Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན།
   
   
   
   
   
   


 
previousརྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན།next

རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན།


TN01_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །


TN01_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན་ཞེས་བྱ་བ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དཔལ་རྡོ་རྗེ་མི་བསྐྱོད་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བགྲང་ཡས་སྲིད་དང་ཞི་བའི་ཆོས་སོ་ཅོག །སྣང་བའི་གར་མཁན་གཅིག་གྱུར་བདེ་བ་ཆེ། །རིག་དང་སྟོང་པ་མི་ཕྱེད་རྡོ་རྗེ་སེམས། །གང་ཡིན་དེ་ལ་དང་པོར་ཕྱག་བགྱིའོ། །ཤིན་ཏུ་ཕྲ་བ་འོད་གསལ་ཆེན་པོའི་སེམས། །གཉིས་སྣང་གློ་བུར་འཁྲུལ་པའི་རྒྱར་འཐུམས་པ། །སྦྱོང་བྱེད་ཐབས་གྲོལ་ལམ་གྱི་རྡོ་རྗེ་སེམས། །ངེས་དོན་གསང་བའི་སྙིང་པོར་ཕྱག་བགྱིའོ། །འོག་མིན་ཞིང་དུ་མངོན་བྱང་ཆུབ་པའི་སྐུ། །གསང་མཆོག་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་རུ། །ལྷུན་རྫོགས་དང་པོའི་མགོན་པོ་མི་བསྐྱོད་པ། ཁ་སྦྱོར་བཞི་ལྡན་


TN01_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་ཕྱག་བགྱིའོ། ཁྱབ་བདག་རྡོ་རྗེ་འཆང་དབང་དགོངས་པའི་མཐིལ། །ཐེག་མཆོག་རྒྱུད་སྡེ་རྒྱ་མཚོའི་སྣང་བ་ཆེས། །གྲངས་མེད་དཔའ་བོ་མཁའ་འགྲོའི་ཤུལ་མཚོན་པ། །བརྒྱུད་གསུམ་བླ་མ་རྣམས་ལ་ཕྱག་བགྱིའོ། །འདི་ན་རྒྱུད་དོན་དཔྱོད་པའི་སྐལ་ཕྲ་ཡང་། །རྡོ་རྗེའི་མཆེད་ཀྱིས་བསྐུལ་བ་དོན་ཡོད་ཕྱིར། །དཔལ་ལྡན་ཟུར་པའི་བཤད་སྲོལ་གཞིར་བཟུང་སྟེ། །སྔོན་བྱུང་བསྐྱར་ཟློས་ཁོ་ནའི་གཏམ་དུ་གླེང་། །དེ་ལ་འདིར་དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྒྱུད་ཀྱི་བརྗོད་བྱ་སྤྱིའི་ངག་གིས་ཅུང་ཟད་རྣམ་པར་ཕྱེ་བ་ལ། །སྟོན་པས་ཇི་ལྟར་གསུངས་ཚུལ། དེ་ལས་བརྒྱུད་ཚུལ། །བརྒྱུད་པ་དེ་ལྡན་གྱི་རྒྱུད་དོན་དངོས་དང་གསུམ་ལས། དང་པོ་ནི། སློབ་དཔོན་ཉི་འོད་སེང་གེས་རྒྱ་ཆེར་འགྲེལ་དུ། སྟོན་པ་


TN01_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པའི་སྐུས། འོག་མིན་དུ་གསང་བ་སྔགས་ཀྱི་ཆོས་གསུངས་པའི་ཚེ་དེ་དང་དུས་མཚུངས་པར་མི་ཡུལ་དུ་མཆོག་གི་སྤྲུལ་སྐུས་ཡུལ་དབུས་འགྱུར་འཆང་དུ་སངས་རྒྱས་ཚུལ་མ་བསྟན་པའི་གོང་དུ་གསུངས་ཞེས་བཤད། སློབ་དཔོན་སྒེག་པ་རྡོ་རྗེ་སྤར་ཁབ་ཏུ་ནི། མཆོག་གི་སྤྲུལ་སྐུས་མི་ཡུལ་དུ་ཐེག་པ་ཐུན་མོང་བ་བཤད་པ་དང་དུས་མཚུངས་པར་སྟོན་པས་འོག་མིན་དུ་གསུངས་པར་བཤད་དོ། །ཞེས་སྔོན་གྱི་སློབ་དཔོན་དག་འཆད་ཀྱང་དེ་གཉིས་ལ་འཇོག་ཚུལ་སོ་སོ་བ་མེད་དེ། མི་ཡུལ་དུ་གསང་སྔགས་ཀྱི་ཆོས་གསུངས་པ་ན་འོག་མིན་དུ་སྟོན་པ་ལོངས་སྤྱོད་རྫོགས་སྐུས་ཀྱང་གསང་སྔགས་གསུངས། དེའི་འོག་ཏུ་མི་ཡུལ་དུ་འཚང་རྒྱ་ཚུལ་བསྟན། ཕྱིས་སུ་ཐུན་མོང་གི་ཐེག་པ་མི་ཡུལ་དུ་བཤད་པ་ནའང་འོག་མིན་དུ་གསང་བསྔགས་འཆད་བཞིན་པའི་གནས་སྐབས་ཡིན་པ་རྣམས་གཏན་མི་འགལ་བའི་ཕྱིར་རོ། །དེ་ལྟར་སྟོན་པའི་སྐུ་རྣམས་པ་ཐམས་ཅད་པས་སེམས་ཅན་གྱི་མོས་པའི་རྗེས་སུ་འབྲང་བའི་ཆོས་སྣ་ཚོགས་སུ་གོ་བར་མཛད་པ་ནི། འཇམ་དཔལ་སྒྱུ་དྲྭའི་བཤད་རྒྱུད་ལས། འོག་མིན་གནས་དང་རི་རབ་རྩེ། །ཛམ་བུ་གླིང་དུ་གྲགས་པ་ཡི། །བྱང་ཆུབ་སེམས་དཔའ་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་སྒྱུར་བ་དང་། ། ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་དུས། །འཁོར་རྣམས་འདུས་པའི་དུས་དེར་


