ཡིས་གདུང་འགྱུར་ཕྱིར། །གཉིས་སུ་བདག་ཀྱང་དེ་ཡིས་བསྐྱང་མི་འགྱུར། །ཆབ་སྲིད་རྒྱས་ཤིང་མངའ་རིས་བདེ་བ་དང༌། །གཡུལ་གྱི་ནང་དུ་རྒྱལ་བ་རྙེད་འགྱུར་དང༌། །མཐུ་ཆེན་ལྷ་རྣམས་སྲུང་བ་བྱེད་པ་སོགས། །དགོས་དགུ་མཐའ་དག་ཆོས་ལས་འབྱུང་བར་འགྱུར། །དེ་ཕྱིར་བསྟན་འགྲོའི་དགེ་མཚན་བུང་བའི་གསོས། །ཡོན་ཏན་དྲི་བཟང་རྫོགས་པའི་ལེགས་སྤྱད་ཀྱི། །པདྨ་རྒྱས་འདིས་སྙིགས་མའི་དགུན་ཟླར་ཡང༌། །བློ་མིག་ལྡན་རྣམས་དགའ་བ་སྐྱེད་པར་མཛོད། །རྒྱལ་བས་མཁས་པ་བདེན་པར་སྨྲ་བ་དང༌། །རྨོངས་པ་ངོ་བསྟོད་བྱས་པས་མགུ་འགྱུར་ཞེས། །གསུངས་ཕྱིར་བདེན་པར་སྨྲ་བའི་མེ་ཏོག་འདི། །མི་ཡི་གཙོ་བོ་ཁྱོད་ལ་བདག་གིས་འབུལ། །ཐུབ་རྣམས་ཆོས་ཀྱི་གདུང་ལས་བལྟམས་པ་དང༌། །ལྷ་མིའི་རྒྱལ་སྲིད་ཆོས་ལ་བརྟེན་པ་ཡི། །བདེན་པས་འཇིག་རྟེན་སྐྱོང་བ་ཁྱོད་ཀྱི་དཔལ། །ཀུན་དགའི་ཟླ་བ་གསར་པར་གནས་གྱུར་ཅིག །ཅེས་པའང་བོད་གཞུང་ས་ཆེན་པོའི་གསེར་ཁྲིམས་ཀྱི་ཁ་ལོ་འཛིན་པ་ཇ་སག་མི་དབང་བསོད་ནམས་སྟོབས་རྒྱས་ཀྱི་


TN00_Page_204B
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་གསལ་འདེབས་སུ། རྡོ་རོང་གི་སྤྲང་འཆལ་འཇིགས་མེད་བསྟན་པའི་ཉི་མས་བྲིས་ཏེ་ཕུལ་བ་དགེ་བར་གྱུར་ཅིག །དགེའོ།། ༈ །།ན་མོ་གུ་རུ། །བླ་མ་བསོད་ནམས་རྡོ་རྗེའི་བཀའ་མཆིད་དུ། །སྙིང་ལ་ཕན་པའི་གཏམ་ཞིག་བྲིས་ཤིག་ཅེས། །བསྐུལ་ཚིག་དབྱུག་པས་བདག་ཡིད་བརྡུང་མོད་དེ། །རྨོངས་པའི་ལྕེ་འདི་ཉེས་བཤད་རྒྱལ་བ་ལགས། །འོན་ཀྱང་རིག་འཛིན་གོང་མའི་བཀའ་ལུང་གི༌།ལད་མོ་ཤོར་བས་བཏགས་པའི་ཚིག་གི་རྒྱུད། །ཅུང་ཞིག་མགྲིན་པའི་ལམ་ནས་གླུར་བླང་ན། །རྒྱུ་མའི་ལྟད་མོ་བ་བཞིན་དེང་གཟིགས་ཤིག །འཇིག་རྟེན་སྣང་བ་བཀྲ་སྟེ་འཇའ་ཁྱིམ་འདྲ། །འཇའ་ཁྱིམ་རང་བཞིན་མེད་དེ་སྨིག་རྒྱུ་བཞིན། །སྨིག་རྒྱུ་ངོ་བོས་སྟོང་སྟེན་མ་མཁའ་འདྲ། །ནམ་མཁའ་མཚན་མར་མེད་ཀྱང་རྟོག་བཏགས་ཙམ། །རྟོག་བཏགས་གདོད་ནས་ཡིན་མོད་རྟོགས་པ་དཀོན། །མ་རྟོགས་སྲིད་པའི་འཁོར་ལོ་བརྒྱུད་ཅིང་འགྲོ། །འགྲོ་དྲུག་སྡུག་བསྔལ་རྒྱ་མཚོར་ངང་གིས་འཕྱན། །སྡུག་བསྔལ་ལག་རྩེར་འདུག་ཀྱང་བདེ་བར་སྒོམ། །སྡུག་བསྔལ་མྱོང་མཁན་མང་སྟེ་བཟོད་མཁན་དཀོན། །སྡུག་བསྔལ་འདོད་མཁན་མེད་དེ་བཟློག་མཁན་དཀོན། །སྡུག་བསྔལ་བཟློག་འདོད་ཡོད་ན་བཟློག་ཐབས་འབད། །གང་བྱུང་བྱུང་རྒྱལ་བྱས་པས་ཅི་སྟེ་ལྟོ། །ཐར་འདོད་ཚེ་འདི་སྒྲུབ་པ་ཡ་རེ་ཆ། །ཞེན་ལོག་ཚེ་འདི་གཉེར་བ་ཡ་རེ་ཆ། །གྲུབ་ཆེན་འཁྲུལ་པས་དེད་པ་ཡ་རེ་ཆ། །ཡ་ཆའི་ལད་མོ་ཤོར་ན་དགོད་


TN00_Page_205A
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བྲོ། །སྙིང་ནས་འཆི་བ་དྲན་ན་འཆི་ཆོས་གྱིས། །ཕྱི་མའི་འགྲོ་བརྒྱགས་བཞེད་ན་ལྷ་ཆོས་རེམས། ཁ་ནས་འཁྲུལ་པ་ཞིག་ལོས་མི་ཕན་གྱི། །རང་དྲིན་རང་ལ་ཆེ་བའི་ཆོས་ཤིག་མཛོད། །བླུན་པོའི་བླུན་སེམས་མགུ་བ་སླ་མོད་དེ། །འཆི་བདག་མགོ་བོ་བསྐོར་རྒྱུ་ཡོད་དོགས་མེད། །རང་སེམས་དབང་པོར་ཐུབ་པའི་ལྷ་ཆོས་ཤིག །མཛད་ན་འཆི་བདག་བཟློག་པའི་ཐབས་ཤིག་ཡོད། །སྔ་དྲོ་ཐར་པ་འདོད་ཟེར་རི་ཁྲོད་བཟུང༌། །ཕྱི་དྲོ་གཞན་ཕན་ཡིན་ཟེར་ཡོན་བདག་ཚོལ། །ཟོག་པོ་དམ་པར་བརྫུ་བའི་ཆོས་གཟུགས་ཚོའི། །རྣམ་ཐར་སྙིང་ལ་བཅག་ན་ཨ་རེ་སྡུག་ཁྱོད་ཀྱང་སྙིང་ནས་ཐར་པ་འཐོབ་བཞེད་ན། །ཚེ་འདིའི་བྱ་བ་བཏང་ནས་དབེན་རི་སྙོགས། །གཞན་ཕན་སྙིང་ལ་བཅག་ནས་བྱང་སེམས་སྒོམས། །གཏན་དུ་འདུན་མ་ལེགས་པའི་རྩེ་མོར་འགྲོ། །དང་པོ་འགྲོ་དྲུག་སྙིང་རྗེའི་ཡུལ་དུ་གཟིགས། །བར་དུ་གཞན་ཕན་དོན་གཉེར་ལྷག་བསམ་འབྱོང༌། །ཐ་མ་རྫོགས་བྱང་དོན་གཉེར་བཅོས་མིན་རྙེད། །དེ་ཚེ་རྒྱལ་བའི་སྲས་པོའི་གྲངས་སུ་ཚུད། །སྤྲང་པོའི་སྤྲང་འབོད་གསན་འོས་མ་ལགས་མོད། །གསན་ན་སྤྲང་ཚིག་ཚིག་རྩོག་དོན་ཟབ་མ། །འདི་འདྲ་ཐུགས་ལ་བཞག་ཀྱང་ཕན་ཏེ་མཆི། །ངས་ནི་ཕན་སེམས་ཁོ་ནས་གསོལ་བ་ལགས། །ཞེས་པའང་སྤྲང་སྨྱོན་འཇིགས་མེད་པས་སོ།། ༈ །།ཞལ་གདམས་ཟེར་བ་ཤོག་ཚར་ཆུང་ངུ་ལ། །


TN00_Page_205B
[མ་དཔེ་གཟིགས་ན་འདིར་གནོན།]

ལྐོག་གཏམ་བྲིས་པ་ཙམ་དུ་གོ་མི་རུང༌། །དལ་འབྱོར་རྙེད་དཀའི་ཁྲིད་ནས་རྫོགས་ཆེན་བར། །གང་ཐོས་གདམས་པའི་མཐིལ་དུ་ཤེས་པ་གཅེས། །དང་པོ་འཁོར་བ་ཟེར་བའི་ཚིག་རྐྱང་ལ། །ཡི་མུག་སྒོམ་པ་ངེས་འབྱུང་སྒྲུབ་ཚུལ་མིན། །སྡུག་བསྔལ་རྣམ་གསུམ་རྒྱལ་བས་བཀའ་སྩལ་ལྟར། །ལེགས་པར་ཤེས་ནས་མང་དུ་སེམས་པ་གཅེས། །དེ་ནས་གཞན་ཕྱིར་དམྱལ་བའི་མེ་དོང་དུ། །འཇུག་གོ་སྙམ་པའི་ཚིག་སྐམ་སྙིང་རྗེ་མིན། །བྱམས་བརྩེའི་དམིགས་རྣམ་ཇི་ལྟར་སྒོམ་ཚུལ་བཅས། །ཚང་ལ་མ་ནོར་ཤེས་ནས་སློབ་པ་གཅེས། །མཐར་ཐུག་རྡོ་རྗེའི་ལམ་ལ་སྦྱོང་སྙམ་ན། །ངོ་སྤྲོད་སེམས་འཛིན་གཅིག་པུས་ཆོག་པ་མིན། །དབང་ཐོབ་དམ་ཚིག་ཚུལ་བཞིན་སྲུང་བ་ཡིས། །ལེགས་དགུའི་རྟེན་འབྲེལ་རྩ་བ་ཚུགས་པ་གཅེས། །གནས་བདེ་གསལ་སྟོང་འགྱུ་བ་ངོ་ཤེས་ཙམ། །ཡོད་ཀྱང་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་མིན། །བཞི་ཆ་གསུམ་བྲལ་ཡེ་བབས་རིག་པའི་ཀློང༌། །བསལ་བཞག་བྲལ་བའི་སྐྱོང་ཚུལ་ཤེས་པ་གཅེས། །ཚོགས་དྲུག་སྣང་བ་བཟོ་མེད་ལྷུག་པའི་ངང༌། །དྲན་པས་ཟིན་ཙམ་རྗེས་ཐོབ་རྣལ་འབྱོར་མིན། །སྣང་སེམས་དབྱེར་མེད་རིག་པས་གཟེར་བཏབ་སྟེ། །རྦ་རླབས་རྒྱ་མཚོར་གྲོལ་བའི་མན་ངག་གཅེས། །སྐྱིད་ན་ཆོས་ཀྱི་དྲིན་དུ་ལྟ་བ་གཅེས། །སྡུག་ན་ར་མདའ་ཆོས་ལ་བཅོལ་བ་གཅེས། །


TN00_Page_206A
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་ན་ཚེ་མཇུག་ཆོས་སུ་སྐྱེལ་བ་གཅེས། །ཤི་ན་དམ་ཆོས་བརྒྱགས་སུ་ཁྱེར་བ་གཅེས། །ཤི་གསོན་སྐྱིད་སྡུག་གནས་སྐབས་ཅི་བྱུང་ཡང༌། །བློ་གཏད་མི་འགྱུར་ཆོས་ལ་མཛོད་ཅིག་ཅེས། །སྨྲས་འདི་ཐོགས་མེད་ངེས་ལེགས་གཉིས་ཀྱི་ངོར། །བསྟན་པའི་ཉི་མས་ནགས་འདབས་མལ་ནས་བཀོད།། ༈ །།གང་ཞིག་སྲིད་པའི་སེམས་ཅན་མ་ལུས་པ། །འདུལ་བའི་དོན་སླད་བདུད་རྩིའི་ལམ་སྟོན་པ། །སྟོན་པ་ཟླ་མེད་ཞབས་ལ་ཕྱག་བྱས་ནས། །ཕན་བྱེད་གཏམ་གྱི་ཟེག་མ་འདི་འཐོར་རོ། །སྤྲང་པོའི་བྱིས་པ་འཇིགས་མེད་བསྟན་རྒྱམ་པར། །དམ་པའི་གྲོགས་ཀྱིས་ཞལ་གདམས་བྲིས་ཤིག་ཅེས། །བསྐུལ་ཚིག་ངག་གི་ཕྲེང་བ་སྩལ་མོད་ཀྱི། །འདི་འདྲའི་ཚུལ་ལ་བདག་ཡིད་རངས་མ་གྱུར། །དོན་བཞིན་རྟོགས་ནས་ཚུལ་བཞིན་ཆོས་བསྟན་ཏེ། །གཞན་ཕན་སྤྱོད་ལ་ཁོ་བོ་སྤྲོ་མོད་ཀྱི། །མ་རྟོགས་རྟོགས་བརྫུས་ཟོབ་གཏམ་སྨྲ་བ་ལ། །བདག་གི་ཡིད་ནི་ཀུན་ཏུ་སྤྲོ་མ་གྱུར། །རྒྱལ་བའི་བསྟན་ལ་མོས་པས་ཞུགས་རློམ་ཡང༌། །རྒྱལ་བསྟན་འགལ་མེད་ལམ་གྱི་ཆ་ལག་ཏུ། །རྟོགས་པ་མེད་བཞིན་ཆོས་སྤོང་མ་གསོགས་ཞེས། །གཏམ་འདི་སྨྲ་ལ་ཁོ་བོ་སྤྲོ་མ་ལགས། །ཚུལ་གཉིས་གཞུང་ལུགས་གུས་པས་ཉན་རློམ་ཡང༌། །རྟོགས་པའི་ཉམས་མྱོང་རྡུལ་ཙམ་མ་ཐོན་བཞིན། །ཐོས་དོན་མ་


TN00_Page_206B
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ཐུགས་ཉམས་ཞོག་ཅིག་ཅེས། །སྨྲ་བའི་གཏམ་འདིར་ཁོ་བོ་སྤྲོ་བ་མེད། །སྟོན་པའི་བསྟན་ལ་ལེགས་པར་ཕྲད་གྱུར་ཀྱང༌། །བསྟན་དོན་སྙིང་པོ་རང་སེམས་མ་བཏུལ་བཞིན། །ཐུབ་བསྟན་རིན་ཆེན་སྒྲུབ་པས་སྐྱོངས་ཤིག་ཅེས། །འདི་སྨྲ་བ་ལ་ཁོ་བོ་སྤྲོ་མ་ལགས། །སྲད་བུ་གཅིག་ལའང་ཞེན་པ་མ་ཆོད་པར། །ཆོས་བརྒྱད་སྣང་བ་རོ་བཞིན་དོར་མཛོད་ཅེས། །མིག་ལྡན་རྣམས་ལ་ལོང་བས་ལམ་སྟོན་བཞིན། །རང་གི་ཚིག་ལ་རང་སེམས་ཁྲེལ་བར་ཟད། །ཚེ་འདིའི་མ་ལའང་སྙིང་རྗེ་མེད་བཞིན་དུ། །བྱང་ཆུབ་སེམས་ཀྱིས་རང་རྒྱུད་སྦྱོངས་ཤིག་ཅེས། །མཛེ་བོས་ཁྱུང་སྒྲུབ་གཞན་ལ་སློབ་པ་ལྟར། །ང་དང་ང་འདྲའི་ཆོས་གཏམ་ཡི་རེ་མུག། འདི་དང་འདི་འདྲའི་ཀུན་སྤྱོད་ཡ་ང་བ། །འཕགས་པའི་ལམ་དང་རང་རྒྱུད་མ་འདྲེས་ཤིང༌། །ཐོས་དོན་མ་ནོར་སེམས་ལ་མ་སྦྱར་ཏེ། །ཆོས་དང་རང་སེམས་ཐ་དད་སོང་བས་ལན། །དེ་སླད་ཁྱོད་ཀྱང་དེ་འདྲར་དགོངས་མཛད་ནས། །ལོག་པའི་ལམ་ངན་དུག་ལྟར་ཐག་བསྲིངས་ཏེ། །ཡང་དག་ལམ་བཟང་བདུད་རྩིའི་སྒོར་ཞུགས་ལ། །དགེ་བའི་བཤེས་ཀྱི་གདམ་ངག་དོན་ཡོད་མཛོད། །ཆོས་པ་ཡིན་ཟེར་ཆོས་བརྫུའི་གཟུགས་མང་ཡང༌། །འདི་སྣང་ཞེན་པ་རྨིང་ནས་མ་ཕྱུང་ན། །བཅོས་མའི་ཆོས་ཀྱིས་ཆོས་མཐའ་མི་ཐོན་པས། །འཆི་ཆོས་བྱེད་ན་ཆོས་བརྒྱད་རྡོག་པས་


TN00_Page_207A
[མ་དཔེ་གཟིགས་ན་འདིར་གནོན།]

ནོན། །དམ་པ་ཡིན་ཟེར་དམ་པའི་ཟོལ་མང་ཡང༌། །ནང་ནས་རང་སེམས་ཆོས་ཀྱིས་མ་བཏུལ་ན། །གཞན་གྱི་མིག་སྔར་མཛེས་པས་ཅི་ལྟོ་སྟེ། །དམ་པ་བཞེད་ན་དམ་པའི་ལམ་བཟང་བསྟེན། །མཁས་པ་ཡིན་ཟེར་མཁས་པར་རློམ་མང་ཡང༌། །སེམས་འདུལ་ཐབས་ལ་ནན་ཏན་མ་མཁས་ན། །རྟོག་གེ་རླུང་སྤུར་བཤད་པས་ཅི་བགྱི་སྟེ། །མཁས་པ་བཞེད་ན་བྱས་པའི་ཆོས་ཐག་ཆོད། །དཔའ་བོ་ཡིན་ཟེར་ངར་སྐད་འདོན་མང་ཡང༌། །མ་རིག་འཁྲུལ་པ་བཟློག་ལ་མ་དཔའ་ན། །ལྤགས་སྐམ་འབིག་ལ་མཁས་ཀྱང་མི་ཕན་གྱི། །དཔའ་བོ་བཞེད་ན་རྒ་ཤིའི་རྩ་བ་ཆོམས། །ཕོ་གྲུང་ཡིན་ཟེར་ཤེས་རློམ་མང་མོད་ཀྱི། །ཚེ་རབས་གཏན་གྱི་འདུག་ཆུས་མ་གྲུབ་ན། །འཁྲུལ་པས་འཁྲུལ་པ་སྒྲུབ་པས་ཅི་རུང་སྟེ། །ཕོ་གྲུང་བཞེད་ན་འདུན་མ་གཏན་ལེགས་མཛོད། །གྲུབ་ཐོབ་ཡིན་ལོའི་གྲུབ་རྟགས་འཇོག་མང་ཡང༌། །བདག་སྲེད་རི་བོ་རྨང་འགྱེལ་མ་ནུས་ན། །རྡོ་ལ་རྐང་རྗེས་བཞག་ཀྱང་ཅི་མཚར་ཏེ། །གྲུབ་རྟགས་འཇོག་ན་བདེན་ཞེན་རྩད་ནས་ཆོད། །རྒྱལ་བའི་སྲས་ཞེས་མིང་སྙན་འཆང་མང་ཡང༌། །སྙིང་རྗེ་ཆེན་པོས་རང་སེམས་མ་བཏུལ་ན། །སྙིང་རྗེའི་རོ་མདོག་བསྟན་ཡང་མི་ཕན་པས། །ཐེག་ཆེན་བཞེད་ན་སྙིང་རྗེ་ཆེན་པོར་སློབས། །རྟོགས་ལྡན་ཡིན་ཟེར་ཆེ་རློམ་མང་མོད་


TN00_Page_207B
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །སེམས་ཀྱི་གཞི་རྩ་གཏིང་ནས་མ་ཆོད་ན། །མཉམ་ཉིད་རྟོགས་པའི་མིང་གིས་མི་ཕན་གྱིས། །རྟོགས་ལྡན་བཞེད་ན་སྣང་བའི་རྫུན་ཕུག་གཏིབ། །མདོར་ན་རང་སེམས་འདུལ་བའི་ཐབས་ཀྱི་མཆོག །དང་པོ་ཐར་འདོད་ངེས་འབྱུང་བསམ་པ་བསྐུལ། །བར་དུ་གཞན་ཕན་བྱང་ཆུབ་སེམས་གཉིས་སྦྱོངས། །ཐ་མ་མཉམ་ཉིད་ཆོས་སྐུའི་གཏན་སྲིད་ཟུངས། །དང་པོ་འཆི་བས་འཇིགས་ནས་དགེ་སེམས་བསྐུལ། །བར་དུ་འཁོར་བའི་ཉེས་པས་ལྷག་པར་སྐྲག །ཐ་མ་བྱང་ཆུབ་ཞི་བའི་ཡོན་ཏན་དྲན། །ངེས་འབྱུང་ཡིད་ཀྱི་ཁམས་གསོ་སྦྱིན་བྱེད་ཡིན། །དང་པོ་འགྲོ་དྲུག་མར་ཤེས་ཡིད་འོང་བསྒྲུབ། །བར་དུ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དྲན། །ཐ་མ་བླ་མེད་བྱང་ཆུབ་དོན་གཉེར་བསྐྱེད། །བྱང་ཆུབ་སེམས་ཀྱི་བསྐུལ་མ་འདི་ཡིན་ནོ། །དང་པོ་དགག་བྱ་ངེས་པའི་རྨིང་གཞི་བཏིང༌། །བར་དུ་རང་བཞིན་མེད་རྟོགས་མཁར་རྫོང་བཟུང༌། །ཐ་མ་རྟེན་འབྲེལ་ངེས་པའི་རྒྱན་བཀྲམ་སྟེ། །ཟབ་མོ་བཟོད་པའི་ཡེ་ཤེས་སྙིང་ལ་ཞོག །དེ་སྐད་ཕན་པར་སྨྲ་བའི་གཏམ་གྱི་ཆ། །གང་འདི་དགེ་བའི་བཤེས་ཀྱི་རྣམ་ཐར་ཅན། །པདྨ་བདེ་ཆེན་དགོངས་བཞེད་སྐོང་ཕྱིར་དུ། །སྤྲང་སྨྱོན་འཇིགས་མེད་ཞེས་བྱས་གང་དྲན་བྲིས།། ༈ །།ན་མོ་གུ་རུ། །སྲིད་འདིར་འགྲོ་བའི་ཁྱད་པར་ཇི་སྙེད་དང༌། །དེ་ཡི་བདེ་སྡུག་རྣམ་གྲངས་བསམ་ཡས་པས། །ཐམས་ཅད་རྨོངས་པ་མ་


TN00_Page_208A
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གཅིག་པུ་ལས། །སྤྲུལ་པར་ཟད་ཅེས་གཉིས་མེད་གསུངས་པས་བསྟན། །འཕགས་པའི་གང་ཟག་དབྱེ་བ་རྣམ་མང་དང༌། །དེ་དག་ཡོན་ཏན་འབྱོར་བའི་ཁྱད་པར་ཀུན། །རྟེན་འབྱུང་ཤེས་པའི་བློ་ཡི་སྣང་བ་ཡིས། །རྨོངས་པའི་མུན་སྟུག་བསལ་ལས་འབྱུང་བར་གསུངས། །དེ་ཕྱིར་དགྲ་བོའི་ནང་ན་རྨོངས་པ་དང༌། །དེ་འདུལ་གཉེན་པོའི་ནང་ན་ཤེས་རབ་མཆོག །ཤེས་རབ་བསྐྱེད་ནས་རྨོངས་པ་འཇོམས་པ་ལས། །ཆེས་ལྷག་དཔའ་བོའི་ལས་གཞན་ཡོད་མ་ཡིན། །ཚོང་ལ་སྒྲིམ་དང་ཤག་འགྱེད་བྱང་བ་དང༌། །རྫུན་དང་གཡོ་སྒྱུའི་ལས་ཐབས་མཁས་པ་སོགས། །ཤེས་རབ་ངན་པ་རྨོངས་པའི་མུན་ཁང་ལ། །རིམ་དགུའི་རྩིག་པས་སྣོན་པ་བཏང་བར་ཟད། །འགྲོ་བའི་མིག་གཅིག་རྫོགས་པའི་སངས་རྒྱས་ཀྱི། །བསྟན་པའི་གནད་ལ་བློ་གློས་མིག་བསྒྲུབས་ནས། །ཚུལ་བཞིན་སེམས་པའི་མིག་སྨན་རྣོན་པོ་ཡིས། །ལེགས་པར་སྦྱངས་ན་ཆོས་མིག་དྲི་མེད་འབྱུང༌། །དེང་སང་ལྟ་བ་ཤིན་ཏུ་སྙིགས་མའི་དུས། །ཤེས་རབ་ལྡན་པ་ཉུང་ཞིང་བརྒྱ་ལམ་ན། །ཡོད་ཀྱང་འཆལ་བའི་ཤེས་རབ་གོལ་སླ་བས། །ཕུལ་བྱུང་ཞིང་གི་མཐུ་ལ་བརྟེན་པ་གཅེས། །ཐུབ་པ་མྱ་ངན་འདའ་ཚེ་ང་འདས་ནས། །བསྟན་པའི་མཛོད་འདི་ཁྱོད་ཀྱིས་ཟུངས་ཤིག་ཅེས། །རྒྱལ་སྲས་འཁོར་གྱི་དབུས་སུ་འཇམ་པའི་དབྱངས། །ཐེག་མཆོག་ཆོས་མཛོད་སྐྱོང་བའི་གཉེར་དུ་བསྐོས། །དེ་ཕྱིར་


TN00_Page_208B
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲུབ་ཕྱོགས་གླང་ཞི་བ་ལྷ། །སངས་རྒྱས་བསྐྱང་དང་ཟླ་གྲགས་ཞི་འཚོ་སོགས། །འཕགས་བོད་པཎ་གྲུབ་ནམ་མཁའི་སྐར་ཚོགས་སྙེད། །འཇམ་པའི་དབྱངས་ལས་བློ་མཆོག་དངོས་གྲུབ་བརྙེས། །འདི་ཡི་སྔོན་སྨོན་ཐུགས་བསྐྱེད་བྱིན་རླབས་ལས། །མཚན་བརྗོད་རྒྱུད་ཆེན་འཛམ་གླིང་བྱེ་བ་བརྒྱར། །བཀླགས་པས་གྲུབ་པའི་དངོས་གྲུབ་གཏེར་ཆེན་དུ། །ཉི་ལྟར་གྲགས་ཅེས་དཔེ་མེད་འཚོ་ཡིས་བཤད། །བསིལ་ལྡན་ལྗོངས་འདིར་ཁྱིམ་པའི་ཚོགས་སུ་ཡང༌། །རྒྱུད་འདི་ཉི་ཟླ་ལྟ་བུར་གྲགས་ཆེ་ཞིང༌། །ཀུན་གྱི་མགྲིན་པའི་རྒྱན་དུ་འཛིན་བྱེད་པ། །བསྒྲུབ་སླའི་ཆོས་སྐལ་ཡིན་པའི་རྟགས་སུ་ངེས། །སངས་རྒྱས་ཡོན་ཏན་ལེགས་བསྔགས་བསྟོད་པའི་མཚོ། །རྡོ་རྗེའི་ལམ་བཟང་སྣང་བྱེད་ཉིན་མོའི་མགོན། །ཟབ་དང་རྒྱ་ཆེའི་ལེགས་བཤད་ཟ་མ་ཏོག །བཀླགས་པས་མཆོག་སྦྱིན་རིགས་སྔགས་རྒྱལ་པོ་ཆེ། །འདི་འདྲ་ཀློག་དང་སེམས་པ་ལྟ་ཅི་སྨོས། །གླེགས་བམ་ལན་རེ་མཐོང་དང་མཆོད་པས་ཀྱང༌། །སྲིད་པའི་འབྱོར་པ་སྟོང་གིས་མི་མཚོན་པའི། །ངེས་ལེགས་མཆོག་གི་སྐལ་བཟང་འཛད་མེད་སྟེར། །དེ་ཚུལ་རྒྱ་ཆེར་བདག་འདྲས་ག་ལ་ཤེས། ། གཙོ་བོས་གསང་བདག་དཔའ་བོ་ལ། །ལེགས་པར་གསུངས་པའི་ཕན་ཡོན་རྗེས་བསྔགས་ལས། །ཞིབ་ཏུ་མཁྱེན་མཛོད་མཁྱེན་ནས་ཉམས་ལེན་མཛོད། །བདག་ཀྱང་སྐྱེ་བའི་ཕྲེང་བར་བླ་མ་མཆོག །འཇམ་པའི་དབྱངས་ཀྱི་ཞབས་པད་གུས་བསྟེན་ཏེ། །བསྟོད་


TN00_Page_209A
[མ་དཔེ་གཟིགས་ན་འདིར་གནོན།]

པ་གླུར་བླངས་རྒྱུད་ཀྱི་རྔ་བོ་ཆེས། །ས་གསུམ་རྨོངས་པའི་གཉིད་འཐུག་དཀྲོག་བྱེད་ཤོག །དགེ་སློང་མདོ་སྔགས་ནས་བསྐུལ་བ་ལྟར་སྤྲང་བན་བསྟན་པའི་ཉི་མས་ཐང་སྟོང་རྒྱལ་པོའི་གཞལ་མེད་ཁང་བྱ་བརྒྱ་སིལ་སྙན་ལེན་པའི་གནས་སུ་ཤར་མར་སྤེལ་བའོ།། ༈ །།ཆོས་ཀྱི་དང་པོ་ཚེ་འདིའི་བདེ་སྐྱིད་ལ། །ཞེན་པ་ལོག་པའི་བློ་འདིར་ཐུག་པས་ན། །ཚེ་འདིའི་བདེ་སྐྱིད་མི་རྟག་མི་བརྟན་པར། །མངོན་སུམ་མཐོང་འདིས་སྐྱོ་བ་སྐྱེད་ལ་སྒོམས། །གཉེན་དང་ལོངས་སྤྱོད་ཁང་ཁྱིམ་ས་ཞིང་སོགས། །ཐམས་ཅད་བཞག་ནས་གཅིག་པུར་འགྲོ་བ་ནི། །མྱུར་དུ་རང་གི་ཐོག་ཏུའང་འོང་བས་ན། །བློ་གཏད་ཐུབ་པ་ཆོས་ལས་གཞན་པ་མེད། ཁྲི་ཐོག་དཔོན་དང་སྤྲང་པོ་དབྱུག་བཟུང་བར། །ཐམས་ཅད་རོ་སྐྱེལ་དོན་དུ་སྐྱེས་པ་བཞིན། །གཅིག་ཀྱང་མི་ལུས་ཕྱི་མའི་ལམ་འཇུག་ཀྱང༌། །སྐྱོ་ཤས་མི་སྐྱེ་རྟག་འཛིན་བདུད་ཀྱིས་བསླུས། །སྐྱེས་མཐའ་འཆི་ཤིང་འདུས་མཐའ་བྲལ་བ་འདི། །ཐོག་མེད་དུས་ནས་ཉམས་སུ་མྱོང་གྱུར་ཅིང༌། །ད་དུང་འཁོར་བའི་མཐའ་བར་མྱོང་དགོས་པས། །སེམས་ཤིག་ཡོད་ན་ཐར་འདོད་ཅིས་མི་སྐྱེ། །འདབ་ཆགས་དུ་བས་བདུག་ནས་འཕུར་འདོད་བཞིན། །སྡུག་བསྔལ་མང་པོའི་འབྱུང་ཁུངས་འཁོར་བ་འདིར། །སྐྱོ་ནས་བསམ་རྒྱུ་ཆོས་ལས་མེད་ཙ་ན། །འདི་ཕྱི་ཀུན་ཏུ་འཚེང་བས་སྐྱིད་འགོ་ཚུགས། །ཞེས་འཇིགས་མེད་བསྟན་ཉིས་བྲིས།། ༈ །།ཟླ་བྲལ་སྟོན་པ་དབུ་ཡི་རྒྱན་དུ་ཐོབ། །བསྟན་པ་ལུང་གི་ཕྲེང་བ་


TN00_Page_209B
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྒོར་ཆགས། །བསྟན་འཛིན་བརྒྱུད་པའི་བྱིན་རླབས་ཐུགས་ལ་ཞུགས། །དཀོན་མཆོག་གསུམ་གྱི་ཕྲིན་ལས་གཉེར་འཆང་བ། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །འདི་དང་བར་དོ་ཚེ་རབས་ཕྲེང་བ་ཀུན། །ཐེག་མཆོག་སྟོན་པའི་བཤེས་དང་མི་འབྲལ་ཞིང༌། །བཀའ་བཞིན་སྒྲུབ་ལ་བརྩོན་པར་བྱིན་གྱིས་རློབས། །འདུ་འཛིའི་ནང་དུ་གཡེང་བས་ཁྱེར་བའི་ཚེ། །ལོང་མེད་འཆི་བ་དྲན་པར་བྱིན་གྱིས་རློབས། །དབེན་པའི་གནས་སུ་སྒྲུབ་ལ་གཞོལ་བའི་ཚེ། །བརྩོན་འགྲུས་མཐར་སྐྱེལ་ནུས་པར་བྱིན་གྱིས་རློབས། །སྣ་ཚོགས་ཆོས་ཀྱི་འགལ་རྐྱེན་ལྷགས་པའི་ཚེ། །རྐྱེན་སྣང་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཅི་བྱེད་དམ་པའི་ཆོས་སུ་འགྲོ་བ་ཡིས། །དལ་རྟེན་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཀུན་དགའི་ངོར་ཨ་བྷྱས་བྲིས་པ་དགེའོ།། ༈ །།ཀྱེ་ལགས་ཁྱེད་ནི་མཛངས་པའི་རིགས་སུ་འཁྲུངས། །སྐུ་ལུས་གཞོན་པས་ཐག་རིང་ས་མཐའ་འཁོར། །ཐུགས་རིག་གསལ་བས་མང་པོ་མཁྱེན་ཏེ་མཆིས། །བརྟགས་དཔྱད་མཛད་ཚེ་ལེགས་པ་གང་ཞིག་དགོངས། །ཚེ་གང་འཇིག་རྟེན་བྱ་བས་བྲེལ་བྲེལ་ནས། །ཟིན་མེད་ངང་ལ་བཞག་སྟེ་འགྲོ་བ་དང༌། །སྒོ་གསུམ་ཆོས་ཀྱི་མལ་དུ་སོས་གདལ་ཏེ། །བདེ་ནས་བདེ་བར་འགྲོ་གཉིས་གང་ལ་དགྱེས། །བྱ་སྤུ་བཞིན་དུ་རླུང་གིས་ཁྱེར་བ་དང༌། །གསེར་ཐིག་བཞིན་དུ་སྡོད་ཚུགས་ཐུབ་པ་གཉིས། །སྐྱིད་ཀྱི་སྟེང་


TN00_Page_210A
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དམ་ཆོས་བྱར་བཏུབ་པ། །སུ་ལ་ཡོད་འདུག་འདམ་ན་གང་ཞིག་བཟུང༌། །འདུ་འཛིའི་ནང་དུ་སྨྲ་བ་ལྷུར་ལེན་ཅིང༌། །ཆགས་སྡང་སྒོམ་པས་རྟག་ཏུ་ངལ་བ་དང༌། །དྲང་སྲོང་གནས་སུ་ཆོས་ཀྱི་བདེ་བའི་རོས། །ངལ་གསོ་ཐོབ་དག་སྐྱིད་ཤོས་གང་དུ་གཟིགས། །སྐྱིད་པར་མཁྱེན་གང་ཉིད་ཀྱི་གདན་དུ་ཐིང༌། །སྡུག་པོར་གང་གཟིགས་ལམ་ཁའི་རོ་བཞིན་སྐྱུར། །སྐྱིད་སྡུག་དབྱེ་བ་ཞིབ་མོའི་བློ་ཡིས་དཔྱོད། །བདག་ནི་རྒན་འཆལ་བཅོས་གཏམ་སྨྲ་བར་ཟད། །སང་ཚང་སྤྲུལ་སྐུའི་གསུང་ངོར་བྲིས།། ༈ །།རྒ་བས་ནོན་ཅིང་ནད་ཀྱིས་ཉམ་ཐག་པ། །བདག་འདྲ་མཐོང་ལས་སྙིང་པོ་བླང་རྒྱུ་ནི། །རྒ་ན་འཆི་བས་གཙེས་པའི་འཁོར་བ་པར། །སྐྱོ་ཤས་ཡིད་འབྱུང་སྐྱེ་ལས་གཞན་ཡོད་མིན། །དེ་ཕྱིར་ཁྱོད་ཀྱིས་སྤུན་སྐོག་ལྟ་བུ་ཡི། །བདག་ལུས་མཐོང་ལ་གཙིགས་སུ་མ་མཛད་པར། །དེ་ཡི་སྙིང་པོ་ལྟ་བུའི་སྐྱོ་ཤས་ལ། །གོམས་པར་བསླབ་ནས་ཆོས་ལ་ནན་ཏན་མཛོད། །དེང་སང་ཆགས་སྡང་སོ་ནམ་སུ་མཁས་ལ། །ཕོ་སྐྱེས་མོ་གྲུང་བཟང་པོར་རྩི་ན་ཡང༌། །བདག་ལྟར་རྒ་ན་འཆི་བས་གཏུག་ཙ་ན། །དམ་པའི་ཆོས་མིན་ཅིས་ཀྱང་སྐྱོབ་མི་འགྱུར། །ངས་ཀྱང་ཁྱོད་ལ་དམ་ཆོས་མ་བཤད་མིན། །རྒྱལ་བ་ཕན་མཛད་དེ་ཡིས་དམ་ཆོས་ཀྱི། །རྩ་བ་སྡུག་བསྔལ་སེམས་པ་འདིར་གསུངས་པས། །ཆོས་ཀྱི་གཞི་མ་འདི་ནས་ཚུགས་པར་མཛོད། །འདི་ཡང་ཐོགས་མེད་ངེས་ལེགས་


TN00_Page_210B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གདམས་པའོ།། ༈ །།གུས་པས་ཉོན་དང་ཞལ་གདམས་དོན་གཉེར་ཅན། །གུས་པ་མེད་པར་གཞུང་མང་ཐོས་ན་ཡང༌། །ཐུབ་པའི་ཆོས་ལ་བྱས་གཟོ་མི་འབྱུང་སྟེ། །རྟོག་གེས་དྲེགས་པས་ཆོས་དྲེད་འགའ་ལ་ལྟོས། །གུས་བཅས་གདམས་ངག་ཚིག་གཅིག་ཐོས་ན་ཡང༌། །ཚུལ་བཞིན་སྒྲུབ་པས་སྙིང་པོ་རྙེད་འགྱུར་ཏེ། །སྔོན་གྱི་སེམས་དཔའ་ཆེ་རྣམས་ཡོན་ཏན་ཀུན། །ཆོས་ལ་གུས་པའི་རྒྱུ་ལས་བྱུང་བ་ཡིན། །གུས་པ་དེ་ཡང་ཕྱོགས་རེ་ཙམ་མིན་པར། །མངོན་མཐོའི་ཆོས་ནས་འོད་གསལ་རྫོགས་པ་ཆེའི། །རྒྱུད་སྡེར་ཐུག་པའི་གདམས་ངག་མཐའ་དག་ལ། །སྒྲུབ་པ་སྙིང་པོར་བྱེད་པའི་གུས་པ་སྐྱེད། །འདི་ན་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བམ། །ཐུན་མོང་ཐུན་མིན་ལམ་གྱི་ཡུལ་ཅན་གྱི། །ནན་ཏན་སྲང་གི་མཐོ་དམན་འདྲ་བ་ཕལ། །ཆོས་ལ་གུས་པ་ཕྱོགས་རེར་སོང་བས་ནོངས། །དེ་འདྲ་དེ་ཡིས་ཚེ་འདི་ཟད་ཟད་དུ། །ཆོས་ལ་ཉམས་ལེན་བྱེད་ལོ་བགྱིས་ན་ཡང༌། །བསྟན་པ་ཡོངས་རྫོགས་གྲུ་བཞི་ལམ་མེ་རུ། །རྒྱུད་ལ་སྦྱོར་བའི་སྐལ་པ་ཡོད་མ་ཡིན། །ཚུལ་དེ་བསམས་ནས་སྔོན་འགྲོ་དངོས་གཞི་ཡི། །ལམ་གྱི་ཆ་ཀུན་རིམ་པ་མ་ནོར་བར། །ཉམས་སུ་ལེན་ལ་གུས་པ་བརྟན་པོ་རུ། །སྒྲུབ་འདི་ཞལ་གདམ་བསྐུལ་བའི་ལན་དུ་གདམས། །མངྒ་ལམ།། ༈ །།འཕགས་མཆོག་ལག་ན་རལ་གྲིའི་ཞབས་མཆོད་


TN00_Page_211A
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཐར་པ་འདོད་ལ་གཏམ་གྱི་སྐྱེས་ཤིག་སྤྲོ། །གྲོགས་དག་དལ་བས་བརྒྱན་པའི་ལུས་རྟེན་འདི། །ཤིན་ཏུ་རྙེད་དཀའ་ཨུ་དུམྦ་ར་འདྲ། །ད་རེས་ཕན་པའི་ཆོས་ཤིག་མ་མཛད་ན། །ངན་འགྲོའི་འཕྲང་ལ་འཛེགས་ཚེ་སྐྲག་མོ་ཡོད། །ཚེ་འདིའི་བྱ་བ་མང་པོ་བསྒྲུབས་བསྒྲུབས་ནས། །གཅེར་བུ་ལག་པ་སྟོང་པར་འཆི་ཙ་ན། །གཤིན་རྗེའི་སྒྲ་སྐད་སྙིང་ལ་བརྡེག་བཞིན་དུ། །ཕྱི་མའི་གྲོང་ཁྱེར་ཆེན་པོར་འགྲོ་དོགས་ཡོད། །ད་ལྟ་ངན་འགྲོའི་སྡུག་བསྔལ་ཐོས་གྱུར་ཀྱང༌། །སེམས་ལ་སྐད་ཅིག་ཙམ་ཡང་མི་འཇོག་པར། །རྣམ་གཡེང་ལེ་ལོའི་ངང་དུ་ཉལ་ཉལ་ནས། །འཆི་ཁ་བྲང་ལག་འཐབ་མོ་འབྱུང་དོགས་ཡོད། །ཆོས་བརྒྱད་བྱ་བ་བསྒྲུབ་པའི་འབད་རྩོལ་གྱིས། །མི་ཚེ་གང་པོ་ཡོངས་སུ་འདས་གྱུར་མོད། །ལྷ་ཆོས་ཉིན་གཅིག་ཙམ་ཡང་མི་བསྒྲུབ་པའི། །བྱེད་སྤྱོད་འདི་ལ་བསམ་བློ་ཞིབ་མོ་ཐོངས། །དེ་བཞིན་གཤེགས་པ་རྣམས་ནི་འབྱུང་བར་དཀའ། །དཔྱད་གསུམ་དག་པའི་ཆོས་ནི་འཕྲད་པར་དཀའ། །འབྱོར་པ་བཅུ་པའི་ལུས་ནི་རྙེད་པར་དཀའ། །ད་རེས་ཐོད་པ་འབོར་ཆོག་བྱས་ན་ལེགས། །སྟོན་རློམ་ཆེན་པོའི་གང་ཟག་མང་མོད་དེ། ཁྱོད་ལ་གཏན་གྱི་སྐྱབས་གནས་གཞན་ཞིག་མེད། །མི་བསླུ་ཚད་མའི་བླ་མ་དཀོན་མཆོག་གསུམ། ཁྱེད་ཤེས་བློ་གཏད་ཡུལ་དུ་བྱས་ན་ལེགས། །འཇིག་རྟེན་བྱིས་པའི་སྐྱེ་བོར་གྲོས་མ་འདྲི། །སྡིག་གྲོགས་ཟོག་པོའི་མི་ལ་བློ་མ་


TN00_Page_211B
[མ་དཔེ་གཟིགས་ན་འདིར་གནོན།]

གཏད། །གཅིག་ཏུ་དགེ་བའི་ཆོས་ལ་སྙིང་མ་རིང༌། །རྟག་ཏུ་རང་སེམས་དཔང་པོར་ཐུབ་པ་དགོས། །སྔོན་བྱོན་རྒྱལ་བ་གོང་མའི་རྣམ་ཐར་སོམས། །དབང་པོའི་སྒོ་རྣམས་ཐམས་ཅད་སྡོམ་ལ་སློབས། །བག་མེད་ཉེས་པའི་སྤྱོད་ལ་དུག་ལྟར་འཛེམས། །སྡིག་གྲོགས་སྐྱེ་བོ་རྣམས་ཀྱིས་བསླུས་ཏ་རེ། །གཏམ་འདི་ཉམས་མཚར་རྩེད་མོ་མ་ལགས་ཏེ། ཁྱོད་ལ་ཕན་པའི་ངག་གིས་སྨྲས་པ་ཡིན། །དོན་འདི་སེམས་ལ་ཕུར་ཅིག་སྐལ་བཟང་དག །མ་བརྗེད་མ་བརྗེད་གཏམ་འདི་སྙིང་ལ་ཆོངས། །ཞེས་གཞོན་ནུ་འཇིགས་མེད་པས་སོ།། ༈ །།རྫིང་ན་མེད་པ་ཡུར་བར་ཅི་ཞིག་འདྲེན། །རང་གིས་མ་བསྒོམས་གཞན་ལ་ཅི་ཞིག་གདམས། །འོན་ཀྱང་ལག་དལ་ཉི་མ་རིང་བའི་གཏམ། །ཅུང་ཟད་བགྱིད་འདིར་རྩེད་མོའི་ཆོ་ལོ་མཛོད། །ཤེས་མཐོང་མང་བའི་རྒན་ཉམས་ཡོད་མིན་ཡང༌། །བློ་ཉེས་ངང་ལ་མི་ཚེ་སོང་བའི་ཕྱིར། །རང་ལ་འགྱོད་གནས་མང་དུ་བྱུང་བ་རྣམས། །བཤད་ན་ཁྱེད་ཀྱང་བག་ཟོན་མཛད་དམ་སྙམ། །ཚུལ་ཁྲིམས་ལས་སྨོན་དཀར་པོའི་རྟེན་འབྲེལ་ལས། །དལ་བ་རྙེད་ཅིང་བསྟན་དང་མཇལ་ན་ཡང༌། །བག་མེད་ལེ་ལོའི་ངང་ལ་དུས་དྲོན་ནས། །རྒས་འདི་གཅིག་པོར་འགྲོ་ཚེ་སྐྱོ་བའི་ཡུལ། །དང་པོ་བླ་མ་བསྟེན་ལོ་མང་བྱས་ཀྱང༌། །བདེ་གཤེགས་ཆོས་ལ་གུས་པ་དམན་པའི་ཕྱིར། །རང་རྒྱུད་ཆོས་དང་བླ་མའི་བྱིན་རླབས་ཀྱིས། །མ་གོས་ཆུ་ནང་རྡོ་བ་བཞིན་དུ་སོང༌། །བར་དུ་དམ་ཆོས་


TN00_Page_212A
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ལོ་མང་བྱས་ཀྱང༌། །སྒྲུབ་པ་སྙིང་པོར་བྱེད་འདོད་མེད་པའི་ཕྱིར། །རང་སེམས་འདུལ་བའི་གདམ་ངག་མ་བཙལ་བར། །སྨྲ་མཁས་ཙམ་གྱི་དཔལ་ལ་ཡིད་སྨོན་བྱས། །དེ་ནས་གདམ་ངག་འཚོལ་ལོ་མང་བྱས་ཚེའང༌། །ཆོས་དེས་རང་རྒྱུད་འདུལ་ཚུལ་མ་ཤེས་པར། །ཟབ་དགུའི་གདམས་པ་གཞན་ན་ཡོད་སྙམ་ནས། །ཡོད་སར་མ་བལྟས་མེད་སར་བཙལ་བས་ངལ། །ད་ལྟ་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ཀུན། །སེམས་རྒྱུད་གདུལ་ཐབས་ཁོ་ནར་ཡིད་ཆེས་ཀྱང༌། །དེ་ལ་རྩེ་གཅིག་ནན་ཏན་མི་བྱེད་པར། །ལོག་པའི་ཡུལ་གྱི་ཁོལ་པོར་དུས་ཀུན་འཕྱན། །དམ་ཆོས་མ་ཐོས་བླུན་རྨོངས་ལོང་བ་སྟེ། །ཐོས་ཀྱང་མ་བསམ་ཆོས་དྲེད་བསྒྲུབ་པའི་རྒྱུ། །འདི་འདྲར་འགྱུར་དོགས་དམ་ཆོས་མཉན་པ་དང༌། །ཉན་ནས་གང་ཤེས་སྒྲུབ་ལ་བརྩོན་པར་མཛོད། །ནེ་ཙོའི་ཆོས་སྒྲུང་མཛེ་བོའི་ཁྱུང་སྒྲུབ་ལྟར། །རང་བློ་ཁྲེལ་བའི་ཆོས་གཏམ་ཚིགས་བཅད་འདི། །དྲི་མེད་འོད་ཟེར་ཁྱོད་ལ་མེ་ཏོག་གི །དོ་ཤལ་བཞིན་དུ་བཏེགས་ནས་བདག་གིས་ཕུལ། །ཞེས་པ་སྤྲང་རྒན་བསྟན་པའི་ཉི་མས་བྲིས།། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྒྱལ་བསྟན་ལྔ་བརྒྱ་ཐ་མའི་དུས་ཀྱི་ཚེ། །དམ་ཆོས་དྲན་པ་མང་སྟེ་བྱེད་པ་དཀོན། །ཐེག་མཆོག་འདོད་པ་མང་སྟེ་ཤེས་པ་དཀོན། །གདམས་ངག་ཞུ་མཁན་མང་སྟེ་སྒྲུབ་མཁན་ཉུང༌། །འོན་ཀྱང་སངས་རྒྱས་དགྱེས་པའི་ལམ་གྱི་གནད། །དུས་ངན་འདི་


TN00_Page_212B
[མ་དཔེ་གཟིགས་ན་འདིར་གནོན།]

འདྲར་ཐོས་པའང་རྙེད་དཀའ་བས། །ཞི་བའི་ནགས་འདིར་བྱང་ཆུབ་སེམས་ཀྱི་སྒྲ། །སྒྲོགས་པའི་བློ་གསལ་ཁྱོད་ལ་ཡི་རང་འབུལ། །བྱང་ཆུབ་འདོད་པའི་སེམས་ལ་བྱང་ཆུབ་ཀྱི། །སེམས་ཞེས་བརྗོད་མོད་བྱང་ཆུབ་ཅི་ཡིན་དང༌། །དེ་ཡི་ཡོན་ཏན་ཅི་ཡང་མ་མཐོང་བར། །བྱང་ཆུབ་དོན་གཉེར་ཚིག་ཙམ་ཞིག་ཏུ་ཟད། །དེ་ཕྱིར་རྒྱལ་བའི་ཡོན་ཏན་ཉན་པ་དང༌། །དོན་དེ་སྟོན་པའི་གསུང་རབ་བལྟ་བ་དང༌། །དེ་ཡི་རྗེས་སུ་ལན་མང་སེམས་བྱས་ཏེ། །དད་པ་སྒོམ་འདི་སེམས་དེའི་རྩ་བ་ཡིན། །ཐེག་དམན་བྱང་ཆུབ་འདོད་པས་མི་གཡོ་དང༌། །དཀའ་སྤྱད་མཐའ་ཡས་རྣམས་ཀྱིས་མི་བརྫི་བའི། །བྱང་ཆུབ་བླ་མེད་འདོད་པའི་སྙིང་སྟོབས་མཐུ། །བརྟན་པོར་སྐྱེ་བ་སྙིང་རྗེ་ཆེ་ལ་རག །འགྲོ་ལ་གཅེས་འཛིན་གོམས་པའི་བློ་དང་ནི། །དེ་དག་སྡུག་བསྔལ་མཐོང་བའི་འབྲལ་འདོད་བློ། །ཟུང་འབྲེལ་སྦྱངས་པས་གཞན་དོན་ཁུར་ཁྱེར་གྱི། །བརྩེ་ཆེན་འབྱུང་བར་བདག་ཉིད་ཆེ་རྣམས་བཞེད། །དེ་དག་སྦྱོང་བའི་ཚུལ་དང་གོ་རིམ་དང༌། །དེ་ཡི་སྔོན་དུ་ཇི་ལྟར་བྱ་བ་སོགས། །རྒྱ་ཆེར་ཡོད་ཀྱིས་བརྩོན་པ་བསྐྱེད་མཛོད་ལ། །ཚད་ལྡན་མཁས་པའི་ལེགས་བཤད་ལོངས་ལ་ལྟོས། །དེ་སྐད་སྨྲས་འདི་ཁང་སྟོང་རྔ་གོག་བཞིན། །བས་མཐར་ཁ་རོག་ཉལ་བའི་སྤྲང་རྒན་དེ། །རྔ་གོག་དབྱུག་པས་བརྡུང་ལྟར་དབལ་ཤུལ་གྱི། །བླ་མས་རྣ་བར་གཙེར་ནས་གང་བབས་བྲིས།། ༈ །།ལུས་ཅན་ཕན་བདེ་འབྱུང་


TN00_Page_213A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒོ་གཅིག་པུ། །གཉིས་མེད་གསུང་བའི་བསྟན་པ་ཉག་གཅིག་ཕྱིར། །ཚུལ་དེར་ཉན་བཤད་སྒྲུབ་པའི་བྱ་བ་ཡིས། །ལང་ཚོ་ཡོལ་བ་འདུན་མའི་རྩེ་མོ་ཡིན། ཁྱད་པར་བསྟན་འདི་སྒྲུབ་པ་ལྷུར་ལེན་གྱིས། །འཕགས་པར་གསུངས་ཤིང་ཐུབ་པས་ལན་མང་དུ། །སྒྲུབ་ལ་བརྩོན་པའི་ཡོན་ཏན་བསྔགས་པ་ལ། །དགོངས་ནས་སྒྲུབ་པ་འབའ་ཞིག་སྙིང་པོར་མཛོད། །ས་མཐོར་བཞུགས་པའི་རྒྱལ་སྲས་དབང་ལྡན་རྣམས། །སྐད་ཅིག་རེར་ཡང་ཞིང་མང་རྡུལ་སྙེད་ཀྱི། །བདེ་གཤེགས་བསྟན་ལ་བྱ་བ་ཆེར་མཛད་པ། །དེ་དག་རྣམས་ཀྱང་སྒྲུབ་ལ་བརྩོན་པའི་མཐུ། །དེ་ཕྱིར་ཐོས་པའི་འོ་མཚོ་ནི། །ཚུལ་བཞིན་སེམས་པའི་སྐྱ་བ་ཡིས། །ལེགས་པར་བསྲུབས་ནས་མངོན་རྟོགས་ཀྱི། །མར་དཀར་སྙིང་པོ་ལེན་པར་བསྐུལ། །སརྦ་ཛ་ག་ཏཾ།། ༈ །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྙེད་དཀའ་དལ་རྟེན་རིན་ཆེན་ཐོབ་དུས་འདིར། །དམ་ཆོས་རྣམ་དག་སྒྲུབ་པ་འདུན་མའི་རྩེ། །གལ་ཏེ་དེ་བཞིན་བརྩོན་པར་མ་ནུས་ན། །ཡ་རབས་འཇིག་རྟེན་སྤྱོད་པའི་རྗེས་སུ་ཞུགས། །བདེན་ཞིང་བརྟན་ལ་མཛངས་ཤིང་ཞི་བ་དང༌། །དེས་ཤིང་སྙིང་བརྩེར་ལྡན་པའི་སྐྱེས་བུ་ནི། །འཇིག་རྟེན་སྤྱོད་པའི་ལམ་སྲང་ལ་བརྟེན་ནས། །དམ་ཆོས་འཆི་མེད་གྲོང་དུ་རིམ་གྱིས་འགྲོ། །ཉེས་པ་སྦེད་ཅིང་ཡོན་ཏན་ཟོལ་གྱིས་འཆོས། །གྱ་གྱུའི་ལམ་དུ་བློ་གྲོས་གོམས་བྱེད་ཅིང༌། །སྨྲས་པའི་རྗེས་སུ་


TN00_Page_213B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་མི་འཇུག་པ། །དེ་འདྲ་སྤོང་བ་བདེན་པར་གནས་ཞེས་བྱ། །འཇིག་རྟེན་དཔང་རྒྱ་གཏམ་དང་མནའ་ཐོ་དང༌། །རྒན་རབས་འཁུར་དང་དམ་ཚིག་སྡོམ་པ་སྟེ། །དན་པའི་གནས་ལྔ་འདི་ལས་མི་གཡོ་བའི། །སྐྱེ་བོ་དེ་དག་བརྟན་པའི་ཡོན་ཏན་ཅན། །རང་ཉིད་ལུགས་ལ་མཁས་ཤིང་བྱ་བཞག་ལ། །མཁས་པ་གཞན་ཡང་ལེགས་པར་བསྟེན་བྱས་ཏེ། །བཟང་པོའི་ལམ་སྲོལ་ཞིབ་མོར་དཔྱོད་ནུས་པ། །མ་འཛིང་མ་འཁྲུགས་མཛངས་པའི་བློ་ལྡན་ཡིན། །རྒྱན་པོ་འགྱེད་དང་བཞད་གད་ཤག་འགྱེད་སོགས། །རྟག་ཏུ་སྡོམ་པའི་ཉེ་བར་ཞི་བ་ནི། །ཟབ་ཅིང་གཏིང་དཔག་དཀའ་བའི་གཟི་བྱིན་གྱིས། །འཁོར་གྱི་དབུས་ན་མཆོག་ཏུ་བརྗིད་པར་གསུངས། །འཇིག་རྟེན་ཡ་རབས་སྤྱོད་པའི་གཞི་གཅིག་པུ། །དེས་ཤིང་འཇམ་པ་ཡིན་ཏེ་དེ་ཡོད་ན། །སྐྱེ་བོའི་གླང་ཆེན་འགྲོགས་ན་བདེ་བ་ཡི། །ཡོན་ཏན་ལྕགས་ཀྱུས་མོད་ལ་དབང་དུ་བྱེད། །གསོད་དང་འཕྲོག་སོགས་གཞན་ལ་འཚེ་བ་ཡི། །བསམ་སྦྱོར་སྤངས་ནས་བཟོད་དང་གཏོང་བ་སོགས། །སྙིང་རྗེའི་ངང་ཚུལ་ལྡན་པའི་ཀུན་སྤྱོད་ལ། །གཅིག་ཏུ་གཞོལ་བ་འདི་ཕྱིར་དགེ་བ་ཡིན། །རང་མགོ་མི་ཐོན་རོགས་ལ་ཅི་ཞིག་གདམས། །འོན་ཀྱང་དགོས་པ་ཡོད་སྙམ་བྲིས་པ་མིན། ཁྱོད་ཀྱིས་བསྐུལ་བའི་ནན་ངོ་མི་བཟློག་ཆེད། །ཐོལ་བྱུང་རྟོག་པའི་བྱ་རྗེས་ཤོག་བུར་བཀོད།། ༈ །།རྨོས་ཀྱིན་དུལ་བ་སེམས་ཀྱི་ཞིང་


TN00_Page_214A
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡིན། །བཏབ་ཀྱིན་སྐྱེ་བ་དགེ་བའི་ས་བོན་ཡིན། །སྤྱད་ཀྱིན་འཕེལ་བ་ཆོས་ཀྱི་ལོ་ཐོག་ཡིན། །སོ་ནམ་མཛོད་དང་ཇེ་བས་ཇེ་ཕྱུག་འོང༌། །དང་པོ་ས་རྒོད་རེངས་པ་འདུལ་ཐབས་གཅེས། །བློ་ལྡོག་རྣམ་བཞི་ཡིན་གྱིས་ཡུན་དུ་སྲིང༌། །དེ་ནས་ས་བོན་མ་ནོར་འདེབས་པ་གཅེས། །བྱང་ཆུབ་སེམས་སྦྱོང་ཡིན་གྱིས་སྲོག་ཏུ་གཟུངས། །མཐུན་རྐྱེན་དྲོད་གཤེར་ཟུང་དུ་འཛོམ་པ་གཅེས། །ཚོགས་བསགས་སྒྲིབ་སྦྱོང་ཡིན་གྱིས་ཡང་ཡང་བསླབ། །ཞིང་མཐའ་ར་བ་བརྟན་པོས་སྲུང་བ་གཅེས། །ཚུལ་ཁྲིམས་ཡིན་གྱིས་ཞིག་རལ་མ་སོང་བྱ། །དུས་དང་དུས་སུ་ཡུར་མ་ཡུར་བ་གཅེས། །བདེ་སྡུག་གཏོང་ལེན་ཡིན་གྱིས་མང་དུ་སྒོམ། །མདོར་ན་སེམས་བསྐྱེད་ཡི་དམ་མཐིལ་དུ་འཛིན། །སྤྱོད་པ་རྒྱ་མཚོས་སེམས་བསྐྱེད་རྩལ་སྦྱང་འབད། །ཐེག་ཆེན་གཞུང་ལམ་ཡིན་ནོ་ལམ་ཕྲན་མིན། །གསང་སྔགས་གཞི་རྟེན་ཡིན་ནོ་ལམ་གཞན་མིན། །སྔོན་འགྲོའི་གདམས་ངག་ཡིན་ནོ་དོན་ཆུང་མིན། །བླ་མ་མཉེས་ཤིང་དབང་བསྐུར་རྫོགས་པ་དང༌། །དམ་ཚིག་ཟོལ་མེད་སྒྲུབ་ལ་བརྩོན་པ་ཡིས། །མན་ངག་བཞིན་དུ་སྙིང་པོའི་དོན་ལ་སྦྱོང༌། །མན་ངག་མེད་པར་བསམ་གཏན་གཟུགས་མེད་ཀྱི། །ཏིང་འཛིན་ཙམ་ཡང་འགྲུབ་པར་མི་འགྱུར་ན། །བསམ་གྱིས་མི་ཁྱབ་སོ་སོ་རང་རིག་ཡུལ། །ཕོ་ཚོད་ཙམ་གྱིས་འཇལ་བ་སྨྱོ་འགྲོས་ཡིན། །གསང་སྔགས་བྱིན་རླབས་ལམ་ཞེས་


TN00_Page_214B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྲགས། །རང་གིས་མ་བསྒོམས་དྲེད་པོ་ཁ་བཤད་མཁན། །བདག་འདྲས་ཟབ་ཟབ་མང་པོ་བཤད་ན་ཡང༌། །བྱིན་རླབས་བཅུད་བྲལ་ཚིག་གི་ལྦུ་བར་ཟད། །དེ་སླད་བརྒྱུད་པ་རིན་ཆེན་སེལ་མེད་ཅིང༌། །ཉམས་ལེན་བྱིན་རླབས་རྟོགས་པའི་ཚ་དྲོད་ཅན། །མཚན་ལྡན་བླ་མའི་ཞལ་གསུང་བདུད་རྩིའི་བཅུད། །འཐུང་ལ་སེམས་ཀྱི་ཟུངས་སུ་ཐེབ་ངེས་མཛོད། །གཏེར་གྱི་ཁ་བྱང་ལྟ་བུའི་ཚིག་རྐང་ནི། །སེམས་ཀྱི་ངོ་བོ་རྗེན་པར་མཐོང་བ་དང༌། །མཐོང་ནས་ཅོག་བཞག་གནད་ཀྱིས་སྐྱོང་བ་དང༌། །གེགས་སེལ་བོགས་འདོན་ཆིག་ཆོད་བྱེད་པའོ། །དེ་སྐད་འཇིགས་མེད་དབང་དྲག་དེས་བསྐུལ་ནས། །རྡོ་རྒན་འཆལ་བས་ཡིད་ལ་གང་བབ་བྲིས། །དགེའོ།། ༈ །།ལམ་གྱི་རྩ་བ་ངེས་འབྱུང་སེམས་བསྐྱེད་སྒོམས། །རྩ་བ་མེད་པར་ཡལ་ག་ཅི་ལས་སྐྱེ། །ལམ་གྱི་སྙིང་པོ་མཐའ་བྲལ་ལྟ་བ་སྐྱོངས། །སྙིང་པོ་མེད་པའི་ཡལ་ག་ཅི་རུ་རུང༌། །ལམ་གྱི་མཐར་ཐུག་འོད་གསལ་རྫོགས་ཆེན་ཚོལ། །མཐར་ཐུག་མ་རྙེད་རིང་ལམ་ཉི་ཚེ་བ། །འོན་ཀྱང་མཐར་ཐུག་མ་རྙེད་རིང་ལམ་ཡོད། །གྲོལ་ལམ་མ་རྙེད་གོང་ན་སྨིན་ལམ་ཡོད། །སྨིན་ལམ་བོར་བའི་གྲོལ་ལམ་ལྟར་སྣང་བ། །ཐུན་མོང་བསྐྱུར་བའི་གསེང་ལམ་གཟུགས་བརྙན་ཙམ། །དེ་ཕྱིར་མགོ་བོ་མེད་པའི་མཇུག་མ་ལས། །མཇུག་མ་མེད་པའི་མགོ་བོ་གཙོར་ཤེས་བྱོས། །དེ་ནས་


TN00_Page_215A
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཐོག་མཐའ་བར་གསུམ་ཆ། །ཡོངས་རྫོགས་ཐེག་མཆོག་ལུས་བཟང་རྒྱས་པར་འགྱུར།། ༈ །།ལེགས་ཚོགས་བརྒྱ་ལས་ལེགས་འོང་ལྷ་ཡི་ཚུལ། །སྐལ་བཟང་བསོད་ནམས་སྐལ་བར་ས་སྟེང་འོངས། །ཡིད་བཞིན་འབྱོར་བས་ཡིད་རབ་འཕྲོག་བྱེད་པ། །གང་འདིར་གནས་པ་གང་ཡིན་དེ་རབ་དགའ། །བྱ་བ་བསྙུང་ཞིང་བྱ་ལྟར་གསོག་འཇོག་བྲལ། །འདུ་འཛིའི་ནང་ལྟར་འདུ་འགོད་བརྩི་བའང་མེད། །ཅི་ལྟར་བྱས་ཀྱང་ཅི་ནས་བློ་བདེ་བ། །དབེན་པའི་མལ་དུ་དབེན་གསུམ་སྒོམ་རྣམས་བདེ། །ཟླ་མེད་ཟླ་བ་བཞིན་དུ་གཅིག་པུར་མཛེས། །ནོར་སྤངས་ནོར་བུས་མི་མཚོན་ཆོག་ཤེས་གཏེར། །འདོད་ཆུང་འདོད་ལྷའི་མདས་ཀྱང་མི་ཕིག་པ། །བསམས་ཤིང་བསམ་ན་བསམ་གཏན་སྤྱོད་རྣམས་བདེ། །སྟོབས་ལྡན་སྟོབས་མེད་ལྟ་བུར་གཞན་དབང་སོང༌། །སྣ་ལ་སྣ་ཚོགས་མཚོན་བཏགས་དགྲ་འཇོམས་པའི། །གླང་ཆེན་གླང་རྫིས་བཏུལ་བའི་ཚུལ་སོམས་དང༌། །ཆེན་པོའི་ཆེ་ཐོབ་འདི་ཡང་སྙིང་པོ་ཆུང༌། །ད་ནི་ད་ལྟ་ཉིད་ནས་བློ་སྣ་བསྟུང༌། །སུ་བསམ་སུ་ཟེར་དབང་དུ་མི་གཏོང་བར། །རང་དྲིན་རང་ཆོད་ངེས་པའི་དམ་ཆོས་ཞིག །ཨེ་བྱེད་མི་བྱེད་རང་ལ་རགས་ལས་སོ།། ༈ །།སྙིང་ནས་བྱང་ཆུབ་འདོད་ན་འདི་འདྲ་དགོས། །ཐེག་མཆོག་དགེ་བའི་བཤེས་ལ་བསྟེན་པ་དགོས། །བསྟེན་ནས་


TN00_Page_215B
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཚུལ་བཞིན་བླང་བ་དགོས། །གདམས་དོན་སྒྲུབ་པ་སྙིང་པོར་བྱེད་པ་དགོས། །དགོས་པ་གསུམ་དང་ལྡན་ན་འཚེང་སྟེ་མཆི། །བླ་མ་དམ་པ་དོན་གསལ་གྱི་གསུང་ངོར་བྲིས།། ༈ །།ཀྱེ་ལགས་རྣམ་གྲོལ་བདེ་བ་དོན་གཉེར་ན། །རྣམ་དག་ཐར་ལམ་བལྟ་བའི་སྒྲོན་མེ་ཆེ། །ཐུབ་པའི་ལེགས་བཤད་མང་དུ་ཐོས་པ་གཅེས། །ཐོས་པའི་ཆོས་ལ་སྙིང་པོ་ལེན་བྱེད་པ། །ཚུལ་བཞིན་སེམས་པའི་སྦྱོར་བ་བསྟེན་པ་གཅེས། །ཡོན་ཏན་མི་ཉམས་གོང་དུ་འཕེལ་བའི་གཞི། །དམ་པའི་མགོན་ལ་བསྟེན་ཡུན་རིང་བ་གཅེས། །གཅེས་པའི་གནད་ལ་གཅེས་སྤྲས་ཆེན་པོར་མཛོད། །བློ་གསལ་དམ་པ་དཔལ་དབྱངས་ཀྱི་བཞེད་པ་ལྟར་བྲིས།། ༈ །།ཚེ་འདིའི་ཕུན་ཚོགས་ཆུ་བོའི་རླབས་ལྟར་གཡོ། །འཁོར་བ་མཚན་མོའི་ནགས་རླུང་རྒྱུ་བར་དཀའ། །ལན་ཅིག་རྙེད་པའི་དལ་རྟེན་རིན་ཆེན་འདིར། །གཏན་འདུན་འཆུག་མེད་བསྒྲུབ་ན་མི་ལེགས་སམ། །དོན་གཉེར་ཅན་གྱི་ངོར་བྲིས།། ༈ །།རྒྱལ་བས་ཚུལ་ཁྲིམས་ཡོན་ཏན་གཞི་མར་གསུངས། །བག་མེད་ཉེས་པ་ཀུན་གྱི་རྟེན་དུ་གསུངས། །དེ་སླད་ཁྱོད་ཀྱི་བག་ཡོད་གོམས་མཛད་ཅིང༌། །ཚུལ་ཁྲིམས་མིག་བཞིན་བསྲུང་ལ་འབད་འཚལ་ལོ། །ཛྙཱ་ན་བྷ་དྲའི་ངོར་བྲིས་ཏེ་ཕུལ།། ༈ །།ཡོན་ཏན་རྟེན་གཞི་ཚུལ་ཁྲིམས་ཡིན་གསུངས་ཀྱང༌། །ཚུལ་ཁྲིམས་མི་ཤེས་ལྟ་བ་མཐོ་སྙམ་དུ། །རྟེན་མེད་ནམ་མཁར་ཉལ་བའི་སྒྱུ་མ་


TN00_Page_216A
[མ་དཔེ་གཟིགས་ན་འདིར་གནོན།]

མཁན། །རྨོངས་པས་ངོ་མཚར་བྱེད་པ་མང་པོ་ཡོད། །དེ་འདྲ་མང་བས་ངོ་མཚར་མི་ཆེ་མོད། །ཚུལ་ཁྲིམས་ནོར་བུའི་ཐེམ་སྐས་ལེགས་བཙུགས་ཏེ། །སྲིད་ན་གནས་ཀྱང་ཞི་བའི་ལམ་ཕྱིན་པའི། །སྐལ་བཟང་དེ་དག་མཁས་པའི་ངོ་མཚར་གནས། ཁྱོད་ཀྱིས་ངོ་མཚར་སྔ་མ་མ་མཛད་པར། །ངོ་མཚར་བྱེད་པའི་ལམ་སྲང་གཉིས་པ་འདིར། །བློ་རྩེ་གཅིག་ཏུ་དྲིལ་ལ་བསྟེན་མཛད་ན། །ངོ་མཚར་ཡོན་ཏན་རིམ་གྱིས་རྙེད་པར་འགྱུར། །དམེ་ངོ་མཚར་ལ་བྲིས།། ༈ །།གོམ་རེ་བཞིན་ཡང་ཡར་སོང་ན། །མཐོན་པོའི་རི་རྩེར་བུད་ནས་འགྲོ། །ཉིན་རེ་བཞིན་དུ་བློ་བཅོས་ན། །ཡོན་ཏན་ཚོགས་ཀྱིས་ཇེ་མཐོར་འགྲོ། །ཐོག་སོ་སྟོང་གི་རྩེར་གནས་ཀྱང༌། །ལྕེབ་ན་གཡང་ལ་ལྟུང་བར་འགྱུར། །དགེ་སྦྱོར་མང་པོ་བྱས་སྙམ་ཡང༌། །བསམ་ཉེས་གཅིག་གིས་ཐུར་དུ་འགྲོ། །རི་གཟར་ངོས་ཀྱི་རྦབ་རྡོ་ལྟར། །ཡར་འཐེན་འབད་ནས་བྱ་དགོས་དང༌། །ཐུར་དུ་འབད་མེད་འགྲོ་བ་འདི། །འཁོར་བའི་སེམས་ཅན་སྤྱི་ཡི་ལུགས། །ནོར་དང་བུད་མེད་འདུ་འཛི་སོགས། །སྐྱིད་དུ་བསྒོམ་ནས་སྡུག་འོག་འཛུལ། །མར་མེ་ལང་ཚོ་རྒྱས་པ་དང༌། །རྩེའོ་སྙམ་ནས་ཕྱེ་ལེབ་འཆི། །གང་དང་གང་ལ་འཁོར་བ་པ། །དགའ་བའི་གནས་དེ་ཐུར་འགྲོའི་རྒྱུ། །འབྱུང་པོས་ཟིན་རྣམས་ཡིད་འོང་ཡུལ། །མཐོང་བ་འགག་གྲིར་འཆི་བའི་ལྟས། །ལོག་པའི་ཡུལ་ལ་གོམས་པའི་སེམས། །གློད་ན་མི་བཟང་བཟུང་ན་


TN00_Page_216B
[མ་དཔེ་གཟིགས་ན་འདིར་གནོན།]

བཟང༌། །སྨྱོན་པ་གཡང་ས་ཉུལ་བ་དེ། །མངག་ན་མི་ལེགས་བཀྱིག་ན་ལེགས། །འདུན་མ་ལེགས་ཉེས་མཐའ་ལ་ལྟོས། །གནས་སྐབས་ལེགས་ཀྱང་ལྟར་སྣང་ཙམ། །སྲིན་མོའི་གླིང་གི་ཚོང་པ་ཡང༌། །འཕྲལ་ལ་ཉམས་དགའ་ལྟ་བུར་གནས། །རེ་ཞིག་སྐྱིད་སྐྱིད་མི་འདྲ་ཡང༌། །ནམ་ཕུགས་ལེགས་པའི་ཆོས་དེ་ཟུངས། །ནད་མེད་བདེ་བ་འདོད་པ་ཡིས། །སྐྱུག་བྲོའི་སྨན་ཡང་བསྟེན་ལ་སོམས། །དམ་པའི་རྣམ་ཐར་རྗེས་སུ་སློབས། །བསླབས་ནས་མ་ལོབ་གཅིག་ཡོད་མིན། །དྲང་སྲོང་གནས་པའི་ནགས་ཁྲོད་ཀྱི། །ནེ་ཙོའང་རིག་བྱེད་འདོན་ཞེས་ཐོས། །རང་བློ་ཆོས་ལམ་མ་ཚུད་ན། །ཕྱི་ཚུལ་བཟང་ཡང་རྟག་མི་ཐུབ། །སྣ་ཆད་ལྷ་ཡི་འབག་གྱོན་པ། །མཛེས་མཛེས་འདྲ་ཡང་ག་ལ་བདེན། །ཆོས་བྱེད་རྒྱལ་པོའི་བླ་མ་སྟེ། །སྡིག་སྤྱོད་བུད་མེད་ཁོལ་པོ་ཡིན། །སྐྱིད་པོ་འདོད་ན་དམྱལ་བ་དང༌། །བདེ་འགྲོའི་ལམ་སྣེ་ནོར་མི་རུང༌། །འདོད་པའི་བདེ་བ་ཁྱི་ལའང་ཡོད། །ཆོས་ཀྱི་བདེ་བ་འཕགས་པའི་ནོར། །མཐོ་རིས་བདུད་རྩིའི་ཟད་ཅན་ལྷ། །གྲོང་མཐའི་རུས་གོང་ཅི་ལ་བསྡུ། །རང་ཉིད་ཉེས་པར་སྤྱོད་མཐོང་ཡང༌། །ངོ་ཚ་མེད་ན་ཅིར་མི་སེམས། །དེ་ཕོས་འཁྲིགས་པ་མི་སྦེད་པ། །ངོ་ཚ་བྲལ་བའི་རྣམ་འགྱུར་ཡིན། །ངོ་ཚ་བོར་ན་བྱ་བ་དང༌། །བྱ་མིན་ཞེས་བྱ་ཅི་ཡང་མེད། ཁྱི་རྒན་སྣ་རྫི་ཤོར་བ་ལ། །བཟའ་དང་བཟའ་མིན་དབྱེ་བ་ཅི། །སྙིགས་དུས་མི་རྣམས་


TN00_Page_217A
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཚའི་གོས། །བོར་བ་སྤོབས་པ་མཐོ་བར་རྩི། །ཙུ་ཏའི་ཡུལ་དུ་རྐང་པ་གཉིས། །མ་ཚང་གཟུགས་བཟང་ཡིན་པར་སེམས། །ངོ་ཚ་ཡོད་ན་རང་སེམས་ལས། །གཞན་དུ་སློབ་དཔོན་བཙལ་མི་དགོས། །རྟ་མཆོག་ཅང་ཤེས་འགྲོ་བ་ལ། །ལྕགས་ཚན་བརྡབ་ནས་བསྐུལ་མི་དགོས། །ཆོས་ཀྱི་སྲོག་མཁར་ཚུལ་ཁྲིམས་ཏེ། །སྲུང་ཐབས་ངོ་ཚ་ཤེས་པ་བཟང༌། ཁྱིམ་ན་གཅེས་པ་བུ་ཆུང་སྟེ། །སྲུང་མཁན་མ་མ་བཟང་མོ་དགོས། །སངས་རྒྱས་གསུང་རྒྱུན་ཟེག་མ་ཡིན། །ཉམས་སུ་ལེན་ན་ཞལ་གདམས་ཡིན། །མི་ལེན་ཁ་མཚར་རྩེད་མོ་ཡིན། །གང་ཡང་བཀྲ་ཤིས་དཔལ་འབར་ཤོག། ༈ །།ཉེར་ལེན་ཕུང་པོའི་རེ་ཧྲུལ་ལ། །སེམས་ཅན་རྨོངས་པ་སྐྱིད་སྣང་སྐྱེས། །ཆོས་ཀྱིས་ཕོངས་པའི་མུ་གེ་ཡིས། །བདེ་སྐྱིད་ཤ་ཕྲི་རུས་ལ་ཐུག །སྤྱི་སེམས་ཆེ་བའི་མི་མཆོག་ཅིག །དཀའ་སྤྱད་བརྒྱ་ཡིས་ཐག་རིང་བགྲོད། །ཀུན་མཁྱེན་རིན་ཆེན་གླིང་དུ་སོན། །འགྲོ་མགོན་་བླ་མར་གྲགས། །དེ་ནི་དམ་ཆོས་འབུར་ནོར་གྱི། །ཕམ་ཕབ་ས་ལ་ཤོང་དཀའ་བ། །བསྣམས་ནས་མི་མཇེད་ཛམ་གླིང་འདིར། །གདུལ་བྱའི་ཚོགས་ལ་སྙོམས་པར་བཀྱེས། །བླང་ན་མང་པོ་ཐོབ་འགྱུར་ཏེ། །དོར་ན་གཅིག་ཀྱང་རྙེད་མི་འགྱུར། །དེ་སླད་དགའ་སྟོན་ཆེན་པོ་འདིར། །བགོ་སྐལ་ཡོད་མེད་སྣ་ཚོགས་བྱུང༌། །རྣམ་དཔྱོད་ལག་པ་རིང་ན་


TN00_Page_217B
[མ་དཔེ་གཟིགས་ན་འདིར་གནོན།]

བཟང༌། །དད་པའི་སློང་ཕོར་ཆེ་ན་དགའ། །སློང་ལ་སྐྱོ་དུབ་མེད་པ་གཅེས། །འདི་གསུམ་ལྡན་ན་ཕྱུག་པོ་འོང༌། །རྣམ་དཔྱོད་བསླབ་ན་སྐྱེ་འགྱུར་ཞིང༌། །དད་པ་སྦྱང་ན་འཕེལ་འགྱུར་སྟེ། །བསླབ་སྦྱང་འབད་པ་ལ་གནས་པས། །གསུམ་པོའི་ནང་ན་བརྩོན་འགྲུས་གཙོ། །གད་ཐོག་ལྷུན་པོས་སེམས་ལ་གང་ཤར་ཅིག་བྲིས་ཟེར་བར་ཨ་མཚར་བྲིས་ནས་ཕུལ།། ༈ །།ཕུན་ཚོགས་ཚངས་དབྱངས་བདུད་རྩིའི་སྣང་བས། །ས་གསུམ་འགྲོ་བའི་གདུང་བ་འཕྲོག་མཛད། །དཔལ་ལྡན་་རིགས་ཀྱི་ཟླ་བ། །དེ་ཡིས་ཁྱོད་ལ་དགེ་ལེགས་སྩོལ་ཅིག །ཉོན་དང་ཤར་ཕྱོགས་བསམ་སའི་ཡུལ་གྱི། །དད་ལྡན་འགྱུར་མེད་རྡོ་རྗེའི་མིང་ཅན། །གཏད་ཆོག་རེ་ས་གཞན་ན་མེད་ཀྱིས། །བློ་རྩེ་དམ་པའི་ཆོས་ལ་དྲིལ་དང༌། །བསླུ་བྲིད་སྒྱུ་མའི་རྩེད་འཇོར་ཡེངས་ལྟར། །ཚེ་འདིའི་རྣམ་གཡེང་ཟ་ཟིའི་ངང་དུ། །མི་ཚེ་ཕལ་ཆེར་སོང་ནས་གདའ་ཡིས། །ཆོས་ཤིག་བྱེད་ན་བྱེད་རན་འདུག་གོ །ཐོག་མ་མེད་ནས་སྐྱེ་ཤི་བརྒྱུད་ཀྱང༌། །རྒྱལ་བསྟན་མཇལ་བ་ད་རེས་ཙམ་ཡིན། །ཐེང་ཅིག་རྙེད་པའི་དལ་འབྱོར་རྟེན་འདི། །ཆུད་ཟོས་སོང་ན་མི་ཕན་སྲིད་དམ། །བཙན་ཕྱུག་སྐྱིད་དར་འཇོམས་པའི་ཆེ་དགུ། །ཀུན་ཀྱང་གཅིག་པུར་སྒྲེན་མོ་ལག་སྟོང༌། །དབང་མེད་འཇིག་རྟེན་ཕ་རོལ་སོང་བའི། །ཚུལ་འདི་སོམས་ལ་བློ་སྣ་སྟུང་དང༌། །འདི་ཕྱི་བར་དོའི་གནས་སྐབས་ཀུན་ཏུ། །སྐྱིད་སྡུག་ཅི་འོང་ལས་ཀྱིས་ཤེས་


TN00_Page_218A
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །རང་བྱས་ལས་ལ་མཛུབ་མོ་བཀུག་ཚེ། །མི་འཇིགས་སྙམ་པའི་བློ་རྩེ་ཅི་འདུག །ཚེ་ལྷག་ལུག་གི་མཇུག་མ་ཙམ་འདི། །ཇི་ལྟར་བྱས་ཀྱང་ཕྱིད་ནས་འགྲོ་སྟེ། །ཤུལ་རིང་འཇིག་རྟེན་ཕྱི་མར་སླེབས་དུས། །སྐྱིད་པའི་འདུན་མ་ལེགས་པ་དཀའ་འོ། །དཀའ་འོ་སྙམ་པའི་ངང་ལ་བསྡད་ན། །ཅི་ཡང་མ་ནུས་ངང་དུ་ཤི་ཡོང༌། །བླང་དོར་ཇི་ལྟར་ནུས་བཞིན་བྱས་ན། །ཉིན་བཞིན་ཤེས་རྒྱུད་ཆོས་ཀྱིས་གང་ཡོང༌། །ད་ལྟ་རྨོངས་པ་མགོ་འཕང་མཐོ་དུས། །ཆོས་བྱེད་པས་ཀྱང་སྡིག་བྱེད་བྲིན་ཏེ། །ནམ་ཞིག་ཆོས་མིན་ཅིས་ཀྱང་བསླུ་བར། །ཐོག་ཏུ་ཁེལ་བའི་དུས་ཤིག་ཡོང་གིས། །དད་དང་སྙིང་སྟོབས་དཔའ་མཛངས་རྩལ་ཤུགས། །ཅི་ཡོད་ཆོས་ཀྱི་ཕྱོགས་སུ་སྤྲུགས་ནས། །ཆོས་དང་ལྷན་ཅིག་བདེ་ནས་བདེ་བར། །འགྲོ་བའི་མི་དེ་རྒོད་པོའི་ཡང་རྩེ། །རྒྱལ་དབང་བདེན་པ་གསུང་བ་དེ་ཡིས། །ཆོས་ཀུན་སྨོན་ལམ་རྩ་བ་ཅན་དུ། །གསུངས་ཕྱིར་བློ་ལྡོག་བཞི་ནས་བརྩམས་ཏེ། །འོད་གསལ་རྡོ་རྗེ་རྩེ་མོའི་བར་གྱི། །ལམ་བཟང་མཐའ་དག་ཚང་ལ་མ་ནོར། །གོ་རིམ་མ་འཁྲུགས་ཇི་བཞིན་ཉིད་དུ། །སྐྱེ་དང་གནས་དང་འཕེལ་བའི་དོན་ཕྱིར། །རྣམ་དག་སྨོན་ལམ་རྒྱུན་དུ་ཐོབ་དང༌། །སྨོན་ལམ་འགྲུབ་པའི་རྒྱུ་ཡི་གཙོ་བོ། །ཚུལ་ཁྲིམས་ཉག་གཅིག་ཡིན་པར་གསུངས་པས། །ཚུལ་ཁྲིམས་ཀུན་གྱི་དང་པོའི་སྒོར་གྱུར། །མི་དགེ་བཅུ་སྤོང་འབད་ནས་སློབ་དང༌། །ཀུན་སྤྱོད་བསྡམ་པའི་


TN00_Page_218B
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་རྣམ་རིག །ཚུལ་ཁྲིམས་སྲུང་བའི་སྒོ་ཙམ་ཡིན་ཀྱང༌། ཁྲིམས་ཀྱི་ངོ་བོ་སྡོམ་སེམས་བརྟན་པ། ཁོ་ན་ཡིན་གྱིས་རྩ་བ་མ་འབོར། །གཉིད་དང་རྨི་ལམ་སད་པའི་དུས་ཀུན། །འདི་འདྲའི་དགེ་སྦྱོར་གཙང་མར་སྲེས་དང༌། །ནམ་ཞིག་འཆི་ཁ་བར་དོའི་ཚེ་ཡང༌། །ཆོས་ཀྱི་བག་ཆགས་སད་ནས་འོང་གིས། །རང་ཅག་ཆོས་ལ་འབད་ལོ་བྱས་ཀྱང༌། །རྡོ་རྦབ་རི་རྩེར་སྐྱེལ་བའི་དཔེ་བཞིན། །གྱེན་འགྲོ་དཀའ་ཞིང་བག་རེའི་རྐྱེན་གྱིས། །དཀའ་ཚེགས་མེད་པར་ཐུར་དུ་ལྟུང་བས། །བསྟེན་ན་མི་བསླུ་དཀོན་མཆོག་རྣམ་གསུམ། །འདི་ཕྱིའི་བློ་གཏད་ཁོང་ལ་ཞུས་དང༌། །ཟིན་ནས་མི་འཆོར་ཐུགས་རྗེའི་ལྕགས་ཀྱུས། །སྨོན་པའི་གནས་སུ་དྲང་ནས་འགྲོ་ཡིས། །སྔོན་ཆད་བདེ་སྐྱིད་འབྱོར་བ་གང་བྱུང༌། །དཀོན་མཆོག་ཁོ་ནའི་བཀའ་དྲིན་ཡིན་ཅིང༌། །ད་དུང་ཡོན་ཏན་ཆེ་སྐྱེ་ཆུང་འགྲུབ། །རྩ་བ་དཀོན་མཆོག་མིན་པ་མེད་ཀྱིས། །དུས་རྣམས་ཀུན་ཏུ་མཆོག་གསུམ་མ་བརྗེད། །གཅིག་ཆོག་རེ་ལྟོས་ཁོང་ལ་བཅོལ་ནས། །མི་འགྱུར་དད་པའི་གསེར་སྦྱང་མཎྜལ། །གཡེལ་མེད་ཉིན་མཚན་རྒྱུན་དུ་ཕུལ་ཅིག །གདམས་ངག་རྒྱུད་དང་འབྱོར་བ་དགོས་ཀྱི། །སྣ་ཁ་མང་བའི་སྟེང་ན་མི་འདུག །གལ་ཆེན་ཚིག་གཅིག་ལན་དགུར་བཟླས་འདི། །སོམས་ལ་ཐུགས་ཀྱི་ཟེའུ་འབྲུར་ཆོངས་མཛོད། །སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཀུན་ཏུ། །མཆོག་གསུམ་ཐུགས་རྗེའི་གདུགས་དཀར་བསིལ་གྲིབ། །བུ་ཁྱོད་གཏན་བདེའི་


TN00_Page_219A
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་འཚོ་རྙེད་པར། །སྲས་བཅས་རྒྱལ་བས་བྱིན་གྱིས་རློབས་ཤིག །དེ་སྐད་སྤོ་མཐོའི་ནགས་ཚལ་ཁྲོད་ནས། །སྤྲང་རྒན་མདོ་མེད་བསྟན་པའི་ཉི་མས། །ཕན་སེམས་ཟླ་བའི་མདངས་ལྟར་དཀར་བས། །བྲིས་འདི་དགེ་བའི་གསོས་སུ་གྱུར་ཅིག། ༈ །།ཕ་ཀུན་མཁྱེན་བརྒྱུད་པའི་ཞབས་རྡུལ་མཆོད། །དུས་ལན་གཅིག་དཔྱིད་ཀའི་ཉི་རིང་ལ། །གྲོགས་ལ་ལས་ཤོག་བྱང་རེ་གཏད་ནས། །འདིའི་ངོས་ལ་ཞལ་གདམས་འབྲི་དགོས་ཟེར། །ལར་གཞན་རྒྱུད་གདམས་པས་འདུལ་མཁན་དེ། །རང་གདམས་དོན་ཅུང་ཟད་སྒྲུབ་པ་དགོས། །དོན་དེ་ཕྱིར་ནེ་ཙོ་ཆོས་སྨྲ་ལྟའི། །གྲོགས་འཆལ་བ་ང་འདྲར་མ་བསྙེན་ཨང༌། །རྟེན་མཚན་ཉིད་ཀུན་ལྡན་བླ་མས་ཀྱང༌། །ཡུལ་སྣོད་མིན་འགྲོ་བ་མི་ཐུལ་བས། །རང་དམ་པའི་གདུལ་བྱར་བྱེད་སྙམ་ན། །རྒྱུད་དད་བརྩོན་བློ་ཡིས་ལེགས་པར་སྦྱོངས། །ལུས་བླ་མའི་ཆོས་གྲལ་མང་ཕྱིན་ཡང༌། །སེམས་ཆོས་ཀྱི་ཆོས་ཁས་མ་ཕོག་པ། །འདི་གང་ཐོས་རྒྱུད་དང་སྦྱར་སྙམ་པའི། །བློའི་འཆོས་ཚུལ་གཞི་ནས་སྟོར་བས་ནོངས། །རྒྱུད་ཆོས་ལ་འཁུལ་དུ་མི་བཏུབ་ཅིང༌། །ཆོས་བྱས་ཚད་གཏན་བདེའི་འདུན་མ་རུ། །འགྲོར་མི་སྟེར་ལྟས་ངན་འུག་པའི་གདོང༌། །དགྲ་ཆོས་བརྒྱད་འགོང་པོར་གདོང་བཟློག་ཐོངས། །སྔོན་སྨར་ཤོད་བྱིས་པ་ལོ་ལྔའི་གཟུགས། །དུས་དེང་སང་དར་ཡོལ་སྐྲ་དཀར་ཅན། །ང་ཁྱོད་ཀྱིས་མཐོང་ལུགས་གཉིས་བྱུང་བའི། །དཔེ་འདིས་ཀྱང་རྒ་ཤིའི་འགྱུར་བ་སོམས། །


TN00_Page_219B
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དེ་བཞིན་ཁྱོད་ཀྱང་ན་མཐོར་སླེབ། །དགྲ་འཆི་བདག་རྒྱལ་པོ་ཇེ་ཉེར་འོང༌། །ལས་བྱས་པ་ཆུད་ཟད་མི་འགྲོ་བས། །ཚེ་ཕྱི་མའི་དོན་ལ་རྟོག་དཔྱོད་ཐོངས། །ལམ་ཐེག་མཆོག་རྩ་བ་སེམས་བསྐྱེད་དེ། །སེམས་དེ་ཡི་རྩ་བ་སྙིང་རྗེ་ཆེ། །བློ་འདི་གཉིས་ཡོད་ན་གང་བྱས་སླ། །ཆོས་གཅེས་དགུའི་སྙིང་པོ་མ་ནོར་མཛོད། །དགོས་སངས་རྒྱས་ཐེག་པའི་རྒྱལ་མཚན་ཏོག །དཔལ་རྡོ་རྗེ་རྩེ་མོའི་གསེང་ལམ་ནས། །གྲོལ་འདོད་ན་སེམས་དེ་གཅེས་སྤྲས་ཀྱིས། །རྟེན་དམ་ཚིག་སྡོམ་པ་རྣམ་དག་སྲུངས། །མགོན་བླ་མའི་བྱིན་བརྒྱུད་སྙིང་དབུས་སུ། །རྐྱེན་མོས་གུས་དྲག་པོའི་མཚམས་སྦྱོར་གྱིས། །དབང་མེད་དུ་འགུགས་པའི་གནད་ཤེས་ན། །ལམ་རྫོགས་ཆེན་རྟོགས་ལ་དཀའ་བ་ཆུང༌། །གཤིས་གདོད་ནས་དག་པའི་འོད་གསལ་དང༌། །ཡུམ་ཤེར་ཕྱིན་ཟབ་མོའི་ཉམས་མྱོང་གཉིས། །ཐབས་ཅོག་བཞག་འཁྱིལ་བའི་མན་ངག་གིས། །སྲེ་ནུས་པ་རྣལ་འབྱོར་དབང་པོ་ཡིན། །དབྱིངས་ཀ་དག་གཞོན་ནུ་བུམ་སྐུའི་ཀློང༌། །མདངས་ལྷུན་གྲུབ་སྒྲོན་བཞིའི་སྣང་ཆ་ཡིས། །ཟབ་རྒྱ་ཆེའི་དགའ་སྟོན་འབྱམས་ཀླས་པ། །དུས་རྟག་ཏུ་འགྱེད་ལ་རྩལ་སྦྱོང་མཛོད། །དབྱངས་དེ་སྐད་ཀུན་མཁྱེན་བརྒྱུད་པའི་གསུང༌། །བློ་དད་པའི་བྲག་རིར་ཕྲད་པ་ལས། །རང་ནུས་པ་མེད་ཀྱང་གཞན་དབང་གིས། །སྒྲ་བརྙན་དུ་གྲགས་པ་དགེ་གྱུར་ཅིག །སྨར་འཕྲང་གཉིས་བར་གྱི་བནྡེ་ཐོས་བསམ་ཟེར་བ་རང་ཉིད་བྱིས་པར་གྱུར་པའི་དུས་ཀྱི་