TN01_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཞེས་ཇི་སྐད་གསུངས་པ་བཞིན་ནོ། །གཉིས་པ་ནི། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་ལྟར། རྒྱལ་བ་དགོངས་བརྒྱུད། །སེམས་པ་རིག་བརྒྱུད། རྣལ་འབྱོར་རྣ་བརྒྱུད་དང་གསུམ་ལས། དང་པོ་ནི། ཡེ་ཤེས་རང་སྣང་གི་འོག་མིན་ཆེན་པོའི་གནས་སུ། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོས། ཉིད་ལས་མི་གཞན་པའི་འཁོར་རྒྱལ་བ་རིགས་ལྔ། རྒྱལ་སྲས་སེམས་དཔའ་འཇོམས་བྱེད་ཁྲོ་བོ་སོགས་གཙོ་དང་འཁོར་གྱི་རྣམ་པར་རོལ་པ་ཐམས་ཅད་རྒྱལ་བ་གཅིག་གི་ཐུགས་བདེ་སྟོང་གི་རོལ་མོར་སྣང་བ་ཁོ་ན་ལས་གཞན་དུ་མི་དམིགས་པའི་ཕྱིར་དགོངས་པ་སོ་སོ་མ་ཡིན་པ་ལ་བརྒྱུད་པའི་ཐ་སྙད་ཙམ་ཞིག་བཏགས་པའོ། །གཉིས་པ་ནི། རྒྱུད་འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པས། རང་ལས་རྒྱུད་ཐ་དད་པའི་རྒྱལ་སྲས་སེམས་དཔའི་ཚོགས་ལ་བརྗོད་དུ་མེད་པར་སྐུའི་རྣམ་རིག་གི་བརྡའ་ཐབས་ཁོ་ནས་གོ་བར་མཛད་པ་ཉིད་ལ་བཞེད་དོ། །གསུམ་པ་ནི། ཐོག་མར་རིག་འཛིན་མི་མ་ཡིན་ལས་བརྒྱུད་པའི་དབང་དུ་བྱས་ན། འཇམ་དཔལ་གཞོན་ཚུལ་མཛེས་པའི་སྐུ་དང་ལྡན་པས་ལྷ་ཡི་གནས་སུ་ལྷ་གྲགས་ལྡན་ཕྱོགས་སྐྱོང་ལ་བཤད་དེ་ལྷའི་རིག་འཛིན་རྣམས་ལ་དར་བར་བྱས། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པས་ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་དེ་དར་བར་བྱས། ཕྱག་ན་རྡོ་རྗེ་འཇིགས་གཟུགས་བསྡིགས་


TN01_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་དང་ལྡན་པ་དེས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་དར་བར་བྱས་པ་རྣམས་སོ། །རིག་འཛིན་མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་པའི་དབང་དུ་ན། སྟོན་པ་་རྒྱལ་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ལོན་པ་ན་དམ་པའི་རིགས་ཅན་དྲ་མ་ལྔ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ་སེང་གེའི་ཟ་འགྲམ་ལྟ་བུར་གྱུར་པའི་གནས་སུ་རྫུ་འཕྲུལ་གྱི་བྱ་བས་འདུས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མའོ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པས་ཀུན་ཏུ་བཟང་པོ་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་པར་བསྟན་ནས་སྔར་འོག་མིན་དུ་གསུངས་པའི་གསང་སྔགས་ཀྱི་ཆོས་རྣམས་སླར་ཡང་བསྐྱར་ཟློས་ཀྱི་ཚུལ་དུ་གསུང་བར་དགོངས་ཏེ། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་ལྟར་བདག་གིས་ཀྱང་། །ཐོག་མ་ཐ་མ་མེད་པ་རུ། །བདག་གིས་དམ་བཅའ་མི་འདོར་བས། །བསྐུལ་བའི་དོན་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་ཆོས་སྣང་བའི་ཆོ་འཕྲུལ་གྱིས་རི་མ་ལ་ཡའི་རྩེར་གཤེགས་ཏེ་བླ་ན་མེད་པའི་ཐེག་པ་ཉིད་སྔར་ལྷ་གནས་གསུམ་དུ་ཇི་ལྟར་བྱུང་བ་བཞིན། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཤིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་ཡི་གེར་བཏབ་སྟེ། ཇི་ལྟར་ན། དགོངས་པའི་རྩལ་བདུན་དུ་གྲགས་པ། །གསེར་གྱི་བྱང་


TN01_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བྲི་གཞི་ཕུན་སུམ་ཚོགས་པར་དགོངས་པ། བཻ་ཌཱུརྱ་ཞུན་མ་བྲི་རྒྱུ་ཕུན་སུམ་ཚོགས་པར་དགོངས་པ། རིན་པོ་ཆེའི་སྒྲོམ་བུ་སྣོད༴ འབྱུང་བཞིས་མི་ཤིགས་པའི་ནམ་མཁའ་གནས༴ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་སྲུང་མ་ཕུན་སུམ་ཚོགས༴ ལས་ཅན་རྒྱལ་པོ་ཛ༔ཆོས་བདག༴ ཕྱི་རབས་ཀྱི་རྣལ་འབྱོར་པ་ཆོས་མིག་ཅན་རྣམས་བརྒྱུད་འཛིན་ཕུན་སུམ་ཚོགས་པར་དགོངས་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་གཏེར་དུ་སྦས་སོ། །དེ་ནས་རིག་འཛིན་མི་ལས་བརྒྱུད་པའི་དབང་དུ་བྱས་ན། དེའི་ཚེ་དེའི་བྱིན་རླབས་ལས་ས་ཧོ་རའི་རྒྱལ་པོ་ཛ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་སྟེ། དང་པོ་རི་དེའི་རྩེ་མོར་དཔལ་ཕྱག་ན་རྡོ་རྗེ་བྱོན་ཏེ་སྐུའི་འོད་ཀྱིས་འཇིག་རྟེན་ཐམས་ཅད་བསྲེགས་ནས་མི་སྣང་བར་བྱས་ཤིང་གསུང་གི་སྒྲ་བསྒྲགས། ཐུགས་ལས་རྡོ་རྗེ་དང་ཉི་ཟླ་རྣམས་རྒྱལ་པོ་ཉིད་ཀྱི་ཐུགས་ཀ་དང་སྤྱི་བོ་རྐང་མཐིལ་རྣམས་སུ་ཐིམ་ནས་སྣང་སྲིད་ལྟོ་བ་ནས་འཕྱོ་བ་ཞིག་རྨིས་སོ། །གཉིས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཉི་ཟླ་ལ་ཆི་བས་ནས་ཆོས་ཀྱི་བགྲོ་བ་མཛད་པ་ཞིག་རྨིས་སོ། །དེ་བཞིན་དུ་སྦྱར་ཏེ། གསུམ་པ། སྤྲིན་གསེར་གྱི་སྙིང་པོ་ཅན་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་བབས་པ་དང་། བཞི་པ། རིན་པོ་ཆེའི་སྒྲོན་མེས་སྣང་སྲིད་ཀྱི་མུན་པ་བསལ་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་འགྲོ་བ་ཐམས་ཅད་ཀྱི་གཅོང་ནད་རྣམ་པར་སྦྱངས་ཏེ་སེམས་ཅན་མ་ལུས་པ་བཛྲ་ཡོ་གིའི་སྒྲ་སྒྲོགས་པ་དང་། ལྔ་པ། སྤྲིན་གྱི་ནང་ནས་ཉི་


TN01_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དཀྱིལ་འཁོར་འོད་ཟེར་འབར་བ་ལས་གསེར་གྱི་གླེགས་བམ་ལ་བཻ་་ཞུན་མས་རྒྱ་རང་མཚོན་དུ་བྲིས་པའི་གླེགས་བམ་མང་པོ་སྐར་མདའ་ཐང་ལ་ལྷུང་བ་བཞིན་བབས་པ་དང་། དྲུག་པ། །གླེགས་བམ་དེ་དག་ལ་གྲུབ་པ་དང་རིག་འཛིན་དུ་མས་མཆོད་བསྟོད་བསྐོར་ཀློག་བྱེད་པ་དང་། བདུན་པ། ནམ་མཁའི་དབྱིངས་ལས་བདག་ཉིད་ལུང་བསྟན་པའི་སྒྲ་བྱུང་སྟེ། ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་སྲས་འབྱུང་བར་ལུང་བསྟན་པའི། །བསོད་ནམས་ཆེན་པོའི་དྲ་མ་ཁྱོད། །ཞེས་པ་ནས། བདེ་བ་ཅན་ཞེས་བྱ་བར་ནི། །འོད་ཀྱི་རྒྱལ་པོ་ཞེས་བྱ་བའི། །ཀུན་རིགས་བདེ་བ་ཆེན་པོར་འགྱུར། །ཞེས་སོགས་ཕུན་སུམ་ཚོགས་པའི་རྨི་ལྟས་དང་མཐུན་པར། རྒྱལ་པོ་དེའི་ཁང་སྟེང་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་རྣམས་ཆར་དུ་བབས་ཤིང་དོན་གྱི་བརྒྱུད་པ་དཔལ་རྡོ་རྗེ་སེམས་དཔའ་ལས་རྒྱལ་པོ་ཉིད་ཀྱིས་དངོས་སུ་ཐོབ་ནའང་། ད་དུང་ཕྱི་རབས་པའི་འགྲོ་བ་རྣམས་གསང་སྔགས་རང་གར་སྤྱོད་པའི་ཉེས་པ་འགོག་པའི་ཕྱིར་ཚིག་གི་བརྒྱུད་པ་ལཱི་ཙ་བྱི་དྲི་མེད་གྲགས་པ་ལས་བླངས་པར་གྲགས་ཤིང་། དེ་ནས་རིམ་པར་སློབ་དཔོན་ཀུ་ཀུ་རཱ་ཛ། ཨིནྜ་བྷུ་ཏི། སིདྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝི། དེས་སྒེག་པ་རྡོ་རྗེ་དང་སངས་རྒྱས་གསང་བ། དེ་གཉིས་ཀས་པཎ་ཆེན་བཱི་མ་ལ་མི་ཏྲ། བོད་ཀྱི་ལོ་ཙཱ་བ་རྨ་གཉགས་རྣམ་གཉིས། རྨ་རིན་ཆེན་མཆོག་གིས་མཁས་པ་གཙུག་གྱེར་གཉིས། དེ་གཉིས་ཀས་དར་རྗེ་དཔལ་གྲགས་དང་ཞང་རྒྱལ་ཡོན། ཞང་


TN01_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནུབས་ཆེན་ལ་བརྒྱུད་པ་བཀའ་སྲོལ་གཅིག་གོ། །ཡང་སློབ་དཔོན་ཆེན་པོ་པདྨའི་ཞབས་དང་བཱི་མ་ལ་གཉིས་ཀས་གཉགས་ཆེན་ཡེ་ཤེས་གཞོན་ནུ། དེས་སོག་པོ་དཔལ་ཡེ། དེས་གནུབས་ཆེན་ལ་བཤད་པ་བཀའ་སྲོལ་གཅིག་གོ། །ཡང་རྨ་གཉགས་ཐུན་མོང་གི་སློབ་མ་ཁུ་བྱང་ཆུབ་འོད་ནས་གཙུག་གྱེར་གཉིས་ལ་བརྒྱུད་དེ་གནུབས་ལ་བཤད་པ་བཀའ་སྲོལ་གཅིག་སྟེ་གནུབས་ལ་བརྒྱུད་པའི་བཀའ་སྲོལ་ཐམས་ཅད་འདུས་ཤིང་། དེས་གནུབས་ཡོན་ཏན་རྒྱ་མཚོ་དང་ཡེ་ཤེས་རྒྱ་མཚོ་སོ་ཡེ་དབང་གསུམ་ལ་བཤད། དེ་གསུམ་ཀས་ཉང་ཡེ་ཤེས་འབྱུང་གནས་དེས་ལྷ་རྗེ་ཟུར་པོ་ཆེ། དེ་ནས་རིམ་པ་བཞིན་སློབ་མ་རྩེ་མོ་བཞི། གསང་བདག་སྒྲོ་ཕུགས་པ་ཤཱཀྱ་སེངྒེས་ནས་ལེགས་པར་བརྒྱུད་དེ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ་བར་བྱུང་བའོ། །གསུམ་པ་ལ། བཤད་བྱ་དམ་པའི་ཆོས་ངོས་བཟུང་བ་དང་། འཆད་བྱེད་ཀྱི་ཆོས་ངོས་བཟུང་བའི་སྒོ་ནས་རྒྱུད་སྡེའི་ཕྱོགས་མཚོན་པ་དང་། ཇི་ལྟར་འཆད་ཚུལ་གྱི་སྒོ་ནས་རྒྱུད་དོན་རྣམ་པར་ཕྱེ་བ་དངོས་སོ། །དང་པོ་ནི། སྤྱིར་མ་ཧཱ་ཡོ་གའི་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཡོད་ཅིང་། དེ་དག་གི་གྲངས་འདྲེན་ལ། སྔ་རབས་པ་དག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱེ་བྲག་གི་རྒྱུད་ལྔ་ཚན་གསུམ་དང་སྤྱི་རྒྱུད་གསུམ་སྟེ་བཅོ་བརྒྱད་དུ་བཞེད་མོད། འོན་ཀྱང་འདིར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་སོགས་ཀྱི་བཞེད་པ་ལྟར། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་