TN00_Page_220A
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོས་བསྐུལ་ནས་སྤྲང་འཆལ་བསྟན་པའི་ཉི་མས་བྲིས་པ་མངྒ་ལཾ།། ༈ །།དམ་པའི་ངང་ཚུལ་མ་སྨད་པའི། །མཆོག་སྤྲུལ་ཟླ་བའི་གཙུག་ཕུད་ཅན། །དེ་ལ་བྱིས་པའི་ཁྱབ་འཇུག་ཞིག །གཏམ་གྱི་མེ་ཏོག་གསར་པས་མཆོད། །འདི་ན་སྟོན་ཆེན་ཆོས་བརྒྱད་མཁན། །ཆུ་རྡུལ་བཞིན་དུ་མང་མོད་དེ། །དེ་དག་རྣམས་ཀྱི་གྲལ་ན་ཁྱོད། །ནམ་ཡང་བཞུགས་པར་མི་མཛད་གསོལ། །འཕགས་པའི་རྣམ་ཐར་མེད་བཞིན་དུ། །གྲགས་སྐམ་རི་ལུང་བརྡལ་གྱུར་ཀྱང༌། །སྙིང་པོ་མེད་པའི་ཐན་སྙེ་བཞིན། །བླང་བར་བྱ་བ་མ་ལགས་སོ། །འདོད་ལྷའི་ཉག་ཕྲན་མདེའུ་རྣོ། །སྡིག་པའི་གྲོགས་པོ་བསླུ་ཐབས་ཆེ། །རྣམ་པར་རྟོག་པ་འབྲིད་པ་སླ། །དེ་བས་ཐུགས་ནི་སྒྲིམ་པོར་གསོལ། །བློ་གྲོས་རི་རབ་ལྟར་བརྟན་ཞིང༌། །དགོངས་པ་ཕྱོགས་མཐའི་མཚོ་བཞིན་ཟབ། །དེ་ལ་གཡོན་ཅན་བདུད་ཀྱི་སྡེས། །གླགས་སྐབས་རྙེད་པར་སླ་བ་མིན། །ཀུན་སྤྱོད་ངེས་པ་མ་མཆིས་དང༌། །གཏམ་ལ་ཡིད་བརྟན་མི་རུང་དང༌། །བློ་རྩེ་དུ་མར་གཡོ་བ་ལ། །མ་རབས་གྲགས་པ་ཐག་མི་རིང༌། །སྒམ་ཞིང་དབང་པོ་བསྡམ་པ་དང༌། ཁྲེལ་བག་སྨད་པར་མ་གྱུར་པ། །དེ་ལ་ཡ་རབས་དམ་པའི་ཚུལ། །གན་ན་འདུག་པ་ཁོ་ན་ལགས། །གང་ན་གཞོན་དང་མི་གཞོན་དང༌། །ནོར་གྱིས་འབྱོར་དང་མ་འབྱོར་མི། །ཀུན་ལ་ཐུགས་ནི་སྙོམས་མཛད་ན། །ཀུན་གྱིས་མ་ལྟར་བཀུར་བར་འགྱུར། །གཟུར་གནས་ཐུགས་ཀྱིས་དཔྱོད་ལས་གཞན། །ཕྱོགས་སུ་ལྷུང་བའི་སྐྱེ་བོ་ལ། །ཐུགས་ནི་ཧ་


TN00_Page_220B
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་རྟོན་མཛོད་ན། །ཟླ་བ་གཟའ་ཡིས་ཟིན་ལྟར་འགྱུར། །རྣམ་པར་རྒོད་ཅིང་གསར་ངས་ཆེ། །ཤེས་རབ་རྩིང་ཞིང་བབ་ཅོལ་ཆེ། །དེ་ཡིས་སྙན་པ་མིན་པའི་ཚིག །རིན་གྱིས་ཉོས་པ་འབའ་ཞིག་ལགས། །འཇིག་རྟེན་གནས་ལ་མི་ཆགས་བཞིན། །འཇིག་རྟེན་མཐུན་འཇུག་ལྟར་སྟོན་པ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེའི། །ཐབས་ལ་མཁས་པའི་བྱེ་བྲག་ཡིན། །འཇིག་རྟེན་སྤྱོད་ལ་མཁས་གྱུར་ཀྱང༌། །དམ་པའི་སྤྱོད་ལ་མ་གཟིགས་པ། ཁྱོད་ཀྱི་རྣམ་ཐར་མི་འོས་ཀྱིས། །དམ་པའི་ངང་ཚུལ་མཁྱེན་མཛད་གསོལ། །སྲིད་རྩ་རྨིང་ནས་འཇིག་པའི་ཐབས། །ཟབ་མོ་དཔྱད་གསུམ་དག་པའི་ལམ། ཁྱོད་ཀྱིས་ཐོས་ཤིང་དགོངས་མཛད་དེ། །ཆོས་ཀྱི་སྤྱན་ལྡན་ཆེན་པོ་མཛོད། །ཡང་དང་ཡང་དུ་ཐོས་པ་ཚོལ། །རྟག་པར་རྒྱུན་དུ་ཐོས་པ་བརྟེན། །ཐབས་ཚུལ་དུ་མས་ཐོས་པ་བསྐྱེད། །ཐོས་པས་ཁྱོད་ཉིད་མཁས་པར་བྱེད། །ཇི་ལྟར་མང་དུ་གསན་པ་བཞིན། །དངོས་སྟོབས་རིགས་པ་གོང་དུ་སྤེལ། །ཇི་ལྟར་ངེས་ཤེས་སྐྱེས་པ་བཞིན། །བསྒོམ་པའི་ཤེས་རབ་མཐར་ཕྱིན་མཛོད། །རང་གི་ཐུགས་སུ་ཆུད་པའི་དོན། །ཟང་ཟིང་མེད་པར་གཞན་ལ་སྟོན། །གཞན་ལ་དགེ་བའི་ཆོས་སྟོན་ན། ཁྱོད་ཉིད་དགེ་བའི་བཤེས་གཉེན་ལགས། །དེ་སླད་ཁྱོད་ཀྱིས་ཚུལ་འདི་ལ། །ཅི་ནས་དྲན་པ་མངོན་དུ་ཞོག །དོན་འདི་ཐུགས་ལ་བསྟིམ་པ་ཞིག །ཐལ་མོ་སྦྱར་ཏེ་གསོལ་བ་ལགས། །ཞེས་པའང་འཇིགས་མེད་པས་སོ།། །།


རྫོགས་ཆེན་སྐོར་ཕྱོགས་བསྡུས།


TN00_Page_221A
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་ཁྲེགས་ཆོད་ཀྱི་གདམས་པ་ཉུང་བསྡུས་སྒྲོན་མེའི་སྣང་བ་ཞེས་བྱ་བ་བཞུགས་སོ། །


TN00_Page_221B
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་དྲིན་གྱིས་ཐེག་མཆོག་རྫོགས་པ་ཆེའི། །ལམ་འདིར་རྒྱུ་མཚན་ཤེས་ནས་དད་ཐོབ་པ། །མཉམ་མེད་རྡོ་རྗེ་འཆང་དབང་བླ་མའི་ཞབས། །བཏུད་ནས་སྒོམ་ཆེན་དགྱེས་པའི་མཆིད་འདི་གླེང༌། །འདི་ན་རྫོགས་ཆེན་སྨྲ་བ་མང་མོད་དེ། །ཕྱོགས་འདིའི་ཤིང་རྟ་ཀུན་མཁྱེན་ཀློང་ཆེན་པའི། །རང་ལུགས་རི་མོའི་མར་མེ་ལྟར་གྱུར་པས། །ཡང་དག་ལྟར་སྣང་བྱེད་པ་ཤིན་ཏུ་ཉུང༌། །དེ་སླད་སྨྲ་བ་མང་ན་རྩོད་པའི་རྒྱུ། །མ་སྨྲ་བག་ཡངས་སྡོད་པ་མཆོག་ཡིན་ཡང༌། །ཆོས་དོན་གཉེར་བའི་ནན་ངོ་མ་ལྡོག་པས། །ཤུགས་འབྱུང་སྣང་བ་བྱུང་རྒྱལ་གཏམ་ལབ་བྱ། །དབང་གྱུར་ལུང་དང་རྣམ་དག་རིགས་པའི་མཐུས། །རྒྱ་ཆེར་འཆད་ལའང་


TN00_Page_222A
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་དབང་མོད་ཀྱི། །ངོ་སྤྲོད་གནད་ལ་བསྒྲིལ་བ་ཉུང་ངུའི་ངག །བསྡུས་ལ་དགའ་བའི་བློ་དང་བསྟུན་ཏེ་འཆད། །དེ་ཡང་རྫོགས་ཆེན་མན་ངག་སྡེའི་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་པ་ལྟར་ན་ཆོས་འདི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་བ་དང༌། སྒྲ་ཐལ་འགྱུར་ཆེན་པོ་ནས་བཤད་པའི་སྤྲོས་བཅས་དང་སྤྲོས་མེད་ལ་སོགས་པའི་དབང་བཞི་རྫོགས་པར་ཐོབ་ནས་དམ་ཚིག་ཚུལ་བཞིན་སྲུང་ནུས་པ་དང༌། ཁྱད་པར་དུ་ཡང་རྡོ་རྗེའི་ལམ་གྱི་ཉམས་རྟོགས་བཙན་ཐབས་སུ་འཆར་བ་དོན་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བ་ལ་རག་ལས་པས་སློབ་དཔོན་སྒོ་དུ་མ་ནས་མཉེས་པར་བྱེད་ནུས་པའི་སྣོད་ལྡན་གྱི་སློབ་མ་ཁོ་


TN00_Page_222B
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལ་སྟོན་པར་བཞེད་ཀྱི། །རྟེན་འབྲེལ་ཐོག་མ་ནས་འཆུག་པའི་ལམ་མགོ་མཇུག་མེད་པ་དུར་ཁྲོད་ཀྱི་མགལ་བ་ལྟ་བུ་འདི་ནི་མི་བཞེད་དོ། །དེའི་ཕྱིར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བརྣག་པར་དཀའ་བའི་སྡུག་བསྔལ་གྱི་ཁུར་ཆེན་པོས་སྐད་ཅིག་རེ་རེ་བཞིན་དུ་གཙེར་བ་འདི་ལ་ཁ་ཙམ་མིན་པར་སྙིང་ཐག་པ་ནས་མ་བཟོད་པའི་སེམས་ཀྱིས་དུས་ཆུ་ཚོད་སྔ་ཕྱིར་ཡང་རྫོགས་བྱང་ཐོབ་པ་ལ་ཡིད་རིངས་པ་ཞིག་གིས་ལམ་འདི་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་པོ་འདིའི་སྟེང་ནས་འཇའ་ལུས་འཕོ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བསྒྲུབས་ཏེ་སེམས་ཅན་མ་ལུས་པ་འཁོར་བ་ལས་སྒྲོལ་བའི་དེད་དཔོན་གཅིག་པུར་འགྱུར་ནུས་པ་དེ་བས་ན་ཐེག་མཆོག་རྒྱལ་པོ་ཞེས་བྱ་བའི་མིང་གྲགས་སྐམ་ཙམ་དུ་མ་ལུས་པར་མཐོང་ངོ། །གོ་འཕང་དེ་ལྟ་བུ་སྒྲུབ་པ་ལ་ཟབ་པ་ཁྲེགས་ཆོད་དང་རྒྱ་ཆེ་བ་ཐོད་རྒལ་གྱི་ལམ་གཉིས་ཟུང་འབྲེལ་དུ་ཉམས་སུ་བླངས་ནས་ཉམས་མྱོང་མཐར་དབྱུང་བ་ཞིག་དགོས་ལ། །དེའི་ནང་ནས་ཀྱང་སློབ་རིམ་གྱི་དང་པོ་ཁྲེགས་ཆོད་ནས་འཇུག་དགོས་པས་འདིར་རེ་ཞིག་དེ་བཤད་པར་བྱ་སྟེ། དེ་ལ་ཁྲེགས་ཆོད་ཅེས་པའི་མཚན་དོན་ནི། ཤེས་རབ་ཀྱི་ཕར་ཕྱིན་བསྒོམས་པའི་མཐུ་ལས་གཟུང་དང་འཛིན་པའི་སྣང་བ་ཐད་ཀར་གཅོད་པ་ལ་སྒྲ་ཐལ་འགྱུར་ནས་གསུངས་ཤིང༌། །སྐབས་འདིའི་ཤེར་ཕྱིན་


TN00_Page_223A
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་དང་རིག་པ་གཉིས་ཀྱི་ཟླས་ཕྱེ་བའི་རིག་པ་ཡིན་ལུགས་ཀྱི་ལྟ་བ་ཕུ་ཐག་ཆོད་པའི་ས་ནས་རྙེད་པ་དེའོ། །རིག་པ་དེ་ངོ་འཕྲོད་ཕན་ཆད་སེམས་མ་བཅོས་པར་སྐྱོང་བའི་བཞག་ཐབས་ཁོ་ནས་གནས་ལུགས་ཀྱི་རང་ཞལ་ལྟ་བ་མ་གཏོགས་འདི་བྱ་དང་འདི་སྒོམ་གྱི་སྤྲོས་པའི་དམིགས་གཏད་ཕྲ་མོ་ཡང་དགོས་རྒྱུ་མེད་མོད། །འོན་ཀྱང་དེའི་སྔོན་དུ་ངོ་སྤྲོད་སྤྲས་པའི་རྒྱུད་ལས་གསུངས་པའི་རིམ་འཇུག་གི་ངོ་སྤྲོད་འདི་ཡང་ངེས་པར་དགོས་ཏེ། །འདི་སྔོན་དུ་མ་སོང་ན་ཆོས་ཉིད་ཀྱི་བཞུགས་ཚུལ་རྗེན་པར་མཐོང་བ་དཀའ་འོ། །གདུལ་བྱ་ཚེ་སྔ་མ་ལ་ལམ་འདིར་རྒྱུད་སྦྱངས་པའི་གང་ཟག་གཅིག་ཡིན་ན་ནི་ངོ་སྤྲོད་ཀྱི་གོ་རིམ་འདི་ལྟར་བྱེད་དགོས་པའི་ཁྱབ་མཐའ་མེད་ཀྱི་དེ་དང་གཞན་མི་འདྲའོ། །དེས་ན་ངོ་སྤྲོད་འདི་ལ་གསུམ། །སྣང་བ་སེམས་སུ་ངོ་སྤྲད་དེ་ད་ལྟ་རང་རེ་རྣམས་ལ་ཡུལ་སྣང་ཕྱི་དོན་དུ་འཆར་བ་འདི་རྣལ་འབྱོར་པའི་ནང་སེམས་ཀྱི་སྣང་ཆ་ཙམ་དུ་མཐོང་བ་དང༌། །སེམས་ཉིད་སྟོང་པར་ངོ་སྤྲད་དེ་འཛིན་པ་རང་མཚན་ལྟར་སྣང་བ་འདི་ཡང་དོན་དམ་པར་ན་གྲུབ་པའི་དངོས་པོ་ཅུང་ཟད་ཀྱང་མེད་པར་མཐོང་བ་དང༌། སྟོང་པ་རིག་པར་ངོ་སྤྲད་དེ་ཀུན་རྫོབ་ཀྱི་སྣང་བ་ཡུལ་དང་ཡུལ་ཅན་ཐམས་ཅད་བདེན་མེད་སྒྱུ་མ་དང་རྨི་ལམ་གྱི་འཆར་སྒོ་ལྟར་མཐོང་བ་ལ་བསླབ་པར་བྱ་བ་སྟེ། གང་ཟག་གི་རིགས་ཁ་ཅིག་དེ་ཁོ་ན་ཉིད་


TN00_Page_223B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིམ་གྱིས་བཀྲི་བའི་ཐབས་མཁས་ཀྱི་སྒོ་གཅིག་གོ །འོན་ཀྱང་མཐར་ཐུག་གི་དོན་ལ་སྣང་བ་སེམས་སུ་ངོ་སྤྲད་པ་ཡང་བདེན་ཞེན་གྱིས་བཏང་བ་མིན་པར་དཔལ་ལྡན་ཟླ་བའི་ཞབས་དང་ཀུན་མཁྱེན་ཀློང་ཆེན་པའི་བཞེད་པ་ལྟར་ཐམས་ཅད་མཁྱེན་པ་འཇིགས་མེད་གླིང་པས་ཀྱང་རྩལ་དུ་བཏོན་ནས་བཤད་དེ། །ཤེས་དང་ཤེས་བྱ་བདེན་རྫུན་གྱི་རྣམ་དབྱེ་མི་འདྲ་བར་འཐད་པ་མིན་པའི་ཕྱིར་རོ། །དེ་བས་ན་ཁམས་གསུམ་ལ་སོགས་པའི་སྣང་བ་ཐམས་ཅད་རྟོག་པའི་རང་མདངས་དང་རིག་པའི་རྩལ་ཤུགས་ཙམ་ལས་ཡུལ་དང་ཡུལ་ཅན་རང་རང་གི་སྟེང་ནས་རྙེད་རྒྱུ་ཞིག་གཏན་ནས་མེད་པས་ཤེས་བྱ་ལ་ལྟོས་ཏེ་ཤེས་པ་དང་ཤེས་པ་ལ་ལྟོས་ནས་ཤེས་བྱ་ཞེས་བཏགས་པའི་ཐ་སྙད་ཀྱི་རྫུན་རིས་ཁོ་ནར་མཚང་རྡོལ། དེ་ལ་བརྟེན་ནས་ཡོད་མེད་ཡིན་མིན་ལ་སོགས་པའི་མཐར་འཛིན་གྱི་འཆིང་བ་རྡུལ་ཙམ་ཡང་མ་དམིགས་པའི་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སོ་སོ་རང་གིས་རིག་པར་བྱ་བ་དེ་གཞན་ཟེར་གྱི་རྗེས་བརྗོད་ཁོ་ནས་ཡིད་གང་བ་མ་ཡིན་པར་ངེས་ཤེས་ཕུ་ཐག་ཆོད་པར་བྱ་སྟེ། འདི་གཉིས་ཀ་རྒྱུད་ཀྱི་དགོངས་པའི་ཕྱོགས་རེ་རེར་ཁས་བླང་ངོ༌། །དེ་ནས་དངོས་གཞིའི་ངོ་སྤྲོད་ནི། །སྤྱིར་དཔེ་དོན་སྦྱར་བའི་ངོ་སྤྲོད་ཉེར་གཅིག་སོགས་མང་དུ་གསུངས་ཀྱང་སྐབས་འདིའི་ངོ་སྤྲོད་ཀྱི་མདོ་འགག་སེམས་རིག་ཤན་འབྱེད་ལ་ཐུག་པར་


TN00_Page_224A
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ནས་ཀུན་མཁྱེན་རྣམ་པ་གཉིས་ཀས་ཚུལ་འདི་སྒོ་དུ་མ་ནས་གཏན་ལ་ཕབ་སྟེ་བཤད་མོད། །འོད་གསལ་གྱི་རྒྱུད་ངོ་སྤྲོད་སྤྲས་པ་སོགས་ནས་གནས་དང་སྒོ་དང་བཞུགས་ཚུལ་ལ་སོགས་པས་སེམས་རིག་གི་ཁྱད་པར་ཞིབ་ཏུ་གསུང་བ་ལ་བལྟ་རྟོག་ཆུང་ཞིང་རྒྱུད་དོན་མན་ངག་གིས་ཕྱེ་བའི་བཀའ་དྲིན་ལ་མི་སེམས་པ་ཚོས་སེམས་དང་རིག་པའི་ཤན་འབྱེད་ཀྱི་འཕྱོང་ཟེར་རྒྱུ་ཞིག་སྔོན་གྱི་ལོ་པཎ་རྣམས་ལ་མ་གྲགས་ཀྱང་རིག་འཛིན་འཇིགས་གླིང་གིས་རང་བཟོ་ཡིན་ཞེས་ཟེར་བ་ནི་ཁ་བདུད་ཀྱིས་བསྐུལ་བའི་སྨྲེ་སྔགས་ཤིག་ཐེག་པའི་རྒྱལ་པོའི་གྲུབ་མཐའ་ལ་ཐན་སྐྱེལ་དུ་འོང་བ་ཁོ་ནར་ཟད་དེ། དེ་ལ་སེམས་ཞེས་བྱ་བ་ནི། ད་ལྟའི་ཐ་མལ་གྱི་རྣམ་རྟོག་དགའ་སྡུག་དང་རེ་དོགས་ལ་སོགས་པའི་རྣམ་པ་གཞན་དང་གཞན་དུ་འགྱུར་བའི་མཚན་ཉིད་ཅན་འདི་དང༌། སྒོ་ལྔའི་ཤེས་པ་གཟུང་ཡུལ་ལ་འཇུག་པ་རྣམས་ཏེ། །འདི་དང་འདིའི་ཕྱོགས་གཏོགས་འཕྲོ་གནས་ཀྱི་ཤེས་ཉམས་ཐམས་ཅད་ལས་རླུང་གི་བཞོན་པ་ཅན་ལས་མ་འདས་པར་རྟ་ལོང་བ་རྐང་ཅན་དང་མི་འཕྱེ་བོ་མིག་ལྡན་གཉིས་ཚོགས་པའི་དཔེས་སེམས་ཡུལ་ཐོག་ཏུ་གཡོ་བ་དང༌། ཡུལ་འཛིན་པ་གཉིས་ཀྱི་བྱེད་ལས་ཀྱང་རླུང་སེམས་ཚོགས་པའི་ནུས་མཐུར་ཀུན་མཁྱེན་གཉིས་པས་བཤད་དེ། རྒྱུད་མུ་ཏིག་ཕྲེང་བ་ལ་


TN00_Page_224B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་སྲིད་པ་སྐྱེད་སྡུད་ཀྱི་བདག་པོ་རླུང་དུ་བཤད་པ་ཡང་འདི་འདྲ་བའི་དོན་མང་པོ་ཞིག་ལ་དགོངས་ནས་ཡིན་ནོ། །སེམས་དེ་ངོས་ཟིན་པ་གཅིག་པུས་མི་ཆོག་པས་ད་དུང་ཞིབ་ཏུ་དཔྱད་ན་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པའི་རྣམ་རྟོག་སྟོབས་སུ་གྱུར་ཅིང༌། །རང་རྒྱུད་ལ་ལས་ཀྱིས་བཞག་པའི་བག་ཆགས་ཡོངས་སུ་སྨིན་ནས་ཉེར་ལེན་གྱི་ཕུང་པོའི་སྟེང་དུ་བདེ་བ་དང་སྡུག་བསྔལ་བྱིས་པའི་རྡོལ་ཐབས་བཞིན་དུ་འབྱུང་ཞིང༌། །དེའི་རྗེས་ལ་དེ་ལྟར་ཞེན་པའི་སེམས་འབྲང་བས་མཚོན་ཏེ་ཟག་བཅས་ཀྱི་གནས་ལུས་ལོངས་སྤྱོད་ལ་སོགས་པ་འཁྲུལ་སྣང་ཐ་མལ་དུ་ཞེན་པའི་སེམས་ཀྱི་རྒྱུ་བ་ཇི་སྙེད་པ་ཐམས་ཅད་རྒྱུ་རྐྱེན་གློ་བུར་བའི་དབང་གིས་འཁྲུལ་པ་ཉིད་འཁྲུལ་དུ་ཤར་ནས་རང་སྣང་ལ་གཞན་དུ་བཟུང་བ་མ་གཏོགས་སེམས་ཀྱི་གཤིས་ལ་འཁྲུལ་སྣང་གིས་བསྒྱུར་བའི་ཚོས་མདོག་དེ་ལྟ་བུ་ཞིག་ཡོད་རྒྱུར་མི་འདུག་སྙམ་དུ་ལེགས་པར་རྩད་བཅད། དེའང་བླ་མའི་མན་ངག་དང་བྲལ་བའི་གང་ཟག་རྣམས་ལ་གློ་བུར་གྱི་ཡུལ་དང་བཅས་པའི་སེམས་འདི་ལས་ལྷག་པའི་ཡེ་ཤེས་གཞན་ཞིག་ད་ལྟ་ནས་ངོ་འཕྲོད་པ་མེད་ཀྱང༌། ཐེག་པ་འདིའི་ལུགས་ལ་ནི་དེ་འདྲ་བའི་ནང་གི་ཡེ་ཤེས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཟོད་མ་ནས་འབྲལ་མ་མྱོང་བའི་ཆོས་སྐུའི་རང་ཞལ་རྗེན་པ་ཞིག་བླ་མའི་མན་ངག་གིས་བསྟན་རྒྱུ་


TN00_Page_225A
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། །དེ་ངོ་ཤེས་ན་ཐེག་པ་གཞན་གྱི་ལྷག་མཐོང་བསྐལ་པ་མང་པོར་བསྒོམ་པ་ལས་ཀྱང་ལམ་འདིའི་མཉམ་བཞག་ཐུན་གཅིག་ས་ཆོད་ཆེ་བའི་གནད་ཟབ་མོ་ཡོད་དོ། །ཡེ་ཤེས་དེའི་བཞུགས་ཚུལ་ངོ་འཕྲོད་པའི་སྒོ་ཡང་མདོར་བསྡུ་ན་གསུམ་སྟེ། ངོ་བོ་སྟོང་པར་བཞུགས་པས་དགག་སྒྲུབ་ཆེད་འཛིན་ལ་མ་ལྟོས་པར་ཡིད་དཔྱོད་ཀྱི་འཆིང་བ་རྡུལ་ཙམ་ཡང་ངོ་བོའི་སྟེང་ན་ཡོད་མ་མྱོང་སྟེ་རྡོ་རྗེ་ནམ་མཁའི་ཀློང་ཆེན་ལྟ་བུ། །རང་བཞིན་གསལ་བར་བཞུགས་པས་བསལ་བཞག་སྤྲོ་བསྡུ་ལ་མ་ལྟོས་པར་བྱིང་འཐིབས་ཀྱི་མུན་པ་ཆ་ཙམ་ཡང་གཤིས་ཀྱི་སྟེང་ན་འཇུག་མ་མྱོང་བས་འོད་གསལ་ཉི་མའི་དཀྱིལ་ཡངས་པ་ལྟ་བུ། །ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པས་བྱ་རྩོལ་གྱི་ངལ་བ་ལ་མ་ལྟོས་པར་འཁྲུལ་གྲོལ་ཐམས་ཅད་གཉུག་མའི་རང་རྩལ་ལས་གཞན་དུ་གྲུབ་མ་མྱོང་བས་གཉིད་མོ་ཆེའི་རྨི་ལམ་ལྟ་བུ་སྟེ། རིག་པའི་ངོ་བོ་ལ་ཀ་དག་གི་བཞུགས་ཚུལ་དེ་ལྟ་བུ་ཡོད་པས་འབྲས་བུ་རྣམ་པར་མི་རྟོག་པ་ཆོས་སྐུའི་ཡེ་ཤེས་གདལ་ཁྱབ་སྟོང་པ་ཉིད་ཀྱི་རྣམ་པ་ཅན་འགྲུབ་པའི་གོ་འབྱེད། རིག་པའི་རང་བཞིན་ལ་ལྷུན་གྲུབ་ཀྱི་གསལ་ཆ་དེ་ལྟ་བུ་ཡོད་པས་འབྲས་བུ་རྣམ་པ་ཐམས་ཅད་པ་ལོངས་སྐུའི་ཡེ་ཤེས་གསལ་མདངས་འགགས་པ་མེད་པའི་རྣམ་པ་ཅན་འཆར་བའི་གོ་འབྱེད། རིག་པའི་རང་


TN00_Page_225B
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ལ་ཀུན་ཁྱབ་ཀྱི་ཐུགས་རྗེ་དེ་ལྟ་བུ་ཡོད་པས་འབྲས་བུ་རོལ་པ་སྣ་ཚོགས་པ་སྤྲུལ་སྐུའི་ཡེ་ཤེས་གང་འདུལ་དེར་སྣང་གི་རྣམ་པ་ཅན་འབྱུང་བའི་གོ་འབྱེད། །དེ་ལྟར་གདོད་མའི་ཡེ་གཞི་སྟོང་པ་ལ་ཕྱལ་ཆད་མིན་པ། བདེ་བ་ལ་ཞེན་པ་མེད་པ། གསལ་བ་ལ་རྟོག་པས་མ་གོས་པ་སལ་ལེ། །སིང་ངེ༌། །ཡེར་རེ། མཚན་ཉིད་གཞན་དུ་མི་འགྱུར་བར་རིན་པོ་ཆེ་གསེར་གྱི་ཁམས་ལྟར་བཞུགས་ཀྱང་ཐ་མལ་པའི་སྒོ་གསུམ་བག་ཆགས་དང་བཅས་པའི་སྦུབས་སུ་འཐུམས་ཏེ་རང་ངོ་རང་གིས་མ་མཐོང་བའི་ཆ་ནས་ནང་གསལ་གཞོན་ནུ་བུམ་པའི་སྐུ་ཞེས་བཏགས་པ་ཡིན་ནོ། །ངོ་རང་ཐོག་ཏུ་སྤྲོད་ལུགས་འདིའི་སྟེང་ནས་འཆུག་ན་ཐག་གཅིག་ཐོག་ཏུ་གཅོད་པ་དང་གདེངས་གྲོལ་ཐོག་ཏུ་བཅའ་བའང་དེའི་རྗེས་སུ་སྙོགས་འགྲོ་བས་ཤིན་ཏུ་གཟབ་པར་བྱ་ལ། །ངོ་སྤྲོད་ལུགས་ཀྱང་དགེ་རྩ་ཡོངས་སུ་སྨིན་པའི་གང་ཟག་འགའ་ཞིག་ལ་བྱིན་རླབས་བཙན་ཐབས་སུ་འཕོ་བའི་སྟོབས་ཀྱིས་དབང་དུས་ལ་སོགས་པར་ཡེ་ཤེས་ངོ་འཕྲོད་པའང་ཡོད་མོད་ཀྱི། །སྤྱིར་བཏང་ནི་བརྡ་ཐབས་གཏན་ཚིགས་དུ་མས་ཡིན་ལུགས་ཀྱི་ངོ་བོ་ཕུ་ཐག་ཆོད་པར་བཤད་ནས་སློབ་མའི་རྒྱུད་ལ་གོ་བ་ཁྱད་པར་ཅན་སྐྱེ་ངེས་སུ་བྱས་པ་དེ་དགོས་ཤིང༌། གོ་བ་དེའི་སྟེང་ནས་ཇི་སྲིད་སྒོམ་བྱུང་གི་མྱོང་བ་མ་སྐྱེས་ཀྱི་བར་དུ་རང་ཉིད་ཀྱིས་བརྩོན་འགྲུས་ཆེན་པོས་ཉམས་ལེན་སྐྱོང་ཚུལ་ལ་སློབ་དགོས་


TN00_Page_226A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་གྱིས། །ལྟ་སྒོམ་ཡིན་སྙམ་ལ་བཞག་པ་གཅིག་པུས་མི་ཆོག་གོ །མདོར་ན་སྐབས་འདིའི་སེམས་དང་ཡེ་ཤེས་ཞེས་པ་ནི་གཞུང་ལུགས་ཕལ་ལ་གྲགས་པའི་སེམས་དང་ཡེ་ཤེས་ཀྱི་བརྡ་ཆད་དང་བསྲེ་མི་རུང་བའི་ཟབ་གནད་ཐུན་མོང་མ་ཡིན་པ་ཡོད་ལ། ཡེ་ཤེས་དེ་མངོན་དུ་བྱེད་པའང་སེམས་ཅན་ཐ་མལ་པ་རྣམས་འཆི་བའི་དུས་སུ་ལས་རླུང་མ་ལུས་པ་དབུ་མའི་དབྱིངས་སུ་བསྡུས་པ་ལ་བརྟེན་ནས་ཀུན་ཏུ་བཟང་པོའི་རིག་པ་ཟང་ཐལ་ཕྱི་ནང་མེད་པའི་ཚུལ་དུ་དར་གཅིག་སྣང་ཡང་ངོས་མི་ཟིན་པ་ཡིན། རྣལ་འབྱོར་པས་ནི་ད་ལྟ་བཞག་ཐབས་ཀྱི་གདམས་ངག་ལ་བརྟེན་ནས་མངོན་དུ་བྱེད་ལུགས་ཤིག་ཡོད་དེ། དེ་ཇི་ལྟར་ཡིན་ན། བཤད་མ་ཐག་པའི་ཡེ་ཤེས་ཀྱི་རང་ངོ་དེ་ཚུལ་བཞིན་དུ་ཆོས་ཉིད་མ་བཅོས་པའི་དྲན་པའི་སྟེང་ནས་སྐྱོང་ཤེས་ན་རྩལ་གྱི་རྣམ་རྟོག་ཆགས་སྡང་གཏི་མུག་གི་ཆར་གྱུར་པ་ཐམས་ཅད་སྤྲིན་ནམ་མཁའི་ངང་དུ་བག་ལ་ཞ་བ་ལྟར་དེངས་ནས་རིག་པའི་ངོ་བོ་ཇེ་གསལ་དུ་འོང་བ་ཡིན་ནོ། །འོ་ན་ཡེ་ཤེས་ཀྱི་ངོ་བོ་དྲན་པས་སྐྱོང་ལུགས་དེ་གང་ཡིན་སྙམ་ན། །འདི་ལ་བཞག་ཐབས་བདུན་དང་གྲོལ་ལུགས་གསུམ་ལ་སོགས་པ་མང་པོ་ཞིག་འབྱུང་ཡང༌། དོན་བསྡུས་ན། སྔར་ངོ་སྤྲོད་པའི་རིག་པ་དེ་ཉིད་ད་ལྟའི་རྣམ་རྟོག་ཐ་མལ་པ་འདི་ཀའི་དོད་པོར་བཞག་ནས་དེའི་ངོ་བོ་སྐད་ཅིག་ཀྱང་མ་


TN00_Page_226B
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་པར་དྲན་པས་རྒྱུན་སྐྱོང་ཞིང༌། དེའང་དྲན་བྱ་དང་དྲེན་བྱེད་འབེན་དང་མདའ་ལྟ་བུའི་གཟའ་གཏད་ཅན་མ་ཡིན་པ་གཉུག་མའི་རང་ཞལ་མ་བོར་བ་ཙམ་གྱིས་ཆོག་ཤེས་པར་བྱས་ནས་བློ་བདེ་ལ་གུ་ཡངས་པ་ཞིག་གི་ངང་ནས་གཟུང་འཛིན་གྱི་འཁྲུལ་པ་ཐད་ཀར་འཇིག་ནུས་པ་སྟེ། རྟོག་པ་གང་ཤར་གྱི་སྐྱེ་འགགས་གྲངས་སུ་འདེབས་པ་ཙམ་མ་ཡིན་པར་རྣམ་རྟོག་འཆར་མཁན་གྱི་ངོ་བོ་ལ་ཅེར་གྱིས་བལྟ་ཞེས་སྒོམ་ཆེན་པ་དག་སྨྲ་བའང་བློ་རྩེ་འདི་ཉིད་ལ་བཅོལ་དགོས་སོ། །སྒོམ་བྱེད་པ་ལ་ཉམས་ཀྱི་གེགས་སེལ་ཀྱང་ཤེས་དགོས་པ་མང་པོ་ཡོད་མོད། །འོན་ཀྱང་གཙོ་བོར་བྱིང་རྒོད་གཅོད་པ་ལ་མཁས་ན་གེགས་སེལ་ཕལ་ཆེར་དེའི་ནང་དུ་ཚང་བས། འདི་ལ་སེམས་ཧ་ཅང་བཅིངས་པ་དྲག་ནས་ཤེས་རིག་གི་ངར་ཆག་པ་དང༌། ཀློད་པ་དྲག་ནས་སེམས་རང་ཚུགས་མ་ཟིན་པའི་བྱིང་ཉམས་གཉིས་དང༌། འགྱུ་བ་ཆུ་རླབས་ལྟར་ཡུལ་ཐོག་ཏུ་གཡོ་བའི་འཕྲོ་རྒོད་རྣམས་ལས་བྱིང་བ་གཅོད་པ་ནི། སྡུག་བཙིར་ཨ་འཐས་ཀྱི་དྲན་པས་སེམས་གཅུར་བ་ལྟ་བུ་མ་ཡིན་པར་ཤུགས་བྱུང་རང་བབས་ཀྱི་དྲན་པ་སོ་མའི་ངར་ཐོགས་ནས་རིག་པ་ཧུར་བཏོན་ནས་བསྒོམ་པ་ཉིད་ཀྱིས་འགྲུབ་ཅིང༌། འཕྲོ་རྒོད་གཅོད་པའང་གནས་དགའ་འགྱུ་སྡུག་གི་རྟོག་པ་ཉིང་འཁྲུལ་དུ་འབྱམས་པ་ལས་ཆེས་འཕགས་པ་འགྱུ་བའི་ཡལ་ས་མཐར་


TN00_Page_227A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་གི་སྟེང་དུ་བློའི་འཇུག་པ་ཐམས་ཅད་རོ་གཅིག་པར་བསྲེས་ནས་བཞག་པས་དེ་ལས་གཞན་པའི་ཅི་ཤར་དང་ཅི་སྣང་ཐམས་ཅད་ཆོས་སྐུའི་རོལ་རྩལ་དུ་བུན་ཤིག་གིས་འཆར་བ་མ་གཏོགས་མཉམ་བཞག་འཕྲོག་ནུས་ཀྱི་གེགས་སུ་འབྱུང་མི་སྲིད་པས་རང་གྲོལ་ཕྱོགས་རིས་ལས་འདས་པའི་རྟོགས་པ་གདེངས་སུ་གྱུར་པ་སྟེ། འདི་ནི་གནས་ཆ་བརྟན་པོ་རྙེད་པའི་ཞི་གནས་ཀྱི་ཤེས་ཉམས་ཐུན་མོང་བ་འགའ་ཞིག་ལ་བརྟེན་ནས་རྣམ་རྟོག་ཐམས་ཅད་ཆོས་སྐུ་ཡིན་ཟེར་བ་ཚོ་དང་ཡང་ཤིན་ཏུ་མི་མཚུངས་ཏེ། རྒྱ་ཆེར་ཆོས་དབྱིངས་མཛོད་འགྲེལ་ལ་བལྟས་པས་ཤེས་སོ། །དེའི་ཕྱིར་བཞག་ཐབས་སྐྱོན་མེད་གཅིག་ཤེས་ན་དེ་ཁོ་ནའི་མཐུས་བྱིང་རྒོད་ཆོད་པ་དགོས་ཀྱི། ཁྱི་མང་གིས་རུབ་དུས་གཅིག་ལ་ཁ་བལྟས་ན་གཞན་གྱིས་རྒྱབ་ནས་འཇུ་བ་ལྟ་བུའི་གེགས་སེལ་ལ་སྙིང་པོ་མེད་དོ། །མདོར་ན་མན་ངག་གི་གནད་ཟབ་མོ་འགག་བརྒྱ་ཆིང་ས་གཅིག་གིས་བསྡམས་པ་མ་མཐོང་བར་སྒོམ་མེད་དང༌། ཁྱབ་གདལ་ལ་སོགས་ཆོས་སྐད་ཚོན་པོ་ཁོ་ན་ལ་མཐོ་རྙབ་ཤེས་པ་ཙམ་གྱིས་ས་བཅད་པ་ཅི་ཡང་མེད་པས་ངོ་སྤྲོད་དང་བཞག་ཐབས་སྙིང་པོའི་དོན་ལ་མཁས་པར་བྱའོ། །ཉམས་མྱོང་རང་གི་རྒྱུད་ལ་མི་མཆི་ཡང༌། །བརྒྱུད་ལྡན་བླ་མའི་མན་ངག་མང་ཐོས་པས། །མ་མཐོང་མཐོང་འདྲའི་


TN00_Page_227B
[མ་དཔེ་གཟིགས་ན་འདིར་གནོན།]

ངག་སྒྲོས་གཙང་མ་བརྒྱ། །ལྷུང་ལྷུང་འབབ་པའི་མགྲིན་པ་ཆོས་ཀྱི་དུང༌། །དེ་སླད་བླུན་པོ་རང་གཙིགས་ཆེ་བ་དང༌། །མཁས་རློམས་རྟོག་གེའི་སྙེམས་པས་བསྒྱིང་བ་ཡི། །འཆལ་གཏམ་མ་འདྲེས་སྔོན་བྱུང་རིག་འཛིན་གྱི། །གསུང་རྒྱུན་ཡི་གེར་བཀོད་ལ་སྐྱོན་ཡོད་མིན། །གོ་སླ་ཉུང་ངུར་བརྗོད་པའི་ལྡེའུ་མིག་འདི། །བཟུང་ནས་ཀུན་མཁྱེན་གསུང་རབ་སྒོ་བརྒྱའི་ལྕགས། །རྣམ་པར་ཕྱེ་སྟེ་སྒྲུབ་པ་ནན་ཏན་གྱིས། །རྟོགས་པའི་ཁྱད་ནོར་ལག་ཏུ་ལོངས་པར་མཛོད། །དེ་ལྟར་ཟབ་དོན་མན་ངག་སྙིང་པོའི་གཏམ། །བརྗོད་པའི་དགེ་འདིས་མཐའ་ཀླས་ཡིད་ཅན་ཀུན། །རྡོ་རྗེ་རྩེ་མོའི་གསེང་ལམ་ལ་བརྟེན་ནས། ཁྱད་ཆོས་དྲུག་ལྡན་དབྱིངས་སུ་འཚང་རྒྱ་ཤོག །ཅེས་པའང་གམ་དུ་འཁོད་པའི་ཡོངས་འཛིན་བཤེས་གཉེན་དལ་པ་བློ་གྲོས་བཟང་པོས་རིང་མོ་ནས་བསྐུལ་ཞིང༌། ཉེ་ཆར་སྒྲུབ་པ་ནན་ཏན་ལ་གུས་པའི་བཙུན་པ་རྟ་མགྲིན་ནས་ཀྱང་བསྐུལ་བ་ལྟར་མདོ་ཁམས་ཀྱི་སྤྲང་སྨྱོན་ཆོས་སྨྲ་བའི་གཟུགས་བརྙན་འཇིགས་མེད་བསྟན་པའི་ཉི་མས་ཡར་ལུང་པདྨོ་བཀོད་ཀྱི་སྒྲུབ་སྡེར་སྦྱར་བ་ཕྱོགས་དུས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས། །དགེའོ། །དགེའོ། །དགེའོ།། ༈ །།གཞི་ཡེ་གྲོལ་རང་བཞིན་གཉུག་མ་ལ། །ལམ་མ་བཅོས་ཅོག་བཞག་ཕྱག་གིས་འདུད། །དེ་བཏུད་ནས་འོད་གསལ་ལྟ་བའི་བབ། །དོན་སྙིང་པོར་དྲིལ་ནས་ཅུང་ཟད་འཆད། །དེ་ལ་ཀུན་འབྱུང་གི་སྒོམ་པ་སྡུག་


TN00_Page_228A
[མ་དཔེ་གཟིགས་ན་འདིར་གནོན།]

བཙིར་ཨ་འཐས་ཀྱི་དྲན་པ་དང༌། རང་བཞིན་རྫོགས་པ་ཆེན་པོ་ཡིན་ལུགས་མ་བཅོས་པའི་དྲན་པ་གཉིས་ཀྱི་ཤན་མ་ཕྱེ་ན་སྒོམ་ཆེན་པ་རྐང་འཁྱམས་རྨུགས་པའི་ནང་དུ་སོང་བ་ལྟར་མཐར་ཐུག་གི་སྐྱེལ་སོ་ཇི་བཞིན་པར་མི་ངེས་པ་ཡིན་པས་ལྷུན་གྲུབ་རང་གནས་ཀྱི་ཡེ་ཤེས་རྗེན་ལ་ཕྱུང་བར་འདོད་པ་རྣམས་ཀྱིས་སེམས་དང་རིག་པ་ལ་ཤན་ཕྱེད་པ་ཅི་ནས་ཀྱང་དགོས་སོ། །དེ་ལ་སེམས་ནི་འགྱུ་བ་རིག་པ་ནི་གནས་པ། སེམས་ནི་ཉོན་མོངས་པ། རིག་པ་ནི་ཉོན་མོངས་པར་མ་འགྱུས། སེམས་ནི་རླུང་ལྟ་བུ། རིག་པ་ནི་ནམ་མཁའ་ལྟ་བུ། །ཞེས་བྱ་བ་ལ་སོགས་པ་ནི་སེམས་རིག་གི་ཁྱད་ཕྱེ་བའི་ཆ་ཕྲ་མོ་ནས་གསུང་བར་ཟད་ཀྱི། དེ་ཙམ་ཞིག་གིས་དོན་ཇི་བཞིན་པར་ངེས་པ་ནི། བླ་མ་བྱིན་བརྒྱུད་ཀྱི་ཕ་ཕོག་ཅན་དང༌། སློབ་མ་མོས་གུས་དང་ལས་འཕྲོ་ཤོན་ཏུ་ཆེ་བ་རྣམས་མ་གཏོགས་པ་གཞན་ལ་མི་འོང་བས། ཞི་གནས་ཀྱི་ཏིང་འཛིན་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་ལ་སོགས་པ་ལ་མི་འཁྲུལ་བར་བྱེད་པའི་གནམ་ཐིག་ནི་འདི་ཡིན་ཏེ། སེམས་ནི་འདུས་བྱས་ཀྱི་རྣམ་རྟོག །རིག་པ་ནི་འདུས་མ་བྱས་ཀྱི་ཡེ་ཤེས་ཡིན་པས། འདི་ལས་ངེས་པར་བྱའོ། །དེ་ལ་ཇི་ལྟར་ན། རྫོགས་ཆེན་གྱི་རིག་པ་འདུས་བྱས་ཡིན་ཏེ། དེ་སྟོང་ཉིད་ལ་སོགས་པ་


TN00_Page_228B
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་ཀྱི་ཆོས་གང་ཡང་མིན་པའི་ཕྱིར་ཞེ་ན། དོན་འདི་ནི་དེ་ལྟ་བུ་ཆེས་ཤིན་ཏུ་མ་ཡིན་ཏེ་རྒྱལ་བ་དྲི་མེད་འོད་ཟེར་གྱི་མན་ངག་ལས། རིག་པ་རང་གནས་ཀྱི་ཡེ་ཤེས་འདུས་མ་བྱས་ཡིན་པའི་རྒྱུ་མཚན་དུ་རྒྱུ་རྐྱེན་གྱི་གསར་དུ་མ་བཟོས་པ་དང༌། འཇིག་འབྲལ་མེད་པ་སྟེ། འདི་དག་རྣམ་པར་བཤད་པའི་ཕྱིར། འཁྲུལ་པའི་ཀུན་རྟོག་རྣམས་ནི་དྲི་མ་གློ་བུར་བ་ཡིན་པས་སེམས་ཀྱི་གཤིས་ལ་ཞུགས་པ་མ་ཡིན་ཞིང་ཆོས་ཉིད་བར་དོའི་སྣང་བ་འཆར་བ་ན་འོད་གསལ་ཀ་ནས་དག་པའི་དབྱིངས་སུ་ན་བུན་ནམ་མཁའ་ལ་ཡལ་བ་ལྟར་རང་གྲོལ་དག་སངས་ཆེན་པོར་འགྲོ་ཞིང༌། སླར་ཡང་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ལྔས་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནས་བསྐྱོད་དེ་ཀུན་རྟོག་འཁྲུལ་པའི་ཡོ་ལང་མཐའ་དག་འགྲོ་འོང་མེད་པའི་དབྱིངས་ལས་འགྲོ་འོང་ལྟར་སྣང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ནི་ད་ལྟའི་ཐ་མལ་གྱི་ཤེས་པ་ཞེས་མི་བརྗོད་དེ། སྐབས་ཁ་ཅིག་ཏུ་ད་ལྟའི་ཤེས་པར་ཡོད་ལ་ཁ་ཅིག་ཏུ་འགགས་ནས་མེད་པའི་ཕྱིར་རོ། །རིག་པ་ནང་གསལ་གྱི་ཡེ་ཤེས་ནི། ཉི་ཟླ་ཁ་སྦྱོར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །སྟོང་གསལ་འདུས་པ་སྐུའི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ཆ་ཕྲ་འོད་གསལ་སྙིང་པོར་བཞུགས། །


TN00_Page_229A
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར། ཨ་ཝ་དྷུ་ཏི་ཕྲ་རགས་གཉིས་ཐེག་པ་འདིའི་ཐུན་མོང་མ་ཡིན་པའི་ལུགས་ལ་གྲགས་པའི་དབུ་མ་ཤིན་ཏུ་ཆ་ཕྲ་བ་ཤེལ་གྱི་སྦུ་གུ་ཅན་དྭངས་མ་འོད་ཀྱི་རང་བཞིན་དུ་གནས་པའི་གྲོང་ཁྱེར་ན། དཔལ་ཀུན་ཏུ་བཟང་པོ་ཐོག་མ་དང་ཐ་མ་མེད་པའི་སྟོན་པ་ཀུན་བྱེད་ཡེ་ཤེས་ཀྱི་རྒྱལ་པོ། སྣང་སྲིད་དུ་མ་རོ་མཉམ་གྱི་དཀྱིལ་འཁོར་ཆེན་པོ། སེམས་ལས་མ་བྱུང་བའི་སངས་རྒྱས། རྟོག་པས་མ་བཟོས་པའི་གཤིས་ལུགས། དྲི་མ་མཐའ་དག་གིས་མ་གོས་པ་རང་བཞིན་རྣམ་པར་དག་པའི་སངས་རྒྱས་སུ་གདོད་ནས་བཞུགས་པ་ལ། རྒྱུད་སྡེ་གཞན་ལས་གཉུག་མའི་སེམས་ཐམས་ཅད་སྟོང་པ་ཞེས་ཐ་སྙད་འདོགས་ཏེ་དེས་ན་གཉུག་མའི་སེམས་ཞེས་པ་དང༌། འདུས་མ་བྱས་ཀྱི་ཡེ་ཤེས་ཞེས་པ་སྐབས་འདིར་དོན་གཅིག་པ་ཡིན་ནོ། །དེ་ཉིད་གྲུབ་ནས་འཕོ་མ་མྱོང༌། གྲོལ་ནས་འཁྲུལ་མི་སྲིད། བྱུང་ནས་འཆི་མི་ཤེས་པའི་ཆོས་ཉིད་ཡིན་ནའང༌། སྣང་གསུམ་ཀུན་རྟོག་དང་བཅས་པས་རང་ཞལ་སྒྲིབ་ཅིང་ལས་རླུང་གི་གཡོ་བ་ཉི་ཁྲི་ཆིག་སྟོང་ལ་སོགས་པས་རང་ངོ་མི་མཐོང་བར་བྱས་པས་སུས་ཀྱང་རྟོགས་པར་དཀའ་བ་ནི། སྒྱུ་འཕྲུལ་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང༌། །ངོ་བོ་ཉིད་ཀྱིས་


TN00_Page_229B
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གསང༌། །གཞན་དུ་མིན་ལས་ཤིན་ཏུ་གསང༌། །ཞེས་གསུངས་པ་བཞིན། རྒྱུ་མཚན་དེ་ལ་བརྟེན་ནས་ནང་གསལ་གཞོན་ནུ་བུམ་པའི་སྐུ་ཞེས་རྣམ་པར་བཞག་པ་ཡིན་གྱི། ཤེལ་སྒོའི་ནང་གི་གསེར་སྐུ་འདྲ་བ་གཅིག་ལ་སངས་རྒྱས་ཞེས་གོ་བ་བླང་བ་གཏན་ནས་མིན་པར་ཤེས་པར་གྱིས་ཤིག །དེ་ལྟར་སེམས་དང་རིག་པའི་ཤན་འབྱེད་ལ་ཤེས་རབ་དམ་པའི་མིག་མ་རྙེད་པ་དེ་སྲིད་དུ་ནི་འཇོག་སྒོམ་གྱི་ཨུ་ཚུགས་ཆེ་དྲག་ན་རྡོ་རྗེ་རྩེ་མོ་འོད་གསལ་སྙིང་པོ་མཆོག་གི་ལམ་མིན་པར་མ་ཟད་དབུ་མ་ཆེན་པོའི་ལྟ་སྒོམ་དུ་ཡང་འགྲོ་དཀའ་བ་ཡིན་པས་རྟོགས་ལྡན་རྒན་པོ་སེང་གེའི་གསོབ་དང༌། ཟོག་པོ་ཆོས་རྫུ་བོང་ཤ་རི་ཚོས་གཡམ་ལ་མ་རྒྱུག་པར། རྫོགས་པའི་སངས་རྒྱས་དྲི་མེད་འོད་ཟེར་གྱི་རྣམ་ཐར་ཟུངས་ཤིག །སེམས་རིག་ལ་ཤན་ཕྱེད་པ་རྫོགས་པ་ཆེན་པོའི་མན་ངག་གི་གནད་ཇི་ལྟར་ཡིན་ན། དཔེར་ན་ལྷའི་རྣལ་འབྱོར་སྒོམ་པའི་ཚེ་ཞི་བ་འཛུམ་མུལ་མུལ། ཁྲོ་བོ་མིག་ཅེར་ཅེར་ཙམ་སྒོམ་པ་ནི་སངས་རྒྱས་ང་རྒྱལ་གྱི་རྣལ་འབྱོར་དུ་འགྲོ་བ་མིན་གྱི། བྱང་ཆུབ་ཕྱོགས་ཀྱི་ཆོས་ཡོངས་སུ་རྫོགས་པའི་ལྷར་སྣང་གི་ང་རྒྱལ་བརྟན་པ་ཁོ་ན་ཁག་ཆེ་བ་བཞིན་དུ་འདིར་ཡང་སེམས་ས་ལེ་ཧྲིག་གེ་བའི་ངོ་བོ་ལ་བལྟ་བ་དང་འགྱུ་དྲན་གྱི་རྟོག་པ་ལ་གཡག་སྣ་ཁུ་ཚུར་མི་བྱེད་པར་ལྷོད་དེ་འཇོག་པ་ཙམ་འབའ་


TN00_Page_230A
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྒོམ་གྱི་སྙིང་རྡོ་མ་ཡིན་པས། དཔལ་ལྡན་ཏོག་རྩེ་པས། འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། སྔར་བླ་མས་ངོ་སྤྲོད་པའི་འོད་གསལ་ལྷན་ཅིག་སྐྱེས་པ་རང་བྱུང་ནམ་མཁའི་གཟུགས་ཅན་དེ་ཉིད་མངོན་དུ་བྱ་བའི་ཕྱིར། དེ་དང་རྣམ་པ་མཐུན་པའི་ལམ་མ་བཅོས་ཅོག་བཞག་ཆེན་པོའི་དགོངས་པའི་གནད་ལ་གཟིར་ཏེ། ཀློང་ཆེན་ཀ་དག་གི་རིག་པ་ཡིན་ལུགས་བསམ་མནོ་དང་བྲལ་བའི་ངང་མདངས་སྐྱོང་ཞིང་བསྒྱུར་བཀོད་ཕྲི་བསྣན་སྤུ་ཙམ་ཡང་བྱ་རྒྱུ་མེད་པའི་ཁྲེགས་ཆོད་ཀྱི་ཤེས་པ་རྒྱ་ཡན་རང་གྲོལ་ཕྱལ་བ་ཆེན་པོ། །དྲན་རིག་ཐུག་ཕྲད་རྗེས་མེད། རྟོག་ཚོགས་ཤར་གྲོལ་དུས་མཉམ། ཁམས་གསུམ་གཞི་གྲོལ་གྱི་རིག་པ། བྱུང་ཚོར་ཆོས་སྐུའི་རང་རྩལ་དུ་གདོད་ནས་དག་པས་བྱ་བྱེད་བྱིས་པའི་འཁྲུལ་སྣང་གིས་ཕན་གནོད་སྐད་ཅིག་ཀྱང་མ་སོང་བའི་མཐའ་གྲོལ་ཡངས་པ་ཆེན་པོའི་བདེ་ཀློང༌། བལྟ་བས་མི་མཐོང༌། བརྗོད་པས་མི་རྟོགས། བཙལ་བས་མི་རྙེད། བདས་པས་མི་ཟིན། ཕྱིན་པས་མི་སླེབ་པའི་ནང་དབྱིངས་ཆོས་སྐུའི་རྒྱལ་སའི་གཏན་སྲིད་དུ། ཕྱི་སྣང་བའི་རྫུན་ཕུག་རང་སར་རྡིབ་ཏེ་དམིགས་གཏད་ཀྱི་ཡུལ་མེད། ནང་འཛིན་པའི་མཁན་པོ་རྩ་བ་ཆོད་པས་རྗེས་འབྲང་གི་རྒྱུན་ཆད། བར་ལས་རླུང་


TN00_Page_230B
[མ་དཔེ་གཟིགས་ན་འདིར་གནོན།]

གི་འགྱུ་བ་གཞི་གནས་སངས་པས་གཡོ་བྱེད་ཀྱི་མཐུ་ཟད་དེ། བློ་ཟད་ཀྱི་རིག་པ་ཆོས་ཟད་མཉམ་པའི་ངང་ལ་བག་ཕེབས་ནས་སྣང་སྲིད་དབྱིངས་རིག་རོ་མཉམ་གྱི་གཤིས་སུ་ཆམ་བརྡལ་ཞིང་ཇི་ལྟར་བྱས་ཀྱང་བློ་བདེ་བ་ཡིན་ནོ། །དེ་དག་ཐམས་ཅད་ཀྱི་མདོ་འགག་ཆེ་ཤོས་ནི་སེམས་ཀུན་རྟོག་བརྒྱད་ཅུ་སྣང་གསུམ་དང་བཅས་པ་ཡིན་ལ་རིག་པ་ཐ་མལ་གྱི་དྲན་རིག་འོད་གསལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཡིན་པར་ངོ་འཕྲོད་ཐག་ཆོད། །གདེང་འཆོས་ནས་དེ་ཉིད་དུ་ཉམས་ལེན་སྐྱོང་ཤེས་པ་འདི་ལ་ཐུག་གོ །ལམ་འདི་སྐྱོང་བ་ལ་འཇོག་སྒོམ་ཁོ་ན་གལ་ཆེ་བའི་གནད་ཀ་གཅིག །ལམ་འདིའི་བོགས་འདོན་མཐའ་དག་གི་གཙོ་བོར་བྱ་བ་དགུ་ཕྲུགས་སུ་གཏོང་དགོས་པའི་གནད་ཀ་གཉིས། ལམ་འདིའི་གྲོལ་བ་ལ་རགས་ལུས་འོད་སྐུར་ལྡང་བའི་གནད་ཀ་གསུམ། དེ་ལ་སོགས་པ་མང་པོ་ཞིག་ཡེ་ཤེས་ཆེན་པོ་དེའི་ཞོན་པ་སྙིང་པོ་དངས་མའི་རླུང་གིས་བྱེད་ཚུལ་ནི་ཤིན་ཏུ་གལ་ཆེ་ནའང༌། གཞན་ནི་གཏམ་ཤིན་ཏུ་མང་བར་འགྱུར་བས་འདིར་མི་བརྗོད་ལ། གནད་སྔ་མ་གཉིས་པོ་ལས་དང་པོ་པའི་དུས་ནས་ཤེས་དགོས་པ་ཡོང་བས་སྡོམ་ཚིག་བརྗོད་ན། ལུས་ཀྱི་ཕྱིའི་བྱ་བ་ཁྱིམ་གྱི་སོ་ནམས་ལ་སོགས་པ་དང༌། ནང་གི་བྱ་བ་ཕྱག་སྐོར་དཀའ་སྤྱད་ལ་སོགས་པ་དང༌། གསང་བའི་བྱ་བ་ཕྱག་རྒྱ་གར་མཆོད་ལ་སོགས་པ་དང༌། ངག་གི་ཕྱིའི་བྱ་བ་བྲེ་


TN00_Page_231A
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཀྱལ་ཀ་དང༌། ནང་གི་ཁ་ཏོན་ཀློག་བཟླས། གསང་བའི་བསྙེན་སྔགས་བཟླས་སྒྲུབ་ལ་སོགས་པ་དང༌། སེམས་ཀྱི་ཕྱིའི་བྱ་བ་ཆགས་སྡང་འཁོན་འཛིན་ལ་སོགས་པ་དང༌། ནང་གི་ལྟ་བ་གྲུབ་མཐའི་རྗེས་དཔྱོད་ལ་སོགས་པ་དང༌། གསང་བའི་ལྷའི་བསྐྱེད་རིམ་གྱི་སྤྲོས་པ་ལ་སོགས་པ་དེ་དག་ཐམས་ཅད་ལས་རླུང་འཕེལ་བ་མཐུ་ཆེ་བར་བྱེད་པ་ཤ་སྟག་ཏུ་ངེས་ཤིང༌། ཇི་ལྟ་ཇི་ལྟར་ལས་ཀྱི་རླུང་རྣམ་རྟོག་སྤྲོས་པའི་ཁ་ལོ་པ་དབང་བཙན་པ་དེ་ལྟ་དེ་ལྟར་འོད་གསལ་གཉུག་མ་ཆོས་ཟད་ཀྱི་ཡེ་ཤེས་ཆེན་པོའི་བཞོན་པའི་ཤིན་ཏུ་ཕྲ་བའི་རླུང་བག་ལ་ཞ་བར་འགྱུར་ལ། ཇི་སྲིད་དེ་མངོན་དུ་མ་གྱུར་པ་དེ་སྲིད་དུ་རང་བཞིན་ཡེ་གནས་ཀྱི་རིག་པ་ཐེར་ལ་མི་འབུད་པ་ཡིན་པས་རྩ་བ་འདི་ལ་ཐུག་གོ །གཞན་དུ་ན་ལམ་དེ་ལྟར་བསྒོམས་པའི་བཞག་སྟོབས་ཀྱིས་རླུང་དབུ་མར་འཇུག་ནུས་ཚུལ་དང༌། བསྐྱེད་རིམ་སྔོན་སོང་ལ་མི་ལྟོས་པར་རྫོགས་རིམ་དང་པོ་ནས་བསྒོམ་དུ་རུང་བའི་གནད་ཀ་དང་འོད་གསལ་མྱོང་སྟོབས་ཀྱིས་ཤར་བའི་རྣལ་འབྱོར་ལའང་དབང་ཤེས་ནུབ་པ་གཉིས་འོང་ཚུལ་དང༌། འཇོག་ས་ཀ་དག་གི་ནང་དབྱིངས་གཅིག་ལས་མེད་ཀྱང་འཇོག་ཚུལ་ལ་གྲོལ་ལུགས་རྣམ་པ་གསུམ་ཡོད་པའི་འགག་དོན་ལ་སོགས་པ་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་གནད་རྒྱུད་སྡེ་གཞན་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་རང་བཞིན་རྫོགས་


TN00_Page_231B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་ལམ་གྱི་ཆེ་བ་དེང་སང་གི་སྟོན་རློམ་ཕལ་མོ་ཆེའི་སྤྱོད་ཡུལ་དུ་མ་གྱུར་པ་མང་པོ་ཞིག་བཤད་དུ་ཡོད་མོད་དེ་རེ་ཞིག་དེ་ཙམ་མོ། །ཧོ་ཧོ། ཕྱི་སྣང་བའི་བཟོ་རྒྱ་ཐིག་པོ་དང༌། །ནང་རྗེས་དཔྱོད་གྲུབ་མཐའི་ཁ་འཛིན་གཉིས། །དེ་རང་གྲོལ་གཉུག་མར་ཟད་ཀྱང་ཟད། །དཔལ་ཀུན་བཟང་དགོངས་པ་ལྷག་གེར་མཐོང༌། །སྒོམ་བློས་བྱས་རྟོག་པའི་དྲྭ་བ་དང༌། །སེམས་འཁྲུལ་སྣང་རྟོག་པའི་རི་མོ་གཉིས། །གཤིས་རྫོགས་པ་ཆེན་པོར་མཉམ་ལ་ཁད། །ད་སྒོམ་ན་འོད་གསལ་ཉལ་སྒོམ་ཞུ། །སྙིང་གཞོན་ནུ་བུམ་སྐུའི་ཁང་བཟང་ན། །བདེ་སྟོང་གི་ཆོ་འཕྲུལ་ཅིར་ཡང་རྩེ། །དེ་མངོན་སུམ་མཐོང་འདོད་ཀྱི་སྒོམ་ཕྲུག་ཚོ། །མ་བཅོས་ཅོག་བཞག་གི་ཉེ་ལམ་སྐྱོངས། །དུས་དེང་སང་གི་སྒོམ་ཆེན་ཕལ་མོ་ཆེས། །ཧ་ཤང་གི་མུན་སྒོམ་དྲན་མེད་དང༌། །གཞི་དྲན་པ་རང་སྟོང་ཆོས་སྐུའི་ཞལ། །དེ་གཅིག་ཏུ་འཁྲུལ་བ་མང་རབས་ཡོད། །དོན་ཡིད་དཔྱོད་འཇུར་བུའི་ཐུགས་དམ་པ། །མིང་ངེད་ལ་བརྐུས་ནས་རྫོགས་ཆེན་བཏགས། །ཀློང་ཆེན་གྱི་མགོན་པོ་པདྨའི་ཞལ། །གསུང་འོ་རྒྱལ་དུ་དོགས་ནས་མཆི་མ་བཀུ། །ད་མང་མང་བཤད་ན་ལྕོ་ཀའི་ཁ། །དོན་རྫོགས་པ་ཆེན་པོར་བློ་ཕུགས་གཏོད། །སྒོམ་ཡིན་མིན་མཛོད་ཆེན་བདུན་ལ་དྲིས། །སྒྲུབ་རྒྱུད་ཀྱི་མེ་རོ་གཞི་ནས་སློང༌། །


TN00_Page_232A
[མ་དཔེ་གཟིགས་ན་འདིར་གནོན།]

ང་སྤྲང་འཁྱམ་སྨྱོན་པའི་ཕྲུ་གུ་ལ། །གློ་བ་ཆེ་ལྟ་རྒྱུ་ཅི་ཡོད་དེ། །ངའི་ཞེ་ཕུགས་རིགས་འཛིན་བརྒྱུད་པའི་ལམ། །དེ་ཡིན་མིན་པདྨ་རྒྱལ་པོས་ཕྱེས། །ཞེས་པའང་ལམ་འདི་ལ་མི་ཕྱེད་པའི་གདུང་ཤུགས་ཅན་སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་པོ་པདྨ་མ་ཧཱ་སུ་ཁའི་བཞེད་སྐོང་དུ་སྤྲང་སྨྱོན་འཇིགས་མེད་པས་གང་དྲན་ཡུད་ཙམ་ལ་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།བླ་མ་ལ་ཕྱག་འཚལ་ལོ། །འདིར་བདག་ཅག་གི་བླ་མ་དམ་པ་ཤེས་བྱ་རིག་པའི་གནས་ལྔ་ལ་སྦྱངས་ཤིང༌། རྫོགས་པ་ཆེན་པོའི་སྙིང་ཐིག་གི་ལམ་ནས་གྲོལ་བ་བརྙེས་པ་ཨོ་རྒྱན་བསྟན་འཛིན་ནོར་བུའི་ཞལ་སྔ་ནས་ཀྱིས་འདའ་ཁར་ཞལ་ཆེམས་སུ་སྩལ་བའི་ཚིགས་བཅད། །ང་ཨོ་རྒྱན་གུ་རུ་པདྨ་འབྱུང༌། །སྐྱེ་འཆི་བྲལ་བའི་སངས་རྒྱས་ཡིན། །བྱང་ཆུབ་སེམས་ལ་ཕྱོགས་རིས་མེད། །ཟུང་བཞི་ཡ་བརྒྱད་ཀྱི་མིང་འདོགས་བྲལ། །ཞེས་པ་འདིའི་དོན་རགས་པ་ཙམ་ཞིག་བཀྲལ་ན། སྤྱིར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཐམས་ཅད་གདུལ་བྱ་སྐྱེ་ཤི་བར་དོའི་འཁྲུལ་འཁོར་གྱིས་ཉམ་ཐག་པ་ལས་སྐྱོབ་པའི་ཆེད་དུ་གསུངས་པ་ཁོ་ན་ཡིན་ཞིང༌། དེ་དག་གི་ནང་ནས་མཐར་ཐུག་པ་སྙིང་ཐིག་རྡོ་རྗེ་རྩེ་མོའི་ལུགས་ལ། ཐོག་མའི་གཞི་ཀ་དག་ཆེན་པོའི་གཤིས་ལ་འཁྲུལ་པ་མེད་ཀྱང༌། དེ་ངོ་མ་ཤེས་པར་རིག་རྩལ་འཁྲུལ་པའི་སྣང་ཆར་ཤར་ཏེ། བདག་


TN00_Page_232B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གཅིག་པ་དང༌། ལྷན་ཅིག་སྐྱེས་པ་དང༌། ཀུན་ཏུ་བཏགས་པ་སྟེ་མ་རིག་པ་གསུམ་གྱི་རིམ་པས་གཟུང་འཛིན་གྱི་རྟོག་པ་ལུ་གུ་རྒྱུད་ཀྱི་ཕྲེང་བ་མུ་མེད་དུ་མཆེད། དེའི་རྗེས་སུ་ཞེན་ནས་ལས་ཉོན་སྡུག་བསྔལ་གྱི་འཁོར་ལོ་བར་མཚམས་མེད་པར་འཇུག་པ་ཡིན་པས། ངོ་བོའི་བཞུགས་ཚུལ་འཁྲུལ་པའི་དྲི་མས་མ་གོས་པ་བཞིན་དུ་ངོ་འཕྲོད་ནས་བསྒོམས་པ་ཉིད་ཀྱིས་སྐྱེ་འཆིའི་འཁྲུལ་པ་རང་ལོག་ཏུ་འགྲོ་བར་བཞེད་པ་ཡིན་ལ། ངོ་བོའི་བཞུགས་ཚུལ་དེའང་རྟོག་གེ་དང་བཅོས་མའི་སེམས་འཛིན་གྱིས་མི་མཐོང་གི༌།དོན་བརྒྱུད་ཀྱི་ཕ་ཕོག་ཐོབ་པའི་བླ་མ་མཚན་ཉིད་དང་ལྡན་པ་ལས་སྨིན་གྲོལ་གྱི་བདུད་རྩི་བླངས་ཏེ། དེ་འདྲའི་བླ་མ་དེ་ཉིད་ཨོ་རྒྱན་རྡོ་རྗེ་འཆང་དང་དབྱེར་མེད་དུ་མཐོང་བའི་མོས་གུས་རྣལ་འབྱོར་དུ་བྱས་པས་རྒྱུད་བྱིན་གྱིས་བརླབས་ཏེ་ཐུགས་ཡིད་དབྱེར་མི་ཕྱེད་པར་འདྲེས་ནས་རང་སེམས་གདོད་མའི་གནས་ལུགས་བཅོས་སླད་དང་བྲལ་བ་འདི་ཀ་ཀུན་བཟང་དོན་གྱི་འཆི་མེད་པདྨ་འབྱུང་གནས་སུ་ངོ་ཤེས། ཐག་ཆོད། བརྟན་པ་ཐོབ། དེ་ཉིད་གློ་བུར་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་སྐྱེ་བ་དང་བྲལ། བྲི་གང་འཕོ་འགྱུར་མི་དམིགས་པས་འཆི་བ་དང་བྲལ་ཏེ། སྐྱེ་འཆི་མེད་པའི་དངོས་གྲུབ་ཀྱི་ཕམ་ཕབ་རང་མལ་ནས་རྙེད་ཅིང༌། སངས་རྒྱས་གཞན་དུ་མི་འཚོལ་བའི་གདེང་ཆེན་ཐོབ་པ་ན། ང་ཨོ་རྒྱན་


TN00_Page_233A
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་འབྱུང༌། །སྐྱེ་འཆི་བྲལ་བའི་སངས་རྒྱས་ཡིན། །ཞེས་སེང་གེའི་སྒྲ་སྒྲོག་གོ །དེ་ལྟ་བུའི་རིག་པ་བྱང་ཆུབ་སེམས་ཀྱི་བཞུགས་ཚུལ་མངོན་དུ་གྱུར་པ་ན། སྐྱེ་འཆིའི་ཡུལ་སྣང་ཕྱིར་སྤངས། དེར་ཞེན་གྱི་འཛིན་སེམས་ནང་དུ་བཅད། སྤྲོས་པའི་འཁོར་བ་རྒྱབ་ཏུ་བོར། སྤྲོས་མེད་མྱང་འདས་ལ་དམིགས་གཏད་བཅོལ་བའི་སྤང་བླང་རེ་དོགས་མང་པོས་རྟེན་མེད་ཀྱི་རིག་པ་ཁོལ་བུར་འདོན་དུ་མེད་ཀྱི། ཇི་ལྟར་སྣང་ཡང་རང་སྣང༌། གང་ལྟར་ཤར་ཡང་རང་རྩལ། འཁོར་འདས་གཟུང་འཛིན་དུ་བཏགས་པ་ཐམས་ཅད་ཕྱོགས་དང་རིས་མེད་པར་རིག་པའི་ཡོ་ལང་དུ་ཤར་ཏེ། རྩལ་གཞི་ཐོག་ཏུ་ཐིམ། གཞི་རང་མལ་དུ་བཙན་ས་ཟིན་ནས། དང་པོའི་གཞི་ལས་འཕགས་ཏེ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་འོད་གསལ་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་མངོན་པར་བྱང་ཆུབ་པར་འགྱུར་བ་ལ། བྱང་ཆུབ་སེམས་ལ་ཕྱོགས་རིས་མེད། །ཅེས་བྱའོ། །དེའི་ཕྱིར་འཁྲུལ་སྣང་ལ་སྐྱོན་དུ་བལྟ་སྟེ། ནང་གི་རྣལ་འབྱོར་ཉི་ཚེ་བ་ལ་བསླབ་པས་ཁམས་གསུམ་གྱི་མཐོང་སྤང་སྤངས་ཀྱང་འདོད་པའི་སྒོམ་སྤང་མ་སྤངས་པ་དང༌། དེ་སྤོང་ཕྱིར་དུ་ཞུགས་པ་དང༌། འདོད་ཉོན་ཕལ་ཆེར་སྤངས་པ་དང༌། དེ་མཐའ་དག་སྤངས་ཀྱང་གོང་མའི་ཉོན་མོངས་ཟད་པར་མ་སྤངས་


TN00_Page_233B
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐྱེ་འཆིའི་སྡུག་བསྔལ་ལྷག་མེད་དུ་མ་ལོག་པ་སོགས་ཀྱི་སྒོ་ནས་འབྲས་བུ་ཐ་དད་དུ་བཞག་པའི་ཟུང་བཞི་ཡ་བརྒྱད་ལྟ་བུའི་རྣམ་བཞག་ཐེག་པ་འདི་ལ་བརྩིར་མེད་དེ། ཀ་དག་རང་སྣང་རིས་མེད་གདལ་བ་ཆེན་པོའི་དགོངས་ཀློང་ནས་ས་ལམ་ཆིག་ཆོད་དུ་བགྲོད་པའི་ཕྱིར་ཏེ། འདི་ལ་ཞིབ་ཆ་དགོས་སོ། །དོན་འདིའི་ཕྱིར། ཟུང་བཞི་ཡ་བརྒྱད་ཀྱི་མིང་འདོགས་བྲལ། །ཞེས་གསུངས་ཏེ། འདིས་ནི་ཐེག་པ་འོག་མ་གཞན་རྣམས་ལས་འཕགས་པ་ཡང་མཚོན་ནོ། །དོན་ཧྲིལ་གྱིས་དྲིལ་ན། བླ་མ་དང་རང་སེམས་གཉིས་མེད་དུ་བསྲེས་ཏེ་རིག་སྟོང་གཉུག་མའི་ཀློང་དུ་བསལ་བཞག་དང་བྲལ་བར་མཉམ་པར་བཞག་ལ། འཆི་ཀ་དང་པོར་བར་དོའི་འཇིགས་སྐྲག་འཁྲུལ་སྣང་གང་གིས་ཀྱང་རིག་པ་རང་མལ་ནས་མི་གཡོ་བར་བཙན་ས་བཟུང་བ་ནི་རྐང་པ་དང་པོ་གསུམ་གྱི་སྙིང་པོའི་དོན་ཏེ། ཕྱོགས་འདིའི་འཆི་ཀ་མའི་མན་ངག་མཐར་ཐུག་པ་ཡིན་ཞིང༌། འདི་ལ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་ཞེས་ཀྱང་གྲགས་སོ། །དེའང་ད་ལྟ་ནས་སྐྱོང་ཚུལ་དང༌། འཆི་དུས་སུ་ལས་ལ་སྦྱར་ཚུལ་སོགས་ཤེས་པར་བྱའོ། །རྐང་པ་ཐ་མས་ནི་ལམ་འདི་རྩོལ་བཅས་ཀྱི་ཐེག་པ་གཞན་ལས་འཕགས་པའི་ཆེ་བ་སྟོན་ཏེ། རང་གི་ལམ་ལ་ངེས་པ་བརྟན་པར་བྱ་བའི་དོན་ཏོ། །ཡང་ན་རྐང་པ་དང་པོ་གཉིས་ཀྱིས། ལམ་འདིའི་འཆི་མེད་


TN00_Page_234A
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཚུལ་བསྟན་པ་ན། དེ་ཙམ་གྱིས་ཐེག་པའི་རྩེ་མོར་མི་འགྱུར་ཏེ། ཉན་རང་ལའང་སྐྱེ་འཆིའི་སྡུག་བསྔལ་རྒྱུན་ཆད་པའི་ལམ་ཡོད་པའི་ཕྱིར་རོ་སྙམ་པ་ལ། ལན་རྐང་པ་ཐ་མ་དང༌། དེའི་རྒྱུ་མཚན་སྒྲུབ་པ་ལ་རྐང་པ་གསུམ་པ་སྦྱར་ནའང་རུང་ངོ༌། །ཞེས་པའང་དད་བརྩོན་བློ་ལྡན་འདས་ཤུལ་གྲགས་ལྡན་ནས་ནན་གྱིས་བསྐུལ་བའི་ངོར། བསྟན་པའི་ཉི་མས་ས་བྱ་དབོ་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་གསུམ་པར་གང་དྲན་མྱུར་པོར་བྲིས་པ་དགེ་བར་གྱུར་ཅིག། ༈ །།གདམས་ངག་རྡོ་རྗེའི་གཏུན་ཁུང་ཡོད། །པདྨའི་ཞལ་བཟང་ཡིད་ལ་དྲན་པས་ཀྱང༌། །མི་ཟད་དཔལ་སྟེར་དྲིན་ཆེན་བླ་མ་དང༌། །དབྱེར་མེད་ལི་ཁྲིའི་འོད་མངའ་ལྷག་པའི་ལྷས། །དེ་ཉིད་འབྱེད་པའི་བློ་གྲོས་སྙིང་ལ་ཕོབས། །ཤིན་ཏུ་བརྒལ་དཀའ་ཐེག་མཆོག་རྒྱུད་སྡེའི་མཚོར། །ཉལ་བའི་ཟབ་དོན་ཡིད་བཞིན་དབང་གི་རྒྱལ། །བདག་འདྲས་རྙེད་པར་དཀའ་ཡང་བླ་མ་ཡི། །དྲིན་ལ་བརྟེན་ནས་བྲག་ཆའི་དབྱངས་ལྟར་སྒྲོག །ལམ་འདི་ཤིན་ཏུ་ཟབ་དང་རྒྱ་ཆེ་བས། །བློ་གྲོས་མ་སྦྱངས་རྣམས་ཀྱིས་རྟོགས་པར་དཀའ། །དེ་ཕྱིར་སྐྱེས་བུ་གསུམ་གྱི་ལམ་རིམ་ལ། །ལེགས་པར་སྦྱངས་པས་དགེ་རྩ་སྨིན་པར་མཛོད། །བྱང་ཆུབ་སེམས་དང་རྒྱལ་སྲས་སྤྱོད་པ་ལ། །སློབ་འདོད་རྣམ་དག་གཅིག་ཀྱང་མི་སྐྱེ་རུང༌། །ཤེས་


TN00_Page_234B
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སྟོང་གསལ་སྣང་ཉམས་ཁྲ་ཁྲ་ཙམ། །ཤར་བ་ཁྲེགས་ཆོད་ཐོད་རྒལ་རྣམ་དག་མིན། །དེ་ལྟ་མིན་ན་རྫོགས་ཆེན་མན་ངག་སྡེའི། །གཞུང་བརྒྱའི་ནང་དུ་སྔོན་འགྲོའི་ཁྲིད་རིམ་དང༌། །རྫོགས་ཆེན་ལམ་གཉིས་གོ་རིམ་མ་འཆོལ་བར། །བསྟན་པའི་གནད་ལའང་ངེས་པ་ཇི་ལྟར་དྲངས། ཁྱད་པར་བླ་མེད་སྤྱི་དང་བྱེ་བྲག་འདིའི། །དབང་བཞིས་རྒྱུད་སྨིན་རྩ་བ་ཡན་ལག་གི༌།དམ་ཚིག་མིག་བཞིན་སྲུང་བའི་སྐལ་བཟང་རྣམས། །འབའ་ཞིག་ཆོས་འདིར་འཇུག་ལ་དབང་བ་ཡིན། །གཅིག་བརྗེད་གཉིས་ཤེས་གསུམ་བོར་བཞི་པ་རྙེད། །གྲུབ་འབྲས་ལག་སྟོང་ཁར་འཇུག་བྱིས་པ་དང༌། །རང་གི་རྒྱུད་ཚོད་ཚུར་ལ་མི་སེམས་པར། །སློབ་དཔོན་ཆོས་ལ་སེར་སྣ་བྱེད་སྙམ་དང༌། །ཟབ་ཅིང་རྒྱ་ཆེའི་གནད་གསང་མི་འཚོལ་བར། ཁ་འཕང་མིག་འཕང་མཐོ་བ་ལྷུར་ལེན་སོགས། །རང་གིས་རང་ལ་སྙིང་རྗེ་མ་བལྟས་པར། །སྟོང་འུར་ལངས་ནས་ལྕེབ་གྲིར་འགག་པ་ཡིན། །དེ་ཕྱིར་ཕྱོགས་ཀྱི་འཁོར་ལོ་འཆིང་བ་ལྟའི། །སྨིག་རྒྱུའི་ཀླུང་དང་བཏུང་དུ་རུང་ངེས་པའི། །འབབ་ཆུའི་གདམ་ཁ་མ་ནོར་ཤེས་པ་ཞིག །བྱས་ན་རང་དྲིན་རང་ལ་ཆེ་བ་ལགས། །འདི་ལས་བརྩམས་ཏེ་བརྗོད་བྱ་མང་མཆིས་ཀྱང༌། །སྣང་བ་དགྲར་ལང་བདག་འདྲའི་མཐོང་ཚུལ་རྣམས། །རྒྱས་པར་བཤད་ན་ཕྱག་དར་བརྡལ་འདྲ་


TN00_Page_235A
[མ་དཔེ་གཟིགས་ན་འདིར་གནོན།]

བས། །དམ་པ་རྣམས་ཀྱི་སྙན་དབང་གཙེར་མི་བགྱི། ༈ །རྟོགས་བྱེད་ཐེག་པའི་རྣམ་གྲངས་མང་བསྟན་ཀྱང༌། །རྟོགས་བྱའི་སྙིང་པོའི་ཚུལ་སྒོ་གཅིག་ལས་མེད། །སྐྱེ་འགག་གནས་གསུམ་བྲལ་བའི་རང་སེམས་གཤིས། །ཕྱོགས་འདིར་བློ་གྲོས་མིག་ཡངས་དང་པོར་སྒྲུབས། །བྱུང་ཁུངས་གནས་གཞི་འགྲོ་བའི་ཡུལ་ས་གསུམ། །མ་མཐོང་ཙམ་ཞིག་གནས་ལུགས་རྙེད་མིན་པས། །གཞི་མེད་རྩ་བྲལ་ཟེར་བའི་གྲགས་ལྡན་དེ། །ཚིག་རྐྱང་ཙམ་མིན་རྩད་གདར་ཆོད་པ་དགོས། །བདེན་པའི་དམིགས་གཏད་རྡུལ་ཙམ་མི་འཇོག་ཀྱང༌། །སྣང་རིག་རྫུན་པའི་མཐོང་བ་འགོག་མིན་པས། །ཟབ་མོའི་གནད་འདི་ཚིམ་སྔ་མ་བྱེད་པར། །པཎ་གྲུབ་གཞུང་ལ་བརྟེན་ནས་ཞིབ་ཏུ་ཚོལ། །འཁོར་བའི་འཁྲུལ་སྣང་དབྱེ་བ་མཐའ་ཡས་ཀྱང༌། །རྩ་བ་གཅིག་ཏུ་ཟད་དེ་བདེན་ཞེན་ཉིད། །དེ་སླད་འཁྲུལ་པའི་མདུད་པ་ཡོད་དགུ་ཀུན། །ཆོས་ཀྱི་གནད་གསང་གཅིག་འདི་ཤེས་པས་གྲོལ། །འདི་མེད་དབྱིངས་རིག་དབྱེར་མེད་རྫོགས་པ་ཆེའི། །རང་ཞལ་མཐོང་བའི་གོ་སྐབས་མ་གཟིགས་ནས། །ནམ་མཁའ་ལྟ་བུའི་ཐུགས་ཅན་ཡབ་མེས་ཀྱིས། །དང་པོར་བདག་ཅག་རྣམས་ལ་ཚུལ་འདི་གདམས། །རིག་དང་སྟོང་པ་སྲང་མདའི་མཐོ་དམན་བཞིན། །མི་འདོད་འོན་


TN00_Page_235B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གདུལ་བྱའི་རྟོགས་རིམ་ལ། །དགོངས་ཏེ་སྟོང་པ་ངོ་སྤྲོད་མཇུག་ཐོགས་སུ། །རིག་པ་ངོ་སྤྲོད་ཟབ་མོ་ཤེས་རྣམས་བཞེད། །རིག་པའི་དོན་ནི་ས་ལེ་སང་ངེ་བ། །ཟང་མ་ཐལ་བྱུང་མཉམ་ཡངས་གདལ་བ་ཞེས། །སྨྲ་མཁན་མང་མོད་དེ་འདྲའི་ཁྱད་པར་རྣམས། །སེམས་དང་རིག་པ་གཉིས་ཆར་ཡོད་པ་ཡིན། །དེས་ན་ཁྱད་གཞི་གདོད་མའི་འོད་གསལ་དུ། །ཤེས་པར་བྱ་སྟེ་གློ་བུར་ཆོས་དང་ནི། །གདོད་མའི་རང་བཞིན་བསྲེས་ཀྱང་མི་འདྲེས་པས། །སེམས་རིག་དབྱེ་བའང་འདི་ལ་ལེགས་པར་གནས། །དེ་ཡི་བཞུགས་ཚུལ་རྒྱ་ཆེར་ངེས་པའི་ཕྱིར། །ཡེ་གྲོལ་གཉུག་མ་གཟོད་ནས་མ་བཅོས་དང༌། །ངང་གིས་གདལ་ཁྱབ་གཏིང་གསལ་ཆ་ཕྲ་སོགས། །དཔག་དཀའི་ཐ་སྙད་རབ་འབྱེད་བཏགས་པ་ཡིན། །དེ་འདྲའི་བརྗོད་ཚུལ་རེ་རེར་ཐུན་མིན་གྱི། །ཆོས་སྐུ་ངོ་སྤྲོད་སྒོ་རེ་མི་ཤེས་པར། །བྱིས་པའི་མདུན་སར་མེ་མདའི་ཚམ་རྔམ་ལྟར། བརྩི་བའི་རྫོགས་ཆེན་པ་རྣམས་ད་དུང་དཔྱོད། །རིག་པའི་ཡེ་ཤེས་འོད་གསལ་དེ་ཉིད་ནི། །གདོད་མ་ཡིན་ཕྱིར་གསར་དུ་སྒྲུབ་མི་དགོས། །རྒྱུན་ཆད་མེད་ཕྱིར་ད་ལྟ་ཤེས་པས་ཆོག །མི་འགྱུར་ཕྱིར་ན་སྟོང་གསལ་ཞི་བ་ཡིན། །ཤེས་པའི་ཆ་ཀུན་རིག་པར་བརྗོད་མི་བྱ། །སེམས་རིག་དབྱེ་བ་བྱར་མེད་ཐལ་འགྱུར་ཕྱིར། །ད་ལྟའི་ཤེས་མིན་རིག་པར་བརྗོད་མི་བྱ། །རང་གི་རིག་པ་


TN00_Page_236A
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ཐལ་འགྱུར་ཕྱིར། །གང་ཕྱིར་སེམས་དང་རིག་པ་ད་ལྟར་གྱི། །ཤེས་པའི་གོང་བུ་གཅིག་ཏུ་འདྲེས་པ་ལས། །ཐབས་མཁས་ཟབ་མོས་ཆབ་ལས་དྭངས་མ་བཞིན། །རིག་པ་འབྱིན་ཚུལ་ཤེས་ན་མཁས་པ་ཡིན། །ཆོས་སྐུ་ངོ་སྤྲོད་སྒོ་རྣམས་གཡས་བཞག་ནས། །རིག་ཞལ་རྗེན་ལ་དབྱུང་བའི་མན་ངག་གནད། །ཟུར་དུ་འཚོལ་བ་གྲུབ་པའི་ལུགས་སྲོལ་འདིར། །གླང་པོ་རྙེད་ནས་གླང་རྗེས་ནགས་ཚོལ་འདྲ། །རྟོག་ཚོགས་གཅུར་བས་མི་ནོན་ནང་དུ་ཞུམ། །ལས་རླུང་ལྷོད་པས་མི་ཐུལ་ཕྱི་རོལ་གཡོ། །གྲིམ་ལྷོད་པི་ཝཾ་རྒྱུད་བཞིན་ཆ་མཉམ་པས། །ཆུ་ཡི་རྙོག་པ་བགྲུང་བའི་ཚུལ་གྱིས་ཞོག །འགྱུས་པ་ངོ་ཤེས་རང་གྲོལ་ཁུངས་སྟོར་བའི། །གྲོལ་ལུགས་རྣམ་གསུམ་བཞག་ཐབས་གཅིག་ཉིད་ཀྱི། །ན་ཚོད་སྨིན་པའི་གནས་སྐབས་ལས་འོང་གི༌།སོ་སོར་སྒྲུབ་པའི་རྩོལ་བ་གཞན་མི་དགོས། །ལུས་ནི་མི་གཡོ་མིག་ཀྱང་མི་འཛུམ་པར། །བྱ་བྱེད་རི་མོ་མ་བྲིས་རང་བཞག་པས། །ཡིད་ཀྱི་ན་བུན་རླུང་གི་བཞོན་པ་ཅན། །བལྟར་མི་མངོན་པར་དང་པོའི་གནས་སུ་འགྲོ། །དེ་ཚེ་ཕྱི་ནང་རིས་སུ་མ་ཆད་ཅིང༌། །ཉི་ལྟར་རབ་གསལ་གཡོ་བའི་རླབས་དང་བྲལ། །བཅོས་སུ་མེད་ཀྱང་མཆོག་ཏུ་ལས་རུང་བ། །ཉམས་སུ་མྱོང་བཞིན་བསྙད་མི་ཤེས་པ་འབྱུང༌། །


TN00_Page_236B
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བྲལ་ངོ་བོ་སྟོང་པའི་དབྱིངས་སུ་ནི། །བློ་འདས་རང་བཞིན་གསལ་བའི་ཡེ་ཤེས་ཁམས། །དབྱེར་མེད་ངང་ལ་རྩེ་གཅིག་མཉམ་བཞག་པའི། །གཞི་དེའི་མལ་དུ་བློ་བདེ་རྒྱུན་མི་ཆད། །ཆོས་སྐུ་དེ་ཡིན་ཀུན་བཟང་དགོངས་པ་དེ། །ཞི་བྱེད་གཅོད་ཡུལ་དབུ་མའི་ལྟ་བའང་དེ། །ལུས་རྒྱའི་ནང་ནས་རྟོགས་པའི་རྩལ་རྒྱས་པ། །སངས་རྒྱས་རློན་པ་ཟེར་ནའང་དེ་ལ་ཟེར། །འོན་ཀྱང་ལུགས་འདིའི་ཐུན་མོང་མ་ཡིན་པའི། །ལྷག་མཐོང་ལམ་གནད་དང་པོ་ངོ་ཤེས་དང༌། །དེ་ནས་རྩལ་འབར་བརྟན་པ་འཐོབ་དགོས་པས། །དབྱིངས་རིག་མཇལ་ཙམ་སྒོམ་མེད་སླེབས་པ་མིན། །ནམ་མཁའི་རྣལ་འབྱོར་ཡུལ་གྱི་སྒྱུ་མ་ལ། །རོལ་ཚེ་རྨི་ལམ་གཉིད་ཀྱི་ཆོ་འཕྲུལ་ལྟར། །ཅིར་སྣང་ཀློང་ཆེན་རིག་པའི་རྩེ་འཇོ་རུ། །མཐོང་ནས་རྟོགས་པའི་མེ་ཆེན་ལྷག་པར་འབར། །དེ་ལྟར་མཉམ་རྗེས་རྣལ་འབྱོར་གཅིག་ལ་གཅིག །གྲོགས་སུ་སོང་བའི་མན་ངག་ལ་སྦྱངས་པས། །འཁྲུལ་པའི་སྣང་ཤེས་ཧྲལ་མ་ཧྲོལ་དུ་ནི། །བཤིགས་ཏེ་འཕགས་ལམ་ཟབ་མོའི་མཁའ་དབྱིངས་འཕྱོ། །སངས་རྒྱས་རྣམས་ཀྱི་ཟབ་དང་རྒྱ་ཆེའི་སྐུ། །ཡ་བྲལ་མི་སྲིད་སངས་རྒྱས་སྒྲུབ་བྱེད་ཀྱང༌། །ཟབ་དང་རྒྱ་ཆེ་ཕྱོགས་རེས་མི་ཆོག་པས། །ཐེག་རྒྱལ་འདི་ཡི་རྒྱ་ཆེ་སྒྲིམ་ལ་ཚོལ། །སྙིང་དབུས་རང་བྱུང་


TN00_Page_237A
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་བུམ་པ་སྐུའི། །རང་མདངས་དབྱིངས་རིག་ཐིག་ལེའི་སྣང་བ་ནི། །རྒྱ་མཚོ་གསེར་གྱི་ཉི་མའི་མེ་ལོང་ནང༌། །ཤར་བའི་ལྷུན་གྲུབ་སྦུབས་སུ་རྩེ་གཅིག་ཞུགས། །གཏིང་གསལ་ཤིན་ཏུ་ཕྲ་བ་འོད་ལྔའི་ཁམས། །མཁའ་ཁྱབ་འོད་ཀྱི་ཞིང་དང་ཡེ་ཤེས་སྐུར། །བཞེངས་པའི་འཕོ་ཆེན་ཆུ་ཟླའི་རོལ་རྩེད་ནི། །རིག་པ་རྩལ་གྱི་དབང་ཆེན་ཐོབ་ལས་འབྱུང༌། །དེ་སྐད་རྡོ་རྗེ་སྙིང་པོའི་ལམ་གྱི་གནད། །མདོར་བསྡུས་ཤ་ཟིན་སྤུ་ཟིན་བསྙད་པའི་དགེས། །འགྲོ་ཀུན་ཁྱད་ཆོས་དྲུག་ལྡན་གདོད་མའི་དབྱིངས། །མངོན་པར་བྱང་ཆུབ་མཆོག་གི་བཀྲ་ཤིས་ཤོག །ཅེས་པའང་བློ་གསལ་ཆེ་མཆོག་གིས་རིང་མོ་ནས་བསྐུལ་ཞིང༌། ཉེ་ཆར་མཆོག་སྤྲུལ་དམ་པ་འགྱུར་མེད་པདྨ་བསྟན་འཕེལ་ནས་བཀའ་འདྲི་གནང་ལན་མདོར་བསྡུས་འབུལ་ཆེད་དང༌། དད་མོས་ལྡན་པ་བོད་ཆུང་ལུང་རྟོགས་དང༌། གསུང་མཆོག་པད་རྡོར་རྣམས་ནས་ཀྱང་བསྐུལ་བའི་ངོ་མི་ལྡོག་ཙམ་དུ་དཔལ་ལྡན་བླ་མ་རྗེ་བཙུན་བརྟན་པའི་འཁོར་ལོ་མིའི་ཤ་ཚུགས་ཅན་འོད་གསལ་སྤྲུལ་པའི་རྡོ་རྗེའི་བཀའ་དྲིན་གྱིས་འཚོ་བའི་རྡོ་རོང་གི་སྨྱོན་པ་འཇིགས་མེད་བསྟན་པའི་ཉི་མས་གང་དྲན་མགྱོགས་བྲིས་སུ་སྦྱར་བ་དགེ་ཞིང་བཀྲ་ཤིས།། ༈ །།བླ་མ་ལ་ཕྱག་འཚལ་ལོ། །རང་བཞིན་རྫོགས་པ་ཆེན་པོ་བྱ་རྩོལ་འཛིན་ཞེན་ལས་འདས་པའི་ངེས་དོན་བླ་ན་མེད་པ་ནི་ཁོ་བོས་འདི་ལྟར་རྟོགས་ཏེ། །གཟོད་མ་ནས་ཤིན་ཏུ་རྣམ་པར་དག་པ་རང་བཞིན་


TN00_Page_237B
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ཡེ་ཤེས། སེམས་འཛིན་དམིགས་གཏད་ཀྱི་སྤྲོས་པ་དང་བྲལ་ཞིང༌། བློས་བྱས་གཟུང་འཛིན་གྱི་མདུད་པ་ལྷོད་པོར་གྲོལ་བས་ཀ་དག་གི་ཡིན་ལུགས། །གཞི་རྫོགས་ཐིག་ལེ་ཆེན་པོ་ཞེས། །འཁོར་འདས་མ་ལུས་པ་དག་མཉམ་རིག་སྟོང་རྗེན་པའི་གཤིས་སུ་ཕྱམ་གདལ་བའི་རང་ཡན་ཕྱི་ནང་བར་མེད། ཟང་ཐལ་གཞི་རྩ་ལས་འདས་པ། ལྷོད་དེ་བ་ལ་འཁྲུལ་འབྱམས་སུ་མ་སོང༌། ཕྱལ་ལེ་བ་ལ་ཐ་མལ་དུ་མ་ལུས། །ཕྱི་གསལ་ཐིག་ལེའི་རོལ་རྩལ་དུ་སྣོད་བཅུད་ཆུ་ནང་གི་ཟླ་བ་ལྟར་ཤར་ཡང༌། ནང་གསལ་ལྷུན་གྲུབ་ཀྱི་ཡེ་ཀློང་ཆེན་པོར་གཞི་གྲོལ་གཏད་མེད་མཉམ་པའི་ངང་ལས་ལམ་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐིག་ལེ་ཞིང་ཁམས་ཀྱི་བཀོད་པ་སྒྱུ་མའི་བརྟན་གཡོ་རབ་འབྱམས་སུ་འཆར་བའི་ཡེ་ཤེས་དབྱིངས་ཀྱི་སྟོང་གཟུགས་རྣམ་བཅས་ཞལ་ཕྱག་གི་སྤྲོས་པར་འབར་བའི་ལྷའི་ཕྱག་རྒྱ་དང༌། རྣམ་མེད་སྟོང་པ་ཉིད་ཀྱི་ཨེ་ཡིག་ཆེན་པོར་བདེ་ཆེན་གཉུག་མའི་ཝཾ་ཡིག་རོ་མཉམ་དུ་སྦྱར་བའི་ཁ་སྦྱོར་གྱི་གོ་འཕང་རྡོ་རྗེ་སེམས་དཔའ་མ་ནིང་གི་བྱང་ཆུབ་ཅེས་སྔགས་རྒྱུད་རྒྱ་མཚོ་ནས་ཡོངས་སུ་བསྔགས་པའི་གྲུབ་པ་ཆེན་པོའི་དགའ་སྟོན་འདོད་དགུར་འཇོ་བའི་དཔྱིད་གཅིག་པུར་གྱུར་པ་ནི་སེམས་ཅན་རྣམས་ཀྱི་སྙིང་དབུས་སུ་ཤིན་ཏུ་ཕྲ་བའི་སྒོ་གསུམ་ཟབ་གསལ་གཉིས་