TN01_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨཱ་མ་ལེ་སྟེ་ཆོས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ་དང་། ཧེ་རུ་ཀ་རོལ་པ། རྟ་མཆོག་རོལ་པ། གཤིན་རྗེ་རོལ་པ། བདུད་རྩི་རོལ་པ། ཕུར་པ་རོལ་པ་སྟེ་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། རི་བོ་བརྩེགས་པ། ཡེ་ཤེས་རྔམ་གློག །དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག །གླང་ཆེན་རབ་འབོག་སྟེ་སྤྱོད་པའི་ཡན་ལག་ཏུ་འཕྲོས་པའི་རྒྱུད་སྡེ་ལྔ། དེ་དག་ཏུ་མ་ཚང་བ་ཁ་སྐོང་གི་ཕྱི་མ་ལྟ་བུར་གྱུར་པའི་རྒྱུད་གཉིས། དེ་ཐམས་ཅད་ཀྱིས་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དང་བཅོ་བརྒྱད་དོ། །དེ་དག་གི་ནང་ནས་འདིར་ནི་ཕྱི་མ་སྟེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་ཁུངས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། འབྲས་བུ་ཐམས་ཅད་ཀྱི་ཐུགས། རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ལམ་པོ་ཆེ་སྟེ་རྣམ་པ་བརྒྱད་ཀྱིས་ཆེ་བའི་དཔལ་ལྡན་གསང་བའི་སྙིང་པོའོ། །དེ་གང་གིས་འཆད་ན། ལུང་རིགས་མན་ངག་གསུམ་གྱིས་དབྱེ་བར་བྱ་སྟེ། ལུང་ནི། སྤྱིར་སྒྱུ་འཕྲུལ་སྡེ་བརྒྱད་སོགས་ཀྱང་ཡིན་མོད་ཀྱི། ཁྱད་པར་དུ་བཤད་རྒྱུད་སྡེ་བཞི་སྟེ། རྒྱུད་སྡེ་འདིས་བསྟན་དོན་གྱི་གཙོ་བོ་ཐབས་ལམ་དང་


TN01_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལམ་གཉིས་ཡིན་ལ། དེ་རེ་རེ་ལའང་རིམ་ཅིག་ཆར་གཉིས་རེར་ཕྱེ་བ་ལས། གྲོལ་ལམ་རིམ་ཅིག་ཆར་གཉིས་ནི་གོ་རིམ་བཞིན་དུ་བཤད་རྒྱུད་ཡེ་ཤེས་སྙིང་པོ་དང་རྡོ་རྗེ་མེ་ལོང་གཉིས་ཀྱིས་གཙོ་བོར་སྟོན་ལ། ཐབས་ལམ་རིམ་ཅིག་ཆར་གཉིས་ནི་རིམ་བཞིན་བཤད་རྒྱུད་རྒྱ་མཚོ་དང་ཐལ་བས་བསྟན་དོན་གཙོ་བོར་བྱས་ནས་འཆད་དོ། །མན་ངག་ནི། རྒྱ་གར་གྱི་ཤིང་རྟ་ཆེན་པོ་དྲི་མེད་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་ཁོག་གཞུང་གསལ་སྒྲོན་དང་། པདྨའི་མན་ངག་ལྟ་ཕྲེང་དང་། ཉི་སེང་མ་དང་། སྤར་ཁབ་ལ་སོགས་པ་རྣམས་དང་། བོད་ཀྱི་རོང་ཟོམ་པཎྜི་ཏའི་དཀོན་མཆོག་འགྲེལ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཊཱི་ཀ་ཕྱོགས་བཅུ་མུན་སེལ། སྨིན་གླིང་ལོ་ཆེན་རིན་པོ་ཆེའི་གསང་བདག་དགོངས་པའི་རྒྱན་ལ་སོགས་པ་རྣམས་སོ། །རིགས་པ་ནི། དེ་དག་གི་རྗེས་སུ་འབྲངས་པའི་དངོས་སྟོབས་ཀྱི་ཚད་མ་ཡང་དག་པ་ཞིག་དགོས་ཀྱི་རིགས་པ་གང་རུང་རུང་ལ་མི་བྱའོ། །འདིར་ཞར་བྱུང་དུ་རྒྱུད་ལུང་མན་ངག་གསུམ་གྱི་ངོ་བོ་ནི། རྩེ་མོ་ལས། འབྲེལ་དང་མ་ཚང་མེད་ཕྱིར་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་དང་། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པས་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་དང་། ཚེགས་ཆུང་དོན་ཆེ་ཐབས་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་གོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལའང་། མ་ཧཱ་ཡོ་ག་སྤྱིའི་འཆད་


TN01_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང་། བྱེ་བྲག་ཏུ་རྒྱུད་འདི་ཉིད་ཀྱི་བཤད་སྲོལ་ཇི་ལྟར་བྱུང་བ་གཉིས་ལས། དང་པོ་ནི། ཧེ་རུ་ཀ་གལ་པོ་ལས། མ་ཧཱ་ཡོ་གའི་རྒྱན་བདུན་ཡང་། །གླེང་བསླང་བ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་བདུན་ལས། དང་པོ་གླེང་བསླང་བའི་རྒྱན་ནི། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །རྒྱུད་འདི་སུ་ཞིག་དོན་དུ་མཛད། །བྱེད་པོའི་སྟོན་པའང་སུ་ཞིག་ཡིན། །རྒྱུད་འདིའི་ལྡང་ཚད་ཇི་ལྟ་བུ། །དགོས་པ་ཇི་ཞིག་ཡོད་པར་ཤེས། །ཞེས་དྲི་བ་ལ་ལན་དུ་རྒྱུད་འདིའི་མིང་ནི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། གདུལ་བྱ་དབང་རྣོན་གཉིས་སྦྱོར་གྱི་འདོད་ཆགས་ཤས་ཆེ་བ་རྣམས་ཀྱི་དོན་དུ། །བྱེད་པོའི་སྟོན་པ་ཁྱབ་བདག་རིགས་དྲུག་པ་ཀུན་ཏུ་བཟང་པོ། །ལྡང་ཚད་ལ་གལ་པོར། ཆོ་ག་དེ་བཞིན་ལེའུ་དང་། །རིམ་པར་ཕྱེ་དང་དུམ་བུའོ། །ཞེས་པ་ལྟར་ལས་ཆོ་ག་དབང་དང་མཆོག་གི་སྒྲུབ་པ་སོགས་རྒྱས་པར་སྟོན། རབ་གནས་དང་ཐུན་མོང་གི་སྒྲུབ་པ་སོགས་མདོ་ཙམ། གཏོར་ཚོགས་དང་གནས་ལུང་སོགས་རྒྱུད་གཞན་ལས་ཁ་བསྐང་དགོས་པའི་ཚུལ་གྱིས་འཆད་ལ། ལེའུ་ཉི་ཤུ་རྩ་གཉིས། རིམ་པ་དྲུག་པ་དང་། གསུམ་པ་དང་། གཉིས་པར་ཕྱེ་བ་རྣམས་དང་། རྩ་བ་དང་ཕྱི་མའི་དུམ་བུ་གཉིས་སོ། །དགོས་ཆེད་སྒྲོན་མ་གསལ་བ་ལས། །དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང་། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་སོ། །རྒྱན་


TN01_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། རྒྱལ་པོ་ལས། སངས་རྒྱས་པ་ཡི་ཚུལ་བཞི་སྟེ། །རྒྱུ་དང་གླེང་གཞི་ངེས་ཚིག་རྒྱུ། །ཞེས་པས། ཕར་ཕྱིན་ཐེག་པའི་ལུགས་ལ་བྱང་སེམས་སྲིད་པ་ཐ་མ་བ་ཞིག་ཚེ་དེར་འཚང་རྒྱ་བ་ལ་མིར་སྐྱེ་བ་བླང་བ་དང་། རབ་ཏུ་འབྱུང་བ་དང་། འདུལ་སྡོམ་བསྲུང་བ་དང་། དཀའ་བ་སྤྱོད་པ་དེ་བཞིན་དུ་འདིར་ཡང་རིན་པོ་ཆེ་ལྟ་བུའི་གང་ཟག་གཅིག་ཚེ་དེར་བླ་མེད་ཀྱི་ལམ་ནས་འཚང་རྒྱ་བ་ལ་ཕུང་སོགས་ཐ་མལ་གྱི་སྣང་ཞེན་དོར་ཏེ་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱ་བ་དང་། དེ་ཐམས་ཅད་གསང་ཆེན་རིགས་གཅིག་ཏུ་བསྡུ་བ་དང་། རྡོ་རྗེའི་དབང་དང་དམ་ཚིག་ལེགས་པར་བཟུང་བ་དང་། ཉེ་རྒྱུའི་སྤྱོད་པ་ལ་ཚུལ་བཞིན་དུ་བསླབ་པ་ཞིག་དགོས་ཏེ། འདི་དག་ལ་ད་དུང་ཞིབ་ཆ་དགོས་སོ། །རྒྱན་གསུམ་པ་ནི། གལ་པོ་ལས། རྒྱས་བཤད་མཐའ་ནི་རྣམ་པ་དྲུག །དྲང་དོན་ངེས་དོན་དགོངས་པས་བཤད། །དགོངས་མིན་སྒྲ་ནི་ཇི་བཞིན་པ། །ཇི་བཞིན་མ་ཡིན་ཉིད་དུ་བཤད། །ཅེས་པ་ལྟར་ལས་དང་པོ་དྲང་ངེས་གཉིས་ནི། གཞུང་དེའི་དངོས་ཟིན་གྱི་དོན་དེ་ལས་ད་དུང་དོན་གཞན་ཞིག་དྲང་དུ་ཡོད་པ་དྲང་བའི་དོན་དང་། དོན་གཞན་དྲང་བ་དེ་ལས་གཞན་པའི་དོན་དུ་འདྲེན་རྒྱུ་མེད་པས་ངེས་དོན་ཞེས་བྱའོ། །དགོངས་དང་དགོངས་མིན་གཉིས་ནི། བསྟན་དོན་དེ་ཁོ་ན་ཉིད་གཅིག་ཡིན་ཡང་གདུལ་བྱ་མཆོག་དངོས་འདོད་པའི་སེམས་ཅན་དབང་པོ་རྣོན་པོའི་དབང་དུ་མཛད་ནས་དོན་དེ་ལ་འགལ་བའི་སྒྲས་གསུངས་པ་དགོངས་བཤད་དང་། སྣོད་ལྡན་གདུལ་བྱ་དབང་རྟུལ་གྱི་དབང་དུ་མཛད་ནས་སྒྲ་ཐད་དྲང་དུ་བསྟན་པ་དགོངས་མིན་ཡིན་ནོ། །