TN00_Page_238A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་ཕྱེད་པའི་ངོ་བོར་ལྷུན་གྱིས་གྲུབ་ཀྱང་འཁྲུལ་རྟོག་ཨ་འཐས་ཀྱིས་འཆིང་བ་དང༌། གཟུང་འཛིན་ལས་རླུང་གི་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོའི་དེ་ཉིད་མི་ཤེས་ཤིང༌། རྣམ་པ་ཐམས་ཅད་པའི་ཕྱག་རྒྱ་ཆེན་མོའི་མཚན་དཔེ་ཡང་དག་པར་མི་མཐོང་ཞེས་རྡོ་རྗེ་འཛིན་པ་རང་གི་ངེས་གསང་བསྟན་པའོ། །དེ་ལྟ་མོད་ཀྱི་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་གཞན་རྣམས་སུ་རྩ་རླུང་ཐིག་ལེའི་འཛིན་རྩོལ་ལ་བསྟེན་པའི་འཇོག་སྒོམ་གྱི་སྦྱོར་བ་ཁྱད་པར་ཅན་རྩལ་དུ་བཏོན་ནས་འཆད་ནའང༌། རྒྱུད་ཀྱི་རྩེ་མོ་འདིར་དེ་ལྟ་བུའི་ངལ་བ་ཡུན་དུ་བསྟེན་མི་དགོས་པར་ཀུན་རྟོག་སྤྲོས་པའི་དྲྭ་བ་མཐའ་དག་རང་གྲོལ་རྒྱ་མཚོ་ཅོག་བཞག་གི་མན་ངག་ཟབ་མོས་སྣང་བ་ཐད་ཀར་བཅད་དེ་འཁྲུལ་སྣང་གཞི་ལ་ཐིམ་པའི་ལག་རྗེས་སུ་ལྷན་གཅིག་སྐྱེས་པའི་ཉི་མ་ནང་ནས་ཤར་ཏེ། མ་དག་ཕུང་ཁམས་དུ་མའི་ལྕགས་ནག་གི་རྡུལ་ཡོངས་སུ་དག་པའི་ཡེ་ཤེས་གསེར་འགྱུར་གྱི་སྦྱོར་བས་རྣམ་པར་སྦྱངས་ཤིང༌། བདེ་བ་མཆོག་གི་ཐུགས་ཀྱི་རྒྱས་བཏབ་པ་ལས་འཆི་མེད་འཇའ་ལུས་རྡོ་རྗེའི་དྭངས་མ་འོད་ལྔའི་ཞལ་སྐྱིན་དུ་བཞེངས་པའི་ཀུན་ཏུ་བཟང་པོའི་ཁྱད་ཆོས་དྲུག་ལྡན་གྱི་ངོ་བོ་ལ་མངོན་བྱང་ཆུབ་པ་ཐེག་པའི་རྒྱལ་པོ་འདིའི་རང་ལུགས་སོ་ཞེས་སྨྲའོ། །བྱང་ཕྱོགས་ཀྱི་བན་རྒན་


TN00_Page_238B
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ལ་མས་རྟོགས་ལྡན་རྐང་རིང་ལ་གདམས་པ་རྫོགས་སོ།། ༈ །།ཡེ་ནས་རྣམ་གྲོལ་ལྷུན་གྲུབ་རིག་པའི་གཤིས། །སྤྲོས་པ་ཀུན་གྱིས་ཡུལ་མིན་ཡེ་ཤེས་ཆེ། །སྙིང་དབུས་གཞོན་ནུ་བུམ་སྐུའི་ཏི་ལ་ཀར། །ཡང་དག་གཉུག་མའི་དྲན་པས་ཕྱག་བགྱིའོ། །གང་ཚེ་ནགས་རིའི་ནང་ན་བྱ་ཝང་ལྟར། །སྙིང་ལ་ཀུན་རྨོངས་མུན་ནག་འཐིབ་བཞིན་དུ། །ཆོས་གཏམ་གྲེ་བའི་ནང་ནས་བྲག་ཆ་ལྟར། །འབབ་པའི་སྤྲང་སྨྱོན་གཞོན་ནུ་འཇིགས་མེད་པ། །རིང་ནས་གོམས་པའི་ཆོས་མིན་སྤྱོད་པ་བརྒྱས། །འཆད་རྩོད་རྩོམ་པའི་གློ་ཞབས་རྡོལ་མཐོང་ཡང༌། །གསེར་དང་བོང་བ་མཉམ་པའི་ཡེ་རྒྱམ་དེས། །རྟ་ཆད་ལྕགས་གིས་གཞུས་འདྲས་བསྐུལ་མ་མཛད། །ཕ་མས་རིག་འཛིན་བརྒྱུད་པ་བཟང་མོད་དེ། །བུ་ཕྲུག་ཆོས་མེད་སྐལ་བ་ངན་སྟབས་འདིས། ཁྱེད་ལ་རྒན་ཉམས་དྲང་པོའི་གདམས་པ་ཞིག །ཐུགས་ལ་ཕྲོད་པའི་ཞུ་བྱར་འབུལ་རྒྱུ་མེད། །འོན་ཀྱང་ཁྱོད་ཐུགས་བཞེད་དོན་སྐོང་བ་དང༌། །དཔྱིད་ཀའི་ཉི་མ་རིང་པོ་འཕུལ་བའི་ཕྱིར། །བྱུང་རྒྱལ་གཏམ་གྱི་བསླུ་བྲིད་བརྫུས་མ་འདིས། །ནགས་ཀྱི་ནང་ན་འདུ་འཛི་ཡོ་ལང་འགྱེད། །ཀྱེ་ལགས་ཐེག་མཆོག་རྒྱལ་པོའི་ཆོས་སྐད་འདི། །སྒོམ་ཆེན་སྟོང་གི་མདུན་ན་མར་མེ་བཞིན། །ལམ་ལམ་ཉིན་མཚན་མེད་པར་འབར་མོད་ཀྱི། །དངོས་དང་


TN00_Page_239A
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོའི་རྣམ་འགྱུར་གང་ཡིན་ཨང༌། །གང་གིས་འོད་གསལ་གཉུག་མ་མི་ཤེས་པར། །ལྟར་སྣང་རྟོགས་པའི་ཟབ་ཁྱད་སྟོང་བཏོན་ཀྱང༌། །ལྷུན་གྲུབ་སྣང་བཞིའི་ས་རྒྱ་མི་ཆོད་པས། །རྫོགས་ཆེན་བཞེད་ན་འོད་གསལ་ངང་སྒོམ་ཞུ། །སྙིང་དབུས་ལྔ་ལྡན་གཞོམ་མེད་ཐིག་ལེ་རུ། །ནང་གསལ་ཁྱད་ཆོས་དྲུག་ལྡན་བུམ་པའི་སྐུ། །ཀློང་ཆེན་དགོངས་པའི་མེ་ལོང་འོད་པོ་ཆེར། །འཆར་བའི་ཉམས་མྱོང་ཐེག་མཆོག་རྒྱལ་པོ་ཡིན། །གཟོད་ནས་ཀུན་རྟོག་སྤྲོས་པའི་མཚན་མ་རྣམས། །རྟོག་མེད་ནམ་མཁའི་རྡོ་རྗེར་རྣམ་གྲོལ་བས། །གཟུང་འཛིན་གཉིས་སུ་མི་དམིགས་བློ་འདས་དབྱིངས། །དེ་ལྟར་ཤེས་ནས་སེམས་རིག་ལ་ཤན་འབྱེད། །ཀུན་ཏུ་བཟང་པོ་གདོད་ནས་སྟོང་པ་ཉིད། །སྟོང་པའི་ནང་ན་ཤིན་ཏུ་སྟོང་པ་སྟེ། །ཐམས་ཅད་སྟོང་པ་ཁྱབ་གདལ་ཆེན་པོའི་ཀློང༌། །སྟོང་དང་མི་སྟོང་སྤྲོས་ཀུན་ཞི་བ་ཡིན། །རྒྱུ་དང་མི་རྒྱུ་སྲིད་པའི་དངོས་སྣང་ཀུན། །འོད་གསལ་ཀློང་ན་ཤིན་ཏུ་མ་སྐྱེས་ཏེ། །རིག་རྩལ་རྟོག་པ་སྨིག་རྒྱུའི་ཕུང་པོ་ལྟས། །འགྲོ་དང་འོང་མེད་སྒྱུ་མ་བཞིན་དུ་སྤྲུལ། །མྱ་ངན་འདས་པའི་རྣམ་གྲོལ་ཁམས་མང་ཡང༌། །ཆོས་ཉིད་ཀློང་ན་ཡང་དག་གྲུབ་མེད་དེ། །གཉུག་མའི་ཆོས་སྐུ་མ་བཅོས་ཕྱལ་བ་ལས། །འཇུག་ལྡང་གཉིས་མེད་རྨི་ལམ་བཞིན་དུ་སྣང༌། །


TN00_Page_239B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཤེས་ནས་ཡེ་གྲོལ་རྫོགས་པ་ཆེ། །གཞི་མེད་རྩ་བྲལ་ནམ་མཁའ་ལྟ་བུའི་ཀློང༌། །རྩལ་གྱི་ཀུན་རྟོག་རང་སྟེང་མ་བཞག་ན། །སྲིད་པའི་ལས་སྣང་གཞན་ནས་ཇི་ལྟར་ལྡོག །སེམས་ཀྱི་རྡོ་རྗེ་མ་བཅོས་ཅོག་བཞག་པས། །གློ་བུར་ཉོན་མོངས་ཤུགས་ཀྱིས་ཟིལ་གནོན་ཕྱིར། །མི་སྒོམ་བསྐྱུར་བའི་ཉེ་ལམ་འབའ་ཞིག་གིས། །སྒོམ་པའི་ཡིད་དཔྱོད་རྒྱབ་ཏུ་བོར་ཞེས་གླེང༌། །ཕྱི་རུ་ཡུལ་ལྔའི་རྗེས་དཔྱོད་སྤྲིན་བཞིན་དེངས། །ནང་དུ་འཛིན་པའི་རྣམ་རྟོག་མཁའ་ལྟར་དག །གསང་བ་རིག་སྟོང་ཁ་སྦྱོར་གཉུག་མའི་ཡིད། །ཅེར་གྲོལ་རང་བཞིན་མེད་པའི་ངང་འདིར་གཟིགས། །བླང་དང་དོར་མེད་ཀུན་བཟང་དགོངས་པའི་བབ། །ཕྱོགས་མེད་རིས་མེད་མཉམ་ཉིད་ནམ་མཁའ་ཆེར། །སྤང་དང་སྒྲུབ་མེད་རང་བཞིན་བབ་བཞག་ན། །གཟུང་དང་འཛིན་མེད་ཆོས་སྐུའི་དགོངས་པ་རྙེད། །དང་པོ་བལྟར་མེད་འོད་གསལ་ལྟ་བའི་ངང༌། །བར་དུ་སྒོམ་མེད་ཅོག་བཞག་འཁྱིལ་བའི་ཀློང༌། །ཐ་མ་བྱར་མེད་ཟང་ཐལ་རིག་པའི་གཤིས། །གཏད་མེད་ངང་ལ་ས་ལམ་རྫོགས་པ་ལགས། །སྣང་བའི་དངོས་ཀུན་ཀུན་བྱེད་རིག་པའི་གདངས། །ཆོས་སྐུའི་རང་གདངས་གཞན་ནས་སུས་འགོག་སྟེ། །ཆོས་སྐུའི་ཀློང་དུ་ཆོས་ཅན་ཉེར་ཞི་བས། །རྩོལ་དང་སྒྲུབ་མེད་སྣང་བ་


TN00_Page_240A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གྲོལ་ཡིན། །རྟོག་པའི་འགྱུ་དྲན་གཉུག་མའི་ཆོ་འཕྲུལ་ཏེ། །ཀློང་ཆེན་རིག་རྩལ་གཞན་དུ་ཇི་ལྟར་སྤངས། །འཁྲུལ་པའི་ལས་རླུང་དབྱིངས་སུ་ཐིམ་པ་ན། །མ་འཁྲུལ་རིག་པ་ད་གདོད་སྒྲུབ་ཏུ་མེད། །གང་ལྟར་ཤེས་ན་སྲིད་དང་ཞི་བའི་ཁམས། །སྒྲོ་དང་སྐུར་མེད་ཡོངས་སུ་ཤེས་གྱུར་པ། །དེ་ལྟར་ཤེས་ནས་རྣལ་འབྱོར་རྒྱལ་པོ་རྣམས། །རྟོག་པའི་རྡུལ་ཕྲན་བགྲང་དུ་ཅི་སྟེ་འབྱོན། །གང་མ་ཤེས་པས་བསྟན་བཅོས་ཁྲི་བཀླག་ཀྱང༌། །རྡོ་རྗེ་འཛིན་པའི་ངེས་གསང་མི་རྙེད་པ། །དེ་ཉིད་མ་ཤེས་ཀུན་ཤེས་གཅིག་སྡུག་འདིས། །རྟོག་མེད་རིག་པའི་ཞལ་ངོ་བསྐུངས་ཀྱིས་དོགས། །བྱས་བྱས་ཟིན་པ་མེད་པའི་ལས་རླུང་རྟ། །བསམ་བསམ་འགྲུབ་དུས་མེད་པའི་ཀུན་རྟོག་བློ། །བསྒོམ་བསྒོམ་རྟོགས་དུས་མེད་པའི་ཡིད་དཔྱོད་སེམས། །ཐམས་ཅད་བཞག་སྟེ་འདིར་ཉལ་སྤྲོ་ལ་བཞུགས། །འཕྲོས་དོན་དུ་ཞུ་བ། ལར་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས། །ང་མིག་འགྲིབ་ན་སོ་རྒས་པ་ལ། །རེ་ཆེ་དང་ཨུ་ཚུགས་མ་མཛད་ཨང༌། །ཞེས་གསུངས་པ་ཉིད། ངེད་ནས་ཀྱང༌། ང་བློ་རྟུལ་ཁ་ལྕེ་ལྐུགས་པོ་ལ། །འོས་མེད་ཀྱི་ཡུས་ཆེ་མི་མཛད་འཚལ། །ཞེས་འདོན་པ་བསྒྱུར་ཆོག་པས་གཏི་ཐུག་གི་བཀའ་གནང་མི་མཛད་པར་ཞུ། །འོན་ཀྱང་


TN00_Page_240B
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་གོ་ཚོད་དང་སེམས་ལ་ཤར་ལུགས་མདོར་བསྡུས་ཙམ་ཞུ་ན། ཀ་དག་ཁྲེགས་ཆོད་ཀྱི་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ཧྲིལ་གྱིས་དྲིལ་ན། གཞི་གང་ལ་རྟེན་བཅའ་བ། ལམ་གང་གིས་ཉམས་སུ་བླང་བ། དེ་ལྟར་བསྒོམས་པའི་ལག་རྗེས་འབྱུང་ལུགས་རྣམས་སུ་འདུ་བར་སྣང་ལ། གཞི་ནི་གཉུག་མའི་ཡེ་ཤེས་རང་བྱུང་རིག་པ་ཉིད་ཡིན་ཏེ། ཚིགས་བཅད་སྨྲས་མ་ཐག་པ་རྣམས་སུ་རིག་པའི་ཡིན་ལུགས་མདོ་ཙམ་ཞུས་ཟིན་ལགས། ལམ་ནི་ལྟ་བའི་ཡིན་ལུགས་ཐག་ཆོད་པ་སྔོན་དུ་བཏང་སྟེ་ཐག་ཆོད་ཐོག་དེར་འཇོག་དགོས་པ་ཡིན། འཇོག་ལུགས་ཀྱང་ཉུང་ལ་གསལ་བར་ཞུས་མ་ཐག་པ་དེ་ཡིན། དོན་རྩར་འོད་གསལ་བའི་ཡེ་ཤེས་དེའི་རྣམ་པ་དེ་ཉིད་མ་བརྗེད་ཙམ་དུ་བསྡད་ན་མ་ཡེངས་མི་སྒོམ་པའི་དོན་ཚང་བ་ཡིན། འོད་གསལ་གྱི་དགོངས་པའི་བབ་ནི། ངོ་བོའི་ཆ་ནས་སྟོང༌། རང་བཞིན་གྱི་ཆ་ནས་གསལ། ཐུགས་རྗེའི་གདངས་འགག་མེད་དུ་འཆར་བའི་གནས་ལུགས་སེམས་ཀྱི་རྡོ་རྗེ་ཉིད་དེ། དེ་ཉིད་དེ་དང་རྣམ་པ་འདྲ་བའི་ལམ་གྱིས་མངོན་དུ་བྱས་ནས། ཕྱིའི་ཡུལ་དུ་མ་སྤྲོས། ནང་གི་སེམས་སུ་མ་བཅིང༌། བར་གྱི་གནས་ཉམས་ལ་མ་ཞེན་པར། ཧ་རེ། སང་ངེ༌། ཁྲེས་སེ། སོ་མ་རང་བཞག་ཆེན་པོའི་ཀློང་དུ་བཟོ་བཅོས་མེད་པར་ངང་གིས་གནས་


TN00_Page_241A
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཟུང་འཛིན་དམིགས་གཏད་ཀྱི་མཚན་མའི་སྤུ་རིས་ཐམས་ཅད་ཆུའི་རི་མོ་ཡལ་བ་ལྟར་རང་གྲོལ་དུ་འགྲོ། སྒོམ་ཆེན་ཟེར་བ་ཁྱིས་རྡོ་བསྙགས་པ་ལྟ་བུ་ཞིག་མ་ཡིན་པར། རྟོག་ཚོགས་ཅེར་གྲོལ་གྱི་གནད་ལ་མཁས་པས་སེམས་ཀྱི་ཡལ་ས་ཁོ་ནའི་སྟེང་དུ་འཇོག་སྒོམ་བྱེད་པ་ཞིག་གནད་དུ་ཆེ། །དེ་ལྟར་བྱས་ན་བཟང་ངན་གྱི་རྟོག་པ་ག་འདྲ་ཞིག་ཤར་ཀྱང༌། དེ་དག་ཐམས་ཅད་རྩིས་མེད་དུ་སོང་ནས་ཐ་མལ་གྱི་ཤེས་པ་འདི་སྒོམ་དུ་ཧྲིལ་གྱིས་འཆར་རྒྱུ་ཡོང༌། གཞན་དུ་ན་རྣམ་རྟོག་ཤར་བ་ན་གཡག་སྣ་ཁུ་ཚུར་གྱི་གཉེན་པོས་སླེབས་པ་དང༌། བསམ་གཏན་གྱི་གནས་ཆ་གྲུང་པོ་ལ་ལྷོད་ཀྱིས་འཇོག་པ་སོགས་ཐུགས་དམ་ཇི་ཙམ་བཟང་ཡང་རང་བཞིན་རྣམ་དག་གི་དྲན་པ་མི་ཟེར་བ་ཡིན། ལར་རྫོགས་པ་ཆེན་པོའི་ལམ་འདིས་བསོད་ནམས་ཀྱི་ཚོགས་འདུམ་ལུགས་ཐམས་ཅད་འོད་གསལ་གཞོན་ནུ་བུམ་སྐུར་གནད་དུ་བསྣུན་པ་ལ་ཐུག་ཅིང༌། ཡེ་ཤེས་ཀྱི་ཚོགས་འདུམ་ལུགས་ནི་དེའི་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་མཉམ་བཞག་ལ་ཐུག་ཡོད་པས་དེ་གཉིས་ཐུགས་དམ་གྱི་སྙིང་པོ། ཨོ་སོ་གསུམ་གྱི་མདོ་སོ། །ལུང་པ་ཕུ་དགུའི་མདོ་འགགས་སུ་མཁྱེན་པར་མཛོད་ལ། ཡུལ་ཅན་གྱི་རིག་པ་རྗེན་པར་བྱུང་རྗེས་ཡུལ་ཆོས་ཉིད་ཁྱབ་གདལ་ཆེན་པོའི་ངང་ལ་ཀློད་དེ། སྣང་བ་གདོང་འདེད་ཀྱི་ཉམས་ཤིགས་སེ་བའི་


TN00_Page_241B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་སྐྱོངས། ཡུལ་དང་ཡུལ་ཅན་བཤད་མ་ཐག་པའི་དོན་ཡང་ནམ་གཉུག་མའི་དྲན་རིག་གི་སྟེང་དུ་སླེབ་ཀྱང་རུང༌། དེ་ཉིད་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་པས་ཆོས་ཉིད་ཀྱི་དྲན་པ་ཡེ་སྟོང་བབས་སྟོང་ཆེན་པོ། གཞི་སྟོང་ཡོངས་སྟོང་གི་རང་བཞིན་ལས་སྐད་ཅིག་ཀྱང་གཡོ་མ་མྱོང་བའི་གནད་ཀྱིས། ཁོའི་ངོ་བོ་ལ་དབྱིབས་དང་ཁ་དོག །རྟགས་དང་མཚན་མ། ངོ་བོ་ངོས་བཟུང་ཐམས་ཅད་ལས་འདས་པས་སྨྲ་བསམ་བརྗོད་མེད་ཆེན་པོར་གཉིས་འཛིན་གྱི་ཀུན་རྟོག་རགས་པ་ནུབ་པའི་རྣམ་ལྡན་དུ་འཆར་བ་ལ། དབྱིངས་དང་ཡེ་ཤེས་གཉིས་ཡུལ་ཡུལ་ཅན་དུ་ཐ་སྙད་སྦྱར་བ་ཡིན་གྱི། རྟོག་གེའི་དཔྱད་སྒོམ་ལ་ཡུལ་ཡུལ་ཅན་འཆར་ལུགས་དང་གཏན་ནས་མི་འདྲ་བར་ཤེས་པར་གྱིས་ཤིག །དེ་དག་ཐམས་ཅད་མདོར་བསྡུ་ན་རིག་པའི་ཡིན་ལུགས་ཤེས་པ་དང་གཅིག །ཤེས་ཐོག་དེར་རྩོལ་མེད་ཀྱི་དྲན་པས་ངང་ལ་གནས་པ་དང་གཉིས། རྟོག་ཚོགས་ཤར་གྲོལ་དུས་མཉམ་ཐད་ཀར་བཅད་པ་དང་གསུམ། ཀུན་ཏུ་རྨོངས་པ་ཆ་དང་བཅས་པའི་ཞེན་ཡུལ་གཞི་མེད་དུ་མཐོང་བའི་སྒོ་ནས་སེམས་ལ་ཕན་པ་དང་བཞི། ལས་རླུང་འཁྲུལ་རྟོག་དང་བཅས་པ་ཡེ་གྲོལ་ཀ་ནས་དག་པའི་ཆོས་ཉིད་དུ་སྦྱངས་པས་རྟོག་པར་མ་འགྱུས་པ་དང་ལྔ། ཤར་བ་དང་གནས་པ་གང་གི་ཚེ་ཡང་རེ་དོགས་མེད་པའི་ཅོག་བཞག་གི་དྲན་པ་མ་ཉམས་པ་དང་དྲུག་ཁྱི་ལྡོམ་སྐོར་འགྲོས་ལ་སོང་བ་ལྟར་ངེས་


TN00_Page_242A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་གླེན་སྒོམ་ཨུ་ཚུགས་ཅན་མ་ཡིན་པར་ལྷུན་གྲུབ་ཕྱོགས་མེད་ཀྱི་དགོངས་པ་ཀློང་དུ་གྱུར་པ་དང་བདུན་པོ་དེ་དག་ཏུ་མི་འདུ་བ་མེད་དོ། །ཞེས་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་ཞབས་ཀྱིས་གསུངས་སོ། །གཞན་ཡང་ལྟ་སྒོམ་གྱི་མན་ངག་སྙིང་བསྒྲིལ་ཚིག་གསུམ་གནད་ལ་འབེབས་པ། ངོ་མཚར་ཚིག་ཆེན་རྣམ་བརྒྱད། རྡོ་རྗེའི་གད་མོ་བཅུ་གཉིས། གྲོལ་ལུགས་གསུམ། ཅོག་བཞག་རྣམ་པ་བཞི། བཞག་ཐབས་ཆེན་པོ་བཅུ་གཉིས་ལ་སོགས་རྒྱ་ཆེར་ན་མཐའ་ཡས་པ་ཞིག་ཡོད་མོད་ཀྱི། མདོ་དོན་གོ་བདེ་ཙམ་ཞིག་བརྗོད་པ་ལགས། སྤྱིར་ཡང་དེང་སང་གི་རྟོགས་ལྡན་པ་རྡོ་རྗེ་ཐེག་པའི་མགོ་མཇུག་ཀྱང་གང་ཡིན་རྡོ་མ་ཐོགས་པ་རྣམས་ཀྱི་ཉམས་མྱོང་འཇང་གི་གཟུགས་པོ་ལྟ་བུ་རྡོ་རྗེ་འཆང་གི་ཉེ་ལམ་མ་ཡིན་པས། མོས་གུས་སྲོག་ཏུ་བཟུང༌། དབང་བཞིའི་ཉམས་ལེན་དང་སྦྱར། དམ་ཚིག་ལ་སྙིང་ལྟར་བཙའ། གྲོགས་སུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཕུར་ཚུགས་སུ་བསམ་པའི་སྒོ་ནས་སྐུ་ཚེ་དོན་ཡོད་པར་མཛད་ན་རང་དྲིན་རང་ལ་ཆེ་བ་ཡིན་ནོ། །སྤྲོས་བཤད་ཚིག་གི་ལོ་འདབ་མི་ཆེ་ཡང༌། །དོན་བཤད་ཉམས་ལེན་གདམ་པའི་སྙིང་པོ་འདི། །བསྡུས་བཤད་རྒྱལ་བ་ཁ་བཅིང་ཡིག་ཆུང་དུ། །རྡོ་རོང་གོག་པ་ཁ་ཤད་དེས་བྲིས་སོ། །ཞེས་པའང་བླ་མ་ཡེ་ཤེས་རྒྱ་མཚོའི་ངོར་རྡོ་སྨད་ཀྱི་བནྡྷེ་གཞོན་ནུ་ཆོས་སྨྲ་བ་འཇིགས་མེད་བསྟན་པའི་རྒྱལ་མཚན་


TN00_Page_242B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབོད་པས་སུག་ལས་སུ་བགྱིས་པ་དགེ་བར་གྱུར་ཅིག། ༈ །།དྲི་མེད་མཁྱེན་པའི་ཆུ་གཏེར་ལས། །སྙན་བརྒྱུད་བསྟན་པའི་ཆུ་ཀླུང་འབེབས། །ཐེག་མཆོག་རྡོ་རྗེའི་ཆུ་དབང་ཆེ། །མཁྱེན་བརྩེའི་འོད་ཟེར་ཞབས་ལ་འདུད། །འདིར་ངེས་གསང་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་གནད་སྙིང་པོར་དྲིལ་བ་དྲན་པ་དྲུག་གི་རྣམ་བཞག་ཏུ་བསྡུས་ཏེ་འཆད་པ་ལ། སྤྱི་སྡོམ་དང་བྱེ་བྲག་བཤད་པ་གཉིས་ལས། དང་པོ་ནི། ཀུན་མཁྱེན་བླ་མས། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། །མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །གོམས་པའི་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངེས། །ཆོས་ཟད་དུས་ན་མཚོན་བརྗོད་ཡུལ་ལས་འདས། །དེ་འདྲའི་ཚད་དུ་སྐྱོལ་བ་མཛད་པར་ཞུ། །ཞེས་སོ། །གཉིས་པ་ལ། འདུ་བྱེད་ཀྱི་དྲན་པ། ཆོས་ཉིད་ཀྱི་དྲན་པ། རྗེས་སྣང་གི་དྲན་པ། མངོན་སུམ་གྱི་དྲན་པ། སྤྱོད་ཡུལ་གྱི་དྲན་པ། ཆོས་ཟད་ཀྱི་དྲན་པ་སྟེ་དྲུག་ལས། དང་པོ་ནི། སློབ་དཔོན་ཆེན་པོ་བི་མ་ལས། གྲོལ་ལུགས་རྣམ་པ་གསུམ་བཤད་པའི། དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་གསུངས་པའི་དོན་དང་གཅིག་པ་སྟེ།


TN00_Page_243A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་སྤྱིར་སྔགས་བླ་མེད་ཀྱི་བསྐྱེད་རིམ་སྔོན་སོང་ཡིན་ན། དེ་ལས་ལོགས་སུ་ཞི་གནས་སྒྲུབ་མི་དགོས་མོད་དེ། འོན་ཀྱང་རྣམ་པ་ཀུན་ཏུ་བསྐྱེད་རིམ་ལ་མ་བརྟེན་པར་རྫོགས་རིམ་སྒོམ་ཚུལ་གཏན་ནས་མེད་པ་མིན་ཏེ། ཀ་དག་གི་རིག་པ་རྗེན་དེད་འབའ་ཞིག་པས་ཀྱང་འོད་གསལ་མངོན་དུ་འགྱུར་བར་ཐེག་པའི་རྒྱལ་པོ་འདིའི་ལུགས་ལ་གྲགས་པའི་ཕྱིར་རོ། །དེའང་དང་པོ་རྣམ་རྟོག་གི་རྒྱུ་བ་ཧ་ཅང་རགས་ཆེས་པས་ཏིང་འཛིན་ལ་བློ་ལས་སུ་མི་རུང་བའི་རིགས་ཁ་ཅིག །སེམས་དང་རིག་པའི་ལ་ཤན་ཉམས་མྱོང་གི་སྟེང་ནས་མྱུར་བར་མི་ཕྱེད་དེ། སེམས་དང་རིག་པའི་དྭངས་ཆ་མཐར་གཏུག་ན་རིག་པ་ཡིན་ལ། དེ་རྗེན་ལ་འབྱིན་པ་སེམས་རྙོགས་པ་ཅན་ལ་ཤིན་ཏུ་དཀའ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་ཐོག་མར་རིག་ངོ་བསྐྱང་བའི་སྔ་ལོགས་སུ་སེམས་ངོ་ལ་བལྟ་བ་འདི་གནད་ཆེ་བས། གནས་འགྱུ་རིག་གསུམ་ལ་ཤན་ཕྱེས་ཏེ། འགྱུ་བ་ཞེས་པ་བཟང་ངན་གྱི་རྟོག་པ་ཕྲ་རགས་གང་ཡང་རུང་སྟེ་འཕྲོ་བའི་ཆར་གཏོགས་རྣམས་ཡིན། གནས་པ་ཞེས་པ་སེམས་ས་ལེ་ཧྲིག་གེ་བའི་ངོ་བོ་ལ་བྱིང་རྒོད་མ་ཞུགས་པ་དེ་ཡིན། རིག་པ་ཞེས་བྱ་བ་གནས་པའི་རྒྱུན་སྐྱོང་བ་ན་འགྱུ་བའི་གཞན་དབང་བཙན་ནམ་མི་བཙན་རྟོག་བྱེད་ཀྱི་ཤེས་རིག་དེ་


TN00_Page_243B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ལར་ཤེས་པ་སྤྲོ་བའི་དུས་སུ་བསྡུས་ཏེ་འགྲོ་བ་དང༌། རྟོག་པ་བསྡུས་ན་འཕྲོ་རྒོད་དུ་འགྲོ་བ་གཉིས་ཀ་སྤྱིར་བཏང་དུ་ཏིང་འཛིན་གྱི་གེགས་ཡིན་པས། འགྱུ་བ་བཟང་ངན་ཐམས་ཅད་གནས་པའི་ངང་གཅིག་ཏུ་ལྷོད་དེ་འཇོག་པ་ཞིག་དགོས་རྒྱུ་ཡིན། དེའང་བྱིང་བའི་དུས་སུ་སེམས་ཀྱི་གསལ་ཆ་བགྲུངས་པ་དང༌། རྒོད་པའི་དུས་སུ་སེམས་ཁོ་རང་གི་ངོ་བོ་ལ་ཅེར་གྱིས་བལྟ་བ་སོགས་གེགས་སེལ་གྱི་མན་ངག་ནི་ཤིན་ཏུ་གལ་ཆེ་སྟེ། གཞན་དུ་ན་བྱིང་བ་ཕྲ་མོ་བསགས་དྲག་པས་ཀྱང་ཞི་གནས་དང་འཁྲུལ་ཚབས་ཆེས་ཆེ་བཞིག་འོང་བའི་ཕྱིར་རོ། །མདོར་ན་སེམས་དམིགས་ལས་སུ་རུང་བའི་ཤིན་སྦྱང་དང་འབྲེལ་བ་ཡང་དག་པའི་ཏིང་འཛིན་ནི་ལེ་ལོ་དང་བྱིང་རྒོད་སོགས་བསམ་གཏན་གྱི་ཉེས་པས་མ་བསླད་པའི་ཤེས་རིག་གི་རང་ཚུགས་མ་ཤོར་བ་ཉིད་ཀྱིས་ཕྱེ་ཞིང༌། དེའང་སྐྱོང་ཚུལ་གྱི་གཙོ་བོ་སེམས་ཁོ་རང་གི་ངོ་བོ་མ་བརྗེད་པའི་ངང་ལ་གནས་པ་འདི་ཡིན་ལ་དེ་འདྲའི་སྐྱོང་ལུགས་ནི་དྲན་པ་འབའ་ཞིག་གཙོ་ཆེ་བའི་སྒོ་ནས་འཇོག་དགོས་ཏེ། སེམས་ངོ་བོ་མི་བརྗེད་པ་ནི་དྲན་པའི་ར་བ་ལས་འདའ་བ་མེད་པའི་ཕྱིར་རོ། །དེ་ལ་འདུ་བྱེད་ཀྱི་ཐ་སྙད་སྦྱར་བ་ནི། དེ་སྒོམ་པ་ན་ཏིང་ངེ་འཛིན་ལ་རྩོལ་བ་མ་ཉམས་པ་ཁོ་ན་ཞིག་སྙིང་པོར་འདུག་པའི་ཕྱིར་རོ། །དེ་


TN00_Page_244A
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་འདུ་བྱེད་ཀྱི་དྲན་པ་ཞེས་བྱའོ། །གཉིས་པ་ནི། འདུ་བྱེད་ཀྱི་དྲན་པས་བློ་ལས་སུ་རུང་བར་གྱུར་པ་ན་རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱིས་གྲོལ་ལུགས་གཉིས་པ་རྣམ་རྟོག་སྦྲུལ་གྱི་མདུད་པ་ཞིག་པ་ལྟ་བུའི་མན་ངག་ལ་བརྟེན་ནས་སེམས་ལས་འདས་པའི་རིག་པ་ལམ་དུ་བྱ་སྟེ། དེ་ལ་ནི་རྟོག་གེས་དཔྱད་ར་དང་སྟོང་ཉིད་དཔྱད་སྒོམ་རྐྱང་པ་ཙམ་ཞིག་གིས་མི་ཆོག་པས། སངས་རྒྱས་སྒྲུབ་པའི་ལམ་མྱུར་བའི་ནང་ནས་མཐར་ཐུག་པ་ཞིག་ཡོད་པ་དེ་ཉིད་ཁོ་ན་ལ་ཆིག་སྒྲིལ་བྱ་བ་ཡིན་ནོ། །དེའང་མཉམ་པར་འཇོག་ས་ཤ་སེལ་རུས་སེལ་ཞིག་ལ་སྟོང་ཉིད་ལས་ལྷག་པ་མེད་མོད་ཀྱི། འཇོག་བྱེད་ཀྱི་ཐབས་ལ་ནི་རྡོ་རྗེ་ཐེག་པ་བླ་མེད་ཤིན་ཏུ་འཕགས་ཏེ། རྒྱུད་ལས། གང་ཕྱིར་དམ་པའི་བདེ་བས་ཁྱོད། །ཚེ་འདི་ཉིད་ལ་རབ་འགྲུབ་འགྱུར། །ཞེས་གསུངས་པ་ལྟར་རང་བཞིན་ལྷན་ཅིག་སྐྱེས་པ་ཡེ་གྲོལ་ཐོག་མའི་མགོན་པོ་ཉིད་མངོན་དུ་བྱས་པ་ལ་བརྟེན་ནས་སྐད་ཅིག་རེ་རེས་ཀྱང་བསྐལ་པ་མང་པོའི་ཚོགས་ཀྱི་དོད་ཐུབ་ཡོང་བས། སྤྱིར་སྔགས་བླ་མེད་ཀྱི་རིམ་པ་གཉིས་པ་ནས་ཡོངས་སུ་གྲགས་པའི་མཆོག་ཏུ་འགྱུར་མེད་ཀྱི་ཡེ་ཤེས་ཉིད་ཟབ་མོའི་ཕྱོགས་ཐུན་མོང་མ་ཡིན་པ་དང༌། དེ་མངོན་དུ་བྱ་ལུགས་ཀྱང་དང་པོ་བླ་མེད་ཀྱི་སྔགས་


TN00_Page_244B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ཞུགས་ནས་རིག་པ་རྗེན་འདེད་འབའ་ཞིག་ཏུ་གཏོང་བའི་ཉམས་ལེན་བསྟན་བྱའི་གཙོ་བོར་མཛད་པ་ནི་རྫོགས་པ་ཆེན་པོའི་གཞུང་གི་ཚོགས་ཁོ་ནར་ཟད་པའི་ཕྱིར་ལམ་གྱི་གནད་ཤེས་ནས་མྱོང་བ་འདོན་དགོས་སོ། །འདོན་ལུགས་དངོས་ནི། སྔར་བླ་མས་ངོ་སྤྲད་པའི་རིག་པ་དེ་ཉིད་ཉམས་ལེན་གྱི་དངོས་གཞིར་བཞག་སྟེ་དེ་ཀའི་ངང་ལ་བཟོ་བཅོས་མེད་པར་ཕྱམ་གྱིས་བཞག་པས་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པ་ཙམ་དང་པོ་ནས་མ་བྱུང་རུང༌། དེ་དག་ཐམས་ཅད་རྩིས་མེད་དུ་སོང་ནས་ནད་ཆེན་པོས་གཟིར་བའི་མི་ལ་ཟ་འོག་གི་ལྟད་མོ་ཇི་ལྟར་བསྟན་ཡང་བློའི་འཛིན་སྟངས་སྡུག་བསྔལ་གྱིས་ནོན་པའི་ཕྱིར་དེ་ལ་བལྟ་རྟོག་མི་གཏོང་བ་བཞིན་དུ། བློའི་འཛིན་སྟངས་འོད་གསལ་གྱི་རྣམ་པས་འཕྲོག་པ་དུང་དུང་བ་ཞིག་ཡོང་རྒྱུ་ཡིན། དེའང་རིག་པ་རྒྱུན་སྐྱོང་ཟེར་བ་བླ་མའི་ངོ་སྤྲོད་པའི་ཡེ་ཤེས་དེ་ངའོ་སྙམ་པ་དང་སྔར་གྱི་ངོ་སྤྲོད་བཏབ་ལུགས། བསམ་མནོ་བཏང་བ་ལྟ་བུ་ཞིག་མིན་གྱི་ཀུན་རྟོག་བརྒྱད་ཅུ་ལས་རླུང་བག་ཆགས་དང་བཅས་པའི་མཐར་ཐུག་གི་ཡལ་ས་ངོས་བཟུང་ནས་དེའི་རྣམ་པ་མ་བརྗེད་ཙམ་དུ་བསྡད་ན་ཁྲེགས་ཆོད་ཀྱི་སྒོམ་ཐམས་ཅད་ཀྱི་སྙིང་རྡོ་དེ་ཀ་རང་ཡིན། དེ་ལྟར་རིག་ངོ་མ་བརྗེད་པའི་དྲན་པ་ལ་ཆོས་ཉིད་ཀྱི་དྲན་པ་ཟེར་བའི་གནད་ནི། སྤྱིར་རྒྱུད་སྡེ་མང་པོ་ནས་འོད་གསལ་དོན་དམ་བདེན་པའི་


TN00_Page_245A
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་སྦྱར་བ་ཆེས་མང་ཞིང་དེའི་དོན་ཡང༌། དོན་གྱི་འོད་གསལ་མ་མཐོང་བར་རིག་སྟོང་ཁ་སྦྱར་དཔྱིས་ཕྱིན་པ་ཞིག་མི་འོང་ཡང༌། ཁོ་རང་གི་ངོ་བོ་ཡེ་ནས་སྟོང་གསལ་བརྗོད་དུ་མེད་པའི་རྣམ་པ་ཅན་ཡིན་པ་ལྟར། འདིར་ཡང་རྒྱུ་མཚན་དེ་ཉིད་ཀྱི་སྒོ་ནས་ཆོས་ཉིད་དུ་བཏགས་པའི་ཁྱད་པར་སྟོང་ཉིད་བཅུ་དྲུག་སོགས་ཕྱེ་བའི་རྣམ་པའང་སྟོང་གཞིའི་སྟེང་ནས་ཡིན་པ་ལྟར། འདིར་ཡང་སྟོང་ལུགས་དབུ་མའི་གཞུང་ནས་བཤད་ཚུལ་དང་ཁྱད་མེད་མོད་ཀྱི། སྟོང་གཞི་རིག་པ་ཡིན་པའི་སྒོ་ནས་དེའི་སྟོང་ཉིད་ཀྱང་ཁྱད་པར་བ་ཞིག་འཇོག་རྒྱུ་ཡོད་དེ། སེམས་ཅན་དང་སངས་རྒྱས་འཕགས་པ་གཉིས་ཀྱི་སྟོང་ཉིད་ལ་སྟོང་ལུགས་འདྲ་ཡང་སྟོང་གཞི་མི་འདྲ་བའི་སྟེང་ནས་ངོ་བོ་ཉིད་སྐུ་ཡིན་མིན་གཉིས་འོང་བ་བཞིན་ནོ། །དེ་ཕྱིར་དེ་འདྲའི་འོད་གསལ་གྱི་སེམས་སྟོང་གཞིར་བྱས་པའི་ཆོས་ཉིད་ཀྱི་ངང་མ་བརྗེད་པའི་དྲན་པ་ཡིན་པས་ཕྱིར་བརྡ་ཆད་དེ་ལྟར་མཛད་དོ། །གསུམ་པ་ནི། མཉམ་བཞག་ཏུ་རིག་ངོ་དེ་ལྟར་སྐྱོང་བར་མ་ཟད་རྗེས་ཐོབ་ཏུའང་ཡུལ་དྲུག་ཤེས་དབང་དང་བཅས་པའི་སྤྲོས་པའི་མཐའ་ཀ་ནས་དག་པ་འོད་གསལ་གྱི་སེམས་སམ་ཀུན་ཏུ་བཟང་པོ་གཞི་གྲོལ་གཉུག་མའི་སྐུ་ལས་མ་གཡོས་བཞིན་དུ་རིག་པའི་རྩལ་དེ་ལྟར་ཤར་བ་ལ་ངེས་པ་དྲངས་ཏེ་ལྷུན་གྲུབ་ཀྱི་གདངས་དག་པ་རབ་འབྱམས་ཀྱི་


TN00_Page_245B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཁྱེར་ལ་སྒྲིལ་ལུགས་ཀུན་མཁྱེན་བླ་མ་གཉིས་པའི་སྒོམ་ཕྱོགས་དྲིས་ལན་སྐོར་དུ་གསལ་བ་བཞིན་ཉམས་སུ་བླང༌། འདིར་ཡང་སྤྱིར་ལྷ་བཙུན་མཁའ་འགྲོའི་དབང་ཕྱུག་གིས། ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཆོས་ཐམས་ཅད་རིག་པ་རྗེན་པར་རྟོགས། །ཞེས་གསུངས་པ་ལྟར་གནད་གོ་ན་རྫོགས་ཆེན་ཁྲེགས་ཆོད་ཀྱི་ལམ་ཕལ་མོ་ཆེ་སྣང་ཤེས་གཞི་གྲོལ་གྱི་གོ་དོན་ལ་ཐུག་པ་ཡིན་ཏེ། འཇིག་རྟེན་ན་བརྟན་པ་དང་གཡོ་བའི་སྣང་ཆ་ཐམས་ཅད་ལས་ལས་བྱུང་ཞིང་ལས་ཀྱི་རྩ་བ་སེམས་ཡིན་ལུགས་ནི་ཁམས་གསུམ་ན་སེམས་གཙོ་བོར་ཟླ་བའི་ཞབས་ཀྱིས་འཇུག་འགྲེལ་དུ་སྒྲུབ་ཅིང༌། འདིར་ནི་དེ་ཙམ་གཞིར་བཞག་ཏུ་མ་ཟད་ཁམས་གསུམ་ན་གཙོ་བོར་གྱུར་པའི་སེམས་དེའང་རླུང་གི་བཞོན་པ་ཅན་དང༌། རླུང་ཐམས་ཅད་ཀྱི་སྐྱེད་སྡུད་བྱ་བ་མཐར་ཐུག་དུར་ཁྲོད་ཕུང་པོའི་བར། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། །དེ་ལ་གཟུང་འཛིན་རྩལ་དུ་ཤར། །ཞེས་སེམས་ཀྱི་བདག་པོའམ་བསྐྱེད་གཞིའི་མཐར་ཐུག་འོད་གསལ་གྱི་ཡེ་ཤེས་ཡིན་པར་གསུངས་པ་ལྟར། རིག་པ་ཉིད་ལ་ཐུག་ལུགས་ཀྱི་གོ་བ་ཞིབ་ཏུ་སྦྱང་བ་ན། དེང་སང་གི་བླུན་སྒོམ་མ་རྟོགས་རྟོགས་བརྫུའི་རིགས་ཕལ་ཆེར་རིག་པའི་རྩལ་ཞེས་པའི་གོ་དོན་མཐར་ཐུག་རྣམ་རྟོག་ལ་ཕོ་གྲི་མོ་མདུང་གིས་ངན་སྐྱེལ་མི་བྱེད་ཙམ་


TN00_Page_246A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅི་ཡང་མེད་པར་གྲུབ་མཐའ་འཆའ་བ་རྣམས་ཀྱི་རྫུན་རྐུབ་རྡོལ་བ་ཡིན། དེ་ལྟར་རྗེས་སྣང་གི་སྤྱོད་ཡུལ་ཐམས་ཅད་རིག་རྩལ་སྒྱུ་མའི་རྣལ་འབྱོར་དུ་ཁྱེར་བ་ནི། དེའི་ཚུགས་མི་འཆོར་བའི་ཁྱབ་གདལ་གྱི་དྲན་པའི་ངང་བསྐྱང་ན་སྤར་དེ་ཉིད་ལ་བརྟེན་ཏེ་མཉམ་བཞག་གི་རིག་པ་འདྲེན་ནུས་ཚུལ་ནི་རྒྱུད་སྡེ་འདིར་མ་ཟད་རྣལ་འབྱོར་ཆེན་པོའི་རྒྱུད་དགོངས་འགྲེལ་དང་བཅས་པ་ལས་ཤིན་ཏུ་གསལ་བར་བཤད་དོ། །བཞི་པ་ནི། གྲོལ་ལུགས་གསུམ་གྱི་རྣམ་བཞག་ཀྱང་རྫོགས་ཆེན་སྒོམ་པའི་དུས་ལ་ལྟོས་ནས་ཡིན་གྱིས། རྟོགས་པའི་དུས་ཀྱི་དབང་དུ་བཤད་པ་མིན་ནོ། །དེའི་རྒྱུ་མཚན་རྫོགས་པ་ཆེན་པོའི་བསམ་གྱིས་མི་ཁྱབ་པའི་རིག་པ་ནི་ཀུན་རྟོག་གི་མཚན་མ་མ་ཟད་སྣང་བ་གསུམ་གྱི་སེམས་ལས་ཀྱང་རྣམ་པར་གྲོལ་བའི་འོད་གསལ་ཡིན་པར་ཐེག་པའི་རྒྱལ་པོ་འདིའི་དོན་གྱི་ཤིང་རྟ་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞབས་ཀྱང་བཤད་དེ། སྐུ་གསུམ་ཞིང་སྦྱོང་དུ་སྣང་གསུམ་འཆར་ལུགས་བཤད་ནས། མཐར་དོན་གྱི་འོད་གསལ་གྱི་རྣམ་པ་བསྟན་པའི། དེ་མ་ཐག་པར། དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས། །ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་


TN00_Page_246B
[མ་དཔེ་གཟིགས་ན་འདིར་གནོན།]

སྦུབས། ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་ཀློང༌། །སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག །ཅེས་སོགས་བརྗོད་ཀྱིས་མི་ལང་བ་ཞིག་བཤད་པ་ཡིན་ཏེ། དེ་ལྟར་འོད་གསལ་འཆར་བ་དང་རྫོགས་ཆེན་མངོན་སུམ་རྟོགས་པ་དོན་གཅིག་ཏུ་དགོས་ཤིང༌། རླུང་དབུ་མར་མ་ཞུགས་ཀྱི་རིང་ལ་དེ་མི་འོང་བར། ཀུན་མཁྱེན་གྱིས། གཟུང་འཛིན་གྱི་ལས་རླུང་དབུ་མ་རུ་ཚུད་པས། །རྫོགས་ཆེན་ཁོས་བསླུས་ཡོང་བསམ་པ་རང་མི་གདའ། །ཞེས་སོགས་གསུང༌། དེ་ཙ་ན་རླུང་དབུ་མར་འདུ་ཤུགས་ཅུད་དྲག་པ་ནས་བརྩམ་སྟེ། མཉམ་བཞག་གི་དངོས་གཞིར་ལས་རླུང་དང༌། དེ་ལ་བརྟེན་པའི་རྣམ་རྟོག་གི་རྒྱུ་བ་རྣམས་རང་འགགས་སུ་འགྲོ་བ་ཡིན་ན། གྲོལ་ལུགས་གསུམ་ནི་རྣམ་རྟོག་མ་ནུབ་པའི་ཐད་ནས་ཉམས་ལེན་སྐྱོང་ལུགས་སུ་འདུག་པའི་ཕྱིར་རོ། །རྫོགས་ཆེན་མངོན་སུམ་དུ་མཐོང་བ་རྫོགས་པ་ཆེན་པོའི་སྦྱོར་ལམ་ནས་འོང་ཞིང༌། རྫོགས་ཆེན་སྒོམ་པ་ཚོགས་ལམ་ནས་ཡོད་པ་དང༌། རྣམ་རྟོག་ལ་འདོར་ལེན་གཙོ་བོར་མི་བྱེད་པར་འཇོག་པ་ཕྱི་མ་དང༌། དེའི་སྟོབས་ཀྱིས་སྔ་མའི་དྲོད་ཚད་ཀྱང་ཞར་ལ་འབྱུང་བ་སོགས་རྡོ་རྗེའི་ལམ་འདིའི་འགྲོ་ཕྱོགས་ཙམ་ཡང་མ་མཐོང་བའི་སྒོམ་ཆེན་པ་ཁ་ཅིག་ལ། ངེད་ཀྱི་ཀུན་རྟོག་དབྱིངས་སུ་ནུབ་པའི་ཉམས་ལེན་གྱི་གནད་ལབ་པ་


TN00_Page_247A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྔོན་མེད་བྱ་རོག་དཀར་པོ་མཐོང་གིན་གདའ་སྟེ། འོན་ཀྱང་གཡག་སྣ་ཁུ་ཚུར་གྱི་གཏམ་སྨྱོ་འགྲོས་མར་བཤད་པ་ཡིན་ལགས། དེ་ལྟར་ཚུལ་འདིས། ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །ཞེས་པའང་རྫོགས་པ་ཆེན་པོའི་འོད་གསལ་གྱི་སེམས་དེ་ཉིད་ལྷག་གེར་མཐོང་བ་ན་ཡེངས་ཡུལ་དྲུག་དང་ཡེངས་མཁན་གྱི་གཉིས་འཛིན་ཐམས་ཅད་ལས་རླུང་ཟད་པའི་ལག་རྗེས་སུ་རང་དེངས་ཆེན་པོར་ཐལ་བའི་དོན་ཡིན་གྱི་ཡེངས་མི་དགོས་པའི་བརྟན་ཆ་ཙམ་ཞིག་བསྟན་པ་མིན། འདི་ལ་ནི་ཇི་སྲིད་དུ་རླུང་གི་གཡོ་བ་ལ་བརྟེན་ནས་མཉམ་བཞག་གི་རིག་པ་རྩལ་གྱི་རྣམ་པར་རྟོག་པ་སྣང་གསུམ་དང་བཅས་པས་རང་ཞལ་བསྒྲིབས་ཏེ། རྣལ་འབྱོར་པས་ཉམས་མྱོང་རང་མལ་ནས་བསླང་བར་མ་གྱུར་པ་དེ་སྲིད་དུ་སེམས་ཀྱི་རྡོ་རྗེའི་ངང་མ་ཤོར་བ་ཉིད་ལ་དྲན་པའི་ཐ་སྙད་བཞག་གིས། དྲན་ལུགས་སྔ་མ་རྣམས་དང་ཡེ་མི་མཐུན་པར་ཤེས་དགོས་སོ། །ལྔ་པ་ནི། མཉམ་བཞག་གི་ཉམས་ལེན་དེ་དང་རྗེས་ཐོབ་ཀྱི་སྣང་ཆ་གཉིས་ནུས་པ་བསྲེས་ཏེ། སྣང་རིག་འོད་གསལ་གྱི་གདངས་སུ་རྟོགས་པའི་མྱོང་བ་ལ་རྩལ་འདོན་བྱ་བ་སྟེ། འདི་དང་ས་བཅད་གསུམ་པ་གཉིས་པོ་ཕྱོགས་མཚུངས་ཡང༌། སྔ་མ་ནི། རིག་ངོ་སྒོམ་པའི་དུས་མཐུན་མཚམས་ཀྱི་ཉམས་ལེན་སྐྱོང་


TN00_Page_247B
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དང༌། འདི་ནི་མྱོང་སྟོབས་ཀྱིས་རིག་པ་འདྲེན་ནུས་པའི་ས་མཚམས་ནས་རྗེས་སྣང་ལམ་ཁྱེར་བྱ་ལུགས་ཡིན་པས། དེ་གཉིས་མཉམ་བཞག་ཏུ་རླུང་དབུ་མར་ཞུགས་མ་ཞུགས་ཀྱི་སྟེང་ནས་ཉམས་ལེན་ལ་ངར་ཆེ་ཆུང་གི་ཁྱད་ཐང་ཆེན་པོ་འོང་བ་བཞིན་དུ། རྗེས་སྣང་དུའང་ནུས་པ་བསྲེ་ལུགས་ལ་ཁྱད་ཆེན་པོ་ཞིག་འོང་ངོ། །དྲུག་པ་ནི། རྫོགས་པ་ཆེན་པོའི་ལམ་ལྔའི་རྣམ་བཞག་ཡང་ཡིག་ནམ་མཁའ་ཀློང་ཡངས་སུ་ཇི་སྐད་བཤད་པའི་ནང་མཐོང་ལམ་གྱི་རྟོགས་པ་མངོན་དུ་གྱུར་ཕན་ཆད་དྲན་པ་འདི་ཉིད་འོང་བ་བཤད་པར་སྣང་ལ། དེའི་ཚུལ་ཡང་སྤྱིར་རྫོགས་པ་ཆེན་པོ་མཐོང་མ་མཐོང་དང༌། རྫོགས་ཆེན་ལྷུན་གྲུབ་ཀྱི་རིག་པ་ཆོས་ཉིད་ཟབ་མོའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་མ་མཐོང་ལ་ཁྱད་པར་ཆེན་པོ་ཡོད་དེ། སྔ་མ་འདི་སྦྱོར་ལམ་དང༌། ཕྱི་མ་མཐོང་ལམ་ནས་འབྱུང་བའི་ཕྱིར་ཏེ། ལམ་ལྔའི་རྣམ་བཞག་རགས་པ་ཙམ་རེ་ཆགས་ཀྱང་འདི་འདྲའི་གོ་བ་ནི་ཤིན་ཏུ་སླ་མོད་དེ། དེང་སང་ནི་རིག་སྟོང་ཁ་སྦྱར་གྱི་འབྲུ་དོན་འདི་ཙམ་ཡིད་ངོར་འཆར་བ་ཉུང་ངུར་བས་སོ། །དེའི་ཕྱིར་འོད་གསལ་གྱི་རིག་པ་འཁྲུལ་རྟོག་ཐམས་ཅད་ཀྱིས་མ་བསླད་པའི་ཕྱིར་རྟོག་མེད་ནམ་མཁའ་ལྟ་བུའི་ཐ་སྙད་སྦྱར་བ་ནི་ཕྱོགས་སྔ་མར་ཡང་ཡོད་མོད་ཀྱི་དེ་ཉིད་བསམ་གྱིས་མི་ཁྱབ་པའི་མཐའ་བྲལ་སྟོང་པ་ཉིད་དུ་


TN00_Page_248A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྣང་ཕྲ་མོ་ཡང་ནུབ་པའི་ཡེ་ཤེས་ཀྱི་ངོར་སོན་པ་ནི་ཕྱོགས་ཕྱི་མ་ཁོ་ན་ལ་བཞག་དགོས་པས་མཚོན་བརྗོད་ལས་འདས་ལུགས་ཁྱད་པར་བ་ཞིག་ཡིན་ནོ། །དེ་དག་གི་རྣམ་བཞག་རྒྱ་ཆེར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྗེས་འབྲང་དང་བཅས་པའི་གསུང་རབ་ཀྱི་ཕུང་པོ་མཐའ་ཡས་པ་ཞིག་རྒྱབ་ཆོས་སུ་བྱར་ཡོད་མོད་དེ་རེ་ཞིག་བཞག་གོ །སྤྱིར་ཆོས་ཟད་ཞེས་པ་སྣང་བཞིའི་ནང་ཚན་གྱི་དེ་དང༌། སྐབས་འདིའི་དེ་ལ་ཁྱད་པར་ཡོད་པའི་ཕྱོགས་བཟུང་ན་སྣང་བཞིའི་ནང་ཚན་གྱི་ཚད་ཕེབས་ཀྱང་དེར་འདུ་ལ། དེ་གཉིས་ལ་ཁྱད་པར་མེད་པའི་ཕྱོགས་བཟུང་ན་ཚད་ཕེབས་དང༌། མཐར་ཐུག་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཉིས་ཕྱོགས་མཐུན་དུ་བསྡུ་བ་སོགས་ཤེས་པར་བྱའོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་དག་གིས། དང་པོ་ཞི་གནས་བསྒྲུབ་ཚུལ། བར་དུ་འོད་གསལ་སྒོམ་ལུགས། ཐ་མ་རྫོགས་ཆེན་འཆར་ལུགས། དེ་ལས་འབྲས་བུ་འགྲུབ་ཚུལ་ཏེ། ཐེག་པའི་རྒྱལ་པོ་འདིའི་ལམ་འབྲས་བུ་དང་བཅས་པ་ཞིག་བསྡུས་པར་གྱུར་པ་ཡིན་ནོ། །ཐེག་མཆོག་རྨད་བྱུང་རྒྱལ་པོའི་གཏམ། །ཟིལ་པའི་ནང་ནས་ཟིལ་པ་དང༌། །དུམ་བུ་ལས་ཀྱང་དུམ་བུ་ཞིག །བྲིས་འདིས་འཇིག་རྟེན་དགེ་བྱེད་ཤོག །ཅེས་པའང་དད་ལྡན་གྱི་སློབ་མ་འགྱུར་མེད་རྡོ་རྗེའི་ངོར། སྤྲང་པོ་


TN00_Page_248B
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་པས་ཇ་བར་ཞིག་ལ་ཤར་མར་བྲིས་པ་དགེ་ཞིང་བཀྲ་ཤིས་སོ། །དགེའོ།། ༈ །།བླ་མ་དྲི་མེད་འོད་ཟེར་ལ། །གུས་འདུད་སྙིམ་པས་རབ་མཆོད་དེ། །ཀུན་མཁྱེན་བླ་མའི་མན་ངག་གི༌།ཟིལ་ཐིགས་ཉུང་ཟད་ཙམ་ཞིག་བརྗོད། །སེམས་དང་རིག་པ་ཞེས་བྱ་བ་འདི་ཐུན་མོང་གི་གཞུང་ཁ་ཅིག་ཏུ་གཙོ་སེམས་ཐམས་ཅད་སེམས་ཡིན་ལ། གསལ་ཞིང་རིག་པ་ཤེས་པ་ཡིན་ཏེ། སེམས་དང་རྣམ་ཤེས་དོན་གཅིག །ཤེས་པ་དང་རིག་པ་དོན་གཅིག་ཏུ་འདོད་ཀྱང་རྫོགས་ཆེན་གྱི་གཞུང་ལས་བཤད་པའི་སེམས་རིག་གི་ངོས་འཛིན་ནི་དེ་ཙམ་ལ་མི་བྱེད་དེ། སྲིད་པའི་རྩ་བ་བདེན་འཛིན་ཆ་དང་བཅས་པ་ནི་སེམས་ཡིན་ལ། ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པའི་ཡེ་ཤེས་ནི་རིག་པ་སྟེ། དེ་ཡང་དབུ་མའི་ལྟ་བ་ཐུན་མོང་བ་ཙམ་དང་མི་འདྲ་སྟེ། སངས་རྒྱས་རྣམས་ཀྱི་ཇི་ལྟ་བ་གཟིགས་པ་དེ་ཉིད་སེམས་ཅན་རྣམས་ཀྱི་གནས་ཚུལ་ལ་གཞི་རྫོགས་སུ་བཞུགས་པར་རིགས་པའི་ལམ་ནས་དྲང་བའི་ངེས་ཤེས་ཁྱད་པར་ཅན་བསྐྱེད་དེ་གཅིག་ཏུ་ན་དོན་དམ་པར་བདེན་གྲུབ་དང་བདེན་མེད་གཉིས་ཀ་མེད་མཉམ་ཡིན་པར་རྟོགས་པས་དོན་དམ་རིགས་ཤེས་ཀྱི་ངོར་ལྟ་བའི་འཛིན་སྟངས་ཞིག་པ་དང༌། གཉིས་སུ་ན་ཐ་སྙད་ཀྱི་གནས་ཚུལ་དུ་ཆོས་ཐམས་ཅད་དག་པ་རབ་འབྱམས་སུ་བལྟ་བའི་ཉམས་ལེན་


TN00_Page_249A
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཕགས་པའི་ཕྱིར་རོ། །སྔགས་ཕྱི་པ་ལས་འཕགས་ཏེ། སྐུ་དང་ཡེ་ཤེས་སུ་བལྟས་ནས་དེའི་གཤིས་ལུགས་ཆེན་པོར་མ་བཅོས་པར་འཇོག་པའི་ཚུལ་གཉིས་ཀ་དང་ལྡན་པ་ཞིག་གནད་ཟབ་པ་ལགས། གནས་འདི་ཕར་ཕྱིན་ཐེག་པ་ལས་འཕགས་ཏེ། དག་པ་རབ་འབྱམས་སུ་ལྟ་བའི་ཉམས་ལེན་གྱིས་འཕགས་པའི་ཕྱིར་རོ། །སྔགས་ཕྱི་པ་ལས་ཀྱང་འཕགས་ཏེ། ཕྱི་རྒྱུད་དུ་ལྷའི་རྣལ་འབྱོར་ཡོད་ཀྱང་སྣང་བ་འདི་ཉིད་གནས་ཚུལ་ལ་སྐུ་དང་ཡེ་ཤེས་སུ་གདོད་ནས་སངས་རྒྱས་པར་ལྟ་བ་མེད་པའི་ཕྱིར་རོ། །མ་ཧཱ་དང་ཨ་ནུ་ལས་ཀྱང་ཟབ་སྟེ། རྩོལ་བ་དང་བཅས་པའི་བསྐྱེད་རྫོགས་ལ་བསླབ་མི་དགོས་པར། ཆོས་ཐམས་ཅད་གདོད་ནས་དག་ཆེན་ཡེ་ཤེས་ཆེན་པོའི་གདངས་སུ་སངས་རྒྱས་ཟིན་པས་དེ་ལྟར་ངོ་ཤེས་ཐོག་ཏུ་བཞག་པས་ཆོག་པར་ཁས་བླང་སྟེ་གཞིའི་ཡིན་ལུགས་ཀྱི་སྟེང་དུ་གློད་པའི་ཕྱིར་རོ། །དེང་སང་གི་བསམ་གཏན་པ་ཁ་ཅིག་དང་ཡང་མི་འདྲ་སྟེ། དེང་སང་གི་བསམ་གཏན་པ་ཁ་ཅིག་ནི་འཁྲུལ་སྣང་འདིའི་སྟེང་དུ་འཇོག་པ་མ་གཏོགས་བདེན་ཞེན་གྱི་རྩ་བ་བཅད་པ་དང༌། དག་པ་རབ་འབྱམས་ཀྱི་གནས་ལུགས་རྟོགས་པ་མི་འདུག་པའི་ཕྱིར་རོ། །དེ་ལ་གནས་ཚུལ་སྐུ་དང་ཡེ་ཤེས་སུ་འདོད་པའང་ཐ་སྙད་ཀྱི་གནས་ལུགས་ལ་འཇོག་པ་དང༌།


TN00_Page_249B
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་དག་མ་དག་གཉིས་ཀ་རང་བཞིན་མེད་པར་མཉམ་པ་དང༌། སྣང་བ་འདི་དག་པ་རབ་འབྱམས་ཡིན་པའི་སྒྲུབ་བྱེད་སོགས་ནི། ཀུན་གཟིགས་རོང་ཟོམ་པ་དང་རྒྱལ་བ་ཀློང་ཆེན་པའི་གཞུང་ལས་རྟོགས་པར་གྱིས་ཤིག །མདོར་ན་ཚུལ་དེ་དག་ལ་ངེས་ཤེས་མི་སྐྱེ་བའི་ཚེ་དཔྱད་སྒོམ་དང་ངེས་ཤེས་མ་ཉམས་པའི་སྐབས་བཞག་ནས་སྒོམ་པ་རེས་མོས་སུ་སྤེལ་བས་སྐྱོང་ཚུལ་རྣལ་མ་ཞིག་ཡིན་ནམ་སྙམ་ལགས། བླུན་པོས་ལོག་དཔྱད་འཆལ་བ་དང༌། །བླུན་ཚིག་དཔྱད་གསུམ་མ་དག་པ། །གང་ཞིག་ཁོ་བོས་འདིར་བཞག་པ། །དེ་ཀུན་ཁོ་བོ་བླུན་པས་ཡིན། །འདིར་ནི་ལེགས་པའི་ཆ་འགའ་དག །མཆིས་ན་ཁྱོད་རང་རྒྱུན་དུ་བཞེས། །ཞེས་པའང་དཔལ་སིང་གི་ངོར་གཞོན་ནུ་འཇིགས་མེད་པས་སོ།། །།དགེའོ།། ༈ །།བླ་མ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་སྐུ་འཇིགས་མེད་རབ་བརྟན་ནས་རྗེ་བཙུན་བླ་མ་དམ་པ་སུ་མནྡྲའི་ཞལ་སྔ་ནས་མཛད་པའི་རྫོགས་ཆེན་གྱི་ལྟ་མགུར་ཤོ་ལོ་ཀའི་ཆིངས་སུ་བཅིང་ལུགས་ཤིག་དང༌། ལམ་དེ་ལ་ཐོག་མར་འཇུག་ཚུལ་གྱི་སྒོ་རགས་བསྡུས་ཙམ་ཞིག་བྲི་དགོས་ཞེས་གནང་བ་ལ། ལར་ངེད་ལྟ་བུའི་བྱིས་པ་ཤེད་མ་ཕྱེ་བ། རང་ཕྱོགས་བཟུང་ན་ཚུགས་མི་ཟིན། གཞན་རྗེས་བསྙེགས་ན་ས་མི་ཆོད་པའི་བླུན་པོ་འུག་ཁྲ་མགོ་ཞིག་གིས་རང་བཞིན་ཐེག་མཆོག་རྒྱལ་པོའི་དགོངས་པ་འགྲེལ་བ་འདི་ཡི་


TN00_Page_250A
[མ་དཔེ་གཟིགས་ན་འདིར་གནོན།]

མུག་ལ་དགོད་བྲོ་བར་འདུག་མོད་ཀྱི། མི་ཤུལ་དུ་ཁྱི་སྐྱེས། སྔོ་ཤུལ་རམ་བུས་བཟུང་བའི་གནས་སྐབས་སུ་གྱུར་པས་མ་བཤད་ན་སྙིང་པོ་བོ། བཤད་ན་ཁ་སྔར་སྔར་ཞིག་ལས་མི་འདུག་མོད། ལར་སྤྱིའི་ས་རྒྱ་རླབས་ཀྱིས་གཅོད་ན་བཤད་རྒྱུ་ཆེ་ཡང༌། ད་ལམ་ཁ་ར་བརྒྱང་ར་ཚོ་བཞག་ནས་གཡུ་ཕོ་ཤུལ་ལམ་དུ་ཞུགས་པ་ལྟར་གང་བྱུང་གི་ཚིག་ཉག་ཉོག་འཕྲེང་གཅིག་ཞུ་ན། རྒྱལ་དབང་པདྨས་ཞུས་ལན་བདུད་རྩི་གསེར་ཕྲེང་ལས། ཐེག་པ་ཆེན་པོ་གསང་སྔགས་སེམས་བསྐྱེད་ཁྱད་པར་ཞིག་གིས་རབ་ཏུ་ཕྱེ། ཞེས་གསུངས་པ་ལྟར། སྤྱིར་ཐེག་ཆེན། དགོས་གསང་སྔགས། ཡང་དགོས་སུ་རྫོགས་ཆེན་གྱི་ལྟ་སྒོམ་འདི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་གཞི་བླང་བ་ལ་རག་ལས། སེམས་བསྐྱེད་དེ་ལ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཡོན་ཏན་ལ་ཡིད་ཆེས་གཉིས་གལ་ཆེ། དེ་དག་གི་རྩ་བ་བློ་ལྡོག་རྣམ་བཞི་དང༌། སྐྱབས་འགྲོ་གལ་ཆེ། རྫོགས་ཆེན་ལ་དང་པོ་འཇུག་པ། བར་དུ་བོགས་འདོན། ཐ་མ་འབྲས་བུ་མཆོག་འགྲུབ་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་ཐུག་ཡོད། སེམས་བསྐྱེད་འབྱོངས་ནས། བླ་མ་སངས་རྒྱས་སུ་ལྟ་བའི་དད་པ་འདི་གལ་ཆེ། ལར་དགེ་ཚུལ་གྱི་ཀཱ་རི་ཀ་ནས། ཐེག་མཆོག་རྒྱལ་པོའི་བར་གྱི། ལམ་སྤྱིའི་མགོ་བླ་མ་བསྟེན་པ་འདི་ཡིན་


TN00_Page_250B
[མ་དཔེ་གཟིགས་ན་འདིར་གནོན།]

པས། སེམས་བསྐྱེད་ལས་ཀྱང་སྔ་བར་འདི་གལ་ཆེན་དུ་ཤེས་ནས་སྒོམ་དགོས། ཁྱད་པར་རྫོགས་ཆེན་རྟོགས་པ་ལ་འདི་མེད་ན་རྩ་བ་ཆད་པ་ཟེར་ཆོག །དེ་དག་གི་གྲོགས་སུ་ཚོགས་བསགས་སྒྲིབ་སྦྱངས་འདི་གནད་རང་ཟབ། འུ་ཅག་འདྲ་བའི་སེམས་ཅན་བསམ་བསྒོམ་གནད་དུ་མི་འཁྱོལ་ཞིང༌། ཐོས་དོན་རྒྱུད་ལ་མི་འབྱོར་བ་འདི་གཅིག་ཏུ་ན་ལས་འཕྲོ་དམན་ཞིང༌། གཉིས་སུ་ན་ཆོས་ལ་བརྩོན་འགྲུས་ཆུང་བ། གསུམ་དུ་ན་སྡིག་སྒྲིབ་ཆེ་བའི་ལས་ལན་གྱིས་ཡིན་པས། འདི་དག་ལ་ལྷག་པར་སྒྲིབ་སྦྱང་ལ་འབད་དགོས། དེ་དག་ཐམས་ཅད་ཀྱི་དང་པོའི་རྨིང་རྡོ་དང༌། བར་དུ་སྐྱེལ་མ་ལྟར་གཅེས་པ་ཚེ་འདི་བློས་བཏང་འདི་ཡིན་ཏེ། བློ་ལྡོག་རྣམ་བཞི། ཞེས་པའི་ས་ཁོང་གིས་བསྡུས་ཆགས་བྱས་པ་ཡིན། དེང་སང་ང་བྱ་བྲལ་དང༌། འཁྲུལ་ཞིག་ཡིན་ཟེར་བ་ཚོ་ཡང་ད་དུང༌། བདག་ནི་རྙེད་མང་བཀུར་སྟི་བཅས། །བདག་ལ་མང་པོ་དགའ་འོ་ཞེས། །དེ་འདྲའི་སྙེམ་པ་འཆང་གྱུར་ན། །ཞེས་གསུངས་པའི་བསྟན་དོན་ལ་གཙིགས་ཆེ་བར་མཛད་པ་དེ་ཚོ་ཐམས་ཅད་ཀྱང་ཆོས་བརྒྱད་ཀྱི་འགོང་པོ་འདིས་ལན་པ་ཡིན་པས་ཅི་ཐུལ་ཅིག་དགོས་པ་ཡིན། དེ་དག་གིས་བཀའ་སྩལ་ཕྱི་མ་མི་བཟློག་ཙམ་ཞིག་བྱས་ནས། སྔ་མའི་ཕྱོགས་ལ། ངོས་ནས་ཡག་པོ་ཞིག་བཤད་མི་ཤེས་ཀྱང༌། རྒད་པོ་ཚོས་སྒྲུང་བླངས་པ་ལྟར་ས་


TN00_Page_251A
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རྡོ་གཏམ་གྱི་དཔེར་བརྗོད་བྱས་ན། རྫོགས་ཆེན་ངས་ཤེས་སྙམ་ནས། མི་ཤེས་ཁ་ལ་བཏགས། ཤེས་རློམ་གྱིས་ཞི་རྩ་སྦོས། འདི་ལྟ་བ་མཐོ་ཡིན་འདུག །འདི་ཚོས་ཅང་མི་ཤེས་ཟེར་བའི་ཤན་འབྱེད་ཀྱི་ངང་མཆུ་ཅན་རྣམ་པ་ཚོ་ཡང༌། ཕལ་ཆེར་འདི་སེང་ལྕམ་དཀར་པོའི་ཕྲུ་གུ་རེ་ལོས་ཡིན་ཏེ། གཅིག་དང་གཉིས་གསུམ་ཚོར་སྤུའི་འུར་ཞོག་ལས་མི་འདུག་སྙམ་སྟེ། ངེད་མ་མེ་ལོང་ཡག་པོ་ཞིག་མེད་མ་གཏོགས། རྨིག་རྡོག་རྣོན་པོ་ཡོད་པས་འབྱུང་པོའི་རང་གཟུགས་དེ་རྗེན་ཅེར་གྱིས་བསྟན་པ་ཡིན། ངེད་དེ་ལྟར་ཟེར་བའི་གནད་ཅི་ཡིན་ན། རྫོགས་ཆེན་ཤེས་ན། གཅིག་ཏུ་རྫོགས་ཆེན་གྱི་སྒོམ་འདིས་སྲིད་རྩ་གཅོད་ལུགས་ཤིག་ཡོད་ཨ། གཉིས་སུ་རྫོགས་ཆེན་འདི་མདོ་ལས་ཁྱད་དུ་འཕགས་ལུགས་ཤིག་ཡོད་ཨ། གསུམ་དུ་འདི་ལ་བརྟེན་ནས་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་གཉིས་རྒྱ་ཆེན་པོའི་དོད་ཐུབ་འཇོག་ལུགས་ཤིག་ཡོད་ཨ། མཁས་ནི་མཁས། རྟོགས་ནི་རྟོགས། གཞན་མི་ཚད། རང་གི་བླ་མས་ཀྱང་ང་རང་ལ་འགྲན་མི་ཐུབ་ཅེས་ཧམ་པ་ནི་གནམ་སྔོན་པོ་ཙམ་ཞིག་བཟུང་ནས། ཨ་ཧ་ཧ། གནད་ཆེ་ས་ནས་བཤད་རྒྱུ་ནི་གཅིག་ཀྱང་མེད། དྲིས་ན་སྒྲོ་འདོགས་གཅིག་ཀྱང་གཅོད་མི་ཐུབ་པའི་བདག་ཉིད་ཆེན་པོ་དེ་ཚོ་ཡ་མཚན། ལྷུན་གྲུབ་འཁོར་


TN00_Page_251B
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གཡོ་བའི་ཆོས་སོ་ཅོག །གསུངས་པའི་གནད་འདི་རྒྱ་བོས་ཁ་ཡངས་མའི་ནང་དུ་མདའ་རྡིལ་འཕང་བ་འདྲ་བ་ཅིག་བྱེད་ན། འཁོར་འདས་ཐམས་ཅད་ལྷུན་གྲུབ་རེད། སེམས་རེད། སངས་རྒྱས་རེད། ཟེར་གྱིན་བསྡད་པས་སྨྱོན་པའི་ཁ་ལ་རྡལ་རྒན་བརྒྱུག་ནས་རྐྱལ་སྟོང་དབུགས་ཀྱིས་གཏང་བ་འདྲ་བ་ཅིག་ཡོང་བར་འདུག་སྟེ། ཧོབ་འགྲོས་རང་མགོ་སྟོང་སྐོར་གྱི་འགྲིལ་ཚུལ་ཡིན་ལ། ངེད་ཚོའི་བསམ་རྒྱུར། གསུང་འདིའི་གནད་ལ། གཞི་ལས་གཞི་སྣང་གི་འཆར་ཚུལ་ཤེས་པ་གལ་ཆེ་བར་སྣང་སྟེ། འཆི་སྲིད་ཆོས་སྐུའི་འོད་གསལ་ལ་རྫོགས་ཆེན་ཟེར་བ་དང་གཅིག །སེམས་ཅན་སྐྱེ་འཆི་དང་བདེ་སྡུག་ལ་སོགས་པའི་སྣང་བ་ཡོད་ཚད་པོ་རྟོག་པས་བཏགས་ཤིང༌། རྟོག་པའི་དབང་གིས་བྱུང་བ་དང་གཉིས། རྟོག་པ་ཐམས་ཅད་ཀྱི་རྩ་བ། རླུང་ཐམས་ཅད་ཀྱི་སྐྱེད་སྡུད་ཀྱི་བདག་པོ་འཆི་སྲིད་ཀྱི་སྐབས་སུ་འཆར་རྒྱུའི་འོད་གསལ་རང་རིག་པའི་ཡེ་ཤེས་དེ་ཉིད་ཡིན་པ་དང་གསུམ་པོ་འདིས། འཁོར་བ་ལྷུན་གྲུབ་ཀྱི་རིག་གདངས་སུ་གོ་ནུས་ལ། དེ་གོ་ཐུབ་ན་མདའ་བསྣུན་ཆེན་པོས། གང་ཞིག་བླངས་ནས་སྐྱེ་འཆིའི་གནས་གྱུར་པ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་འགྲུབ་ཅེས། །སྐད་གསང་མཐོན་པོས་མདའ་བསྣུན་སྨྲ་བྱེད་ཀྱང༌། །བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །ཞེས་པའི་རྐང་པ་


TN00_Page_252A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་བསྟན་དོན་ཡང་གོ་ཐུབ། དེ་ཐུབ་ན་རྣམ་བྱང་གི་གྲོས་མོ་ལེའུ་ཚན་ཐམས་ཅད་ཀྱང་ཞར་ལ་ལྷུན་གྲུབ་ཀྱི་སྣང་ཆར་གོ་ཐུབ་སྙམ་པ་ཡིན་ཏེ། བཤད་ལུགས་གཡག་ཀོ་ཙམ་ཞིག་བྱས་པ་ཡིན་གྱི། ཞིབ་མོ་དར་ཚག་ལྟ་བུའི་གོ་བ་བླངས་ན་དེ་འདྲའི་ཐབས་རྡུགས་ཅིག་ཅུད་མིན། ངས་འདི་ཐབས་རྡུགས་པ་བྱས་ནས་འཆད་པ་འདི་ཆོས་ཕྱེད་ཁ་མགོ་རྣ་དང་ཕོ་རུས་སུ་མ་སོང་བའི་སྙོམ་ཆུང་ལས་དང་པོ་འཚོ་ལ་བསམ་བློ་བཏང་བ་ཡིན། ཀ་དག་རིག་པའི་རྩལ་དུ་ཐག་ཆོད་པས། གསུངས་པའི་དོན་འདི། ཀ་དག་གི་རིག་པ་ཟེར་རྒྱུ་དེ་སྒོམ་ཆེན་འགའ་རེས། ཕྱི་ཐོས་ཀོག་གྱོང་པོའི་ཚིག་ཚོགས་དེ་མི་དགོས་ཀྱི། ནང་འདི་ན་ཅིག་ཡོད་ཟེར་ནས་གཡུ་ལོའི་ཐད་དུ་མཛུབ་མོ་འཛུག་པར་གདའ་སྟེ། རྩ་དབུ་མའི་ནང་གི་ཡེ་ཤེས་ཆེན་པོའི་བཞོན་པའི་རླུང་ལ་བརྟེན་པའི་འོད་གསལ་གྱི་རིག་པ་འདིའི་མིང་ལ་ཀ་དག་གི་རིག་པ་ཟེར་བ་ཡིན། ཀ་དག་ཟེར་བའི་གནད་ཀ་ཅི་ཡིན་ན། ཀ་སྨད་སུམ་ཅུའི་དང་པོ་ཀ་ཡིན་པ་ལྟར། དང་པོ་ནས་དག །མགོ་ནས་དག །ཟེར་བ་ཡིན། འདི་སྒྲིབ་བྱེད་ཀྱི་དྲི་མ་མང་པོ་ཡོད་ཀྱང་ཁོ་རང་གི་གཤིས་ལ་ཞུགས་མེད་པས་ཁོ་རང་ཤ་སེལ་རུས་སེལ་དེ་ལ་ཀ་དག་ཟེར་བ་ཡིན་གྱི། ཁྱི་བཏུམ་སྤུ་བཏུམ་བྱེད་མི་ཉན། རྩལ་ཞེས་པ་སྟོབས་དང་ཤུགས་ཅེས་པའི་དོན་ཡིན་པས། རྩལ་ཡིན་


TN00_Page_252B
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དང་ལྷུན་གྲུབ་ཀྱི་སྣང་ཆ་ཡིན་ལུགས་གཉིས་གནད་གཅིག་ཡིན། རྟོག་གེའི་ཡུལ་ལ་དཔྱོད་པའི་བྲོད་པ་བཞི། །ཞེས་པ་འདི། རྫོགས་ཆེན་གྱི་འཇོག་སྒོམ་བྱེད་ལུགས་གསུང་བའི་ཚིག་རྩ་ཡིན་ཏེ། འོད་གསལ་དེའི་སྟེང་དུ་དེ་དང་རྣམ་པ་འདྲ་བའི་ལམ་གྱིས་འཇོག་ཐུབ་ན། འོད་གསལ་ཡང་འཆར་ཡོང༌། རླུང་དབུ་མར་ཡང་འཇུག་ཡོང༌། ལར་འདི་ལ་འོད་གསལ་ངོ་འཕྲོད་པ་ཞིག་དགོས་ཀྱི། མ་འཕྲོད་པར་ས་འཇོག་རྡོ་འཇོག་བྱས་ན་བེད་མེད། དེ་ངོ་འཕྲོད་ནས་སྒོམ་ན་དེའི་མཐུས་མྱོང་སྟོབས་ཀྱིས་ཤར་བའི་འོད་གསལ་དེ་ངོས་ཟིན་ཡོང༌། དེ་ཟིན་ན་དེའི་སྟེང་གི་སྟོང་ཉིད་ཟེར་ཀྱང༌། དེའི་གནས་ལུགས་ཟེར་ཀྱང༌། དེའི་ཆོས་ཉིད་ཟེར་ཀྱང་འདྲ་སྟེ། དེའི་ངང་ལ་མཉམ་པར་བཞག་ནས་བསྡད་པས། ཤིང་རྟ་རྣམ་བདུན་ལྟ་བུའི་རིགས་པས་དཔྱད་མི་དགོས་པར་རིག་སྟོང་ཁ་སྦྱོར་དུ་ཆམ་གྱིས་འགྲོ་བའི་དོན་ཡིན། བརྒྱུད་ལྡན་བླ་མའི་བྱིན་རླབས་འཕོས་སམ་སྙམ། །ཞེས་པ། ཟབ་མོའི་ལྟ་བ་རྟོགས་པ་འདི་བླ་མའི་བྱིན་རླབས་ཡིན་ཞེས་པའི་ཚིག་རྩ་ཡིན་ཏེ། ཀ་རྐང་གསུམ་ཤེས་པ་ཡན་ཆད་ནས། །ཨ་སྐྱེ་མེད་རང་ངོ་འཕྲོད་ཀྱི་བར། །རང་ཚོད་ཀྱི་ཧམ་པ་ཆེ་དྲག་ན། །བཀའ་དྲིན་ལ་མཛུབ་མོ་བཙུག་ས་མེད། །ཅེས་པ་ལྟར་བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་པས། །དངོས་གྲུབ་ཐམས་ཅད་བླ་མའི་བཀའ་དྲིན་གྱིས་འཐོབ་


TN00_Page_253A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཡིན། དེ་ཙམ་ཞིག་གིས་བཀའ་སྩལ་སྔ་མ་མི་བཟློག་ཙམ་ཞིག་བྱས་པ་ཡིན། ཞེས་སྤྲང་པོ་འཇིགས་མེད་བསྟན་རྒྱམ་ནས་བྲིས་པ་སྟེ། །བརྒྱག་ཆེས་རྩེ་གདན་བྱས་ཀྱང་ཆོག །འདོན་ངན་སྨྱོ་ཁ་བླས་ཀྱང་ཆོག །སྒོམ་ཆེན་ཞེ་འདྲེ་སློང་བྱེད་ཡིན། །མི་གོ་བ་ཅན་གྱིས་བལྟས་ན་གསལ།། ༈ །།གཉུག་མ་ཟང་ཐལ་གྱི་སྒྲུབ་ཐབས་ཆོས་ཉིད་རང་བྱུང་གི་སྒྲ་དབྱངས་ཞེས་བྱ་བ་བཞུགས། དབྱིངས་རིག་དབྱེར་མེད་བླ་མ་ལ། །བློ་བྲལ་ལྟ་བས་ཕྱག་བགྱིའོ། །རྣལ་འབྱོར་མཆོག་ལ་མོས་གྱུར་ཀྱང༌། །རྟོགས་པའི་གདེང་དང་མི་ལྡན་པའི། །སྐལ་བཟང་གཞོན་ནུ་འཇིགས་མེད་པ། །སྐྱིད་པོའི་མལ་ན་ཉལ་བའི་ཚེ། །བགྲང་བྱ་མང་པོར་དཀའ་ཐུབ་ཀྱིས། །ངལ་བའི་སྒྲུབ་པ་བྱེད་པའི་མི། །རྒན་པོའི་ལུས་ཅན་མང་ཞིག་མཐོང༌། །དེ་ཚེ་ཡིད་དཔྱོད་ཐེག་པའི་ལམ། །འབད་པའི་སྒོམ་པའི་སྐྱེ་བོ་ལ། །གད་མོ་ཁོང་ནས་ལྡང་གྱུར་ཏེ། །ཉམས་མཚར་གླུ་འདི་ཐལ་ནས་འོང༌། །ཀ་དག་རིག་པའི་ཉི་དཀྱིལ་ལ། །རྣམ་བྱང་ཡོན་ཏན་སྣང་ཟེར་འབུམ། །ལྷུན་གྲུབ་གདོད་ནས་རྫོགས་པ་ལ། །བསྒྲུབ་འབྲས་གཞན་ནས་ཚོལ་བ་མཚར། །རྒྱལ་ཀུན་ཐུགས་དང་དབྱེར་མེད་ཅིང༌། །སོ་སོ་མ་ཡིན་ཐ་མི་དད། །ཤེས་རིག་ཀུན་ཏུ་བཟང་པོ་སྟེ། །ཡེ་ཤེས་ནམ་མཁའི་གཟུགས་ཅན་ནོ། ཁྱབ་


TN00_Page_253B
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆོས་སྐུའི་རང་ཞལ་ནི། །དམིགས་མེད་དགོངས་པའི་ཡེ་ཤེས་ཀྱིས། །མངོན་སུམ་ལྟ་འདོད་རྣལ་འབྱོར་པས། །མཐའ་བྲལ་གཉུག་མའི་དུར་ཁྲོད་དུ། །ཡིད་དཔྱོད་སྤྲོས་པས་མི་གཡོ་བའི། །མཁའ་མཉམ་དཀྱིལ་འཁོར་བཀོད་ནས་ནི། །ཟབ་མོའི་སྒྲུབ་པ་འདི་བཞིན་བྱ། །རང་བྱུང་ཡེ་ཤེས་རྒྱལ་བ་ལ། །གཉིས་མེད་ལྟ་བས་སྐྱབས་སུ་མཆི། །གཉིས་འཛིན་སྒྲོག་ལས་གྲོལ་བའི་ཕྱིར། །འོད་གསལ་ཆེན་པོ་བསྒྲུབ་པར་བགྱི། །ཀུན་ཁྱབ་ཆོས་སྐུའི་སྟོན་པ་ལ། །སྣང་བཞི་ལམ་གྱིས་ཚོགས་བསག་བྱ། །ཆེད་འཛིན་དམིགས་གཏད་ཞེན་པའི་བགེགས། །འགྲོ་འོང་མེད་པའི་དབྱིངས་སུ་བསྐྲད། །དག་པ་རབ་འབྱམས་ཆེན་པོའི་ཀློང༌། །མ་དག་རྒྱུ་བའི་གོ་སྐབས་མེད། །སྐུ་ལྔ་ལྷུན་རྫོགས་རྡོ་རྗེའི་བྱིན། །མི་འགྱུར་གདོད་མའི་ངང་དུ་རྫོགས། །སྲིད་གསུམ་བདེ་ཆེན་ངོ་བོ་རུ། །གདོད་ནས་གྲུབ་པའི་བདག་ཉིད་དོ། །མ་བཅོས་རང་བབ་ཕྱལ་བ་རུ། །ཡེ་དག་རྣམ་གྲོལ་ངང་ཉིད་ལས། །རྩོལ་མེད་རང་གསལ་སྙིང་རྗེའི་མདངས། །མ་གཡོས་མི་འགགས་མི་འགྱུར་བར། །རང་སྣང་དཀྱིལ་འཁོར་འཁོར་ལོ་རྫོགས། །ཡེ་ཤེས་རིན་ཆེན་འབར་བའི་གཞིར། །དེ་བཞིན་ཉིད་ཀྱི་གཞལ་མེད་ཁང༌། །གང་ཤར་རང་གྲོལ་རྒྱན་ཕྲེང་བཅིང༌། །སྤྲོས་པའི་གྲྭ་ཟུར་མི་དམིགས་པར། །


TN00_Page_254A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་མཉམ་ཉིད་རྒྱལ་པོ་ནི། །ཞལ་ཕྱག་མཚན་མ་ལས་འདས་པ། །ཅོག་བཞག་འཁྱིལ་བའི་ཀློང་དུ་བཞུགས། །བསམ་གྱིས་མི་ཁྱབ་མཐའ་ཡས་པའི། །ཡེ་ཤེས་རྒྱ་མཚོའི་འཁོར་ཚོགས་བཅས། །ཆོས་ཉིད་ངང་དུ་དགྱེས་དགུར་སྤྱོད། །གཞི་ཡང་ཆོས་ཉིད་རོལ་པའི་གཞི། །གནས་ཀྱང་འཐའ་དབུས་མེད་པར་གནས། །ལྷ་ཡང་མི་འགྱུར་རྡོ་རྗེའི་ལྷ། །སྣང་སྟོང་སྒྱུ་འཕྲུལ་དྲ་བ་ལས། །དམ་ཚིག་ཡེ་ཤེས་གཉིས་སུ་མེད། །འབྱོན་པའི་ལྷ་ཞེས་དམིགས་མེད་ན། །བཞུགས་པར་གསོལ་བ་གང་ལ་འབུལ། །ལྷ་དང་རང་ཞེས་དམིགས་མེད་པས། །ཕྱག་འཚལ་ཡུལ་དང་མཁན་པོ་མེད། །མཉམ་རྫོགས་ལྟ་བའི་བརྡ་ཕྱག་ནི། །རང་གིས་རང་ལ་རྫོགས་པར་འབུལ། །མ་བཅོས་ཕྱག་རྒྱ་ཆེན་པོ་ལ། །ཚོགས་བརྒྱད་དག་པའི་བཀྲ་ཤིས་རྟགས། །གང་སྣང་རོལ་པའི་འདོད་ཡོན་ལྔ། །ཆོས་ཁམས་ཀུན་དག་རྒྱལ་སྲིད་བདུན། །གཞི་རྫོགས་མཆོད་པ་རང་ལ་འབུལ། །ངོ་བོ་ཀ་དག་ལས་གཞལ་ན། །གཞི་མེད་ལམ་མེད་འབྲས་བུ་མེད། །འཁྲུལ་མེད་བཅིང་མེད་གྲོལ་བ་མེད། །མིང་མེད་ཚིག་མེད་ཡི་གེ་མེད། །མཐའ་མེད་དབུས་མེད་སྤྲོས་པ་མེད། །སྟོང་ཆེན་དེ་བཞིན་ཉིད་ལ་བསྟོད། །རང་བཞིན་ལྷུན་གྲུབ་ལས་གཞལ་ན། །འཁོར་བ་ཡོད་ལ་འདས་པ་


TN00_Page_254B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །ཆོས་ཡོད་ཆོས་མིན་ཡོད་པ་སྟེ། །ལམ་ཡོད་གཡང་སའང་ཡོད་པ་ཡིན། །དགེ་བ་ཡོད་ཅིང་སྡིག་པ་ཡོད། །ཀུན་སྣང་ཡེ་ཤེས་ཆེན་པོར་བསྟོད། །གང་ཡང་ཡིན་ཏེ་གང་ཡང་མིན། །ཐམས་ཅད་བདེན་ཏེ་ཐམས་ཅད་རྫུན། །ཡོད་ལ་མེད་པའི་རང་བཞིན་ཏེ། །ཟུང་འཇུག་ཀུན་ཁྱབ་ཆེན་པོར་བསྟོད། །བདེ་སྟོང་འོད་གསལ་ཉི་ཟླའི་དབུས། །སྐྱེ་མེད་དོན་གྱི་རྡོ་རྗེ་བསྒོམ། ཨཱཿ མི་བསྒོམ་མ་བསྒོམས་སེལ་བ། །གཏད་མེད་རྒྱ་ཡན་དོན་གྱི་སྔགས། །བརྗོད་མེད་ལྷུག་པའི་ངང་དུ་བཟླ། །དུས་གསུམ་དུས་མེད་ཆེན་པོ་རུ། །བཟླས་པ་འདི་བཞིན་གང་བྱས་པས། །བློ་ཟད་ཆོས་ཟད་རྟགས་མཐོང་འགྱུར། །སཱ་མཱ་ཡཱ། དྲན་རིག་གཉུག་མའི་ཚོགས་འཁོར་ནི། །སྲིད་གསུམ་རྣམ་དག་ཚོགས་རྫས་དགྲམ། །སྣང་སྲིད་བདེ་བ་ཆེན་པོའི་རྫས། །མི་ཟད་ཡེ་ཤེས་འཁོར་ལོར་གྱུར། །རིག་རྩལ་རང་བྱུང་རོལ་པའི་མགྲོན། །གཤེགས་བཞུད་མེད་པར་གདོད་ནས་གྲུབ། །རང་སྣང་གཉུག་མའི་ལོངས་སྤྱོད་ནི། །ཐམས་ཅད་གཞི་ལྡན་ལྷ་ལ་འབུལ། །ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས། །དྲི་མའི་སྦུབས་ལས་ངེས་གྲོལ་བས། །སྒྲིབ་པ་ཞེས་པའང་བླ་དགས་ཙམ། །གསང་ཆེན་རྡོ་རྗེ་བཙུན་མོའི་མཁར། །ཡིད་དཔྱོད་མཐར་ལྟའི་དགྲ་བགེགས་གདོན། །རྟོགས་པ་གདེང་གྱུར་མཚོན་གྱིས་བསྒྲལ། །གཞི་


TN00_Page_255A
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་མེད་དབྱིངས་ཨ་ལ་ལ། །ཤར་གྲོལ་དུས་མཉམ་ལྷག་མགྲོན་ལ། །རྣམ་རྟོག་རྒྱན་གྱི་གཏོར་མས་མཆོད། །ཆོས་ཉིད་སྤྲོས་བྲལ་ཕོ་བྲང་ནས། །ལྷུན་གྲུབ་རིག་པ་ཀུན་ཏུ་བཟང༌། །མ་བཅོས་ལྟ་བས་བསྐུལ་བའི་མོད། །རྟོག་ཚོགས་འཇུར་དྲན་ཐལ་བར་རློག །སྔ་ཕྱིའི་འཛིན་སྟངས་མི་དམིགས་པའི། །མཉམ་ཉིད་དོན་གྱི་བསྐལ་པ་ལ། །བཅོམ་ལྡན་རིག་བདག་དྲུག་པ་ཡིས། །རྟོག་ཚོགས་ལྷ་སྲིན་དྲེགས་པའི་སྡེས། །རང་གྲོལ་གཏོར་མ་ལེན་པར་ཆེད། །མ་སྤང་གནས་དག་དམ་ནོས་པ། །དེ་ལས་འདའ་བའི་གོ་སྐབས་མེད། །ཆོས་སྐུ་རྒྱལ་པོའི་བཀའ་ཉན་པའི། །ཕུང་ཁམས་སྐྱེ་མཆེད་བརྟན་མའི་ཚོགས། །ཅེར་གྲོལ་བྷ་ལིང་གཏོར་མཆོད་བཞེས། །རང་དག་ཕྲིན་ལས་ཐོགས་མེད་སྒྲུབ། །ཐེག་མཆོག་རྒྱལ་པོའི་དགོངས་ཀློང་དུ། །བློས་བྱས་འཛིན་པའི་རྣམ་པ་ཅན། །རྒྱས་བཏབ་ལྟ་བས་བྲོ་བརྡུང་བས། །གནས་ལུགས་ཨ་ཏིའི་རང་བཞིན་ལ། །གཞན་དུ་འདའ་བའི་སྐལ་བ་མེད། །དེ་བཞིན་ཉིད་དུ་ནར་སོན་ཅིང༌། །མཉམ་པ་ཉིད་ལ་དབང་བསྒྱུར་ཚེ། །ལོངས་སྤྱོད་ཆེན་པོ་དེ་ལ་ཟེར། །དབང་མཛད་རྒྱལ་པོ་དེ་ཀ་རང༌། །རིག་པ་དབྱིངས་སུ་རྣམ་གྲོལ་བས། །རིལ་འཛིན་རྗེ་གཞིག་མིང་དུ་ཟད། ཁམས་གསུམ་རྒྱལ་བའི་དཀྱིལ་འཁོར་ཕྱིར། །ཐོབ་བྱ་