TN01_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཇི་བཞིན་དང་མ་ཡིན་པ་གཉིས་ནི། ཕྱི་དཀྱིལ་དང་སྦྱིན་སྲེག་སོགས་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་ཚིག་གིས་གསུངས་པ་སྒྲ་ཇི་བཞིན་པ་དང་། འཇིག་རྟེན་ན་དེ་ལྟར་མ་གྲགས་ཀྱང་དེ་བཞིན་གཤེགས་པ་ཉིད་ཀྱིས་དོན་དེ་ལ་བརྡ་དེ་གློ་བུར་མཛད་ནས་བཞག་པ་རྒྱུད་འདི་ལས་སྦྱོར་སྒྲོལ་ལ་ཨཱ་ལི་ཀཱ་ལི་ཞེས་གསུངས་པ་ལྟ་བུ་སྒྲ་ཇི་བཞིན་མ་ཡིན་པའོ། །རྒྱན་བཞི་པ་ནི། སྔ་མ་ལས། བཤད་པའི་ཚུལ་བཞི་ཁྱེད་ལ་བསྟན། །ཚིག་སྤྱི་སྦས་དང་མཐར་ཐུག་ཡིན། །ཞེས་པ་ལྟར་བཞི་ལས། ཚིག་གི་དོན་ནི། སྒྲའི་གཞུང་དང་མཐུན་པར་ཡི་གེ་གཉེར་བའི་བཤད་པའོ། །སྤྱི་དོན་ནི་ཐེག་པ་འོག་མ་པ་དག་སྔགས་བླ་མེད་ཀྱི་ཆོས་ལ་སྡང་བ་འགོག་པའི་ཕྱིར་དེ་དག་དང་མི་འགལ་བར་ཐུན་མོང་དུ་གྲགས་པའི་སྒོ་ནས་རྡོ་རྗེའི་ཚིག་གི་དོན་བཤད་པ་ཞིག་དང་། བླ་མེད་རང་གི་བསྐྱེད་རིམ་མཆོག་ཐུན་སྒྲུབ་པའི་གང་ཟག་གཉིས་ཀྱི་ཐུན་མོང་བར་གྱུར་པའི་སྒོ་ནས་སྤྱི་དོན་དུ་བཞག་པ་སོགས་ཏེ། གཞན་དུ་མདོ་ལམ་དང་རྒྱུད་སྡེ་འོག་མ་རྣམས་སྔགས་བླ་མེད་ཀྱི་ལམ་སྟེགས་སུ་འཆད་པའང་སྤྱི་དོན་ཡིན་ཞེས་བླ་མ་རྣམས་གསུང་ངོ་། །སྦས་དོན་ནི། ལས་རྒྱ་དང་སྙོམས་པར་འཇུག་པའི་ཆོ་ག་རྣམས་འདོད་ཆགས་ཆོས་སྦས། སྣང་མཆེད་ཐོབ་གསུམ་དཔེའི་འོད་གསལ་དང་བཅས་པ་སྣང་བ་སེམས་སྦས། བདག་བྱིན་བརླབས་པའམ་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་སྐུའི་རྫོགས་རིམ་ཀུན་རྫོབ་བདེན་པའི་སྦས་པ་སྟེ་རྡོ་རྗེའི་ཚིག་གི་ཁོངས་ན་ཡོད་པའི་དོན་ཏོ། །མཐར་ཐུག་གི་དོན་ནི། གཉིས་སྣང་གི་རྒྱུ་བ་ཕྲ་མོ་ཡང་དག་ནས་ལྷན་ཅིག་སྐྱེས་པའི་བདེ་ཆེན་དོན་གྱི་འོད་གསལ་དུ་མཐར་


TN01_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པ་ཟབ་མོའི་མཐར་ཐུག་དང་། ཡེ་ཤེས་ཀྱི་རླུང་མཚན་རྫོགས་རྡོ་རྗེ་འཛིན་པའི་ཟུང་འཇུག་གི་སྐུར་བཞེངས་པ་རྒྱ་ཆེ་བའི་མཐར་ཐུག་གོ། །རྒྱན་ལྔ་པ་ནི། སྔ་མ་ལས། ཉན་བཤད་དབྱེ་བས་རྣམ་པ་གཉིས། །ཚོགས་དང་སློབ་མ་དག་ཏུ་འདོད། །ཅེས་གསུངས་ཏེ། དེ་གཉིས་ཀྱི་ཁྱད་པར་ཟླ་བའི་ཞབས་ཀྱིས། །ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུའང་གང་འགྱུར་དང་། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་པ་ལ་བཤད་ཡིན་པར་བརྗོད། །ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་གསུངས་པས་ཤེས་ལ། དེའང་ཚོགས་པ་ཞེས་པ་ཙནྡན་ལྟ་བུ་སོགས་གང་ཟག་ལྔ་དང་། སློབ་མ་ཞེས་པ་དེའི་ནང་ནས་རིན་པོ་ཆེ་ལྟ་བུ་ལ་བྱའོ། །རྒྱན་དྲུག་པ་ནི། སྔ་མ་ལས། སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙནྡན་རིན་པོ་ཆེ་ཡི་དཔེ། །ཞེས་གསུངས་པ་ལྟར་ལྔ་ལས། དང་པོ་ནི་ཨུཏྤལ་ཆུའི་ནང་ན་མཛེས་ཤིང་བཏོན་མ་ཐག་རྙིང་པ་ལྟར། བླ་མ་ལས་ཐོས་པ་འཛིན་མཁས་ཀྱང་བརྗེད་པར་སླ་བའོ། །གཉིས་པ་ནི། པདྨ་དཀར་པོ་རྙིང་དཀའ་ཡང་ཉི་མ་ཤར་བ་ན་ཁ་ཟུམ་པ་བཞིན་དུ་ཐོས་པ་མང་དུ་འཛིན་ནུས་ནའང་གཞན་ལ་སྟོན་པའི་ནུས་པ་མེད་པའོ། །གསུམ་པ། པདྨ་དམར་པོ་ཉི་མས་ཁ་འབྱེད་ཅིང་རྩི་བཅུད་འཛིན་ཡང་འཛག་སྐྱེན་པ་བཞིན་དུ་ཆོས་ཐོས་པས་བློའི་ཁ་ཕྱེ་ཞིང་དད་པ་དང་སྙིང་རྗེ་ཆེ་ཡང་། ཐོས་པའི་དོན་རིང་དུ་མི་གནས་པའོ། །བཞི་པ།