TN00_Page_255B
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མི་དམིགས་པས། །བསྔོ་བའི་དོན་འབྲས་གཞི་ལ་རྫོགས། །གང་སྣང་རིག་པ་ཆོས་སྐུའི་གདངས། །ཅི་འགྱུ་ཀུན་བཟང་ཡངས་པའི་ཀློང༌། །ཅི་བྱས་ཀློང་ཆེན་རབ་འབྱམས་ཏེ། །ཐམས་ཅད་གདོད་མའི་དབྱིངས་སུ་བསྔོ། །བྱ་རྩོལ་མེད་པ་རྫོགས་ཆེན་ལམ། །བློ་བྲལ་རང་ཡན་ཆེན་པོ་རུ། །ཉམས་བླང་བསྒོམ་པའི་བྱིན་རླབས་ཀྱིས། །འཕོ་ཆེན་རྡོ་རྗེའི་བཀྲ་ཤིས་ཤོག །ས་མ་ཡཱ། ཨྠིྀ། ཨྠིྀ། ཨྠིྀ།། ཀློང་གསལ་ནམ་མཁའ་དྲི་མེད་དོན། །ལྷུག་པར་བཀྲོལ་བའི་མན་ངག་འདི། །བཅུ་བདུན་རྒྱུད་ཀྱི་བསྡུས་འགྲེལ་ཏེ། །ཀུན་མཁྱེན་བླ་མའི་ཞལ་ལུང་ཡིན། །མདོ་རྒྱུད་རྒྱ་མཚོའི་བཅུད་ཕྱུང་བའི། །གདམས་ངག་སྙིང་ལས་གཅེས་པ་ཡི། །ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་ལ། །སྦྱང་བའི་མང་ཐོས་མི་ལྡན་ཞིང༌། །རྟོགས་པའི་དྲོད་ཚད་མ་ཐོབ་ཀྱང༌། །མཚུངས་མེད་བླ་མའི་བཀའ་དྲིན་ལས། །ལམ་འདིར་སྤྲོ་བ་ཐོབ་པའི་མི། །གཞོན་ནུ་བསྟན་པའི་རྒྱལ་མཚན་གྱིས། །ཡི་གེའི་གཟུགས་སུ་སྤེལ་བའོ། །སླད་ནས་ལམ་འདི་མི་ནུབ་པར། །འཛིན་མཛད་ནག་མོ་ཁྲོས་མ་དང༌། །བཀའ་སྲུང་གཟའ་བདུད་རཱ་ཧུ་ལར། །མ་གཡེལ་བསྲུང་བའི་གཉེར་ཁ་གཏད། །ན་ར་ཀན། །དྷ་ཐིམ། དེ་སྐད་ཅེས་བྲིས་ནས་བཙུན་པ་བློ་གྲོས་བཟང་པོའི་གླེགས་བམ་དུ་བཀོད་དེ་འཇམ་དབྱངས་ལ་བྱིན་པ།


TN00_Page_256A
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེའི་ལམ་དུ་མ་བཞག་པར་ཉམས་སུ་ལོངས་ཤིག། ༈ །།མཆོག་གསུམ་ཡོངས་འདུས་བླ་མའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དེ་ལ་འདིར་འོད་གསལ་མྱོང་སྟོབས་ཀྱིས་མངོན་དུ་འགྱུར་བར་བྱེད་པ་ལམ་གྱི་སྒོམ་ཚུལ་གཉིས་ཡོད་པ་ལས། བླ་མེད་ཀྱི་རྒྱུད་སྡེ་གཞན་གྱི་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་ནས་མངོན་དུ་འགྱུར་ཚུལ་ནི། །དང་པོ་ནས་འོད་གསལ་གྱི་རྣམ་པ་བཤད་མི་དགོས་པར་སྙིང་གའམ་ལྟེ་བའི་རྩ་འཁོར་སོགས་ལ་གནད་དུ་བསྣུན་ན་འོད་གསལ་ཤར་འོང༌། འོད་གསལ་ཤར་བའི་ཚེ་ཡུལ་སྣང་ཐམས་ཅད་བདེ་བ་ཆེན་པོར་འཆར་བའི་གང་ཟག་ཁྱད་པར་བ་དེས་མཉམ་བཞག་གི་འོད་གསལ་དེ་ཉིད་རྗེས་ཐོབ་ཏུ་དྲན་པར་བྱེད་པའི་སྟོབས་ཀྱིས་ཀྱང་འོད་གསལ་དྲང་ཡོང༌། །དེའི་རྒྱུ་མཚན་ནི་དཔེར་ན་མའི་བུ་གཅིག་པུ་ཤིན་མ་དེ་སྡུག་བསྔལ་གྱིས་གདུང་བས་སྐྱེད་མོའི་ཚལ་ལ་སོགས་པའི་ཉམས་དགའི་གནས་སུ་ཕྱིན་ན་དགའ་བར་མི་འགྱུར་ལ་གང་དུ་ཕྱིན་ཀྱང་སྡུག་བསྔལ་བའི་རྣམ་པ་མ་གཏོགས་བདེ་བའི་རྣམ་པ་ནི་མི་འབྱུང༌། དེ་བཞིན་དུ་མི་ནོར་ལ་སྲེད་སེམས་ཅན་གྱི་ལག་ཏུ་ཡིད་བཞིན་ནོར་བུ་རྙེད་ན་མི་དེའི་སེམས་དགའ་བའི་ཚོས་མདོག་གིས་བསྒྱུར་ཡོད་པས་མི་དེ་རྟ་རྫང་ངམ་རྟའི་ར་བའི་ནང་དུ་འདུག་ཀྱང་དགའ་བའི་རྣམ་པ་མ་གཏོགས་སྡུག་བསྔལ་བའི་རྣམ་


TN00_Page_256B
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་འབྱུང༌། དེ་ལྟར་མཉམ་བཞག་གི་སྐབས་སུ་བདེ་བ་ཆེན་པོའི་ཡེ་ཤེས་ལ་གོམས་འདྲིས་ཡོད་པས་ན་ཕྱིས་རྗེས་ཐོབ་ཀྱི་སྐབས་སུ་རྩ་ཐིག་རླུང་ལ་གནད་དུ་བསྣུན་མི་དགོས་པར་བདེ་བ་ཆེན་པོའི་ཡེ་ཤེས་དེའི་རྣམ་པ་དྲན་ཙམ་གྱིས་དེ་ཉིད་འདྲེན་ཐུབ། རྫོགས་པ་ཆེན་པོའི་ལམ་ལ་དེ་ལྟར་རྩ་ཐིག་རླུང་སོགས་ལྷག་པར་བསྒོམ་མི་དགོས་པར། དང་པོ་བླ་མའི་མན་ངག་ལ་བརྟེན་ནས་རིག་པ་ཐུ་རེ་དྲན་པའི་དྲན་པ་རྒྱུན་ཆགས་སུ་བསྟེན་པ་ནི་རིག་པའི་སྐྱོང་ཚུལ་ཡིན། དེ་ལ་བླ་མའི་མན་ངག་ནི་འཆི་སྲིད་ཀྱི་འོད་གསལ་དེ་ཉིད་ཚེ་འདིའི་སྣང་སེམས་ཐམས་ཅད་སྡུད་ས་དང་ཕྱི་མའི་སྣང་བ་ཐམས་ཅད་མཆེད་པའི་གཞི་ལྟ་བུ་ཡིན་ལ། དེ་ཀ་རང་འོད་གསལ་ཐམས་ཅད་སྟོང་པའམ་ཡེ་གྲོལ་འདུས་མ་བྱས་ཀྱི་རིག་པ་ཡིན། དེ་ནི་སྣང་མཆེད་ཀྱི་མཐའི་ཤེས་པ་ཕྲ་མོ་སྟེ། དེ་ལ་རིག་པའམ་འོད་གསལ་ཟེར། འོད་གསལ་དེ་ལ་འགྱུར་བ་ཡེ་ནས་ཡོད་མ་མྱོང༌། གློ་བུར་བའི་སེམས་རིག་པ་དེའི་གཤིས་སུ་ཞུགས་མ་མྱོང་བ་ཡིན། གློ་བུར་བའི་སེམས་ཞེས་པ་ནི། གློ་བུར་དུ་སྐྱེས་པའི་ཤེས་པ་སྟེ། དབང་ཤེས་དང་དེ་ལས་ཕྲ་བའི་ཡིད་ཤེས་རྣམས་ཡིན། འོད་གསལ་དེའི་རྣམ་པ་ནི་ཡེ་གདོད་མ་ནས་གློ་བུར་བའི་རྐྱེན་གྱིས་གཤིས་མ་བསླད་པས་ན་ཀ་དག་ཟེར། ཀ་སྨད་སུམ་ཅུའི་བཞུགས་ཚུལ་


TN00_Page_257A
[མ་དཔེ་གཟིགས་ན་འདིར་གནོན།]

འཆུག་ན་ལྷག་མ་ཐམས་ཅད་འཆུག་འགྲོ་བ་བཞིན་དུ་ཀ་དག་གི་བཞུགས་ཚུལ་གྱི་གོ་དོན་འཆུག་ན་རྫོགས་པ་ཆེན་པོའི་ལམ་གྱི་ཁོག་རྟ་ཐམས་ཅད་འཆུག་འགྲོ་བ་ཡིན། ཀ་དག་དང་གདོད་མ་ཐོག་མ་སོགས་དོན་གཅིག་གི་གནད་ཀྱིས་ཡིན་པར་གསུང༌། །གཞན་ཡང་འཕྲོ་རྒོད་དང་བྱིང་རྨུག་གི་འབར་འབུར་དང་བྲལ་བ་མཉམ་ཡང༌། །དབང་ཤེས་དང་ཡིད་ཤེས་དེའི་བཞིན་པའི་རླུང་སོགས་གཤིས་ལ་མ་ཞུགས་པས་སེམས་ཀྱི་ཕྱོགས་སུ་གྱུར་པ་ཐམས་ཅད་ཀྱིས་མི་ཚོགས་པས་ཟད་ཐལ། མར་མེ་བུམ་ནང་དུ་ཡོད་པ་བཞིན་དུ། ནང་གསལ་ལམ་གཏིང་གསལ་གཞོན་ནུ་བུམ་སྐུ་ཟེར། རིག་པ་དེ་གསལ་བར་ཉི་མ་བརྒྱ་བས་ལྷག་པས་ན་རང་གསལ། བདེ་གསལ་མི་རྟོག་གསུམ་རང་ཆས་སུ་ཡོད་པས་ན་ལྷུན་གྲུབ། འདོད་སེམས་ལས་བསམ་གཏན་དང་པོ་ཕྲ། །དང་པོ་ལས་གཉིས་པ་ཕྲ་བ་སོགས་རིམ་བཞིན་འོག་མ་ལས་གོང་མ་རྣམས་ཆེས་ཕྲ་བ་ཡིན་ལ། དེ་དག་ལས་ཀྱང་ཆེས་ཕྲ་བའི་ཤེས་པ་ཡིན་པས་ཆེས་ཕྲ་སྟེ། དེ་ཐམས་ཅད་ཀྱིས་འོད་གསལ་རིག་པའི་ཁྱད་ཆོས་མི་འདྲ་བ་རེ་དྲངས་ཏེ་སྟོན་རྒྱུ་ཡོད་པ་གོ་དགོས། དེ་ལྟ་བུའི་འོད་གསལ་གྱི་བཞུགས་ཚུལ་རང་གི་གོ་བའི་སྟེང་ནས་ངོ་འཕྲོད་དགོས། འོད་གསལ་ལ་དམར་འཇུས་བྱེད་ན་དྲན་པས་སྐྱོང་རྒྱུ་ཁོང་


TN00_Page_257B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུད་དགོས། འོད་གསལ་གྱི་བཞུགས་ཚུལ་བླ་མའི་མན་ངག་གིས་ངོ་སྤྲད་པ་དེ་སེམས་ལས་མ་བོར་བར་ཡིད་ངོར་འདྲིས་ཐུབ་པ་ཞིག་དགོས། དེ་བོར་ན་ཁྲེགས་ཆོད་ཀྱི་ལམ་གྱི་སྲོག་སྟོར་བ་ཡིན། དེ་ནི་དཔེར་ན་བླ་མེད་རྒྱུད་སྡེ་གཞན་གྱི་རྩ་ཐིག་སོགས་ལ་གནད་དུ་བསྣུན་པ་དགོས་མེད་དུ་བཞག་ན་རྫོགས་རིམ་གྱི་སྲོག་སྟོར་བ་ཡིན་པ་དང་མཚུངས། དྭངས་སྙིགས་གཉིས་སུ་ཕྱེ་བའི་སེམས་ནི་སྙིགས་མ་དང༌། རིག་པ་ནི་དྭངས་མའི་ཡང་ཞུན་བཅུད་དུ་དྲིལ་བ་ལྟ་བུ་ཡིན་ནོ། །མ་རིག་པའི་བག་ཆགས་ཟད་ནས་སངས་རྒྱས་ཀྱི་སྒྲུབ་བྱེད་རིག་པ་ཡིན། རིག་པ་ལམ་དུ་བྱས་ནས་སྐད་ཅིག་ཀྱང་འབྲལ་བ་མེད་པར་དྲན་པས་བསྐྱངས་ཏེ་བློ་ཤིན་ཏུ་རྒྱས་པར་བྱས་ནས་ཡོད་ན་རིག་པ་ལ་དམར་འཇུས་བྱེད་རྒྱུ་རྙེད་ནས་རིག་པ་ངོ་འཕྲོད་པ་ཡིན། གློ་བུར་བའི་སེམས་ཀྱི་ངོ་བོ་སྐྱེ་མི་སྲིད་པ་དང་གནས་ལུགས་ལ་འགྱུར་བ་མེད་པས་ན་མ་བཅོས་པ་དང༌། ཆོས་སྐུའི་རིག་པ། ཆོས་སྐུའི་བསྒྲུབ་གཞི་ཡིན་པ་ཤེས་དགོས། རྫོགས་ཆེན་ལ་རིག་པ་ཞེས་མིང་གི་ཐ་སྙད་འདོགས་པ་དེ་ནི་སྣང་གསུམ་ལས་འདས་པའི་ཤེས་པ་སངས་རྒྱས་ཀྱི་བསྒྲུབ་གཞི་ཡིན་པས་རིག་པ་ཞེས་གསུངས་ལ། རིག་པའི་སྟེང་ན་མུན་པ་ཡོད་མ་མྱོང་བས་ན་འོད་གསལ་ཟེར། མ་རྒྱུད་ལས་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་ཟེར་བ་ནི་ཡེ་ནས་བདེ་


TN00_Page_258A
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་ཡེ་ཤེས་གཉིས་འབྲལ་མ་མྱོང་བར་ལྷན་སྐྱེས་ཀྱི་ཚུལ་དུ་ཡོད་པས་ན་ལྷན་སྐྱེས་ཀྱི་ཡེ་ཤེས་ཟེར། ཚེ་འདིའི་སྣང་སེམས་ཐམས་ཅད་ཕར་སྡུད་ས་ཚེ་ཕྱི་མའི་སྣང་སེམས་ཐམས་ཅད་ཚུར་མཆེད་པའི་སྤྲོ་གཞི་འོད་གསལ་ཡིན། འོད་གསལ་ཉིད་ཀུན་རྟོག་དང་སེམས་ཀྱིས་ལྡེ་ཁ་བསྒྱུར་ནས་འགྲོ་མི་ཤེས་པས་ན་ཡེ་གྲོལ་འདུས་མ་བྱས་པ་ཞེས་བརྗོད། ངོ་རང་ཐོག་ཏུ་སྤྲད་པའི་ཚུལ་ནི། རང་ཐོག་ཅེས་པ་འོད་གསལ་རང་གི་ཐོག་ཏུ་སྤྲད་པ་ཡིན། ངོ་སྤྲོད་ཚུལ་ནི་གོང་སྨོས་བཞིན། བླ་མའི་མན་ངག་གིས་འོད་གསལ་གྱི་རྣམ་པའམ་བཞུགས་ཚུལ་ཇི་ལྟ་བ་བཞིན་བསྟན་ནས་སློབ་མ་ལ་གོ་བ་ཆགས་ངེས་ཅན་བྱེད་དགོས་པ་ཡིན། ༈ །ངོ་སྤྲོད་ཚུལ་གྱི་དཔེ་ནི། ནམ་མཁའ་སྤྲིན་འཐུག་གིས་བསྒྲིབ་སྐབས་ན་ནམ་མཁའི་ངོ་སྤྲད་ན་ངོ་འཕྲོད་པ་ཅུང་དཀའ་ལ། ནམ་མཁའི་ཕྱོགས་འགའ་ཞིག་ན་སྤྲིན་མེད་པའི་ནམ་མཁའ་ཅུང་ཟད་མཐོང་སར་ཕྱིན་ཏེ་ལྷོ་འཛམ་བུའི་གླིང་འདིའི་ནམ་མཁའ་ཐམས་ཅད་སྔོན་པོ་འདི་ལྟ་བུ་ཡིན་ཟེར་ནས་ངོ་སྤྲད་ན་ངོ་འཕྲོད་སླ་མོ་ཡོད། །དེ་ལྟར་དུ་ད་ལྟ་ཀུན་རྟོག་དང་སེམས་ཀྱི་སྤུན་ཐག་སྤྲིན་འཁྲིགས་པ་ལྟ་བུའི་གནས་སྐབས་ན་འོད་གསལ་ངོ་སྤྲད་ན་ངོ་འཕྲོད་ཅུང་ཟད་དཀའ་སྟེ། འཆི་ཁ་དང་ཆོས་ཉིད་བར་དོའི་སྐབས་འོད་གསལ་འཆར་བ་དེ་ལྟར་དུ་ངོ་སྤྲད་ན་ངོ་


TN00_Page_258B
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་པ་ཡིན། དེ་ནི་བླ་མས་འཆི་ཁ་དང་བར་དོའི་སྐབས་སུ་འོད་གསལ་འཆར་ཚུལ་སློབ་མ་ལ་ཞིབ་ཏུ་གསུངས་པ་ལྟར། སློབ་མ་རང་གི་གོ་བའི་སྟེང་ནས་མྱོང་བ་ཞིབ་མོ་ཆགས་དགོས། དེ་རྣམས་ངོ་རང་ཐོག་ཏུ་སྤྲད་པ་ཡིན། ༈ །ཐག་གཅིག་ཐོག་ཏུ་བཅད་པ་ནི། འོད་གསལ་དེ་ནི་ད་ལྟ་རང་གི་ཤེས་པ་འདིའི་ཕུག་ན་ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་དུ་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བར་ཡོད་ལ། བྲལ་ན་སངས་རྒྱས་ཡང་མི་འཚོ། །སེམས་ཅན་ཡང་མི་འཚོ། དེ་ཉིད་ཡོད་པ་ཐག་གཅིག་ཏུ་བཅད་ཐུབ་དགོས། དེ་ལྟར་ཡོད་ནའང་འོད་གསལ་དེ་ཉིད་འཆི་དུས་མ་གཏོགས་ད་ལྟ་རང་ཉིད་ལ་འཆར་བར་མི་འགྱུར་རམ་སྙམ་ན། མ་ཡིན་ཏེ་གཉིད་དུས་དང་བརྒྱལ་བ་ལ་སོགས་པའི་སྐབས་སུ་ཡང་འཆར། ད་ལྟའི་སྐབས་སུ་འོད་གསལ་དེ་ཉིད་ངོ་སྤྲད་པ་ལྟར་དྲན་བྱ་དང་དྲན་བྱེད་འབེན་བཙུག་པ་ལྟ་བུ་མ་ཡིན་པར། གང་ཟག་རང་གིས་རང་དྲན་པ་བཞིན་དུ་དང་པོ་དྲན་པས་སེམས་ཀྱི་ཕྱོགས་ཐམས་ཅད་རྩིས་མེད་དགོས་མེད་དུ་བཞག་ནས། རིག་པའི་ཕྱོགས་ཁོ་ན་ཡིད་ངོར་ཤར་བར་བྱས་ནས་རིག་པའི་རང་བཞིན་མ་བཅོས་པར་བསྒོམ་དགོས། དྲན་པས་རིག་པའི་རྣམ་པ་དེ་ཉིད་བོར་ན་སེམས་ཀྱི་ཐོག་ཏུ་ཐོན་པ་ཡིན། དཔེར་ན་ཁྱིམ་གྱི་གནས་ཀྱི་ཁྲོ་ཐོག་ནས་ལྷུང་ན་ཁྱིམ་ལས་


TN00_Page_259A
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བ་མེད་པའི་དཔེ་དེ་བཞིན་དུ་རིག་པ་དེ་ཉིད་དྲན་པས་བོར་སོང་ན་སེམས་ལས་འདའ་བ་མེད་པ་ཡིན། སེམས་སལ་ལེ་ཧྲིག་གེ་བ་བསྒོམ་ན་རིག་པ་བསྒོམ་པའི་གོ་མི་ཆོད་པ་ཡིན། ཡང་དཔེ་གཅིག་ནི་བཞི་ཆ་གསུམ་བྲལ་ཏེ། གསུམ་དང་བྲལ་བའི་བཞི་པའི་ཆ་ནི་རིག་པ་ཞེས་བརྗོད་ཆོག་སྟེ། དེའི་རྒྱུ་མཚན་སེམས་ཀྱི་ཆ་གཅིག་རིག་པ་ཡིན་པའི་གནད་ཀྱིས་རིག་པ་ཞེས་བཏགས་ན་ཆོག །གསུམ་དང་བྲལ་བའི་བཞི་ཆའི་སྐབས་ན་རིག་པ་ངོ་སྤྲད་ན་འཕྲོད་སླ་བ་ཡིན་གསུང༌། དེའི་སྐབས་ན་ལྷ་བཟོའི་ཚོན་གྱིས་སྐྱ་རིས་བྱེད་པ་དང་འདྲ་བ་ཡིན་གསུང༌། དྲན་པས་རིག་པ་བསྐྱངས་པའི་གནས་སྐབས་ན་རིག་པ་མངོན་དུ་གྱུར་ཡོད་ཨེ་དགོས་སྙམ་ན་མི་དགོས་ཏེ། དཔེར་ན་ཁང་པའི་ནང་ཞིག་ན་མི་གྲལ་གང་ཡོད་སྐབས་ན། དེའི་གྲལ་གྱི་མི་གཅིག་ལ་དམིགས་ནས་སྡོད་པའི་སྐབས་མི་གཞན་རྣམས་ལ་ཅང་མི་སེམས་པར་གྱུར་ཏེ་མི་གཞན་རྣམས་རིམ་པ་བཞིན་དུ་མི་གཅིག་ལ་ཐིམ་སོང་བ་ཡང་མ་ཡིན། དེ་རྣམས་ལ་སེམས་ཀྱི་ཟུར་གྱིས་བལྟས་ནས་སྡོད་པ་ཡང་མ་ཡིན། མི་དེ་རྣམས་ལ་ཅི་ཡང་མི་སེམས་པ་བཞིན་དུ་དྲན་པས་རིག་པ་ལ་བལྟས་ནས་བསྒོམ་པའི་སྐབས་དྲན་པ་རིག་པ་ལ་འདྲེས་སོང་ལྟ་བུ་འབྱུང་མོད། འདྲེས་སོང་སྙམ་པའི་མོས་པ་བྱེད་མི་དགོས། ད་ལྟ་རང་


TN00_Page_259B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོད་གསལ་འཆར་ཡོད་པ་ཡང་བསམ་མི་དགོས། དཔེར་ན་སངས་རྒྱས་མཚན་བཟང་པོས་བརྒྱན་པ་ཞིག་སྒོམ་ནས་སངས་རྒྱས་ཀྱི་རྣམ་པ་ཡིད་ལ་ཤར་ཡོད་པའི་དུས་ན་ངའི་སངས་རྒྱས་བསྒོམ་ཡོད་བསམ་མི་དགོས། སངས་རྒྱས་ཡིད་ལ་སྒོམ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ང་ལ་འོད་གསལ་ཤར་ཡོད་བསམ་དགོས་པ་མ་ཡིན་ཏེ། སྔར་བླ་མས་ངོ་སྤྲད་པའི་འོད་གསལ་དེ་ཉིད་རང་གིས་སྒོམ་བཞིན་པའི་དུས་ཡིན་པས་སོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཕྱི་ལྟར་གཟུང་བའི་སོགས་ལྟར་འོད་གསལ་རང་ངོ་ཤེས་པ་སྟེ། བླ་མའི་མན་ངག་གིས་རིག་པ་ངོ་སྤྲད་པ་དེ་ལ་དྲན་པས་རིག་པ་བསྐྱངས་ནས་འདུག་ན་བར་དུ་འོད་གསལ་རང་ངོ་ཤེས་ནས་ཕྱི་ལྟར་གཟུང་བའི་ཡུལ་སྣང་རྣམས་རང་ཤུགས་ཀྱིས་དག་འགྲོ་བ་ཡིན། དྲན་པ་དང་རིག་པ་བསྲེས་ནས་སྒོམ་བསྡད་ན་ནང་དུ་འཛིན་པའི་སེམས་རྣམས་རིག་པ་ལ་ཐིམ་པའམ་རང་བཞིན་གྱིས་དྭངས་འགྲོ་བ་ཡིན། དེ་བཞིན་དུ་རིག་པ་དྲན་པས་མ་བརྗེད་པར་སྐྱོང་ནས་སྡོད་ན་བར་དུ་འོད་གསལ་རང་ངོ་ཤེས་ནས་འགྲོ་ངེས་པ་ཡིན་གསུང༌། རིག་པ་དེ་ཉིད་བསྐྱང་བསྡད་ན་རླན་གར་ཡོད་སར་ཆུ་འགྲོ་བ་བཞིན་དུ། རིག་པའི་རྩལ་ལས་སེམས་རྣམས་འཕྲོས་པ་ཡིན་པས། མཐར་སེམས་རྣམས་རིག་པ་རང་ཉིད་ལ་ཐིམ་ནས་


TN00_Page_260A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཡིན་ཏེ། རིག་པ་རང་གི་ཚང་ངམ་མལ་གྱི་ལམ་རྙེད་འོང་བ་ཡིན། དཔེར་ན་རྒྱ་མཚོའི་རྦ་རླབས་རྒྱ་མཚོ་ལས་བྱུང་ནས་མཐར་རྒྱ་མཚོ་ལ་ཐིམ་འགྲོ་བ་བཞིན་དུ་རིག་པའི་རྩལ་གྱི་སེམས་རྣམས་རིག་པ་ལས་འཕྲོ་ཞིང་མཐར་ལམ་བསྒོམ་སྟོབས་ཀྱིས་རྩལ་རྣམས་རིག་པ་རང་ཉིད་ལ་ཐིམ་པའམ་རིག་པའི་དབྱིངས་སུ་དྭངས་ནས་འགྲོ་བ་ཡིན་པས་དེའི་ཚེ་འགྱུ་བ་རང་དག་གི་དགོངས་པ་ཞེས་བརྗོད་དོ། །དབང་པོའི་སྒོ་སྡོམ་པ་ཡང༌། བསྐྱེད་རིམ་དུ་ནི་རྗེས་ཐོབ་ཏུ་སྣོད་བཅུད་དག་པ་རབ་འབྱམས་ལྷའི་དཀྱིལ་འཁོར་དུ་བལྟ་བ་དང༌། རྫོགས་རིམ་དུ་གང་སྣང་བ་བདེ་ཆེན་གྱི་རྣམ་རོལ་དུ་ལྟ་བ་དང༌། སྐབས་འདིར་གང་སྣང་རིག་པའི་རྩལ་ལམ། གང་སྣང་རིག་པའི་རྣམ་འཕྲུལ་དུ་དྭངས་གསལ་བདེ་བའི་རྣམ་པར་རྩལ་སྦྱང་བ་དེའོ། །མདོར་ན་སེམས་དང་རིག་པ་གཉིས་ཀྱི་སྤང་བླང་ཕྱེས་ནས་དྲན་པས་རིག་པའི་བཞུགས་ཚུལ་སྐྱོང་དགོས། དེ་ལྟར་སྐྱོང་བ་ལ་ཡང་དང་པོ་རྩོལ་བའི་དྲན་པས་རིག་པ་དང་བསྲེས་ནས་བསྒོམ་དགོས། མཐར་འདུ་བྱེད་ཀྱི་དྲན་པ་རྣམས་རང་དགལ་སོང་ནས་རིག་པའི་རང་མདངས་ཁོང་ནས་འཆར་ཡོང༌། དེའི་སྐབས་སུ་རྩོལ་མེད་རང་བཞག་གི་དྲན་པ་ཞེས་ཟེར་རོ། །ཡེ་གྲོལ་འདུས་མ་བྱས་ཀྱི་རིག་པ་དེ་རང་གི་


TN00_Page_260B
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཆ་ན་ཡོད་པ་བླ་མའི་མན་ངག་གིས་ངོ་སྤྲད་ནས་ཐག་ཆོད་པ་ཞིག་དགོས་ཞེས་ཡང་ནས་ཡང་དུ་ནན་ཆེ་བར་གསུངས་པས། །འདིར་ཡང་ཟློས་སྐྱོན་ལ་མ་བསམ་པར་གསུང་རིམ་ལྟར་བརྗེད་བྱང་དུ་བྱས་པ་ཡིན། དེ་ལྟ་བུའི་འོད་གསལ་རིག་པ་དེ་ཉིད་རྫོགས་ཆེན་གྱི་རྒྱུད་ནས་གཏན་ལ་ཕབ་ཚུལ། །རྡོ་རྗེའི་གད་མོ་བཅུ་གཉིས། །ཚིག་ཆེན་པོ་བརྒྱད། བཞག་ཐབས་རྣམ་པ་བདུན། ཅོག་བཞག་རྣམ་པ་བཞི་ལ་སོགས་པའི་སྒོ་ནས་གཏན་ལ་ཕབ་ཚུལ་མང་དུ་གསུངས་ཀྱང༌། མདོར་ན་སྐབས་འདིར་བསྟན་པའི་ཚིགས་གསུམ་གནད་དུ་བསྡུ་བའི་ཁོངས་སུ་དེ་ཐམས་ཅད་ཚིག་གི་ཆ་ནས་མ་འདུན་ཡང་དོན་གྱི་ཆ་ནས་འདུ་བ་ཡིན། རྡོ་རྗེའི་གད་མོ་བཅུ་གཉིས་ཀྱི་ནང་ནས། རྫོགས་པ་ཆེན་པོ་ནི་རྒྱུ་འབྲས་ལས་འདས་པའི་ཆོས་ཡིན་ཧ་ཧ། ཞེས་བརྗོད་པའི་དོན་ནི། ཐེག་པ་གཞན་གྱི་རྒྱུ་འབྲས་ལ་སྐུར་བ་བཏབ་པ་མིན་ཏེ། རྒྱུ་འབྲས་གཉིས་ཀ་སྣང་གསུམ་ཚུན་ཆད་ཀྱི་སེམས་ཀྱི་སྟེང་ན་ཡོད་པས་སོ། །རྫོགས་པ་ཆེན་པོའི་གཤིས་དེར་ཕེབས་པ་རྣམས་ལ་མཚམས་མེད་པ་ལྔ་བྱས་པ་དང་བསྐལ་པ་མང་པོར་ཚོགས་བསོགས་པ་གཉིས་སངས་རྒྱས་པར་ཁྱད་མེད་གསུངས་པ་ནི། ཡེ་གྲོལ་འདུས་མ་བྱས་ཀྱི་རིག་པ་ལ་དགོངས་ནས་གསུངས་པ་


TN00_Page_261A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་ལ་དགེ་སྡིག་གིས་མི་གོས་པ་སྒྲ་དྲང་ཐད་རང་དུ་བསྟན་པ་ཡིན་ལ། གཤིས་དེར་མ་ཕེབས་པ་དག་ལ་དེ་ལྟར་བསྟན་པར་མ་བཤད་པ་མིན་ནོ། །མཆན། ཡིན་ལ་མཚན་གཞི་གཤིས་དེར་ཕེབས་པའི་རྣལ་འབྱོར་པ་ཏེ་ལོ་པ་དང་བི་མ་ལ་ལྟ་བུའོ། །ཀུན་ཏུ་བཟང་པོ་ཉིད་ཀྱིས་ཀྱང་དགེ་བ་ཅུང་ཟད་མ་བྱས་སྡིག་པ་ཅུང་ཟད་ཙམ་ཡང་མ་སྤངས་ནས་སངས་རྒྱས་སོ་ཞེས། དགེ་སྡིག་ལས་འདས་པར་གསུངས་པ་ཡང༌། །འོད་གསལ་ཉག་གཅིག་ལ་དགོངས་ཏེ་གསུངས་པ་ཡིན་ལ། དེའི་རྒྱུ་མཚན་ནི་འོད་གསལ་ཉིད་ནི་དམྱལ་བའི་མེ་དང་གྲང་བའི་ངད་དང་ཡི་དྭགས་སུ་བཀྲེས་སྐོམ་གྱི་སྡུག་བསྔལ་སོགས་ཐམས་ཅད་ཀྱིས་གོས་མ་མྱོང་ལ་འོད་གསལ་དེ་ཉིད་སྡུག་བསྔལ་གྱི་ངོ་བོར་སྐྱེ་མི་སྲིད་པས་དེ་ཉིད་སྒྲ་དྲང་ཐད་དུ་གསུངས་པ་ཡིན། མདོར་ན་སྣང་མཆེད་ཐོབ་གསུམ་གྱི་སྔོན་གྱི་སྣང་སེམས་རགས་པའི་སྟེང་ནས་རྒྱུ་བསགས་ནས་འབྲས་བུ་མྱོང་བ་སོགས་འཇོག་པ་ཡིན་པ་གལ་ཆེ། ཀུན་བཟང་དགེ་བ་རྡུལ་ཙམ་མ་བྱས་པར། །ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས། །ཞེས་གསུངས་པ་ལྟར་རོ། །ཕྱི་འདུ་འཛི་ལས་ལོ་བརྒྱར་བསྒྲུབས་པ་ལས་རི་ཁྲོད་དབེན་པར་གཅིག་པུར་གནས་ནས་ཉིན་གཅིག་དགེ་བ་བསྒྲུབ་པ་ཁེབས་ཆེ་བ་དང༌། རང་གི་སེམས་གཙང་སིང་ངེ་བ་ཡིན་པས། དེ་ཕྱི་རི་ཁྲོད་ཀྱི་དབེན་པ་ཡིན་ནོ། །ནང་


TN00_Page_261B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ལས་དབེན་པ་ནི། སྤྱིར་ན་ཕར་ཕྱིན་ཐེག་པའི་གཞི་ལྷག་གྲུབ་ནས་སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་བའི་ལུས་སེམས་ལས་སུ་རུང་བས་གང་ལ་དམིགས་ཀྱང་དགེ་བ་ལ་བཀོལ་དུ་རུང་བ་ཡིན་ནོ། །རྣམ་རྟོག་སྤུན་ཐག་ཆད་པའི་ནམ་མཁའ་ལྟ་བུའི་འོད་གསལ་ནི་གསང་བའི་རི་ཁྲོད་དུ་འཇོག་ཏེ། འོད་གསལ་དེ་ལ་ལྟོས་ནས་སེམས་བཏང་འགྲོ་བཞག་སྡོད་ལ་དབང་བའི་རྣམ་པ་དེ་ཡང་སྐེབ་ཞད་ཅན་ཞིག་ཡིན་པར་གསུངས་ལ། དེ་གསང་བ་སེམས་ཀྱིས་དབེན་པའི་རི་ཁྲོད་ཡིན། དེ་ལྟར་ལམ་གྱི་མྱུར་བུལ་ཡང་ཕར་ཕྱིན་ཐེག་པའི་ཟབ་རྒྱས་གཉིས་ལྡན་གྱི་ལམ་བསྐལ་པ་གྲངས་མེད་མང་པོར་བསྒྲུབས་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ། སྔགས་ཀྱི་ལམ་ནི་དེ་ལས་ཤིན་ཏུ་མྱུར་སྟེ་ཕྱི་རྒྱུད་སྡེ་གསུམ་གྱི་ལམ་གྱིས་ཐུན་མོང་གི་དངོས་གྲུབ་སོགས་བསྒྲུབས་ནས། དེ་ལས་ཚེ་བསྐལ་པ་མང་པོར་བསྲིང་ནས་ད་གཟོད་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་གསུང༌། བླ་མེད་ཀྱི་རྒྱུད་སྡེ་གཞན་གྱི་ལམ་ལ་ཚེ་བསྲིང་མི་དགོས་པར་མི་ལོ་བཅུ་གཉིས་ཀྱིས་མཆོག་གི་དངོས་གྲུབ་ཐོབ། ཐེག་དགུའི་ཡང་རྩེ་འདི་ཉིད་ཀྱི་ལམ་གྱིས་མི་ལོ་དྲུག་གིས་མཆོག་གི་དངོས་གྲུབ་ཐོབ་སྟེ་མྱུར་བུལ་གྱི་ཁྱད་པར་ཡང་དེ་ལྟ་བུ་ཡིན་ནོ། །མདོར་ན་ཀ་དག་ཁྲེགས་ཆོད་ཀྱི་རིག་


TN00_Page_262A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཞུགས་ཚུལ་དེ་ཉིད་འཆི་སྲིད་ཀྱི་འོད་གསལ་ཇི་ལྟ་བ་བཞིན་དུ་ངོ་སྤྲོད་ནས། དེའི་ཁྱད་ཆོས་ཀ་དག་ཟང་ཐལ་ལ་སོགས་པའི་བརྗོད་ཚུལ་སྣ་ཚོགས་པའི་སྒོ་ནས་ཡོན་ཏན་གྱི་ཆ་མི་འདྲ་བ་རེ་རེ་བསྟན་ནས་རིག་པའི་བཞུགས་ཚུལ་ཇི་ལྟ་བ་བཞིན་བླ་མའི་མན་ངག་གིས་ངོ་ལེགས་པར་སྤྲད་དེ་ད་ལྟ་རང་གི་དྲན་པ་ལ་ལེགས་པར་འདྲིས་ངེས་སུ་བྱེད། དེ་འདྲ་བའི་རིག་པ་དེ་དོན་གཞན་དུ་ཡོད་པ་མ་ཡིན་ཏེ། ད་ལྟའི་རང་གི་ཤེས་པ་འདི་ཉིད་ཀྱི་ཆ་བཤད་མ་ཐག་པ་དེ་ཉིད་ཡིན་པར་ཐག་བཅད་ནས་བཅད་ཐོག་དེ་ནས་རིག་པའི་རྣམ་པ་དེ་ཉིད་དྲན་པས་སྐད་ཅིག་ཀྱང་མི་བརྗེད་པར་བདག་གི་སེམས་འདི་ཉིད། རིག་པའི་ངོ་བོར་གྱུར་སོང་སྙམ་པ་ལྟ་བུའི་མོས་པ་སྒོམ་ཡང་མ་ཡིན་པར་ད་ལྟའི་རང་གི་ཤེས་པའི་ཆ་འདི་དག་ཐམས་ཅད་རིག་པའི་རང་བཞིན་དུ་བལྟས་ནས་སེམས་ཀྱི་ཕྱོགས་ལ་ཅུང་ཟད་ཙམ་ཡང་མི་གཡེང་བར་རིག་པའི་ཕྱོགས་ལེགས་པར་བསྒོམ་པར་བྱ་བ་ནི་གནད་དོན་ཐུན་མོང་མ་ཡིན་པ་ཡིན་ནོ། །དེས་ཐག་གཅིག་ཐོག་ཏུ་བཅད་པ་སོད། ༈ །གསུམ་པ་གདེངས་གྲོལ་ཐོག་ཏུ་བཅའ་བ་ནི། སྒོམ་པ་རབ་དང༌། འབྲིང་དང༌། ཐ་མ་གསུམ་ལས། བསྒོམ་པ་རབ་སེང་གེ་ལ་རྡོ་འཕང་བ་ལྟ་བུ་ཡིན་ཏེ། སེང་གེ་ལ་རྡོ་འཕངས་ཀྱང་རྡོ་རྩར་མི་འདེད་པར་


TN00_Page_262B
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་འཕང་མཁན་ཁོ་རང་དེད་ནས་ཉེས་ལན་གྱི་ཆད་པ་གཅོད་ནས་རྡོ་དེ་སླར་མི་ཕོག་པར་བྱེད་པ་ལྟར། སྒོམ་རབ་ཀྱིས་རྣམ་རྟོག་ཐོལ་གྱིས་སྐྱེས་ཚེ་རྣམ་རྟོག་གི་རྗེས་སུ་མི་འབྲང་ཞིང་རྣམ་རྟོག་འཆར་མཁན་ཁོ་རང་དྲན་པས་ཧད་ཀྱིས་བཟུང་ནས་རྣམ་རྟོག་གང་ཤར་རྣམས་རང་གྲོལ་དུ་གཏོང་བ། འགའ་ཞིག་གིས་དེའི་སྐབས་རྣམ་རྟོག་ལ་ཅེར་རེ་ལྟོས་ཞེས་པའི་དོན་དེ་རྣམ་རྟོག་ཁོ་རང་ལ་བལྟ་བ་ཡང་ཡོད། འགའ་ཞིག་གིས་རྣམ་རྟོག་སྔ་ཕྱིའི་བར་སེམས་ས་ལེ་ཧྲིག་གེ་བ་ལ་བལྟ་བ་ཡང་ཡོད། དེ་གཉིས་གང་ཡང་མ་ཡིན་པར་རང་ལུགས་ལ་ཅེ་རེ་ལྟོས་ཞེས་པའི་དོན་ནི། རིག་པ་ཁོ་རང་ལ་བལྟ་བ་ཡིན་ལ། རིག་པ་ལ་བལྟ་བ་དེའི་སྐབས་སེམས་ཀྱི་ཕྱོགས་ལ་དྲན་པས་བདག་ཅུང་ཟད་ཙམ་ཡང་མི་བྱེད་པ་ནི་སྐབས་འདིའི་གནད་དོན་གཅིག་གོ །སྒོམ་པ་ཐ་མ་ནི་ཁྱི་ལ་རྡོ་འཕངས་པ་ལྟར་རྡོ་འཕེན་པ་པོ་དེ་བསྐྱར་ནས་རྡོ་རྩ་དེད་པ་ལྟར། དེ་བཞིན་དུ་རྣམ་རྟོག་ཤར་མཁན་བསྐྱར་ཏེ། སྒོམ་རྣམ་རྟོག་གི་རྩ་དེད་པ་དེ་འདྲ་མིན་པར་ཤར་ཁན་ཁོ་རང་ལ་བལྟ་བ་དེ་ཡིན། གྲོལ་ལུགས་གསུམ་ནི། རྣམ་རྟོག་ངོ་ཤེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། རིག་པའི་རྣམ་པ་བརྗེད་ན་ཇེ་ཞིག་ན་རྣམ་རྟོག་ཤར་ཡོང་བ་དེ་ངོ་ཤེས་ནས་དེ་ལ་སྐྱོན་དུ་བལྟས་ནས་སྔར་གྱི་རིག་པའི་བཞུགས་ཚུལ་གྱི་སྟེང་དུ་འཇོག་པ་དེའོ། །རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ཞིག་པ་ལྟ་བུའི་གྲོལ་ཚུལ་ནི། འོད་གསལ་


TN00_Page_263A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པ་དེ་ཉིད་ཀྱི་བཞུགས་ཚུལ་ལམ་དུ་བྱེད་དུས་རྣམ་རྟོག་གཞན་གྱིས་བར་གཅོད་མི་ནུས་ནའང༌། དྲན་པས་རིག་པ་ཅུང་ཟད་བསྒྲིམས་ནས་མ་བསྐྱང་ན་ཡེངས་ནས་འགྲོ་ཉེན་ཡོད་པས་ཅུང་ཟད་བསྒྲིམས་པའི་སྟོབས་ཀྱིས་རྣམ་རྟོག་གི་ཚུགས་མི་ཐུབ་པར་རང་སར་གྲོལ་བ་དེའོ། །གསུམ་པ་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་ཚུལ་ཁང་སྟོང་ནང་དུ་རྐུན་མ་བྱུང་ན་རྐུན་མ་ལ་ཐོབ་པ་དང་ཁང་པའི་ནང་གི་རྒྱུ་རྫས་ལ་ཤོར་བ་མེད་པ་ལྟར། དེའི་དུས་སུ་དྲན་པས་རིག་པའི་མཁར་ཚུགས་ནས། ཐ་མལ་གྱི་རྣམ་རྟོག་ཐལ་ཐོལ་རེ་སྐྱེས་ན་ཡང༌། རྣམ་རྟོག་ལ་ཐོབ་རྒྱུ་དང་འོད་གསལ་ལ་འཆོར་རྒྱུ་མེད་པ་དེའོ། །མདོར་ན་དྲན་པའི་མདུང་དེ་ཉིད་རིག་པའི་གཏིང་དུ་འཛུགས་ནས་གཞན་རྐྱེན་གྱིས་བརྫི་མི་ནུས་པ་དགོས་ཏེ། ཆུའི་ཁར་རྩམ་སྐྱ་གཏོར་བ་ལྟ་བུར་ཡར་མར་དུ་ཡ་ལ་ལ་བྱེད་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ནས་རིམ་པ་བཞིན་འཇུར་དྲན་གྱི་དྲན་པའམ་འདུ་བྱེད་ཀྱི་དྲན་པ་ཇེ་ཟད་དུ་སོང་ནས། འོད་གསལ་རང་གི་ངོས་ནས་དྲན་པ་ཞིག་སད་ཆས་སད་ཆས་བྱེད་པ་ཡིན་ཏེ། དེ་སད་ནས་རིག་པ་རང་ལ་ཡོད་པའི་དྲན་པ་ཁྱད་པར་བ་ཞིག་འབྱུང་ལ། དེ་ལ་རྩོལ་མེད་རང་བཞག་གི་དྲན་པ་ཞེས་བརྗོད་དོ། །རིག་པའི་རྩལ་སྦྱང་བ་ནི་མཉམ་བཞག་གི་སྐབས་རིག་པ་ལ་མཉམ་པར་བཞག་པའི་སྟོབས་ཀྱིས་རྗེས་ཐོབ་ཀྱི་སྐབས་ཐམས་ཅད་དྭངས་གསལ་བདེ་བའི་རྣམ་པར་


TN00_Page_263B
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་སྟེ། དཔེར་ན་མི་ཞིག་གིས་ཡིད་འོང་གི་བུམ་པ་མཐོང་བའི་དཔེ་དེ་བཞིན་དུ་མཉམ་བཞག་གི་གནས་སྐབས་སུ་རིག་པའི་བཞུགས་ཚུལ་གྱི་རྣམ་པ་ལས་སེམས་གཞན་དུ་མ་ཡེངས་པའི་སྟོབས་ཀྱིས་རྗེས་ཐོབ་ཏུ་ཡུལ་སྣང་ཐམས་ཅད་དྭངས་གསལ་བདེ་བའི་རྣམ་པ་ཅན་དུ་འཆར་སྟེ། དེ་ལྟར་འཆར་བའི་གང་ཟག་དེས་གང་སྣང་ཐམས་ཅད་རིག་པའི་རྣམ་འཕྲུལ་དུ་འཆར་ཐུབ་ལ། དེ་ཐུབ་ན་དེ་འདྲའི་སྔགས་པ་དེས་ཕྱི་ནང་གི་སྣོད་བཅུད་ཐམས་ཅད་ཀྱང་རིག་པའི་རྣམ་འཕྲུལ་དུ་འཇོག་ཐུབ་པ་ཡིན་ནོ། །རྒྱུ་མཚན་དེས་ན་སྣོད་བཅུད་ཐམས་ཅད་རང་ངོས་ནས་མ་གྲུབ་པའི་གནད་ཀྱིས་རྣལ་འབྱོར་པས་ལམ་བསྒོམས་སྟོབས་ཀྱིས་རིག་པའི་རྣམ་འཕྲུལ་དུ་འཇོག་ཐུབ་པས་སྣོད་བཅུད་གཉིས་བདེན་མེད་དུ་གཏན་ལ་ཕབ་ནུས་པ་ཡིན་ནོ། །དེ་ཡང་དང་པོ་ནས་བྱུང་གནས་འགྲོ་གསུམ་གྱི་སྐབས་སུ་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་དགོས་ཏེ། རིག་པའི་རྣམ་པ་ལམ་བྱེད་བསྒོམ་པའི་མཉམ་བཞག་དེ་ལས་ལྡང་བའི་རྗེས་ཐོབ་ཏུ་རིག་པའི་རྩལ་སྦྱངས་པའི་སྒོ་ནས་ཡུལ་སྣང་བདེན་མེད་དུ་གཏན་ལ་ཕབ་པའི་སྐབས་ཡིན་པས་སོ། །དེ་ལྟར་དང་པོ་སྟོང་པ་ཉིད་ལ་བློ་སྦྱང་བར་བྱས་ནས་གཞི་གྲོལ་ཀ་དག་གི་རིག་པ་ལ་མཉམ་པར་བཞག་པའི་སྐབས་སུ་རིག་པའི་བཞུགས་ཚུལ་ཁོ་ན་མ་གཏོགས་སྟོང་ཉིད་སོགས་ལ་དཔྱད་པ་བྱས་ནས་རིག་པའི་མལ་ས་


TN00_Page_264A
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་པར་མི་བྱེད་པ་ཡང་གནད་དོ། །རིག་པ་མངོན་དུ་གྱུར་ཚེ་ཁྲེགས་ཆོད་ཀྱི་སྐབས་སུ་དབྱིངས་རིག་སྲེ་དགོས་ཏེ། དེ་ནི་རིག་པའི་ངོ་བོ་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་དམ་དབྱིངས་གཉིས་དོན་གཅིག་སྟེ། སྟོང་པའི་རང་མདངས་གསལ་ལ་འགགས་པ་མེད་པའི་རང་བཞིན་ཅན་དེ་ཉིད་རིག་པ་ཡིན་ལ། དེ་དང་དེའི་དབྱིངས་སྟོང་ཉིད་གཉིས་བསྲེས་ནས་བསྒོམ་ན་ནི་དབྱིངས་རིག་བསྲེས་པ་ཡིན་ཏེ། དེ་ནི་ཕར་ཕྱིན་ཐེག་པའི་ལམ་གྱིས་སྟོང་ཉིད་ལ་ཅི་ཙམ་གོམས་པར་བྱས་ཀྱང་ཟབ་ལམ་འདི་ཉིད་ཀྱིས་དབྱིངས་རིག་བསྲེས་ནས་བསྒོམ་པ་ནི་སྔ་མ་ལ་ལྟོས་ནས་འགྲན་ཟླ་དང་བྲལ་བ་ཡིན་ལ། དེ་ནི་ཡུལ་སྣང་སྟོང་ཉིད་ལ་བཟང་ངན་མེད་ཀྱང་ཡུལ་ཅན་གྱི་རིག་པའམ་བསྒྲུབ་གཞིའི་ཁྱད་པར་ལས་ཡིན་པ་ཤེས་དགོས། དེ་འདྲའི་ལམ་ཟབ་མོ་འདི་ཉིད་རང་ཁོ་ན་ཞི་བདེ་དོན་དུ་གཉེར་ནས་ཉམས་སུ་ལེན་པར་འདོད་པ་ནི། ཙནྡན་ས་མཆོག་སོལ་བ་བྱེད་པ་དང་འདྲ་གསུངས་ཏེ། རང་ཁོ་ནའི་དོན་དུ་གཉེར་བ་ཙམ་ཞིག་ནི་ཐེག་མཆོག་རྫོགས་པ་ཆེན་པོའི་ལམ་མིན་ཏེ། ངེས་འབྱུང་གི་བསམ་པ་དང་ལྡན་པས་སྟོང་ཉིད་ཁོ་ན་བསྒོམ་པར་བྱེད་ན་ཐར་པ་ཙམ་ཞིག་ནི་ཐོབ་ནུས་ལ། དེ་ཙམ་ཞིག་གིས་ནི་ཆོག་པ་མིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཆུ་ཚོད་གཅིག་གི་ཡུན་ལའང་མི་བཟོད་པའི་སེམས་ཀྱིས་ཀུན་ནས་བསླངས་ཏེ། སྙིགས་དུས་ཀྱི་ཚེ་ཐུང་ངུ་གཅིག་ལ་སངས་


TN00_Page_264B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་གོ་འཕང་དུས་མྱུར་བ་ཉིད་དུ་ཐོབ་པའི་ཆེད་དུ་རྫོགས་པ་ཆེན་པོའི་གདམས་ངག་ཉན་ནས་ཉམས་སུ་ལེན་པ་ཞིག་དགོས་སོ། ༈ །མདོ་སྔགས་གང་ཡིན་ཀྱང་བསྒྲུབ་བྱ་ཆོས་གཟུགས་ཀྱི་སྐུ་གཉིས་ལ་ཁྱད་པར་མེད་ཀྱང༌། སྒྲུབ་བྱེད་ཀྱི་ལམ་ལ་ཁྱད་པར་ཡོད་པ་ཡིན་ཏེ། དེ་རྣམས་མདོར་བསྡུས་ནས་འདིར་སྐབས་སུ་བབས་པའི་རྣམ་བཞག་ཅུང་ཟད་བརྗོད་ན། བླ་མེད་ཀྱི་རྒྱུད་སྡེ་གཞན་གྱི་ལམ་རྩ་ཐིག་རླུང་སོགས་ལ་བསྟེན་ནས་གནད་དུ་བསྣུན་སྟོབས་ཀྱིས་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ནམ་མཁའ་ལྟ་བུའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་ནས་ཡེ་ཤེས་ཆོས་སྐུ་ཉིད་སྒྲུབ་པ་དང༌། རིག་པ་དེ་ལས་ཅུང་ཟད་གཡོ་བར་རྩོམ་པ་དང་འོད་གསལ་གྱི་ལྷན་ཅིག་བྱེད་རྐྱེན་དང་རླུང་འོད་ཟེར་ལྔ་པའི་ཉེར་ལེན་གྱི་རྒྱུ་བྱས་ནས་རྟེན་དང་བརྟེན་པ་ལྷའི་དཀྱིལ་འཁོར་གྱི་རྣམ་པར་ལྡང་ནས་སངས་རྒྱས་ཀྱི་གཟུགས་སྐུ་སྒྲུབ་པ་དང༌། འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱིས་ཆོས་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱེད་ཚུལ་ནི། སྔར་ངོ་སྤྲད་པའི་གཞི་དུས་ཀྱི་རིག་པ་དེ་ཉིད་ངོ་མཚར་བའི་ཆོས་དུ་མ་དང་བཅས་པའི་སྒོ་ནས་གཏན་ལ་ཕབ་ནས་རིག་པའི་བཞུགས་ཚུལ་ཇི་ལྟ་བ་བཞིན་དུ་བསྒོམས་ནས་ཡེ་ཤེས་ཆོས་ཀྱི་སྐུ་སྒྲུབ་པ་དང༌། དེ་ལྟ་བུའི་གཞི་དུས་ཀྱི་འོད་གསལ་དེར་སྣང་བ་སྣ་ཚོགས་དང་དྲན་རིག་སྣ་ཚོགས་བསྐྱེད་པའི་ནུས་པ་ཡོད་ཀྱང་མ་སད་པའི་གནས་སྐབས་ཡིན་ལ་


TN00_Page_265A
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྣང་གི་དུས་སུ་སྐྱེད་བྱེད་ཀྱི་ནུས་པ་མཐའ་དག་རྫོགས་ནས། སྐུ་དང་ཐིག་ལེ་ཞིང་ཁམས་ཀྱི་བཀོད་པ་སོགས་བསམ་གྱིས་མི་ཁྱབ་པ་འཆར་བས་གཞི་དུས་ཀྱི་འོད་གསལ་དེ་ཉིད་འཆར་གཞིའི་ཚུལ་དུ་ཡོད་པ་དེ་གཞི་སྣང་གི་དུས་སུ་ཡོངས་སུ་རྫོགས་ལ། དེ་ལྟར་ཐོད་རྒལ་གྱི་ལམ་གྱིས་གཏན་ལ་ཕབ་ནས་གོམས་པའི་མཐུས། གཟུགས་སྐུའི་རྣམ་པ་སྒྲུབ་པ་ནི་ལམ་འདིའི་ཁྱད་ཆོས་ཡིན་ནོ། །སྔགས་བླ་མེད་ཀྱི་ལུགས་ཀྱིས་གཞི་ན་ཡོད་པ་ལྟར་ལམ་དུ་བྱེད་པས་ན་དེ་ཉིད་མྱུར་བའང་གནད་དེས་ཡིན་ནོ། །ཕར་ཕྱིན་ཐེག་པ་ལྟར་ན་ལམ་དེ་ལྟར་དུ་བསྒོམ་པའམ། དེ་ལྟར་ལམ་དུ་བྱེད་པའི་ཐབས་མ་བཤད་པའི་རྒྱུ་མཚན་ཤེས་པའང་གལ་ཆེ་གསུང༌། ༈ །རྫོགས་པ་ཆེན་པོ་དང་དུས་འཁོར་གཉིས་ཀྱི་གཟུགས་སྐུ་གཉིས་སྟོང་གཟུགས་ལ་བརྟེན་ནས་བསྒྲུབ་པ་ཙམ་ཞིག་ལ་འདྲ་ན་ཡང་ལམ་གྱི་ཆ་ཐམས་ཅད་ནས་ཐམས་ཅད་དུ་འདྲ་བ་གཏན་མིན་ཏེ། རྫོགས་པ་ཆེན་པོའི་རང་ལམ་ལ་འཆར་གཞི་དང་ལམ་དང་རྩའི་བྱེ་བྲག་སོགས་དང༌། ལམ་གྱི་བྱེད་བཅིང་ཐུན་མོང་མ་ཡིན་པ་གཞན་ལས་ལྷག་པའི་ཁྱད་པར་དུ་མ་ཡོད་གསུང༌། དུས་འཁོར་དུ་རྟགས་བཅུ་གསུངས་ཀྱང་སྒྲོན་བཞི་དང་སྣང་བཞི་སོགས་མ་གསུང༌། རྫོགས་ཆེན་དུ་སྒྲོན་བཞི་སོགས་ཁྱད་པར་དུ་མ་ཞིག་གསུངས་ཀྱང་དུ་བ་ལ་སོགས་པའི་རྟགས་བཅུ་དང་ལམ་གྱི་བྱེད་བཅིང་མང་པོ་མ་


TN00_Page_265B
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་སྟོང་གཟུགས་འཆར་ཚུལ་ཙམ་ཞིག་འདྲ་ནའང་ནང་གསེས་ཀྱི་མི་འདྲ་བ་དུ་མ་ཡོད་པ་ནི་ཤེས་སླ་བ་ཡིན་གསུང༌། ༈ །དྲན་རིག་སྣ་ཚོགས་དང་སྣང་བ་སྣ་ཚོགས་བསྐྱེད་པའི་ནུས་པ་རིག་པ་རང་གི་སྟེང་ནས་མ་སད་པའི་གཞི་དུས་ཀྱི་ཆ་དེ་ཉིད་ལམ་ཁྲེགས་ཆོད་ཀྱིས་ཉམས་སུ་ལེན་པ་ནི་གཞི་སྣང་ལམ་དུ་བྱེད་པ་ལ་ལྟོས་ནས་ཅུང་ཟད་བུལ་བ་ཡིན་ལ། རིག་པ་རང་གི་དྲན་རིག་དང་སྣང་བ་སྣ་ཚོགས་བསྐྱེད་པའི་ནུས་པ་སད་པའི་གཞི་སྣང་གི་ཆ་དེ་ཉིད་ལམ་ཐོད་རྒལ་གྱིས་ཉམས་སུ་ལེན་པ་ནི་གཞི་ལམ་དུ་བྱེད་པ་ལ་ལྟོས་ནས་ཤིན་ཏུ་མྱུར་བ་ཡིན་པས་དེ་གཉིས་ཀྱི་ཟབ་ཁྱད་ཤེས་པ་འདི་ཉིད་ཀྱང་ལམ་གནད་གལ་ཆེན་ཡིན་ནོ། ༈ །ལར་རྫོགས་པ་ཆེན་པོའི་ལམ་ལ་ལྟོས་ན་སྔགས་བླ་མེད་གཞན་གྱི་ལམ་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པས་བདེ་ཆེན་གྱི་ཡེ་ཤེས་འཇལ་བར་བྱེད་པའང་རྩུབ་མོའི་སྦྱོར་བ་ཡིན་ཏེ། ཐོག་མར་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར་པར་བྱེད་པ་ཙམ་ལ་རྩ་རླུང་སོགས་ལ་གནད་དུ་བསྣུན་པའི་ལམ་འདི་ཉིད་ཤིན་ཏུ་མྱུར་ཀྱང༌། དེ་ཡང་ཡུན་རིང་མི་བརྟན་པ་སོགས་ཀྱི་སྐྱོན་མང་དུ་ཡོད་དེ། ལམ་འདི་ཉིད་ཡུན་རིང་མོ་ཞིག་གོམས་པར་བྱས་ཏེ་ཐོག་མར་ལམ་རྟགས་ཀྱི་ཡོན་ཏན་རྒྱུད་ལ་སྐྱེས་དགོས་པས་ཀྱང་ཅུང་རིང་ན་ཡང༌། །གོམས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཚེ་རྒྱ་ཆེ་ལ་ཡུན་རིང་བ་སོགས་ཀྱི་ཡོན་ཏན་གྱི་ཆ་དུ་མའི་སྒོ་ནས་ལམ་འདི་མྱུར་བ་དང་


TN00_Page_266A
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པས་ཐེག་པའི་རྩེ་རྒྱལ་ཡིན་པ་སོགས་ཀྱི་ཁྱད་ཆོས་མང་པོ་ཞིག་གསུང་ངོ། །ད་ནི་ཐོད་རྒལ་སྤྱི་ལ་གཅེས་པའི་ཆིང་སྒྲོན་མ་བཞིའི་རྣམ་བཞག་ཅུང་ཟད་བཤད་ན། རྩ་དབུ་མའི་ནང་དུ་རྒྱུད་སྡེ་གཞན་ལ་མ་གྲགས་པའི་རྩ་ཀ་ཏི་ཤེལ་སྦུག་ཅན་ཞེས་པ་ཁྲག་དང་ཆུ་སེར་གང་གིས་ཀྱང་མ་བསྐྱེད་པའི་མིང་གཞན་རྒྱ་མཚོ་གསེར་གྱི་ཉི་མ་ཡང་ཟེར་ལ་དོན་དུ་དེ་གཉིས་གཅིག་ཡིན་ཏེ། དེ་འདྲའི་རྩ་ཀ་ཏི་ཤེལ་སྦུག་དེ་ཉིད་ཀྱིས་དབུ་མའི་ནང་བརྒྱུད་ནས་སྙིང་ག་ནས་ལྔར་གྱེས་ནས་གཅིག་དབུ་མའི་ནང་བརྒྱུད་དེ་སྤྱི་གཙུག་ཏུ་ཟུག་ལ། གཉིས་མིག་དང༌། གཉིས་རྣ་བ་གཉིས་ལ་ཟུག་ནས་ཡོད་པའི་རྩ་དེ་རྣམས་གཅིག་གི་སྒོ་ཕྱེད་ཐུབ་ན་ལྔ་ཀའི་ཁ་ཕྱེད་ལ། གཅིག་ཁ་ཟུམ་ན་ཀུན་གྱི་ཁ་ཟུམ་ནས་འགྲོ་བ་ཡིན་པས་ཐོག་མར་རྒྱང་ཞགས་ཀྱི་ལམ་གྱི་རྩའི་ཁ་ཕྱེ་བའི་ཐབས་བསྟན་པ་ཡིན་ནོ། །དེ་ནས་སྒྲོན་མ་བཞི་ནི། རྒྱང་ཞགས་ཆུའི་སྒྲོན་མ། དབྱིངས་རྣམ་དག་གི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། རིག་པ་ལུ་གུ་རྒྱུད་ཀྱི་སྒྲོན་མ་དང་བཞིའོ། །དང་པོ་ནི་མིག་གི་ཨ་འབྲས་ལ་ཟུག་པའི་འོད་རྩ་ཤེལ་སྦུག་ཅན་ཞེས་པ་དེ་ལ་བརྗོད། དེ་ནི་ཁ་ཕྱིར་ཕྱོགས་ནས་ཐ་མལ་གྱི་ས་རྡོ་སོགས་མ་དག་པའི་ཆ་རྣམས་མི་འཛིན་ལ་ཞལ་ནང་དུ་ཕྱོགས་ནས་རིག་པའི་བཞུགས་ཚུལ་གཏིང་གསལ་གཞོན་ནུ་བུམ་སྐུ་ཁོ་ན་ལ་ཞལ་ཕྱོགས་པ་ཡིན། གཉིས་པ་ནི། དབྱིངས་རྣམ་དག་གི་སྒྲོན་མ་སྟེ་ནམ་མཁའ་གོ་


TN00_Page_266B
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པའི་ཆ་ནས་ནམ་མཁའི་རང་མདོག་གི་གདངས་སྔོ་རིབ་པའི་རྣམ་པ་དེ་ཡིན། གསུམ་པ་ནི། ཐིག་ལེ་སྟོང་པའི་སྒྲོན་མ་ཉའི་མིག་ལྟ་བུ་འོད་ལྔའི་ཐིག་ལེ་དབུས་མཐིང་ག་ཅན་དེ་ཉིད་ཡིན། །བཞི་པ་ནི། རིག་པ་ལུ་གུ་རྒྱུད་ཀྱི་སྒྲོན་མ་ལྕགས་ཀྱུ་ལྟ་བུའམ། གསེར་གྱི་སྐུད་པ་བཅུ་ཐིག་གི་མདུད་པ་འདྲ་བ་ཐིག་ལེ་དང་ཐིག་ཕྲན་གྱིས་སྦྲེལ་བ་དེ་ཉིད་ཡིན་ལ། དེ་ལ་དབྱེ་ན། ངོ་བོ། རྩལ། གདངས་གསུམ་ལས། དང་པོ་ནི། ཁྲེགས་ཆོད་ཀྱི་རིག་པའམ་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཡིན། གཉིས་པ་ནི། ཤེས་རབ་དང་ཏིང་ངེ་འཛིན་དང་གཟུངས་དང་སྤོབས་པ་དང་ཚིག་དོན་ཀློང་རྡོལ་བ་སོགས་དེ་ཉིད་ཡིན། གསུམ་པ་ནི། གདངས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལྕགས་ཐག་བསྒྲིལ་བ་ལྟ་བུའམ། བཅུ་ཐིག་གི་མདུད་པ་ལྟ་བུ་དེ་ཉིད་ཡིན། དེ་ལ་ཤེས་རབ་རང་བྱུང་གི་སྒྲོན་མ་ཡང་ཟེར་བ་ཡིན་ནོ། །མཐར་དབྱིངས་རྣམ་དག་གི་སྒྲོན་མ་ཡར་ལྡན་དུ་སོང་བ་ནི་སྔར་རིག་པའི་རྩལ་དབང་གི་སྐབས་སུ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་བཤད་པ་དེ་ཉིད་ཡིན། ཐིག་ལེ་སྟོང་པའི་སྒྲོན་མ་ཡར་ལྡན་དུ་སོང་བ་ནི་ལོངས་སྤྱོད་རྫོགས་སྐུའི་གཞལ་ཡས་ཁང་དུ་གྱུར་པ་དང༌། ཤེས་རབ་རང་བྱུང་གི་སྒྲོན་མ་ཡར་ལྡན་དུ་སོང་བ་ནི། སངས་རྒྱས་ལོངས་སྤྱོད་རྫོགས་སྐུར་འགྱུར་བ་དང༌། ངོ་བོའམ་རྩལ་ཡར་ལྡན་དུ་སོང་བ་ནི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འགྱུར་བ་དང༌། ཆོས་ཉིད་ཀྱི་རང་སྒྲ་དེ་ཉིད་


TN00_Page_267A
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ལྡན་དུ་སོང་བ་ནི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་གྲུབ་པ་ཡིན་ནོ། །མདོར་ན་ཁྲེགས་ཆོད་དང་ཐོད་རྒལ་གཉིས་ཀྱི་ལམ་ཉམས་སུ་ལེན་ཚུལ་ཉིད་ཧྲིལ་གྱིས་དྲིལ་ན། གཞི་ཀ་དག་དང་ཁྲེགས་ཆོད་ཀྱི་རིག་པའི་བཞུགས་ཚུལ་དེ་ཉིད་འཆི་སྲིད་ཀྱི་འོད་གསལ་ཁྱད་གཞིར་བྱས་ནས། དེའི་ཁྱད་ཆོས་ཀ་དག་ཟང་ཐལ་རྒྱ་ཡན་ཡེ་གྲོལ་མ་བཅོས་ཁྱབ་གདལ་གཞོན་ནུ་བུམ་སྐུ་ལ་སོགས་པའི་རིག་པའི་ཁྱད་ཆོས་དུ་མའི་སྒོ་ནས་དེའི་ཡོན་ཏན་གྱི་ཆ་མི་འདྲ་བ་རེ་རེ་བསྟན་ནས་དེ་ལྟར་བླ་མའི་མན་ངག་གིས་ངོ་སྤྲད་པའི་དོན་རང་གི་དྲན་པ་ལ་ལེགས་པར་འདྲིས་ངེས་སུ་བྱ། དེ་ལྟ་བུའི་རིག་པ་དེ་ཉིད་གཞན་ན་ཡོད་པ་མ་ཡིན་ཏེ། ད་ལྟའི་ཤེས་པ་འདི་ཉིད་ཀྱི་ཆ་གཅིག་བཤད་མ་ཐག་པའི་ཁྱད་ཆོས་དུ་མ་དང་ལྡན་པའི་རིག་པ་ཉིད་ཡིན་པར་ཐག་གཅིག་ཐོག་ཏུ་བཅད། བཅད་ཐོག་དེ་ནས་རིག་པའི་བཞུགས་ཚུལ་དེ་ཉིད་དྲན་པའི་དྲན་པ་ཐུ་རེ་བ་དེའི་རང་བཞིན་སྐད་ཅིག་ཀྱང་མ་བརྗེད་པར་ད་ལྟའི་སེམས་འདི་ཉིད་དེའི་ངོ་བོར་གྱུར་སོང་སྙམ་པ་ལྟ་བུའི་མོས་སྒོམ་མ་ཡིན་པར། ད་ལྟའི་ཤེས་པའི་ཆ་འདི་དག་ཐམས་ཅད་རིག་པ་འདུས་མ་བྱས་ཀྱི་རང་བཞིན་ཁོ་ན་ཡིན་པར་ཐག་ཆོད་བཞིན་པའི་ངང་ནས་རིག་པའི་བཞུགས་ཚུལ་གྱི་རང་བཞིན་བསྒོམ་པར་བྱ་བ་ནི་སྐབས་འདིའི་གནད་དོན་ཐུན་མོང་མ་ཡིན་པ་ཡིན་ནོ། །དེ་ལྟར་མིན་པ་ལ་ཡིན་པར་སྒྲོ་བཏགས་


TN00_Page_267B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒོམ་པ་ནི་མ་ཡིན་ཏེ། དེ་ལྟར་ཡེ་ནས་ཡིན་པ་ལ་ཡིན་པ་ལྟར་བླ་མའི་མན་ངག་གིས་ངོ་སྤྲད་ནས་ལམ་འདིས་སྒོམ་པར་བྱེད་པ་ཡིན་པར་གོ་བ་འདི་ཡང་གནད་ཀྱི་ཆ་གཅིག་གོ༌༈ །ཐོད་རྒལ་གྱི་སྐབས་སུ། རིག་པ་མིག་ལ་གཏད་ཅེས་པའི་དོན་བླ་མེད་ཀྱི་རྒྱུད་སྡེ་གཞན་ལ་མ་གྲགས་པའི་འོད་རྩ་ཀ་ཏི་ཤེལ་སྦུག་ཅན། རྒྱ་མཚོ་གསེར་གྱི་ཉི་མ་ཞེས་པ་དེ་ཉིད་རྩ་དབུ་མའི་ནང་དུ་ཡོད་པའི་སྣེ་མིག་གི་ཨ་འབྲས་ཀྱི་དཀྱིལ་དུ་ཟུག་ཚུལ་གྱི་རྡོ་རྗེའི་ལུས་ཀྱི་རྩའི་ཆགས་ཚུལ་དེ་ཐོག་མར་བླ་མའི་མན་ངག་གིས་ངོ་ལེགས་པར་སྤྲད་པར་བྱས་ནས་ཕྱིས་སུ་རྩ་དེ་ངོ་སྤྲད་པ་དེ་ལྟར་རང་གི་བློ་ལ་ལེགས་པར་ངེས་པར་བྱས་ནས་དབྱིངས་ཐིག་རིག་གསུམ་གྱི་སྣང་བ་ཐམས་ཅད་རྩ་དེའི་ནང་དུ་ཤར་བ་ཡིན་པ་ལེགས་པར་ཤེས་པར་བྱས་ཏེ། གཞི་ཀ་དག་གི་རིག་པ་མིག་ལ་གཏད། མིག་བར་སྣང་གི་དབྱིངས་རྣམ་དག་གི་སྒྲོན་མ་དང་རིག་པ་ལུ་གུ་རྒྱུད་ལ་གཏད་ནས། དབྱིངས་རིག་ཐིག་གསུམ་གྱི་རྣམ་པ་དེ་ཉིད་རིག་པས་སྐད་ཅིག་ཀྱང་མ་བོར་བར་བསྐྱངས་པ་ནི་ཐོད་རྒལ་གྱི་ལམ་ཐུན་མོང་མ་ཡིན་པ་ཡིན་ཏེ། དེ་ལྟར་འཆར་བར་བྱེད་པ་ལ་ཐོག་མར་ཉི་ཟླ་མར་མེ་གང་རུང་གི་ཡུལ་རྐྱེན་ལ་ལྟོས་ནས་དབྱིངས་ཐིག་གི་སྣང་བ་ལ་ལེགས་པར་གོམས་ནས། ཕྱིས་སུ་འོད་རྩ་དེ་ཉིད་སད་ན་ཕྱིས་ཡུལ་རྐྱེན་ལ་མི་ལྟོས་པར་འོད་རྩ་རང་ཉིད་ཀྱི་དབྱིངས་སུ་སྟོང་གཟུགས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཆར་བར་


TN00_Page_268A
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་ལ། དང་པོར་དེ་ཉིད་ཕྱི་ཡུལ་རྐྱེན་ལ་ལྟོས་དགོས་པ་དང༌། དེ་ཉིད་ཡུན་རིང་གོམས་པར་བྱས་ན་ཕྱིའི་ཡུལ་རྐྱེན་ལ་ལྟོས་མི་དགོས་པ་ནི་རྫ་བུམ་མེས་ཚོས་པ་ལྟ་བུའོ། །ཐོད་རྒལ་གྱི་སྐབས་རིག་པ་ཞེས་པ་ནི། རིག་པ་ལུ་གུ་རྒྱུད་ཀྱི་སྒྲོན་མ་དེ་ལ་ངོ་བོ་དང་རྩལ་དང་གདངས་གསུམ་ཡོད་པ་ལ་སྐབས་འདིར་རིག་པ་བརྗོད་པ་ཡིན་ཏེ། ངོ་བོ་སྟོང་ཕྱོགས་ཀྱི་རིག་པ་ཀ་དག་ཁྲེགས་ཆོད་ཀྱི་རིག་པ་ལ་ཟེར། གདངས་སྣང་ཕྱོགས་ཀྱི་རིག་པ་ལྷུན་གྲུབ་ཐོད་རྒལ་གྱི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ཟེར། རྩལ་རིག་པ་རང་བྱུང་གི་སྒྲོན་མའམ། ཚིག་དོན་ཀློང་ནས་རྡོལ་བའི་ཆ་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་ཟེར་བ་སོགས་གསུམ་ཀ་ལ་སྐབས་འདིར་རིག་པའི་སྒྲ་འཇུག་པ་ཡིན་གསུང༌། ༈ །སྣང་ཉམས་ཐོད་རྒལ་གྱི་སྣང་ཆ་དང༌། ཤེས་ཉམས་ཁྲེགས་ཆོད་ཀྱི་རིག་པ་སྟེ། དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་ཕྱེ་བ་ཙམ་མ་གཏོགས་ཉི་མ་དང་ཟེར་བཞིན་དུ་ཕན་ཚུན་གཅིག་གྲོགས་སུ་གཅིག་སོང་ནས་སྣང་ཉམས་མཐར་ཐུག་སངས་རྒྱས་ཀྱི་གཟུགས་སྐུ་དང༌། ཤེས་ཉམས་མཐར་ཐུག་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་སྟེ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་ཆའི་བྱེ་བྲག་ཅན་ཡིན་པ་དཔེར་ན་མེ་དང་ཚ་བ་དང་ཆུ་དང་རླན་བཞིན་ནོ། ༈ །ཆོས་ཟད་ཀྱི་སྐབས་སུ་ཕྱིའི་ས་རྡོ་རི་བྲག་ཟད་པ་དང༌། ནང་ཕུང་ཁམས་ཟད་པ་དང༌། གསང་བ་སེམས་


TN00_Page_268B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟོགས་ཚོགས་ཟད་པ་དང༌། ཡང་གསང་ཐོད་རྒལ་གྱི་སྣང་ཆ་སོགས་ཟད་པའི་ཆོས་ཉིད་ཟད་པ་ཞེས་བརྗོད་དེ། དང་པོ་ནི་ཆོས་ཉིད་ཟད་པར་འཁྱོལ་བའི་རྣལ་འབྱོར་པ་དེས་ལམ་གྱིས་བགྲོད་པ་མཐར་སོན་ནས་མ་དག་པའི་ས་རྡོ་རི་བྲག་སོགས་སྣང་བྱེད་ཀྱི་བག་ཆགས་གཏན་ནས་ཟད་དེ་ཕྱིའི་ཡུལ་གྱིས་རྡོ་རི་བྲག་སོགས་ཟད་པ་དང༌། གཉིས་པ་ནི་ནང་མ་དག་པའི་ལུས་འདི་སྣང་བྱེད་ཀྱི་བག་ཆགས་གཏན་ནས་ཟད་པས་ནང་ཕུང་ཁམས་ཟད་པ་དང༌། གསུམ་པ་ཀུན་རྟོག་ལས་རླུང་གིས་གཡོ་བའི་རྟོག་ཚོགས་སམ་གཟུང་འཛིན་གྱི་སྤྲོས་པ་སྐྱེད་བྱེད་ཀྱི་ནུས་པ་གཏན་ནས་ཟད་པས་གསང་བ་སེམས་ཀྱི་རྟོག་ཚོགས་ཟད་པ་དང༌། བཞི་པ་ནི། ལྷུན་གྲུབ་ཐོད་རྒལ་གྱི་སྣང་ཆ་ཐམས་ཅད་གཡོ་བྱེད་ཀྱི་རླུང་ངམ་བག་ཆགས་གཏན་ནས་ཟད་པའི་ཡང་གསང་ཐོད་རྒལ་གྱི་སྣང་ཆ་ཐམས་ཅད་ཟད་པའོ། །སྐབས་འདིར་ཟད་པ་ཞེས་བྱ་བ་ནི་འཁྱིལ་བའི་དོན་ཡིན་པས། ཐོད་རྒལ་གྱི་སྣང་ཆ་ཐམས་ཅད་ཀྱི་རྩལ་ཡོངས་སུ་རྫོགས་པ་འདི་ཉིད་ལས་ལྷག་པ་གཏན་ནས་མེད་ཀྱང༌། གཡོ་བྱེད་ཀྱི་རླུང་ལྷག་ལུས་མེད་པར་ཟད་ནས་ལྷུན་གྲུབ་ཐོད་རྒལ་གྱི་སྣང་ཆ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འཁྱིལ་བའམ་རྒྱས་ཐེབས་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་ལས་མི་ལྡང་བའི་ཚུལ་དུ་མཉམ་པར་བཞག་བཞིན་གཟུགས་སྐུ་གཉིས་ཀྱིས་གདུལ་བྱའི་སེམས་ཅན་


TN00_Page_269A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་འདོད་དོན་གྱི་རེ་བ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་སྐོང་ནུས་པའི་གདོད་མའི་མགོན་པོ་དེ་ཉིད་ལ་ཆོས་ཉིད་ཀྱི་སྒྲས་བསྙད་པའོ། ༈ །དེ་ལྟ་བུའི་སྐུ་ཐུགས་ཟུང་དུ་འཇུག་པའི་བསྒྲུབ་བྱ་མཐར་ཐུག་དེ་ཉིད་ནི་རྣམ་པ་གཟུགས་སྐུའི་རོལ་པ་ལ་ངོ་བོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཟུང་དུ་འཇུག་པའི་གཟུགས་སྐུ་མཐར་ཐུག་གམ་མི་སློབ་ཟུང་འཇུག་གི་སྐུ་གྲུབ་པ་ཡིན་ནོ། ༈ །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ནི། ཡེ་གྲོལ་འདུས་མ་བྱས་ཀྱི་རིག་པ་དེ་ཉིད་རང་གི་ངོ་བོ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཆ་ནས་ངོ་བོ་སྟོང་པར་གསུངས་པ་དང༌། འདིར་ནི་ཀུན་རྟོག་ལས་རླུང་གི་གཡོ་བའི་ཆ་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དག་ནས་མེད་པའམ་སྟོང་པའི་ཆ་ནས་ངོ་བོ་དང༌། རང་བཞིན་གསལ་བ་ནི། གསལ་རིག་གི་ཆ་ཐམས་ཅད་གཏན་ནས་མེད་སོང་བ་ལྟར་མ་ཡིན་པར། རིག་པའི་རང་བཞིན་གསལ་ལ་འགག་པ་མེད་པ་དྭངས་གསལ་བདེ་བའི་རྣམ་པ་རྒྱ་གང་དུ་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བའི་རང་བཞིན་ཅན་ཡིན་ཏེ། དེ་ཡང་རྒྱ་གང་དུ་ཡང་མ་ཆད་ཅེས་པའང་རིག་པའི་གདངས་དང་ཕྱོགས་ཀྱི་ཆ་ལ་ཚད་བཟུང་དང་བྲལ་བའི་སྟོང་ཁམས་གདལ་བ་ཡིན་པས་རྒྱ་མ་ཆད། རིག་པ་དེ་ཉིད་བདེ་བ་ཁོལ་བུ་དང་སྡུག་བསྔལ་ཁོལ་བུའི་རྣམ་པའི་ཕྱོགས་སུ་


TN00_Page_269B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བ་མ་ཡིན་པར་ཀུན་ཁྱབ་གདལ་བ་ཆེན་པོའི་རང་བཞིན་ཡིན་པས་ན་རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་ཞེས་པ་ནི། སྤྱིར་ཐུགས་རྗེ་ཞེས་པ་སྙིང་རྗེ་ལ་བཤད་ཀྱང༌། སྐབས་འདིར་ནི་རིག་པ་བརྟན་གཡོ་སྣོད་བཅུད་དང་བཅས་པའི་འཆར་གཞིར་གྱུར་པ་ཡིན་ཏེ། དེ་ཐམས་ཅད་རིག་པའི་རྩལ་དང༌། རིག་པའི་རྣམ་འཕྲུལ་ལམ། ཆོ་འཕྲུལ་ཡིན་པར་ཤེས་དགོས། འཁོར་འདས་གཉིས་ལ་མ་ཁྱབ་པ་མེད་ཅིང་འཁོར་འདས་གཉིས་ཀྱི་སྲོག་འཛིན་ཅིང༌། འདི་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས་ཐུགས་རྗེ་ཀུན་ལ་ཁྱབ་པའོ། །


TN00_Page_270A
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་དྲི་མེད་གཉུག་མ་འཇམ་པའི་དབྱངས། །ལྷུན་གྲུབ་སྣང་བ་དམ་པའི་དཔལ་མངའ་བ། །དེ་ལ་རང་རིག་ལྟ་བས་ཕྱག་བྱས་ནས། །འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་དོན་འགྲེལ། །མ་ལུས་ཤིང་ལུས་པ་མེད་པའི་རྒྱལ་བ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་ལ། དེ་ད་ལྟ་ནས་ལམ་དུ་བྱེད་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་ཚུལ་ཏེ། ཡེ་གྲོལ་ལྷུན་རྫོགས་ཀྱི་རིག་པ་ལས་གཞན་པའི་སངས་རྒྱས་ཀྱི་ཡེ་ཤེས་མ་མཆིས་པའི་ཕྱིར་རོ། །ཚུལ་འདིའི་རྟོགས་པར་བྱ་བའི་གནས་ནི་གསུམ་དུ་རིག་པར་བྱ་སྟེ། གཞི་དང༌། ལམ་དང༌། འབྲས་བུའོ། །གཞིའི་དོན་བཤད་པ་ལ། འཇམ་པ་དང༌། དཔལ་དང༌། གཞོན་ནུ་བཤད་པའོ། །དེ་ལ་འཇམ་པ་ནི་ངོ་བོ་ཀ་དག་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་དང་ཐ་དད་དེ། སྤྲོས་པའི་མཐའ་བརྒྱད་ལས་གདོད་མ་ནས་གྲོལ་བ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་ཁྱབ་པར་གྱུར་པས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པ། སྐྱེ་བ་དང་བདེན་པར་གྲུབ་པ་མེད་ན་དེ་ལ་ལྟོས་ཏེ་བཏགས་པའི་སྐྱེ་མེད་ཀྱང་ཅི་ཞིག་གི་སླད་དུ་ཡོད་དེ་དེ་ལྟ་བས་ན་ཤེས་པ་དང་བརྗོད་པ་དང་འཇུག་པའི་ཐ་སྙད་ལས་འདས་པ། བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང༌། བག་ཆགས་ལུས་ཀྱི་


TN00_Page_270B
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་དང༌། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་མ་རིག་པ་དང་བཅས་པ་རྣམས་ལས་གྲོལ་བ། འཁྲུལ་བ་རང་རྩལ་དུ་ཤར་ཡང་འཁྲུལ་པའི་དྲི་མས་མ་གོས་པ་སྤྲིན་ནམ་མཁའ་ལ་བྱུང་ཡང་ནམ་མཁའ་ལ་གོས་པ་མེད་པ་ལྟ་བུ་སྟེ། གཞི་མེད་རྩ་བྲལ་གྱི་དབྱིངས་འདི་ནི་མཚན་མའི་རྩུབ་རེག་དང་བྲལ་བས་འཇམ་ཞེས་བྱའོ། །དཔལ་གང་ཞེ་ན། རང་བཞིན་ལྷུན་གྲུབ་སྟེ། གཞན་ནས་བཙལ་བ་དང་གསར་དུ་བསྒྲུབས་པ་མ་ཡིན་པར་སྐུ་དང་ཡེ་ཤེས་རྒྱ་མཚོ་གཞི་རང་མལ་ནས་རྫོགས་ནས། སྣང་ཚུལ་ལ་མ་དག་པར་ཤར་ཡང་གནས་ཚུལ་ལ་བྱང་ཆུབ་ཀྱི་ཡེ་ཤེས་ཆེན་པོར་གྲུབ་པ། འཁྲུལ་པས་བསྒྲིབས་པའི་སྐབས་དང༌། འཁྲུལ་པ་དག་པའི་སྐབས་གང་དུའང་ངོ་བོ་ལ་བཟང་ངན་དུ་འགྱུར་བ་མེད་པ། འཆར་ཚུལ་གྱི་དབང་དུ་ན། ཐུགས་རྗེ་ལྟར་ཤར་བས་སེམས་ཅན་རྣམས་ལ་སྙིང་རྗེ་འབྱུང་བ། འོད་ལྟར་ཤར་བས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་འོད་ཟེར་གསལ་བ། ཡེ་ཤེས་ལྟར་ཤར་བས་སེམས་ཀྱི་དྲི་མ་དག་པའི་རང་རིག་ལ་གནས་པ། སྐུ་ལྟར་ཤར་བས་འོད་གསལ་དྭངས་མའི་ལྷ་སྐུས་ནམ་མཁའ་གང་བ། གཉིས་མེད་ལྟར་ཤར་བས་གཅིག་དང་ཐ་དད་དུ་འཛིན་པ་མེད་པ། མཐའ་གྲོལ་ལྟར་ཤར་བས་གཞི་རྫོགས་ཡེ་ཤེས་རང་གསལ་དུ་སྣང་བ། དག་པ་ཡེ་ཤེས་ལྟར་ཤར་བས་་མྱ་ངན་ལས་འདས་པའི་སྣང་བ་མ་འགགས་པ། མ་དག་


TN00_Page_271A
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལྟར་ཤར་བས་རིགས་དྲུག་གི་སྣང་བ་སྒྱུ་མ་ལྟར་སྣང་བ་སྟེ། སྒོ་བརྒྱད་ཀྱི་འཆར་གཞིར་གྱུར་པའི་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནི་རྣམ་པར་གྲོལ་བའི་ཡོན་ཏན་གྱི་གཞིར་གྱུར་པས་དཔལ་ཞེས་བྱའོ། །གཞོན་ནུའི་དོན་ནི། ཟག་པ་དང་བཅས་པའི་སེམས་ཀྱི་རྩ་བར་གྱུར་པའི་ལས་རླུང་གི་རྒྱུ་བ་བུམ་པ་ལྟ་བུའི་རྒྱར་འཐུམས་ཡང༌། ཆོས་ཉིད་ལ་བསླད་པ་མ་ཞུགས་ཤིང༌། ཆོས་ཉིད་དེ་ནི་འཆི་བ་མེད་པའི་རྟག་པ། ན་བ་མེད་པའི་བརྟན་པ། རྒ་བ་དང་རྒུད་པ་དང་བྲལ་བར་གྱུར་པ། སྐད་ཅིག་མའི་འགྱུར་བ་ལས་ཤིན་ཏུ་འདས་པའི་གཞོན་ནུ། སྟོབས་དང་མ་འདྲེས་པ་ལ་སོགས་པ་བླ་ན་མེད་པའི་ཡོན་ཏན་མཐའ་དག་གི་ཕུང་པོར་གྲུབ་བས་ཀཱ་ཡ་སྤུངས་པའི་དོན་ཏེ་སྐུ་ཞེས་བྱ་སྟེ། གཞོན་ནུ་བུམ་སྐུ་འདི་ནི་གཞོན་ནུ་ཞེས་བྱ་བ་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་དོན་ཏོ། །གཉིས་པ་ལམ་ལ། འཇམ་པ་དང༌། དཔལ་དང༌། གཞོན་ནུ་བསྟན་པའོ། །དེ་ལ་དང་པོ་ནི་ཁྲེགས་ཆོད་ཀྱི་དོན་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་རྣམ་པར་བྱང་བའི་ཕྱོགས་གང་ཅིར་ཡང་མ་གྲུབ་པའི་རང་རིག་པ་བྱང་ཆུབ་སེམས་ཉིད་མཐའ་གྲོལ་ཡངས་པ་ཆེན་པོར་ལྟ་བས་ཐག་ཆོད་པ་དེས། བསྒོམ་པ་དང་སྤྱོད་པའི་མན་ངག་ལ་བརྟེན་ནས་གང་ཤར་ཅིར་སྣང་ཐམས་ཅད་གྲོགས་སུ་ལྷོང་བ་ནི། ཟང་ཐལ་བྱར་མེད་གཉུག་མ་རང་བབས་ཀྱི་ཡེ་ཀློང་ཆེན་པོར་གང་དགར་ཀློང་པའི་ཚེ་


TN00_Page_271B
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་གྱི་རྣམ་པར་རྟོག་པ་བཟང་པོ་མི་བསྒྲུབ། ངན་པ་མི་དགག་པར་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟར་བཞག་པས་ནམ་མཁའ་ལ་མདུང་བསྐོར་བ་ལྟར་ཕན་གནོད་མེད་ཅིང༌། ཡུལ་སྣང་གི་འཆར་སྒོ་གང་སྣང་ཐམས་ཅད་ལ་སྤང་བླང་ཆེད་འཛིན་མེད་པར་སེང་གེ་ལ་རྡོ་ཕོག་པ་བཞིན་མཁན་པོ་ཁོ་རང་གི་རྩ་གདར་བཅད་པས་རྟོག་ཚོགས་ཐམས་ཅད་ཡེ་གྲོལ་མཉམ་པའི་དབྱིངས་སུ་ཕྱམ་ཕྱམ་དེང་འགྲོ་ཞིང༌། ཚོགས་དྲུག་གི་སྣང་བ་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་རོ། །དེའི་ཚེ་དག་མཉམ་ཀུན་བཟང་གི་དགོངས་པ་འཇུར་བུའི་དྲན་པས་མ་བཅིངས་ཤིང༌། ཐ་མལ་གྱི་འཁྲུལ་པ་་ལ་བདག་རྐྱེན་མི་སྤྲད། ཨ་འཐས་ཀྱི་འཆིང་བའི་སྒྲོག་ཏུ་མི་འཛུད། དམིགས་གཏད་ཀྱི་བསྒོམ་པའི་འཕྲང་ལ་མི་འཇུག་པར་ཕྱལ་བ། ལྷུག་པ། རང་བཞག །ལྷོད་གྲོལ་ཆེན་པོའི་རྒྱུན་སྐྱོང་བ་ནི་ཞེན་འཛིན་གྱི་རྩུབ་རེག་དང་བྲལ་བས་ན་འཇམ་ཞེས་བྱའོ། །དཔལ་གྱི་དོན་ནི་ཐོད་རྒལ་གྱི་ཚུལ་ཏེ། འདི་ལྟར་སེངྒེ་དང༌། གླང་ཆེན་དང༌། དྲང་སྲོང་གི་འདུག་སྟངས་གང་རུང་དང་ལྡན་པས། འོད་རྩ་ཤིན་ཏུ་དྭངས་པ་རྒྱང་ཞགས་ཆུའི་སྒྲོན་མ་གྱེན་དང་ཐུར་དང་ཐད་ཟུར་གང་རུང་དུ་གཏད་པས། དབྱིངས་རྣམ་དག་གི་སྒྲོན་མ་དང་པོར་འོད་མཐིང་ཁྱབ་ཏུ་སྣང་བ་ལས་ཕྱིས་འོད་ལྔ་ཟླུམ་འཁྲིག་གི་ར་བར། ཐིག་ལེ་སྟོང་པའི་སྒྲོན་མ་ལྔ་ཚོམས་སུ་བསྟར་བ་དེའི་བར་འཚམས་ཀུན་ན་ཤེས་རབ་རང་


TN00_Page_272A
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གི་སྒྲོན་མ་རིག་པ་རང་གནས་ཀྱི་ཡེ་ཤེས་ལྷུན་གྲུབ་རང་གསལ་གྱི་རང་གདངས་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བརྒྱུས་པའམ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་གོམས་ཤུགས་ལྟར་ཇེ་བརྟན་དུ་འགྲོ་བ་སྣང་སྟེ། ཕྱི་མ་གསུམ་ནི་རིམ་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་དང་གཞལ་ཡས་ཁང་དང་སྐུའི་རྒྱུར་འགྱུར་བ་ཡིན་ནོ། །དེ་དག་ནི་སྒྲོན་མ་བཞི་ཡིན་ལ། འདི་དག་གི་སྟེང་དུ་ཙིཏྟ་ཤའི་སྒྲོན་མ་དང༌། དཀར་འཇམ་རྩའི་སྒྲོན་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གཉིས་བསྣན་པས་སྒྲོན་མ་དྲུག་ཏུ་འགྱུར་ཞིང༌། དྲུག་པ་དེའི་ཁར་སྟོང་གསལ་ཟུང་འཇུག་ཡེ་ཤེས་རིན་པོ་ཆེ་ལ་གནས་ལུགས་གཞིའི་སྒྲོན་མར་གྲགས་པ་དང༌། བར་དོ་དུས་ཀྱི་སྒྲོན་མ་བར་དོའི་གཞི་སྣང་རང་གདངས་ཕྱིར་གསལ་བ་དང༌། འབྲས་བུ་སྒྲོན་མ་མཐར་ཕྱིན་ལྷུན་གྲུབ་ཀྱི་སྦུབས་གསུམ་བསྣན་པའི་སྒྲོན་མ་དགུ་ཡིན་ནོ། །འོན་ཀྱང་ལམ་དུས་ཀྱི་སྒྲོན་མ་ནི་སྔ་མ་རྣམས་ཡིན་ནོ། །དེ་ལྟ་བུའི་ཚུལ་གྱིས་བདེ་བར་གཤེགས་པའི་གསང་མཛོད་མངོན་དུ་གྱུར་པའི་སྒོ་དང་ལྐོག་ཏུ་གྱུར་པའི་སྒོ་དག་ལས་རྒྱལ་བའི་སྐུ་དང་ཞིང་གི་སྣང་བ་ཆོས་ཉིད་ཀྱི་རང་སྒྲ་དང་བཅས་པ་མངོན་སུམ་དུ་བལྟ་ཞིང་མཉན་དུ་ཡོད་པས་ན་དཔལ་ཞེས་བྱའོ། །གཞོན་ནུ་ཞེས་བྱ་བ་ནི་ཟུང་འཇུག་གི་ཉམས་མྱོང་ཏེ། ད་ལྟའི་རིག་པ་ཐ་མལ་པ་དཔེ་ཡིས་མི་མཚོན་ཞིང་ཚིག་གིས་བརྗོད་པ་ལས་འདས་པ། རེ་དོགས་ཀྱི་འཆིང་བ་དང་བྲལ་བ།