TN01_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་འབྲས་བུ་མེད་ཅིང་དྲི་ཆེ་བ་ཚེར་མ་མང་བ་སྦྲུལ་གྱིས་དཀྲིས་པ་བཞིན་དུ། ཐོས་ཆུང་ང་རྒྱལ་ཆེ་ཞིང་མང་དུ་སྨྲ་ལ་གདུལ་བྱ་རྗེས་སུ་འཛིན་མི་ནུས་པའོ། །ལྔ་པ། ནོར་བུ་རིན་པོ་ཆེ་རྙེད་དཀའ་ཞིང་འགྱུར་བ་མེད་ལ་དགོས་འདོད་སྩོལ་བ་བཞིན་དུ། ཚུལ་ཁྲིམས་དག་ཅིང་མཁས་ལ་རྒྱུད་བརྟན་པ་རང་གིས་ཐོས་ནས་གཞན་ལ་ལེགས་པར་སྟོན་ནུས་པའོ། །རྒྱན་བདུན་པ་ནི། དོན་དམ་བདེན་པ་སེམས་ཉིད་འོད་གསལ་གྱི་དབྱིངས་དང་། ཀུན་རྫོབ་བདེན་པ་སྣང་ཆ་ཡེ་ཤེས་ཀྱི་སྐུ་སྟེ་བདེན་གཉིས་ཟུང་དུ་འཇུག་པའི་རྫོགས་རིམ་ནི་རྒྱུད་དོན་མ་ལུས་པའི་ཐུགས་མཐར་ཐུག་པ་ཡིན་ཞེས་བསྟན་པའོ། །གསང་བ་ཆེན་པོའི་རྒྱུད་འདི་འདྲ་བ་རྣམས་འཆད་ཐབས་ངེས་པའི་ཚུལ་དེ་དག་གིས་བཤད་ན་མཁས་པ་དགའ་བ་སྐྱེད་པའི་མཛེས་བྱེད་ཀྱི་རྒྱན་ཡིན་པའི་ཕྱིར་རྒྱན་ཞེས་བྱའོ། །གཉིས་པ་ལའང་། བདེ་གཤེགས་ཟུར་པོ་ཆེ་་འབྱུང་གནས་སོགས་སྔ་རབས་པ་འགའ་ཞིག་ནི། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་འཆད་པ་ཞེས་མཚན་གྱི་ནང་དུ་རྒྱུད་ཀྱི་བརྗོད་བྱ་མཐའ་དག་བསྡུས་ནས་གསང་བ་ཆེན་པོའི་གཞི། སྙིང་པོ་མ་ནོར་བའི་ལམ། དེ་ཁོ་ན་ཉིད་ངེས་པའི་འབྲས་བུའི་ཆིངས་གསུམ་གྱིས་འཆད་པ་དང་། མདུང་ལྟར་སྐེད་པ་ནས་བཟུང་སྟེ་འཆད་པ་ཞེས་ལེའུ་ལྔ་པའི་བརྗོད་བྱའི་འོག་ཏུ་སྟོན་པའི་མཚན་ཉིད་རྣམ་པ་གསུམ་དུ་རྒྱུད་ཀྱི་དོན་ཐམས་ཅད་དངོས་དང་ཞར་བྱུང་གང་རུང་གི་སྒོ་ནས་བསྡུས་ཏེ་འཆད་པ་དང་། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་འཆད་པ་ཞེས་རྒྱུད་དབུ་ཞབས་ཀྱི་དོན་མཐའ་དག །གཞི་རང་བཞིན་གྱི་སྣང་བ། ལོག་རྟོག་འཁྲུལ་པའི་སྣང་བ། གདུལ་བྱ་


TN01_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྣང་བ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་སྟེ་རྩ་རྒྱུད་ལེའུ་ཉེར་གཉིས་པའི་བསྟན་དོན་དུ་དྲིལ་ནས་འཆད་ཚུལ་གསུམ་དུ་མཛད་དོ། །ཕྱིས་ཀྱི་བཀའ་སྡེ་ཟུར་པ་གསང་བདག་སྒྲོ་ཕུགས་པ་ཤཱཀྱ་སེངྒེ་ནི་ཆོས་ལྔའི་སྒོ་ནས་འཆད་དེ། ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་རྣམ་རོལ་དུ་ཟད་པ་རང་བཞིན་དངོས་པོའི་གནས་ཚུལ་དང་གཅིག །དེ་ལྟ་ནའང་སེམས་རྟོག་མ་རིག་འཁྲུལ་གཟུགས་སུ་སྲིད་པའི་གནས་ལུས་ལོངས་སྤྱོད་ཐམས་ཅད་ཅིར་ཡང་སྣང་བ་མ་རྟོགས་འཁྲུལ་པའི་སྣང་ཚུལ་དང་གཉིས། དེ་ཉིད་ཤིན་ཏུ་རྣམ་པར་དག་པ་བདེ་སྟོང་མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་ཆེན་པོས་སྣང་དང་སྟོང་པ་སོ་སོ་མ་ཡིན་པར་མཁྱེན་པ་ཐམས་ཅད་མཁྱེན་པས་གཟིགས་ཚུལ་དང་གསུམ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་སྐྱེ་ཚུལ་བཞི་ལྡན་དུ་འབྱུང་བ་བརྩེ་བའི་ཐུགས་རྗེ་སྐྱེ་ཚུལ་དང་བཞི། དེ་ལས་འབད་རྩོལ་ལ་མི་ལྟོས་པའི་རྟག་ཁྱབ་ལྷུན་གྲུབ་ཆེན་པོའི་ཕྲིན་ལས་ཀྱི་འཇུག་པ་དུས་ལས་མི་ཡོལ་བ་འགྲོ་དོན་ཇི་ལྟར་མཛད་ཚུལ་དང་ལྔའོ། །གཞན་ཡང་བཤད་ཐབས་འདྲེན་པའི་ཚིག་བཅུ་སོགས་མང་དུ་འབྱུང་ཡང་འདིར་ཡི་གེས་འཇིགས་ལ། ཤེས་པར་འདོད་པ་དག་གིས་གཞན་ལས་རྟོགས་པར་བྱའོ། །འདིར་ནི་གྲུབ་པའི་སློབ་དཔོན་ཤིང་རྟ་ཆེན་པོ་བཱི་མ་ལ་མི་ཏྲའི་ཞལ་སྔ་ནས་མཛད་པའི་སྒྱུ་འཕྲུལ་ཁོག་གཞུང་གི་དགོངས་པ་ལྟར་བཤད་པར་བྱ་སྟེ། དེ་ཡང་ཁོག་གཞུང་གསལ་བའི་སྒྲོན་མེ་ལས། གཞུང་གི་དབྱེ་བ་གསུམ་ཡིན་ཏེ། །རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་བཀྲོལ་བའོ། །