TN00_Page_272B
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྟོང་བློ་བྲལ་ཆེན་པོའི་ངང་ལ་གནས་ཤིང༌། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དང་པོར་མཐོང་བ་ཆོས་ཉིད་མངོན་སུམ། དེ་ནས་འོད་སྣང་ཇེ་གསལ་དང༌། ཐིག་ལེའི་སྣང་བ་ཇེ་འཕེལ་དང༌། ལུ་གུ་རྒྱུད་ཇེ་བརྟན་ལ་འགྲོ་ཞིང༌། མཐར་སྐུ་རྐྱང་པ་མཐོང་བའི་བར་ནི་ཉམས་གོང་འཕེལ། སྐུ་ཡབ་ཡུམ་ཟུང་འབྲེལ་ནས་ཅིར་སྣང་འོད་གསལ་གྱི་སྣང་བར་འཆར་བའི་བར་རིག་པ་ཚད་ཕེབས། ཕྱི་ལུས་ཀྱི་རྡོས་པ། ནང་སེམས་ཀྱི་རྟོག་ཚོགས་གསང་བ་སྐུ་དང་ཐིག་ལེའི་སྣང་ཚུལ་དང་བཅས་པ་ཆོས་ཟད་བློ་འདས་སུ་ཟད་དེ། སྐྱེ་བ་ལ་དབང་ཐོབ་པས་འཕོ་ཆེན་གྱི་སྐུར་བཞེངས་ནས་འགྲོ་བའི་དོན་བྱེད་པར་འདོད་ན་སྣང་བ་རིམ་གྱིས་ཟད་དུས་ལག་སོར་ལྔ་འོད་དུ་སྣང་བ་ལ་རིག་པ་བཅུག་པས་འཇའ་སྐུར་ལྡང་ལ། འཇུག་པ་ལ་དབང་ཐོབ་པས་ལུས་དེས་གཞན་དོན་རླབས་ཆེན་མི་མཛད་ན་དེ་ཉིད་དུ་ནང་དབྱིངས་གདོད་མའི་ཀློང་དུ་ན་བུན་ཡལ་བ་ལྟར་དེངས་ནུས་པ་ནི་ཆོས་ཉིད་ཟད་པ་སྟེ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་མ་རག་པའོ། །དེ་དག་གི་ཚེ་ཉམས་རྟོགས་ཐུན་མོང་མ་ཡིན་པ་དྲི་མ་མེད་པ་མེ་ཏོག་གཞོན་ནུའི་ལང་ཚོ་ལྟར་རྒྱས་པས་ན་གཞོན་ནུ་ཞེས་བྱ་སྟེ་རྩལ་པོ་ཆེའི་མི་གཞོན་ནུ་དང་ཡང་མཚུངས་སོ། །གསུམ་པ་འབྲས་བུ་ལའང༌། འཇམ་པ་དང༌། དཔལ་དང༌། གཞོན་ནུའོ། །འཇམ་པ་གང་ཞེ་ན། ཆགས་པ་ལ་སོགས་ཉོན་མོངས་པའི་སྒྲིབ་པ་དང༌།


TN00_Page_273A
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཀྱི་ཆོས་ལ་སྲེད་པ་ལ་སོགས་པ་ཤེས་བྱའི་སྒྲིབ་པ་ལས་རླུང་ཤིན་ཏུ་ཕྲ་བ་དང་བཅས་པ་སྤངས་པ། བློའི་མཚན་མ་ཐམས་ཅད་ངང་གིས་ཞི་བ། གཉིས་སུ་འཛིན་པའི་འཆིང་ཞེན་ཐམས་ཅད་རང་སར་དྭངས་ཏེ། རང་བཞིན་གྱི་མྱ་ངན་ལས་འདས་པའི་དོན་ལ་སྒྲིབ་བྱེད་བྲལ་བས་གློ་བུར་རྣམ་པར་དག་པའི་མྱང་འདས་མངོན་དུ་གྱུར་པ། ཟག་པ་དང་བཅས་པའི་ཕུང་པོའི་བདུད། སྲོག་ལ་བར་དུ་གཅོད་པ་འཆི་བདག་གི་བདུད། ཐར་པ་ལ་གེགས་བྱེད་པ་ཉོན་མོངས་པའི་བདུད། བྱང་ཆུབ་འཐོབ་པ་ལ་གེགས་བྱེད་པ་ལྷའི་བུའི་བདུད་བཞི་རྣམ་པར་བཅོམ་པ། ཡོད་མེད་ཡིན་མིན་སོགས་སྤྲོས་པ་ཐམས་ཅད་ལས་གྲོལ་བ། ནང་དབྱིངས་སྐྱེ་འགག་མེད་པའི་ཀློང་ཆེན་པོར་འུབ་ཆུབ་པ་ནི་སྒྲིབ་པའི་རྩུབ་རེག་དང་བྲལ་བས་འཇམ་ཞེས་བྱའོ། །དཔལ་གང་ཞེ་ན། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་ཅིག་ཆར་དུ་མཁྱེན་པ། ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ལ་མངའ་དབང་འབྱོར་བ། འོག་མིན་ཆེན་པོ་ལྷུན་སྟུག་པོ་བཀོད་པ་ན་ལོངས་སྤྱོད་ཆེན་པོ་དང༌། ཁ་སྦྱོར་དང༌། བདེ་ཆེན་དང༌། རང་བཞིན་མེད་པ་དང༌། སྙིང་རྗེའི་ཡོངས་སུ་གང་བ་དང༌། རྒྱུན་མི་འཆད་པ་དང༌། འགོག་པ་མེད་པ་སྟེ་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས་སྐུར་སྣང་ལ། རང་བཞིན་སྤྲུལ་པའི་ཞིང་ན་སྟོན་པ་གཟུགས་ཀྱི་


TN00_Page_273B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དང༌། ཚོར་བའི་རྒྱལ་པོ་དང༌། འདུ་ཤེས་ཀྱི་རྒྱལ་པོ་དང༌། འདུ་བྱེད་ཀྱི་རྒྱལ་པོ་དང༌། རྣམ་ཤེས་ཀྱི་རྒྱལ་པོ་རྣམས་རང་སྣང་དུ་སྣང་བས། འཁོར་གཞན་སྣང་གདུལ་བྱ་དག་པ་རྣམས་ཀྱི་དོན་སྤྱོད་པས་ཕྱེད་སྤྲུལ་ལོངས་སྐུ་དང༌། མ་དག་པའི་གདུལ་བྱ་རྣམས་ལ་བཟོ་དང་སྐྱེ་བ་ལ་སོགས་པར་འཕྲུལ་ཏེ། འགྲོ་བའི་དོན་མཛད་པ་ནི་དུས་རེ་འགའ་བ་དང༌། ཕྱོགས་རིས་ཆད་པ་དང༌། རྩོལ་རྟོག་གི་འཆིང་བ་ཅན་མིན་པར་རྟག་ཁྱབ་ལྷུན་གྲུབ་ཆེན་པོ་ཡིན་ནོ། །དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་སྐུ་བརྙེས་པ་ནི་རྟོགས་པའི་ཡོན་ཏན་བླ་ན་མེད་པའི་གཏེར་ཡིན་པས་ན་དཔལ་ཞེས་བྱའོ། །གཞོན་ནུའི་དོན་ནི། ཤིན་ཏུ་གསང་བ་ལྷུན་གྲུབ་རིན་པོ་ཆེའི་སྦུབས། མི་ཤིགས་ཕྲ་བའི་ཡེ་ཤེས་གཡུང་དྲུང་ཆེན་པོ། རྩལ་སྣང་ཐམས་ཅད་ཆོས་ཉིད་མཐའ་དབུས་དང་བྲལ་བའི་ཀློང་དུ་ཐིམ་ཞིང༌། དེའང་གཉིད་དང་བརྒྱལ་བ་དང་རྟག་ཏུ་འདུ་ཤེས་མེད་པ་དང་སྙོམས་འཇུག་གཉིས་ལྟ་བུའི་རྨུག་འཐིབས་པོ་མ་ཡིན་པར་མཁྱེན་ཆ་ནང་གསལ་དུ་རྫོགས་པ། ཡིད་ཀྱི་རང་བཞིན་གྱི་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་པའི་འཕོ་བ་ཕྲ་བ་ཡང་སྤངས་པས་རྟག་པ་དམ་པ་ནམ་མཁའ་ཇི་སྲིད་དུ་འཕོ་འགྱུར་མེད་པ་སྟེ། དཔེར་ན་མི་རྒ་བའི་མི་ཞིག་བརྟགས་པ་མཐའ་བཟུང་གི་དཔེར་བྱས་ན། དེ་འདྲ་དེ་ནི་རྟག་ཏུ་གཞོན་ནུར་འདུག་གོ་ཞེས་བརྗོད་རུང་བ་ལྟར་ཡིན་ཏེ།


TN00_Page_274A
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་གྱི་གཞོན་ནུ་བུམ་སྐུ་འདི་ནི་གཞོན་ནུ་ཞེས་བྱའོ། །འདི་དག་གིས་ནི་འཇམ་དཔལ་རྫོགས་པ་ཆེན་པོ་བསྟན་ཟིན་ཏོ། །རིག་སྟོང་བློ་བྲལ་འཇམ་དཔལ་རྫོགས་པ་ཆེ། །སྨྲ་བསམ་བརྗོད་མེད་གནས་ལུགས་ཟབ་མོའི་དོན། ཁྱབ་བདག་བླ་མའི་བཀའ་གནང་ཇི་ལྟ་བར། །ཤིན་ཏུ་ཉུང་ངུའི་ངག་གིས་གསལ་བར་བྱས། །དགེ་དེས་མཁའ་ཁྱབ་ཡིད་ཅན་མ་ལུས་པ། །ཡིད་དཔྱོད་འཆིང་བ་ཀུན་ལས་རྒྱལ་གྱུར་ཏེ། །འཁོར་འདས་གཉིས་མེད་རང་རིག་འཇམ་དཔལ་དབྱངས། །མ་མཐོང་མཐོང་བའི་ཚུལ་དུ་མཐོང་གྱུར་ཅིག །ཅེས་པའང་ཁྱབ་བདག་བླ་མ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་ཚུལ་འདི་ལྟ་བུ་ཞིག་གྱིས་ཞེས་བཀའ་སྩལ་སྤྱི་བོར་ཕེབས་པ་ལ་བརྟེན་ནས་གཞོན་ནུ་འཇིགས་མེད་པས་ལུང་སྦྱོར་ལ་སོགས་པའི་སྤྲོས་པ་བསྐྱུངས་ཏེ་གང་དྲན་ལྷུག་པར་སྦྱར་བ་མངྒ་ལཾ། ༈ །བླ་མ་ལ་ཕྱག་འཚལ་ལོ། །སྙིང་ཐིག་ཁྲིད་ཡིག་ཆེན་མོར། །དངོས་གཞི་གཉིས་ལ་མུ་བཞི་བརྩི་ཚུལ་ཞིག་གསུངས་པ་དེ་ཉུང་གསལ་བཤད་དགོས་ཞེས་ཕེབས་པར། གཞི་ནི་གཞི་ལམ་འབྲས་གསུམ་གྱི་ཟླས་ཕྱེ་བའི་གཞིའི་བཞུགས་ཚུལ་དེ་ལ་བྱེད། དངོས་ནི་དེ་མངོན་དུ་གྱུར་པ་ལ་བྱེད་པས་རྟོགས་བྱ་དང་རྟོགས་ཚུལ་གྱི་སྒོ་ནས་བཞག་ཅིང༌། གཞི་ལ་ངོ་བོ་རང་བཞིན་ཐུགས་


TN00_Page_274B
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གསུམ་གསུངས་པའི་ཐུགས་རྗེ་ནི་གཞི་བྱེད་ཚུལ་དང༌། གྲོལ་ལུགས་ཀྱི་འགང་ཤེས་པའི་ཕྱིར་དུ་གསུངས་པ་ལས་གཞི་དངོས་མ་ཡིན་ལ། ངོ་བོ་དང་རང་བཞིན་སྟོང་གསལ་གཉིས་སུ་བཤད་པའི་དབྱིངས་རིག་གཉིས་པོ་དེ་གཞི་ལ་ཆ་ཕྱེ་བ་ཡིན་པས། །འདིའི་གཞི་ནི་རིག་པ་ཁོ་ན་ལ་མི་གཟུང་ངོ། །ལྷ་ཁང་དང་རྟེན་གསུམ་དཔེར་མཛད་པའང་རྟེན་དང་བརྟེན་པའི་དཔེ་ཙམ་དུ་མཛད་པ་ལས། དེ་གཉིས་རྟེན་བརྟེན་པའི་འཇོག་ཚུལ་འདྲ་བར་བཞེད་པ་མིན་ལ། དཔེའི་སྐབས་སུ་མུ་དང་པོའི་གཞི་ལྷ་ཁང་དང༌། གཉིས་པའི་གཞི་རྟེན་གསུམ་གྱི་མཚན་ཉིད་ལ་སྦྱར་ཡང༌། །དོན་གྱི་ཚེ་ནི་གཞི་གོང་འོག་རྣམས་གཅིག་ཏུ་བྱ་དགོས་ཏེ། དེ་འདྲ་མ་ཡིན་ན་ལྷ་ཁང་དང་རྟེན་གསུམ་གཉིས་ཀ་མཐོང་བ་དང༌། རྟེན་གསུམ་གྱི་མཚན་ཉིད་གཏན་ལ་མ་ཕེབས་པ་མི་འགལ་བ་བཞིན་དུ། དངོས་གཞི་གཉིས་ཀ་ཡིན་པའང་དངོས་ཡིན་ལ་གཞི་མ་ཡིན་པ་དང་མི་འགལ་བར་འགྱུར་ལ། དེའི་ཚེ་སྙིང་ཐིག་གི་རྣལ་འབྱོར་ཁྱད་པར་དུ་འཕགས་ཚུལ་སྟོན་པ་ལ་སྦྱར་བ་མ་འབྲེལ་བར་འགྱུར་བའི་ཕྱིར་རོ། །དེའང་རྟོགས་བྱ་གཞི་རྒྱུད་རྟོགས་པ་ཡིན་ཀྱང༌། རྟོགས་ཚུལ་དངོས་སུ་སྟེ་མངོན་སུམ་དུ་རྟོགས་པ་མ་ཡིན་སོགས་ལ་བར་གྱི་ཚིག་མི་མངོན་པར་མཛད་ནས་གཞི་ཡིན་ལ། དངོས་མ་ཡིན་སོགས་སུ་གསུང་བར་མངོན་ནོ། །མངོན་སུམ་


TN00_Page_275A
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོགས་པ་ལ་དངོས་སུ་རྟོགས་པར་གསུངས་པའང་དོན་སྤྱི་བརྒྱུད་མི་དགོས་པར་རྟོགས་པའི་རྒྱུ་མཚན་གྱིས་བཏགས་པ་འདྲ་བས། དངོས་ཤུགས་གཉིས་ཀྱི་ཟླས་དྲངས་པའི་དངོས་མིན་ཞིང༌། ཆོས་གཅིག་བདེན་མེད་དུ་རྟོགས་ན་བརྒྱུད་ནས་ཆོས་གཞན་ཡང་དེ་ལྟར་རྟོགས་ཞེས་པ་ལྟ་བུའང་མིན་ནོ། །སོ་སོའི་ངོས་འཛིན་ལ་བླ་མའི་མན་ངག་གི་དྲིན་གྱིས་སེམས་དང་རིག་པ་ཤན་འབྱེད་ཀྱི་ཁོག་ཤོག་པའི་གོ་བ་ཁྱད་པར་ཅན་རྙེད་དེ། ཕར་ཕྱིན་ཐེག་པ་དང༌། རྒྱུད་སྡེ་འོག་མའི་ལམ་མཐོན་པོ་རྣམས་དང༌། ལམ་འདི་ནས་རྟོགས་པའི་རྩལ་ཆེན་རྫོགས་པ་གཉིས་ལ་བསྒྲུབ་གཞིའི་དབང་གིས་ཁྱད་ཆེན་པོ་ཡོད་ཚུལ་ཤེས་ནས་མཐའ་བྲལ་གྱི་དེ་ཁོ་ན་ཉིད་ཀྱང་དེའི་སྟེང་དུ་གོ་བས་གཏན་ལ་ཕེབས་པ་བྱུང་རུང༌། དེའི་སྟེང་ནས་མྱོང་སྟོབས་ཀྱིས་སྒྲོ་འདོགས་ཆོད་ནུས་པའི་ཉམས་ལེན་མ་འབྱོངས་པ་ནི་མུ་དང་པོ་ལྷ་ཁང་མཐོང་ཡང་རྟེན་གསུམ་མ་མཐོང་བ་ལྟ་བུ་སྟེ། དཔེ་འདི་ལྷག་བསམ་བསྐུལ་བ་ལས། དེ་ལ་ཤུན་པ་ཇི་བཞིན་སྨྲ་བ་སྟེ། །སོགས་དང་ཚུལ་མཚུངས། དེ་ལྟར་ཡིན་པའང་ཐེག་མཆོག་མཛོད་ལས། རྫོགས་ཆེན་པ་ཁ་ཅིག་གིས་ཆོས་གཞི་ལ་ལུས་ནས་ལག་ཏུ་བླང་དུ་མེད་པར་ཆོས་ཉིད་ཁ་འབྱམས་སུ་སོང་བས་འཆི་ཁ་ཐ་མལ་དུ་འཆི་བ་རྣམས་སོ། །ཞེས་སོ། །མན་ངག་ཐོས་པའི་དུས་སུ།


TN00_Page_275B
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་དཀྱུས་སྟོན་པ་ན་དབྱིངས་ངོ་འཕྲོད་ཅིང༌། རྒྱུག་བྱེད་ཐད་ཀར་སྟོན་པ་ན་ཀུན་རྟོག་གི་རྡུལ་དང་བྲལ་བའི་དྭངས་གསལ། བཅོས་མའི་འཇུར་མདུད་མ་སོང་བའི་ཐ་མལ། ཡུལ་སྣང་ཁོལ་བུ་བས་མ་བཅིང་བའི་ཁྱབ་གདལ་སོགས་ཀྱི་རྣམ་ཅན་ཁྱད་པར་བ་ཞིག་བརྡ་འལ་འོལ་འཕྲོད་དེ། དབྱིངས་རིག་དེ་གཉིས་སྦྱར་ན་རྫོགས་ཆེན་ཡིན་མདོག་ཁ་བོ་དང༌། རིག་པའི་རྣམ་ཆ་དེ་སྤུ་རིས་ཅུང་ཟད་རེ་ཟིན་ནས་སྐྱོང་སྐབས་གཞིའི་རང་མདངས་བག་ཙམ་གསལ་དུ་སོང་བ་འདྲ་མོ་ཡོད་ཅིང༌། དེ་ནས་སྒོམ་སྐྱོན་བྱིང་བ་བསགས་པ་དང༌། ཐེག་པ་ཐུན་མོང་གི་ཞི་གནས་སྐྱོང་བའི་དུས་ཀྱི་དྭངས་གསལ་སོགས་མང་པོ་ཞིག་ལ་བསྐོར་ནས་སླར་ཡང་རིག་པ་ངོས་འཛིན་མ་ནོར་བ་ཞིག་མཐའ་བཅད་པ་ན། སྔར་ཤན་འབྱེད་ཀྱི་གོ་བ་བརྟན་པོས་རྒྱུད་མ་སྨིན་པའི་དབང་གིས་ཉམས་མྱོང་འཆལ་ཏེ། གང་ལའང་རིག་པ་ཞེས་གནད་ཐོག་མེ་བཙའ་བྱས་མེད་པར་འགྲོ་ཞིང༌། དེ་ནས་དབྱིངས་ཀྱི་ཆའང་ཐུན་མོང་མ་ཡིན་པའི་ཀ་དག་གི་ཆ་ཤས་སུ་འཇོག་མི་ཐུབ་པར་སོང་བ་ནི་དངོས་ཡིན་ལ་གཞི་མ་ཡིན་པ་རྟེན་གསུམ་མཐོང་ཡང་དེའི་ཁྱད་པར་མ་ངེས་པ་ལྟ་བུ་སྟེ། ཐེག་མཆོག་མཛོད་དུ་འདི་འཆད་སྐབས། མན་ངག་ཁ་ཅིག་ཐོག་མ་གནད་ཐོག་ཏུ་ཕེབས་ཀྱང་ཐ་མ་ཚིག་གི་མཐའ་མ་ཆོད་པས་རྗེས་ལ་དེའི་ཐོག་ཏུ་མི་གནས་པར་པྲ་ཡས་པ་རྣམས་སོ། །ཞེས་


TN00_Page_276A
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར་རོ། །དེའང་ཉམས་མྱོང་འཆལ་རྗེས་སུ་དེར་འཇོག་པ་མིན་གྱི། དེའི་སྔོན་ལ་ཉམས་རྟོགས་རྩ་བ་མི་བརླིང་བས་དེ་ལྟར་བཤད་དོ། །ཆོས་ཐམས་ཅད་སྟོང་པ་ཞེས་ཆད་མཐའ་ལ་དབྱིངས་སུ་འཁྲུལ་པ་དང་དེ་མ་འཁྲུལ་ཡང་ཐེག་པ་འདིར་གནས་ལུགས་དེ་ཉིད་གཞི་ཇི་འདྲ་ཞིག་དང་སྦྱར་ཏེ་སྒོམ་པའི་གནད་མ་གོ་བ་དང༌། ཁ་ཅིག་དེ་ཙམ་གྱིས་དབུ་མའི་ལྟ་བ་རྙེད་པ་དང་རྫོགས་ཆེན་གྱི་ངོ་སྤྲོད་ཐེབས་པ་གཉིས་མི་ཕྱེད་ཅིང༌། དེ་གཉིས་དོན་གཅིག་ཏུ་བྱ་བར་ཡང་མི་རུང་བ་ལུང་ཙམ་ལས་ཤེས་ཏེ། དཔྱད་འཇོག་གི་ཚུལ་མི་འདྲ་བས་དེ་གཉིས་ཁྱད་ཆེ་ཟེར་བ་དང༌། སེམས་ཀྱི་ངོ་བོ་སལ་ལེ་ཧྲིག་གེ་བ་ཙམ་ལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ནང་གསལ་སོགས་མིང་གང་བཟང་འདོགས་པ་དང༌། དེ་དང་ཕྱི་རོལ་པའི་བདེ་གསལ་རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་ཁྱད་ཅི་ཡོད་བྱས་ཚེ། ཉམས་ལ་ཞེན་མི་ཞེན་ཡོད་ཟེར་བ་སོགས་ཕོངས་ཆོས་མང་པོ་སྨྲ་བ་ནི་གཞི་དང་དངོས་གཉིས་ཀ་མ་ཡིན་པ་ལྷ་ཁང་དང་རྟེན་གསུམ་གང་ཡང་མ་མཐོང་བ་ལྟ་བུ་སྟེ། སྔ་མ་ལས། ཐེག་པ་ཐུན་མོང་བ་སྤྱིའི་ཚིག་གི་ལྟ་སྒོམ་ཡིད་དཔྱོད་ཀྱི་ལམ་དུ་བྱས་ནས། དོན་ངོ་མ་འཕྲོད་པས་ཐ་མ་གར་འགྲོ་ངོ་མ་ཤེས་པ་རྣམས་སོ། །ཞེས་སོ། །འདི་ལ་འཆི་ཁ་ཐ་མལ་དུ་ལུས་པ་ཞེས་ཁྲིད་ཡིག་ཆེན་མོར་གསུངས་ཤིང༌། ཐེག་མཆོག་མཛོད་དུ་


TN00_Page_276B
[མ་དཔེ་གཟིགས་ན་འདིར་གནོན།]

མུ་དང་པོ་ལ་དེ་ལྟར་གསུངས་ཏེ། དེ་གཉིས་ཐ་མལ་དུ་ལུས་ལུགས་མི་འདྲ་ཡང༌། སྒོམ་བྱུང་གི་སྣེམ་ཟིན་པ་ལ་འདྲ་ཞིང༌། དེ་ལས་མུ་གསུམ་པས་ནི་གདམས་པའི་གནད་མ་རྙེད་པ་ཤིན་ཏུ་གསལ་ལ་དེ་ཚང་བར་རྙེད་ཀྱང་རྙེད་པ་ལྟར་གྱི་ཉམས་ལེན་མ་འབྱོངས་པའི་སྐབས་ནི་གདུལ་བྱ་མཆོག་ལའང་ཡོད་ཚུལ་ཐོས་བསམ་སྒོམ་པའི་གོ་རིམ་གྱིས་ཤེས་ཤིང༌། དེ་གོང་སྨོས་ལྟར་མུ་དང་པོས་བསྡུས་པར་བཤད་ནའང་མི་འཐད་པ་མེད་མོད་ཀྱི། མུ་དང་པོ་ཐེག་མཆོག་མཛོད་ཀྱི་སྒྲས་ཟིན་གཙོ་བོ་ནི། མན་ངག་གི་གནད་ཚང་བར་མ་རྙེད་པ་ལ་བྱེད་དེ། ལག་ཏུ་བླང་དུ་མེད་པར་ཞེས་སོགས་ཀྱིས་གསལ་ལོ། །དེའི་དོན་ཡང་དཔེར་ན་བླ་མེད་ཀྱི་རྫོགས་རིམ་གཞན་ལ་སློབ་ཚེ་འོད་གསལ་དང་ཡེ་ཤེས་ཀྱི་སྐུའི་འཇོག་ཚུལ་ལ་གོ་བ་རྙེད་ཀྱང་དེ་དག་སྒྲུབ་བྱེད་རྩ་རླུང་ཐིག་ལེའི་རྣལ་འབྱོར་རྣམས་ལེགས་པར་མ་ཤེས་ན་མཉན་པ་ལག་སྐྱ་མེད་པ་ལྟ་བུར་འགྲོ་བ་དེ་བཞིན་དུ། རིག་པ་དང་དེའི་གདངས་ཀྱི་འཇོག་ཚུལ་ལམ་གཞི་དང་གཞི་སྣང་གི་གོ་དོན་སོགས་ཤེས་ཀྱང་དེ་དག་ལམ་དང་འབྲས་བུའི་ངོ་བོར་གོ་འཕོ་བའི་ཐབས་སུ་སྐྱོང་ཐབས་ཀྱི་གནད་ངེས་པ་གསུངས་པའི་དོན་རྣམས་ལ་མ་མཁས་ན། དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྐོམ་པས་གདུང་སྟེ་འཆི་བར་ཟད། །ཅེས་པ་ལྟ་བུར་འགྱུར་བའོ། །དེ་ལྟར་བྱས་ན་རྫོགས་ཆེན་


TN00_Page_277A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལམ་གྱི་ཆ་རྣམས་མ་ཚང་བ་མེད་པར་ལུས་སུ་བསྒྲིགས་པའི་གཞུང་ལ་ཉན་བསམ་རྫོགས་པར་བྱས་པ་ཙམ་ནས་མུ་དང་པོ་གསུམ་ཕལ་ཆེར་ལས་འདའ་ཞིང༌། ཉན་བསམ་སྒོམ་གསུམ་ལེགས་པར་བྱས་ན་མཐའ་དག་ལས་འདའ་བར་ནུས་སོ་ཞེས་པར་གསལ་ཏེ། ལམ་གྱི་དངོས་གཞི་དང༌། དངོས་གཞིའི་གདམས་པ་གཉིས་ཀྱི་ཁྱད་ཆོས་སོ་སོ་ནས་བསྟན་ཏོ། །གལ་ཏེ་ཁྲིད་ཡིག་ཏུ་མུ་གཉིས་པ་སྟོན་སྐབས། རྟོག་དཔྱོད་ཀྱིས་གོ་ཡང་མྱོང་ཐོག་ཏུ་མ་ཆགས། ཞེས་གསུངས་ཤིང༌། དང་པོའི་ཚེ་ཚིག་ཙམ་ལ་ལྟ་སྒོམ་ཡིན་པར་ཡིད་བརྟན་འཆའ་བ་ཞེས་གསུངས་པས་འདིར་བཤད་པ་རྣམས་ཅི་ལྟར་རུང་ཞེ་ན། སྐྱོན་མེད་དེ། སྔ་མ་ནི་མྱོང་བ་བརྟན་པོ་མ་ཆགས་པས་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་པར་གོང་དུ་དྲངས་པའི་ལུང་གིས་ཤེས་པའི་ཕྱིར་དང༌། ཕྱི་མའང་བསམ་བྱུང་ཐོས་བྱུང་དང་ཕྱོགས་གཅིག་ཏུ་བསྡུས་ནས་བསྟན་པ་ཡིན་པའི་ཕྱིར་རོ། །བརྗོད་པར་བྱ་བ་གཞན་ཡང་ཡོད་དེ་ཐོ་ཙམ་མོ། །དེ་ནས་མུ་བཞི་པ་ནི། ཐེག་མཆོག་མཛོད་ལས། རིག་པ་དངོས་སུ་མཐོང་བས་ལྟ་སྒོམ་ཡིན་སྙམ་ལ་རག་མ་ལུས། གཞི་མཐོང་བས་ལྡོག་པའི་ས་མེད་པ་ཞེས་གསུངས་ཏེ། གོང་མ་རྣམས་དང་སྦྱར་ན་ཤིན་ཏུ་སླའོ། །འདི་དག་གཞུང་སྤྱི་སྐད་ལ་གྲགས་པའི་དངོས་གཞིའི་


TN00_Page_277B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་བཤད་མིན་གྱི། རྫོགས་ཆེན་ལ་འཇུག་ཚུལ་དེ་ལ་དངོས་དང་གཞི་གཉིས་ཕྱེ་སྟེ་དེ་ལ་མུ་བརྩིས་པའོ། །བདག་འདྲ་བས་ཀུན་མཁྱེན་བླ་མའི་དགོངས་པ་ཤོད་མི་ཐུབ་ཀྱང༌། འཕྲལ་དུ་ཡིད་ལ་ཤར་ཚུལ་ཅུང་ཟད་ཅིག་བཀོད་པར་ཟད་དེ་ཉིད་ལྟ་བུའི་མཁྱེན་རབ་ཅན་གྱིས་རྒྱ་ཆེར་དཔྱད་པར་མཛོད་ཅིག །དགེ་ཞིང་བཀྲ་ཤིས།། ༈ །།གང་གི་རང་བཞིན་སྤྲོས་པས་མི་མཚོན་པ། །བརྟན་གཡོ་ཀུན་གྱི་གཉུག་མའི་དེ་ཁོ་ན། །རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་དོན་གཅིག་པུ། །དཔལ་ལྡན་བླ་མའི་ངོ་བོར་ཤེས་པས་འདུད། །ཐེག་མཆོག་རྡོ་རྗེ་སྙིང་པོའི་ཆོས་ཚུལ་ལ། །མོས་པའི་བློ་ལྡན་ཁྱེད་ཀྱིས་གང་དྲིས་པ། །དེ་འདྲ་བདག་བློའི་རྩལ་གྱིས་ཤོད་དཀའ་ཡང༌། །བླ་མའི་ལུང་ལ་བརྟེན་ནས་ཆ་ཙམ་དབྱེ། །དེ་ལ་སྤྱིར་རྫོགས་ཆེན་གྱི་གདམས་པའི་ཟབ་ཁྱད་མཐའ་ཡས་ཀྱང༌། རྩ་བའི་གནད་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། གང་དག་སེམས་ལས་འདས་པའི་རིག་པ་ནི། །རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། །ཞེས་གསུངས་པ་ལྟར་སེམས་རིག་ཤན་འབྱེད་ལ་ཐུག་པས། །དེ་ཉིད་གནད་དུ་བཟུང་ཚུལ་བྲིས་འདུག་པ་ནི་དམ་པའི་གསུང་སྒྲོས་མ་ནོར་བར་ཟིན་པ་སྟེ་རྗེས་སུ་ཡི་རང་ལགས། གཉུག་མའི་རིག་པ་དང༌། འོད་གསལ་རྡོ་རྗེའི་སེམས་གཉིས་དོན་གཅིག་ལ། དེ་


TN00_Page_278A
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་དུ་རྩལ་འདོན་མཛད་ནས་མ་བཤད་པ་མེད་ཀྱང༌། རླུང་སེམས་དབུ་མར་འཛུད་པའི་མན་ངག་གིས་ཀུན་རྟོག་བཅད་པའི་སྐབས་སུ་འོད་གསལ་ངོས་བཟུང་སྟེ་སྒོམ་པའི་ཕྱོགས་ཁོ་ན་མང་ལ། ལུགས་འདིར་ནི་ཀུན་རྟོག་གི་སྟེང་ན་འོད་གསལ་ཏིལ་འབྲུ་སྣུམ་ཁྱབ་ལྟར་གནས་པའི་དུས་ཉིད་ན་བཅར་ཕོག་ཏུ་ངོས་བཟུང་སྟེ་སྐྱོང་ཚུལ་སྟོན་པའི་ཁྱད་ཆེ་ཞིང༌། དེའི་དབང་གིས་ཡེ་ཤེས་མཆོག་སྒྲུབ་པ་ལ་རྩོལ་བ་ཆེ་ཆུང་དང་མང་ཉུང་ཡང་ཆེས་མི་འདྲའོ། །དེའི་དབང་དུ་བྱས་ནས་ད་ལྟའི་ཤེས་པ་ཐ་མལ་པའམ། ད་ལྟའི་རིག་པ་མ་བཅོས་པ་ངོ་སྤྲོད་ལུགས་ལ་ཆོས་དབྱིངས་མཛོད་འགྲེལ་དུ་ཚུལ་བདུན་གསུངས་པ་སོགས་རྣམ་གྲངས་མང་ཡང༌། རེ་ཞིག་སྟོང་ཉིད་ཀྱི་ལྟ་བའི་སྟེང་ནས་ངོ་སྤྲོད་ཚུལ་ཙམ་བརྗོད་ན། ཕྱོགས་གཞན་དུ་རང་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བར་གཏན་ལ་ཕབ་ནས། དེ་ལྟར་ཕབ་པའི་སྟོང་ཆ་དེ་ལས་ཡིད་གཞན་དུ་མ་ཡེངས་པར་བྱས་ཏེ་སྒོམ་པ་ཡིན་ཡང༌། འདིར་དེ་ལྟར་མི་བྱེད་ཀྱི་བྱུང་གནས་འགྲོ་གསུམ་བཙལ་ནས་ཡུལ་དང་ཡུལ་ཅན་གྱི་དམིགས་གཏད་གཤེགས་པའིདུས་སུ་འདིའོ་ཞེས་ཟུང་དུ་ཅི་ཡང་མ་རྙེད་པའི་ངང་དེར་བཟོ་མེད་རང་བབ་ཀྱི་ཤེས་པ་སྟོང་གསལ་སྤྲོ་བསྡུ་དང་བྲལ་བ་ཞིག་འཆར་སྟེ། བཞི་ཆ་


TN00_Page_278B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྲལ་གྱི་རིག་པ་ཞེས་བྱ་བ་ཡིན། དེ་ཉིད་ལ་བཅོས་སླད་ཀྱི་དྲི་མས་མ་ཕོག་པར་ལྷོད་ཀྱིས་གློད་དེ་འཇོག་པ་ནི། རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ། །ཞེས་གསུངས་པའི་དོན་མ་ནོར་བ་ཡིན་ནོ། །དེའང་སྔོན་འགྲོའི་དུས་སུ་སེམས་ཀྱི་མཚང་བཙལ་བ་དང༌། དངོས་གཞིའི་ཚེ་དེ་ལྟར་བཙལ་བའི་སྟེང་ནས་རིག་པ་ངོ་སྤྲོད་པ་གཉིས་མ་འཛིང་བ་དགོས་ཏེ། ཀུན་མཁྱེན་ཆོས་རྗེ་དང་གཏེར་བདག་གླིང་པ་སོགས་ཀྱི་གཞུང་ན་གསལ་ལོ། །སེམས་ཀྱི་ཆ་ཐམས་ཅད་རིག་པར་ཐག་བཅད་ཅེས་བྲིས་འདུག་པ་འདི་ལ་ཞུ་དག་བྱས་ན། སེམས་ཀྱི་ཆ་ཐམས་ཅད་རིག་པའི་རང་རྩལ་དུ་ཤར་བ་ཡིན་གྱི། རིག་པ་དངོས་མིན་ཟེར་དགོས་ཏེ། གཞན་དུ་ན་སེམས་རིག་ཤན་འབྱེད་ཅེས་པའང་རིག་པ་དང་རིག་པ་ཤན་འབྱེད་ཅེས་པར་འགྱུར་བའི་ཕྱིར་རོ། །ཡུལ་སེམས་ཐམས་ཅད་རིག་པའི་རྩལ་དུ་ཐག་ཆོད་ཀྱང༌། ཉོན་མོངས་པ་དང་རྣམ་རྟོག་ཁ་མ་བྲིན་འཆིང་ཨེ་ནུས། ཞེས་སོགས་འདྲི་བ་ལ་སྤྱིར་འོད་གསལ་ལ་སྲབ་འཐུག་གི་རིམ་པ་མང་པོ་ཡོད་པས། དང་བའི་དུས་སུ་རིག་ཐོག་ནས་མ་ཡེངས་ཀྱང༌། དགེ་སྡིག་གི་རྟོག་པ་སྣ་ཚོགས་ཆུ་རླབས་ལྟར་འབྱུང་བ་མང་དུ་ཡོད་ལ། དེ་ལྟར་འབྱུང་ཡང་རྩ་བ་རིག་པའི་ཡེ་ཤེས་རང་མལ་ནས་མ་གཡོས་པའི་དབང་གིས། ཀུན་རྟོག་དེ་རྣམས་སྐད་ཅིག་དང་


TN00_Page_279A
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཐོལ་གྱིས་ཤར་ཡང༌། གཉིས་པར་དེའི་རྒྱུན་འཐུད་མི་ནུས་པར་འོད་གསལ་གཉུག་མའི་དབྱིངས་སུ་སིབ་ཀྱིས་ཐིམ་འགྲོ་བས་རྒྱུད་མི་འཆིང་ཞེས་གསུངས་ཏེ། མི་འཆིང་བའི་རྒྱུ་མཚན་ནི། སྐད་ཅིག་གཉིས་པར་རྒྱུན་མ་མཐུད་པ་གཅིག་པུ་དེ་མིན་གྱི། རྣམ་རྟོག་སྐད་ཅིག་དང་པོ་སྐྱེ་དུས་ནས་འོད་གསལ་གྱི་དགོངས་པའི་རྒྱས་ཐེབས་པའི་གནད་ཀྱིས་ཡིན་ཏེ། བསྐྱེད་རིམ་ཙམ་ལ་གནས་པའི་སྔགས་པས་ཀྱང་སྣང་སྤྱོད་ཐམས་ཅད་ལྷའི་རྣལ་འབྱོར་གྱི་རྒྱས་ཐེབས་པའི་དབང་གིས་བསྒུལ་བསྐྱོད་འགྲོ་འདུག་སོགས་གཞན་ལ་ལུང་མ་བསྟན་དུ་འགྲོ་བ་རྣམས་ཀྱང་སྔགས་དང་ཕྱག་རྒྱ་ལ་སོགས་པ་ཚོགས་གཉིས་ཀྱི་སྒོ་རླབས་པོ་ཆེར་འགྱུར་བར་གསུང་ན། དེ་ལྟ་ཅི་སྨོས་པའི་ཕྱིར་རོ། །འོན་ཀྱང་རིག་ཐོག་ཏུ་མཉམ་པར་མི་འཇོག་པར། གང་ཤར་ཐམས་ཅད་རིག་པའི་རང་རྩལ་དུ་ཤེས་པའི་གོ་ཡུལ་ཡོད་པ་ཙམ་གྱིས་ནི་རང་གྲོལ་གྱི་གདེངས་ཚད་རྗེས་མཐུན་ཙམ་ཡང་མི་རྙེད་པས། འཇིག་རྟེན་ཕལ་པ་ལྟར་ལས་ཉོན་གྱི་འཁྲུལ་པའི་གཞན་དབང་དུ་འགྲོ་བར་ཟད་དོ། །འདིའི་མཉམ་བཞག་ཏུ་གཉིས་སྣང་ནུབ་ཨེ་དགོས། གཉིས་སྣང་མ་ནུབ་པར་རྫོགས་ཆེན་གྱི་རིག་པ་ངོ་མ་ཕྲོད་པ་ཨེ་ཡོད། ཅེས་པར། སྣང་བཞིའི་རྟོགས་པ་མཐོན་པོར་སླེབས་དུས་མཉམ་བཞག་ཏུ་


TN00_Page_279B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྣང་གི་སྤྲོས་པ་མཐའ་དག་ཞི་བ་འབྱུང་ཡང༌། རྫོགས་ཆེན་གྱི་རིག་པ་ལ་མཉམ་པར་བཞག་ཚད་དེ་ལྟར་འོང་བ་མིན་ཏེ། གོང་དུ་འོད་གསལ་སྲབ་འཐུག་གི་རིམ་པ་མང་པོ་ཡོད་པར་བཤད་པ་དེས་ཤེས་སོ། །དྲན་པའི་རྒྱུན་བསྐྱངས་ནས་བསྒོམ་པས་ནམ་ཞིག་རིག་པ་ཉིད་ཀྱི་སྟེང་ནས་དྲན་པ་ཞིག་སད་འོངས་ཞེས་ཞལ་རྒྱུན་ལས་ཐོས་ཀྱང་ཞིབ་ཏུ་རྩད་གཅོད་པ་མ་བྱུང་བས་དེ་ཇི་ལྟར་ཡིན། ཞེས་པར། ཐུན་མོང་སེམས་གནས་ཀྱི་བསམ་གཏན་ལ་གནས་ཆ་ཡོད་ཀྱང་གློ་བུར་བའི་རྟེན་ཅན་ཡིན་ཕྱིར་རླབས་ཆུང་ལ། རིག་པ་རང་གནས་ཀྱི་བསམ་གཏན་ནི་གཉུག་མའི་རང་གཤིས་ཡིན་པས་ཆོས་ཉིད་ཀྱི་རླན་དང་མི་འབྲལ་བར་ཐེག་མཆོག་མཛོད་དང་རྣམ་མཁྱེན་ཤིང་རྟ་ལས་གསུངས་པ་ལྟར། རིག་ཐོག་ན་འདུ་བྱེད་ཀྱི་དྲན་པ་ཞེས་གྲགས་པ་དམིགས་གཏད་ཅན་གྱི་དྲན་འཛིན་མེད་ཀྱང༌། རྩོལ་མེད་རང་བཞག་གི་དྲན་པའམ། ཆོས་ཉིད་མ་བཅོས་པའི་དྲན་པ་ཞེས་འོད་གསལ་རང་ས་ཟིན་ཅིང༌། རྩལ་ཐོག་ཏུ་མི་འཆོར་བར་བྱེད་པའི་གཉུག་མའི་དྲན་པ་ཡོད་ཅེས་པ་ཡིན་ནོ། །དེ་ནི་སྒོམ་སྟོབས་ཀྱིས་རིག་པ་མངོན་དུ་གྱུར་པ་དང་མཉམ་དུ་གསེར་དང་དེའི་རང་འོད་ལྟར་ཤུགས་འབྱུང་ལ་འོང་བ་ཡིན་གྱི། ཆེད་དུ་གཉེར་ནས་དྲན་པ་བརྟེན་དགོས་ཕན་ཆད་སེམས་ཀྱི་ཕྱོགས་ལས་མི་འདའོ། །འོན་ཀྱང་གཉུག་མའི་དྲན་པ་དེ་མངོན་དུ་བྱ་བའི་ཐབས་སུ་


TN00_Page_280A
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་འདུ་བྱེད་ཀྱི་དྲན་པ་བརྟེན་ནས་རིག་ངོ་སྐྱོང་བ་ནི་མི་འགོག་སྟེ། མན་ངག་མཛོད་ལས། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། །ཞེས་སོགས་གསུངས་པ་བཞིན་ནོ། །འདིའི་རྣལ་འབྱོར་པ་འཆི་དུས་ཐིམ་རིམ་ཇི་ལྟར་འོང༌། དེ་དུས་འཕེན་པ་གཏོང་ཨེ་དགོས། ཞེས་པར། ས་ས་ལ་ཐིམ་པ་སོགས་ནས། རྣམ་ཤེས་ནམ་མཁའ། །ནམ་མཁའ་འོད་གསལ། འོད་གསལ་ཟུང་འཇུག །ཟུང་འཇུག་ཡེ་ཤེས། ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་བར་དང༌། །མཐར་ལྷུན་གྲུབ་ནང་དབྱིངས་སུ་སྡུད་པའི་ཚུལ་བཅས་རྒྱ་ཆེར་ཐེག་མཆོག་མཛོད་དང༌། གནད་འདུས་ཁྲིད་ཡིག་ཡེ་ཤེས་བླ་མར་གསལ་བར་དེར་གཟིགས་ཤིག །འདི་དུས་སྣང་མཆེད་ཐོབ་གསུམ་རྒྱུད་གཞན་ནས་བཤད་ཚོད་ལྟར་འཆར་དགོས་མི་དགོས་ལ་སྣ་ཚོགས་སྨྲ་ཡང༌། དོན་གནས་ནི་འདིའི་ལུགས་ཀྱི་རིག་པ་དང༌། འོད་གསལ་གྱི་ཡེ་ཤེས་གཅིག་ཡིན། དེས་ན་སྣང་མཆེད་ཐོབ་གསུམ་གྱི་མཐའི་འོད་གསལ་རྫོགས་ཆེན་གྱི་རིག་པ་དངོས་ཡིན་ཀྱང༌། རྫོགས་ཆེན་གྱི་རིག་པ་འཆི་དུས་མངོན་དུ་བྱེད་ཚུལ་ལ་སྣང་མཆེད་ཐོབ་གསུམ་བཤད་ཚོད་བཞིན་འོང་བའི་ངེས་པ་མེད་དེ། འོད་གསལ་འཆར་ཚུལ་ལ་གང་ཟག་གི་ཁྱད་པར་གྱིས་མི་འདྲ་བ་སྣ་ཚོགས་ཤིག་སྣང་བའི་ཕྱིར་ཏེ། སྦས་རྒྱུད་གཞན་དང་དུས་འཁོར་


TN00_Page_280B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འདི་ནས་གསུངས་པའི་འོད་གསལ་དུ་ཐིམ་པའི་རིམ་པ་མི་འདྲ་བ་བཞིན་ནོ། །ཆོས་འདིའི་ཁྱད་པར་གྱི་གདུལ་བྱ་རྣམས་འཆི་བའི་དུས་ཀྱི་ཐིམ་རིམ་ནི་གོང་དུ་སྨོས་པ་ལྟར་ཡིན་ལ། དེའི་ཚེ་འཕེན་པ་སྔོན་དུ་གཏོང་བ་ནི་གལ་ཆེ་སྟེ། མགྲོན་པོ་ལ་བརྒལ་བ་ཚང་སྤྲུགས་སུ་གདབ་པ་ཞེས་བླ་མའམ་རྡོ་རྗེའི་སྤུན་གྱིས་བར་དོའི་གདམས་པ་ཕོག་ནས་གསལ་ལེགས་པར་བཏབ་སྟེ། འདི་བཞིན་དུ་བར་དོར་མི་བརྗེད་པར་སྐྱོང་དགོས་སྙམ་དུ་ངེས་པར་བྱས་ནས་འཆི་བ་ཡང་དེ་ཡིན་ནོ། །སླར་ཡང་མཉམ་བཞག་གི་སྔོན་དང༌། དངོས་གཞིའི་སྐབས་དང༌། རྗེས་ལ་ཇི་ལྟར་བྱ་བ་གོ་སླ་བ་ཞིག་ཤོད་ཅེས་པར། ལར་དགེ་སྦྱོར་ཅི་བྱེད་ཀྱང་འཇིག་རྟེན་གྱི་གཡེང་བ་བཅད་ནས་སྐྱོང་བ་གལ་ཆེ་ལ། ལྷག་པར་རྫོགས་ཆེན་སྒོམ་ན་ཆོས་དང་ཆོས་མིན་གྱི་བྱ་བཞག་ལང་ལོང་མང་པོ་ཙམ་གྱིས་བཞག་སྟེ་ལས་རླུང་དལ་ཞིང་ཞི་བའི་ཐབས་ལ་འབད་དགོས། མཉམ་བཞག་དངོས་ཀྱི་ཚེ། དང་པོ་རིག་པ་རྗེན་ལ་བཏོན་ནས། དེ་ཉིད་བཅོས་བསྒྱུར་སྤང་བླང་གི་ལྷད་མ་ཞུགས་པར་རང་བབས་སུ་བཞག་ཅིང༌། རྣམ་རྟོག་འཕྲོ་ན་ཕར་རྣམ་རྟོག་གི་རྗེས་སུ་མི་འབྲང་བར། རིག་ཐོག་ཏུ་ཚུར་རང་སོ་བཟུང་བ་གནད་ཡིན། བདེ་གསལ་མི་རྟོག་པའི་ཉམས་སོགས་བཟང་ངན་གྱི་རྣམ་པ་གང་བྱུང་ཡང༌། དེ་ལ་རྩིས་གདབ་ཀྱི་རྗེས་གཅོད་


TN00_Page_281A
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཕན་ཆད་རིག་པ་རང་མལ་ནས་གཡོས་ཏེ་རྩལ་ཐོག་ཏུ་ཤོར་བ་ཡིན་པས་སྔར་བརྗོད་པ་ལྟར། རིག་པ་རྟེན་མེད་དུ་འཇོག་པ་ཁོ་ན་འགག་དོན་དུ་ཤེས་དགོས། མཉམ་རྗེས་གཉིས་ལ་རིག་པ་མེ་ལོང་གཡའ་བཤུས་མ་བཤུས་ལྟ་བུའི་ཁྱད་ཡོད་ཀྱང༌། སྐྱོང་ཚུལ་གྱི་རིགས་མི་འདྲ་བ་མེད་པས། དཔལ་སྤྲུལ་རིན་པོ་ཆེས། མཉམ་བཞག་རྗེས་ཐོབ་ཐ་དད་མེད། །ཅེས་གསུངས་པ་ཡིན། ཡུལ་སྣང་ལ་དེར་འཛིན་གྱི་འཁྲུལ་པ་ལུ་གུ་རྒྱུད་དུ་ཤར་ཚེ་སྣང་བའི་དབང་དུ་ཤེས་པ་སོང་ནས་ཆགས་སྡང་སོགས་ལས་དང་ཉོན་མོངས་པའི་དགྲ་རྣམས་མགོ་རྒྱལ་དུ་འགྲོ་བ་ཡིན་ལ། རིག་པའི་ངང་མ་ཤོར་ན་སྤྱོད་ཡུལ་ཐམས་ཅད་དེའི་རང་མདངས་སུ་ཤར་ནས་རིམ་གྱིས་བརྟུལ་ཞུགས་ཀྱི་དྲོད་ཐོབ་པར་འགྱུར་བ་ལགས། ཞེས་པའང་དད་དམ་བརྩོན་པའི་ཡོན་ཏན་དང་ལྡན་པ་ཧོར་འོད་ཟེར་གྱི་ངོར་བསྟན་པའི་ཉི་མས་འཕྲལ་དུ་བྲིས་པ་དགེ། །།


TN00_Page_282A
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །ད་ལམ་རྗེ་ཉིད་ཀྱིས་རྫོགས་ཆེན་ཕྱོགས་ལས་བརྩམས་པའི་བཀའ་འདྲི་འགའ་ཞིག་གནང་བ་འདི་རིགས་ལ་རང་འདྲ་བའི་བློ་དམན་གྱིས་ཇི་བཞིན་ཞུ་བའི་རྔོ་ཐོགས་དཀའ་ཡང་འཕྲལ་དུ་གོ་ཚོད་ཕྱོགས་ཙམ་སྙན་དུ་གསོལ་ན། དྲི་བ་དང་པོར། རྫོགས་ཆེན་གྱི་གཞུང་དུ་གཞི་ལ་འཁྲུལ་གྲོལ་གྱི་གཞི་གཉིས་སུ་དབྱེ་བའི་གྲོལ་གཞི་ཕྱོགས་ཙམ་གོ་རུང༌། འཁྲུལ་གཞི་གྲོལ་གཞིར་ལྷུན་གྲུབ་ཏུ་འདོད་པ་ནི་གཞི་སྐྱོན་ཅན་གྱི་ཁས་བླངས་ལགས་ན། འཁྲུལ་གཞི་འདི་གློ་བུར་བ་ཞིག་ཡིན་ནམ་མིན་ཞེས་པ་འདི་ལ། བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་གསུངས་པ་ལྟར། འོད་གསལ་གཉུག་མའི་སེམས་གཅིག་པུ་དེ་ཀ་ངོ་མ་ཤེས་ན་འཁྲུལ་པའི་གཞི་དང༌། ངོ་ཤེས་ནས་བརྟན་པ་ཐོབ་ན་གྲོལ་སར་འགྱུར་ཏེ་སྔ་མ་གཞི་དང་ཕྱི་མ་འབྲས་བུའི་གནས་སྐབས་ཡིན་པས་དེ་གཉིས་གཅིག་ཏུ་སྨྲ་བ་ཀུན་མཁྱེན་ཆེན་པོས་བཀག་ཡོད། གཞིའི་སྐབས་སུ་འཆི་ཐེང་རེ་བཞིན་འོད་གསལ་དེ་ཡོངས་རྫོགས་འཆར་ཡང་ངོ་མ་ཤེས་པའི་དབང་གིས་སླར་ཡང་འཁྲུལ་པའི་གཟུང་འཛིན་གྱི་ཡོ་ལང་དུ་ལྡོག་ལ། གྲོལ་སར་སླེབས་དུས་རང་ཐོག་ཏུ་བཙན་ས་ཟིན་པས་ཕྱིར་མི་ལྡོག་པའི་ཁྱད་པར་ཡོད། གཞིའི་དུས་སུ་རང་ངོ་མ་ཤེས་པས་རང་རྩལ་འཁྲུལ་པར་ཤར་བ་འདི་ལ་དཔྱད་པ་ཉིད་ཀྱིས་


TN00_Page_282B
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་གཞི་བྱེད་པ་དེ་འོད་གསལ་ཁོ་རང་གི་གཉུག་མའི་རང་གཤིས་མིན་པར་རྟོགས་ནུས་ཏེ། དེ་ལྟར་མ་ཡིན་ན་དེའི་རང་ངོ་ཇི་ལྟར་ཤེས་ཤིང་ཇི་ལྟར་རྩལ་རྫོགས་པ་དེ་ལྟ་དེ་ལྟར་སྲིད་པའི་འཁྲུལ་སྣང་མཆེད་རིགས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འཁྲུལ་གཞི་དང་གྲོལ་ས་གཅིག་ཏུ་མི་འདོད་ཅིང་འཁྲུལ་གཞིར་འདོད་པའི་གཞིའི་འོད་གསལ་གློ་བུར་བའི་ཆོས་སུའང་ཁས་མི་ལེན་པས་ཀ་དག་ལྷུན་གྲུབ་གཉིས་ཕྱོགས་རེར་བཅད་པའི་འདོད་ཚུལ་རྣམས་དང་མི་འདྲ་སྙམ་པ་ལགས། །བཀའ་འདྲི་གཉིས་པ། གཞི་ལ་འཁྲུལ་པ་མ་གྲུབ་ཀྱང་གཞི་སྣང་གི་རྩལ་ལ་བཟང་ངན་དུ་འཛིན་པས་འཁྲུལ་པ་དེ། དེ་ལྟར་འཁྲུལ་མཁན་གྱི་རླུང་སེམས་ཐ་དད་ཅིག་ཡོད་པ་ཡིན་ནམ་ཞེས་གསུངས་པ་ལ། གཞིའི་འོད་གསལ་འཁྲུལ་པའི་ངོ་བོར་སྐྱེས་མ་མྱོང་ཞིང་མི་སྲིད་པས་ཡེ་གྲོལ་དང་གདོད་ནས་རྣམ་དག་དང་ཀ་དག་སོགས་སུ་བརྗོད་ལ། གཞི་སྣང་ལ་འཛིན་པ་ཞུགས་པའི་རླུང་སེམས་དེ་མ་འཁྲུལ་ཟེར་མི་ནུས་པས་དེ་གཉིས་མི་གཅིག་ཅིང་ཐ་དད་དུ་འཇོག་དགོས་ཀྱང༌། འཁྲུལ་པ་འོད་གསལ་མིན་ཡང་འོད་གསལ་སྤངས་པའི་འཁྲུལ་པ་ཅིག་མེད་པར་རིག་འཛིན་གོང་མས་གསུངས་པ་ལྟར་དེ་འདྲའི་འཁྲུལ་པ་དེ་འོད་གསལ་དེའི་བདག་ཉིད་དང་ངོ་བོ་ཉིད་དུ་ཁས་བླང་དགོས་ཀྱི་རྫས་ཐ་དད་དུ་མི་འཇོག་པར་སེམས་ལགས། གསུམ་པ། ཆོས་སྐུ་ཡེ་ཤེས་རིག་པ་རྣམས་ལ་འཁྲུལ་ནས་ཀུན་གཞི་རྣམ་


TN00_Page_283A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་སུ་ལོག་པ་འདི་གསུམ་སྔ་མ་གསུམ་བཅིངས་གྲོལ་ལས་འདས་ཤིང་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་གཤིས་ཅི་ཡང་མ་ཡིན་པ་ལ་ཅི་ཡང་འབྱུང་རུང་མེ་ལོང་དུ་གཟུགས་བརྙན་སྣ་ཚོགས་འཆར་བ་སོགས་ཀྱི་དཔེས་བསྟན་རུང་འཁོར་བར་སྣང་ཙམ་མིན་པ་ཞེན་འཁྲུལ་གྱིས་བཅིངས་པའི་སེམས་ཅན་རྣམས་བྱུང་བའི་གནད་འདི་ཇི་ལྟར་ཡིན་ཞེས་པར། གཞི་ལས་གཞི་སྣང་དུ་གཡོས་ཞེས་པའི་གཞི་སྣང་ནི་སྐུ་དང་འོད་དང་ཐིག་ལེ་སོགས་ཡུལ་སྣང་གི་རྣམ་པ་ཅན་ཁོ་ནར་མི་བྱའི་ཐུགས་རྗེའི་རིག་ཆ་ཕྱིར་གསལ་དུ་མཆེད་པའང་དེར་འཇོག་དགོས་ལ། དེའི་རྩལ་ལམ་ཤུགས་ལས་གསེར་གྱི་གཡའ་དང་ཆུའི་ཉ་ལྕིབས་ལྟར་ཡུལ་ཤེས་སོ་སོར་སྣང་བའི་ཤེས་པ་གློ་བུར་བའི་ཆར་གྱུར་པ་ཕྲ་མོ་དང་པོར་མཆེད་པ་ལ་ཀུན་གཞི་ཞེས་བྱ། དེའི་རླུང་སེམས་ཇེ་རགས་སུ་སོང་བ་ལས་ཚོགས་དྲུག་ཉོན་ཡིད་དང་བཅས་པར་སོང་ལུགས་རྫོགས་ཆེན་གྱི་གཞུང་ཆེན་པོ་རྣམས་སུ། མ་རྟོགས་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པའི་སྐབས་ནས་རྒྱ་ཆེར་བཤད་པ་དེ་ལགས། དེ་ལྟར་ན་རིག་པ་དངོས་ཀ་དག་ཡིན་པས་ཞེན་འཛིན་གྱི་རྣམ་པར་མི་འབྱུང་ཡང་དེ་ལས་ཤར་བའི་སེམས་རགས་པ་རྣམས་ཐ་མལ་པའི་ཞེན་འཛིན་དུ་འཆར་ལ། དེའི་དབང་གིས་འདུ་བྱེད་ཀྱི་ལས་དང་སེམས་ཅན་དང་སེམས་ཅན་གྱི་གནས་རྣམས་འབྱུང་ཚུལ་མཁྱེན་སླ་བ་ལགས། བཞི་པར། འཆི་ཁའི་


TN00_Page_283B
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་དང་པོ་ནམ་མཁའ་སུམ་ཕྲུག་གི་ཉམས་ལེན་དང་གྲོང་འཕོ་སྟོབས་སུ་གྱུར་པ་ལ་སྣང་མཆེད་ཐོབ་པའི་ཐིམ་རིམ་འབྱུང་ངམ་མི་འབྱུང་ཞེས་པར། དེ་དག་གང་ལའང་ཐིམ་རིམ་དེ་འབྱུང་དགོས་པར་སེམས་ཏེ། འོད་གསལ་སྦུབས་འཇུག་གིས་གྲོལ་བ་ནི་འཆི་བའི་འོད་གསལ་གྱི་དུས་སུ་བརྟན་པ་ཐོབ་པ་ཡིན་ལ། འོད་གསལ་དེའི་སྔོན་དུ་ཐིམ་རིམ་དེ་འབྱུང་དགོས་པའི་ཕྱིར་དང༌། གྲོང་འཕོ་གྲོང་འཇུག་གིས་གྲོལ་ན་རྣམ་ཤེས་ལུས་ལས་འཐོན་པའི་ཚེ་དག་པའི་གནས་སུ་འཕོ་བ་ཡིན་པ་གང་ཞིག །རྣམ་ཤེས་ལུས་ལས་འཐོན་པ་ནི་ཐིམ་རིམ་གྱིས་དྲངས་པའི་འཆི་བ་འོད་གསལ་གྱི་མཐར་ཡིན་པའི་ཕྱིར་རོ། །ལྔ་པ། རྣམ་ཤེས་སྣང་བ་ལ་ཐིམ་སོགས་ཀྱི་འགྲོས་དང༌། རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་འགྲོས་གཉིས་ཀྱི་ཁྱད་པར་གང་ཡིན་ཞེས་པར། རྣམ་ཤེས་ནམ་མཁའ་ལ་ཐིམ་ཚུལ་ཉིད་རྒྱས་པར་ཕྱེ་ན་རྣམ་ཤེས་སྣང་བ་དང༌། སྣང་བ་མཆེད་པ་ལ་ཐིམ་པ་སོགས་སུ་འགྱུར་བས་གནད་གཅིག་པ་ལགས། དྲུག་པ། ཁུ་རྡུལ་རླུང་གསུམ་གྱི་ཐིམ་རིམ་འདི་བཙན་ཐབས་སུ་བཅད་པའི་སྦས་དོན་མན་ངག་ཨེ་ཡོད་གསུངས་པར། སྣང་མཆེད་ཐོབ་པའི་ཐིམ་རིམ་འདི་དག་རླུང་ཐིམ་པའི་ཐིམ་རིམ་ཁོ་ནར་བཤད་པ་དང༌། ཁུ་རྡུལ་རླུང་གསུམ་གྱི་ཐིམ་རིམ་དུ་བཞག་པའི་བཤད་སྒྲོས་མི་འདྲ་ཙམ་ཡོད་པར་སྣང༌། གང་ལྟར་ཡང་ཚེ་


TN00_Page_284A
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འཚང་རྒྱ་བ་རྣམས་ནི་མཐོང་བའི་ཆོས་ཉིད་ལ་ཁུ་ཁྲག་རླུང་གསུམ་གཙོ་བོར་གྱུར་པའི་ཕུང་ཁམས་ཀྱི་སྤྲོས་པ་མཐའ་དག་འོད་གསལ་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་རང་དེངས་ལ་སོང་བའི་ཐིམ་རིམ་གྱིས་མཚོན་པའི་སྐྱེ་འཆི་བར་དོའི་རྣམ་བཞག་ཐམས་ཅད་ལས་རིང་དུ་བརྒལ་བ་ཡིན་ལ། དེ་ལས་གཞན་པ་རྣམས་ནི་ཚེ་འདིའི་ཕུང་ཁམས་ཕྲ་རགས་འོད་གསལ་གྱི་དབྱིངས་སུ་ལྷག་མ་མེད་པར་མ་བསྡུས་པར་བར་དོ་འགྲུབ་ཚུལ་མེད་ལ། དཀར་དམར་ནག་གསུམ་གྱི་སྣང་བ་སོགས་ཀྱང་ཁམས་ཕྲ་མོ་བསྡུས་པའི་རྟགས་སྣང་ཡིན་པས་མན་ངག་ཟུར་པ་ཅང་མེད་དམ་སྙམ་མོད། གང་ཟག་གི་ཁྱད་པར་གྱིས་ཐིམ་རྟགས་དེ་དག་ལ་མངོན་ཚན་ཆེ་ཆུང་ནི་སྣ་ཚོགས་ཤིག་འོང་བ་འདྲ། བདུན་པ། འཆི་ཁའི་བར་དོར་གྲོལ་བ་ལ་འཆར་ལུགས་བརྒྱད་འབྱུང་ངམ་མི་འབྱུང་གསུངས་པར། འཆར་ཚུལ་དེ་དག་ནི་འཆི་ཁའི་བར་དོའི་ཕ་རོལ་ལམ་བར་དོ་དོ་རྫོགས་རྗེས་ཀྱི་ཆོས་ཉིད་བར་དོའི་འཆར་ཚུལ་ཡིན་པས་མི་འབྱུང་བར་སེམས་ལགས། བརྒྱད་པ། ཆོས་ཉིད་ཀྱི་བར་དོར་ཞི་སྐུས་གཞན་དོན་དངོས་སུ་མི་བྱེད། ཁྲོ་སྐུས་བྱེད་ཅེས་པ་འདི་ཅི་ལགས་གསུངས་པར། མཆེད་གཞི་སྙིང་གའི་རིག་གདངས་ཞི་སྐུར་ཤར་དུས་ནས་རང་ངོ་ཤེས་ན་གཞན་དོན་དངོས་སུ་བྱེད་ལོང་མེད་པར་དབྱིངས་ཐོག་ཏུ་ཐིམ་པ་


TN00_Page_284B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་དེ་ལས་མཆེད་པ་དུང་ཁང་གི་ཁྲོ་བོའི་རྟགས་སྣང་ཁྲོ་སྐུར་ཤར་ཚེ་གཞན་དོན་བྱེད་པའི་སྐད་ཅིག་མ་མང་པོའི་རིང་ལ་གནས་པའི་དོན་ཡིན། སྐབས་འདིའི་གཞན་དོན་བྱེད་མི་བྱེད་ཅེས་པའི་གཞན་ནི་རང་ལས་རྒྱུད་ཐ་དད་པའི་གདུལ་བྱ་ལ་མི་བྱེད་ཀྱི་སྟོང་གཟུགས་ལྷུན་གྲུབ་ཀྱི་སྣང་ཆར་འགྲོ་དྲུག་རྨི་ལམ་ལྟར་འཆར་བ་ལ་བཞག་པར་གསུངས་ཏེ། རྒྱས་པར་ཐེག་མཆོག་མཛོད་ཀྱི་བར་དོའི་རིམ་ཁང་ན་གསལ་ལགས། དགུ་པར། སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས་གྲོལ་ཞེས་པ་འདི་བར་སྲིད་དང་རང་བཞིན་བར་དོའི་སེམས་ཅན་གང་ལགས། རྫོགས་ཆེན་ལ་སྦྱང་བ་ཡོད་མེད་ཐམས་ཅད་ལགས་སམ། གྲངས་སུམ་སྟོང་འདི་ལ་གབ་སྦས་ཡོད་དམ་མེད་ཅེས་པར། དབང་གཉིས་ཀྱི་འཇུག་པ་ལ་དབང་ཐོབ་པའི་སྐབས་སུ་སེམས་ཅན་སུམ་སྟོང་རིག་པ་གཏད་པས་གྲོལ་བར་མཛད་ཅེས་གསུངས་པ་འདིའི་ཐད་ནས་དྲིས་པར་སྣང་སྟེ། དེ་ནི་ཁ་ཅིག་ཏུ་བར་དོའི་སེམས་ཅན་ཞེས་བཤད་པ་རང་བཞིན་བར་དོ་ལ་དགོངས་ཞེས་ག་ཤེད་གསུངས་ཡོད་སྣང་ཤར། དེ་དག་རྫོགས་ཆེན་ལ་སྦྱངས་པའི་སེམས་ཅན་ཡིན་མིན་མི་གསལ་ཡང་སྔོན་གྱི་འབྲེལ་བ་ཡོད་པ་རེ་དགོས་སམ་སྙམ། སུམ་སྟོང་གི་གྲངས་ལ་གབ་དོན་མེད་པ་འདྲ། འདི་རིགས་གཞུང་ནས་གསུངས་པ་དེ་ཀའི་རྗེས་སུ་འབྲངས་པ་མ་གཏོགས་གྲངས་དེ་ལྟར་ངེས་པའི་རྒྱུ་


TN00_Page_285A
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སོགས་བཤད་མི་ནུས་པ་འདྲ་སྟེ། རྒྱལ་སྲས་ས་དང་པོ་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཐོབ་པར་གསུངས་པ་སོགས་ཀྱང་ཚུལ་དེ་འདྲ་རེད་ལགས། བཅུ་པར། བར་དོར་གནད་གསུམ་གྱིས་གྲོལ་བ་རྣམས་ལ་ཐིམ་ལུགས་བརྒྱད་ཀྱིས་ཅིག་ཆར་དུ་ཐིམ་པ་དང༌། ངོ་མ་ཤེས་ནས་འཁྲུལ་པ་ལ་ཐིམ་ལུགས་བརྒྱད་ཀས་ནང་དབྱིངས་སུ་གཞི་སྣང་ཐིམ་རུང་འཁོར་བ་ལྟར་ཐིམ་པ་ལ་བག་ཆགས་གོམས་ཤུགས་ཆེ་བས་འཁྲུལ་པ་ལགས་སམ་ཞེས་པར། གཞི་སྣང་གྲོལ་སྟོབས་ཀྱིས་ཐིམ་པ་དང་འཁྲུལ་སྟོབས་ཀྱིས་ཐིམ་པ་གཉིས་ལས་ཕྱི་མའི་སྐབས་འདིར་སེམས་ཅན་ཐ་མལ་པ་རྣམས་ལ་ཆོས་ཉིད་བར་དོའི་གཞི་སྣང་སྐར་མདའ་རྒྱུག་པའི་ཡུན་ཙམ་ལས་མི་འཆར་ཞིང་ཤར་བ་དང་ཐིམ་པ་གཉིས་ཀ་ངོས་མི་ཟིན་མོད། འོན་ཀྱང་ཐོག་མེད་ནས་བག་ཆགས་གོམས་ཤུགས་ཀྱིས་མ་དག་འཁོར་བའི་སྒོ་ལྟར་ཤར་བའི་ལག་རྗེས་སྟོབས་སུ་གྱུར་ནས་བར་དོ་དང་སྐྱེ་བའི་འཁོར་བ་མཆེད་པ་ནི་ལོས་ཡིན་སྙམ། བཅུ་གཅིག་པར། ཡེ་ཤེས་བཞི་སྦྱོར་སྐབས་ཡེ་ཤེས་གསུམ་པོའི་ལམ་སྣང་ལ་གྲོལ་བ་དེ་ཕྲིན་ལས་རྩལ་མ་རྫོགས་པས་ཡོན་ཏན་ལ་མཆོག་དམན་འབྱུང་ངམ། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལ་ཐིམ་པའི་ལམ་སྣང་ལ་ཕྲིན་ལས་ཀྱི་རྩལ་རྫོགས་པ་ཨེ་ཡིན་གསུངས་པར། ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་སྟེ་ཡེ་


TN00_Page_285B
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་ཟེར་དགོས་པས་ཡེ་ཤེས་གསུམ་ཞེས་པ་ནི་ཡི་གེ་ཅུང་མ་དག །བྱ་གྲུབ་ཡེ་ཤེས་ཀྱི་རྩལ་རྫོགས་པ་ནི་ཀ་དག་ཏུ་གྲོལ་དུས་ཁོ་ན་ཡིན་པར་གསུངས་ཏེ། དེའི་དུས་སུ་རྩལ་རྫོགས་ཟིན་པས་ཡོན་ཏན་ལ་མཆོག་དམན་འབྱུང་དོན་མ་མཆིས་པ་ལགས། བཅུ་གཉིས་པ། བསམ་གཟུགས་ཀྱི་ཏིང་འཛིན་འགྲུབ་ཕྱིར་ཨ་བཞི་བརྩེགས་སོགས་སྒོམ་པར་གསུངས་པ་འདིའི་སྒོམ་ཚུལ་ཇི་ལྟ་བུ་ཡིན་ཞེས་པར། ཐོད་རྒལ་གྱི་གཟིགས་སྟངས་དང་བསྟུན། འཇམ་རླུང་ཅུང་ཟད་བཟུང་སྟེ་ཨའི་དོན་སྐྱེ་མེད་དང༌། སྐྱེ་མེད་ཅེས་པ་རང་སེམས་ཀྱི་དབྱིངས་གདལ་ཁྱབ་ཆེན་པོར་ཤེས་པའི་ངང་ནས་ནམ་མཁའ་ལ་མིག་གཏད་པའི་སར་ཨ་དམར་པོ་ལྔ་བརྩེགས་བསྒོམས་ནས་རིག་པ་མ་ཡེང་བར་གཏད་པས་དམིགས་མེད་དུ་ཆམ་གྱིས་འགྲོ་བས་དེའི་ངང་ལ་མཉམ་པར་བཞག །ཨ་དཀར་པོ་བཞི་བརྩེགས་སོགས་ལྷག་མ་རྣམས་ལའང་འགྲེ་སྦྱར་བས་འགྲུབ། བཅུ་གསུམ་པ། ཡེ་ཤེས་ཀྱི་འོད་རྩ་ཤེལ་སྦུབས་ཅན་འདི་རྫོགས་ཆེན་ལུགས་ཀྱི་དབུ་མ་མཐར་ཐུག་ལགས་སམ། མིག་གཉིས་ལ་ཟུག་པ་འདི་རྩ་དེ་གཉིས་སུ་གྱེས་པ་ལགས་སམ་སོགས་གསུངས་པར། དེ་ཀ་ལྟར་ཡིན་མཆི་སྙམ་པའི་འལ་འོལ་ཙམ་ལས་དཔེ་ཆ་བལྟ་མ་ཐུབ་པས་ཐེག་མཆོག་མཛོད་གཟིགས་པར་ཞུ། བཅུ་བཞི་པ། འཆི་དུས་སྲོག་རྩ་ནས་ཁྲག་ཐིགས་གསུམ་སྙིང་ཁར་


TN00_Page_286A
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱབ་པས་སེམས་རིག་འབྲེལ་ཐག་ཆད་ནས་རིག་པ་མིག་ནས་ཐོན་ཅེས་པའི་མིག་འདི་དབང་རྟེན་རགས་པ་ལ་བྱེད་དམ་ཞེས་པར། དེ་དབང་རྟེན་རགས་པ་ཙམ་ལ་མི་བྱེད་ཀྱི་དེར་ཟུག་པའི་འོད་རྩ་རྒྱང་ཞགས་ཆུའི་སྒྲོན་མ་ལ་བྱེད་པ་ཡིན་ཏེ། འདིའི་རྟེན་འབྲེལ་གྱིས་ཆོས་ཉིད་བར་དོའི་སྣང་བ་འཆར་བ་ལགས། བཅོ་ལྔ་པ། སྔ་འགྱུར་གྱི་མན་ངག་ལས་རྩ་རོ་མ་དཀར་རྐྱང་མ་དམར་ཞེས་པར། གཡས་གཟུང་བའི་རླབ། གཡོན་འཛིན་པའི་རླབ་ཅེས་སྦྱོར་ཆོག་གམ་གསུངས་པར་ཆོག་པ་འདྲ་སྙམ། བཅུ་དྲུག་པ། ཀློང་སྙིང་བར་དོའི་སྨོན་ལམ་ལས་དམར་ལམ་སྔོན་དུ་འཆར་བར་བཤད་པའི་གནད་ཅི་ལགས་གསུངས་པར། སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ་ལས་སྣང་བ་གསུམ་གྱི་རྟགས་སྣང་དམར་དཀར་ནག་གསུམ་གྱི་རིམ་པས་སྦྱར་བ་དེ་ལ་དགོངས་པར་མངོན་མོད། བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་དང༌། རྩ་རླུང་རིག་འཛིན་འཁྲུལ་འཁོར། རྣམ་མཁྱེན་ཤིང་རྟའི་གོང་འོག་སོགས་ཀུན་ཏུ་དཀར་དམར་ནག་གསུམ་གྱི་རིམ་པ་སྤྱི་འགྲོས་ལྟར་ཀུན་མཁྱེན་ཉིད་ཀྱིས་བཤད་འདུག་པས་སྔ་མའི་དེ་ཡི་གེ་འཁྲུགས་པའི་དཔེ་སྐྱོན་མིན་པའི་ངེས་པའང་མི་འདུག་སྙམ། བཅུ་བདུན་པ། ཐིག་ལེ་སྟོང་སྒྲོན་གྱི་ར་བར་རིག་པ་ལུག་རྒྱུད་ཚུད་ཐབས་ཁྲེགས་ཆོད་ལ་བརྟན་པ་ཐོབ་ནས་རིག་པ་རླུང་སེམས་ཀྱིས་མི་


TN00_Page_286B
[མ་དཔེ་གཟིགས་ན་འདིར་གནོན།]

སྤུར་བ་དང༌། གནད་གསུམ་གཟིགས་སྟངས་སོགས་ཀྱིས་གཅུན་ནས་བརྩོན་འགྲུས་ཀྱིས་སྦྱངས་པ་ལས་གཞན་པའི་མན་ངག་ཅང་ཨེ་བཞུགས་གསུངས་པར། སྟོང་སྒྲོན་གྱི་ཕྱི་རོལ་དུ་ལུ་གུ་རྒྱུད་ཤར་བ་དེ་བལྟ་སྟངས་ཀྱིས་སྟོང་སྒྲོན་དེ་ཀའི་དབུས་སུ་རིམ་གྱིས་ཁྲིད་ནས་དེ་ཉིད་ལས་རིག་པ་གཞན་དུ་མི་གཡོ་བར་མདུང་ཚུགས་སུ་གཏད་དེ་སྒོམ་པ་ཁོ་ན་གནད་ཀྱི་གཙོ་བོ་ཡིན་ལ། ལུས་ངག་གི་གནད་གཅུན་པ་སོགས་དེའི་ཡན་ལག་ཏུ་དགོས་པ་ལགས། བཅོ་བརྒྱད་པ། གཉུག་མའམ་ཐ་མལ་གྱི་ཤེས་པ་ཟེར་བ་འདི་སེམས་ཀྱི་རང་བཞིན་དུས་གསུམ་གྱི་རྟོག་པས་མ་བསླད་པའི་རང་བྱུང་གི་ཡེ་ཤེས་དེ་ལགས་སམ། འོན་ཀྱང་ཐ་མལ་དང་ཤེས་པ་ཟེར་དོན་ཅི་ལགས་གསུངས་པར། གཉུག་སེམས་མཛུ་གུ་བཙུགས་ཕྱག་བྲིས་འདིར་འཁོད་དེ་ཀ་ལྟར་ཡིན་པ་གཞིར་བཅས་ཀྱང་དོན་འདི་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་རྒྱ་མཚོའི་བརྗོད་བྱ་འགང་ཆེ་ཤོས་ཡིན་པས་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བའི་གཏམ་གྱི་གཞིར་ངེས། དེ་ལ་སེམས་ཀྱི་རྡོ་རྗེ་དང་འོད་གསལ་དང་རང་བཞིན་ལྷན་སྐྱེས་སོགས་ཀྱི་ཐ་སྙད་ནི་བླ་མེད་སྤྱི་ལ་གྲགས་ཤིང༌། ཐ་མལ་གྱི་ཤེས་པ་ཞེས་པ་ནི་སྒོས་སུ་རྫོགས་ཆེན་པ་ལ་གྲགས་པར་སྣང༌། དེའང་གསོ་རིག་འགྲེལ་པ་ཟླ་ཟེར་དུ་གླལ་བ་དང་སྦྲིད་པ་སོགས་ཀྱི་ཤུགས་མི་དགག་པ་ལ་སོགས་པའི་ཀུན་སྤྱོད་བཤད་སྐབས། ཐ་མལ་པར་གནས་པ་ལ་


TN00_Page_287A
[མ་དཔེ་གཟིགས་ན་འདིར་གནོན།]

ནད་མི་འབྱུང་བའི་ཕྱིར་ཞེས་རང་བབས་སུ་གནས་པ་ལ་ཐ་མལ་པར་གནས་པའི་ཐ་སྙད་བརྗོད་པ་ལྟར་གཉུག་མའི་རང་འགྲོས་ལ་སྤངས་བླང་དགག་སྒྲུབ་སོགས་ཀྱི་བཟོ་བཅོས་མ་སོང་བའི་རང་བབས་དེ་ལ་ཐ་མལ་པ་ཞེས་བརྗོད་པ་ལགས། རྫོགས་ཆེན་སྐོར་ནས་འདི་མང་དུ་སྨོས་པའི་རྒྱུ་མཚན་ཡང་རྫོགས་རིམ་གཞན་ལྟར་རྩ་རླུང་ཐིག་ལེའི་སེམས་ཀྱིས་གཉུག་སེམས་ལ་བདེ་ཉམས་དང་མི་རྟོག་པའི་ཉམས་སོགས་དབྱུང་ཐབས་མི་འདྲ་བ་མང་པོ་བྱས་ནས་ཡེ་ཤེས་འཆར་ཚུལ་དང་མི་འདྲ་བར་ད་ལྟ་ཀུན་རྟོག་རང་དགའ་མའི་སྟེང་ན་ཡེ་གྲོལ་བསལ་བཞག་ལས་འདས་པའི་རིག་པ་ཟང་ཐལ་རྗེན་པར་བཞུགས་པ་དེ་ཀ་སོར་བཞག་བྱས་ནས་ངོ་སྤྲོད་པ་དང་སྒོམ་པ་ལ་དགོངས་ཏེ། རྩོལ་བྲལ་གྱི་ཐེག་པ་ཞེས་རྒྱ་ཆེར་བསྔགས་པའི་གནད་ཀྱང་འདི་ལ་ཡོད་པ་ལགས། ཤེས་པ་ཟེར་དོན་ནི་དེ་འདྲའི་རིག་པ་དེའི་ངོ་བོ་བེམ་ཆོས་དང་བེམ་སྟོང་སོགས་ཡིན་པ་བཅད་ནས་ཤེས་རིག་གི་ཆར་གྱུར་པ་ཡིན་པར་གོ་ཆེད་ཐ་སྙད་སྦྱར་བ་སྟེ་གོ་སླ། བཅུ་དགུ་པ། མཚན་མེད་རིག་སྟོང་ཟུང་འཇུག་གི་ཉམས་ལེན་སྐྱོང་དུས་རྟོག་པ་ཅི་ཤར་ཡང་ཤར་གྲོལ་རིས་མེད་དང༌། དེ་ཡང་གྲོལ་ལུགས་གསུམ་གང་རུང་ལགས་ཀྱང་འོག་འགྱུ་ཤིན་ཏུ་ཕྲ་མོ་གྲངས་མེད་པ་ཡེང་བ་མི་ཚོར་བ་ཞིག་འབྱུང་འདུག་པ། དེ་ལ་ངང་གནས་ཆོས་ཉིད་རང་བྱུང་གི་དྲན་པའི་རྒྱུན་ཡང་ཡང་བརྟེན་པ་དེ་ཀས་འཁྲུལ་རྟོག་རྒྱ་འབྱམས་


TN00_Page_287B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་དམ་མི་ཆོད་ཅེས་པར། རིག་ཐོག་ཏུ་མཉམ་པར་བཞག་རྩིས་བྱས་རུང་ཅི་ཞིག་ནས་ཀུན་གཞི་ལུང་མ་བསྟན་གྱིས་མགོ་བསྐོར་ནས་སེམས་གནས་ལྟེང་པོ་ཧད་དེ་བ་དང་ཐོམ་མེ་བའི་ངང་ལ་ལུས་ཏེ་འོག་འགྱུ་ཤར་བ་མི་ཚོར་བ་ཞིག་འབྱུང་བ་ནི་མཉམ་བཞག་རང་ས་མ་ཟིན་པ་ཡིན་པས་ཅི་ཙམ་གོམས་ཡང་འཁྲུལ་རྟོག་གི་བག་ཆགས་བཟློག་མི་ནུས་ལ། དེ་ལྟ་མིན་པར་རྣམ་རྟོག་གི་འཆར་སྒོ་བཟང་ངན་ཐམས་ཅད་ལ་བདག་གཉེར་མི་སྤྲོད་པར་འཆར་གཞིའི་རིག་པ་ཟང་ཐལ་གྱི་ངོ་བོ་ཁོ་ནའི་སྟེང་དུ་རང་ས་བཟུང༌། ཡང་དང་ཡང་དུ་རིག་ཆ་དེ་ཉིད་ཧུར་བཏོན། རྗེན་ལ་ཕྱུངས་ཏེ། ཆིག་ཆོད་དུ་བསྐྱངས་པས་རྟོག་པ་ཕྲ་རགས་ཅི་ཙམ་ཟུར་དུ་ཤར་ཡང་བྱུང་ཚོར་གྱི་རྩིས་གདབ་མི་འབྱུང་བ་ནི་ཡེངས་ནས་མི་ཚོར་བ་མིན་གྱི་རྩལ་གྱི་རྟོག་པས་མི་འཕྲོག་པའམ་མི་གཡེང་ཚུལ་ཡིན་པས་གྲོལ་ལུགས་གསུམ་པ་ཁང་སྟོང་དུ་རྐུན་མ་ཞུགས་པའི་དཔེས་བསྟན་པའང་དེ་ཀ་ཡིན། དེའི་ངང་ལ་ཇི་ལྟར་གོམས་པ་དེ་ལྟར་རྣམ་རྟོག་ཐ་མལ་པའི་རྩལ་ལམ་ཤུགས་ཆད་ཅིང་རྣམ་པར་མི་རྟོག་པའི་རིག་པ་རྩལ་ཇེ་རྫོགས་ལ་སོང་ནས་སྟོང་པའི་དབྱིངས་སུ་རིག་པའི་མདུང་སྐོར་བྱེད་པ་དེ་འབྱུང༌། ཆོས་ཉིད་རང་བྱུང་གི་དྲན་པ་དངོས་ནི་གཉུག་སེམས་རང་གི་ཆར་གྱུར་པའི་ཡེ་བབས་ཀྱི་དྲན་པ་ཁོ་ན་ཡིན་ལ། སྨོས་མ་ཐག་པ་ལྟར་རིག་པ་རྩལ་ཐོག་ན་གནས་དུས་ཡེང་མ་ཡེང་གི་སོ་མཚམས་འཛིན་པའི་ཤེས་རབ་འདྲེན་བྱེད་


TN00_Page_288A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དྲན་པ་དེ་ཡང་ཆོས་ཉིད་ཀྱི་དྲན་པ་རྗེས་མཐུན་ཙམ་དུ་འགྱུར་བར་མངོན་ལགས། ཉི་ཤུ་པ། ཤེས་ཉམས་དང་མཐར་འགྱུར་གྱི་ཉམས་གཉིས་གཅིག་ཡིན་ནམ་མིན། བརྟན་མི་བརྟན་གྱིས་སྣང་ཤེས་ཉམས་སོ་སོར་འབྱེད་པ་ལགས་སམ། དེ་ལྟར་ན་བླ་མེད་རྒྱུད་སྡེ་གཞན་གྱི་སྟོང་གཟུགས་ཀྱང་བརྟན་པ་སྲིད་ན་རྫོགས་ཆེན་གྱི་སྣང་ཉམས་དང་ཁྱད་པར་ཅི་ལགས་ཞེས་གསུངས་པར། ཤེས་ཉམས་དང་སྣང་ཉམས་དང་མཐར་འགྱུར་གྱི་ཉམས་གསུམ་ལས་དང་པོ་ནི་བདེ་གསལ་མི་རྟོག་སོགས། གཉིས་པ་ནི་དབྱིངས་སྒྲོན་རྨ་བྱའི་མདོངས་ལྟ་བུ་དང་སྟོང་སྒྲོན་ཀོ་མོའི་ཆུ་ལ་རྡོ་བོར་བ་ལྟ་བུ་སོགས། གསུམ་པ་ནི་རིག་མདངས་ལས་གཞན་པའི་ཟླ་ཉི་འཇའ་ཚོན་འདྲ་བ་སོགས་རླུང་རྟགས་ཀྱི་སྣང་བ་རྣམས་ཏེ་དེ་རྣམས་གཅིག་ཏུ་འདོད་མི་བཏུབ། རྒྱུད་སྡེ་གཞན་ནས་བཤད་པའི་སྟོང་གཟུགས་དང་རྫོགས་ཆེན་ཐོད་རྒལ་བའི་སྣང་ཉམས་གཉིས་སྟོང་གཟུགས་ཡིན་པ་ཙམ་དུ་འདྲ་ཞིང་གོམས་འདྲིས་སོང་རིམ་བཞིན་གསལ་བརྟན་ཇེ་ཆེར་འགྲོ་བ་ཙམ་དུའང་འདྲ་མོད་ཀྱི་རླུང་གདངས་དང་རིག་གདངས་ཀྱི་ཁྱད་པར་ལས་དྭངས་ཆ། གསལ་ཆ་བརྟན་ཆ་སོགས་ལ་ཕན་ཚུན་མི་འདྲ་བའི་ཁྱད་ཆེ་བར་ཐེག་མཆོག་མཛོད་ལས་གསུངས་ཏེ། བུ་རམ་འོ་མ་ཤ་ཁ་ར་རྣམས་ཀྱི་རོ་མངར་བ་ཙམ་དུ་འདྲ་ཡང་ཕན་ཚུན་ཁྱད་པར་ཆེ་མོད་དེ་དག་གི་ཁྱད་པར་འདི་ལྟ་བུ་ཞེས་


TN00_Page_288B
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེས་མྱང་ན་ཤེས་པ་མ་གཏོགས་དབྱངས་ཅན་མས་ཀྱང་བརྗོད་མི་ནུས་ཞེས་སློབ་དཔོན་དཎྜིས་གསུངས་པ་ལྟར་རོ། །ཉེར་གཅིག་པ། སེམས་ཀྱི་གསལ་སྟོང་ཟུང་འཇུག་དང༌། དེ་ལས་བྱུང་བའི་ཉམས་བདེ་གསལ་མི་རྟོག་དང༌། སེམས་ལས་འདས་པའི་རིག་པ་གསལ་སྟོང་ཟུང་འཇུག་དང་དེའི་བདེ་གསལ་མི་རྟོག་གི་ཁྱད་པར་འདིས་རྫོགས་ཆེན་མན་ངག་སྡེ་དང་འོག་མའི་ཁྱད་པར་ཕྱེ་ཟེར་ན་རུང་ངམ་གསུངས་པར། སེམས་གསལ་སྟོང་ཟུང་འཇུག་དང༌། དེའི་ཆར་གྱུར་པའི་བདེ་གསལ་མི་རྟོག་ཙམ་གྱིས་ཕྱི་ནང་ཐུན་མོང་གི་ཞི་གནས་ལས་ཀྱང་འཕགས་མི་ནུས་ལ། རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་གསུམ་གང་ཡང་སྤྱིར་ཐེག་ཆེན་དེ་ལས་གསང་སྔགས། དེའི་ནང་ནས་རྣལ་འབྱོར་བླ་མེད། དེ་ལས་ཀྱང་རྫོགས་རིམ་གྱི་རྣལ་འབྱོར་ཆེས་ཟབ་པ་ཡིན་པས་དེ་ལྟར་བཞག་མི་རུང་བར་གོ་ལགས། ཉེར་གཉིས་པ། རྫོགས་ཆེན་ལ་གསུམ་དུ་དབྱེ་སྐབས་མ་ཧཱ་ཡོ་ག་སེམས་སྡེ། ཨ་ནུ་ཀློང་སྡེ། ཨ་ཏི་མན་ངག་སྡེ་ཞེས་བཞག་ཨེ་རུང་ཞེས་པར། དེ་ལྟར་བཞག་ཀྱང་འགལ་ཚབ་ཧ་ཅང་ཆེ་བ་མ་མཐོང་རུང་རྒྱུད་འགྲེལ་ཕྱོགས་བཅུ་མུན་སེལ་ལས་གསུངས་པའི་བབས་ལ་བརྟགས་ན་སྒྱུ་འཕྲུལ་གསང་སྙིང་གི་ལམ་རིམ་དང་རྫོགས་ཆེན་ཁྲེགས་ཆོད་དང་ཐོད་རྒལ་དང་གསུམ་པོ་ཨ་ཏིའི་མ་ཧཱ་སོགས་གསུམ་དུ་མཛད་པ་འདྲ་བ་ཅིག་སྣང་སྟེ་འདི་ལ་ད་དུང་ཤིན་ཏུ་བརྟགས་དགོས་པར་


TN00_Page_289A
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ལགས། ཉེར་གསུམ་པ། རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་བར་དོ་སྔ་མ་གསུམ་གང་རུང་ལ་གྲོལ་ན་དེའི་དུས་ཉིད་དུ་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་དང༌། སྲིད་པ་བར་དོར་གྲོལ་ན་རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེས་ནས་གཟོད་འཚང་རྒྱ་བ་ལགས་སམ་ཞེས་པ་ནི་ཇི་ལྟར་ཕྱག་བྲིས་སུ་གནང་བ་དེ་ཁོ་ན་ལྟར་ལགས། ཉེར་བཞི་པ། གསང་བ་སྒྱུ་འཕྲུལ་པའི་ལྷག་པའི་བདེན་གཉིས་དབྱེར་མེད་སྐབས། ཀུན་རྫོབ་ཏུ་ཡང་བདེན་གཉིས་དབྱེར་མེད་པའི་བསམ་སྤྱོད་ཁྱད་པར་ཅན་གྱི་ས་ཟིན་པས་དག་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བལྟ་བ་དང༌། དོན་དམ་དཀོར་བདུན་ཡེ་ནས་ལྷུན་གྱིས་གྲུབ་པའི་བཞུགས་ཚུལ་དེ་ལ་ཐུན་མོང་གི་མཉམ་གཉིས་ལས་ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་སྐུ་ཆེན་པོ་ཞེས་གོ་བ་དེ་འདྲ་ཞིག་ཨེ་རེད་ཅེས་བཀའ་སྩལ་བར། དེ་ལོས་ཡིན་ཡང་ལྷག་པ་ཀུན་རྫོབ་བདེན་པ་འདིའི་འཇོག་ལུགས་ཞིབ་ཏུ་སྣང་བ་ལྷར་སྒྲུབ་ཚུལ་གྱི་སྐོར་རྣམས་ལས་རྒྱས་པར་མཁྱེན་དགོས་ཤིང༌། དོན་དམ་དཀོར་བདུན་གྱི་གོ་དོན་རྩ་བ་གཉུག་སེམས་རྒྱས་པར་གཏན་ལ་ཕབ་པ་ལ་རག་ལས་ཀྱང་རྒྱུད་འགྲེལ་རྣམས་ལ་གཟིགས་པས་ཁྱབ་ཀྱི་ཡི་གེ་ཧ་ཅང་མང་བས་འཇིགས་པས་སྤྲོས་པ་བསྐྱུངས་པ་ལགས། དེ་དག་གིས་ནི་ཇི་ལྟར་བཀའ་འདྲི་གནང་བ་རྣམས་ཀྱི་ལེན་ཧ་ལམ་ཙམ་རེ་ཞུས་ཟིན་ཏོ། །སྤྱིར་


TN00_Page_289B
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སང་བསྐལ་པ་སྙིགས་མའི་མཐར་སླེབས་ཤིང༌། ཐུབ་པའི་བསྟན་པ་མར་འགྲིབ་པས་སྐྱེ་བོ་རྣམས་དམ་པའི་ཆོས་ལ་མོས་པ་ཆུང་ཞིང༌། ལྷག་པར་ཐེག་མཆོག་རྡོ་རྗེ་རྩེ་མོའི་བཤད་སྒྲུབ་བསོད་ནམས་དང་སྐལ་པས་འཆུན་པ་སྲིད་མཐའ་མ་ཁེགས་ཙམ་དུ་སོང་བའི་དུས་འདིར། འདི་ཙམ་ཞིག་གླེང་བའི་གོ་སྐབས་རྙེད་པའང་སྐལ་པ་བཟང་བར་ཤེས་ནས་བྱིས་པས་མི་རྒན་གྱི་ལད་མོ་ལྟར་བཟླས་པ་མ་གཏོགས་རྡོ་རྗེའི་གནས་ཟབ་མོ་རྣམས་བདག་འདྲ་བས་བཤད་པར་ག་ལ་ནུས། བཀའ་འདྲི་འདི་དག་ལ་བལྟས་ན་དེ་ཀར་རྫོགས་ཆེན་སྙིང་ཐིག་གི་ཕྱོགས་ལ་གཟིགས་རྟོག་མང་དུ་མཛད་ཀྱི་ཡོད་འདྲ་སྙམ་ནས་ཁ་ཙམ་མིན་པར་ཡི་རང་ཆེན་པོ་སྐྱེས་ཤིང་ད་དུང་ཡང༌། སེམས་རིག་རྣམ་འབྱེད་སྤྱིའི་གོ་དོན་དང༌། རིག་པ་བཅར་ཕོག་ཏུ་ངོས་འཛིན་ཚུལ། དེ་ཁོ་ནས་ཤོར་གོལ་ནོར་གསུམ་གྱི་འཕྲང་ཐམས་ཅད་ཆིག་ཆོད་བྱེད་ཚུལ། རིག་པ་རྐྱང་འདེད་བྱས་ནས་གདམས་ངག་གཞན་གྱི་ཤན་མ་ཞུགས་པར་སྐྱོང་ཚུལ། དེ་ལ་མདོ་རྒྱུད་འོག་མ་རྣམས་ནས་བཤད་པའི་ལམ་གྱི་གནད་མཐའ་དག་ཡར་ལྡན་དུ་རྫོགས་ཚུལ། དེར་མ་ཟད་ཐེག་པ་འོག་མ་གང་དང་ཡང་མི་འདྲ་བའི་ཁྱད་པར་འཕགས་ཆོས་ངེས་འདྲོང་རྒྱ་ཆེར་ཡོད་ཚུལ་སོགས་གསལ་ཞིང་རྣོ་ལ་མཐའ་ཆོད་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཞལ་དངོས་སུ་བཞུགས་པ་དང་འདྲ་བར་


TN00_Page_290A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད་ཡིན་པས་དེ་ཉིད་ལ་ཡང་ཡང་གཟིགས་དགོས། ཡང་ཡང་གཟིགས་ན་ཇེ་ཞིབ་ཇེ་ངེས། ཚིམ་པ་མེད་པར་བལྟ་སྙིང་འདོད་པ་འབྱུང༌། ལན་རེ་ཟུང་གཟིགས་པ་ཙམ་གྱིས་རྩིང་ཧྲོབ་བེ་བ་ལས་མི་འོང༌། དེ་ནས་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་མཐའ་གཅོད་རྒྱ་ཆེ་ཞིང་འབྱམས་ཀླས་པར་གཏན་ལ་འབེབས་པ་ཐེག་མཆོག་མཛོད་ཡིན་པས་དེ་ཡང་ཡང་གཟིགས་པ་གནད་ཆེ། སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་དང༌། ཡོན་ཏན་མཛོད་རྩ་འགྲེལ་གྱི་སྟེང་ནས་བསྟན་པ་སྤྱིའི་སྒྲོམ་འཚོལ་བའང་མེད་མི་རུང་དུ་གལ་ཆེ་སྙམ་པ་བཅས་མཛེས་ལམ་དུ་མ་སོང་བའི་ནང་བཅར་གྱི་ཞུ་བ་ལགས། ཞེས་འཇམ་དབྱངས་བླ་མ་རྡོ་རྗེ་འཆང་ཆེན་པོའི་བྲན་གྱི་ཐ་ཤལ་དུ་གཏོགས་པ་སྤྲང་རྒན་བསྟན་པའི་ཉི་མས་གསོལ་བ་དགེ་བར་གྱུར་ཅིག། །།


TN00_Page_291A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ངོ་ཤེས་པ་དང་རིག་པ་ངོ་ཤེས་པ་གཉིས་ཁ་ཁ་ཁུ་ཁུ་རེད། རྣམ་རྟོག་གི་ངོ་འཚོ་བ་ལ་དགོས་པ་ཅི་ཡང་མེད། འདི་སྒོམ་ཟེར་རྒྱུའི་ངོ་བོ་ངོས་བཟུང་མེད་རུང་གསལ་སྟོང་བརྗོད་མེད་ཀྱི་ངོ་བོ་ཧ་གོ་བཞིན་དེའི་ངང་མ་ཤོར་བར་བསྡད་ན་རེད་ཡོད། དེ་ཡང་རང་ངོ་རང་གི་ཧ་གོ་བ་ཙམ་མ་གཏོགས་གོ་རྒྱུ་དང་གོ་མཁན་གཉིས་ཡོང་ལེ་མ་རེད། རིག་པ་ཧུར་ཕྱུང་ཟེར་བ། བྱིང་རྨུགས་འཕྲོ་རྒོད་ཡོང་ཤོམ་བྱེད་དུས་དེ་ལ་ཕར་སྤང་བླང་མི་བྱེད་པར། རྩ་བ་བརྗོད་མེད་ཀྱི་རིག་པ་རང་ཉིད་གཟེང་བསྟོད་གསལ་ངར་བཏོན་ནས་ཚུར་རང་ས་འཛིན་པ་དེ་ལ་ཟེར། ༈ །འོ་དེ་ཡིན། རྣམ་རྟོག་ངོ་ལ་བལྟ་བ་སོགས་དེ་འདྲའི་རིགས་ཐམས་ཅད་བཟོ་བཅོས་ཤ་སྟག་རེད། །བཟོ་བཅོས་ཐམས་ཅད་དང་བྲལ་བའི་རིག་པ་ཁོ་རང་གཅེར་བུར་ཕུད་དེ་བསྐྱང་བའི་སྐྱོང་བྱེད་ཀྱི་དྲན་པ་ཡང་སྐྱོང་རྒྱུའི་རིག་པ་ཁོ་རང་གི་ཀློང་དུ་ལན་ཚ་ཆུར་ཞུ་བ་ལྟར་ཐིམ་འགྲོ། །དེ་ལྟར་བསྐྱང་ན་ནོར་ས་གཞན་མེད། གེགས་སེལ་བོགས་འདོན་ཐམས་ཅད་བླ་མའི་རྣལ་འབྱོར་ལས་ཟབ་པ་མེད་པས་རང་གི་ལག་གི་ཡིད་བཞིན་ནོར་བུ་ཐང་ལ་མ་འཕེན་ཨང་དགེ༌༈ །རགས་པ་མངོན་ཞེན་དང་ཕྲ་བ་གཤིས་ཤོར་སོགས་ཀྱི་སྐོར་རྣམས་རིག་པ་ལས་གཞན་དུ་གོལ་བའི་སེམས་འཛིན་མཁན་གྱི་སྐད་ཆ་རེད། རིག་ཐོག་ན་དེ་འདྲའི་གོལ་ས་མང་པོ་ཡོད་ན་རིག་པ་ཀུན་ཏུ་བཟང་པོ་ཅི་ལ་ཟེར། དེའི་ཕྱིར་རིག་ངོ་སྐྱོང་དུས་འདི་ལ་མངོན་


TN00_Page_291B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་ཨེ་ཡིན་གཤིས་ཤོར་གྱི་དོགས་པ་ཨེ་ཡོད་སྙམ་ནས་རེ་དོགས་ཙབ་ཙུབ་མང་པོ་སྤེལ་བ་ནི་ཆུ་དྭངས་པའི་ནང་དུ་ཟླ་གཟུགས་དཀར་ལྷག་གེ་འོང་དུས་ཆུ་དབྱུག་མདོང་གིས་བསྙོག་ནས་ད་ཟླ་བ་ག་རེད་ཟེར་བ་དང་འདྲ་བར་གོ་ལགས། ལུས་རླུང་འཁྲུགས་པ་དང༌། སེམས་ཁ་དྭངས་དུབ་རྣམ་རྟོག་མང་ཉུང་སོགས་སྣ་ཚོགས་འོང་བ་ནི་རིག་ངོ་ཧ་ལམ་ཙམ་མཐོང་ཡང་ཉམས་ལེན་རྩལ་མ་རྫོགས་ཤིང་རིག་ཐོག་ཏུ་བརྟན་པ་མ་ཐོབ་པའི་ལན་པས་རེ་དོགས་བྱེད་གི་མི་འདུག་པར་ག་ལེར་སོས་བརྡལ་ནས་བསྒོམ་ན་རིམ་གྱིས་སྐྱེ་རྒྱུ་རེད། དཔེར་ན་ལྷ་སར་འགྲོ་དུས་ལམ་མ་ནོར་བ་ཞིག་ཤེས་དགོས། དེ་ཤེས་རུང་མགྲོན་པོ་འགྲུལ་པ་གར་མཐོང་གི་རྗེས་སུ་འཁྱམ་གིན་བསྡད་ན་ལྷ་སར་རིག་དུས་ཡོད་རྒྱུ་མ་རེད་པས་རང་ལམ་ནག་དེད་བྱེད་པ་གལ་ཆེ་བ་འདྲ། གདངས་མངོན་གྱུར་གྱི་ཆ། རྣམ་རྟོག་དང་བྲལ་བ་འོད་གསལ་བའི་རྣམ་པ་ཅན་དེ་རིག་པ་ཨེ་རེད་ཟེར་བ་ནི་གཤིས་རང་བབས་བརྗོད་མེད་ཀྱི་ངང་དེ་ལ་བཅོས་བསྒྱུར་གཏན་ནས་མ་ཕོག་ན་ཡིན་འདུག །མཚན་མོ་ཡང་རིག་པ་རང་བབས་སུ་བཞག་བཞིན་དུ་གཉིད་ལོག་ན་རིམ་གྱིས་ཉམས་ལེན་གཉིད་དང་འདྲེས་འགྲོ་རྒྱུ་རེད་ཀྱང་ཉིན་མོའི་རྣལ་འབྱོར་ལ་མ་བརྟན་བར་དུ་དཀའ་བར་སྣང་ངོ༌། །ཐུང་མྱུར་དུ་དགེ་སྦྱོར་གཉིད་རྨི་དང་བསྲེ་ཨེ་ཐུབ་བསམ་ན་ཉིན་པར་གྱི་དུས་སུ་ད་ལྟ་གཉིད་སྐབས་ཡིན་ཅིར་སྣང་ཅི་བྱེད་འདི་ཐམས་ཅད་རྨི་ལམ་དངོས་ཡིན་སྙམ་པའི་དྲན་འཛིན་


TN00_Page_292A
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་དྲག་རྒྱུན་ཆགས་སུ་བརྟེན་ནས་ཉམས་ལེན་དང་བསྲེ་བ་དང༌། ཉལ་ཁའང་གཉིད་ཀྱི་རིང་ལ་ཉམས་ལེན་སྐྱོང་དགོས་སྙམ་པའི་འཕེན་པ་དྲག་པོ་བཏང་ན་ཟབ་པར་གསུང༌། ཧ་ཤང་གི་ལྟ་བ་དང༌། ཞི་གནས་རྟོག་མེད་དང༌། སེམས་ཧད་པོ་གསུམ་གྱི་ཁྱད་པར་གང་ཡིན་ཟེར་བར། དང་པོ་ནི་ཅི་ཡང་མི་བསམ། ཡིད་ལ་མི་བྱེད་པ་ཁོ་ན་ཟབ་མོའི་ལམ་དུ་འདོད་པ་ཞིག་རེད། གཉིས་པ་ལ་བཤད་རྒྱུ་མང་ཡང་མདོ་རྩ་བྱིང་རྒོད་ཀྱི་སྐྱོན་གཉིས་བཅད་ནས་སེམས་གསལ་དྭངས་ཀྱི་སྟེང་དུ་བརྟན་ཆ་ཐོབ་པ། གསུམ་པ་འདི་ལ་མཆོག་དམན་བར་མ་སྣ་ཚོགས་ཡོད་པས་ཟེར་ཚོད་མེད་དེ་ཐ་ན་སྤྲང་པོ་ཁྱི་མང་གི་རུབ་དུས་ཀྱང་སེམས་ཧད་དེ་བ་དེ་ཨི་མི་འོང་ཧ་ཧ། དེ་ཐམས་ཅད་གློ་བུར་འཁོར་བའི་སེམས་ཁོ་ནའི་སྟེང་ནས་འགྲོ་བ་རེད་མ་གཏོགས་སེམས་རིག་པ་ལ་ཤན་ཕྱེས་ཏེ་རིག་པ་རྐྱང་འདེད་བྱེད་པ་ནི་གཅིག་ཀྱང་ག་ལ་ཡོད། ༈ །རྣམ་རྟོག་ལ་དགག་སྒྲུབ་རྗེས་འབྲང་གང་ཡང་མ་བྱས་པར་སེམས་རང་བབས་སུ་བཞག་པ་འདི་ཡིན་གྱི་ངོས་ཟུང་མེད་ཀྱང་ཡེ་ནས་བཅོས་བསླད་ཀྱི་དྲི་མ་མ་ཞུགས་པའི་སེམས་ཀྱི་རང་གཤིས་རིག་ཆ་སང་ངེ་བ་དེའི་སྟེང་ནས་མ་གཡོས་ན་དེ་གས་ཆོག །དེའི་ཚེ་རྣམ་རྟོག་བདག་མེད་དུ་བསྐྱུར་བ་ལ་སྐྱོན་ཅི་ཡང་མེད། དེ་འདྲའི་རྣམ་རྟོག་ཤར་ཡང་མི་གནོད་པ་ཡིན། བླ་མ་ལ་མོས་གུས་བཅོས་


TN00_Page_292B
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཡོད་རུང་ད་དུང་བླ་མ་ཡང་ཡང་གསལ་བཏབ། ཡང་ཡང་བཀའ་དྲིན་དྲན་ནས་མོས་གུས་ཀྱི་རྒྱུན་གོང་འཕེལ་དུ་སྤེལ་ན་བཟང༌། ཀུན་གཞི་ནི་གློ་བུར་བའི་ཡིད་ཤེས་ཕྲ་མོ་རྣམ་རྟོག་རགས་པ་མ་མཆེད་པའི་གནས་ཆ་ལྟེང་པོ་ཡིན་ལ། རིག་པ་ནི་གློ་བུར་བའི་བསླད་ཆ་ལས་འདས་པའི་རང་བབས་གཤིས་ཀྱི་བཞུགས་ཚུལ་རྗེན་པའི་ངོ་བོ་ཡིན་པས་ཀུན་གཞི་ལས་སད། རྣམ་རྟོག་རགས་པའི་སྟེང་དུ་མ་ཤོར་བའི་བར་དེར་ངོས་འཛིན་དགོས། ༈ །རྣམ་རྟོག་གི་འཕྲོ་བ་ཕྲ་རགས་ངོས་ཟིན་མི་ཟིན་གྱིས་རིག་པ་དང་ཀུན་གཞིའི་ཁྱད་ཕྱེ་མི་ཐུབ། སེམས་རྟོག་མེད་ཀྱི་ངང་ལ་འཕྲོ་ཆ་ཕྲ་རགས་ངོས་ཟིན་པ་ཙམ་སྒོམ་གྱི་མཐིལ་དུ་འཛིན་མཁན་མང་ཡང་དེས་ཀུན་གཞིའི་གཡའ་མི་ཆོད། གནས་ཆ་ལྟེམ་མེ་བ་ལྟ་བུ་དང་གློ་བུར་བའི་གསལ་ཆ་དྭངས་ཆ་སོགས་ཡོད་རུང་རྒྱ་ཆད་ཕྱོགས་ལྷུང་ཅན་གྱི་འཛིན་ཆ་ཐུམ་ཐུམ་འདྲ་བ་དེ་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་ལས་མི་འདའ། གནས་ཆ་ལྟེང་པོ་ལས་སད། འགྱུ་ཆ་ཕྲ་རགས་སུ་མ་མཆེད་པའི་བར་རང་བབས་ཀྱི་ཤེས་པ་སང་ངེ་བ་འཛིན་ཆ་གང་གིས་ཀྱང་མ་བཅིང་ཞིང་སྟོང་མི་སྟོང་དང་གསལ་མི་གསལ་སོགས་ཀྱི་རྩིས་གདབ་དང་བྲལ་བ། རྟེན་མེད་ཟང་ཐལ་རྗེན་པའི་ངོ་བོ་ཞིག་འཆར་རྒྱུ་དེ་རིག་པ་ཡིན། དེ་ངོས་ཟིན་ཕན་ཆད་རྣམ་རྟོག་ཤར་རམ་གནས་སམ་ཇི་ལྟར་ཡང་གནས་འགྱུའི་རྗེས་མི་དེད་


TN00_Page_293A
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྩ་བའི་རིག་པ་ཁོ་རང་རྐྱང་པ་རྗེན་ལ་ཕུད་དེ་སྐྱོང་བ་འདི་སྒོམ་ཆེན་མཆོག་རྣམས་ཀྱི་ལམ་སྲོལ་མ་ནོར་བ་ཡིན། མིག་སོགས་དབང་པོའི་ཡུལ་གང་སྣང་ཡང་དེར་འཛིན་མ་ཞུགས་པ་ཙམ་ཞིག་ཀུན་གཞི་དང་རིག་པ་གཉིས་ཀ་ལ་ཡོད་ཀྱང་ཀུན་གཞི་ལུང་མ་བསྟན་ཁོལ་བུར་ལུས་པ་དང༌། རིག་པ་ཕྱོགས་མེད་རྒྱ་གྲོལ་ཆེན་པོ་གཉིས་གོང་སྨོས་ལྟར་ཆེས་མི་མཚུངས་པ་ལགས། ༈ །རང་གི་སེམས་ས་ལེ་ཧྲིག་གེ་བ་དེའི་སྟེང་དུ་དྲན་པ་བརྟེན་ནས་གྲིམ་ལྷོད་རན་པར་བསྒྲིམས་ཏེ་བསྐྱང་བས་རིམ་གྱིས་སེམས་ཇེ་བརྟན་དུ་འགྲོ་བ་ཞིག་འོང་ཡང་དེ་རྫོགས་ཆེན་མ་རེད། དེ་འདྲའི་སེམས་ས་ལེ་བ་དེ་ལའང༌། ཕྱིའི་ཡུལ་རྐྱེན་དང་ནང་བཞག་ཐབས་སོགས་ཀྱི་རྐྱེན་ལས་དྭངས་ཆ་དང་གསལ་ཆ་ཐོབ་པའི་གློ་བུར་བའི་ཆ་ཞིག་དང༌། དེ་འདྲའི་རྐྱེན་དབང་གིས་བྱུང་བ་མིན་པའི་སེམས་རང་གི་གཉུག་མའི་འདུག་ཚུལ་བཟོ་བཅོས་གང་ཡང་ཕོག་མ་མྱོང་བ་ཞིག་སྟེ། དེ་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་གནས་པས་དེ་ལྟར་རང་བབས་གཉུག་མའི་བཞུགས་ཚུལ་གློ་བུར་བའི་སེམས་ཀྱི་དུག་དང་མ་བྲལ་བར་ཅི་ཙམ་བསྐྱང་ཡང་རྟོགས་པ་མཆོག་ལ་རེག་མི་ནུས། གློ་བུར་བའི་སེམས་ནི་ཁོལ་བུ་པ་དང་བཟོ་བཅོས་དང་དམིགས་གཏད་ཅན། གཉུག་མའི་རིག་ཆ་ནི་གང་གིས་ཀྱང་ཁོལ་བུར་མ་བཅིང་བས་ཕྱོགས་དང་རིས་


TN00_Page_293B
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་ཆད་ཅིང༌། དམིགས་གཏད་དང་འཛིན་ཞེན་བཅོས་བསྒྱུར་གང་ཡང་མེད་པ། དེ་ལྟར་མེད་ཀྱང་ཅི་ཡང་མི་གོ་མི་ཤེས་པའི་རྨོངས་ཆ་གཏན་ནས་མ་ཞུགས་པ། མཐོ་ཟང་དེ་ཡངས་ཁྲོལ་ལེ་བ་ཞིག་ཡིན། དེ་གཉིས་མི་ནོར་བར་རིག་ཆ་རྐྱང་བ་དེ་སྐྱོང་རྒྱུ་ཡིན། དེའང་རིག་པ་ངོ་ཤེས་ནས་དེ་ལས་གཞན་པའི་གནས་ཆ་འགྱུ་ཆ་གང་གི་ཕྱོགས་སུའང་མ་ཤོར་རིག་ཆ་ཁོ་རང་བཟོ་མེད་དུ་འཇོག་པ་གོམས་པས་གནས་འགྱུ་གཞན་ཆེད་དུ་མ་བཀག་ཀྱང་གར་སོང་ཆ་མེད་ཀྱི་དང་ནས་རིག་པ་གཅེར་བུར་བུད་སོང་བ་ཞིག་འབྱུང་བས་དེ་ལ་རིག་ཆ་རྗེན་པར་བུད་ཟེར་བ་ཡིན། ཤེས་རིག་རང་ཚུགས་མ་ཤོར་ན། །དེ་ལས་ལྷག་པ་གཞན་མི་དགོས། །གསུངས་པའང་དེ་རེད། དེས་ན་ཁྱེད་ཀྱི་ཡི་གེའི་ནང་གི་དོན་གཉིས་པོ་འདིའི་སྔ་མ་དེ་བཟང་བ་འདྲའནག ། ཉམས་རྟོགས་ཨི་སྐྱེ་སྒྲུབ་ཚུགས་ལ་རག་ལས། སྒྲུབ་ཚུགས་ཨི་ཟིན་སྙིང་རུས་ལ་ཐུག་ཏེ་བློ་སྣ་མི་མང་བར་ཞེ་བཅད་གཅིག་གི་སྟེང་དུ་འདུག་ཐུབ་པ་ཞིག་གལ་ཆེ་བས་དེ་ལྟར་རེམ་རེམ་ཐོ་ཐོ་སྤྲུལ་སྐུ་ཚང༌། དང་པོར་འཁྲུལ་ཚུལ། གང་ཚེ་ཐུགས་རྗེའི་རིག་གདངས་རྣམ་པའི་ཡུལ་སོགས། ཞིབ་པར་དཔྱོད་དང་ཀུན་གཞིའི་གཏད་ཞེན་གཟའ་གཏད་དམིགས་གཏད་ཅི་བྱས་ཀྱང་དེ་བདེན་ཞེན་གྱི་རྩ་བའི་གླེང་གཞི་རེད། འདི་ལྟར་གཏད་ཞེན་དེས་ཡུལ་གྱིས་ཤེས་པ་བསླུས་ཤིང་ཁྲིད། ཤེས་


TN00_Page_294A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡུལ་ཐོག་ཏུ་ཤོར་ནས་ཡུལ་སྣང་གིས་ཤེས་པ་མགོ་རྨོངས། རྨོངས་ནས་བདེན་ཞེན་སྐྱེ། དེས་ཡུལ་སྣང་མཐུ་ཇེ་ཆེར་མཆེད་དེ་ཇེ་རགས་ཇེ་རྒྱས་རེད་ནས་ཁམས་གསུམ་དུ་འཁོར། དེ་ལྟར་ན་གཏད་ཞེན་གྱི་ཆ་རྣམས་ཀུན་གཞིའི་མུན་ཆ་ལས་བྱུང་བས་ཀུན་གཞིའི་སྨག་སང་རིམ་ལྟར་གཏད་ཞེན་ཆགས་ཐོགས་ཀྱི་སྐྱོན་དག་ནས་རིག་པ་ཐོགས་མེད་ཟང་ཐལ་དུ་བུད་ཅིང༌། ཡུལ་སྣང་གི་ཆ་ཐམས་ཅད་སྟོང་གཟུགས་ལྟ་བུའི་བན་མ་བུན་དུ་འཆར། ཀུན་གཞིའི་བསླད་ཆ་མཐའ་དག་སང་ཚེ། ཡུལ་གྱི་སྣང་ཆ་གཏན་ལོག་ཏུ་འགྲོ་སྟེ། བཏགས་གྲོལ་གྱི་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་སོ་སོའི་བཤད་པ་ལྟར་རང་སྣང་དུ་ཤེས་པས་ནད་དབྱིངས་སུ་ཐིམ་པ་རེད། བདེན་སྣང་གི་ཆ་ཐམས་ཅད་གཟའ་གཏད་ཀྱི་སྤྲོས་པའི་རང་མདངས་ཡིན་པས་ཀུན་གཞི་དང་དེ་ལས་བྱུང་བའི་འཛིན་ཞེན་དང་གཟའ་གཏད་ཀྱི་སྤྲོས་པ་ཐམས་ཅད་ནུབ་པའི་ཚུལ་གྱིས་ངོ་བོའི་རིག་དབྱིངས་མངོན་དུ་གྱུར་ཚེ། ཤུན་པ་བཤུས་པས་སྙིང་པོའི་གནས་ཚུལ་རྗེན་ཅེར་གྱིས་མཐོང་བ་ལྟར་ངོ་བོ་ཉིད་མེད་པའི་དབྱིངས་སམ། གཤིས་ཀྱི་བཞུགས་ཚུལ་སྒྲིབ་མེད་དུ་མཐོང་འོང་སྟེ། ལུང་རིགས་ལ་ཅི་ཙམ་སྦྱང་བ་ལས་དེ་ཁྱད་པར་འཕགས། རིག་ཐོག་ཏུ་ཀུན་གཞིའི་སྨག་མུན་སང་ཐབས་ནི་རིག་ཆ་ཧུར་ཕྱུང་སྟེ་སྒོམ་པ་རང་རེད་པས་ཅོག་བཞག་ས་


TN00_Page_294B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངེས་པ་འདྲོང༌། ཆོས་དབྱིངས་མཛོད་འགྲེལ་ན། རྣལ་འབྱོར་པ་ལ་ཡུལ་སྣང་ཕྱི་རོལ་དུ་མི་འཆར་བར་མེ་ལོང་ལ་གཟུགས་བརྙན་ལྟར་རིག་ཀློང་དུ་ཚུར་འཆར་གསུངས་པའང་སྣང་སེམས་རྒྱང་ཆད་ཀྱི་འཆར་ཚུལ་ཀུན་གཞིའི་གཏད་ཞེན་ལས་བྱུང་བས་གཏད་མེད་རྒྱ་ཡན་གྱི་རིག་པ་རང་འགྲོས་སུ་བཞག་པའི་ལག་རྗེས་རེད། མཁའ་འགྲོ་ཡང་ཏིག་ཏུ་ཁྲེགས་ཆོད་དུས་ཀྱང་བཞག་སྟོབས་ཁོ་ནས་ཡུལ་སྣང་ཐམས་ཅད་རང་སྣང་སྒྱུ་མ་ལྟ་བུར་འཆར་ཏེ་ཤེར་སྒྲོན་གྱི་མཐུ་ཡིན་གསུངས་པའང་ཤེར་སྒྲོན་ནམ་རིག་ཆ་ཧུར་ཐོན་ཚེ་ཡུལ་གྱི་སྣང་ཆ་ཀུན་གཞིའི་མུན་པ་དང་འདྲེས་པ་དེ་སོ་སོར་སོང་ནས་སྣང་བཏགས་ཙམ་གྱི་རང་སྣང་རྐྱང་པར་མཐོང་བའི་དོན་རེད་པས། རིག་པ་ངོ་སྤྲོད་ཀྱི་བླ་མ་ཚད་ལྡན་ཞིག་རྙེད་ན། སྟོང་ཉིད་སྟོན་པའི་བླ་མ་ལོགས་ནས་ཚོལ་མི་དགོས་པར་བཞེད་དེ། མིག་འབྱེད་པའི་སྨན་པ་རྙེད་ན། གཟུགས་སྟོན་མཁན་གཞན་མི་དགོས་པ་ལྟ་བུ། ཞི་གནས་ཐུན་མོང་བ་གྲུབ་དུས་ཀྱང་རྗེས་ཀྱི་ཡུལ་སྣང་བུན་ལོང་དུ་འཆར་བ་ཙམ་ཡོད་ཀྱང༌། དེ་ནི་ཡུལ་སྣང་རང་དབང་བའམ་རང་རྒྱུད་པར་འཁྲུལ་བའི་རྨོངས་ཆའི་བསླད་པ་ལོག་སྟོབས་ཀྱིས། རང་བབས་གཉུག་མའི་རིག་ཆའམ་མཁྱེན་ཆའི་གསལ་སྣང་ཆེར་མཆེད་དེ་ཡུལ་སྣང་གཞི་མེད་རྩ་བྲལ་དུ་མཐོང་བའི་ཕྱོགས་ན་གཏན་མེད་དོ། །དེ་ལྟར་ན་དང་པོའི་གཞི་ཐོག་ནས་གཞི་


TN00_Page_295A
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཡེ་ཤེས་ཀྱི་རླུང་གིས་རིག་ཆ་སད་རྗེས་སུ། དེ་ཉིད་ལ་ཀུན་གཞིའི་གཡའ་བཅད་དེ་རང་རྩལ་རྫོགས་སུ་བཅུག་ནས་དབྱིངས་ཐོག་ཏུ་བཙན་ས་འཛིན་པ་འདི་ནི་རྫོགས་ཆེན་ཁོ་ནའི་གསང་གཏམ་ཆེན་པོ་སྟེ། ཀུན་བཟང་ཆོས་དྲུག་ཐད། གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། སོགས་འཁོར་འདས་སམ་འཁྲུལ་གྲོལ་གྱི་གྱེས་མཚམས་བཤད་པས་ཤེས་སོ། །འདི་ལ་གནད་མང་འདུ། ༈ །དེ་ལྟར་བཤད་པ་འདི་དཔྱད་བཟོད་པ་འདྲ་བས་ད་དུང་དེ་ཀ་བཤད་ན། ཆོས་ཉིད་བར་དོའི་སྣང་ཆ་ཤར་དུས་རང་སྣང་དུ་ངོ་ཤེས་ཞེས་པའི་དོན་ནི། སྣང་བ་དེ་མེད་སྣང་སྟོང་གཟུགས་སུ་ངོ་ཤེས་པའི་དོན་རེད། དེ་དུས་ཀྱང་སྣང་བ་དེ་ལ་ཕར་སྤུ་རིས་ཕྱེ་ན་ཡུལ་སྣང་རང་རྒྱུད་པར་སོང་ནས་ཀུན་གཞིའི་འཛིན་ཆ་སླེབ་ཡོད། དེ་ལྟར་མ་ཕྱེ་བར་བཞག་པས་གྲོལ་བའི་དོན་ནི། མེད་སྣང་སྟོང་གཟུགས་དང་ངོ་བོའི་གཤིས་ལ་གྲུབ་མ་མྱོང་བའི་སྣང་བ་གཉིས་གོ་རྒྱུ་གཅིག་རེད་པས་སྔ་མར་མཐོང་བ་དེ་ཕྱི་མར་མཐོང་བའང་རེད་ལ། དེའི་སྟེང་ནས་གཤིས་ལ་གྲུབ་མ་མྱོང་ཞེས་པའི་གཤིས་ངོ་བོ་སྟོང་པའི་དབྱིངས་དེར་རིག་པ་གཏད་དེ་བཞགས་པས་སྣང་བ་དེ་གཤིས་ལ་མ་གྲུབ་པར་རྟོགས་པའི་ཤུགས་ཇེ་ཆེར་འགྲོ། དེ་སོང་བ་ལྟར་སྣང་ཙམ་དེའང་དག་ཐིམ་བསྡུས་ཅི་ཟེར་ཡང་འདྲ་སྟེ་གཤིས་ཐོག་ཏུ་ཚུར་འཁྱིལ་ཡོང་བ་རེད། དེས་ན་རང་སྣང་དུ་མཐོང་ཚུལ་འདི་ཐལ་འགྱུར་བའི་ཐ་སྙད་ཀྱི་འཇོག་མཚམས་ཕྲ་


TN00_Page_295B
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་ཡང་གཅིག་ངོ་མ་ཡིན་པ་གོ་སླ། དེ་ཐམས་ཅད་ད་ལྟའི་འཁྲུལ་སྣང་རགས་པ་ལའང་ཇི་བཞིན་སྦྱར་དགོས་ཏེ། འདིར་སྣང་དང་སྣང་ཡུལ་ཕྱེད་དགོས། ཡིད་བཞིན་མཛོད་ཀྱི་བཅོ་བརྒྱད་པ་སོགས་ན་ཀུན་རྫོབ་མ་བརྟགས་ཉམས་དགའ་དང༌། རིག་པས་རྟགས་ན་མི་རྙེད་དང༌། གང་སྣང་འདི་དང་པོ་དང་ཐ་མའི་དབྱིངས་ན་མེད་ཀྱང་ད་ལྟ་རྨི་ལམ་ལྟར་སྣང་ཞེས་དང༌། བརྟགས་ན་ངོས་བཟུང་མེད་ཅེས་ཀུན་མཁྱེན་བླ་མས་མང་དུ་གསུངས་པ་ཐམས་ཅད་འདི་ཁོ་ན་ལྟར་རེད་པས་ཐུན་མོང་ལྟར་མ་བྱེད། དེ་ལྟར་གཟུང་འཛིན་འཁྲུལ་བའི་ཡོ་ལང་མཐའ་དག་བཏགས་ཙམ་དང་མེད་སྣང་སྟོང་གཟུགས་རྐྱང་བ་དང༌། ཡེ་སྟོང་རང་སྟོང་དུ་ཀ་ནས་སམ་གདོད་ནས་དག་པར་མཐོང་བ་སྟོབས་སུ་གྱུར་ཏེ། རིག་པ་གཟུང་འཛིན་གྱི་རྒྱས་མ་བཅིང་བའི་རྒྱ་གྲོལ་རང་ཡན་དུ་སོང་བ་ན། གཟུང་འཛིན་བདེན་པར་མེད་པར་འཛིན་པའི་འཛིན་སྟངས་དམ་སྦྲིང་ངེ་བ་ཞིག་མ་བཞག་རུང་རིག་པས་དང་པོའི་རང་མལ་ལམ་གཏན་ཡུལ་རྙེད་པས་དེ་ཁོ་ན་ཉིད་རྟོགས་པའི་རྩལ་མེ་ལྕེ་མཆེད་པ་བཞིན་ཤུགས་ཇཻ་ཆེ་ཇེ་འབར་དུ་འགྲོ་ཡི་ཤུགས་ཞན་དུ་མི་འགྲོ་སྟེ། སེམས་ལམ་བྱེད་ཀྱིས་གནས་ལུགས་སྒོམ་དུས་ཀྱི་སྐད་ཆ། རིག་སྟོང་སྒོམ་པའི་སྟེང་དུ་མ་འཁྱེར་ཅིག །ཚུལ་དེས་གཟུང་འཛིན་གྱི་སྤྲོས་པ་ཞི་བ་ན་ཤུལ་དུ་འོད་གསལ་ཟེར་རྒྱུའི་དམིགས་གཏད་ཀྱི་རྟེན་ནི་ཅུང་ཟད་ཀྱང་མི་འཆར་གྱི། རིག་པ་ནམ་མཁའ་


TN00_Page_296A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མདུང་བསྐོར་བ་བཞིན་དུ་གཏད་མེད་རྒྱ་ཡན་གྱི་ངང་གཅིག་ལ་གནས་སོ། །སེམས་ཅན་འཁོར་བར་འཕྱན་པ་ནི་གློ་བུར་བའི་སྤྲོས་པ་འདི་ལ་བདེན་པར་བཟུང་བས་ཡིན་གྱི། འོད་གསལ་བདེན་པར་བཟུང་ནས་མིན་པས་སྟོང་ཉིད་སྒོམ་དུས་ཀྱང་གློ་བུར་བའི་སྣང་སེམས་ཀྱི་གཞི་རྩ་གཅོད་པ་གཙོ་བོའི་དོན་དུ་བཟུང་ངོ། །འོད་གསལ་བདེན་པར་མེད་ཚུལ་གྱི་སྟེང་ནས་མཉམ་བཞག་གི་འགྲོ་ལུགས་འཚོལ་བ་རྩལ་འདོན་མི་བྱེད་ཀྱི། ད་ལྟ་རང་རེ་རྣམས་ཀྱིས་གང་དུ་བདེན་པར་ཞེན་ནས་ཐག་འཁྲུགས་པ་དང༌། དྲུ་གུ་འཛིང་བ་དང༌། བལ་བ་ཛ་འཛིང་བ་ལྟར་འཁྲུལ་པའི་དྲ་བ་གཅད་དཀའ་དབྱེ་དཀའ་བར་སོང་སྟེ་མགོ་རྨོངས་ཕྱོགས་བསླད་པར་གྱུར་པའི་གཟུང་འཛིན་གྱི་ཆོས་འདི་དག་གཞི་རྩ་གཅོད་པ་རྣམ་གྲོལ་སྒྲུབ་པའི་ལམ་གྱི་ཁོག་དོན་རེད་ཅེས་པའོ། །དེ་ལྟར་བྱས་ཚེ་དོན་གྱི་འོད་གསལ་གཉུག་མའི་བཞུགས་ཚུལ་གློ་བུར་གྱི་སྤྲོས་པས་སྟོང་ཚུལ་སྒོམ་པར་སོང་ཡོད་པས། ཀུན་མཁྱེན་གྱིས་གཞན་སྟོང་སྒོམ་ཚུལ་ལ་བསྔགས་པ་འདྲ་མོ་དང༌། བརྒྱུད་པའི་གསུང་སྒྲོས་ལ། ལྟ་བ་རྟོགས་ཚུལ་ལ་ལྟོས་ཏེ་སྟོང་ཉིད་མེད་དགག་དང༌། སྒོམ་པ་སྐྱོང་ཚུལ་ལ་ལྟོས་ཏེ་མ་ཡིན་དགག་གི་ཕྱོགས་བཙན་པར་བྱ་ཞེས་གསུངས་པ་ཐམས་ཅད་དེ་ལ་དགོངས་པར་སེམས། སྣང་བའི་སྤྲོས་པ་ཐམས་ཅད་ནི་གཤིས་ལ་མ་གྲུབ་པ་དང༌། ངོ་བོ་ཉིད་མེད་པ་གཉིས་ཆར་ཡིན་ལ། གཤེགས་སྙིང་ནི་ངོ་བོ་ཉིད་མེད་པ་ཡིན་ཀྱང༌། གཤིས་ལ་


TN00_Page_296B
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པ་མིན་ཏེ། འདི་ནི་དབུ་སེམས་སྐབས་དོན་དམ་འཇོག་ཚུལ་གཉིས་འབྱུང་བ་ལྟ་བུར་གོ །ཆོས་དབྱིངས་མཛོད་འགྲེལ་སོགས་ཐམས་ཅད་ན་ལྟ་བ་དབུ་མ་ཐལ་འགྱུར་པའི་ལུགས་ཁོ་ན་ལ་བསྔགས་ཡོད་པས། དགག་བྱའི་མཚམས་འཛིན་སོགས་ཐལ་འགྱུར་ལུགས་ལྟར་ངེས་པར་དགོས་ཀྱང༌། སྣང་སྟོང་གི་སྤུ་རིས་འབྱེད་པའམ། སྟོང་པ་གུད་དུ་གཅད་པ་ཞེས་སྣང་སྟོང་གི་ལྡོག་ཆ་སོ་སོར་ཕྱེ་སྟེ་མེད་དགག་གི་སྟོང་པ་ཁོ་ན་འཛིན་པ་ནི་རྟོག་པས་སྐྱོང་ཚུལ་གཞིར་བཞག་གི་འགྲོ་ལུགས་ཡིན་ལ། དང་པོ་རྟོག་ངོར་དེ་ལྟར་ཕྱེ་བའི་སྟེང་ནས་བསྒོམས་པ་གོམས་ན། དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་པ་ལྟར་འོང་བའང་འདོད་མོད་ཀྱི། དང་པོ་ནས་རིག་པ་ལམ་བྱེད་དམ་རིག་པ་རྐྱང་འདེད་བྱེད་པའི་རྫོགས་ཆེན་རང་ལུགས་ལ་རྟོག་པ་ལ་ལས་ཀ་མི་འཆོལ་ཏེ། རྟོག་པ་དེ་སེམས་ཡིན་ལ། འདིར་སེམས་རིག་ཕྱེ་ནས་སྒོམ་པའི་ཕྱིར་རོ། །དངོས་པོ་ལ་རང་ངོས་ནས་གྲུབ་པ་གཅད་རྒྱུ་དགག་རྒྱུ་གཏན་མེད་ཀྱང༌། དགག་བྱ་དེ་བཅད་པའི་མེད་དགག་སྒོམ་པ་ནི་བློ་ངོའི་དགག་སྒྲུབ་ཀྱི་རྣམ་བཞག་ལ་བརྟེན་པ་ཀུན་རྟོག་གཞིར་བཞག་གི་འགྲོ་ལུགས་ཡིན་ལ་ཞེས་སོགས་ཀྱང་དེ་བཞིན་ནོ། ༈ །དབུ་མའི་ལྟ་ཁྲིད་དུས། སྟོང་ཉིད་མེད་དགག་ངེས་པའི་ངེས་ངོར་སྟོང་གཞི་དང་དགག་བྱ་མི་འཆར་ཡང༌། དགག་བྱ་བཅད་ལྡོག་ཙམ་ངེས་པའི་


TN00_Page_297A
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཤེས་ཀྱི་ཤུགས་རྗེ་ཞན་དུ་འགྲོར་མི་སྟེར་བར་ཡང་ཡང་དཔྱད་པ་ཕྲ་མོའི་ཟུར་གསོས་གཏོང་དགོས། ངེས་ངོ་དེར་རང་བཞིན་བཙལ་བས་མ་རྙེད་པ་ཙམ་ལ་སྟོང་ཉིད་རྙེད་ཟེར་བ་མ་གཏོགས། རྙེད་རྒྱུའི་སྟོང་ཉིད་ཟུར་པ་མེད། དང་པོ་ཟུར་གསོས་འཕྲལ་འཕྲལ་མ་བྱས་ན་མ་ཡིན་དགག་ཏུ་འཆོར་ཉེན་སོགས་ཡོད། གོམས་ནས་མེད་དགག་གི་ངེས་ཤེས་རྐྱང་བའང་ཡུན་འཚམས་པ་རེ་སྐྱོང་ནུས་གསུངས། འདིར་སྣང་སེམས་བྱ་བྱེད་རྒྱུ་འབྲས་སོགས་ཐམས་ཅད་བདེན་རྫུན་ལ་སོང་ན་མེད་པ་གསལ་སྣང་རྐྱང་པ་ཙམ་དུ་རིག་པ་རང་གནས་ཀྱི་ཤེས་རབ་ཟབ་མོའི་འཕྲུལ་གྱིས་ངོ་ཤེས་ཐག་ཆོད་གདེང་འཆོས་ཏེ། སྣང་བ་ལ་བཀྱེད་ནས་མི་ལྟ་བར་གཤིས་ཐོག་ཏུ་བཏུད་ནས་བཞག་པས་རང་སར་དག་དུས་སྣང་ཆ་དངོས་རང་མེད་ཀྱང་དེ་ཐམས་ཅད་གདོད་ནས་སྟོང་པར་རྟོགས་པའི་ཤུགས་ཡར་ལྡན་དུ་ཡོད་ལ། དེ་ལ་ཟུར་གསོས་གང་ཡང་བྱར་མི་རུང༌། མི་དགོས་ཀྱི་རང་བབས་སུ་བསྐྱང་བས་ངང་འབྱམས་ལྷུན་འབྱམས་ཀློང་རྡོལ་དུ་འགྲོ། མདོར་ན་རིག་པས་སྣང་སེམས་མེད་སྣང་སྟོང་གཟུགས་སུ་མཐོང་བའི་ཤུགས་སམ་རྩལ་རྫོགས་ཐོག་ནས་འོད་གསལ་ཅིར་ཡང་མི་རྟོག་པའི་རང་འགྲོས་སྐྱོང་བ་རེད། དེ་ལྟར་བསྐྱང་བས་རྩལ་ཤུགས་དེ་ཇེ་ཞན་ལ་འགྲོ་རྒྱུ་མེད་པར་ཇེ་ཆེར་མཆེད་འོང་ཞིང༌། དེ་མཆེད་པ་ལྟར་མི་རྟོག་པ་ཤུགས་ཆེར་ཡོང་རྒྱུ། དེ་གཉིས་རྟ་ཤིག་


TN00_Page_297B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུག་འདྲ། ཆར་པ་ཆུ་འདྲ་རེད། ༈ །དེ་ལྟར་མང་པོ་བཤད་ཀྱང༌། དོན་པོ་ནི། སྣང་བ་དང་སྣང་ཡུལ་མ་འཛིང་བ་གཞིར་ཞོག །ཡེ་ཤེས་རང་ངོ་ལ་ཀུན་གཞིའི་བསླད་ཆ་མ་ཞུགས་པས་སྣང་ཆ་གང་ཡང་ཡེ་ཤེས་སམ་རིག་ངོར་སོང་བ་ན་རིག་པ་ཉིད་སྣང་ཆ་དེ་དང་དེར་ཤར་བར་འཆར་གྱི། ཐ་དད་དུ་མི་འཆར། དེའི་སྣང་ཆ་ཐམས་ཅད་རིག་པ་ཉིད་ཀྱིས་ཡིན་བསྡུས་ཀྱང་ཡིན་ཏེ། གཞི་སྣང་དང་པོ་བཞིན་ནོ། །ཀུན་གཞིའི་ལྷད་ཕོག་རིམ་བཞིན་སེམས་ཀྱི་གཡའ་བྱུང་སྟེ་ཡེ་ཤེས་ཀྱི་སྣང་ཆ་དེ་སེམས་ཀྱི་སྣང་བ་རྒྱང་ཆད་གཉིས་སྣང་ཅན་དང་འདྲེས་ནས་གསེར་ལ་དངུལ་ཆུའི་ཟོལ་ཡོད་པ་ལྟ་བུར་འགྱུར་ཡང་ཡེ་ཤེས་དང་དེའི་སྣང་བའི་ཆ་ལ་གོས་མ་མྱོང༌། དེ་ལྟར་སྣང་བ་གང་དང་གང་རིག་ཐོག་ཏུ་སོང་ཡང་སྣང་བ་དེས་རིག་པ་བཏུམ་རྒྱུའམ། གཡོགས་རྒྱུའམ། འགེབ་རྒྱུ་མེད་པར་སྣང་བ་དེ་ཉིད་རིག་པ་རང་དུ་ཧྲིལ་གྱིས་འགྲོ་བ་ནི་རིག་པ་ཡུལ་ལ་མི་ཐོགས་པའི་དོན་ཏེ། རིག་པ་བཟང་ཐལ་ཟེར་དོན་དེ་རེད། དེ་ལྟར་རིག་པ་རང་སྣང་གི་སྣང་བ་ཐམས་ཅད་སྣང་དུས་ཉིད་ནས་ངོ་བོའི་དབྱིངས་ཐོག་ཏུ་གྲུབ་མ་མྱོང་བས་མེད་སྣང་སྟོང་གཟུགས་རྐྱང་པ་ཙམ་ལས་ངོ་བོ་ཉིད་མེད་པར་རིག་པའི་རང་སྟོབས་ཀྱིས་ཐག་ཆོད་པར་འགྱུར་ལ། དེའི་ཚེ་རང་སྣང་ལ་མ་ཞེན་པར་དེ་རྣམས་རང་གི་ངོ་བོས་མ་གྲུབ་པའི་སྟོང་ཉིད་ངོ་ཤེས་པའི་ངང་ནས་


TN00_Page_298A
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོའི་དབྱིངས་སུ་མཉམ་པར་བཞག་པས་རང་སྣང་རང་བཞིན་མེད་པའི་མེད་དགག་གི་སྟོང་པ་དང༌། སྤྲོས་མཚན་ཀ་ནས་དག་པའི་ངོ་བོའི་དབྱིངས་གཉིས་རོ་གཅིག་པའི་ཚུལ་དུ་འདྲེས་ནས་མཐོང་བ་ནི་ཆོས་དབྱིངས་མཛོད་ཀྱི་ལེའུར་ཆོས་ཉིད་དང་སེམས་ཉིད་ཐ་མི་དད་པར་བཤད་པ་ལྟར་རེད་སྙམ། བཏགས་གྲོལ་གྱི་ཀུན་བཟང་ཡབ་ཡུམ་གྱི་དགོངས་པའང་དེ་ལྟར་རེད། མདོར་ན་རིག་པའི་རང་སྣང་དེ་རིག་པ་རང་གི་ངོ་བོར་ཡང་ཤེས། དེ་རིག་པའི་ངོ་བོར་རིག་པའི་གཤིས་ཐོག་ནས་གྲུབ་མ་མྱོང་བར་ཡང་ཤེས་ཚེ་ཐལ་འགྱུར་ལྟ་བའི་གནད་ཀྱང་འདུ་ཡོང༌། ༈ །རྫོགས་ཆེན་འདིར། གཏད་མེད། འཛིན་མེད། ཞེན་མེད་རྣམས་གཅེས་པར་མཛད། ཐོད་རྒལ་ལུག་རྒྱུད་སོགས་ལ་གཏད་དགོས་པར་ཡང་བཤད་པ་ནི། དཔྱད་སྒོམ་གྱིས་གཏད་མི་རུང་བ་དང༌། འཇོག་སྒོམ་གྱིས་གཏད་ནས་བཞག་པ་ལ་སྐྱོན་མེད་པའི་དོན་ཏེ། དཔྱད་སྒོམ་འཛིན་ཞེན་དུ་སོང་ནས་ཀུན་གཞིའི་སྒྲིབ་ཆ་འདྲེན་པས་ཡིན་ཏེ། ཡེ་ཤེས་བླ་མས། དཔེར་ན་རི་མཐོང་བའི་སྐད་ཅིག་སོགས་གཟུང་འཛིན་གྱི་ཐད་སོགས་ལས་ཤེས། ༈ །ཀུན་རྟོག་ལ་གང་སྣང་རིག་པ་ལའང་སྣང་ཟེར་ཚེ། བེམ་པོའི་ས་རྡོ་སོགས་ཀྱང་རིག་ངོར་སྣང་དགོས། དེ་ལྟར་སྣང་བ་དེ་མ་ཡིན་ལ་དེར་སྣང་བའི་འཁྲུལ་ཆ་མིན་ཟེར་དགོས་ན་རིག་པ་ཉིད་ཡིན་


TN00_Page_298B
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཆར་ཟེར་མི་ལོ། ལོ་ན་ས་རྡོ་ཡེ་ཤེས་སུ་ཐལ་ལོ། །ཡེ་ཤེས་ཀྱི་ངོར་ས་རྡོ་བེམ་པོ་མིན། ཀུན་རྟོག་ངོར་བེམ་པོ་རེད་ཟེར་ན། ཁྱད་པར་སྦྱོར་རྒྱུ་སྐྱུར་དང་སྤྱིར་ས་རྡོ་བེམ་པོ་ཡིན་ནམ་ཡེ་ཤེས་ཡིན་ཟེར་ན་ཅི་སྨྲ། ཀུན་རྟོག་ལ་ཐ་མལ་པའི་ས་རྡོ་སྣང༌། ཡེ་ཤེས་ལ་དེའི་རང་སྣང་གི་ས་རྡོ་སྣང་བས་ས་རྡོ་ཐ་དད་རེད་ཟེར་ན། རིག་ངོར་ཚོགས་དྲུག་གི་ཡུལ་དངོས་གཏན་ནས་མེད་དགོས་པས་རང་གཞུང་དང་འགལ་ལོ་སྙམ་ན། འདི་མདུད་ལོག་ཅིག་རེད་ཀྱང༌། གསར་མའི་གཞུང་ན་གང་སྣང་བདེ་བར་འཆར་ཚུལ་ཐད། གང་སྣང་ལམ་གྱི་ངོ་བོར་གྱུར་པའི་བདེ་སྟོང་གི་རྣམ་འཕྲུལ་ཡིན་ནམ་མིན། ཡིན་ན་དམྱལ་བའང་རྣམ་མཁྱེན་དུ་གྱུར་པའི་འོད་གསལ་གྱི་སྤྲུལ་པར་ཡང་འདོད་དགོས་ཐུག་ཡོང༌། མིན་ན་དེ་ལྟར་ཤར་བ་དེ་ཕྱིན་ཅི་ལོག་ཏུ་ཐལ་ལོ་ཟེར་ན་ཅི་སྨྲ། འདི་ལ་གསར་མ་འགས་ཕུང་པོ་ལ་བརྟེན་ནས་གང་ཟག་ཏུ་བཏགས་པ་ལྟ་བུར་བཤད་དེ། གང་སྣང་གི་སྟེང་དུ་བདེ་བའི་རོལ་པར་སྣང་བའི་སྣང་ཆ་རེ་ཕར་བཞག་ཟེར་རམ་དཔྱད། རང་རེས་སེམས་རིག་དེ་གཉིས་སྣང་བ་ཐ་དད། སྣང་ཡུལ་གཅིག་རེད་འདྲ་ཟེར་རམ། དེ་ཟེར་ན་སྣང་ཡུལ་དེ། སྣང་བ་ཐམས་ཅད་རང་སྣང་ཡིན། ཞེས་པའི་སྒོ་ནས་དག་པ་རབ་འབྱམས་སུ་ཇི་ལྟར་སྒྲུབ་སོགས་ཤིན་ཏུ་དཔྱོད། ༈ །ལར་ཀ་དག་ལྷུན་


TN00_Page_299A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འབྲལ་མི་ཤེས། གཙོ་ཆེ་བའི་དབང་དུ་གཞི་དང་གཞི་སྣང་གི་ཟླས་ཕྱེ་བའི་གཞི་དེ་ཀ་དག །གཞི་སྣང་གི་རིག་པ་ལྷུན་གྲུབ། ལྷུན་གྲུབ་ཀྱི་སྦུབས་ལ་གསུམ་སྟེ། དང་པོ་གཞིའི་དུས་ཕྱི་རྒྱ་མ་རལ་བས་ནང་གསལ་སྐབས་ཏེ་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཟེར་ཏེ་གཞོན་ནུ་བུམ་སྐུ། ཕྱིར་གསལ་དུས་ལམ་ལྷུན་གྲུབ་སྦུབས། འདི་དུས་ཀྱི་སྣང་བ་རྣམས་ཕྱིར་གསལ་བས་ནང་མ་ཡིན། འོད་གསལ་ལས་ངོ་བོ་གཞན་མིན་པས་ཕྱི་མིན་གསུངས། མཐར་གཞི་སྣང་གྲོལ་སའི་ཀ་དག་ཏུ་ཐིམ་ནས་ནང་གསལ་སྐབས་འབྲས་བུ་ལྷུན་གྲུབ་སྦུབས་སོ། །གཞི་སྣང་གཞི་ལ་ཐིམ་ཚུལ་ལ། །རང་ངོ་ཤེས་ན་གྲོལ་སྟོབས་ཀྱིས་ཐིམ་ལ། །མ་ཤེས་ན་འཁྲུལ་སྟོབས་ཀྱིས་ཐིམ་སྟེ། གང་ཡང་ཡེ་གདངས་ནང་དུ་ལོག་པ་ཞེས་བྱ། ༈ །ཐུགས་རྗེའི་རིག་པ་དཔྱོད་བྱེད་ལྟར་ཤར་བ་རིག་པ་ལ་ལྟོས་པའི་མ་རིག་ཅན་གྱི་ཆ་བཟུང་ཞེས་པ་མ་ངེས་པའི་སྣང་བ་ཆེན་པོར་གནས་ཞེས་དང༌། རིག་གདངས་མ་རིག་པར་ལྡོག་པའི་དུས་ཞེས་སོགས། འདི་རིག་པ་ཉིད་དང་གཞི་མཐུན་རེད་པས་མ་རིག་པ་དངོས་མིན་འདྲ། ༈ །གཤིས་ཀྱི་བཞུགས་ཚུལ་ཡེ་གྲོལ། རྩལ་སྣང་ཐམས་ཅད་རང་ལས་ཤར་ཞིང་རང་སྟེང་དུ་བཞག་སྟོབས་ཀྱི་གཉེན་པོ་མེད་པར་རང་གྲོལ། མཐོང་སར་ཡལ་བའམ་སྐད་ཅིག་དང་པོ་རང་ལ་ངོ་བོ་ཉིད་


TN00_Page_299B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་རིག་དབྱིངས་སུ་སྣང་སེམས་འདྲེས་པས་སྣང་དུས་དེ་ཉིད་དུ་སྟོང་པའི་རང་མདངས་སུ་འཆར་བས་ཅེར་གྲོལ་ཏེ། ཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང༌། །ཞེས་སོ། །རྟག་ཆད་དང་གཅིག་དང་དུ་མའི་མཐའ་ལས་གྲོལ་བས་མཐའ་གྲོལ། ཟང་ཐལ་གྱི་རིག་པ་གཅིག་པུ་རྗེན་ལ་བུད་པས་འཁོར་འདས་ཐམས་ཅད་རྒྱ་གྲོལ་དུ་འགྲོ་བས་གཅིག་གྲོལ་ཏེ་ལྔའོ། ༈ །སྙིང་ཀའི་ཏི་ལ་ཀ་ལས་འོད་ཟེར་སེར་པོ་ཀུན་ནས་བཀྲག་ཆེ་བ་ཟེར་རྣོན་པོའི་རྣམ་པར་འཕྲོས། རང་གི་ཤ་ཁམས་ལ་ཕོག །ཤ་ཁམས་ཀྱི་སྙིགས་མ་སྦྱང༌། འོད་ཟེར་སེར་ལ་འཚེར་བའི་རྣམ་པའི་དྭངས་མ་ཆེན་པོར་གྱུར། དེ་བཞིན་དུ་དཀར་པོས་ཆུ། དམར་པོས་མེ་སོགས་ལ་ཁ་སྒྱུར་བ་གྲོལ་ཏིག་ལས་ཏེ། འདི་ཚེ་ཡུམ་ཛབ་དགོངས་སོགས་ལ་མཁོ། དབྱིངས་སྒྲོན་གྱི་བརྡས་མཚོན་པའི་ནང་དབྱིངས་མཐར་ཐུག་ནི་རྗེས་སྟོང་བཞིའི་མཐའི་སྟོང་པ་ལ་བདེ་སྟོང་གི་སྟོང་པར་བཞེད་པ་དང༌། མི་རྟོག་པའི་ཆ་ལ་ངོ་བོའི་རིག་པར་བྱས་ནས། ངོ་བོ་སྟོང་པའི་དབྱིངས་ནི་ཞེས་པའི་དབྱིངས་ཀུན་འགྲོས་གཅིག་རེད། དབྱིངས་ཀྱི་ར་བར་ལུག་རྒྱུད་འཛུད་དགོས་དོན་ནི་ལུག་རྒྱུད་ཤེས་རབ་བམ་ཐུགས་རྗེའི་རིག་པར་བཤད་པས་རྩལ་གྱི་རིག་པ་ངོ་བོའི་རིག་དབྱིངས་སུ་བཙན་ས་བཟུང་དགོས་པས་རེད། རྩལ་ངོ་བོའི་དབྱིངས་སུ་ཇི་ལྟར་བཙན་ས་འཛིན་པ་དེ་ལྟར་་གཟེར་ཐེབས་པ།


TN00_Page_300A
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་རྒྱུད་དབྱིངས་ཀྱི་ར་བར་བརྟན་ཡོང༌། མཐར་ཤེས་རབ་ངོ་བོའི་སྟོང་ཆར་རོ་གཅིག་ཏུ་རྩལ་རྫོགས་ཤིང༌། ངོ་བོའི་དབྱིངས་ཀྱི་སྙིང་པོ་ཤེས་རབ་ཀྱི་བཅུད་དུ་སྨིན་པ་ན་ལུག་རྒྱུད་ལྷ་སྐུར་འཆར་བ་རེད། དོན་དུ་ཤེས་རབ་ངོ་བོའི་དེ་ཉིད་དང་རོ་གཅིག་ཏུ་ཞུགས་ཤིང་འདྲེས་པའམ། ཤེས་རབ་ཀྱི་ངོ་བོའི་དེ་ཉིད་མངོན་དུ་བྱས་པའམ། ངོ་བོའི་དབྱིངས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་མངོན་དུ་གྱུར་པའི་རྟགས་སུ་ལྷ་སྐུ་འཆར་བ་སྟེ། འོ་མ་ལས་མར་དཀྲོག་པ་ལྟར་མི་རྟོག་པའི་དྭངས་བཅུད་རིག་ཆར་འདྲིལ་ཞིང་སྨིན་པའོ། །ཉམ་གོང་འཕེལ་དུས་ཤེས་རབ་ཀྱི་སྒྲོན་མེས་གདངས་ཀྱི་རིག་པའམ་རང་བཞིན་གསལ་བའི་ཆ་ལ་རང་ཡིན་གྱི་ཚུལ་གྱིས་གསལ་སྣང་ཆེན་པོས་རང་ས་བཟུང་སྟེ་སྤྱོད་ནུས་ཀྱང༌། དེའི་གཏིང་མཐར་ཐུག་མི་རྟོག་པའི་ངོ་བོའི་དབྱིངས་ཀྱི་ཆ་ལ་དེ་ལྟར་གསལ་སྣང་མ་ཐོབ་པས་རྒྱ་ཆེ་བའི་རིག་པ་ལ་དབང་ཐོབ་ཀྱང༌། ཟབ་མོའི་དབྱིངས་ལ་དབང་མ་ཐོབ་པ་རེད་ལ། ཚད་ཕེབས་དུས་ཤེས་རབ་ཀྱི་སྣང་བས་ངོ་བོའི་དབྱིངས་ལ་རྗེན་ལ་བུད་དེ་རྟོགས་བྱ་རྟོགས་བྱེད་སོ་སོའི་ཚུལ་དུ་མེད་པར་ཤེས་རབ་དེ་ཉིད་ངོ་བོའི་རང་བཞིན་དུ་གྱུར་པའི་རྟགས་སུ་སྐུར་ཤར་བའོ། །འདི་ནི་ཁྲིད་ཡིག་ཆེན་མོར་ཚད་ཕེབས་དུས། སེམས་ཡིད་རྣམ་ཤེས་ནུབ་ནས་ཆོས་དབྱིངས་དྲི་མེད་དུ་རང་གསལ་ཞེས་སོགས་དང་ཡང་ཤིན་ཏུ་འབྱོར། ༈ །རིག་པའི་རང་


TN00_Page_300B
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཐར་གཏུག་པ་ལ་འགྲོ་བ་རིགས་དྲུག །ལས་ཉོན་སྡུག་བསྔལ། སྐྱེ་ཤི་བར་དོ་སོགས་ཡེ་ནས་མ་གྲུབ་པའི་གནད་ཀྱིས་རིག་ངོ་རྒྱུན་དུ་བལྟས་ན་འགྲོ་བ་དྲུག་དང་སྡུག་བསྔལ་གྱི་བྱེ་བྲག་དང་སྐྱེ་འཆི་སོགས་ཀྱི་སྣང་ཞེན་ཐམས་ཅད་བྱ་ལམ་རྗེས་མེད་དུ་དག་འགྲོ་ཞིང༌། གཉུག་མ་ཀ་དག་གི་རྒྱལ་ས་འཛིན་པར་གསུངས། ༈། ཕྱེད་སྐུར་འཆར་བའི་ཐད་སྐུ་ལྟེ་བ་ཡན་ཆད་འཆར་བ་སྟེ། རྒྱུ་དོན་དམ་དྭངས་མའི་འབྱུང་བ་བཞི། རྐྱེན་ཡེ་ཤེས་ལམ་བྱེད་ཀྱིས་ཉམས་སུ་བླང་བས་འབྲས་བུ་དོན་དམ་གྱི་སྐུར་སྨིན་ལ། རྒྱུ་ཀུན་རྫོབ་སྙིགས་མའི་འབྱུང་བཞི། རྐྱེན་སྐྱེ་བ་བཞིས་བསྐྱེད་དེ་རགས་ལུས་སུ་སྨིན་ཏེ། སྐུ་སྔ་མ་ནི་རིག་པས་བཟུང་བའི་འོད་ལུས་ཆུ་ཟླ་ལྟ་བུ། ལུས་ཕྱི་མ་ནི་འཁྲུལ་བས་བཟུང་བ་སྙིགས་མའི་ལུས་སོ། །དེ་ལ་ཐོད་རྒལ་ཉམས་ལེན་གྱི་སྟོབས་ཀྱིས་སྙིགས་མའི་ནུས་པ་ཕྱེད་བསྐུམ། དྭངས་མའི་རང་རྩལ་ཕྱེད་རྫོགས་དུས་དེའི་རྟགས་སྣང་ཕྱེད་སྐུར་འཆར་བ་སྟེ། གྲོལ་ཐིག་གི་དགོངས་པའོ། །དོན་དམ་དྭངས་མའི་འབྱུང་བ་ནི་མི་ཤིགས་པའི་རླུང་ཐིག་སོགས་ཏེ། དྭངས་མ་ལྔ་འདུས་ཞེས་བྱ་ལ། རྫོགས་ཆེན་རང་སྐད་ལ། ད་དུང་ཐེག་མཛོད་འབྱུང་ལེ་དང༌། དགོངས་འདུས་ན་དུ་མ་ལྟོས་དང་ཡོད། །དེ་འདྲའི་དྭངས་མའི་གནད་དེ་ཐོད་རྒལ་ཉམས་ལེན་གྱིས་བསྐུལ་ནས་སད་པར་བྱས་ཏེ། འབྱུང་བ་དྭངས་སྙིགས་ཕྱེད།


TN00_Page_301A
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་མའི་སྟོབས་འཕེལ། དྭངས་མས་སྙིགས་མ་ཟིལ་གྱིས་མནན། སྙིགས་མའི་ནུས་པ་བསྐུམ། དྭངས་མའི་ཡོན་ཏན་མཐའ་ནས་རྒྱས་ཤིང་ཀློང་དུ་གྱུར་ནས་དབྱིངས་སུ་བརྟན་པ་ནི་འཆི་མེད་འཕོ་ཆེན་སྒྲུབ་པའི་ཟབ་གནད་རེད། དྭངས་མའི་སྣང་ཆ་ལྷུན་གྲུབ་དག་པའི་འོད་ཐིག་རིག་སྐུ་རེད། སྙིགས་མའི་སྣང་ཆ་འཁྲུལ་སྣང་རགས་པ་རེད། དྭངས་མ་ཚད་ལ་ཕེབས་དུས་འཁྲུལ་བའི་སྣང་བ་རང་འགག་ལ་འགྲོ། དྭངས་མའི་ནུས་པ་ཚད་ལ་ཕེབས་པ་དང༌། དྭངས་མའི་རྟགས་སྣང་ཚད་ལ་ཕེབས་པ་ལ་རིག་པ་ཚད་ཕེབས་ཟེར། ལར་རིག་པ་ལུ་གུ་རྒྱུད་བཅུད་དུ་སྨིན་པའི་ཚད་ནི་ལྷ་སྐུར་ཤར་བ་ཡིན་ལ། དེའང་རིག་པ་སྐུ་གསུམ་དུ་རྩལ་རྫོགས་པའམ། སྐུ་གསུམ་ལམ་སྣང་དུ་རྫོགས་པའི་ཚད་དོ། །དེ་མཚན་ཉིད་ཡོངས་སུ་རྫོགས་པ་དབང་དུ་བྱས་ནས་ཡབ་ཡུམ་ཟུང་འབྲེལ་ནས་འཇོག །རིག་པ་ལྷར་ཚད་ལ་ཕེབས་པའི་ཚད་ཕེབས་ཙམ་པོ་བའི་དབང་དུ་སྐུ་ཕྱེད་པ་དང༌། དབུ་ཉུག་ཙམ་སོགས་ཀྱང་དེར་འཇོག །སྔ་མ་ལྟར་ན་སྐུ་རྐྱང་ཤར་བའི་སྐོར་ཉམས་གོང་འཕེལ་ཁྱད་པར་བར་འཇོག་དགོས། འདི་ལྟར་བྱས་ནས་ཚད་ཕེབས་ཙམ་པོ་བ་དང༌། གོང་འཕེལ་ཁྱད་པར་བ་མི་འགལ་བྱས་ན་སློབ་དཔོན་རྣམ་གཉིས་དགོངས་པ་གཅིག་ཏུ་བཤད་ཐུབ། འདི་དུས་ཕྱི་ས་རྡོ་རི་བྲག་གི་འཁྲུལ་བའི་སྣང་བ་འོད་ལྔར་དེངས་པར་


TN00_Page_301B
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། སྣང་ཡུལ་ས་རྡོ་སོགས་འོད་ལྔར་དེངས་ཟེར་བ་མིན་པས་ཕྱེད་དགོས། ལར་ཀུན་མཁྱེན་གྱིས་སྣང་བ་དང་སྣང་ཡུལ་མི་གཅིག །སྒོས་ཀྱི་སྣང་བ་སྦུབས་འཕོ་དུས་ལོག་ཀྱང༌། སྤྱི་མཐུན་གྱི་སྣང་ཡུལ་མི་ལྡོག་གསུངས་པ་འདི་ལྟར་ཁས་མ་བླང་ན། བློ་ངོར་མྱུ་གུ་བདེན་གྲུབ་ཏུ་སྣང་བའི་སྣང་ལུགས་དང༌། སྣང་ཡུལ་བདེན་པར་གྲུབ་པའང་གཅིག་ཏུ་ཐལ་ཉེན་ཆེ་བས་གནད་ཆེན་ཡོད། བླ་མེད་སྤྱིའི་འོད་གསལ་འཆར་དུས་ཀྱང་རི་ར་བ་ཁང་ཁྱིམ་སོགས་ཀྱི་སྣང་བ་ནང་དུ་བསྡུས་འགྲོ་ཡང༌། རི་ར་བ་སོགས་ནང་དུ་བསྡུས་འགྲོ་བ་མིན་པས་སྣང་བ་ཐིམ་ཡང་སྣང་ཡུལ་མི་ཐིམ་ཟེར་བ་ལས་མི་འདའ། ༈ །རྫོགས་ཆེན་དང་བསྟུན་ནས་བསྐྱེད་རིམ་ཏིང་འཛིན་རྣམ་གསུམ་སྒོམ་དུས། དེ་ཏིང་ཀ་དག་གཞིའི་སྐབས། ཀུན་སྣང་རང་བཞིན་ལྷུན་གྲུབ་གཞི་སྣང་གི་ཡེ་ཤེས། རྒྱུ་ཏིང་ཀ་དག་ལྷུན་གྲུབ་ཟུང་འཇུག་ཐུགས་རྗེའི་རིག་པ་ཤེས་རབ་ཀྱི་ཆ་ཐོད་རྒལ་བའི་རྡོ་རྗེ་ལུ་གུ་རྒྱུད་དུ་འོང་རྒྱུ་དེ་རེད། དཀྱིལ་འཁོར་ལྷ་བསྐྱེད་ཤེས་རབ་སྐུར་སྨིན་པའི་ཞིང་སྐུ་ཕོ་བྲང་སོགས་ལ་སྦྱོར་སྙམ། ཤེས་རབ་སྐུར་སྨིན་པ་འདི་ལ་སྤྲུལ་སྐུ་ལོངས་སྐུ་གཉིས་ཀ་ཡོད་པས། སྒྱུ་འཕྲུལ་ལྟར་ལྷ་བསྐྱེད་ཀྱི་ལྷ་སོ་དྲུག་ཆོས་སྐུ། དྲུག་སྤྲུལ་སྐུར་བྱས་སྒོམ་པ་ལྟ་བུར་ཡང་སྦྱར་བཏུབ། ༈ །གཞི་དང་གཞི་སྣང་གི་ཟླས་ཕྱེ་བའི་གཞི་ཡིན་ན་ངོ་བོའི་རིག་པས་ཁྱབ། ངོ་བོའི་རིག་པ་ཡིན་ན་


TN00_Page_302A
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དེས་མ་ཁྱབ། གཞི་དེ་ཡིན་ན་གཞི་སྣང་གི་རིག་པ་མིན་པས་ཁྱབ། རྩལ་གྱི་རིག་པ་ཡིན་ན་གཞི་སྣང་གི་རིག་པ་མཚན་ཉིད་ཚང་བ་ཡིན་པས་མ་ཁྱབ་ཀྱང་གཞི་སྣང་གི་རིག་པ་ཙམ་ཡིན་པས་ཁྱབ། གཞི་སྣང་གི་རིག་པ་ལ་རྩལ་གྱི་རིག་པས་ཀྱང་ཁྱབ་བམ་དཔྱད། ད་ལྟ་ཡུལ་ཐོག་ཏུ་འཆར་དུས་ཀྱི་རིག་པ་ལ་ཡང་ངོ་བོའི་ཆ་འབྲལ་མི་ཤེས་པར་ཡོད་ཀྱང་གཙོ་ཆེ་བའི་དབང་གིས་རྩལ་གྱི་རིག་པ་ཡིན་གྱི་ངོ་བོའི་རིག་པར་མི་འཇོག །གཞི་དང་གཞི་སྣང་གི་ཟླས་ཕྱེ་བའི་གཞི་ལ་རྩལ་གྱི་རིག་པ་མིན་པས་ཁྱབ་པ་བཤད་མ་ཐག་པས་ཤེས། རྩལ་གྱི་རིག་པ་ཡིན་ན་ངོ་བོའི་རིག་པ་མིན་པས་མ་ཁྱབ་སྟེ་ཚད་ཕེབས་དུས་གཞི་སྣང་ཡིན་པས་རྩལ་རིག་ཡིན་དགོས་ཤིང་ངོ་བོའི་སྟེང་དུ་བཙན་ས་ཟིན་པ་ཡིན་པས་སོ། །རིག་པ་ཡིན་ན་གཞི་དང་གཞི་སྣང་གི་རིག་པ་གང་རུང་གིས་མ་ཁྱབ་སྟེ་གྲོལ་ས་ལྷུན་གྲུབ་སྦུབས་ཀྱི་རིག་པ་དེ་གཞི་མིན་ལ་གཞི་སྣང་དབྱིངས་སུ་ཐིམ་པའི་རིག་པ་ཡིན་པའི་ཕྱིར། འབྲས་བུའི་ལྷུན་གྲུབ་སྦུབས་འདི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཀར་འདོད་དགོས་སམ་སྙམ་པས་རང་བཞིན་གསལ་བ་ལ་གཞི་སྣང་གི་རིག་པས་མ་ཁྱབ། སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཅན་གྱི་རིག་པ་ལ་གཞི་སྣང་གི་རིག་པས་མ་ཁྱབ་པའང་དེས་ཤེས། ལམ་དུས་སྙིང་ཀའི་དྷུ་ཏིར་རླུང་བསྡུས་སྟོབས་ཀྱིས་འཆར་བའི་


TN00_Page_302B
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ལ་ངོ་བོའི་རིག་པས་ཁྱབ་ཀྱང་ངོ་བོའི་རིག་པ་འཆར་ན་དྷུ་ཏི་ཁོ་ནར་འཆར་དགོས་པས་མ་ཁྱབ་སྟེ། ཚད་ཕེབས་དང་ཆོས་ཟད་དུས་བཞིན་ནོ། །ལར་ནི་འོད་གསལ་ལུས་ཐམས་ཅད་ལ་ཁྱབ་པར་འཆར་བ་དང༌། ཁྱབ་པར་གནས་པ་ཆེས་མི་གཅིག་སྟེ། ད་ལྟའི་གསོན་པོ་ཐ་མལ་པ་ཚོའི་ལུས་ལ་འོད་གསལ་ཁྱབ་པར་གནས་ཀྱང༌། དེར་འོད་གསལ་ཤར་བ་མིན་པའི་ཕྱིར། ༈ །ཐེག་བརྒྱད་བློའི་གྲུབ་མཐའ་ཟེར་བ་མི་རིགས་ཏེ། ཕ་མའི་རྒྱུད་ལ་འོད་གསལ་ལམ་བྱེད་གཙོ་བོར་བྱེད་པའི་ཕྱིར་ན་མ་ཁྱབ། སེམས་ལམ་བྱེད་མེད་པར་ཡེ་ཤེས་ཁོ་ན་ལམ་དུ་བྱེད་མི་ནུས་པའི་དོན་ཡིན་པར་རྣམ་མཁྱེན་ཤིང་རྟར་གསུངས་པའི་ཕྱིར་ཏེ། རྩ་རླུང་ཐིག་ལེའི་སེམས་འཛིན། རིག་མ་བྱིན་རླབས། ཡུལ་སྣང་གི་ཐོག་ཏུ་བདེ་ཆེན་དྲན་པའི་རྒྱས་འདེབས། ལྷའི་ང་རྒྱལ་དང་འོད་ཟེར་སྤྲོ་བསྡུ་བཟླ་དམིགས་སོགས་ཐམས་ཅད་རླུང་སེམས་ལ་ལས་བཅོལ་བ་ཡིན་པས་སོ། །དེ་དག་གི་རྫོགས་རིམ་དུ་རླུང་སེམས་རྩ་ཐིག་ལས་རུང་སྒྲུབ་ཚུལ་ཕུལ་ཕྱིན་ཡོད་ཀྱང༌། རྩ་ཐིག་རླུང་སེམས་དེ་རྣམས་དྷུ་ཏིའི་དབྱིངས་སུ་འདུ་སླ་བ་དུ་མ་རག་པའི་མཉེན་འཇམ་ཡང་གསུམ་ཁྱད་པར་ཅན་དུ་བྱེད་པས་དྷུ་ཏི་ཁོ་ནར་འོད་གསལ་འཆར་ཐབས་སུ་འགྱུར། འདིར་དེ་རྣམས་ལས་རུང་གི་དོན་རྩ་ཐིག་རླུང་གསུམ་སྙིགས་མའི་ཆ་གར་ཡོད་སོ་སོའི་སྟེང་ན་ཡེ་ཤེས་དྭངས་མའི་རླུང་རིག་གི་ཆ་རེ་ཡོད་པ་རྣམས་རྗེན་ལ་བཏོན་ནས་དེའི་


TN00_Page_303A
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས་རྩ་རླུང་ཐིག་ལེའི་སྙིགས་རྣམས་དྭངས་མར་གྱུར། དྭངས་མ་རྣམས་ཤིན་ཏུ་དྭངས་མའི་ཁམས་སུ་བསྒྱུར་ནས་རྟེན་རྩ་ཁམས་དྭངས་པ་བཞིན་བརྟེན་པ་རིག་པ་དྭངས་པ་སྟེ། སྔ་མའི་རླུང་ལས་སུ་རུང་ཡང་ལས་རླུང་རང་རེད། ཕྱི་མའི་ལས་རུང་དུས་ཡེ་ཤེས་ཀྱི་རླུང་དུ་སོང་བ་རེད། སྔ་མར་དྷུ་ཏིར་མ་འདུས་བར་དུ་འོད་གསལ་མི་འཆར། དེར་འདུས་ཚེ་འཆར་བ་རེད། ཕྱི་མར་རང་རང་གི་གནས་ན་ཡོད་དུས་འཆར་བས་སྔ་མའི་འོད་གསལ་འཆར་བའི་གནས་ལ་དྷུ་ཏི་དང༌། རྟེན་ལ་དྷུ་ཏིའི་ནང་གི་ཐིག་ལེར་ངེས། ཕྱི་མའི་གནས་སུ་རྩ་གནས་སོགས་ཤེས་པས་གར་ཟིན་འགྱུར། རྟེན་དུའང་ཐིག་ལེ་སོགས་ཤ་ཁྲག་རྐང་ཚིལ་ཐམས་ཅད་འོང༌། དེས་ན་སྔ་མའི་འོད་གསལ་གྱི་མཉམ་བཞག་རེ་འགའ་བ་དང་ཁོལ་བུ་པ་ཡིན་པས་རྩོད་ལྡན་དུས་སུ་ཆོས་ཀྱི་རྒྱལ་པོ་མཐུ་ཆེན་ལྟ་བུའི་མཐུས་བདེ་སྐྱིད་ཀྱི་ཉི་མ་ཁོལ་བུར་ཤར་བ་དང་འདྲ། ཕྱི་མ་དུས་ཐམས་ཅད་པ་ཡིན་ཅིང་ལུས་ཐམས་ཅད་ལ་ཁྱབ་་ཁ་སྦྱོར་ཡན་ལག་བདུན། པས་རྒྱ་ཆེ་བ་ཞེས་པ་ལྟར་ཡིན་པས་རྫོགས་ལྡན་གྱི་ཕུན་ཚོགས་ལྟར་རྒྱ་ཆེ་ལ་མཐའ་བརྟན་པའོ། དེས་ན་རྟག་འགྲུས་གཉིས་ཀྱི་རྟག་ལ་རྒྱུན་ཆགས་པའི་ཁྱད་པར་གྱིས་རྟོགས་པ་འཕགས་ཤིང༌། །འབྲས་བུའི་ཁྱད་པར་གྱིས་འཕགས་ལུགས་ནི་གཞན་གྱི་འོད་གསལ་འཆར་དུས་རྩལ་གྱི་རིག་པའམ་ཤེས་རབ་ཀྱི་ཆ་ཕལ་ཆེར་བསྡུས་


TN00_Page_303B
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཞིང༌། རིག་ཆ་དེ་འོད་གསལ་གྱི་བཞུགས་ཚུལ་གསལ་བར་ངེས་བྱེད་ཐམས་ཅད་ཀྱི་ནང་ནས་དམ་པ་ཡིན་པས་དེ་བསྡུས་སོང་དུས་བདེ་བའི་གཟི་བྱིན་ཆེར་ཆུག་ཀྱང་འདི་ལྟ་བུའི་སྟོབས་མེད་པར་བཞེད། རིག་ཆ་དེས་འོད་གསལ་རང་ཉིད་ངེས་པ་ནི་ཆེས་ཁྱད་པར་དུ་འཕགས་ཏེ། འཕགས་ཚུལ་ཡང་འོད་གསལ་ལ་མངོན་དུ་ཕྱོགས་ཚབས་ཆེ་བའམ་འོད་གསལ་གྱི་བཞུགས་ཚུལ་རིག་པའམ་བཞུགས་ཚུལ་གསལ་བར་རྟོགས་པའི་སྟོབས་ཀྱིས་འོད་གསལ་རང་སྟེང་དུ་ས་ཟིན་ཕུལ་ཆེ་བ་ཡིན་པས་མཉམ་བཞག་གསལ་བརྟན་གཉིས་ཆར་ཁྱད་ཞུགས་སོ། ༈ །ཕ་རྒྱུད་དུ་རླུང་དབང་དུ་བསྡུས་སྟོབས་ཀྱིས་འོད་གསལ་དམར་འབྱིན་བྱེད་པའམ་འོད་གསལ་དབང་དུ་གྱུར་བར་བྱེད་དེ་རླུང་འདུ་ཕུལ་ཅི་ཙམ་ཆེ་བ་ཙམ་དུ་འོད་གསལ་འཐུག་ཅིང་བརྟན་ནོ། །མ་རྒྱུད་དུ་ཐིག་ལེ་ལས་སུ་རུང་སྟོབས་ཀྱིས་འོད་གསལ་གྱི་རྣལ་འབྱོར་དབང་དུ་གྱུར་པར་བྱེད་དེ། འབར་འཛགས་ཅི་ཙམ་སྟོབས་ཆེ་བ་ཙམ་དུ་འོད་གསལ་གཟི་བྱིན་རྒྱས་ནས་འཆར་ཤུགས་ཆེའོ། །རླུང་ཅི་ཙམ་འདུས་པ་དང༌། བདེ་བ་ཅི་ཙམ་འབར་བ་ཙམ་དུ་རྣམ་རྟོག་གཅོད་ཕུལ་ཆེ། འོད་གསལ་དམིགས་རྣམ་གསལ་བར་འབྱིན་ཚབས་ཆེའོ། །གཙོ་བོར་བྱེད་ལུགས་སམ་རྩལ་དུ་འདོན་ཕྱོགས་ཙམ་ལས་གཉིས་ཀར་གཉིས་ཀ་ཡོད་དོ། །འདིར་ནི་འོད་གསལ་ཁོ་རང་གི་སྟེང་ན་ཁོ་རང་གི་བཞུགས་ཚུལ་སལ་ལེར་ངེས་བྱེད་ཀྱི་རིག་


TN00_Page_304A
[མ་དཔེ་གཟིགས་ན་འདིར་གནོན།]

ཆའམ་མཁྱེན་ཆ་ཀུན་རྟོག་གིས་འོད་གསལ་ལ་མགོ་རྨོངས་པའི་ཤན་ནམ་བསླད་ཆ་དང་བྲལ་བ་གསར་རྐྱེན་གྱིས་བསྒྲུབ་པ་མིན་པར་དང་པོ་ནས་ཡོད་པ་དེ་འོད་གསལ་རང་གི་རླུང་གིས་ཕྱིར་བསྐུལ་ནས་སད་པར་བྱས་ཡོད་པ་དེ་མི་བསྡུ་བར་དམར་འབྱིན་བྱས་ནས་རྐྱང་དེད་བཏང་བས། དབྱིངས་དང་ཡེ་ཤེས་ཀྱི་འདུག་ཚུལ་གསལ་བར་མཐོང་བྱེད་ཀྱི་ཤེས་པའི་གནད་མཐར་ཐུག་དེ་ཀ་ཡིན་པའི་གནད་ཀྱིས་འོད་གསལ་གྱི་རྟོགས་པ་ལ་དེས་གཟི་མདངས་བྱུང་སྟེ་ཉི་མ་བྱེ་བ་བརྒྱ་ལྟར་གསལ་དུ་འགྲོའོ། །རླུང་རགས་པ་དབུ་མར་འདུ་བ་དང༌། ཐིག་ལེ་དཀར་དམར་གྱི་འབར་འཛགས་ནི་རེས་འཇོག་ལས་མེད་ཅིང༌། འདི་ནི་འོད་གསལ་ཁོ་རང་གི་རང་འགྲོས་ལ་ཉི་མ་དང་ཟེར་བཞིན་མི་འབྲལ་བར་ཡོད་པས་འདིའི་སྒོ་ནས་གཉུག་སེམས་ལ་གཟི་མདངས་འདོན་ཐུབ་ན་མཉམ་བཞག་གི་འོད་གསལ་བྲི་གང་འཆར་ནུབ་མེད་པར་སྐྱོང་ནུས་སོ། །འདི་ནི་ད་ལྟ་རང་རེའི་སེམས་སྟེང་འདི་ཀར་འོད་གསལ་ངོ་སྤྲད་དེ་སྐྱོང་ཟེར་བ་ཙམ་མིན་པར་འོད་གསལ་གྱི་རིག་ཆའམ་རྩལ་གྱི་རིག་ཆ་དམར་དེད་བྱས་པས་འོད་གསལ་གྱི་གཏིང་ལ་ཇེ་ཟུག་ཏུ་སོང་སྟེ་དྲོད་འཐོབ་ཟེར་བ་རེད་པས་མ་རྒྱུད་སོགས་སུ་རྩ་རླུང་ཐིག་ལེར་གནད་དུ་བསྣུན་ནས་འོད་གསལ་གྱི་རྣལ་འབྱོར་ལ་རྩལ་སྦྱོང་བའི་དོད་དུ། འདིར་འོད་གསལ་གྱི་རིག་ཆ་ཡུལ་ལ་འཆར་འཆར་འདྲ་ཡང་ཡུལ་ཐོག་ཏུ་མི་འདྲེ་བ་དེ་ཧུར་


TN00_Page_304B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུངས་ཏེ་དེའི་སྟེང་ནས་རྩལ་འབྱོང་བར་བྱེད་པས་འདི་ནི་རྩ་རླུང་སྒོམ་པའི་དོད་ཐུབ་ལྷག་དང་བཅས་པའང་རེད་དོ། །གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཞེས་སོགས་དང༌། རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན། །ཞེས་སོགས་ཡང་ཡང་འབྱུང་བས་ཤེས་ཏེ་ད་དུང་ཡང་དཔྱོད། འདི་པས་རྩ་རླུང་བསྒོམ་ནས་སྲོག་དྷུ་ཏིར་ཞུགས་གནས་ཐིམ་གསུམ་གྱིས་དྲང་བའི་བདེ་ཆེན་སྐྱེས་དུས་ཀྱང༌། དེ་ལ་རིག་ཆ་ཡང་ཡང་བཏོན་ནས་དེ་གཙོ་བོར་སྐྱོང་བར་ཡིད་བཞིན་མཛོད་འགྲེལ་སོགས་ན་ཡོད་སྙམ་ཡང་དེ་བདེ་བས་ཐབས་བྱས་པའི་དཔེའི་ཡེ་ཤེས་ཞེས་བདེ་བས་དྲང་བའི་སྟོང་པ་ཞེས་བདེ་བས་རྟོག་པ་དང་སྣང་གསུམ་གྱི་རླུང་སེམས་བཅད་པའི་ཐམས་ཅད་སྟོང་པ་སྐྱོང་ལུགས་སུ་ཀློང་སྙིང་འཁྲུལ་འཁོར་སྦས་གསལ་དུ་སྣང་བས་ཞིབ་དཔྱོད་དགོས་ཏེ། རིག་ཆ་ཅི་ཙམ་ཐོན་པ་ཙམ་གྱིས་ཐམས་ཅད་སྟོང་པ་ལ་སྲེ་ཐུབ་པ་ཡིན་ནམ་རྡོ་རྗེའི་གནས་ལ་ཧང་འགྲོས་མི་རུང༌། ཐུགས་རྗེའི་རིག་ཆ་དེ་ནི་དང་པོ་གཞི་ལས་གཞི་སྣང་དུ་གཡོ་དུས་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ལྔ་ཞེས་ཤིན་ཏུ་ཕྲ་བའི་རླུང་གིས་འོད་གསལ་གྱི་མཁྱེན་ཆ་ཕྱིར་གསལ་དུ་བསྐུལ་ནས་སད་པ་ཡིན་པས། རླུང་སེམས་རགས་པའི་བྱེད་ལས་ཀྱིས་བསྒྲུབ་པའི་ཡོན་ཏན་ཁོལ་བུ་པ་ཙམ་དང་མི་འདྲ་བར་ཚད་འདི་ཙམ་ཞེས་བྱར་མེད་ཅིང༌། རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡིན་ཕྱིར་རྒྱ་ཤིན་ཏུ་ཆེ་ལ། རྩ་ཁམས་རགས་པའི་ལག་རྗེས་འོད་གསལ་ལ་ཚུར་བཞག་པའི་


TN00_Page_305A
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཉམས་སོགས་དང་མི་འདྲ་བར། གཉུག་མ་རང་གཤིས་ཀྱི་མཁྱེན་ཆ་རླུང་འོད་ཟེར་ལྔ་པས་གཏིང་ནས་ཕར་གཡོས་ཏེ་སྤྲོས་པ་ཡིན་ཕྱིར། རྣམ་པར་མི་རྟོག་པའི་དབྱིངས་ལ་གཏུགས་པ་མེད་པར་འཇུག་པའི་ཟབ་ཕྲ་རྣོ་གསུམ་སོགས་ཀྱི་མཐུ་དཔག་པར་དཀའ་བའི་མཐར་ཐུག་གོ །དེའང་ཁ་ཕྱིར་མ་བལྟས་པས་གཟུང་འཛིན་གྱི་རྗེས་སུ་མི་འབྲང་ལ། ཡུལ་སྣང་ཅི་སྣང་ཡང་མིག་ཤེས་ཀྱིས་རི་ཕར་མཐོང་བ་ལྟ་བུའི་རྒྱང་ཆད་ཀྱི་ཚུལ་དུ་མི་འཆར་བར་མེ་ལོང་ལ་གཟུགས་བརྙན་ཚུར་ཤར་བ་ལྟར་རིག་པའི་ཀློང་དུ་ཚུར་མཉམ་བརྡལ་དུ་ཤར་ནས་རང་སྣང་གཞན་དུ་མགོ་རྨོངས་པའི་ནག་ནོག་མ་ཞུགས་པར་རྩ་བའི་དབྱིངས་ཐོག་ཏུ་གསལ་སྣང་བརྟན་པའི་ལྷག་མཐོང་གི་ཏིང་ངེ་འཛིན་སྒྲོན་མེ་རླུང་གིས་མི་གཡོ་བ་ལྟ་བུ་གཞན་ལས་ཕུལ་ཕྱིན་འོང་ལ། དེས་ནང་ཀ་དག་གི་བཞུགས་ཚུལ་ལ་བསམ་གཏན་བྱས་རིམ་བཞིན་བཞུགས་ཚུལ་དེ་གསལ་པོར་འཐོན་པའམ་མངོན་དུ་གྱུར་འོང་བ་སྟེ། དབྱིངས་ལ་གསལ་སྣང་ཐོན་པའི་དོན་ཡང་གསལ་བར་དམིགས་གཏད་ཅན་མིན་གྱི། རིག་པ་རང་གནས་ཀྱི་བསམ་གཏན་འོད་གསལ་གྱི་ངོ་བོ་སྟོང་པ་དམིགས་གཏད་དང་བྲལ་བའི་བརྗོད་མེད་ཟང་ཐལ་དུ་འདྲེས་ཕུལ་ཆེ་བའོ། ཁ་ཕྱིར་ལྟ་ནང་ལྟའི་ཁྱད་ཀྱིས་མ་རིག་པ་དང་རིག་པར་འཇོག་པ་འདི་གཞི་སྣང་དུས་ཐུགས་རྗེའི་རིག་པ་མ་རིག་པར་ལྡོག་པ་དང༌། མ་རིག་པ་རིག་པར་ལྡོག་ནས་


TN00_Page_305B
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་གྲོལ་བྱེད་ལུགས་དང་ཀུན་གཞི་དང་ཆོས་སྐུའི་ཁྱད་སོགས་ཀྱིས་ཤེས་ཤིང༌། ཡུལ་སྣང་རང་རྒྱུད་དུ་བཟུང་ནས་ཕར་ཞེན་ན་ཀུན་རྟོག་ལུ་གུ་རྒྱུད་དུ་འགྲོ་ཞིང༌། གང་སྣང་འོད་གསལ་གྱི་རོལ་པར་བལྟས་ནས་ཁ་ཚུར་བསྐོར་ན་འོད་གསལ་གྱི་ཐོག་ཏུ་ཐོན་ཡོང་བ་ནི་སྔགས་བླ་མེད་སྤྱིའི་ལུགས་སོ། །མདོར་ན་རྩ་བའི་འོད་གསལ་ཐུགས་རྗེའི་རིག་པར་དྲུང་མཆེད་པ་ནི་ཤེས་རབ་རྐྱང་པའང་མིན་པར་ཏིང་ངེ་འཛིན་དང་ཤེས་རབ་མཐར་ཐུག་གཉིས་འབྲལ་མི་ཤེས་པའི་ལྷག་མཐོང་གི་མིག་ཐུན་མོང་མ་ཡིན་པ་ཡིན་ལ། དེའི་གནད་ཀྱིས་དེ་འོད་གསལ་རང་ཉིད་ལ་རྩེ་གཅིག་ཏུ་དམིགས་ནས་སམ་གཏད་ནས་བཞག་པས་འོད་གསལ་གྱི་ངོ་བོ་གསལ་འབར་བཀྲག་གསུམ་དུ་ཇེ་མངོན་ཇེ་ཆེ། འོད་གསལ་གྱི་རྩལ་ཁ་རང་སྣང་རིས་མེད་དུ་རྒྱས་པས་རྒྱ་ཇེ་ཆེ། མཐའ་ཇེ་རྒྱས་ལ་འགྲོ་བས་གདོད་མའི་རྒྱལ་བ་ཡང་དང་ཡང་དུ་སྐུལ་བྱེད་ཀྱི་ལྕགས་ཀྱུ་མཐར་ཐུག་ནི་ཐུགས་རྗེའི་རིག་པ་སྟེ། དད་པས་ཤེས་རྒྱུད་འཁུལ་ཟེར་བ་ལྟར་སྐུལ་བྱ་སྐུལ་བྱེད་ངོ་བོ་ཐ་མི་དད་པའོ། །བླ་མེད་རྒྱུད་གཞན་ལྟར་ན། གང་སྣང་བདེ་སྟོང་དུ་ལྟ་དུས་རྣལ་འབྱོར་པའི་བློ་ཁྱད་ཀྱིས་སྣང་བ་དེ་བདེ་བར་འཆར་ཕུལ་ཆེ་ཆུང་མང་ལ། དེ་འཆར་སྟོབས་ཇི་ལྟར་ཆེ་བ་ལྟར་ཡུལ་སྣང་ཟིལ་གྱིས་ནོན་ཚབས་དང༌། འོད་གསལ་འདྲེན་ཕུལ་ཆེ། རྣལ་འབྱོར་པའི་བློ་ཁྱད་ཅེས་པའང་གང་སྣང་བདེ་སྟོང་གི་རོལ་པར་མཐོང་


TN00_Page_306A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤེས་རབ་ཀྱི་རྩལ་འབྱོང་མ་འབྱོང་ལ་བྱེད། དེ་ནི་གློ་བུར་བའི་སེམས་གཞན་ཅིག་གིས་གང་སྣང་ལྷན་སྐྱེས་ཀྱི་རོལ་པར་བཅོས་ཤིང་རྒྱས་བཏབ་ནས་སེམས་རང་ཉིད་ལྷན་སྐྱེས་ཀྱི་ངང་དུ་འགྲོ་བའི་ལམ་སྦྱོང་བ་ཡིན་ལ། འདིར་ནི་གཉུག་སེམས་རང་གི་ཆར་གྱུར་པའི་ཤེས་རབ་ཀྱིས་གཉུག་སེམས་རང་ཉིད་ངོ་ཤེས་མ་ཐག །ངོ་བོ་དང་ཐུགས་རྗེ་གཅིག་གིས་གཅིག་གསལ་བར་རྗེན་ལ་ཕྱུངས་ཏེ། གང་སྣང་ཐམས་ཅད་རང་གི་ཚོས་མདོག་ཏུ་བཅོས་མིན་ཤུགས་འབྱུང་དུ་འཆར་ཞིང༌། དེ་ཇི་ལྟར་ཤར་བ་ལྟར་ཐུགས་རྗེ་ངོ་བོའི་དབྱིངས་སུ་བརྟན་ཚབས་ཆེ་སྟེ། ཡང་ཡང་འོད་གསལ་གྱི་དབྱིངས་སུ་འགྲོ་བའི་ལམ་སྦྱོང་མི་དགོས་པར་རིག་པ་རང་མལ་དུ་རྒྱལ་པོ་གདན་དང་མ་བྲལ་བར་བསྡད་པ་རང་གིས་ཆོག་པས་རྩོལ་མེད་ཀྱི་ཐེག་པ་ཞེས་བྱའོ། ༈ །ཐིག་ལེ་སྟོང་སྒྲོན་ནི་འཆར་བའི་རྣམ་པ་རྩོལ་བྱེད་ཀྱི་རྟེན་ཡིན་ཞེས་པ། འགབ་ན་རྩོལ་བཅས་ཀྱི་དམིགས་རྟེན་ཡིན་ཏེ་རྒྱུད་ལས། རྩོལ་བཅས་རྣམས་ཀྱི་རེ་གནས་འཐོབ། །ཅེས་དྲངས་ནས་བཤད་དེ། ལུག་རྒྱུད་དབྱིངས་ཀྱིར་བར་འཛུད་པ་ལ་ལྟ་སྟངས་དང་རིག་པ་དབྱིངས་སྒྲོན་ལ་གཡོ་མེད་དུ་གཏད་ནས་སྒོམ་དགོས། །དེའང་དབྱིངས་སྒྲོན་གྱི་མཐའ་དབུས་གར་ཡིན་དུ་ངེས་ཤེས་ཏིག་ཏིག་མ་བྱས་པར་གཏད་པ་ཙམ་གྱིས་ལུ་གུ་རྒྱུད་འགུལ་འཕྲིག་དང་འགྲོ་འོང་མེད་པར་བརྟན་པ་ཡོང་མི་ནུས་པས། ས་དཔྱད་


TN00_Page_306B
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཚོས་ས་བཟང་བས་མི་ཆོག་ས་མིག་ནོན་དགོས་ཟེར་བ་ལྟར། གང་དུ་ལུ་གུ་རྒྱུད་བརྟན་པོར་གཟེར་ལ་ཐེབས་པའི་གནད་དམིགས་དངོས་ནི་ཐིག་ལེ་སྟོང་སྒྲོན་ཡིན་པས་དེའི་ནང་དུ་རྒྱང་ཞགས་གཟིར་དགོས་པ་གནད་ཆེན་པོའོ། །དེའང་ནང་དབྱིངས་བདེ་གཤེགས་སྙིང་པོའི་རང་གདངས་དབྱིངས་སྒྲོན་དང༌། དབྱིངས་ཀྱི་གསལ་ཆ་ཡེ་ཤེས་ཀྱི་གདངས་ཐིག་སྒྲོན་ཡིན་པས་སྟོང་པའི་ཆོས་ཉིད་མ་དང༌། སྣང་བའི་ཆོས་ཉིད་ཕ་ཞེས་རྣམ་མཁྱེན་ཤིང་རྟ་རང་ན་རྩལ་རྫོགས་ཀྱི་ལུང་དོན་བརྡ་འགྲོལ་མཛད་སྐབས་ཡོད་པས་ངོ་བོའི་དབྱིངས་དང་ཐུགས་རྗེའི་རིག་པ་གཉིས་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་གཟེར་བུ་བརྒྱབ་ནས་སྦྱར་དགོས་པའི་བརྡ་རེད་དམ་སྙམ། ༈ །ལུག་རྒྱུད་དབྱིངས་སུ་འཛུད་སྐོར་ལ། ནང་དབྱིངས་བདེ་གཤེགས་སྙིང་པོའི་ཀློང་དུ་ལྷག་མཐོང་གི་རིག་པ་བཅུག་སྟེའམ་བཞག་སྟེ་བསྒོམ་ན་ནང་དབྱིངས་དེ་ལ་སྒྲིབ་བྱེད་ཀྱི་ལས་རླུང་དང་རྣམ་རྟོག་རང་སང་ལ་དག་ནས་དབྱིངས་དེ་རྒྱ་ཇེ་ཆེར་མངོན་དུ་འགྱུར་བའི་གནད་ཀྱིས། དེའི་རང་མདངས་སུ་ཡང་དབྱིངས་སྒྲོན་གྱི་ནང་དུ་ལུག་རྒྱུད་བཞག་ནས་བལྟས་པས་དབྱིངས་སྣང་ཇེ་གསལ་དང་རྒྱ་ཇེ་ཆེར་འགྲོ་བ་ཡིན་པས་ལུག་རྒྱུད་ནི་དབྱིངས་སྒྲོན་ཇི་དོར་བྱེད་པའི་ཆུ་དྭངས་ནོར་བུ་ལྟ་བུ་ཡིན་སྣང༌། གཤེགས་སྙིང་ཇི་ལྟར་མངོན་དུ་གྱུར་པ་དེ་ལྟར་ལྷག་མཐོང་གི་རིག་པའང་ནང་དབྱིངས་གཤེགས་སྙིང་དེ་ཉིད་ཀྱི་ཡོན་


TN00_Page_307A
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡིན་པས་ཇེ་འཕེལ་ཇེ་བརྟན། ནང་དབྱིངས་སུ་ཇེ་ཞུགས་རེད་ནས་མཐར་ནང་དབྱིངས་རྗེན་ཅེར་དུའམ་མངོན་སུམ་དུ་མངོན་དུ་བྱེད་ལ། དེའི་རྟགས་སུ་ལུག་རྒྱུད་ཀྱིས་དབྱིངས་སྣང་རྒྱ་བསྐྱེད་དུས་དབྱིངས་སྣང་ཅི་ཙམ་འཕེལ་བ་ཙམ་དུ་སླར་ལུ་གུ་རྒྱུད་ཇེ་འཕེལ་ཇེ་རྫོགས་རེད་ནས། མཐར་ངོ་བོའི་རྟགས་སུ་སྐུ་འཆར་ཞེས་པ་དེ་འོང་བ་ཡིན་ནོ། །དབྱིངས་སྒྲོན་གྱི་དབྱེ་བའི་ཐད། གཞིའི་དབྱིངས་ཀྱིས་ཙིཏྟར་སྐུ་དང་ཡེ་ཤེས་འཛིན་ཞེས་པ་ནི་གཤེགས་སྙིང་རྣམ་པར་མི་རྟོག་པའི་དབྱིང་ཀྱིས་ཁམས་སམ་དབྱིངས་སམ་རིགས་ཀྱི་ཚུལ་དུ་བཞུགས་པའི་ཡོན་ཏན་གྱི་ཆ་རྣམས་འཛིན་པ། ལམ་ལ་སྣང་བའི་དབྱིངས་ཀྱིས་འོད་ལྔའི་འཆར་གཞི་བྱེད་ཅེས་པ་ནི་ནང་དབྱིངས་གཞི་ལ་བཞུགས་པའི་བཞུགས་ཚུལ་མཐའ་དག་ལམ་དུས་དང་པོ་ནས་མཐོང་མི་ནུས་ཀྱི། དེའི་ཆ་ཤས་ཅི་རིགས་ཙམ་ནས་རིམ་གྱིས་མཐོང་འོང་བས་རྣལ་འབྱོར་པ་གོང་འོག་ལ་ནང་དབྱིངས་མཐོང་རྒྱ་ཆེ་ཆུང་གི་ཁྱད་ཆེས་ཆེར་ཡོད་ལ། ནང་དབྱིངས་ཅི་ཙམ་ཤར་བའི་ཚད་དུ་འབྲས་བུ་ཡུལ་སྣང་བའི་དབྱིངས་སྒྲོན་གསལ་ཆ་དང་རྒྱ་ཇེ་ཆེར་འོང་བ་སྟེ། མདོར་ན་རྣལ་འབྱོར་པའི་ཉམས་མྱོང་གིས་ངོ་བོའི་བཞུགས་ཚུལ་ཅི་ཙམ་ངེས་པའི་ནང་དབྱིངས་ཀྱི་རྟོགས་པ་དེ་ལ་ལམ་སྣང་གི་དབྱིངས་ཞེས་བྱའོ། །ལུ་གུ་རྒྱུད་ལྷ་སྐུར་སྨིན་པ་དབྱིངས་སྒྲོན་གྱི་མཐུ་ཡིན་ཞེས་པ་དང༌།


TN00_Page_307B
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སྒྲོན་སྟོང་ཁམས་ཁྱབ་པར་མཆེད་པ་ལུག་རྒྱུད་ཀྱི་མཐུ་ཡིན་ཞེས་པ་གཉིས་གོ་བ་ལེན་ཕྱོགས་ཐ་དད་རེད་པས་སྔར་བཤད་དང་འདི་གཉིས་ཀ་ཤེས་དགོས་ཏེ། བྱ་དང་སྒོ་ང་གང་སྔ་དཔྱོད་པ་བཞིན་ནོ། ༈ །ངོ་བོའི་དབྱིངས་ཀྱི་བཞུགས་ཚུལ་རྟོགས་པའི་ཤེས་རབ་ལ་ལྟ་བ་ཟེར་བ་དང༌། ཤེས་རབ་དེ་ཕུལ་ཕྱིན་རིག་པར་གསུངས་པས་ལུགས་འདིར་ཐུན་མིན་གྱི་ལྟ་བ་ནི་ལྷག་མཐོང༌། རིག་པ་ཉིད་ལ་འཇོག་པ་འདྲ་སྟེ་དཔྱོད། ༈ །རིག་པ་ཟང་ཐལ་ཞེས་པ་རིག་ངོ་དེར་ཡུལ་གང་སྣང་ཡང་སྣང་ཆ་དེས་ངོ་བོའི་དབྱིངས་སྒྲིབ་མི་ནུས་པར་སྣང་བ་དེ་ཐལ་བྱུང་དུ་ཕྱུངས་ཏེ་རིག་པ་ངོ་བོའི་དབྱིངས་ཐོག་ཏུ་འགྲོ་བ་དང༌། ཡུལ་ཅན་རྟོག་པ་ཅི་ཤར་ཡང་དེས་རིག་པའི་མིག་འགེབ་མི་ཐུབ་པར་དམིགས་གཏད་ཀྱི་སྤྲོས་པ་ཞིག་པའི་དབྱིངས་སུ་རིག་པ་རང་ཉིད་སྲེ་ཐུབ་པ་སྟེ། ཀུན་གཞི་ལུང་མ་བསྟན་ནི་སྣང་སེམས་ལ་ཐོགས་ནས་ཐུམ་གྱིས་གནས་ཤིང༌། རིག་པ་ནི་དམིགས་གཏད་བྲལ་བའི་དབྱིངས་ལ་རྟེན་མེད་གནས་མེད་དུ་སང་ངེར་རྒྱ་ཡན་ཆེན་པོར་སྤྱོད་དོ། །མདོར་ན་རིག་ཐོག་ཏུ་གནས་དུས་སྣང་སེམས་གང་ཤར་ཐམས་ཅད་དབྱིངས་ལས་མི་གཞན་པར་རྟོགས་ནས་གང་ལའང་མངོན་ཞེན་གྱི་ཐོགས་རྡུགས་མི་འབྱུང་བར་ངོ་བོའི་སྟེང་དུ་ཐལ་གྱིས་སམ་ཐལ་མར་འགྲོ་བ་སྟེ། བཏགས་གྲོལ་གྱི་ཡབ་ཡུམ། གཉིས་མེད་ཀྱི་དགོངས་པ་གསུམ་ཡང་དེ་ལྟར་རེད། དབྱིངས་ཀ་དག་གི་ཆ་ནི་གཞི་སྣང་


TN00_Page_308A
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤར་གོང་གི་གཞི་དང༌། ད་ལྟ་འཁྲུལ་སྐབས་ཀྱི་ངོ་བོའི་དབྱིངས་ཀྱང་ཡིན་མོད། མི་གསལ་བས་ངེས་ཤིན་ཏུ་དཀའ། དེ་ཉིད་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་ངོ་བོར་མཆེད་པ་ན་རྟོགས་སླ་བ་ནི་བླ་མེད་གཞན་དུ་བདེ་བའི་སྟོབས་ཀྱིས་འོད་གསལ་དམིགས་རྣམ་ཤིན་ཏུ་གསལ་བར་འབྱིན་པ་དང་འདྲའོ། ཁྲེགས་ཆོད་དུ་གཞི་སྣང་འཁྲུལ་སྟོབས་ཀྱིས་ནང་དུ་ལོག་རྗེས་ཀྱི་དབྱིངས་དེ་རིག་པའི་སྟོབས་ཀྱིས་རྗེན་ཕུད་བྱེད་པ་ཙམ་ལས་གསལ་ཆ་འདོན་ལུགས་འདི་མེད་པས་འདི་རྩལ་འདོན་བྱེད་པ་ནི་ཐོད་རྒལ་གྱི་ཁྱད་ཆོས་ཆེ་ཤོས་རེད། །དེའི་གནད་ཀས་ནང་དབྱིངས་བདེ་གཤེགས་སྙིང་པོ་རྫོགས་པར་མངོན་དུ་བྱེད་པ་ལ་ཐོད་རྒལ་ལམ་མྱུར་རོ། །དབྱིངས་དང་རིག་པའི་གདངས་དབྱིངས་སྣང་དང་ལུག་རྒྱུད་དུ་འཆར་བའི་གནད་ཀྱང་རང་བཞིན་གསལ་བའི་ཡེ་ཤེས་ལ་ཐུག་ཅིང༌། ཡེ་ཤེས་དེའི་རང་གདངས་ཀྱི་སྣང་ཆ་ཐུན་མིན་ནི་ཐིག་སྒྲོན་ཡིན་པས་དབྱིངས་སྒྲོན་དང་ལུག་རྒྱུད་གཉིས་ཀའི་འཆར་བའི་གཞི་ཐིག་ལེའི་སྒྲོན་མ་ཡིན་པར་བཤད་པ་རེད་སྙམ། རྟོགས་བྱ་ནང་དབྱིངས་བདེ་སྙིང་ལྷུན་གྲུབ་ཀྱི་གསལ་མདངས་སུ་མཆེད་པ་དེ་དབྱིངས་དང་ཐིག་ལེའི་སྒྲོན་མ་རོ་གཅིག་པར་སྣང་ཞིང༌། རྟོགས་བྱེད་སྒོམ་པའི་ཤེས་རབ་ལྷག་མཐོང་གི་རིག་པ་དེ་ལུ་གུ་རྒྱུད་དུ་ཤར་བ་རེད་དོ། །ད་དུང་རྣམ་མཁྱེན་ཤིང་རྟར་ལམ་ལ་སྣང་བའི་དབྱིངས་ཀྱིས་


TN00_Page_308B
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལྔའི་འཆར་གཞི་བྱེད་ཅིང༌། རིག་པའི་དྭངས་མ་བསམ་གཏན་གྱི་ཐིག་ལེར་སྡུད། བྱ་བ་ཡོད་པས་དཔྱད་དགོས། ༈ །ཆོས་ཉིད་བར་དོའི་ལྷུན་གྲུབ་ཀྱི་གཞི་སྣང་འཆར་བ་ལ་ནི་ཕུང་ཁམས་རགས་པ་མཐའ་དག་ཐིམ་པའི་གཞིའི་འོད་གསལ་ངེས་པར་སྔོན་དུ་འགྲོ་བས་གཞི་དང་གཞི་སྣང་གི་རིམ་པ་ངེས་ལ། ད་ལྟ་ཐོད་རྒལ་བའི་ལམ་སྣང་འཆར་བ་ལ་ནི་དེ་ལྟར་མི་དགོས་པས་གཞི་སྣང་སྔ་མ་དང་ཕྱི་མ་གཉིས་ལ་སྟོབས་ཆེ་ཆུང་གི་ཁྱད་ཆེས་ཆེ་བས་དཀྱུས་གཅིག་པོ་དེར་ལྷ་སྐུར་རྫོགས་ནས་མཐར་ཕྱིན་པ་སོགས་འོང་མི་འོང་བྱུང་བ་སྟེ། གཞིའི་འོད་གསལ་འཐུག་པོ་སྔ་མ་བཞིན་སོང་ན། ཕུང་ཁམས་གློ་བུར་བའི་སྒྲིབ་བྱེད་མེད་པས་སྟོན་ཀའི་ཉི་མ་སྤྲིན་བྲལ་ལྟ་བུའི་གཞི་སྣང་ཤུགས་ཆེར་འཆར་ལ། ཕྲ་རགས་འབྲེལ་བ་མ་ཆད་སྐབས་དེ་ཙམ་གྱི་རྩལ་རྫོགས་མི་ཐུབ་པའམ། གཞི་སྣང་གི་ནུས་པ་དེ་ཙམ་མྱུར་པོར་རྒྱས་མི་ནུས་ཏེ། ཚད་ཕེབས་ཐད་ཕྱེད་སྐུར་འཆར་བའི་གོ་བ་གོང་སྨོས་ལ་དཔྱད་ཀྱང་ཤེས་སོ། །འདིའི་རྩ་ཐོ་ཐེག་མཆོག་མཛོད་ན་ཡོད། འདི་ལྟར་བྱས་ཚེ་ཐོད་རྒལ་གྱི་སྒྲ་བཤད་ཀྱང༌། འཁྲུལ་སྣང་དང་ཡེ་ཤེས་རང་སྣང་གི་བར་དུ་ཐོག་མའི་ཀ་དག་གི་གཞི་དབྱིངས་འཆར་་བརྒྱུད་་མི་དགོས་པར་འཁྲུལ་སྣང་ལས་གཞི་སྣང་ལ་ཐོད་རྒལ་དུ་འཇུག་པ་ཟེར་རམ་དཔྱད། ༈ །ཤེས་རབ་ཀྱི་མིག་གིས་མཐོང་ན་ཅིག་ཆར་དུ་ཟད་པ་སྟེ།


TN00_Page_309A
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བཞིའི་རྟགས་སྣང་མཐའ་དག་མ་རྫོགས་ཀྱང་ཆོས་ཟད་དུ་འགྲོ་བ་ཡོད་གསུངས་པ་ནི། ཤེར་སྒྲོན་སྟོབས་ཤིན་ཏུ་ཆེ་ན་སྣང་བ་མ་རྫོགས་གོང་ནས་གྲོལ་སར་ཐིམ་ནུས་པའམ་ལྷུན་གྲུབ་ཀྱི་སྦུབས་སུ་ཐིམ་ནུས་པ་སྟེ། ཆོས་ཉིད་བར་དོར་ཡེ་ཤེས་བཞི་སྦྱོར་ནས་ངོ་ཤེས་ཏེ་གྲོལ་བ་དང་ཚོམ་བུའི་སྣང་བ་ལ་རང་སྣང་དུ་ངོ་ཤེས་ནས་གྲོལ་བ་སོགས་གང་དང་གང་གི་ཐད་དུ་ཤེར་སྒྲོན་རྩལ་རྫོགས་ཀྱང་དེ་ཐད་ཉིད་དུ་གྲོལ་བར་བཤད་པ་དང་ཚུལ་འདྲའོ། ༈ །གཞི་སྣང་གི་འོད་གསལ་ལ་རང་བཞིན་དང་ཐུགས་རྗེ་གཉིས་ཀ་འཇོག་མི་འཇོག་དཔྱོད། ༈ །བྱིང་རྒོད་སོགས་སྒོམ་སྐྱོན་གཅད་ཚུལ་ནི། བྱིང་རྨུགས་འཕྲོ་རྒོད་གང་ཡང་རིག་པ་རང་མལ་ནས་གཡོས་ཏེ་རྩལ་ཐོག་ཏུ་ཤོར་བ་ཁོ་ན་ལས་བྱུང་གིས་རིག་ཐོག་དངོས་ན་དེ་ཐམས་ཅད་དྲི་ཙམ་ཡང་མེད་པས་རིག་ཐོག་ནས་མ་གཡོས་པ་ཁོ་ནས་ཆོད་པར་ཀུན་བྱེད་ཀྱི་ལུང་དྲངས་ནས་ཆོས་དབྱིངས་མཛོད་འགྲེལ་ལས་གསུངས་ཏེ། རྣམ་མཁྱེན་ཤིང་རྟར་ཆོས་སྐུའི་རང་མལ་ནས་མ་གཡོས་པའི་རིག་པའི་ཡེ་ཤེས་སམ་རོལ་པ་ཆོས་ཉིད་དུ་ཤེས་པའི་ཤེས་རབ་ལ་ཡུལ་ཐོག་ཏུ་མི་འཆོར་བར་རང་ངོ་བོའི་སྟེང་དུ་གསལ་སྣང་མཆེད་པའི་མཐུ་ཡོད་པས་སོ་སོ་རང་རིག་ཡེ་ཤེས་ཟེར་ཚུལ་དང༌། དེས་རྣམ་རྟོག་གཟུང་འཛིན་ཐམས་ཅད་ཟ་བས་མེ་དང་འདྲ་ཚུལ། རིག་པ་རླུང་གིས་སྤུར་བའི་རང་རྩལ་ལས་བྱུང་བའི་བྱིང་རྒོད་སོགས་


TN00_Page_309B
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དེ་ཉིད་ཀྱིས་སེལ་ཚུལ། ཁྲེགས་ཆོད་ལམ་ནི་ཤར་གྲོལ་དུས་མཉམ་སྟེ། །ཞེས་པའི་ཐད་དང་ཀུན་གཞི་ཆོས་སྐུའི་ཐད་སོགས་ན་ཅི་རིགས་སུ་ཡོད་དོ། །ཕར་ཕྱིན་ཐེག་པར་ཡང༌། ལྷག་མཐོང་སྒོམ་བྱུང་གི་ཤེས་རབ་ཀྱིས་སྟོང་ཉིད་ལ་དམིགས་ནས་ཇི་ལྟར་བསྒོམ་པ་དེ་ལྟར་ཤེས་རབ་དེ་གསལ་རྣོ་ཆེ་ཟབ་ཇེ་བཟང་དུ་འགྲོ་ལ། དེ་ལྟར་ལྷག་མཐོང་གི་ཤེས་རབ་ནར་སོན་ནས་མཐར་སྟོང་ཉིད་དང་ཆུ་ལ་ཆུ་ཐིམ་ལྟར་སོང་དུས་འཕགས་པའི་ཤེས་རབ་ཏུ་སོང་བ་རེད། དེ་བཞིན་དུ་དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད་བཞག་པས་ལུག་རྒྱུད་རིམ་གྱིས་འཕེལ་ནས་མཐར་ངོ་བོའི་རྟགས་སུ་ལྷ་སྐུར་འཆར་ཞེས་གུང་བསྒྲིགས་དུས་ཤིན་ཏུ་ཡག་པོ་ཡོད། ༈ །རིག་པའི་རྩལ་ངར་གྱི་ཤུགས་ནི་ཚད་བཟུང་དུ་མེད་དེ་དེ་མཆེད་པ་ལས། །འོད་ཟེར་གྱི་ཚུལ་དུ་གཟུང་འཛིན་གྱི་སྤྲོས་པ་མཐའ་མེད་དུ་ཤར་ཞིང་འཕྲོས་པ་རེད་ལ། དེས་ན་གཟུང་འཛིན་གྱི་རྣམ་རྟོག་ཅི་ཙམ་འབར་བ་ཙམ་དུ་རིག་རྩལ་གསལ་འབར་དུ་སོང་བ་ཡིན་ཏེ། ཆོས་དབྱིངས་མཛོད་ཀྱི་ལེའུ་བཅུ་གཅིག་པར་ཆགས་སྡང་འབར་དུས་རིག་རྩལ་ལྷོང་བར་བཤད་པ་བཞིན་ནོ། །འོན་ཀྱང་རྩལ་གྱི་རིག་པ་ཡུལ་ཐོག་ཏུ་མི་འཆོར་བས་ཁ་ཕྱིར་བལྟས་ཀྱི་རོལ་པ་རྣམས་ཀྱིས་བསྒྲིབ་ནས་རྟོགས་དཀའོ། །དེའི་དུས་སུ་རིག་པ་སྣང་སེམས་ཀྱིས་གོས་ན་སྣང་སེམས་ཁོལ་བུར་ཆད་པ་ལྟར་རིག་རྩལ་


TN00_Page_310A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱ་ཆད་ཕྱོགས་ལྷུང་ཅན་དུ་འགྱུར་བ་ལས། རིག་པ་གཟུང་འཛིན་མེད་པའི་ཟང་ཐལ་ཡིན་པས་མ་གོས་ཏེ་རྒྱ་མ་ཆད་ཕྱོགས་སུ་མ་ལྷུང་བ་རེད། དེའི་དུས་སུ་ཁ་ཕྱིར་བལྟས་ཀྱི་གཟུང་འཛིན་འཁྲུལ་བའི་ཆ་དེ་གར་འགྲོར་བཏང་ནས། རྩལ་གྱི་རིག་པ་དེ་ནང་ངོ་བོའི་སྟེང་དུ་བཞག་པས་རྩལ་གྱི་འོད་ཟེར་ཉི་མ་བརྒྱའི་འོད་ལྟར་གསལ་བ་དེས་ངོ་བོའི་བཞུགས་ཚུལ་རྗེན་ལ་ཕུད་ཡོང༌། རྩལ་གྱི་རིག་པ་དེ་གཟུང་འཛིན་གྱིས་མ་གོས་པས་རྒྱ་ཆད་ཕྱོགས་ལྷུང་མེད་པ་རང་གི་གནད་ཀྱིས་དེ་ངོ་བོའི་ཐོག་ཏུ་ཕེབས་ཙ་ན་ངོ་བོ་རིས་མེད་ལ་རིག་པ་ཕྱོགས་མེད་དུ་རྒྱས་ནས་དེ་ཁོ་ན་ཉིད་ལ་བློ་རྒྱས་པ་ཟེར་བ་ལྟར་འགྲོ་སྟེ། རྒྱ་གྲོལ་རྣལ་འབྱོར་ནམ་ལང་ཉི་ཤར་འདྲ། །ཞེས་སོ། ༈ །རིག་པ་ཆོས་སྐུ་ཡིན་ཡང་དེའི་ཐོག་ནས་གཡོས་ཏེ། རྩལ་ཐོག་ཏུ་འཁྱམ། སླར་རིག་ཐོག་ཏུ་ས་མི་འཛིན་པར་རྩལ་གྱི་སྟེང་ནས་ཤེས་རབ་དང་ཏིང་ངེ་འཛིན་སོགས་སངས་རྒྱས་ཀྱི་ཡོན་ཏན་བསྒྲུབ་ཚེ་བྱིང་རྒོད་སོགས་གོལ་སྒྲིབ་མང་སྟེ་རྙོག་པ་ཅན་གྱི་སེམས་འགྲུབ་གཞིར་བྱས་པས་སོ། །རིག་པ་ནི་རང་བཞིན་གཤིས་ཀྱི་དྭངས་མའི་འོད་གསལ་ཡིན་པས་དེ་ཐོག་ཏུ་བསྡད་ན་གོལ་སྒྲིབ་མེད་དེ། རང་ཁྱིམ་ནས་ཐག་རིང་དུ་འཁྱལ་ཏེ། སླར་མཚན་འགྲོས་ཀྱིས་འོང་དགོས་ན་ལམ་ནོར་དོགས་ཆེ། རང་ཁྱིམ་ནས་སྒོར་མ་བུད་བཞིན་དུ་རང་ཁྱིམ་ཚོལ་དགོས་དང༌། ཚོལ་ཚེ་ལམ་ནོར་དོགས་


TN00_Page_310B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་གཞི་མེད་པ་བཞིན་ཏེ། བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང༌། །ཞེས་དྲངས་ནས་སྣང༌། གཉུག་མ་རང་མལ་དུ་སྐྱོང་ནུས་ཀྱང་གོལ་ས་ཡོད་ན་རྩོལ་མེད་ཀྱི་ཐེག་པར་འགལ་ཏེ། གཉུག་མའི་སྟེང་ནས་རྩོལ་འབད་དགོས་པའི་ཕྱིར་རོ། །ཡང་རང་གནས་ཀྱི་བསམ་གཏན་ལ་གོལ་སྒྲིབ་མི་སྲིད་ལ། རང་བབས་རང་གནས་ཀྱི་བསམ་གཏན་མ་བསྒོམ་ཆུ་བོ་རྒྱུན་དུ་ཤེས་པ་དེ་ལ་གང་ཡང་ཆོས་ཉིད་དུ་འཆར་བས་གོལ་སྒྲིབ་དང་རྐྱེན་སྣང་གི་བར་ཆད་མེད་དེ་ཡེངས་ཡུལ་ཆོས་ཉིད་ཀྱི་རོལ་པར་ཤར་བའི་ཕྱིར་རོ་ཞེས་བཤད་དེ་བྱིང་རྒོད་སྐྱེ་བར་རྩོམ་དུས་ནས་རིག་པ་དྲི་མེད་ཀྱི་ཀློང་དུ་དག་འགྲོ་བའོ། ༈ །གཟུང་འཛིན་འཁྲུལ་བའི་ཡོ་ལང་འདི་རྣམས་དང་པོའི་གཞི་དང༌། མཐར་གྲོལ་ས་གཉིས་ཀ་ན་མེད་ཀྱང་བར་འདིར་རྨི་ལམ་རྨིས་པ་ལྟར་ཤར་ཏེ། དེའི་ཚེའང་སེམས་ཐོག་ནས་བལྟས་ན་མཁྲང་ཐེང་ངེ་བ་ལྟ་བུར་སྣང་ཡང༌། རིག་ཐོག་ནས་བལྟས་ན་སྟོང་གཟུགས་ཤར་བ་ལྟ་བུ་ལས་མེད་དེ། ཟང་ཐལ་གྱི་སྣང་བ་ཤག་མ་ཤིག་མ་ཁྲལ་མ་ཁྲོལ་མ་ཙམ་མོ། །སྟོང་གཟུགས་ལའང་སྟོང་པའི་གཟུགས་སྒྲ་སོགས་ཡུལ་ལྔ་འདོད་པ་ལྟར། ལུགས་འདིར་སྣོད་བཅུད་ཐམས་ཅད་སྟོང་གཟུགས་སུ་ཟད་དེ། དཔེར་ན་རེ་ཁཱ་ནག་པོའི་ནང་དུ་གསེར་དང་མེ་ཏོག་ཆར་དང་བུམ་སྣམ་རེ་ལྡེ་སོགས་ཅི་ཤར་ཡང་འོད་གསལ་གྱི་རང་སྣང་ཁོ་ན་ཡིན་པས་བཟང་ངན་མེད་པ་ལྟར། སྐྱེ་ཤི་


TN00_Page_311A
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྡུག་སོགས་ཅི་ཤར་ཡང་རིག་པའི་ཀློང་ལས་མ་གཡོས་པས་ཐམས་ཅད་མཉམ་པ་ཉིད་དེ། གནས་སྐབས་སུ་སེམས་ཀྱི་རང་སྣང་རེད་ཀྱང༌། མཐར་གཏུགས་ན་སེམས་དང་དེའི་རོལ་པ་ཐམས་ཅད་ཡེ་ཤེས་རང་སྣང་གི་སྟོང་གཟུགས་སུ་སངས་རྒྱས་ཟིན་པས་རིག་པ་དག་མཉམ་ལྷུན་གྲུབ་ཆེན་པོས་ཁྱབ་པའི་ཞིང་ཞེས་བྱའོ། །ཐུགས་རྗེའི་རིག་པ་མེ་ལོང་དང་འདྲ་སྟེ་འཆར་གཞི། གཟུང་འཛིན་གཟུགས་བརྙན་དང་འདྲ་སྟེ་ཤར་ཆོས། འཆར་གཞིའི་དབང་གིས་ཤར་བ་མེ་ལོང་མེད་ན་གཟུགས་བརྙན་གཏན་མི་འབྱུང་བ་འདྲ། རིག་པའི་ངོ་བོ་སྟོང་པ་བརྗོད་མེད་རེད་པས། དེའི་རོལ་པ་ཐམས་ཅད་ཀྱང་མེད་པ་གསལ་སྣང་ཁོ་ན་སྟེ། སྟོང་པའི་རང་མདངས་རང་མཚན་གྱིས་གྲུབ་པར་འགལ་བའི་ཕྱིར་ཏེ། གཞི་རྩ་མེད་པའི་ཕྱིར་རོ། །དེ་རྣམས་བསྒྲིགས་དུས་སྣང་སྲིད་ཐམས་ཅད་མེ་ལོང་ལ་པྲ་ཕབ་ལྟ་བུའི་སྟོང་གཟུགས་ངོ་ཏི་རང་ཡིན་ཀྱང༌། སེམས་ཀྱི་སྤྱོད་ཡུལ་དུ་སོང་བའི་ངོར་དེ་ཚེ་སྟོང་གཟུགས་ཡིན་བྱས་ན་མི་སྲིད་པའི་གཏམ་ལྟ་བུར་འཆར་བ་ནི་སེམས་སྟོང་གཟུགས་ཀྱི་དེ་ཉིད་ལ་ཚད་མ་མ་ཡིན་པས་སྟོང་གཟུགས་སྒྱུ་མའི་གྲོང་ཁྱེར་ལ་བདེན་པར་འཁྲུལ་བ་རྐྱང་པ་རེད་དོ། །དེའང་དང་པོའི་ལྷུན་གྲུབ་ཀྱི་སྣང་བ་ནི་རིག་པ་ཁོ་ནའི་སྣང་བ་ཡིན་པས་དྭངས་ཤིང་སྒྲིབ་མེད་དུ་གསལ་བ། རང་སྣང་དུ་ཤེས་མ་ཐག་


TN00_Page_311B
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་དག་འགྲོ་བའི་ལས་རུང་གི་ཡོན་ཏན་ཕུལ་བྱུང་ཅན་ཡིན་ཡང༌། ད་ལྟའི་གཟུང་འཛིན་རགས་པ་ནི་རིག་རྩལ་མ་རིག་པ་གསུམ་དུ་ལོག་སྟེ་སྣང་བ་རང་རྒྱུད་པར་ཞེན་པའི་རླུང་སེམས་ལས་ཤར་བས། འདག་དཀའ་བ། སྦྱང་དཀའ་བ། ཤིན་ཏུ་ངན་རེང་གི་རྣམ་པ་ཅན་ཡིན་ཏེ། ཨ་འཐས་ཀྱི་འཁྲུལ་སྣང་ཟེར། དེའང་རིག་པའི་རང་མལ་ནས་གཡོས་ཏེ་རྩལ་ཐོག་ཏུ་ཤོར་བའི་ཀུན་གཞི་ལུང་མ་བསྟན་གྱིས་རང་སྣང་གི་དེ་ཉིད་བསྒྲིབ། ཡུལ་སྣང་རང་རྒྱུད་པར་སྣང༌། སྣང་བ་ལྟར་གྲུབ་པར་ཞེན། ཞེན་པ་རྒྱུན་ཆགས་སུ་འཐས། དེ་ལ་བརྟེན་ནས་ལས་ཉོན་སྡུག་བསྔལ་གྱི་འཁོར་བ་ཟད་མེད་འཕེལ་བ་འདི་སེམས་ཅན་བཅིང་ལུགས་ཡིན་པའི་གནད་ཤེས་ན། གཤིས་ལྷག་མཐོང་གི་རིག་པའི་རང་སོ་བཟུང་སྟེ། རྩལ་ཐོག་མ་ཤོར་བར་བསྐྱངས་པས། ཀུན་གཞིའི་བསླད་པ་སང༌། མ་འཁྲུལ་གཉུག་མའི་དབྱིངས་ཐོག་ཏུ་བཙན་ས་ཟིན། རོལ་པ་ཆོས་ཉིད་དུ་ཤེས་པའི་མཁྱེན་ཆ་རྒྱས། གཟུང་འཛིན་རང་རྒྱུད་པའི་འཁྲུལ་འཁོར་ཞིག །སྣང་སྲིད་ཐམས་ཅད་དག་མཉམ་ཆེན་པོའི་སྟོང་གཟུགས་སུ་ཤར། མཐར་རང་གདངས་ནང་དུ་ལོག །རྩལ་གཞི་ལ་ཐིམ་ནས་གྲོལ་སར་ཕྱིན་འགྲོ་བ་ལ་ངེས་པ་འཐོབ་སྟེ། འདིའི་རྒྱུ་མཚན་གྱིས་རིག་པ་བསྐྱང་དེད་གཅིག་པོས་འཚང་རྒྱ་བ་རེད་པས། འབད་མེད་གྲོལ་བའི་གནད་ཀྱི་


TN00_Page_312A
[མ་དཔེ་གཟིགས་ན་འདིར་གནོན།]

ཉིང་ཁུ། འོད་གསལ་རྡོ་རྗེ་རྩེ་མོའི་གསང་གཏམ་མཐར་ཐུག་པ་ལགས་སོ། ༈ །རིག་པ་ལ་ཡུལ་ཚུར་སྣང་ཡང་ཡུལ་ཐོག་ཏུ་ཕར་མི་འཆོར་བས་རིག་པ་ཟང་མ་རྗེན་པར་བུད་དེ། གཟུང་འཛིན་འཁོར་བའི་རྩ་བ་སྟོང༌། སྣང་སྲིད་རྒྱ་གྲོལ་ལ་སང༌། གང་སྣང་ཐམས་ཅད་སྟོང་པར་གྲོལ་བས་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཟེར། རྟེན་འབྲེལ་བཅུ་གཉིས་ལུགས་སུ་འཇུག་པ་འདི་དག་གོ་བཟློག་སྟེ་དང་པོའི་རིག་ཐོག་ཏུ་དེད་ནས་ཟང་ཐལ་གྱི་རིག་པ་རྗེན་ལ་བུད་ཙ་ན། སྤྲིན་ཡེ་དག་གི་ནམ་མཁའི་ངོས་ལྟར་གཤིས་ལ་འཁོར་བ་ཡོད་མ་མྱོང་བའི་དྲི་མེད་རྣམ་དག་ཆེན་པོར་རྟོགས་པས་སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱའོ། །སྲིད་གསུམ་ཀ་ནས་དག་ཚུལ་འདི་རྒྱས་པར་ཡིད་བཞིན་མཛོད་ཀྱི་ལེའུ་བཅོ་བརྒྱད་པར་ཡོད། ༈ །བདེ་གསལ་རྣམ་པར་མི་རྟོག་པའི་འོད་གསལ་ནི་བླ་མེད་ཀྱི་རྒྱུད་ཐམས་ཅད་ན་གསལ་བར་བསྟན་ཀྱང༌། ཐུགས་རྗེའམ་རྩལ་གྱི་རིག་པའམ་ཤེས་རབ་ཀྱི་ཆ་སྟེ་མཁྱེན་ཆ་རྗེན་འདོན་བྱེད་ཅིང་དེའི་སྟེང་ནས་འོད་གསལ་གྱི་ལམ་བསྒྲུབ་པ་གཙོ་བོར་རྩལ་འདོན་བྱེད་པ་ནི་རྡོ་རྗེ་རྩེ་མོའི་ཁྱད་ཆོས་རེད་འདྲ།། ༈ །།ངོ་བོའི་འོད་གསལ་ནི་ཀུན་རྟོག་གི་དུས་བག་ལ་ཞ་འགྲོ་སྟེ། རྒྱུད་གཞན་དུ་འོད་གསལ་དང་ཀུན་རྟོག་ཅིག་ཤར་དུས་གཅིག་ནུབ་འགྲོ་བར་བཤད་པའང་འདིར་དགོངས། ཐུགས་རྗེའི་རིག་ཆ་ནི་ཉི་འོད་མཆེད་དུས་ཚ་དྲོད་རང་འགྲོགས་སུ་མཆེད་པ་བཞིན་ཀུན་རྟོག་མཆེད་


TN00_Page_312B
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེ་ལ་རང་འགྲོགས་སུ་མཆེད་ཡོང་སྟེ་སྙིང་ཐིག་གི་གྲུབ་མཐའ་ཐུན་མིན་རེད། ལྗོན་ཤིང་གི་སྒྲ་དང་འཁྲུལ་འཁོར་གྱི་ཁོང་གནད་ལྟར། འོད་གསལ་གྱི་གནད་མཐར་ཐུག་ནི་ངོ་བོའི་དབྱིངས་སམ་མི་རྟོག་པའི་དབྱིངས་ཏེ། དེ་ནི་འོད་གསལ་གྱི་གཏིང་ངོ། །འདི་ལ་དབྱིངས་ཞེས་ཟེར་དོན་དམིགས་གཏད་ཁོལ་བུ་པ་ལ་སྣང་བ་རིས་མེད་མི་ཡོང༌། རྒྱ་ཡན་གྱི་སྣང་ཆ་ལ་ཕྱོགས་མེད་རིས་མེད་ཡོང་བས་ཅི་ཡང་མ་ཡིན་པ་ལས་ཅི་ཡང་འབྱུང་ཟེར་རྒྱུ་དེ་རེད་པས་ཆོས་ཐམས་ཅད་ཀྱི་དབྱིངས་ཡིན་ལ། སྤྱི་ལྟར་འཕགས་པའི་ཆོས་ཀྱི་དབྱིངས་ཞེས་ཀྱང་བཤད་ནུས། རིག་པ་ལྷག་ཐོང་གི་རྒྱལ་པོ་ཡིན་པས་དེས་ངོ་བོའི་བཞུགས་ཚུལ་རྗེན་ལ་འབྱིན་ཐུབ་པ་འདྲ་བ་བདེ་བ་དང་གསལ་བ་གཞན་གྱིས་མི་ཐུབ་ལ། བཞུགས་ཚུལ་དེ་ཅི་ཙམ་རྗེན་འདོན་ཐུབ་པ་དེ་ཙམ་དུ་འོད་གསལ་གྱི་རྟོགས་པ་ལས་སུ་རུང་བ་དང༌། འོད་གསལ་ལ་དབང་བསྒྱུར་ཕུལ་བྱུང་འཐོབ་པ་ནི། ལམ་འདིའི་ཟབ་ཁྱད་དང་མྱུར་ཁྱད་མཆོག་གོ །རིག་པས་དབྱིངས་ཀྱི་གཏིང་ལ་རེག །ཇི་ལྟར་རེག་པ་དེ་ལྟར་དབྱིངས་ཀྱི་རིག་པ་རྣོ་ལ་ངར་བཏགས་ལྟར་བྱེད། དེའང་རིག་པས་འོད་གསལ་གནད་ནས་བསྐུལ་ཞིང་ཅི་ཙམ་འཁུལ་ནུས་པ་ལྟ་བུ་བདེ་བ་སོགས་ལ་མེད་པའི་དོན་ནོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་སྐུལ་བར་བྱ། །ཞེས་ཏེ། སྐུལ་བ་འདི་རྣལ་འབྱོར་བླ་མེད་ཀྱི་སྲོག་གོ །དེ་ལྟར་རིག་པ་ལ་འོད་གསལ་གྱི་


TN00_Page_313A
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་གསལ་བར་འབྱིན་པའི་ཁྱད་ཆོས་ཆེ་བར་མ་ཟད། དབྱིངས་ཐོག་ཏུ་བརྟན་པར་གནས་ཐུབ་པ་ལའང་ཁྱད་ཆེས་ཆེ་སྟེ་རླུང་རགས་པ་ཐིམ་པའི་གསལ་བ་དང༌། ཐིག་ལེ་རགས་པ་ཞུ་བའི་བདེ་བ་སོགས་ནི་དུས་དེར་འཕྲལ་རྐྱེན་གྱིས་འོད་གསལ་བོགས་བཏོན་པའི་ཤེས་ཉམས་ཡིན་པས་བརྟན་པར་དཀའ་ལ། རིག་པ་ནི་དབྱིངས་ཁོ་རང་གི་རང་འགྲོས། ཁོ་དང་གདོད་ནས་འབྲལ་མི་ཤེས་པའི་ཆོས་ཉིད་ཅན་ཡིན་ཅིང༌། ཉི་མའི་རང་གཤིས་སྣང་བ་ཡིན་པ་ལྟར་རིག་པ་དབྱིངས་ཀྱི་སྣང་བྱེད་དུ་གཤིས་ཀྱིས་གྲུབ་པས་དེའི་སྟེང་ནས་དབྱིངས་བསྒོམ་ན་དབྱིངས་ཐོག་དུ་བརྟན་སླ་སྟེ། རྣམ་མཁྱེན་ཤིང་རྟར། རང་བཞིན་རྫོགས་པ་ཆེན་པོ་ནི་ཆོས་ཉིད་ཀྱི་རླན་དང་མི་འབྲལ། ཞེས་པའང་དེ་ལྟར་རེད་སྙམ། ༈ །རྩ་རླུང་ཐིག་ལེའི་རྟོག་སྒྲིབ་ཀྱིས་གཉུག་མའི་རང་ཞལ་འགེབ་ལ། རྟོག་སྒྲིབ་དེ་སྦྱོང་བ་ནི་གཞན་དུ་སྒོ་གསུམ་ཕྲ་རགས་ཕྱེ་ནས་མཛད་ཀྱང༌། འདིར་རགས་པ་ཉིད་ཕྲ་བ་དང༌། ཕྲ་བ་ཤིན་ཏུ་ཕྲ་མོར་བསྒྱུར་ནས་མི་ཤིགས་དྭངས་མ་ཆེན་པོའི་དབྱིངས་སུ་འཇུག་པ་སྟེ། དེ་ལྟར་རགས་པ་ཕྲ་བར་བསྒྱུར་བའི་གནད་ནི། ཕྲ་རགས་མ་ཕྱེ་བར་རླུང་སེམས་རགས་པ་ཉིད་ཀྱི་སྟེང་ནས་གཉུག་སེམས་བསྐྱང་བའི་ལག་རྗེས་ལ་དེ་ལྟར་འོང་བ་སྟེ། བུད་ཤིང་མ་བསལ་བར་དུ་མེ་མི་འབར་བ་མིན་གྱི། བུད་ཤིང་ཅི་ཙམ་མང་བ་ཙམ་དུ་མེ་མཆེད་ཡོང་བ་བཞིན། ཀུན་རྟོག་དང་ལས་


TN00_Page_313B
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཅི་ཙམ་འབར་བ་དེ་ཙམ་རིག་པའི་རྩལ་ངར་མཆེད་ཡོང་བས། དེ་ཐད་ཉིད་དུ་རིག་པ་ངོས་བཟུང་སྟེ་སྐྱོང་བ་རེད། རྟོག་སྒྲིབ་ཀྱི་གསེབ་ནས་ཐོན་པའི་རིག་པས་རྟོག་སྒྲིབ་སྲེག་པ་ནི། ཤིང་དྲུད་པ་ལས་བྱུང་བའི་མེས་ཤིང་ཉིད་སྲེག་པ་བཞིན་ནོ། །འདི་ལྟར་སྙིགས་མ་དྭངས་མར་སྒྱུར་ཐུབ་པ་ནི། བྱ་བ་དགུ་ཕྲུགས་བཏང་ནས་བར་མེད་དུ་སྒོམ་པ་ལ་ལྟོས་ངེས། ༈ །ཐོད་རྒལ་ཐད། གཏེར་ཆེན་རིན་པོ་ཆེའི་ཞལ་ནས། དབྱིངས་ཐིག་རིག་གསུམ་གྱི་སྣང་བ་མཐོང་ཚེ། དེ་ལ་བདག་གཉེར་གང་ཡང་མེད་པར་རིག་པ་གློད་དེ་འཇོག་པ་དེ་ཐོད་རྒལ་སྒོམ་ལུགས་ལེགས་ཤོས་མིན་པར་གོ །ལུ་གུ་རྒྱུད་དབྱིངས་ཐིག་གི་ར་བར་གཟེར་བཏབ་པ་ལྟར་ཨར་ལ་གཏད་ནས། དེ་འདྲའི་ལུག་རྒྱུད་དེ་ལ་ནང་གི་རིག་པ་ཙིར་བཟུང་ལྟ་བུར་མདུང་ཚུགས་སུ་གཏད་པའམ་རིག་པ་ཁ་ཡན་དུ་མི་གཏོང་བར་ལུ་གུ་རྒྱུད་ཁོ་ན་དང་བསྲེས་ནས་ཕུར་ཚུགས་སུ་ཧུར་ཐག་བྱས་ཏེ་སྒོམ་པ་འདི་ལེགས་ཤོས་ཡིན་ཏེ་འདིའི་གནད་ཀྱིས་དབང་རྣོན་སྒོམ་མེད་ཁྲེགས་ཆོད་ཀྱིས་གྲོལ་བ་དང༌། བརྩོན་འགྲུས་ཅན་སྒོམ་ཡོད་ཐོད་རྒལ་གྱི་ལམ་པ་ཞེས་བཤད་པ་ཡིན་གསུངས་ཏེ་ཟབ་གནད་ཕུལ་བྱུང་དུ་སྣང༌། ཡང་རིག་པའི་བོགས་འདོན་ལ་བདེ་བ་ལས་ཀྱང་གསལ་བ་དྲག །ཅེས་དང༌། མཉམ་བཞག་འཐུག་པོའི་དུས་སུ་ཕྱག་རྒྱའི་བདེ་བ་ལས་ལྷག་པའི་བདེ་བ་དྭངས་ཤིང་མི་གཡོ་བ་ཡོད་ཀྱང་དེ་རྩལ་འདོན་མ་བྱས་པར་


TN00_Page_314A
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཆ་བསྐྱངས་པས་མི་རྟོག་པའི་དབྱིངས་སུ་འདྲེས་ཚེ་མི་རྟོག་པས་བདེ་བ་ཟིལ་གྱིས་མནན་ནས་འགྲོ་གསུངས་ཏེ། དེའི་ཚེ་བདེ་ཉམས་ཕུལ་བྱུང་ཡོད་ཀྱང་མི་མངོན་པ་འཕགས་པའི་མཉམ་བཞག་ལ་ཡུལ་ཡུལ་ཅན་ཡོད་ཀྱང་ཡུལ་ཡུལ་ཅན་དུ་སྣང་བ་ནུབ་པ་ལྟ་བུར་གསལ། ཡང་གོང་སྨོས་ལྟར་ནང་གི་རིག་པ་ལུག་རྒྱུད་ཀྱི་ནང་དུ་བརྩོན་འཛིན་བྱས་པས་རིག་ཆ་འབར་ནས་ཤེས་རབ་རང་བྱུང་གི་སྒྲོན་མར་མཆེད་དེ་དེའི་རྩལ་ལས་ཤེས་རབ་ཀྱི་ཀློང་རྡོལ་འོང་གསུངས་ཏེ། འདི་ནི་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ལྔ་ལས་རུང་གི་ལག་རྗེས་སུ་གོ། ཡང་མ་དག་པའི་རླུང་སེམས་ཀྱི་ཆ་རྣམས་དག་པ་དང༌། དབྱིངས་ལ་རིག་པ་ཕྱོགས་མེད་དུ་རྒྱས་པ་ལས་སམ་འབར་ཞིང་མཆེད་པ་ལས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་འགྲུབ་ཅེས་དང༌། འཆི་ཀའི་བར་དོར་འོད་གསལ་མ་བུ་སྲེ་ནུས་པ་ཡིན་ཡང་ད་དུང་དབྱིངས་ལ་ཞུགས་ཚབས་ཆེ་ཆུང་ངམ་རྣམ་པར་མི་རྟོག་པའི་དབྱིངས་ཀྱི་གཏིང་དཔོག་ཚུལ་ཤུགས་ཆེ་ཆུང་མང་པོ་ཡོད་པས་དེར་གྲོལ་ཐུབ་མི་ཐུབ་མང་པོ་བྱུང་བ་ཡིན་གསུངས་ཏེ། འདིའི་དབང་གིས་ཆོས་ཉིད་བར་དོར་ཡང་གྲོལ་དཀའ་སླ་དང་མྱུར་བུལ་མང་པོ་བྱུང་བ་འདྲ། དེ་དག་གཏེར་ཆེན་གསུང་སྒྲོས་སོ། ༈ །རགས་པའི་རླུང་སེམས་མ་ལུས་པ་སྟེ་ལྷག་མེད་དུ་ཐིམ་པའི་འོད་གསལ་དང༌། ཅི་རིགས་རེ་དག་པའི་འོད་གསལ་གཉིས་དཔྱིད་ཀ་དང་སྟོན་ཀའི་


TN00_Page_314B
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལྟ་བུའི་ཁྱད་ཆེ་ལ། དེའི་གནད་ཀྱིས་དེ་ལས་ཤར་བའི་དབྱིངས་རིག་གི་སྣང་བ་ལའང་སྤྲིན་སྦུབས་ཀྱི་དང༌། སྤྲིན་བྲལ་གྱི་ཉི་མའི་འོད་ལྟ་བུའི་ཁྱད་ཆེ་བས། ད་ལྟ་ལོ་ཟླ་འགའ་རེར་སྒྲུབ་དགོས་པའི་ཚད་ཕེབས་ཀྱི་སྣང་བ་མཐར་ཐུག་པའང་ཆོས་ཉིད་བར་དོར་ཐུན་གཅིག་ལ་རྫོགས་ནུས་པ་ཡིན། ཡང་ཤེས་རབ་ཀྱི་མིག་གིས་མཐོང་ན་སྣང་གཞི་རིམ་གྱིས་འཆར་བ་ལ་མི་ལྟོས་ཞེས་པས་ཆོས་ཉིད་བར་དོར་བརྟན་པ་ཐོབ་པའམ་གྲོལ་སར་ཕྱིན་པ་ལ་ཆོས་ཉིད་བར་དོའི་སྣང་བ་མཐའ་དག་རྫོགས་རྫོགས་སུ་སྡོད་མི་དགོས་ལུགས་དང་རིགས་པ་འདྲའོ། ༈ །དབྱིངས་གཏིང་མཐའ་མེད་པའི་ཟབ་མོ་ལ་རིག་པ་ཅི་ཙམ་ཞུགས་ཚབས་ཆེ་བ་དེའི་ཚོད་དུ་རིག་པ་ཉིད་ཇེ་ཕྲར་འགྲོ། ཕྲ་ཞེས་པ་ནི་སྐྲ་རྩེ་དང་ཁབ་རྩེ་ལྟ་བུ་མིན་ཏེ། གལ་ཏེ་ཡིན་ན་རིག་པ་དེ་ཁོལ་བུ་ལས་ཀྱང་ཁོལ་བུར་འགྱུར་བས་རྒྱ་གྲོལ་གྱི་རིག་པར་ག་ལ་འགྱུར། དེས་ན་བསམ་མི་ཁྱབ་ཀྱི་མཚན་ཉིད་ཇེ་རྫོགས་སུ་སོང་བའམ། དེའི་བཞུགས་ཚུལ་ལམ་ངོ་བོ་དེ་ཕལ་གྱིས་རྟོགས་ཇེ་དཀར་སོང་བའི་དོན་ནོ། །ནམ་མཁའི་ལུས་ཅན་གར་ཡང་ཐོག་མེད་ཅིང༌། །ཟེར་བའི་དཔེ་ལྟར་རིག་པ་མཉེན་ལྕུགས་ཇེ་ཆེར་སོང་བའང་ངོ༌། །དབྱིངས་ལ་རིག་པ་ཅི་ཙམ་སྲེ་ནུས་པའི་ཚད་དུ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཟེར་བ་ལྟར་རིག་པ་རྒྱ་ཇེ་ཆེ་ཇེ་ཡངས་སུ་འགྲོ་བའང་ཤེས་སླའོ། ༈ །གསང་སྔགས་


TN00_Page_315A
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས། བདེ་བ་ཅི་ཙམ་ཤུགས་ཆེ་བ་ལྟར་དེ་ཁོ་ན་ཉིད་རྟོགས་ཕུལ་ཆེ་ཞེས་འབྱུང་བ་ནི་བདེ་བས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་རྣོ་སོ་འདོན་པའི་དོན་རེད། ཤེས་རབ་ཀྱང་འོད་གསལ་གྱི་ཤེས་རབ་ལ་བྱ་དགོས་པས་འདིའི་རིག་ཆ་དང་གཅིག་རེད། དེ་ལ་རྫོགས་ཆེན་པས་བལྟས་དུས། བདེ་བ་དང་གསལ་བའི་སྟོབས་ཀྱིས་ཆོས་དབྱིངས་རྟོགས་པ་ཁྱད་ཞུགས་པ་ནི། དེ་དག་གི་མཐུས་རིག་པ་ལ་ངར་ཐོན་པའི་སྟེང་ནས་འཇོག་དགོས་པས་རིག་པ་བར་དུ་བརྒྱུད་དགོས་ལ། རིག་པ་དང་ཆོས་དབྱིངས་ཀྱི་བར་དུ་གང་ཡང་བརྒྱུད་མི་དགོས་པས། དབྱིངས་རྟོགས་བྱ། རིག་པ་རྟོགས་བྱེད་ཀྱི་རྒྱལ་པོ། དེ་གསལ་རྟོག་བྱེད་དེའི་འཁོར་ལྟ་བུར་འགྱུར་བ་འདྲ། དེའང་གཞན་དུ་རླུང་དང་གཏུམ་མོ་དང་ལས་རྒྱ་ལ་སོགས་པའི་ཐབས་ཀྱིས་བདེ་བ་དང་གསལ་བ་ཅི་རིགས་སྒྲུབ་ལ། བདེ་གསལ་གྱི་ཐབས་ལས་རིག་པ་མཚོན་པར་བྱེད་པས་དབྱིངས་ལ་འཇུག་པ་ལ་རིག་པ་དགོས་པར་མ་ཟད། རིག་པ་ཉིད་ལའང་བདེ་གསལ་གྱི་ཐབས་ཀྱིས་འཇུག་དགོས་ཤིང༌། སྙིང་ཐིག་གི་སྐབས་སུ་དེ་འདྲ་གང་ཡང་མི་དགོས་པར་རིག་པ་ལ་དམར་འཇུས་བྱས་པས་ཆོག་པས་འཁོར་བརྒྱུད་ནས་རྒྱལ་པོ་ལ་འདྲིས་གདགས་པ་དང༌། རྒྱལ་པོ་ཉིད་དབང་དུ་བསྡུས་ནས་འཁོར་རང་ཤུགས་ཀྱིས་ཐོབ་པའི་ཁྱད་ལྟ་བུ་ཡོད་སྙམ། ༈ །ཡང་སྒྱུ་འཕྲུལ་ཐད། རྒྱུད་འདིའི་ལམ་ལ་ཐབས་གྲོལ་གཉིས་ཡོད་ཀྱང༌།


TN00_Page_315B
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་གྲོལ་ལམ་རང་ཡིན་ཏེ། གཡོ་བ་རླུང་དང༌། བདེ་བ་ཐིག་ལེའི་རྫོགས་རིམ་གཙོ་བོར་མི་བྱེད་པར་འོད་གསལ་ཡེ་ཤེས་ཀྱི་རྫོགས་རིམ་གཙོ་བོར་བྱེད་པས་མ་ཧཱའི་ཨ་ཏིར་བཞག་པའི་ཕྱིར། ༈ །རྫོགས་ཆེན་ཐད། ཀུན་གཞི་ཆོས་སྐུ་ངོ་བོ། །སེམས་དང་ཡེ་ཤེས་རང་བཞིན། ཡིད་དང་ཤེས་རབ་ཐུགས་རྗེ། ཨེ་ཡིན་དཔྱོད། ༈ །ངོ་ཤེས་རྩལ་རྫོགས་ཐད་ཕྱག་རྒྱ་བ་སོགས་ཀྱི་ཆོས་སྐད་ཤན་མ་ཤོར་བ་ནི། ད་ལྟ་རྣམ་རྟོག་གི་སྟེང་ན་རིག་ཆ་གཙོ་ཆེར་ཡོད་དེ། དེ་དུས་རིག་ཆ་དེ་བསླད་ཡོད་ཅིང༌། རིག་པའི་རྩལ་ལམ་ཤུགས་སམ་ཤེད་སྟོབས་ཀྱི་ཆ་རྣམས་རྣམ་རྟོག་ཏུ་ཕར་སོང་བས་རྣམ་རྟོག་ཚོ་ལ། རིག་པ་ཤེད་ཞན་ཅིང་ལྗིད་པར་སོང་བ་སྟེ། རྣམ་རྟོག་བཀྲག་ཆེ་ལ། རིག་པ་བཀྲག་ཆུང༌། དེའི་དུས་སུ་རྣམ་རྟོག་ཐད་ཀར་བཅད་ནས་རིག་པ་རྐྱང་འདེད་དམ་རྗེན་འདོན་བྱས་པས་རྣམ་རྟོག་གི་རྩལ་ཤུགས་རིག་པ་ལ་ཚུར་ཞུགས་ཤིང་འདུས་ནས་རིག་ཆ་ཧུར་ཐོན་ཅིང་རྗེན་ལ་ཅེར་གྱིས་བུད་ཡོང༌། ༈ །རིག་ཆ་ཡེ་ཤེས་ཀྱི་རླུང་གིས་སྤུར་བའམ་གཞི་ཐོག་ནས་ཕྱིར་འཕགས་ཤིང་སད་པའི་རྟགས་སུ་སྟོང་གཟུགས་ཀྱི་དབྱིངས་ཐིག་སོགས་འཆར། དེའང་ལས་རླུང་སེམས་བཅས་ཀྱི་བསླད་ཆ་མཐའ་དག་དང་པོའི་གཞི་ཐོག་ཏུ་ཐིམ་པའི་རྗེས་ཐོག་ཡིན་ན་རང་ཤུགས་ཀྱིས་འཆར་ཞིང༌། རྒྱ་ཆེ་མཐའ་ཡས་སུ་འཆར། ཀུན་རྟོག་གི་སྟེང་ན་ཡོད་ཚེ་གནད་གསུམ་གྱིས་མ་གཅུན་ན་མི་འཆར། གཅུན་ན་བག་ཙམ་ཉུག་


TN00_Page_316A
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་འཆར་ཏེ། ཐོད་རྒལ་ཐོག་མར་སྒོམ་ཚེའོ། །དེ་ལྟར་ཤར་བའི་སྣང་བ་དེ་ལ་རྩེ་གཅིག་གཟིར་ཞིང་གཏད་ན་རྟགས་སྣང་གི་རྟོད་ལ་རྟགས་ཅན་གྱི་རིག་ཆ་གཅེར་བུར་ཟིན་ནས་གོང་འཕེལ་དུ་འགྲོ། དེས་ན་ཁྲེགས་ཆོད་ཀྱི་རིག་ཆའང་ཤེར་སྒྲོན་ཙམ་ངེས་པར་ཡིན་ཀྱང༌། ཐོད་རྒལ་བསྒོམ་སྟོབས་ཀྱིས་དེ་ནར་སོན་ནས་ཟབ་མོའི་ཚིག་དོན་འབྱེད་པའི་ཤེས་རབ་སོགས་རྩལ་རྒྱས་ཤིང་མཆེད་པའི་མགོ་ནི་ཉམས་གོང་འཕེལ་ཞེས་པའི་ཤེས་ཉམས་ནས་རྩོམ་པ་འདྲ། ཁྲེགས་ཆོད་ཀྱི་རིག་ཆ་དེ་ལྷུན་གྲུབ་ཀྱི་གཞི་སྣང་གི་རིག་ཆ་ཕལ་པ་ཙམ་དུ་ཚིག་དོན་མཛོད་ལས་གསུངས་པ་དང་ཤེར་སྒྲོན་དུ་བཤད་པ་འདི་གཉིས་མཐུན། ༈ །འཆི་ཀ་བར་དོའི་ཐད། འཆི་བ་འོད་གསལ་དངོས་ནི་བར་དོར་བཞག་མི་རུང་ངམ་སྙམ། སྙིང་གའི་ཡེ་ཤེས་བཞིའི་རང་སྣང་རང་བཞིན་སྤྲུལ་སྐུའི་ཞིང་དང༌། དེས་ན་ད་ལྟ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་གོམས་ན་དེ་དག་སྐྱེ་བགྲོད་ནུས་པ་ནི། མ་རྒྱུད་དུ། ཧེ་རུ་ཀའི་རྩ་གནས་རྣམས་ཡུལ་ཆེན་ཉེར་བཞིར་ཤར་ཞིང༌། དེས་ན་དེ་བསྒོམ་པས་གནས་ཡུལ་ལ་དབང་སྒྱུར་བར་བཤད་པ་ལྟ་བུར་མཐོང་ངོ༌། ༈ །ཡང་གོ་ལུགས་གསར་པ་ཞིག་ལ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཀ་རིག་པ་སྟེ། ངོ་བོའི་རིག་པ། རང་བཞིན་གྱི་རིག་པ་སོགས་སོ། །སྤྱིར་རིག་པ་ཡིན་ཕན་ཆད་གསུམ་ཀ་ཡིན་ཡང༌། གཙོ་ཆེ་བའི་ངོས་ནས་བཞག་ན་


TN00_Page_316B
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྣང་མ་ཤར་གོང་གི་རིག་པ་ནི་སྟོང་པ་རིག་པའི་སྙིང་པོ་ཅན་ཏེ། མི་རྟོག་པའི་དབྱིངས་ཐོག་ནས་མ་གཡོས་པའི་ཕྱིར་རོ། །དེ་ལ་ངོ་བོ་སྟོང་པ་ཟེར། དེ་གསལ་མདངས་ཆེར་འབར་ཞིང་རྩལ་གྱི་གཟུང་འཛིན་གྱི་ཐོག་ཏུ་མ་ཤར་བ་ནི་གསལ་བ་རིག་པའི་སྙིང་པོ་ཅན་ཏེ། རང་བཞིན་གསལ་བ་ཟེར། འདིའི་རིག་ཐོག་གི་གསལ་ཆ་འདི་ལ་མདངས་ནང་གསལ་གྱི་ཆ་ཟེར། དབྱིངས་ཡེ་རིག་གསུམ་སོ་སོར་བྱེད་ཚེ་ཡེ་ཤེས་ཞེས་པའང་དེ་ཡིན་པ་འདྲ་སྙམ་པ་དཔྱོད། རྩལ་ཐོག་ཏུ་ཤར་ནས་ཐུགས་རྗེ་ཀུན་ཁྱབ། རང་གནས་མི་རྟོག་པའི་དབྱིངས་དེ་ངོ་ཤེས་བྱེད་དངོས་རིག་ཆ་དེ་ཁོ་ན་རེད་ཀྱང༌། ཐོག་མའི་གཞི་ལ་གནས་དུས་མི་རྟོག་པ་ཤིན་ཏུ་འཐུག་རུང་རིག་ཆ་ཕྲ་མོར་སོང་བས་རིག་ཆ་ཉིད་ཀྱང་ངོས་མི་ཟིན་ན། དབྱིངས་ལྟ་ཅི། དེ་ནས་གསལ་མདངས་ཆེར་མཆེད་ཚེ་རིག་ཆའམ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ལྡས་བསྐུལ་ནས་གསལ་ཆ་རྒྱས་པ་ཡིན་ཕྱིར་རིག་ཆ་མཆེད་ཡོད་ཀྱང་ཐ་མལ་བ་ལ་འདུ་བྱེད་ཀྱི་དྲན་པ་ལྟ་བུའི་དྲན་པ་རྙེད་པའི་རྐྱེན་མ་ཚང་ཞིང་སྐར་མདའ་རྒྱུག་ཡུན་ཙམ་ལས་མེད་པས་ངོས་མི་ཟིན། ད་ལྟ་རྣམ་རྟོག་གི་སྟེང་ན་ཡོད་དུས་ནང་གསལ་དུ་མ་གབ་པར་ཕྱིར་གསལ་དུ་ཐོན་ཏེ་མེ་སྟག་མེ་ཕུང་དུ་མཆེད་པ་ལྟ་བུའི་སྐབས་ཡིན་པས་བླ་མའི་གདམ་ངག་གི་རྐྱེན་ལས་ངོ་འཕྲོད་སླ་ཞིང༌། འདིའི་སྟེང་ནས་རིག་ཆ་རྗེན་འདོན་ནམ་རྐྱང་འདེད་བྱས་ནས་རྩེ་གཅིག་བསྐྱང་བས་ནང་དབྱིངས་ལ་གཏིང་


TN00_Page_317A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པར་འདྲེ་སྐབས་ཀྱང༌། སྐྱོང་ལུགས་ཀྱི་གནད་ཀྱིས་རྫོགས་རིམ་གཞན་གྱི་འོད་གསལ་གྱི་རིག་ཆ་ལས་ཆེས་ལྷག་པའམ་ཤས་ཆེ་བའི་རིག་ཆ་ཕུལ་བྱུང་སད་ཅིང་འཆར་ཏེ། ཐིག་ལེའི་རྣལ་འབྱོར་གཙོར་བྱས་བདེ་བ་ཤས་ཆེ་བ་བཞིན་ནོ། །དེ་ནི་རྩལ་ཐོག་གི་རིག་པ་བསྡུས་རྗེས་སུ་ཡང་ནང་གསལ་དུ་རིག་ཆ་རྩལ་རྫོགས་ཕུལ་གཞན་ལས་ཆེས་ཆེ་བ་འོང་བའི་ཚུལ་ཏེ། ཐུགས་རྗེའི་རིག་པ་བསྐྱང་བས་ངོ་བོའི་རིག་པ་ཁྱད་འཇུག་ལུགས་རེད་དོ། །དེས་ན་སྟོང་གཟུགས་ཀྱང་རིག་གདངས་ཀྱི་ཕྱོགས་ནས་འཆར་རོ། །དེས་ན་ནང་གསལ་གྱི་རིག་པ་རང་བཞིན་གསལ་བ་དང༌། ཕྱིར་གསལ་གྱི་རིག་པ་ཐུགས་རྗེ་ཀུན་ཁྱབ་རེད། ཕྱིར་གསལ་གྱི་དོན་ནི་འཛིན་ཆའི་རྣམ་རྟོག་དང་འགྲོགས་ནས་ཡུལ་ཐོག་ཏུ་ཤར་བ་སྟེ། ཡུལ་ཐོག་ཏུ་མ་ཤར་བ་ལ་ནང་གསལ་ཟེར། ཕྱིར་གསལ་ལའང༌། ཐུགས་རྗེའི་རིག་པ་དངོས་ནི་འཛིན་མེད་ཡིན་ལ། དེའི་འོད་ཟེར་གྱི་ཚུལ་དུ་ཤར་བའི་འཛིན་ཆ་རྣམ་ནི་ཐུགས་རྗེའི་རིག་རྩལ་ཞེས་བྱ། ༈ །འདིར་སམ་ཊ་དཔེ་བཤུས་པ་ནི། ལྷུན་གྲུབ་སྒོ་བརྒྱད་མ་ཤར་གོང་གི་གཞི་སྣང་དེ་རང་བཞིན་གསལ་བའི་རིག་མདངས། ལྷུན་གྲུབ་སྒོ་བརྒྱད་ཤར་དུས་ཐུགས་རྗེའི་རིག་གདངས་ཡིན་ཏེ། སྒོ་བརྒྱད་དུས་འཛིན་ཆ་ཕྲ་མོ་ཤར་ནས་རིག་པའང་ཕྱིར་གསལ་དུ་སོང་བ་རེད། འདིའི་དུས་ཀུན་གཞིའི་རླུང་སེམས་ཆ་ཕྲ་མོ་ཙམ་ཐོག་མར་ཤར་ལ་རིག་ཆ་


TN00_Page_317B
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞིའི་བག་ལ་མ་ཞབས་རིག་མ་རིག་སྟོབས་མཚུངས་སུ་ཡོད་སྐབས་རེད། དེའི་ཕྱིར་ལྷུན་གྲུབ་སྒོ་བརྒྱད་འཁོར་འདས་གྱེས་མདོར་བཤད། དེའི་ཕྱིར་གཞི་སྣང་གི་སྟོད་རིག་མདངས། སྨད་རིག་གདངས། འདི་ཡི་གེ་མ་བལྟས་པར་བྲིས་པས་དཔྱད་དགོས། ཞེས་འདུག ༈ །རྫོགས་ཆེན་སྒོམ་པ་ཤིན་ངེས་པར་རིག་འཛིན་གྱི་རྟེན་མཆོག་འཐོབ་བམ་ཞེ་ན། ཐོད་རྒལ་དུས་སུ་འདི་ནས་མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་ཅེས་འབྱུང་བ་རྣམས་ནི་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་བགྲོད་ཁོ་ནར་མངོན། ཁྲེགས་ཆོད་དུ་གསལ་ཁ་མི་ཆེ་ཡང༌། རིག་པ་སྐུ་གསུམ་དུ་རྩལ་རྫོགས་པའི་རྩལ་དབང་མ་ཐོབ་བར་དུ་ནི་ཐ་མལ་སྣང་ཞེན་གྱི་སྟོབས་འཕྲོག་མི་ནུས་པའམ་ཤུགས་ཟློག་མི་ཐུབ། དེ་མ་ཐུབ་ན་ད་ལྟའི་རྗེས་ཐོབ་དང༌། གཟོད་སྐྱེ་འཆིའི་དུས་ཀྱང་སྣང་ཞེན་དེའི་ལག་རྗེས་ངན་པ་རྣམས་ཁ་གནོན་མི་ནུས་པས་ཅིར་འོང་ཆ་མེད། རྩལ་དབང་ཐོབ་ནས་རིག་པ་གདོད་ནས་རྣམ་དག་གི་བདེན་དོན་མཐོང་ཚེ་ཐ་མལ་སྣང་ཞེན་གྱི་ལག་རྗེས་ངན་པ་ཅི་རིགས་དགག་ཐུབ་པས་སྐྱེ་འཆིའི་སྐྱོན་ཅི་རིགས་མགོ་གནོན་ནུས་སྙམ་ཏེ། ཐུན་མོང་བ་ལྟར་ན་བྱང་སེམས་ཀྱི་བཟོད་པ་ཐོབ་ཚེ་པདྨར་སྐྱེ་བ་དང༌། བསྐྱེད་རིམ་པས་རིག་འཛིན་གྱི་རྟེན་ཁྱད་པར་ཅན་འཐོབ་པ་སོགས་གུང་སྒྲིགས། མདོར་ན་རིག་པ་ངོས་ཟིན་ཙམ་གྱིས་ངོ་བོའི་གནས་ལུགས་མཐོང་བ་མིན། རིག་པ་དེ་ངོ་བོའི་དབྱིངས་


TN00_Page_318A
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཏུ་འཁྱོལ་ཐུབ་པ་དགོས། དེ་འཁྱོལ་ཐུབ་ན་སྐྱེ་འཆི་སོགས་ལ་དབང་སྒྱུར་གྱི་ཡོན་ཏན་གྱི་ཆ་ཕྲ་མོ་རེ་དང་པོ་ནས་འཐོབ་པར་སེམས་ཏེ་དཔྱོད། ༈ །ཀུན་གཞིའི་དྲི་མ་གཏན་ལོག་ཏུ་མ་སོང་བར་དུ་རྩལ་དང་ངོ་བོའི་སྤྲོ་སྡུད་རེས་འཇོག་གི་ཆ་ངེས་པར་ཡོད་ལ། དེ་བྱང་དུས་རྩལ་ངོ་བོའི་སྟེང་དུ་རྫོགས་པའམ་རྩལ་དང་ངོ་བོ་གཅིག་ཏུ་སོང་བས་རྩལ་མཆེད་དུས་ངོ་བོ་ལས་གཡོ་ཞིང༌། ངོ་བོའི་སྟེང་དུ་བརྟན་དུས་རྩལ་ཐིམ་ནས་མི་མངོན་པའི་རེས་འཇོག་གཏན་མེད་དེ། མདོར་ན་ཀུན་གཞི་དེ་སྣང་སྟོང་ངོ་བོ་ཐ་དད་དུ་ཞེན་པའི་ཞེན་ཆ་ཞིག་རེད་པས། དེ་ལྷག་མེད་དུ་དག་ཚེ་བདེན་གཉིས་ཅིག་ཆར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། མདོ་རྒྱུད་སྤྱི་དང་ཡང་གུང་འགྲིགས་པས་མཐུན་ལ་ཁྱད་ཆོས་ཆེ་བའོ། །རྩལ་སྣང་ཕྱོགས། ངོ་བོ་སྟོང་ཕྱོགས། སངས་རྒྱས་སའི་མཉམ་བཞག་ཁོ་ན་ལ་འོད་གསལ་གྱི་ཆར་གྱུར་པའི་བྱམས་བརྩེ་མངོན་ཤེས་སོགས་མངོན་གྱུར་དུ་ཡོད་ལུགས་སོ། ༈ །རྩེ་གཅིག་ཚོགས་སྦྱོར་ནས། སྒོམ་མེད་མི་སློབ་ལམ་ཞེས་སྦྱར་བ་ནི་མོས་སྤྱོད་སོ་སྐྱེའི་ལམ་ཁོ་ན་ལ་ལམ་བཞིར་ཕྱེ་བ་འདྲ། སྒོམ་མེད་ཆེན་པོ་ཡང་འཕགས་ལམ་དངོས་ཨེ་ཡིན་དཔྱད་དགོས། གཏམ་ཚོགས་སུ་སྒོམ་ལམ་ཐོབ་ཀྱང་ཚོགས་ལམ་ཆེན་པོའི་རྟགས་ཚད་མེད་པ་ཡོད་གསུངས་པའང་རོ་གཅིག་སྒོམ་ལམ་དུ་བཞག་པ་དེ་རེད་དམ་སྙམ། སྒོམ་མེད་ལ་སླེབས་པ་དང་རྣམ་


TN00_Page_318B
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་རིག་འཛིན་དུ་ཞལ་བཞེས་མཛད་པའང་དེ་འདྲ་ཨེ་ཡིན་སྙམ། སྒོམ་མེད་པ་སངས་རྒྱས་ཀྱི་གྲལ་དུ་སྒྲིགས་ཆོག་པར་གཏམ་ཚོགས་རྔ་མ་ན་སྣང་བའང་རིག་པ་སངས་རྒྱས་སུ་སྒོམ་སྟོབས་ཀྱིས་རྟོགས་པ་བརྟན་པ་རྣམས་འབྲས་བུ་ལམ་བྱེད་ལ་བྱན་ཚུད་དབང་གིས་དེ་ལྟར་ཡིན་ཏེ། ཕྱིར་མི་ལྡོག་པའི་བྱང་སེམས་སངས་རྒྱས་སུ་བསྡུ་བར་སྐྱབས་འགྲོ་བདུན་བཅུ་པར་བཤད་པ་བཞིན་ནོ། །ཐེག་ཆེན་འཕགས་པར་འདོད་ཅིང་འཕགས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་མེད་པར་སྨྲ་བ་ལ་ནི་ཀུན་མཁྱེན་ཆོས་རྗེས་བཀའ་བཀྱོན་ཆེ་སྟེ་ནམ་མཁའ་ཀློང་ཡངས་སུ་ལྟོས། སྒོམ་མེད་ཆེན་པོར་སླེབས་ནས་སྣང་སེམས་ཁྱབ་གདལ་དུ་འདྲེས། ཕྱོགས་མེད་དུ་གྲོལ་ནས་འཕགས་ལམ་གྱི་དྲོད་ཚད་ཀུན་རྫོབ་སྣང་ཕྱོགས་པ་ཐམས་ཅད་ལའང་དབང་སྒྱུར་རྒྱུ་ཡིན་པར་གསལ། ཨེ་མ་བཀའ་དྲིན་འཁོར་མེད་ཀྱི་ཀུན་མཁྱེན་ཡབ་སྲས། ༈ །རྒྱང་ཞགས་དུས་རྒྱུན་ཡོད་ཀྱང་མ་དག་པའི་ཡུལ་སྣང་རགས་པ་ལ་སྤྱོད་རིང་ལ་སྟོང་གཟུགས་མཐོང་བའི་བྱ་བ་ལ་མི་འཇུག་པ་ནི་བྱ་བ་དེ་གཉིས་ནི་གཅིག་མངོན་དུ་གྱུར་དུས་ཅིག་ཤོས་བག་ལ་ཞ་སྟེ་འགྲོ་བ་ཅིག་ཡིན་པའི་ཕྱིར་ཏེ། དཔེར་ན་སད་རྨི་གཉིས་ཀྱི་སྣང་བ་ལྟ་བུ་སྟེ། འདི་ནི་ལྷུན་གྲུབ་ཀྱི་ཕྱི་རྒྱ་མ་རལ་བར་ལ་ཆོས་ཉིད་བར་དོའི་སྣང་བ་མི་འཆར་བ་སོགས་ཀྱིས་ཤེས་སོ། ༈ །ལམ་མཐོན་པོར་ཆུ་སྒྲོན་ལ་མི་ལྟོས་པར་སྙིང་གའི་ལྷུན་གྲུབ་ཀྱི་རིག་གདངས་


TN00_Page_319A
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པོར་སད་པའི་དབང་གིས་འཆར་ཏེ། དང་པོར་ཉི་ཟླ་མེ་གསུམ་གྱི་ཟེར་ལ་ལྟོས་ཀྱང༌། ཕྱིས་མི་ལྟོས་པ་ལྟ་བུའོ། །འདི་ནི་ཕྱིས་ལུས་ཀྱི་རྡུལ་ཕྲ་རབ་རེར་ཡང་དབྱིངས་ཐིག་རིག་གསུམ་འཆར་བར་བཤད་པས་སོ། །དེའང༌། མེ་དང་ཟངས་མའི་ཞུ་ཉིད་བཞིན། །ཞེས་སོ། ༈ །ཡང་ཏིག་དུ། དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོའི་དོན་བཤད་དགོས། དགོངས་པ་དབྱིངས་ལ་གཏད་ན་སྡུད་འགྲོ་བའི་དོན་ནོ། །བར་དོར་གྲོལ་ཞེས་པ་ནི་དེར་བརྟན་པ་ཐོབ་པ་དང་བཙན་ས་ཟིན་པ་ལ་ཡབ་སྲས་ཀྱིས་བཤད་པས་སངས་རྒྱས་པ་མིན་སྙམ། ༈ །རྒྱུད་འདིའི་ལུགས་ལ། འོད་གསལ་གྱི་བཞོན་པ་ཉིད་ལའང་ཁྱབ་བྱེད་སོགས་རླུང་ལྔའི་ཆ་འབྱེད་ཚུལ་ཞིག་ཡོད་དམ་སྙམ་སྟེ་དེའང་གཞི་ལས་གཞི་སྣང་དུ་མ་འཕགས་བར་དུ་སྲོག་འཛིན་ཁོ་ནར་ཟད་ལ། འཕགས་དུས་ནས་རླུང་ལྔར་སྐྱེ་སྟེ། སྲོག་རླུང་ཡན་ལག་བཞི་ལྡན་ཕྱིར་འཕགས་པར་གསུངས་པའི་ཕྱིར་རོ། །དེའང་མི་ཤིགས་པའི་རླུང་རང་ཉིད་རྩལ་ཇེ་རྒྱས་སུ་མཆེད་ནས་སོང་བས། ཡེས་ཤེས་རྒྱ་ཆེ་བ་དང༌། བདེ་གསལ་གྱི་ངར་ཆ་ཤིན་ཏུ་སྨིན་པར་བྱེད་པ་སོགས་བྱེད་ལས་ཀྱི་ནུས་པ་ཐ་དད་སད་པའི་ལྡོག་ཆ་ནས་ཁྱབ་བྱེད་མེ་མཉམ་སོགས་སུ་བཏགས་སམ་སྟེ། རྩལ་དབང་གི་ཁྱབ་བྱེད་སོགས་རླུང་ལྔ་རིག་པར་ཚང་ཚུལ་བཞིན་ནོ།། ༈ །ལུགས་འདིར། །གཙོ་ཆེ་


TN00_Page_319B
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ལ་ལྟོས་ན། ཙནྡན་གྱི་སྡོང་པོ་དྲི་བཟང་གིས་ཁྱབ་ཀྱང༌། ལྷག་པར་རྐང་ལ་བཟང་བ་ལྟར། འོད་གསལ་དང་རླུང་མི་ཤིགས་པ་སྙིང་ཀའི་རྩ་འཁོར་དུ་གནས་པ་ཡིན་ཀྱང༌། ཀུན་རྟོག་རླུང་བཅས་མཆེད་དུས་སེམས་ཀྱིས་གར་ཁྱབ་ཏུ་རིག་པ་དང༌། ལས་རླུང་གིས་གར་ཁྱབ་ཏུ་ཡེས་ཤེས་ཀྱི་རླུང་གིས་ཏིལ་འབྲུ་སྣུམ་ཁྱབ་ལྟར་ཡོད་པས། དེའི་ཚེ་ཕལ་པའི་ཚུལ་གྱིས་ལུས་ཐམས་ཅད་ཀྱང་མི་ཤིགས་པའི་རླུང་སེམས་ཀྱིས་ཁྱབ་པར་འཕྲོ་མོད། འོན་ཀྱང་རླུང་སེམས་རགས་པས་ཕྲ་བ་ཟིལ་གྱིས་མནན་ནས་དེའི་ངོ་བོ་དང་བྱེད་ལས་གང་ཡང་མི་མངོན་པ་ཡིན་ལ། རྒྱུད་གཞན་གྱི་རྫོགས་རིམ་པའི་སྡུད་རིམ་ལྟར་བྱེད་དུས་ནི། ཚེ་ཡུམ་གྱི་བཅུད་སྔ་མ་བཞིའི་སྐབས་སུའང་ངོ༌། ལུས་ཀྱི་གནས་གཞན་གྱི་རླུང་སེམས་ཕྲ་རགས་དེ་དག་ལྷན་ཅིག་ཏུ་བསྡུས་འགྲོའོ། །མན་ངག་སྡེར་རླུང་དབུ་མར་མི་སྡུད་པར་རང་བཞག་གི་གནད་ཁྱད་པར་ཅན་ཤེས་ནས་བསྐྱང་ན་དེ་དག་ན་གནས་པའི་ལས་རླུང་རྣམས་རང་དེངས་ལ་སོང༌། །ཡེ་ཤེས་ཀྱི་རླུང་རིག་ཤུགས་ཇེ་ཆེར་རྒྱས་ནས་ཡོང་བས་དེ་ལ། ལས་རླུང་ཡེ་ཤེས་ཁམས་སུ་གནས་གྱུར་པ་ཞེས་གསུངས་ཏེ། དང་པོར་ནི་རེ་ཞིག་དང༌། ཕྱིས་ནི་གཏན་དུ་གནས་གྱུར་པའོ། ༈ །ཐོད་རྒལ་གྱི་སྣང་བ་ཁྲེགས་ཆོད་རིག་པའི་བོགས་འདོན་དུ་གསུང་བ་ནི། རིག་པ་རྟོད་ལ་གནོན་པའང་ཡིན་མོད། གཙོ་བོ་ནི་འདི་ཡིན་ནམ་སྟེ།


TN00_Page_320A
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རླུང་སེམས་རགས་པ་ཕར་གཞི་ལ་བསྡུས་ཏེ། གཞི་རང་གི་སྟེང་གི་ཤེས་རབ་དང་ཏིང་ངེ་འཛིན་སོགས་ཀྱི་ནུས་པ་གསལ་བར་མ་སད་པའི་དུས་ཤིག་དང༌། ཡེ་ཤེས་ཀྱི་རླུང་ལྔ་འཕགས་པས་དེ་སད་པའི་དུས་ཤིག་སྟེ། འདིའི་འཆི་དུས་ཀྱི་འོད་གསལ་འཆར་རིམ་གཉིས་ཡོད་པ་ལ། གཞི་དང་གཞི་སྣང་ཟེར། དེའི་གནད་ཀྱིས་ཡེས་ཤེས་དང་མཐའ་གྲོལ་ལྟར་ཤར་བ་སོགས་གཞི་སྣང་དུ་བཤད་པར་སྣང༌། དེ་ལྟར་ན་ཐོད་རྒལ་གྱི་སྣང་བ་རྣམས་ནི་དང་པོ་ནས་གཞི་ལ་ཡོད་པའི་ཤེས་རབ་སོགས་ཀྱི་ནུས་པ་དེ་གསལ་བར་སད་པའི་རྟགས་སྣང་ཐུན་མིན་ཡིན་པས་དེ་བཙོན་དུ་ཟིན་ན་རིག་པའི་སྟེང་གི་ཤེས་རབ་བམ་རིག་པ་རང་གི་ཆར་གྱུར་པའི་ཤེས་རབ་སོགས་གསལ་བརྟན་དུ་བྱེད་པ་སྟེ། དེས་ན་གཞི་སྣང་མ་ཤར་གོང་དང༌། ཤར་རྗེས་ཀྱི་རིག་པ་ལ་ནི་ཡོན་ཏན་རྩལ་རྫོགས་ཀྱི་དབང་གིས་དེ་ཁོ་ན་ཉིད་ལ་འཇུག་པའི་སྟོབས་མི་འདྲ་བའི་ཁྱད་ཆེའོ། །འདི་ནི་ཆོས་ཉིད་བར་དོར་གཟུངས་དང་མངོན་ཤེས་སོགས་འཆར་ཚུལ། སེམས་ཚད་ཕེབས་དུས་ཀྱི་ཡོན་ཏན། ཤེས་རབ་རང་བྱུང་སྒྲོན་མ་ལ་རིག་པ་འཇོག་དོན། ཐེག་མཆོག་མཛོད་རིམ་ཁང་ལུང་སྔར་དྲངས། རྩལ་དབང་གི་ཤེས་རབ་ལྔའི་ངོ་སྤྲོད་སོགས་ཀྱིས་ཤེས་སོ། ༈ །ལུགས་འདིའི་འཆི་དུས་ཀྱི་འོད་གསལ་ལ། དང་པོའི་


TN00_Page_320B
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་སྐབས་ཤིག་དང༌། གཞི་སྣང་གི་སྐབས་ཤིག །གཟུང་འཛིན་རགས་པ་འཆར་བར་རྩོམ་པའི་དབང་གིས་གཞི་སྣང་ཕར་དང་པོའི་གཞི་ལ་ཐིམ་པའི་སྐབས་ཤིག་སྟེ་རིམ་པ་གསུམ་ཡོད་ཀྱང༌། ལམ་དུས་སུ་ཕྱི་མ་འདི་ཆོས་ཉིད་ཟད་པ་དང་སྦྱར་མི་རུང་བ་འདྲ་བས། མཉམ་བཞག་གི་རིག་ངོར་སྣང་ཆ་དེ་དག་ཟད་པའམ་མ་དམིགས་པ་ལ་བྱེད་དེ་དབུ་མའི་སྐབས། གདོད་ནས་ཟད་པས་ཟད་ཅེས་བྱ། །ཞེས་པར་སྤྲོས་པ་དེ་གཏན་མེད་དུ་སོང་བ་མི་དགོས་པ་དང་ཧ་ལམ་ཙམ་འདྲའོ། ༈ །སྒྱུ་ལུས་སྒྲུབ་མཁན་རྣམས་ཀྱིས་ཀྱང་འབྲས་དུས་སུ་འོད་གསལ་གྱི་གཡོ་བའི་ཆ་ཐམས་ཅད་ཟད་སོང་བ་ན། ཟུང་འཇུག་གི་སྐུ་ཟེར་རྒྱུ། འོད་གསལ་གྱི་སྣང་ཆ་ཙམ་ལས་བཞག་དཀའ་ཞིང༌། དུས་འཁོར་ལྟར་རླུང་བཅུ་དབུ་མར་ཞུགས་པའི་རྟགས་སྣང་རྣམས་ཀྱང༌། འོད་གསལ་གྱི་སྟེང་གི་སྣང་བ་སྣ་ཚོགས་སྐྱེད་པའི་ནུས་པ་མ་ལུས་པར་གཉུག་སེམས་ཉིད་ཀྱི་སྟེང་ནས་སྨིན་པའི་སྐུ་ལ་གཞོལ་བས། སྒྱུ་ལུས་ཀྱང་ལུགས་འདིའི་ཡེ་ཤེས་ཀྱི་སྐུ་ལ་གཞོལ་བར་སྣང་ཞིང༌། འདི་དུས་འཁོར་དང་ཆེས་མཚུངས་པས་ཀརྨ་རང་བྱུང་ཞབས། པྲ་ཛྙཱའི་ཞབས་སོགས་ཚད་ལྡན་གྱིས་དེ་གཉིས་ཕྱོགས་སྦྲེལ་ཡོད། བརྗེད་ཐོའི་ནང་ནས་ཤིན་ཏུ་ཁྱད་འཕགས་ཀུན་མཁྱེན་ཆོས་རྗེའི་བསྟན་པ་གཞིར་བཞེངས་བྱེད་ན་མེད་མི་རུང༌། ༈ །ཆོས་ཉིད་ཟད་དུས་རླུང་གི་གཡོ་རྩོལ་ལས་བྱུང་བའི་སྐུ་འོད་ཐིག་ལེ་སོགས་ཀྱི་སྣང་བ་ཐམས་


TN00_Page_321A
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འཛད་ཀྱང༌། རིག་པའི་དབྱིངས་སུ་སྣང་བ་དེ་ཐམས་ཅད་ནང་གསལ་དུ་འཁྱིལ་བའམ། རིག་པ་དེ་སྣང་བ་དེ་ཐམས་ཅད་ཀྱི་འཆར་གཞིར་རྩལ་ལམ་ནུས་པ་རྫོགས་པ་ཡིན་པས། སྔར་གཞི་དུས་ཀྱི་ནང་གསལ་དང་མི་འདྲའོ། །འདིར་ནི་སྣང་ཆ་དེ་དག་ལ་རིག་རྩལ་བྱང་བ་མཐར་སོན་པའི་ཕྱིར་ཏེ། རིག་པ་སྐུར་སྨིན་ཞེས་པའང་མཐར་གཏུགས་ན་འདི་ལ་གཞོལ་ཞིང༌། རིག་པའི་རྩལ་དབང་ཞེས་པའང་འདིར་གཞོལ་ལོ། །དེས་ནང་དབྱིངས་ཆོས་སྐུ་དེ་གདུལ་བྱ་ཇི་ལྟ་བ་བཞིན་དུ་གཟུགས་སྐུ་རབ་འབྱམས་སྟོན་པ་ལ་ཐོགས་པ་མེད་དོ། ༈ །ད་ལྟ་རིག་པ་ལུས་ལ་སྟེ་སྙིང་ནང་ན་གནས་པ་གསོན་པོའི་དུས་ན་གནས་སྐབས་ཀྱི་གཞི་ཞེས་བརྗོད་ཀྱང་དབྱིངས་ནས་འཁོར་བར་འཕགས་ཏེ་གྲོལ་སར་མ་ཕྱིན་སྐབས་ཡིན་པས་གཞི་སྣང་གི་རིག་པར་འདོད་ཅེས་འོད་གསལ་མཛོད་ནས་དང་པོར་ཏེ། དབྱིངས་ཀྱི་གཞི་དང་གནས་སྐབས་ཀྱི་གཞི་ལ་ཁྱད་ཆེ་བར་དེ་ལས་སོ། །འདི་གནས་སྐབས་ཀྱི་གཞི་ཡིན་ལུགས་ནི་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་བསྡུས་ནས་གདོད་སྲིད་པ་བར་དོར་འོང་བ་ཡིན་པ་ལ། འདིའང་སྐྱེས་བུ་དེ་བར་དོའི་སེམས་ཚུན་ཆད་ཀྱི་སེམས་རགས་པ་ལ་གནས་སྐབས་ཡིན་པས་གཞི་སྣང་ཞེས་འོད་གསལ་གྱི་རང་སྣང་ཕྱིར་གསལ་དུ་མེད་པར་ནང་གསལ་དུ་བསྡུས་པའི་སྐབས་ཀྱི་འོད་གསལ་ཡིན་པས་སོ། །དོན་དུ་རིག་པ་དེས་དངོས་སུ་


TN00_Page_321B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀྱི་སྣང་བ་ལ་སྤྱོད་མི་ནུས་པས་གཞི་སྣང་གི་རིག་པའི་མཚན་ཉིད་མ་རྫོགས་ཞེས་པའོ། །འོན་ཀྱང་དེ་ལྷུན་གྲུབ་ཀྱི་ཕྱི་རྒྱ་རལ་རྗེས་ཀྱི་རིག་པ་འོད་ཀྱི་ཁང་པ་ན་གནས་དུས་ཡིན་པས་སྤྱིར་ནི་གཞི་སྣང་གི་རིག་པ་ཙམ་ཞིག་ཡིན་ཞེས་པ་སྟེ། འདིས་གཞི་སྣང་གི་རིག་པ་དང་གནས་སྐབས་ཀྱི་གཞི་མི་འགལ་བ་དང༌། གཞི་སྣང་གི་རིག་པ་ཡིན་ན་དངོས་སུ་སྟོང་གཟུགས་ཀྱི་སྣང་བ་ཅན་ཡིན་མི་དགོས་པར་བསྟན་ནོ། ༈ །གཞི་ལ་འཆི་དུས་སུ་གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་འཆར་ལུགས་དང༌། ལམ་འདི་པ་འཆི་དུས་ལྷུན་གྲུབ་ཀྱི་བསྲེ་བའི་སྐབས་ཀྱི་གཞི་སྣང་འཆར་ཚུལ་གཉིས་ལས། སྔ་མ་ནི་གཞི་དང་གཞི་སྣང་གི་ཐད་དུ་བཤད་དེ། གཞི་ལམ་འབྲས་གསུམ་གྱི་དང་པོའི་ཐད་དུའོ། །ཕྱི་མ་ནི་དབང་འབྲིང་བར་དོར་གྲོལ་བའི་ཆོས་ཉིད་བར་དོའི་ཐད་དུ་བཤད་དེ། དེར་བདེན་པ་མཐོང་བ་འཆི་དུས་མ་གཏོགས་ཐ་མལ་པ་འཆི་དུས་ཀྱི་འཆར་ཚུལ་ལྟར་མ་བཤད་པའང་དེའི་རྒྱུ་མཚན་གྱིས་ཡིན་ལ། འོད་གསལ་མཛོད་གནས་དང་པོར། རིག་པ་གཞི་ལས་འཕགས་ཏེ་གཞི་སྣང་དུ་ཤར་བའི་དུས་དང༌། ད་ལྟ་ལུས་ལ་གནས་དུས་དང༌། ཆོས་ཉིད་བར་དོའི་དུས་ན་འོད་ཀྱི་ཁང་པ་ན་གནས་ཏེ། རང་རིག་གཞི་ནས་ནི་འཕགས། མཐར་ཐུག་གི་ས་ནི་མ་ཟིན་པའི་བར་དེར་གཞི་སྣང་ལ་གནས་པས། མར་མེ་རང་འོད་ཀྱི་དབུས་ན་འདུག་པའམ། ཤེལ་ཉི་ཟེར་དང་ཕྲད་པའི་སྣང་བ་བཞིན་ནོ། །ཞེས་གཞི་སྣང་དང༌། ཆོས་ཉིད་བར་དོ་ཐ་དད་དུ་ཕྱེ་ནས་


TN00_Page_322A
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའང་དེ་ལ་དགོངས་སོ། །ལུང་ཕྱི་མ་འདི་ལ་ད་དུང་དཔྱད་གཞི་ཆེ་བས་ལྷག་ཆད་བཅོས་བསྒྱུར་ཡེ་མ་སོང་བར་དཔེ་བཤུ་བགྱིས་པ་ཁོ་ནའོ། ༈ །གཞི་སྣང་གི་རིག་པ་དེ་སྤྱིར་གཞི་ལམ་འབྲས་གསུམ་གྱི་ནང་གི་གཞི་རྒྱུད་ཡིན་ཡང༌། གཞི་རྒྱུད་དེ་ལ་གཞི་དང་གཞི་སྣང་གཉིས་ཀྱི་ཟླས་ཕྱེ་བའི་གཞི་མིན་ཟེར་རམ་དཔྱད། ༈ །ཐེག་མཆོག་མཛོད་དུ་སྒྲོན་བཞིའི་སྐབས། དབྱིངས་སྒྲོན་རིག་པ་ལུག་རྒྱུད་གོ་རར་འཛུད་པའི་ར་བ་སྟེ། འདིར་ལུག་རྒྱུད་བཙུད་ནས་མི་གཡོ་བར་བསྒོམ་ན་ཟང་ཐལ་རང་དལ་ཆེན་པོའི་བསམ་གཏན་འབེབས་གསུངས། དབྱིངས་ཞེས་པ་སྣང་རིག་གསལ་བར་བྱེད་པའི་དོན་ཡིན་གསུང༌། འདིས་ཐིག་ལེའི་དྭངས་མ་སྡུད་གསུངས་ཏེ་སྟོང་སྒྲོན་ནོ། །ཐིག་ལེའི་མེ་ཏོག་མཐོང་བས་སྣང་བ་སྤེལ་ཞེའོ། །དབྱིངས་སྒྲོན་གྱིས་རིག་པ་མཁའ་ལ་རྗེན་ཅེར་དུ་བཏོན་ནས་གསལ་བར་བྱེད་གསུང༌། སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་ཞེའོ། །དབྱིངས་རྟགས་འོད། ཡེ་ཤེས་རྟགས་ཐིག་ལེ། རིག་པའི་རྟགས་ལུ་གུ་རྒྱུད་ཅེས་སྨིན་གཏེར་རོ། །དབྱིངས་ཐིག་གི་སྒྲོན་མ་གཉིས་རྡོ་རྗེའི་རྫོང་ཆེན་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་ཡིན་ཞེས་ཏེ། གཟུང་འཛིན་གྱི་དགྲས་མི་བརྫི་མི་ཞེའམ་དཔྱད། ཀོ་མོའི་ཆུ་ལ་རྡོ་བོར་ལྟ་བུ་ཞེས་པ་ཟླུམ་པོ་འལ་འོལ། ངོ་བོའི་རྟགས་སུ་སྐུ་ཞེས་གསུངས་པ་དང༌། ཤེས་རབ་སྐུར་སྨིན་ཞེས་པ་དང༌། ཤེས་


TN00_Page_322B
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཐུགས་རྗེའི་རིག་པར་བཤད་པ་བསྒྲིགས་ལ་དོགས་སྤོང་གལ་ཆེ། དབྱིངས་ཐིག་རིག་གསུམ་ཞིང་སྐུ་ཕོ་བྲང་དུ་མཁའ་འགྲོ་ཡང་ཏིག་ལས་སོ། །དབྱིངས་རིག་གི་སྒྲོན་མ་གཉིས་སྟོང་སྒྲོན་ལས་བྱུང་གསུངས། སྒྲོན་མ་བཞི་ཀ་ཡེ་ཤེས་ཀྱི་སྣང་བ་ཞེས་ལས་རླུང་དང་རྣམ་རྟོག་དག་པའི་མཐུས་རིག་པ་རང་སོ་ཟིན་པ་ལས་འོང་དགོས་ཏེ། རླུང་རིག་དལ་བ་གནད་དུ་བཤད་པ་དང༌། ཉམས་གོང་འཕེལ་གྱི་སྣང་བ་རྣམས་སྔོན་འགྲོའི་དུས་རྟོག་པ་བསླང་བ་དེ་རྣམས་ཟད་པ་ལས་བྱུང་གསུངས་པ་གོ་དགོས། ཤེར་སྒྲོན་ནི་སྒྲོན་མའི་སྣང་བ་ཐམས་ཅད་རང་སྣང་ཟང་ཐལ་དུ་འཆར་བྱེད་ཡིན་ཏེ། དབྱིངས་རིག་གི་སྣང་བ་གཟིར་བས་རིག་པ་བྱན་ཚུད་དུས་ཀུན་རྟོག་གི་ཡིད་མེད་ཀྱང་ཤེས་རབ་ཡོད་པས་སྣང་ཤེས་ཐམས་ཅད་རང་བཞིན་མེད་པ་དང་རིག་པའི་ཡོ་ལང་དུ་རྟོགས་པའི་མཐུ་འཐོབ། ལམ་དུས་དབྱིངས་རིག་ཞིང་སྐུར་སྨིན་པ་དང༌། མཐར་ལྷུན་གྲུབ་ཀྱི་སྣང་ཆ་ནང་དབྱིངས་སུ་ཐིམ་པ་ཐམས་ཅད་ཤེར་སྒྲོན་གྱི་ཆེ་བར་གསུངས། རུ་ཤན་ཕྱི་ལྟར་དབྱེ་བ་ནི་རྟོག་པ་སྣ་ཚོགས་མངོན་དུ་སློང་བ་དང༌། དེ་ཐམས་ཅད་གཟའ་གཏད་མེད་པར་ཁྲོལ་ཚགས་བཞིན་གཏོང་བའི་ཆེད་དེ། དེ་ལྟར་བྱས་ནས་དངོས་གཞི་སྒོམ་དུས་གཟུང་འཛིན་རང་གྲོལ་དུ་འགྲོ་བ་ཚེགས་མེད་དོ། །འདིར་རྨི་ལམ་སྦུབས་འཇུག་གི་ལུང་དྲན་དགོས། ༈ །བི་མ་སྙིང་ཏིག་ཏུ། དབྱིངས་ཀྱི་ནང་དུ་བཅུག་ནས་བསྒོམ་པས་ལུག་རྒྱུད་གཟི་མདངས་འཐོན་གསུང༌། དེར་དབྱིངས་


TN00_Page_323A
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གི་སྒྲོན་མ་གཉིས་ཐིག་སྒྲོན་གྱི་གདངས་ཡིན་གསུངས། ༈ །མི་འགུལ་བ་གསུམ་སོགས་ཀྱི་གོ་དོན་ཁྱད་འཕགས་ཐེག་མཛོད་སྒྲོན་བཞིའི་རིམ་ཁང་གི་སྒྲོན་བཞིའི་སྤྱིར་བཤད་ཐད་ཡོད། དང་པོར་འཁྲུལ་དུས་གཞི་སྣང་འོད་ལྔའི་རྩལ་ལས་མཆེད་པས། ད་འཁྲུལ་བའི་སྣང་ཞེན་དུ་བཟློག་དུས་ཀྱང་དང་པོའི་མཆེད་གཞི་ལྷུན་གྲུབ་ཀྱི་སྣང་བའི་སྟེང་དུ་བསྐྱལ་ནས་ཤེར་སྒྲོན་རྩལ་སྦྱང་ན་རིག་པ་བཙན་ས་ཟིན་སླ་བས་ཐོད་རྒལ་ཟབ་པ་སྟེ། ཡལ་གའི་སྟེང་ནས་རྩ་བ་ཆོད་དཀའ། རྩ་བ་ཕྱུངས་ན་ཡལ་ག་རང་སྐམ་བཞིན། འདི་མཁའ་འགྲོ་ཡང་ཏིག་ཏུ་ཡོད། །འདི་ལྟར་བྱས་ཚེ་ཀུན་རྟོག་དང་དབང་ཤེས་ཀྱི་ཡུལ་སྣང་དང་སེམས་རགས་པ་བསྐྱུར་ནས་དང་པོའི་གཞི་སྣང་གི་སྟེང་དུ་མཆོངས་ཏེ་དེ་ཉིད་ལ་སྦྱོར་བས་ཐོད་རྒལ་ཟེར་ཏེ་གནད་ཟབ། འཆི་དུས་དང་ལམ་དུས་ཀྱི་ལྷུན་གྲུབ་ཀྱི་གཞི་སྣང་གང་ཤར་ཡང་རིག་པ་རང་མལ་ནས་མ་གཡོས་པར་འཆར་ལུགས་མེད་དེ། སྲོག་རླུང་ཡན་ལག་བཞི་པས་རིག་པ་བསྐྱོད་པའམ་སྤུར་བའི་རང་གདངས་སུ་གསུངས་པས་སོ། །དེ་འདྲའི་སྣང་བའི་སྟེང་ནས་ངེས་པར་རྩལ་སྦྱང་དགོས་ཏེ། གཞན་དུ་སྣང་སྟོང་གི་ཕྱོགས་གཉིས་རྩལ་རྫོགས་མི་ཐུབ། མཐར་ཟད་དགོས་ཏེ། རིག་པ་རང་མལ་ནས་གཡོ་བའི་ཆ་མ་ཟད་པའི་སངས་རྒྱས་མི་སྲིད་པའི་ཕྱིར། འོན་ཀྱང་རང་མལ་ནས་མ་གཡོས་བཞིན་དུ་སྐུ་གསུང་ཐུགས་མི་ཟད་རྒྱན་འཁོར་བཀོད་དུས་སངས་རྒྱས་པའོ། །གཡོ་བའི་


TN00_Page_323B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་བྱུང་གི་སྣང་ཆ་ཟད། མ་གཡོས་པའི་སྣང་ཆ་མ་བཀོད་པར་དེར་སྣང་མེད་ཀྱི་སྐབས་ཤིག་ཡོད་འདྲ་བས་དབང་གཉིས་རྡོར་ཏིང་རྒྱུན་མཐར་བཞག་གམ་དཔྱད། དུས་འཁོར་དུ་ཤེས་པ་ཡུལ་ལ་འཕོ་བའི་ཆ་ཟད་དུས་སངས་རྒྱས་གསུངས་པ་འདིར་ཡུལ་སྣང་འཆར་དུས་རིག་པ་མལ་ནས་གཡོ་དགོས་པའི་ཆ་ཟད་དུས་སངས་རྒྱས་སུ་གསུངས་པ་ཆེས་མཐུན་པར་གོ། ༈ །།མཁས་པ་མི་བཞིའི་ཐུགས་བཅུད་རྫོང་འཕྲང་གི་བརྗེད་བྱང་རྟོགས་དཀའ་འཕྲང་སྒྲོལ། ཀུན་བཟང་ཆོས་རྗེ་བླ་མ་ལ་ཕྱག་འཚལ་ལོ། །རྫོང་གསུམ། འཕྲང་གསུམ་ཡོད་པ་ལས། རྫོང་དང་པོ་ནི། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཀྱི་རྩ་བ་རིག་པ་བྱང་ཆུབ་ཀྱི་སེམས་སུ་གཏན་ལ་འབེབས་པ་སྟེ། འདི་ལ་ཀུན་གཞི་གནད་ཀྱི་སྟོང་ཐུན་ཟེར། དེའང་སྒྱུ་འཕྲུལ་ལས། འཁོར་བའི་ཆོས་ཐམས་ཅད་ནི་སེམས་རང་སྣང་སྟེ། སེམས་ནི་རིག་པའི་རྩལ་ཙམ་དུ་ཟད་པ་དང༌། འདས་པའི་ཆོས་ཐམས་ཅད་ནི་ཡེ་ཤེས་རང་སྣང་སྟེ། ཡེ་ཤེས་ནི་རིག་པ་དེ་མ་རིག་པའི་བསླད་པ་དང་བྲལ་བ་ཉིད་ལ་བྱེད་པར་གསུངས་པ་བཞིན་ཤེས་པར་བྱའོ། །ཀུན་གཞི་རྒྱུ་རྒྱུད་མ་ཤེས་པར་བདེ་སྡུག་ལ་བླང་དོར་རེ་བ་ནི་གཟུགས་བརྙན་ལ་མགོ་རྨོངས་པ་ལྟ་བུ་དང༌། གཞི་ཐོག་ཏུ་བཙན་ས་འཛིན་པ་ནི་བྱད་བཞིན་ལ་དམར་འཇུས་བྱེད་པ་ལྟ་བུའི་ཁྱད་བཞེད་དོ། །རྫོང་གཉིས་པ། གཞི་རྒྱུད་གཏན་ལ་ཕེབས་པའི་དགོས་པ་གཞི་ཐོག་དེ་ཀ་ནས་འཚང་རྒྱ་


TN00_Page_324A
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཤིང༌། དེ་ལ་རིག་པ་དེ་གློ་བུར་གྱི་འཁྲུལ་པས་བསླད་པའི་དབང་དུ་མ་བྱས་ན་ངོ་བོའི་དེ་ཉིད་གདོད་ནས་སྐུ་གསུམ་འབའ་ཞིག་ཏུ་བཞུགས་ཚུལ་ལེགས་པར་རྟོགས་པའི་སྒོ་ནས་འབྲས་བུ་སངས་རྒྱས་ཀྱི་ས་ཐམས་ཅད་རིག་པའི་ཐོག་ཏུ་གཏན་ལ་ཕེབས་པ་ཞིག་དགོས་ཏེ། འདི་ལ་འབྲས་བུ་སྐུ་གསུམ་གཏན་འབེབས་ཟེར། རྫོང་གསུམ་པ། དེ་ལྟར་རང་བཞིན་གཞིའི་སྐུ་གསུམ་ངོ་འཕྲོད་པ་དེ་ཉིད་འཁྲུལ་བའི་སྣང་ཞེན་གྱིས་མི་འཕྲོགས་པའི་ཆེད་དུ། སྣང་བ་སེམས་སུ་ཤེས་པས་གཟུང་ཡུལ་གྱི་འཁྲུལ་བ་རྩད་གཅད། སེམས་སྟོང་པར་ཤེས་པས་འཛིན་སེམས་ཀྱི་འཁྲུལ་བ་རྩད་གཅད། སྟོང་བ་རིག་པ་དང་རིག་པ་སྐུ་གསུམ་དུ་ཤེས་པས་གཟུང་འཛིན་གཉིས་ཀའི་འཁྲུལ་བ་རྩད་གཅད་དེ། འདིར་སེམས་སྟོང་པ་ཞེས་པའི་སེམས་ཀྱི་ནང་དུ་མ་རིག་པའང་རིལ་ཚང་བས། །མ་རིག་པ་ཉིད་ཡེ་ཤེས་གསལ། །ཞེས་ཀྱང་བསྟན་པར་འགྱུར་རོ། །མདོར་ན་ཡུལ་སེམས་ཐམས་ཅད་ཀྱི་སྟེང་དུ་རྫོང་གོང་མ་གཉིས་རྩལ་སྦྱངས་ནས་དེ་ཐམས་ཅད་ལ་ཉམ་ང་མེད་པར་བྱེད་པ་སྟེ། འདི་ལ་མ་རིག་སྦུབས་འབྱེད་ཅེས་ཟེར། དེ་དག་གི་ཆོས་ཐམས་ཅད་ཡེ་སངས་རྒྱས་པར་རྟོགས་པའི་ལྟ་བའི་སྟེང་ན་དགྲ་གསུམ་བདུད་བཞི་གཡང་ས་དྲུག་གཅོད་པར་བྱེད་པ་སྟེ། ལྟ་བའི་རྫོང་ཟེར་བའི་རྒྱུ་མཚན་ཡང༌། འདིས་རྣལ་འབྱོར་པ་རྣམས་དགྲ་གསུམ་བདུད་བཞི་སོགས་ལ་མི་འཇིགས་པར་བྱེད་པའོ། །ལྟ་བའི་རྫོང་དེའང་གོ་ཡུལ་ཙམ་གྱིས་མི་ཆོག་སྟེ། སྒོམ་པའི་འཕྲང་ཞེས་པ་ཡེང་འཁྲུལ་གྱི་དགྲ་མི་ཐར་བའི་ཏིང་ངེ་འཛིན་


TN00_Page_324B
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་རོང་བགྲོད་དཀའ་ལྟ་བུའི་སྟེང་དུ་ཕུབ་ན། གདོད་མི་འཕྲོགས་པའམ་ས་ཟིན་པར་འགྱུར་བ་ཡིན་ནོ། །ལྟ་བའི་རྫོང་དུ་འགྲོ་བ་ལ་སྒོམ་པའི་འཕྲང་བགྲོད་དགོས་ཞེས་པའང་རྫོང་བཙན་པོ་ལྟ་བུའི་ལྟ་བར་སླེབས་པ་ལ། སྒོམ་པའི་འཕྲང་བརྒྱུད་ནས་ཕྱིན་དགོས་ཞེས་པ་ཡིན་གྱི། ལྟ་བ་ཙམ་རྟོགས་པ་ལ་མིན་ནོ། །འདི་ནི་སྤྱི་སྐད་ལ་ལྷག་མཐོང་གི་རྟེན་དུ་ཞི་གནས་དགོས་པ་དང་གནད་འདྲའོ། །འཕྲང་དང་པོ་བསམ་གཏན་གཅིག་པ་སྒོམ་གྱི་མན་ངག་ཅེས། ལྷར་སྣང་གསལ་བརྟན་གྱི་ཚད་ལ་ཕེབས་པར་བྱས་ནས་ལྷའི་དེ་ཉིད་སྒོམ་པའི་གཞི་འདིང་བ་སྟེ། འདི་ལ་འཕྲང་རྫོང་ཐོག་ཏུ་སྐྱེལ་བ་ཟེར། འཕྲང་གཉིས་པ་བསམ་གཏན་ཉམས་ཀྱི་ཡིག་ཆུང་ཞེས་བྱ་སྟེ། གསལ་བརྟན་ཐོབ་པའི་ལྷའི་དལ་དེ་ཐམས་ཅད་རིག་པ་བྱང་སེམས་ཁོ་ནའི་ཡོ་ལང་དུ་ཤེས་པའི་ངང་ནས་ལྷ་དང་རིག་པ་བསྲེ་བའི་ཚུལ་གྱིས་རིག་ཐོག་ཏུ་མཉམ་པར་འཇོག་པ་ལ་བསླབ་པས། རིག་པ་ཉིད་སྐུ་གསུམ་དུ་རྫོགས་པའི་ཉམས་སམ་མྱོང་བ་བརྟན་པོ་རྙེད་དེ། ལྷ་ལ་གསལ་བརྟན་ཅི་ཙམ་འོང་བའི་ཚོད་དུ་ལྷའི་དེ་ཉིད་ལའང་གསལ་བརྟན་ཐོབ་པར་བྱའོ། །དེས་ན་འཕྲང་དང་པོ་ཏིང་ངེ་འཛིན་དང༌། གཉིས་པ་འདི་ཤེས་རབ་ཀྱི་མཐུ་སྒྲུབ་ལུགས་ཀྱིས་བཞག་པ་འདྲ་ཞིག་བཤད། འདི་ལ་ནི་རྫོང་འཕྲང་ཐོག་ཏུ་ཕུབ་པ་ཞེས་བྱའོ། །དེ་ནས་འཕྲང་གསུམ་པ་བསླབ་མཐའ་སྦྱོང་བ་ཞེས་པ། འཕྲང་སྔ་མ་གཉིས་ཀྱི་སྐབས་ཀྱི་ཟབ་


TN00_Page_325A
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གཉིས་མེད་ཀྱི་དགོངས་པ་དེ་ཉིད་འགྲོ་དྲུག་གི་ཡུལ་སྣང་རབ་འབྱམས་ཀྱི་སྟེང་དུ་རྩལ་སྦྱངས་ནས་ཅིར་སྣང་གང་ཤར་ཐམས་ཅད་དག་མཉམ་གྱི་འཁོར་ལོར་དབང་སྒྱུར་བར་བྱེད་པའོ། །དེའང་སྔར་ཏིང་ངེ་འཛིན་གྱིས་སྒོམ་པའི་སྣང་བ་ལ་ད་ལྟ་མདུན་གྱི་སྣང་བ་འདི་དག་དང་ཁྱད་མེད་པ་ལྟ་བུའི་གསལ་བརྟན་ལས་སུ་རུང་ཡོད་པའི་གནད་ཀྱིས། སྐབས་འདིར་དམྱལ་བ་ནས་ལྷའི་བར་གྱི་གནས་ལུས་སོགས་གང་དམིགས་ཀྱང་མདུན་གྱི་སྣང་བ་ལྟ་བུའི་གསལ་བརྟན་ཚེགས་མེད་དུ་འབྱུང་ལ། དེ་ཀའི་སྟེང་ནས་སྣང་བ་དེ་སེམས། སེམས་དེ་སྟོང་པ། སྟོང་པ་རིག་པ། རིག་པ་སྐུ་གསུམ་དུ་འཆར་བ་ལ་སྦྱང་བས་ལྷ་དང་ལྷའི་དེ་ཉིད་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་ཏེ། དགྲ་གསུམ་བདུད་བཞི་གཡང་ས་དྲུག་ཐམས་ཅད་ཆོད་ནས། དེ་དག་ལ་འཇིགས་པ་མེད་པའི་གདེང་ཐོབ་པ་ཡིན་ནོ། །དེ་ལྟར་ན་རྫོང་ཕྱུག་པོའི་བང་མཛོད་དང་འདྲ། །འཕྲང་དེའི་ལྡེའུ་མིག་དང་འདྲ། རགས་འཕྲང་ལ་ལས་ཞེས་ཡང་ཡང་གསུངས་ཏེ། རྫོང་ནི་བསྒོམ་བྱའམ་འཇུག་ཡུལ་དང༌། འཕྲང་ནི་སྒོམ་བྱེད་དམ་འཇུག་བྱེད་དུ་བསྟན་པ་སྒྱུ་འཕྲུལ་བའི་ཤེས་འཇུག་གི་མཚན་ཉིད་གཉིས་དང་ཚུལ་འདྲ་བ་ཡིན་ནོ། །རྫོང་འཕྲང་འདིའི་རྫོགས་རིམ་གྱི་འགྲོས་ནི་རྫོགས་ཆེན་སེམས་ཕྱོགས་ཁོ་ནར་སྣང་ཞིང༌། རིག་པ་རང་ཤར་གྱི་མན་ངག་ལས། སྟོང་གཟུགས་འབྲི་གུ་ཏའི་ལམ་ནས་འཆར་


TN00_Page_325B
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མན་ངག་ཀྱང་བཤད་པ་ལྟར། འཕྲང་གཉིས་པ་འདིའང་འཕྲང་དང་པོར་ལྷ་སྔགས་ཀྱི་རྣལ་འབྱོར་གཉིས་བརྟན་པ་དེ་ལ་གཞི་བྱས་ཏེ། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རྫོགས་ཆེན་ཁྲེགས་ཆོད་ཀྱི་བཞག་ཐབས་ལྟར་སྐྱོང་བ་རང་ལ་བཞེད་དམ་སྙམ་སྟེ། བཤད་པའི་རྣམ་གྲངས་གཞན་བྱས་ནའང་ཆོག་ཙམ་སྣང་བས་ཞིབ་ཏུ་དཔྱད་པར་བྱའོ། །གཞུང་འདིར་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དཔའ་བོའི་རྒྱལ་སྲིད་སྒྲུབ་པའི་མན་ངག །ས་བཙན་སར་རྫོང་བཙན་པོ་བཟུང་ནས་ཡུལ་ཁམས་ལ་དབང་སྒྱུར་བའི་ཚུལ་དུ་བསྟན་པ་ལས། ཡུལ་ཁམས་དབང་དུ་བསྡུ་བ་ལྟ་བུ་དངོས་ནི་སྲོག་གི་གདམས་པ་གསུམ་སྟེ། དང་པོ་སྲོག་གི་ཐ་རམ་ཞེས་པ་སྲོག་གཏན་ལ་འབེབས་པ་ནི། འཁོར་ལོའི་རིགས་ཀྱི་ཨོཾཿདང༌། རྡོ་རྗེའི་ཧཱུྃཿསོགས་ཡེ་ཤེས་པའི་དང༌། གཤིན་རྗེའི་ཡཿདང༌། མ་མོའི་མཿཡིག་སོགས་འཇིག་རྟེན་པའི་སྲོག་ཡིག་དང༌། དེ་དག་གི་མིང་སྔགས་རྣམས་ཀྱང་སྲོག་ཏུ་ཤེས་པར་བྱའོ། །འདིའི་གནད་རྣམས་གཞན་དུ་ཤེས། གཉིས་པ་ཐ་རམ་འབྱེད་པའི་ལྡེ་མིག་ཅེས་སྲོག་འཕྲོགས་ཐབས་ཀྱི་སྐོར་ལ། སྲོག་འདྲེན་གྱི་དམིགས་གནད་དང་ལྡན་པར་སྔགས་བཟླས་པས་ལྷ་སྲིན་གནས་ནས་དགུག་པ་སྔགས་ཀྱིས་འཕྲོགས་ཚུལ། ཡེ་ཤེས་ལྷ་དང་བཀའ་སྡོད་ཀྱི་སྐུ་གསལ་བར་དམིགས་ནས་མཐོང་ཁོལ་མངོན་དུ་བྱ་བ་ཏིང་འཛིན་གྱིས་འཕྲོགས་ཚུལ།


TN00_Page_326A
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེའི་སྣང་ཆ་རང་སེམས་སྟོང་གསལ་གྱི་ཆོ་འཕྲུལ་དུ་ཤེས་པས་དབང་དུ་བྱ་བ་ལྟ་བས་འཕྲོགས་ཚུལ་ཏེ་གསུམ་ཡོད། སྔགས་ཀྱིས་འཕྲོགས་སྐབས། བསྙེན་དུས་ཉེར་མ་བཏུབ་ན་རེངས་པ་ཁུགས་སུ་གཞུག་པ། རྦད་དུ་འགྲོར་མ་བཏུབ་ན་འཁྱིལ་བ་ལམ་དུ་གཞུག་པ། བསད་དུས་ལས་མ་འགྲུབ་ན་ལོག་རྡུགས་མཐའ་ལ་གཏད་པ་ཞེས་གསུངས་པ་རྣམས་ནི་ཉང་གི་གཏེར་ཁྱིམ་སོགས་ལྟར་བྱ། ལར་བླ་མ་མཉེས་ན་དམ་ཅན་མ་བསྒྲུབ་ཀྱང་འདུ། ཡི་དམ་གྱི་བསྙེན་པ་ཐེམ་ན་ཕྲིན་ལས་མ་བཅོལ་ཡང་བྱེད་པར་གསུངས་པས་བླ་མ་དང་ཡེ་ཤེས་ལྷ་ལ་དབང་ཐོབ་པར་བྱ་བ་ནི་བཀའ་སྡོད་ཀྱི་སྲོག་ཐོབ་པའི་མན་ངག་ཆེན་པོའོ། །གསུམ་པ་མཚན་བསྒྱུར་བ་ནི། ལྷ་འདྲེ་ཆུང་ངུ་ཞིག་གི་སྲོག་ཐོབ་ཀྱང་དེ་ལས་བྱིན་རླབས་དང་དངོས་གྲུབ་ཆེ་ཞིང་མང་བ་འབྱུང་བའི་ཐབས་མཁས་ཀྱི་གནད་ནི། སེམས་ཅན་གྱི་སྲོག་སངས་རྒྱས་སུ་མཚན་བསྒྱུར་ནས་སྒྲུབ་པ་ཡིན་ཏེ། བདག་ཉིད་ལྷར་སྒོམ་པའང་སེམས་ཅན་གྱི་སྲོག་སངས་རྒྱས་སུ་མཚན་སྒྱུར་བ་རང་ཡིན་ནོ། །མཆན། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མ་ཁྱབ་པའི་ཆོས་ཀྱི་དབྱིངས་དང༌། ཆོས་དབྱིངས་ཀྱིས་མ་ཁྱབ་པའི་ལྷ་འདྲེ་གང་ཡང་མེད་པས། གང་དང་གང་ལ་སངས་རྒྱས་སུ་དམིགས་པ་དེ་དང་དེ་ནས་རྒྱལ་བ་དང་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་རྡོལ་ཏེ་འོང་བ་ཡིན་ནོ། །དེར་ཡང་མ་ཟད་ཕན་བྱེད་ཀྱི་ལྷ་གནོད་པའི་


TN00_Page_326B
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེར་མཚན་བསྒྱུར་ནས་དགྲ་བགེགས་ཚར་གཅད་པ་དང༌། དེ་ལས་བཟློག་སྟེ་མཚན་བསྒྱུར་ནས་ཕན་འདོགས་པ་མང་དུ་བཤད་དོ། །མདོར་ན་འཇིག་རྟེན་དྲེགས་པའི་སྲོག་འཕྲོགས་པ་ལའང་སྲོག་སྡོམ་གཟེར་བཞི་རང་མེད་དུ་མི་རུང་སྟེ། སྔགས་ཀྱི་གཟེར་མ་ཐེབས་ན་རང་རྒྱུད་པ་གནས་ནས་མི་ཁུག །ཏིང་ངེ་འཛིན་གྱི་གཟེར་མ་ཐེབས་ན་གཟུགས་དངོས་སུ་མི་མཐོང༌། དགོངས་པའི་གཟེར་མ་ཐེབས་ན་གྲུབ་ཀྱང་ཀོ་ལོང་དང་བར་ཆད་མང་ཞིང་དངོས་གྲུབ་ཀྱི་ཚན་ཆུང༌། འཕྲོ་འདུའི་གཟེར་མ་ཐེབས་ན་གང་འདོད་ཀྱི་ཕྲིན་ལས་ལ་སྦྱར་དུ་མེད་པར་གསུངས་སོ། །དེ་ལྟར་རྫོང་འཕྲང་སྲོགས་གསུམ་གྱི་གནད་འདི་ལ་ལེགས་པར་སྦྱངས་ན་རྒྱལ་བའི་བསྟན་པ་སྲུང་བ་དང༌། བསྟན་པའི་དོན་བྱ་བ་ལ་རྡོ་རྗེའི་རྣམ་པར་ཐར་པའི་དབང་དང་ལྡན་པ་དཔལ་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ནས་དོན་གཉིས་ཀྱི་དགའ་སྟོན་རྒྱས་པར་འགྱུར་བ་ཡིན་ནོ། །ཞེས་པའང་རྡོ་རྗེའི་མིང་ཅན་གྱིས་ཐོར་བཏབ་པ་དགེ། ༈ །།མན་ངག་ཟབ་མོ་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ་བཞུགས་སོ། །བླ་མ་དང་དབྱེར་མེད་པའི་རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །གྲུབ་ཆེན་བི་མ་ལ་དང༌། ཨོ་རྒྱན་རིན་པོ་ཆེའི་བཀའ་རྒྱུད་ཆེ་བ་རྣམས་སུ་གྲགས་ཆེ་བའི་རྫོགས་རིམ་ནི་རྫོགས་ཆེན་མན་ངག་སྡེའི་ལམ་སྲོལ་དུ་སྣང་ལ། དེ་ལའང་སྐོར་བཞི་ལས་ཟབ་རྒྱ་ཆེའི་མན་ངག་ཡོངས་སུ་རྫོགས་པ་ནི་ཡང་


TN00_Page_327A
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྙིང་ཐིག་ཁོ་ན་ཡིན་པར་གྲགས་ཏེ། གྲགས་པ་ལྟར་སྣང་ངོ༌། །དེའི་ལུགས་ཡིན་ཟེར་ནས་ཆོས་སྐད་འདྲ་མིན་དུ་མ་སྨྲ་མཁན་མང་དུ་འདུག་ཀྱང༌། གཟུར་གནས་བློ་གྲོས་དང་ལྡན་པ་དང༌། བློ་ལྡན་གཟུ་བོར་གནས་པ་ཆེས་ཉུང་བའི་དབང་གིས་སློབ་དཔོན་རྣམ་གཉིས་ཀྱི་ལུགས་སྲོལ་ཀུན་མཁྱེན་ཡབ་སྲས་གཉིས་ཀྱིས་ཇི་ལྟར་བཀྲལ་བ་བཞིན་ཤོད་པར་འདུག་སྙམ་པ་སྲིད་མཐའ་མ་བཀག་ཙམ་དུ་འདུག་པས། བདག་འདྲ་བས་དགོངས་དོན་གཏིང་དཔོག་པ་དང་དཔོག་ཀྱང་གཞན་དོན་དུ་འགྱུར་སྙམ་པ་ཅང་མ་མཐོང་ངོ༌། །འོན་ཀྱང་རང་གི་བརྗེད་ཐོ་བྲིས་པ་ལ་མཁས་པས་འཕྱ་རྒྱུ་དང༌། བླུན་པོས་སྡང་རྒྱུ་ཡང་མི་འདུག་སྟེ། བྱ་ཕྲུག་གཤོག་རྩལ་སློབ་པ་ལ་སྡང་ཞིང་འཕྱ་མི་རིག་པ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལ་ཐོབ་བྱ་མཐར་ཐུག་ནི། ཀ་དག་ནང་གསལ་གྱི་ཆོས་སྐུ་དང༌། ལྷུན་གྲུབ་ཕྱིར་གསལ་གྱི་གཟུགས་སྐུ་གཉིས་རོ་གཅིག་ཏུ་གྱུར་པ་དེ་ཡིན་ལ། དེའི་གནད་ཀྱིས་ཐོབ་བྱེད་ལའང་དེ་གཉིས་ཀྱི་ཉམས་ལེན་ཚང་བ་ཞིག་དགོས་སོ། །སྐུ་དེ་གཉིས་ཀྱི་སྒྲུབ་གཞི་ནི་ཐེག་པ་གཞན་དང་མི་འདྲ་བར། གདོད་མའི་གཞི་སྟོང་གསལ་གདལ་བ་ནམ་མཁའ་གཡའ་དག་ལྟ་བུ་དང༌། གཞི་དེའི་རང་སྣང་ལ་གཞི་སྣང་དུ་གྲགས་པ་ལྷུན་གྲུབ་སྒོ་བརྒྱད་གཉིས་ཡོད་པ་དེ་ཡིན་ཏེ། འདི་གཉིས་ཞིབ་ཏུ་འབྱེད་པ་ལ་ཆོས་ཉིད་བར་དོའི་འཆར་ཚུལ་ཤེས་དགོས་སོ། །


TN00_Page_327B
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་འདུས་མ་བྱས་ཡིན་མིན་ལ་མི་འཆམ་པ་སྣང་ཡང༌། དོན་ལ་འདུས་མ་བྱས་ཡིན། དེའང་མ་བྱས་ཚུལ་ནི་བཅོས་མའི་གློ་བུར་བ་མིན་པ་ལ་བྱེད་པར་བཤད་དེ། མ་བཅོས་ལུགས་ཀྱང་གཉུག་མའི་གདོད་མ་ལ་བྱེད་པས། ལུགས་འདི་ལ་འདུས་མ་བྱས་འཇོག་ཚུལ་རྟོག་གེའི་གཞུང་དང་ཐུན་མིན་ནོ། །གཞི་སྣང་རྒྱུད་སྡེ་གཞན་ལ་མ་གྲགས་པར་གསུངས་པ་ནི་ལྷུན་གྲུབ་སྒོ་བརྒྱད་སོགས་ཀྱི་བཤད་ཚུལ་ལ་སྦྱར་དགོས་ཀྱི་འཆར་ཚུལ་གྱི་ངོ་བོ་ཙམ་ཞིག་དུས་འཁོར་ལས་ཀྱང་གསུངས་ཏེ། དེར་འཆི་བའི་འོད་གསལ་པྲ་ཕབ་པའི་མེ་ལོང་ལྟ་བུར་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་གཞི་དེ་ཡར་ལྡན་དུ་ཁྱེར་ནས་ཆོས་སྐུ་སྒྲུབ་པར་བྱེད་པའི་ལམ་དེ་ཁྲེགས་ཆོད་དང་གཞི་སྣང་ལས་གཟུགས་སྐུ་སྒྲུབ་པར་བྱེད་པའི་ལམ་དེ་ཐོད་རྒལ་ཡིན་པས་དེ་གཉིས་ཡ་བྲལ་མི་རུང་ངོ༌། ཁྲེགས་ཆོད་ཀྱི་བཞག་ཐབས་ལ་བརྟན་པ་ཅུང་ཟད་མ་ཐོབ་བར་དུ་ཐོད་རྒལ་སྒོམ་པ་སྐད་བྱས་ཀྱང༌། དེ་མཚན་ཉིད་ཚང་བ་མི་སྐྱེ་བས། དེ་གཉིས་ལས་ཁྲེགས་ཆོད་ཐོག་མར་བསྟན་ནོ། །མིང་དོན་ནི། སེམས་དམིགས་པ་ཁྱད་པར་ཅན་ལ་བསྡུས་ཏེ་རླུང་དྷུ་ཏིར་འགོག་པ་གཞན་འདྲ་བ་མིན་པར་གཟུང་འཛིན་གྱི་དྲ་བ་འདི་ཀའི་སྟེང་ཉིད་ནས་རང་གི་བློ་ངོར་རིག་པ་རྗེན་ལ་འདོན་ལུགས་རྩལ་ཐོན་པར་བྱས་ཏེ་སྐྱོང་བ་དེ་རིག་པ་ལ་ཐད་ཆོད་དུ་ཞུགས་པ་ཡིན་པས། མཁྲེད་ཆོད་དམ་ཁྲེགས་ཆོད་དང༌། ཐབས་


TN00_Page_328A
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཀྱི་སྒོ་འདིས་རིག་པའི་ཡོན་ཏན་བདེ་བླག་ཏུ་རྫོགས་ནུས་པས། ས་ལམ་རང་དགའ་དགར་བརྒལ་ནས་སོང་བས་ཆོག་པ་འདྲ་བའི་མྱུར་ཁྱད་སྒོས་སུ་ཡོད་པའི་ཕྱིར་ཐོད་རྒལ་དུ་བཏགས་པར་བཤད། ཁྲེགས་ཆོད་ཀྱི་གདམས་པ་རྣམས་སུ་སེམས་ལས་འདས་པའི་རིག་པ་གསུངས་པ་ནི་སྔར་བརྗོད་པའི་བཅོས་མའི་རྟོག་བཅས་དང༌། རྟོག་མེད་ཀྱི་བློ་རྣམས་ལས་རིགས་ཀྱི་སྒོ་ནས་འདས་པའང་ཡིན་མོད་ཀྱི། གཙོ་བོར་དེ་དག་གི་ཕ་མཐའ་བརྒལ་བ་ན་འཆར་བ་དེ་སེམས་ལས་འདས་ཚུལ་དང༌། དེར་འཆར་རྒྱུ་འོད་གསལ་དེ་རིག་པ་ཞེས་པའི་དོན་ནོ། །རིག་པ་ཟེར་བའི་རྒྱུ་མཚན་ནི། མ་རིག་པའི་བག་ཆགས་ཕྲ་མོ་ཟད་པར་སྤོང་བྱེད་དང༌། འདི་ནི་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཞེས་པའི་རྣམ་ཤེས་དང་ཡེ་ཤེས་ཀྱི་མིང་འདོགས་དང་ཕྱོགས་གཅིག་གོ །སྤང་བའི་ཡེ་ཤེས་གཉིས་ཀར་འདི་ཁོ་ནའི་བསྒྲུབ་གཞི་བྱས་པའི་རིག་པ་ཞིག་དགོས་པས། མ་རིག་པའི་བཟློག་ཕྱོགས་མཐར་ཐུག་པའི་མིང་གིས་བཏགས་པ་སྟེ། འབྲས་མིང་རྒྱུ་ལ་བཏགས་པའོ། །དེའང་མ་རིག་པའི་བག་ཆགས་ལྷག་མ་མ་ལུས་པར་ལོག་པ་ན། བློ་རང་ཉིད་ཀྱི་རིགས་ཀྱང་ལོག་ནས་འགྲོ་བ་དེ། རང་གི་སྒྲུབ་གཞི་གློ་བུར་བ་ཡིན་པའི་གནད་ལ་ཐུག་ཅིང༌། ཅིག་ཤོས་དེ་ལས་བཟློག་པ་ཡིན་ནོ། །དེ་ལ་འདི་སྐོར་རྣམས་སུ་གློ་བུར་གྱི་སྤྲོས་པ་མཐའ་དག་དང་བྲལ་བའི་ཆ་ནས་


TN00_Page_328B
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་གི་མྱང་འདས་འཇོག་པ་སོགས་ཀྱི་སྒོ་ནས་གཉུག་མའི་ཆོས་རྣམས་མྱང་འདས་ཀྱི་ཕྱོགས་སུ་བསྡུ་ཞིང༌། དེ་ལྟར་བྱས་ན་ཐ་མལ་པའི་སེམས་རྣམས་འཁོར་བའི་ཕྱོགས་སུ་འགྲོ་ལ། དེ་འགྲོ་བ་ལྟར་མ་རིག་པའི་ཕྱོགས་སུའང་འགྲོ་ལུགས་ཡོད་པས། དེའི་ཟླ་ལ་དྲངས་པ་ཡིན་ཏེ། སེམས་དང་ཡེ་ཤེས་ཞེས་གསུངས་པའི་ཡེ་ཤེས་ཀྱི་སྒྲ་འཆད་ཚུལ་ཡང་དེ་དང་འདྲའོ། །དེ་ལྟར་དུ་བཏགས་པ་ནི་ལམ་འདི་ལ་ཐེག་པ་གཞན་དང་མི་འདྲ་བའི་ཟབ་ཁྱད་འཇུག་པའི་རྩ་བ་ཤེས་པར་བྱ་བའི་ཆེད་དུ་སྟོན་ལུགས་དེ་འདྲ་ཞིག་མཛད་པ་ཡིན་གྱི། སྤྱིར་ནི་འདིར་བཤད་པའི་སེམས་གང་བྱུང་ཐམས་ཅད་འཁོར་བའི་ཕྱོགས་ཡིན་པར་ཁས་མི་བླང་སྟེ། གལ་ཏེ་བླང་ན་ཉན་ཐོས་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱང་ཀུན་ཉོན་ཕྱོགས་ཀྱི་བདེན་པར་འདོད་དགོས་པའི་ཕྱིར་རོ། །རིག་པ་གསང་སྔགས་བླ་མེད་པའི་འོད་གསལ་ལ་འདོད་པ་ནི། འཆི་བའི་འོད་གསལ་ལ་རིག་པར་ངོས་བཟུང་བའི་རྫོགས་ཆེན་གྱི་གསུང་རབ་རྩོད་མེད་སོགས་ཤེས་བྱེད་མཐའ་ཡས་པ་ཡོད་དོ། །དེས་ན་འོད་གསལ་ཐམས་ཅད་སྟོང་པ་དང༌། རྫོགས་རིམ་པའི་ལྷན་སྐྱེས་སོགས་བྱས་ཚེ། དེའི་བརྗོད་བྱ་དམ་ཧྲིག་གེར་འཆར་ཞིང༌། རིག་པ་བྱས་ཚེ་འོད་གསལ་ལ་ངོ་སྤྲད་ཀྱང་བུན་ལོང་དེ་ཞིག་ལས་མི་གོ་བ་ནི་ཕ་རྒྱུད་མ་རྒྱུད་གཞན་གྱི་ཆོས་སྐད་ལ་བག་ཆགས་ཕྱོགས་


TN00_Page_329A
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་དུ་སོང་བའི་རྟགས་ཡིན་པས་རིག་འཛིན་གྱི་མཛུབ་རྩེ་དང༌། རྗེས་འཇུག་གི་ལྟ་ཕྱོགས་འཛོལ་ནས་མ་སོང་བ་ཞིག་གལ་ཆེའོ། །རྫོགས་ཆེན་གྱི་གཞུང་རྣམས་སུ་ད་ལྟའི་ཤེས་པ་སྟོང་གསལ་འདི་རིག་པར་ངོ་སྤྲོད་པ་ཤ་སྟག་འབྱུང་བས། སྣང་གསུམ་མཐའི་འོད་གསལ་ལ་སྦྱར་བ་ག་ལ་རིགས་སྙམ་ན། གོ་བ་ཁ་ཕྱིར་བལྟས་ལ་དེ་འདྲ་འཆར་བ་བདེན་ཡང༌། འདི་ལྟར་ཡིན་ཏེ། ད་ལྟ་འདྲི་བ་པོ་ཁྱོད་དང་ད་ཅག་སྨྲ་བཞིན་པའི་དུས་ཀྱི་རང་རེ་གཉིས་ཀྱི་ཤེས་རིག་སལ་ལེ་བ་འདི་ཧྲིལ་གྱིས་རིག་པ་ཁོ་ན་མིན་རུང༌། འདི་ཉིད་ཀྱི་ཆ་གཅིག་རིག་པར་གདོན་མི་ཟ་བར་འདོད་དགོས་ཏེ། དེའི་དུས་སུའང་གདོད་མའི་འོད་གསལ་ཡོད་དགོས། དེ་ཡོད་ན་གང་ཟག་དེའི་ཤེས་རིག་ཏུ་ཡོད་དགོས། དེ་ལ་དེ་དུས་ཀྱིས་ལེ་བ་དེ་མིན་པའི་རིག་ཆ་ཞིག་ཡོད་ན་དེའི་ཤེས་རིག་ཏུ་འཇོག་མི་རུང་བའི་ཕྱིར་རོ། །འོན་ཀྱང་ཐ་མལ་པ་ལ་འཆི་དུས་མ་གཏོགས་པར་རིག་པ་དེ་བསླད་ཡོད་པས། ད་ལྟ་ངོས་འཛིན་དཀའ་བའི་ཕྱིར། བཞི་ཆ་གསུམ་བྲལ་ཞེས། དུས་གསུམ་གྱི་ཀུན་རྟོག་ལས་ཟུར་དུ་ཕྱེ་བའི་ཆ་བཞི་པའམ་ལྷག་མ་དེ་རིག་པ་ཡིན་ཞེས་བཤད་ནས། དེ་ཙམ་གྱིས་དེའི་བཞུགས་ཚུལ་རྗེན་པར་བློ་ངོར་མཚོན་མི་ནུས་པར་གཟིགས་ཏེ། དེའི་རྣམ་པ་ངོ་སྤྲོད་ཚུལ་རྒྱས་བཤད་


TN00_Page_329B
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་མཛད་པ་ཡིན་ནོ། །བཞི་ཆ་གསུམ་བྲལ་བཤད་ལུགས་ལ་དཔག་ཀྱང་ད་ལྟ་ཀུན་རྟོག་དང་སྦྲགས་མར་ཡོད་པ་ཞིག་དང༌། དེའི་རང་ཞལ་གཙོ་བོར་ཀུན་རྟོག་གིས་གཡོགས་པའི་དབང་གིས་ངེས་མ་ཐུབ་པ་ཡིན་པར་བཞེད་པ་དཔྱད་ཤེས་ན་གསལ་ལོ། །ངོ་སྤྲོད་རྒྱས་པར་མཛད་ཚུལ་ཡང༌། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས། ཐམས་ཅད་སྟོང་པ་རྨད་པོ་ཆེ། །དྭངས་ཤིང་གསལ་བའི་མཚན་ཉིད་ཅན། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །ཞེས་ཟུང་འཇུག་གི་འོད་གསལ་དེ་ལྟ་བུའི་རྣམ་པ་ཅན་ཞིག་ཡིན་པར་བཤད་པ་དང༌། འཇམ་དཔལ་ཞལ་ལུང་དུ། ཆོས་སྐུ་རབ་དགའ་མཁའ་མཉམ་པ། ཞེས་རབ་དགའ་དང་མཁའ་མཉམ་གྱི་བཞུགས་ཚུལ་ཅན་དུ་གསུངས་པ་དང་འདྲ་བར། འདི་སྐོར་དུ་ཡང༌། ངོ་བོ་སྟོང༌། རང་བཞིན་གསལ། ཐུགས་རྗེའམ་རྩལ་རིས་མེད་པར་ཁྱབ་པ་ཞེས་དང༌། གཏིང་གསལ་ཕྲ་བ་དང༌། གདོད་མ་ནས་མ་བཅོས་པ་དང༌། ཡེ་གྲོལ་དང༌། བློ་བྲལ་དང༌། ཁྱབ་གདལ་དང༌། ཟང་ཐལ་གྱི་རིག་པ་སོགས་བཤད་ཚུལ་མཐའ་ཡས་པས་བསྟན་ཏེ། དེ་འདྲ་བའི་བརྗོད་ཚུལ་རེ་རེ་ལ་ཡང་རིག་པའི་ངོ་བོ་དང་ཁྱད་པར་ཅི་རིགས་པ་གཏན་ལ་འབེབས་པའི་ནུས་པ་ཁྱད་པར་ཅན་རེ་འབྱིན་རྒྱུད་ཡོད་ལ། བླ་མེད་རྒྱུད་གཞན་ལས་ཀྱང་རིག་པའི་རྣམ་པ་ངོ་སྤྲོད་ལ་ཕྱོགས་འདི་རྒྱས་པ་ནི་གཞན་དུ་རྩ་རླུང་


TN00_Page_330A
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ལ་གནད་དུ་བསྣུན་སྟོབས་ཀྱིས་ལྷན་སྐྱེས་དྲངས་ཡོང་བས། ད་ལྟ་ནས་བཞུགས་ཚུལ་ངོ་སྤྲོད་ལ་ཧ་ཅང་རྩལ་དུ་འདོན་མི་དགོས། འདིར་རིག་པ་ངོ་སྤྲད་ནས་དེ་ལ་བཞག་སྟོབས་ཀྱིས་ཐུན་མོང་མ་ཡིན་པའི་ལྷག་མཐོང་འདྲེན་པ་ཉིད་མན་ངག་གི་སྙིང་པོར་བྱེད་ལ། དེ་ལྟར་འདྲེན་པ་ལ་ཐོག་མ་ནས་རིག་པའི་བཞུགས་ཚུལ་ལ་བློ་ཤིན་ཏུ་རྒྱས་པ་མེད་ན། འཇོག་བྱེད་ཀྱི་སྒོམ། འཇོག་ས་རིག་པའི་སྟེང་ནས་གཞན་དུ་མི་འཆུགས་པའི་གཟེར་བུ་ཐེབས་ལུགས་མེད་པས། ཡུན་རིང་པོར། རློམ་ཚོད་རིག་པ་ཅོག་བཞག་གི་རྒྱུན་བསྐྱང་བར་རློམ་ཡང༌། སོང་ཚོད་སེམས་ཐ་མལ་བ་རང་གི་གསལ་སྟོང་གི་ཆ་ཕྱི་རོལ་པས་ཀྱང་ངེས་ནུས་པ་རེ་བསྒོམ་པར་སོང་བ་ལྟ་བུ་ལས་མི་ཡོང་བའི་རྒྱུ་མཚན་གྱིས་ཡིན་པས། ཚིག་རིས་དེ་འདྲ་བ་ཐམས་ཅད་ཀྱིས་གནས་ཆ་དང་གསལ་ཆ་ཟུང་དུ་འབྲེལ་བའི་སེམས་ཙམ་ཞིག་ངོ་སྤྲད་པར་བཟུང་བ་ནི། དེའི་མི་མཐུན་པའི་ཕྱོགས་ཆེན་པོ་ལ་གནས་པ་ཡིན་ནོ། །རིག་པ་ངོ་འཕྲོད་མཚམས་ལ་ཡང༌། གོ་བས་འཕྲོད་པ་དང༌། ཉམས་མྱོང་གི་སྟོབས་ཀྱིས་འཕྲོད་པ་གཉིས་ཤེས་དགོས་ཤིང༌། དེའི་ཕྱི་མ་ནི་སྔ་མ་སྔོན་དུ་འགྲོ་བ་ཡིན་ལ། ཚེ་འདིར་སྔ་མ་སྔོན་དུ་མ་བཏང་བར་ཡང་བླ་མའི་བྱིན་རླབས་ཁོ་ནས་ཕྱི་མ་ཡོང་བ་འགའ་ཞིག་ལ་སྲིད་པ་ནི་ལས་འཕྲོ་ཅན་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེའི་འགྲེས་ཀྱིས། རིག་པའི་


TN00_Page_330B
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་འཇོག་ལུགས་ལའང༌། གོ་བ་ཤས་ཆེ་བའི་སྒོ་ནས་འཇོག་ཚུལ་དང༌། མྱོང་སྟོབས་ཀྱིས་རིག་པའི་རང་ཞལ་མཇལ་ནས་དེ་སྐྱོང་ཚུལ་གཉིས་ཡོད་ལ། དེ་གཉིས་ཀྱང་འདིར་གོ་རིམ་ངེས་པ་ཡིན་ཏེ། སྔ་མ་ལྟར་བསྐྱང་བས་རིག་པ་ཇེ་གསལ་དང༌། སེམས་ཇེ་ཞན་དུ་སོང་ནས་རིམ་གྱིས་གོ་བའི་རྒྱུན་ཉམས་མྱོང་དུ་འགྲོ་དགོས་པའི་ཕྱིར་རོ། །མྱོང་སྟོབས་ཀྱིས་རིག་ངོ་མཐོང་ནས་སྒོམ་པ་ལའང་རྟོགས་པའི་ཡེ་ཤེས་སྲབ་འཐུག་གི་རིམ་པ་མང་པོ་ཡོད་པ་ལས། རྣམ་རྟོག་གི་གྲོལ་ལུགས་གསུམ་སོགས་བཤད་པའི་ཕལ་ཆེ་བ་ནི། སེམས་རིག་གཉིས་ལས་སེམས་ཀྱི་ཕྱོགས་མངོན་དུ་གྱུར་པ་སྟོབས་ཆེ་བའི་དུས་སུ་ཡིན་གྱི། རིག་པ་མངོན་དུ་གྱུར་པའི་ཕྱོགས་ལྷག་པ་ན་མིན་ལ། ཁང་སྟོང་རྐུན་མ་ཞུགས་པ་ལྟ་བུའི་གྲོལ་ལུགས་དེ། དེ་གཉིས་ཀྱི་མཚམས་འཛིན་ལྟ་བུར་མངོན་ནོ། །གོ་བའི་སྟེང་ནས་རིག་པ་ལ་འཇོག་སྒོམ་བྱེད་པའང་མདུན་དུ་ཀེང་རུས་བསྒོམ་པ་ལ་སེམས་འཛིན་ལུགས་ལྟ་བུ་ཡེ་མིན་པས། རྣལ་འབྱོར་པའི་བློ་ཧྲིལ་གྱིས་རིག་པ་འབའ་ཞིག་ཏུ་སོང་བ་འདྲ་བའི་ཉམས་ཡོད་པ་ཞིག་དགོས་སོ། །ཕྱོགས་འདིར་བྱ་བ་དགུ་ཕྲུགས་སུ་གཏོང་བར་བཤད་པ་བཞིན། ཆོས་དང་ཆོས་མིན་གྱི་གཡེང་བ་གཞན་བཏང་སྟེ། ཅོག་བཞག་ལ་ཆིག་དྲིལ་ཡུན་རིང་པོར་ནུས་ན། ཅི་ཞིག་ནས་ཀུན་རྟོག་གཡོ་བའི་རླུང་རགས་ལ་རྒོད་པ་རྣམས་རང་འགག །ཕྲ་བ་རྣམས་འོད་གསལ་ངང་སྒོམ་གྱི་སྦྱོར་བས་རྒྱུན་རིང་དུ་


TN00_Page_331A
[མ་དཔེ་གཟིགས་ན་འདིར་གནོན།]

བཏུལ་བའི་མཐུས། དུག་སད་པའི་དངུལ་ཆུ་ལྟར་འགྱུ་དྲན་གྱི་ཉེས་པ་སྐྱེད་པའི་ཐུ་ཕྲོགས། དེའི་དབང་གིས་རིམ་གྱིས་ཡེ་ཤེས་ཀྱི་གྲོགས་སུ་འགྲོ་བ་ལའང་ཚེགས་མེད་པ་ཞིག་ཏུ་གྱུར་ཏེ། ད་དུང་ཡང་སྔར་ལྟར་སྐྱོང་ནུས་ན་ལས་རླུང་གི་རྒྱུན་ལ་རིག་པའི་རྩི་ཐེབས་ནས་ཡེ་ཤེས་ཀྱི་རླུང་དུ་འགྲོ་བར་བཞེད་དེ། དང་པོ་ནས་ཡེ་ཤེས་གཉུག་མའི་རླུང་དུ་གནས་པ་དང༌། ཕྱིས་ཐབས་མཁས་ཀྱིས་ཡེ་ཤེས་ཀྱི་རླུང་དུ་བསྒྲུབ་པ་སྟེ་ཡེ་ཤེས་རླུང་གི་ཚུལ་གཉིས་ཡོད་པར་བཤད་དོ། །བླ་མེད་རྒྱུད་གཞན་དུ་གཏུམ་མོ་དང༌། དཔྱིད་ཀྱི་རྣལ་འབྱོར་སོགས་ཀྱིས་འོད་གསལ་མངོན་དུ་བྱེད་ཚུལ་བཤད་པ་རྣམས། དེ་དག་ཉིད་ཀྱི་ལུགས་ཀྱིས་བཙན་ཐབས་ཀྱི་སྦྱོར་བ་མ་ཡིན་ཀྱང༌། འདི་ལ་ལྟོས་ན་བཙན་ཐབས་སུ་རིག་པ་མངོན་དུ་བྱས་པར་སོང་ཡོད་པས། འདི་བཞིན་བསྐྱང་བ་ན་དང་པོ་བསྒོམ་སྟོབས་ཀྱིས་འོད་གསལ་འཆར་བ་ལ་གཞན་ལས་བུལ་བ་ལྟར་འདུག་ཀྱང༌། རིག་པ་མངོན་དུ་བྱེད་ནུས་པ་ན་གཞན་ལས་ཆེས་བརྟན་ཅིང་རྒྱུན་རིང་བ་དང༌། འོད་གསལ་གྱི་ཏིང་ངེ་འཛིན་དབང་དུ་གྱུར་པ་ཁྱད་ཞུགས་པ་ཅིག་ཡོང་ངམ་སྙམ་མོ། །དེར་མ་ཟད་རྫོགས་རིམ་གྱི་ལམ་སྲོལ་གཞན་འདྲ་བའི་རླུང་གི་སྡུད་རིམ་མ་བྱས་པར་རིག་པ་མངོན་དུ་བྱེད་ལུགས་འདི་ལ་དྷུ་ཏིའི་གནས་ཁོལ་བུ་རེད། དམིགས་རྟན་ཁོལ་བུ་རེའི་སྟེང་དུ་འོད་གསལ་ཤར་བ་དང་མི་འདྲ་བའི་


TN00_Page_331B
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཚུལ་ཐུན་མོང་མ་ཡིན་པ་ཞིག་དང༌། དེ་ལ་བརྟེན་ནས་འཇའ་ལུས་སྒྲུབ་ཚུལ་གྱི་གནད་ཕྲ་མོ་ཞིག་ཀྱང་ཡོད་པར་སེམས་སོ། །རིག་པ་ངོ་སྤྲོད་ཀྱི་སྣོད་རུང་སྒྲུབ་པ་ལ་དོན་དམ་དཔྱོད་པའི་རིག་པས་སེམས་སྦྱངས་པ་དགོས་པར་གསུངས་ཤིང༌། ལམ་དུས་ཀྱི་རིག་པ་དང་པོའི་གཞི་ལས་འཕགས་ཚུལ་གསུངས་པ་དང༌། རིག་པ་གཞི་མེད་རྩ་བྲལ་དུ་གསུངས་པའི་དགོས་ཆེད་དང༌། ཁྲེགས་ཆོད་ཀྱི་སྐབས་སུ་བཤད་པའི་དབྱིངས་རིག་གཉིས་དབྱེར་མེད་དུ་མངོན་དུ་བྱ་བར་གསུངས་པ་སོགས་བསྒྲིགས་ཤེས་ན་རིག་སྟོང་ཟུང་འཇུག་ཉམས་སུ་ལེན་པའི་ཚུལ་ཡང་ཤེས་ཡོང་བས་དེ་ལ་མ་བསམ་པར་རང་བཟོ་སྨྲ་མི་རུང་ངོ༌། །ཆོས་ཐམས་ཅད་རིག་པའི་རྩལ་དུ་གསུངས་པའི་དོན་ནི། རྟོག་པའི་འགྱུ་འཕྲོ་ཐམས་ཅད་འོད་གསལ་གྱི་རིག་པའི་རྩལ་དུ་འཕྲོ་ཞིང༌། དེ་དང་མཚུངས་པར་རང་གི་ཕུང་ཁམས་ཐམས་ཅད་ཀྱང་འཕྲོ་བ་དཔྱོད་སླ། དེ་དག་གི་རྩལ་ལམ་ཤུགས་སམ་དབང་གིས་ཕྱིའི་གནས་དང་ལོང་སྤྱོད་ཐམས་ཅད་ཀྱང་འཕྲོས་ཏེ། འཕྲོས་ཚུལ་ཡང༌། གཞི་སྣང་གི་འོད་ལ་གཉིས་སྣང་འཁྲུལ་བའི་ཆ་ཕྲ་མོ་ཞིག་རྐྱེན་གྱིས་བསྒྱུར་ལུགས་ཀྱིས་གཟུང་འཛིན་རགས་པའི་སྐབས་ཀྱི་མ་དག་པའི་དངོས་སྣང་འཆར་བར་བཤད་པ་སོགས་ལས་ཤེས་པར་བྱ་སྟེ། ཕྱི་མ་འདི་ལ་གོ་རྒྱུ་ཕྲ་མོ་ཞིག་ཡོད་པ་འདྲ། དེ་འདྲ་ལ་དགོངས་ནས་འབྱུང་བཞི་ནམ་མཁའི་ཀློང་ལས་མི་འདའ་བ་ལྟར་སྣོད་བཅུད་རིག་


TN00_Page_332A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀློང་ལས་མི་འདའ་བའི་རང་སྣང་ཉག་གཅིག་ཏུ་གསུངས་པ་རྣམས་སོ། །དེ་ལྟར་བྱས་ན་ད་ལྟ་ཕྱི་ནང་གི་དངོས་པོ་རྣམས་གདོད་མའི་རིག་པ་ཟེར་རྒྱུ་ཞིག་ལ་ཡེ་མ་ལྟོས་པའི་ཡོར་རེ་བ་རེར་སྣང་བའི་འཆར་ལུགས་འདི་གཏན་ལོག་ནས། འོད་གསལ་གྱི་རིག་པའི་ཚོས་ཁ་ཅན་ཤ་སྟག་ཏུ་འཆར་བའི་སྒོ་དོད་ཡོང་སྟེ། བཤད་མ་ཐག་པའི་ཚུལ་དེ་ལ་རྟོགས་པའི་རྩལ་སྦྱངས་པ་ཉིད་ཀྱིས་དེ་ལྟར་འཆར་བའི་ཕྱིར་རོ། །དེ་ལྟར་འཆར་བ་ལ་གོམས་ན་རིག་གདངས་ཕྱོགས་མེད་དུ་རྒྱས་ཤིང༌། རྐྱེན་སྣང་གང་གིས་ཀྱང་ཟིལ་གྱིས་མི་ནོན་པའི་རྣལ་འབྱོར་ཅན་དུ་འགྱུར་བས། ཉམས་མྱོང་གི་བོགས་འདོན་པ་ཡིན་ཏེ། རྗེས་ཐོབ་ཀྱི་སྐྱོང་ཚུལ་ཡིན་ལ། མཉམ་རྗེས་ཕན་ཚུན་གྲོགས་སུ་འགྲོ་བའི་ཚུལ་ཡང་འདིས་ཤེས་པར་བྱའོ། །དེ་བས་ཕྲ་བ་ནི། འདི་ཉིད་ལ་བརྟེན་ནས་འཇུག་སྟེ། དེའང་སྣང་ཚད་རིག་པའི་མདངས་སུ་ཤར་བ་ན། དེ་ལས་བཟློག་ཕྱོགས་ཀྱི་སྣང་ཚུལ་འདི་སྣང་བ་ལྟར་མ་གྲུབ་པའི་རྫུན་པ་ཕྱིན་ཅི་ལོག་ཏུ་འཆར་ཞིང་རྫུན་རིས་ཀྱི་ཕྲེང་བ་དེ་མིང་ཙམ་ཞིག་གིས་བཀོད་པར་འཆར་བའང་འོང་ངོ༌། །དེ་ནས་དེ་འདྲ་བའི་ཡུལ་ཡུལ་ཅན་གཉིས་ཀ་རྫུན་མཉམ་དུའང་རྟོགས་ལ། དེའི་ཚེ་དེ་ཐམས་ཅད་གཞི་མེད་ཀྱི་རིག་པས་མིག་འཕྲུལ་བཀྱེ་བ་ཙམ་དུ་ཟད་པར་མཐོང་ནས། དེའི་སྒོ་ནས་གཟུང་འཛིན་གྱི་ཆོས་རྣམས་ལ་ཀ་དག་རིག་པའི་ཕྱག་རྒྱས་འདེབས་ཚུལ་


TN00_Page_332B
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གོང་གི་འགྲེས་ཀྱིས་ཤེས་སོ། །ཤར་སྣང་རིག་པའི་ཀློང་ལས་མི་གཡོ་བ་འདི་ནི་གཞི་དུས་ནས་ཡོད་པས་རིག་པའི་ཀློང་དུ་ཀུན་རྟོག་དུས་གཉིས་པར་ཞིག་ནས་སོང་བ་ཙམ་ནི་ལམ་འདིའི་གྲོལ་ལུགས་མིན་གྱི། རིག་པའི་ངང་བཞག་གི་ཏིང་ངེ་འཛིན་གྱི་ནུས་པས་ཀུན་རྟོག་གིས་ཚོ་མ་ཐུབ་པར་དག་ནས་སོང་ན་གྲོལ་ལུགས་སུ་འགྲོའོ། །ཐོད་རྒལ་གྱི་གནད་འཆད་བྱེད་ལ་ངོ་སྤྲོད་ཉེར་གཅིག་སོགས་མང་དུ་གསུངས་ཀྱང༌། མདོར་བསྡུ་ན། སྙིང་ཀའི་མི་ཤིགས་པ་ལ་གདོད་མའི་རྒྱལ་བ་འོད་ཟེར་གྱི་ཕུང་པོ་ཆེན་པོ་ཞེས་གསུངས་ཏེ། དེ་ལ་གདོད་མའི་རྒྱལ་བ་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་བར་སྲིད་ལ་ལོངས་སྤྱོད་རྫོགས་སྐུར་འདོགས་ལུགས་དང་མཚུངས་ཤིང༌། དེ་ཉིད་འོད་ཟེར་ལྔ་འབར་བའི་གོང་བུར་གནས་པ་ནི་འོད་ཀྱི་ཕུང་པོའི་དོན་ནོ། །འདིར་དེ་འདྲའི་མིང་འདོགས་ས་དེ་ལ་འདུས་པ་ལས། ཕྱེད་ཚད་ཙམ་གྱི་ཕྲ་མོ་མཆོག །སོགས་གསུངས་པར་ཐེག་མཆོག་མཛོད་ལས་བཤད་པས་དོན་དུ་ནི་ཤིན་ཏུ་ཕྲ་བའི་རླུང་ངོ༌། །བྱེད་པ་གཙོ་བའི་དབང་གིས་ཆ་ཕྱེ་སྟེ་བཤད་ན་དེ་ལྟར་ཡིན་ཀྱང༌། སྤྱིར་ནི་གདོད་མའི་རླུང་རིག་ངོ་བོ་དབྱེར་མེད་ཡིན་ཅིང༌། རིག་པ་དང་བྲལ་ན་འོད་ལྔའི་གཟི་བརྗིད་འཛིན་མི་ཐུབ་པར་མ་ཟད། རླུང་རང་ཉིད་ཀྱང་འཚོ་མི་ནུས་པས་རིག་པ་ཡང་གདོད་མའི་མགོན་པོ་འོད་ཟེར་གྱི་ཕུང་པོ་ཡིན་ནོ། །རིག་པ་ལ་དབྱིབས་དང་ཁ་དོག་མེད་པར་གསུངས་


TN00_Page_333A
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འོད་ཟེར་གྱི་ཁ་དོག་ལྔ་མ་འདྲེས་པར་ཡོད་ཚུལ་གསུངས་པ་གཉིས་ནི། ངོ་བོ་དང༌། རང་བཞིན་གྱི་བཤད་ལུགས་ཐ་དད་ཡིན་པར་གསུངས་ཏེ། རིག་པ་ཉིད་ལ་ཁ་དོག་སོགས་མེད་ཀྱང༌། རིག་མདངས་ལ་ཁ་དོག་ཡོད་པར་མི་འགལ་བའི་དོན་ནོ། །ངོ་བོ་དང་རང་བཞིན་གྱི་དོན་ལ་ཡང་ཁྲེགས་ཆོད་དང་ཐོད་རྒལ་སྐབས་ཀྱི་བཤད་ཚུལ་སོ་སོར་ཡོད་པས་མ་འཛིངས་པ་གཅེས་སོ། །སྙིང་གའི་གཞོན་ནུ་བུམ་སྐུ་དེ་ནི་ཐོད་རྒལ་གྱི་སྣང་བ་མཐའ་དག་འཆར་བའི་གཞི་ཡིན་པས་གནས་ལུགས་གཞིའི་སྒྲོན་མ་ཞེས་བྱའོ། །བུམ་སྐུའི་འོད་ལྔ་དེ་མངོན་སུམ་དུ་འཆར་བའི་ནུས་པ་རྒྱ་མཚོ་གསེར་གྱི་ཉི་མའི་རྩ་ལ་ཡོད་པས་སྒོའི་སྒྲོན་མར་གསུངས། འཆར་ལུགས་ནི་བྱད་གཟུགས་མེ་ལོང་དུ་ཤར་བ་ལྟ་བུར་བཤད་ལ། འོད་ལྔའི་སྣང་བ་སྐྱེད་པའི་ནུས་པ་ཡོད་ས་མཐར་ཐུག་པ་སྙིང་གའི་ཐིག་ལེ་ཡིན་ཀྱང༌། མིག་གི་འོད་རྩ་ལ་བརྟེན་ནས་ནུས་པ་དེ་འབྱིན་དགོས་པས། ཚང་ན་མི་འཆར་སྒོར་འཆར་བ་བྱ་ཁྲ་དང་འདྲ་བར་བཤད་དོ། །སྒོའི་གནད་དང་འདུག་སྟངས་ཀྱི་བྱེད་བཅིངས་སོགས་རྒྱུད་སྡེ་འདི་ནས་བཤད་པ་བཞིན་བྱས་ཏེ་བལྟས་པས་སྣང་བ་འཆར་ཚུལ་ལ་འོད་ཁྱིམ་གྱི་ནང་དུ་ཐིག་ལེའི་ཚོམ་བུ། དེ་དག་གི་བར་མཚམས་རྣམས་སུ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟ་བུར་འཆར་བ་སོགས་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཏེ། གཞན་དུ་སྨིག་རྒྱུ་ལ་སོགས་པའི་མཐར་སྣང་


TN00_Page_333B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཆར་བའི་གོ་རིམ་དང༌། དུ་བ་ལ་སོགས་པའི་རྟགས་བཅུའི་གོ་རིམ་ངེས་པ་བཞིན་ནོ། །འདི་དག་ཤེས་ན་ཡེ་ཤེས་ཀྱི་རླུང་གི་གདངས་ལས་ཐོད་རྒལ་ཆེན་པོའི་སྣང་བ་འཆར་བར་རྒྱུད་མན་ངག་ལས་བཤད་པ་རྣམས་ལེགས་པར་ཤོད་ཡོད་དོ། །ཆོས་ཉིད་ཀྱི་རང་སྒྲ་ཡང་ཐོས་པར་བཤད་དེ། སྙིང་གའི་གཞོམ་དུ་མེད་པའི་ནཱ་ད་བརྗོད་པ་ཐམས་ཅད་ཀྱི་རྒྱུ་བྱེད་པའི་རང་སྣང་ཡིན་ནོ། །དེ་བཞིན་དུ་རང་སྣང་གི་དྲི་རོ་རེག་བྱ་སོགས་ཀྱང་འདོད་དགོས་པ་འདྲ་ཞིག་སྣང་ཡང༌། སྒྲ་འོད་ཟེར་གསུམ་ཙམ་ཞིག་མང་དུ་གསུངས་པ་ནི། དབྱིངས་ཀྱི་སྒྲོན་མ་ཡར་ལྡན་དུ་ཁྱེར་བའི་སྟེང་ནས་འབྲས་བུའི་དུས་ཀྱི་ཞིང་དང༌། ཐིག་ལེའི་སྒྲོན་མ་ཡར་ལྡན་དུ་ཁྱེར་ཏེ་འོག་མིན་གྱི་གཞལ་མེད་ཁང༌། ཤེས་རབ་རང་བྱུང་གི་སྒྲོན་མ་ཡར་ལྡན་དུ་ཁྱེར་ཏེ་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་ཚུལ་གསུངས་པ་ན་སྐུ་རྡོ་རྗེ་སྒྲུབ་ལུགས་དེ་ལྟར་བྱེད་པ་བཞིན་གསུང་རྡོ་རྗེ་སྒྲུབ་ལུགས་ཤིག་ཀྱང་ཡོད་དགོས་པས་གང་ཡིན་སྙམ་པ་ལ། ཆོས་ཉིད་ཀྱི་རང་སྒྲ་ཇེ་དག་ལ་སོང་ནས་ཤིན་ཏུ་རྣམ་པར་དག་པའི་གསུང་དུ་འགྱུར་རོ་ཞེས་བརྗོད་བཞེད་པ་ཙམ་མོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ལ་ངོ་བོ་དང་རྩལ་དང་གདངས་གསུམ་གསུངས་པའི་གསུམ་པ་ནི་སྨོས་མ་ཐག་པ་དེ་ཡིན་ཅིང༌། དང་པོ་དེ་གོང་འཕེལ་དུ་གྱུར་པ་ལས་འོད་གསལ་རྡོ་རྗེའི་ཐུགས་མཐར་ཐུག་དང༌། གཉིས་


TN00_Page_334A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་དེའི་ཡོན་ཏན་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་འབྱུང་བའི་ཚུལ་ཡང་ཤེས་པར་བྱའོ། །རྒྱུད་ཀྱི་རྒྱལ་པོ་གཞན་དུའང་སྟོང་གཟུགས་ཀྱི་སྟེང་ནས་རྣམ་ཀུན་མཆོག་ལྡན་གྱི་གཟུགས་སྐུ་སྒྲུབ་ཚུལ་གསུངས་ཀྱང༌། དེ་དང་འདི་གཉིས་སྟོང་གཟུགས་འཆར་བའི་གནད་མི་གཅིག་གོ །འོན་ཀྱང་བླ་མ་ཡང་ཏིག་ཏུ་སྤྱི་བོ་ན་ཐིག་ལེ་སྟོང་སྒྲོན་གནས་པར་བཤད་ཅིང༌། མུ་ཏིག་ཕྲེང་བར། རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང༌། །ཞེས་གསུངས་པ་སོགས་ལ་དཔྱད་ན། སྤྱི་བོ་ན་སད་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ཞེས་སྣང་བ་སྣ་ཚོགས་སྐྱེད་པར་བྱེད་པའི་ཐིག་ལེ་ཡོད་པ་དེ་ཡང་རྩ་ཤེལ་སྦུག་ཅན་གྱི་ནུས་པ་མངོན་དུ་སད་པ་དང་ནང་འཛོམ་ན་སྒྲོན་མའི་སྣང་བ་རྒྱ་ཆེར་འཆར་བྱེད་ཀྱི་ཡན་ལག་ཏུ་འགྱུར་ལ། དེའི་འགྲེས་ཀྱིས་རྨི་ལམ་དང་གཉིད་འཐུག་སོགས་ཀྱི་ཐིག་ལེའི་ལག་རྗེས་རྣམས་ཀྱང་ཐབས་མཁས་ཀྱི་མཐུས་དག་པའི་གཞི་སྣང་དང་གཞི་དབྱིངས་འཆར་བའི་གྲོགས་སུ་གོ་འཕོ་བར་སྣང་ལ། རྩ་འཁོར་གྱི་གནས་བྱེ་བྲག་པ་རེར་རླུང་སེམས་བསྡུ་ཚུལ་གྱི་གནད་ཀྱིས་གནས་སྐབས་རིགས་བཞིའི་ཐིག་ལེ་རྣམས་ཀྱི་ནུས་པ་རེས་འཇོག་ཏུ་སད་པར་བྱེད་པ་དང་ལག་རྗེས་མི་འདྲ་བ་ཡོད་དོ། །ཤེལ་སྦུག་ཅན་གྱི་ནུས་པ་སློང་བྱེད་ནི། རྩ་དེའི་རང་གི་


TN00_Page_334B
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་དང༌། དེས་ཡེ་ཤེས་ཀྱི་སྣང་བ་འཆར་བའི་ལམ་ཇི་ལྟར་བྱེད་ཚུལ་སོགས་ཀྱི་ངོ་སྤྲོད་གནད་ལ་ཐེབས་ངེས་བགྱིས་ཏེ། ཁྲེགས་ཆོད་ཀྱི་རིག་པ་མངོན་དུ་བྱས་པའི་ངང་ནས། འོད་རྩ་ལ་རྩེ་གཅིག་ཏུ་གཏོད་པ་དེ་ཡིན་ཅིང༌། དེའི་གྲོགས་ནི་གཟིགས་སྟངས་གསུམ་སོགས་བྱེད་བཅིངས་ཀྱི་སྦྱོར་བ་དང་ཉི་མ་དང་མན་ཤེལ་ལ་སོགས་པའི་ཟེར་ཡང་ཡིན་ནོ། །འདིར་རིག་པ་མིག་ལ་གཏད་ཅེས་བཤད་པ་ལ་སེམས་གཏད་བྱེད། མིག་ཙམ་ཞིག་གཏད་ཡུལ་དུ་བསྟན་པར་འཁྲུལ་བ་མང་སྟེ། དེས་ཤེལ་སྦུག་ཅན་གྱི་ཟ་མ་ཏོག་ཁ་དབྱེ་མི་ནུས་པས་ལམ་གྱི་འགངས་འཆུགས་ནས་འགྲོའོ། །ཀ་དག་གི་དགོངས་པ་ན་སྨིན་པ་དང༌། བསྐྱེད་རིམ་སྔོན་སོང་ལ་མི་ལྟོས་པར་ལུག་རྒྱུད་ལྷ་སྐུར་སྨིན་པ་དང༌། དེ་ལ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་བྱེད་ལས་ཚང་བའི་རྒྱ་ཆེ་བའི་མཚན་ཉིད་རྫོགས་པ་དང༌། ལྷ་སྐུའི་སྣང་ཆ་རྣམས་དངོས་གནས་ལ་གྲུབ་པའི་ཡེ་ཤེས་ཀྱི་སྐུར་སྨིན་པ་སོགས་ནི་རིག་པའི་རྩལ་དབང་ཐོབ་པ་ལ་རག་ལས་ཏེ། དབང་དེའི་དོན་ནི། མ་འོངས་པ་ན་རང་ཉིད་སངས་རྒྱས་པའི་དུས་ཀྱི་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་ཀྱི་རྩལ་དང༌། ཤིན་ཏུ་རྣམ་པར་དག་པའི་ལོངས་སྤྱོད་ཟད་མི་ཤེས་པ་དང༌། འཁོར་དང༌། གཟི་བརྗིད་ཟད་མི་ཤེས་པ་སོགས་གཟུགས་སྐུའི་ཕུན་ཚོགས་


TN00_Page_335A
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པ་ཐམས་ཅད་གློ་བུར་བའི་སྒྲིབ་བྱེད་ཀྱི་དབང་གིས་མངོན་དུ་གྱུར་མ་ཐུབ་པ་ཙམ་མ་གཏོགས་རང་གི་རིག་པ་འདི་ཉིད་ཀྱི་རྩལ་ལམ་ཤུགས་སམ་མཐུ་ལས་འབྱུང་བས། ནང་གསལ་གྱི་དབང་དུ་བཏང་ན་འབྲས་ཆོས་ད་ལྟ་ཉིད་ནས་རང་ཆས་སུ་བཞུགས་པའི་ཚུལ་ལེགས་པར་གཏན་ལ་ཕེབས་པ་དེ་ཡིན་ཏེ། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་ཀྱང་འདི་འདོམས་པར་སྣང་ངོ༌། །སྤྱིར་ཀུན་རྟོག་དང་ལས་རླུང་གི་གཡོ་ལྡང་ཞི་བ་ན། འོད་གསལ་གྱི་རླུང་སེམས་ནུས་པ་ཆེར་འོང་བ་ཆོས་ཉིད་ཡིན་ཅིང༌། ཁྱད་པར་དུ་རིག་པའི་རྩལ་དབང་གི་ཟབ་གནད་ངོ་ཤེས་བཞིན་པས་མཉམ་བཞག་འཁོར་མོར་སྦྱང་བ་ན། སྙིང་ཀའི་གཞོན་ནུ་བུམ་སྐུའི་སྟེང་ན་དབྱིངས་ཐིག་རིག་གསུམ་གྱིས་བསྡུས་པའི་རྡོ་རྗེ་གསུམ་སྐྱེད་བྱེད་ཀྱི་ནུས་པ་གཞི་ལ་ཡོད་པ་དེ་རིམ་གྱིས་ཆེར་འཕེལ། དེ་ཅི་ཙམ་འཕེལ་བ་ཙམ་དུ་མི་ཤིགས་པའི་འོད་ལྔའི་ལང་ཚོ་ཡང་བཀྲག་མདངས་ལྷག་པར་འབར། དེ་དང་མཉམ་དུ་རྩ་གནས་གཞན་གྱི་ཡེ་ཤེས་ཀྱི་རླུང་རྣམས་ཀྱང་སྒྲོན་མ་སྤོར་བའི་ནུས་པ་ཆེར་རྒྱས་ཏེ། དེ་ཐམས་ཅད་ཀྱི་ནུས་པ་ལ་བརྟེན་ནས་དབྱིངས་སྣང་ཇེ་ཆེ་དང༌། ཐིག་ལེ་ཇེ་གསལ། རིག་གདངས་ལྷ་སྐུའི་རྣམ་པར་ཇེ་མངོན། རིག་རྩལ་ཇེ་རྣོ། འོད་གསལ་ཇེ་འཐུག་ཏུ་འགྲོ་བ་ཡིན་ནོ། །སྒྲོན་མའི་སྣང་བ་


TN00_Page_335B
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིག་པ་གཉིས་ཕན་ཚུན་བརྟོད་དེ་བཞག་པས་རིག་པའི་རྩལ་དབང་གི་ཉམས་ལེན་དང་སྦྲགས་པའི་སྣང་བ་དེ་ཇི་ལྟར་འཐུག་པ་དེའི་ཚོད་ཙམ་དུ་སྒྲོན་མས་རིག་པ་བསྡུ་ཕུལ་ཆེ། དེ་ཇི་ལྟར་ཆེ་བ་དེ་ལྟར་རིག་རྩལ་འཁྲུལ་བའི་སྣང་ཞེན་གྱི་རྒྱུ་དང་འབྲས་བུར་ཤར་བའི་ཕྱོགས་འདི་ཁ་བྲི་ནས། དག་པའི་གཞི་སྣང་དུ་འཆར་བའི་ཕྱོགས་གཏིང་ཚུགས་སུ་འགྱུར་བ་ཡིན་ལ། དེ་གཉིས་གོ་བཟློག་ཏུ་ཡོང་བ་འདི་ཇི་ལྟར་ལྷག་པ་དེ་ལྟ་དེ་ལྟར་ཕུང་ཁམས་འོད་སྐུར་གནས་འགྱུར་བ་ལ་ཕྱོགས་པ་ཡིན་ནོ། །དབྱིངས་སྣང་ལ་མང་དུ་གོམས་པའི་སྐབས་སུ་ཟླ་ཉིའི་ཟེར་འཆར་སྡུད་དང༌། མིག་ཕྱེ་བཙུམ་གང་ལའང་རག་མི་ལས་པར་འོད་སྣང་འཆར་བ་སོགས་རྒྱུ་མཚན་དུ་བཀོད་ནས། དེའི་ཚེ་སྟོང་གཟུགས་རྣམས་རྒྱང་ཞགས་ཆུ་སྒྲོན་གྱི་སྦུབས་སུ་འཆར་བ་ཡིན་གྱི། ཕྱིའི་ནམ་མཁའ་ལ་མཐོང་བ་མིན་པར་ཀུན་མཁྱེན་ཆེན་པོས་ལན་དུ་མར་གསུངས་ཏེ། འདི་མ་གོ་ན་ཐོད་རྒལ་གྱི་སྣང་བ་ལ་བརྟེན་ནས་རིག་པ་རྟོད་ལ་གནོན་ཚུལ་རྒྱུད་ཀྱི་དགོངས་པ་དང་མཐུན་པར་ཤེས་ལུགས་མེད་དོ། །དེར་མ་ཟད་སྟོང་གཟུགས་དང་རིག་པ་གཉིས་ལ་རྒྱང་ཆད་དུ་སྣང་བའི་འཆར་ཚུལ་མ་ལོག་ན་དེ་གཉིས་སྐུ་ཐུགས་སུ་གྱུར་པའི་འབྲས་བུའི་དུས་ཀྱི་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་གོ་འཕང་འགྲུབ་ལུགས་མེད་ཀྱང༌། རྒྱང་ཞགས་ཀྱི་སྒོར་


TN00_Page_336A
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བའི་འོད་སྣང་ལ་ལྟ་བ་མིན་པའི་བྱེད་ལུགས་ཆེར་མ་བཤད་པ་འདྲ་ཞིག་སྣང་བ་ནི་རྩལ་དབང་གི་ཁོངས་སུ་ཚང་བའི་རྒྱུ་མཚན་གྱིས་ཡིན་ཏེ། དེའང་འོད་གསལ་འཆར་བའི་གནས་མཐར་ཐུག་གཉིས་ཀ་ཡིན་པ་ལ་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་མཐུན་ཡང༌། གཞན་དུ་འཁོར་ལོ་གང་ལ་དམིགས་པས་གནད་དུ་བསྣུན་པའི་གནས་དེར་འཆར་ལ། འདིར་སྒྲུབ་ཚུལ་གྱི་དབང་གིས་སྙིང་ཀའི་བུམ་སྐུ་ཤུགས་མཐའ་མེད་དུ་འཕེལ་དུ་འགྲོ་བ་ཙམ་ལས་མེད་དེ། དེའི་ཕྱིར་འོད་སྣང་ཡང་མཐར་སྙིང་དབུས་ནས་འཆར་དགོས་པས། རྩལ་དབང་གི་ངོ་སྤྲོད་སྐབས་སུ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཐམས་ཅད་རིག་པ་ཉིད་ལས་མི་གཞན་པའི་གདངས་སམ་སྣང་ཆ་ཙམ་དུ་ངོ་སྤྲོད་པའི་དོན་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་གོམས་པ་ཆེར་བརྟན་པ་ན། སྣང་བ་དེ་རྣམས་ཀ་དག་གི་རིག་པ་དང་རོ་གཅིག་ཏུ་འདྲེས་ནས་རྣལ་འབྱོར་པའི་ཡིད་ངོར་འོད་ཀྱི་ལུས་ལ་ཡེ་ཤེས་ཀྱི་སྲོག་དང་ལྡན་པ་ཞིག་ཏུ་འཕོ། །དེ་ཤིན་ཏུ་གོམས་པས་ཆབ་རོམ་ལོ་འབུམ་ལོན་ནས་ཤེལ་དུ་འགྱུར་བ་ལྟར་ནམ་ཞིག་དངོས་གནས་ལ་གྲུབ་པའི་འཕོ་ཆེན་ཆུ་ཟླའི་ལུས་སུ་འགྱུར་རོ། །རྩལ་དབང་སྐུར་བའི་དུས་གཅིག་ནི་འོད་གསལ་གྱི་སྣང་བ་ཅུང་ཟད་མཐོང་བའི་འོག་ཏུ་བྱ་བར་གསུངས་ཏེ། དེ་ལ་དཔྱད་ནའང་དབང་དེ་བསྐུར་བས་ཅི་བྱེད་ཤེས་པ་ཡོད་དོ། །དབྱིངས་རིག་གཙོ་བོར་འཆར་ས་དང་དང་


TN00_Page_336B
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འཆར་ས་གོང་བཞིན་ཡིན་ཀྱང༌། ཀློང་དུ་གྱུར་པའི་དུས་སུ་ལུས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་ལ་མན་ཤེལ་ཉི་ཟེར་ལ་བཞག་པའི་ནང་ལྟར་ཁྱབ་པར་འཆར་བ་ཡང་ཡིན་ཏེ། འདི་ཁྲེགས་ཆོད་སྐབས་སུ་བརྗོད་པའི་འཇའ་ལུས་སྒྲུབ་པའི་གནད་དང་བསྒྲིགས་ནས་དཔྱད་ན་གོ་བ་ཆེའོ། །ཐོད་རྒལ་གྱི་སྣང་བ་ལ་སྟོང་གཟུགས་ཞེས་པའི་ཐ་སྙད་ནི་ཀུན་མཁྱེན་གྱི་བསྟན་བཅོས་དང༌། འཕྲེང་མགོ་རིན་པོ་ཆེའི་གྲོལ་ཐིག་སོགས་ན་མང་དུ་འབྱུང་ཞིང་འདིའི་རྒྱུད་ལས། ནང་དུ་སྟོང་པའི་ཉམས་ཤར་བས། །ཕྱི་རུ་གསལ་བའི་ཡེ་ཤེས་ནི། །ཞེས་པའང་དེའི་སྒྲ་བཤད་ཡིན་ནོ། །རྩལ་དབང་ཐོབ་ཀྱང་དེའི་རྟོགས་པ་ལ་ཅི་འདོད་དུ་དབང་སྒྱུར་མ་ཐོབ་ན་སྟོང་གཟུགས་དངོས་གནས་ཀྱི་གཟུགས་སྐུར་སྨིན་མི་ནུས་ལ། དབང་སྒྱུར་དེ་འཐོབ་པ་ལ་མཉམ་བཞག་གཡོ་བྱེད་ཀྱི་རླབས་གཏིང་ནས་ཞི་བ་དགོས་ཏེ། དེ་འབྱུང་བའི་ཚུལ་ནི་ལུགས་འདིའི་ལས་རླུང་འདུལ་ཐབས་ཁྲེགས་ཆོད་ཀྱི་སྐབས་སུ་བཤད་པ་དང་བསྒྲིགས་ནས་ཤེས་པར་བྱའོ། །འཇའ་འོད་ཀྱི་ཞིང་སྐུ་དངོས་གནས་ལ་གྲུབ་པའི་མཚམས་ནི་རིག་པ་ཚད་ཕེབས་ཀྱི་སྐབས་ཤིག་ཡིན་པར་སྣང་ངོ༌། །དེའི་དུས་སུ་ཐོག་མ་མེད་པ་ནས་གྲུབ་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རང་གི་སྟོང་གཟུགས་ཀྱི་སྣང་བ་ལ་ཞུགས་ནས་སྔོན་མ་ཐོས་པའི་ཆོས་ཚུལ་ཞིང་གི་རྡུལ་སྙེད་སྟོན་པ་སོགས་འབྱུང་བར་བཤད་པ་བཞིན་དུ།


TN00_Page_337A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གཟུགས་ཀྱི་འགྲོ་བ་ལ་རིག་པ་གཏད་པ་ཙམ་གྱིས་ཀ་དག་གི་དབྱིངས་སུ་གྲོལ་བར་བྱེད་པ་སོགས་ཀྱི་སྒོ་ནས་འབྲས་བུའི་དུས་ཀྱི་ཕྲིན་ལས་ད་ལྟ་ནས་རྩལ་སྦྱོང་བར་བྱེད་པའི་ཚུལ་ཡང་ཤེས་དགོས་ཏེ། ཚོགས་གཉིས་རྫོགས་ཕུལ་ཆེ་ཆུང་གི་མཚམས་འཛིན་ཐམས་ཅད་ནང་རང་རྒྱུད་ལ་ནུས་པ་ཐོན་ཚུལ་གྱི་སྟེང་ནས་འཇོག་དགོས་ཀྱི། དེས་དངོས་སུ་སེམས་ཅན་ལ་ཕན་ཐོགས་བྱུང་ཚུལ་སོགས་ཀྱི་སྟེང་ནས་མི་འཇོག་པ་ཤིང་རྟ་ཆེན་པོས་གསུངས་པ་ལ་བརྟེན་ནས་དགོངས་པ་རྩད་ཆོད་པར་བྱའོ། །ཚད་ཕེབས་ཀྱི་ལྷ་མོའི་ཆུ་སྐྱེས་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་སྒྲུབ་པ་ནི་གྲོལ་ཐིག་ལམ་རྒྱས་འབྲིང་བསྡུས་པ་གསུམ་ཀའི་མན་ངག་ཏུ་གསུངས་ལ། གཞན་དུ་དེ་བཤད་པ་མ་མཐོང་སྟེ། མ་བཤད་པ་འདི་ལྟར་བྱས་ན་རྫོགས་ཆེན་གྱི་རྒྱུད་སྡེ་གཉིས་མེད་རྒྱུད་དུ་འཇོག་པའི་ཕྱོགས་དང་འགྲིགས་སླ་བར་སྣང་ངོ༌། །འདིར་སྒོམ་ལམ་སྐོར་དགུའི་རྣམ་བཞག་ཀྱང་བྱེད་པར་མཁའ་འགྲོ་ཡང་ཏིག་ཏུ་བཤད་དོ། །ཆོས་ཉིད་ཟད་པའི་དོན་ནི། རིག་པ་ཆོས་ཉིད་ཀྱི་ཀློང་དུ་གཉིས་སྣང་མཐའ་དག་ཞི་བའི་ཚུལ་གྱིས་རོ་མཉམ་ལ་སོང་བ་ན། དེའི་རླུང་གཞི་གནས་ཀྱི་ཐིག་ལེར་གྲགས་པ་ཡང་སྔར་བས་ཆེས་ཆེར་ཕྲ་བ་ཞིག་ཏུ་འགྲོ། དེ་ཇི་ལྟར་ཕྲ་བ་དེ་ལྟར་དཔེར་ན་ཡེ་ཤེས་སྙིང་པོའི་རླུང་དེ་ནུས་པ་རྒྱས་རིམ་གྱི་ཚོད་དང་མཐུན་པར་འོད་སྣང་རྒྱས་སུ་འགྲོ་བའི་


TN00_Page_337B
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་འཇའ་ཟེར་སྐུ་ཐིག་གི་སྣང་བ་རྣམས་ཆ་ཕྲ་བར་དེངས་ནས་ཆེས་ཆེར་བསམ་གྱིས་མི་ཁྱབ་པའི་རྡུལ་བྲལ་སྒྱུ་མའི་འཁོར་ལོ་ཞིག་ཏུ་གྱུར་བ་ནམ་མཁའ་ལྟ་བུའི་མཉམ་གཞག་དེ་དང་འདྲེས་པ་ལ། གཞི་སྣང་གཞི་དབྱིངས་སུ་འཁྱིལ་བ་དང༌། དང་པོའི་ཆོས་ཉིད་དུ་ཟད་པ་ཞེས་གསུངས་ཏེ། གནས་སྐབས་འདིར་ནི་སྔར་ལུས་ཀྱི་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་རྒྱས་བཏབ་པ་རྣམས་ཀྱང་གསེར་སྦྱངས་མེ་ཆེན་ནང་ནས་བཏོན་པ་བཞིན་དུ་སོང་སྟེ་འཇའ་ལུས་སུ་རིམ་གྱིས་འགྱུར་བ་ཡིན་ནོ། །གཏེར་གཞུང་ཁ་ཅིག་དང་གསུང་རྒྱུན་ལས་ཆོས་ཉིད་ཙམ་དུ་ཟད་པའམ་བས་པ་ཞེས་འབྱུང་བའང་གནད་འདྲའོ། །དེའི་མཐར་འཕོ་བ་ཆེན་པོའི་སྐུ་འགྲུབ་པར་གསུངས་པའི་འཕོ་ལུགས་ནི། གློ་བུར་བའི་སྒོ་གསུམ་ཕྲ་རགས་ཀྱི་ཆ་ཐམས་ཅད་ལྷག་མ་མེད་པར་ལོག་ནས་རྣལ་འབྱོར་བའི་སྒོ་གསུམ་གདོད་མའི་རང་བཞིན་གྱི་རྡོ་རྗེ་གསུམ་དུ་གོ་འཕོ་བ་སྟེ། གཞན་དུ་ཕྱི་ནང་གཞན་གསུམ་རོ་མཉམ་རྡོ་རྗེར་གྱུར་པ་དང་གནད་གཅིག་གོ །འཕོ་ཆེན་དུ་འཇུག་ལུགས་གཉིས་གསུངས་པ་ནི་སྔར་གྱི་སྐུའི་རྣམ་པ་དེ་ཉིད་སྡུད་མི་སྡུད་ཀྱི་ཁྱད་པར་ཙམ་ལ་སྦྱར་དགོས་ཀྱི། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡ་བྲལ་དུ་འགྲོ་མི་སྲིད་པར་ཤེས་དགོས་སོ། །ལམ་ལྔའི་སྦྱོར་ཚུལ་དང༌། ཆོས་ཉིད་བར་དོའི་གྲོལ་ལུགས་སོགས་རྩད་མི་གཅོད་དུ་མི་རུང་


TN00_Page_338A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཟབ་གནད་མང་པོ་བཤད་རྒྱུ་ཡོད་ཀྱང་རེ་ཞིག་དེ་ཙམ་ལས་ཐོར་མ་བཏབ་བོ། ཁོ་བོས་རྫོགས་ཆེན་གྱི་དགོངས་པ་ལེན་ལུགས་འདི་ལ་མཉེས་མི་མཉེས་མང་དུ་སྣང་ཡང༌། རྒྱ་བོད་གཉིས་ཆར་དུ་དྲང་སྲོང་ཆེན་པོའི་བཞེད་པར་སོང་བ་དང་མ་སོང་བའི་དགོངས་འགྲེལ་མཁན་དུ་སྨྲ་བ་དུ་མ་ཞིག་བྱུང་འདུག་པ་ལྟར། རང་རང་གི་གོ་ལུགས་ཙམ་ཞིག་བཤད་པ་ལ་དམ་པ་རྣམས་ཀྱིས་དགག་སྒྲུབ་ཀྱི་རིགས་པ་གང་འོས་དེ་སྟོན་པ་མ་གཏོགས་ཐུགས་ལོག་མཛད་པར་མི་འགྱུར་སྙམ་ནས་བྲིས་པ། ཀུན་ཏུ་བཟང་པོའི་རིང་ལུགས་ལ་བྱིས་པ་ངན་རྟོག་གི་དྲི་མས་སྦགས་པ་མཆིན་རྩ་གསུམ་རྒྱ་མཚོའི་སྤྱན་སྔར་སྙིང་ནས་འཆགས་སོ། །འདི་ནས་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རྡོ་རྗེ་གཟི་བརྗིད་ཞབས་ཀྱི་བཀའ་དྲིན་བདུད་རྩིའི་རྒྱུན་ལ་འཐུང་བ། མདོ་སྨད་རྡོ་རོལ་གྱི་སྤྲང་སྨྱོན་ཉི་མ་དཔལ་གྱིས་རང་ལོ་སུམ་ཅུ་རྩ་གཅིག་པ་མྱོས་བྱེད་ཤིང་ལུག་གི་ལོའི་ཁྲུམ་ཟླའི་དཀར་ཚེས་བཟང་པོར་གང་ཤར་ཅི་ཐོན་དུ་བྲིས་པ་འགྲོ་ཀུན་མཐོང་བའི་ཆོས་ལ་འོད་གསལ་ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་དབྱིངས་སུ་བྱང་ཆུབ་པའི་རྒྱུར་གྱུར་ཅིག །འདི་དག་རྗེ་ཉིད་ནས་ཟིན་ཐོ་ལྟ་བུར་བཏབ་ཡོད་པ་རྣམས་གཞན་དུ་འཁྱར་གྱི་དོགས་ནས་རྗེས་འཇུག་འགའ་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིག་ཁུལ་བྱས་


TN00_Page_338B
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ།། །།