TN01_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར། མགོ་སྨོས་པས་གོ་བའི་དབང་པོ་རབ་ལ་མཚན་བཤད་པ་དང་། ཅུང་ཟད་ཕྱེ་སྟེ་བཤད་པས་གོ་བའི་དབང་པོ་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ་དང་། རྣམ་པར་སྤྲོས་པས་གོ་བའི་དབང་པོ་ཐ་མ་རྣམས་ལ་འབྲུ་རེ་གཉེར་རེའི་སྒོ་ནས་འཆད་པ་དང་གསུམ་ལས། དང་པོ་ལའང་། དེ་ཉིད་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་གསུངས་པ་ལྟར། མཚན་གྱི་རྣམ་གྲངས་གསུམ་དུ་བསྟན་པ་ལས། དང་པོ་རྒྱུད་དང་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་གསུམ་གྱི་མཚན་ཐུན་མོང་དུ་བསྟན་པ་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟེ། རྡོ་རྗེ་སེམས་དཔའི་དོན་ནི་བཤད་རྒྱུད་མེ་ལོང་ལས། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཐ་དད་མེད་པའི་རང་བཞིན་ནི། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པ་ལྟར་ཆོས་ཉིད་སྟོང་པ་ཉིད་ལ་རྡོ་རྗེ་ཞེས་པའི་སྒྲས་བསྙད་དེ། ཇི་ལྟར་མི་ཆོད་པ་ལ་སོགས་པའི་ཆོས་བདུན་ལྡན་གྱི་རྡོ་རྗེའི་རྡུལ་རྣམས་ནི་སོ་སོར་དབྱེ་བར་དཀའ་བ་དེ་བཞིན་དུ། སྟོང་པ་ཉིད་ཀྱང་སྟོང་གཞི་ཆོས་ཅན་དང་སོ་སོར་མི་ཕྱེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཚུལ་གཅིག་ཏུ་གནས་ཤིང་མཚན་མའི་དངོས་པོ་གང་གིས་ཀྱང་མི་ཚུགས་པའི་ཕྱིར་རོ། །སེམས་དཔའ་ནི་སྟྭའི་སྒྲ་ལས་སྤྱིར་དོན་དྲུག་ལ་འཇུག་ཀྱང་འདིར་བརྟན་བསྡུས་རྟོགས་གསུམ་ལ་འཇུག་པར་ཀུན་གཟིགས་རོང་ཟོམ་པ་བཞེད་དེ། ཐབས་རིག་པ་བྱང་ཆུབ་ཀྱི་སེམས་ཤེས་རབ་སྟོང་པ་ཉིད་དང་རོ་གཅིག་པའི་ཟུང་


TN01_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རང་བཞིན་རྣམ་དག་ནི་རྡོ་རྗེ་ལྟར་འཕོ་འགྱུར་མེད་པས་ན་བརྟན་པའི་རྡོ་རྗེ་སེམས་དཔའ། དེའི་ཆོས་ཉིད་ཟབ་ཞི་སྤྲོས་པ་དང་བྲལ་བའི་དབྱིངས་སུ་འཁོར་འདས་རོ་མཉམ་དུ་བསྡུས་པའི་རྡོ་རྗེ་སེམས་དཔའ། །གནས་ལུགས་ཀྱི་དོན་དེ་ཉིད་རྟོགས་པ་མངོན་དུ་གྱུར་ཏེ་བདེ་སྟོང་སོ་སོ་མ་ཡིན་པའི་ཡེ་ཤེས་གསལ་སྣང་རབ་ཀྱི་མཐར་ཐུག་པ་ནི་རྟོགས་པའི་རྡོ་རྗེ་སེམས་དཔའ་སྟེ། སྔ་མ་གཉིས་གཞི་དུས་ཀྱི་བདེ་སྟོང་གཉིས་དང་། ཕྱི་མ་འབྲས་ཀྱི་ཡེ་ཤེས་ལ་བཞེད་དོ། །སྒྱུ་འཕྲུལ་དྲྭ་བའི་དོན་ལ། ཟུར་པ་རྣམས་བཞིར་འཆད་དེ། དང་པོ་རྟོག་ཚོགས་སྒྱུ་འཕྲུལ་དྲྭ་བ་འབྱུང་བ་ལྔ་ལ་སྒྱུ་མ་དང་། ཕུང་པོ་ལྔ་འཕྲུལ་བ། དེ་གཉིས་རྒྱུ་འབྲས་སུ་འབྲེལ་བ་ལ་དྲྭ་བ་ཞེས་གསུངས་ཏེ། གཙོ་བོར་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་རྡོ་རྗེའི་ལུས་ཁམས་དྲུག་དང་ལྡན་པ་ཞིག་གི་སྟེང་ནས་བཞག་པར་མངོན་ནོ། །གཉིས་པ་ངེས་དོན་སྒྱུ་འཕྲུལ་དྲྭ་བ་ཆོས་ཉིད་སྟོང་པ་ཉིད་ལ་སྒྱུ་མ་དང་། དེའི་རང་མདངས་འོད་གསལ་གྱི་ཡེ་ཤེས་ཅིར་ཡང་སྣང་ཞིང་ཅིར་ཡང་འཆར་བའི་གོ་འབྱེད་པ་འཕྲུལ་པ། དེ་གཉིས་ངོ་བོ་གཅིག་ཏུ་གྱུར་པ་དྲྭ་བའི་དོན་ནོ། །གསུམ་པ་དྲང་དོན་སྒྱུ་འཕྲུལ་དྲྭ་བ་བཤད་མ་ཐག་པའི་ངེས་དོན་གྱི་སྒྱུ་མ་དེ་ཉིད་མཚོན་བྱེད་ལྷ་ཡུམ། འཕྲུལ་བ་མཚོན་པ་ལྷ་ཡབ། དྲྭ་བ་མཚོན་པ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པའོ། །བཞི་པ་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲྭ་བ་རྟོག་ཚོགས་སྒྱུ་མ་དང་། དེ་ཉིད་རྣལ་འབྱོར་གྱི་སྟོབས་ཀྱིས་ལྷར་སྣང་བ་འཕྲུལ་བ། དེ་གཉིས་རང་བཞིན་གཉིས་སུ་མེད་པར་འབྲེལ་བ་དྲྭ་བ་ཡིན་ལ། གཞན་ཡང་སྒྱུ་འཕྲུལ་དྲྭ་བའི་བཤད་ཚུལ་


TN01_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མང་ངོ་། །དེ་ལྟར་རྒྱུད་ཀྱི་བརྗོད་བྱའི་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བར་མཚན་གསོལ་བ་དེ་བཞིན་དུ་འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་དང་དཀྱིལ་འཁོར་གྱི་གཙོ་བོའི་མཚན་ཡང་དེ་སྐད་དུ་གྲགས་པ་ནི་བཤད་མ་ཐག་པའི་གྲངས་སུའང་ཡོད་དོ། །བརྗོད་བྱ་མཐར་ཐུག་གི་དབང་དུ་ན་སྔགས་བླ་མེད་ཀྱི་ལམ་གྱི་གཙོ་བོ་བདེན་པ་གཉིས་ཀྱི་རྫོགས་རིམ་ལ་སྦྱར་ན་རླབས་ཆེ་བས། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བརྗོད། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། །དེ་དག་བདག་ཉིད་གྲུབ་པ་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །ཞེས་འོད་གསལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་རྡོ་རྗེ་སེམས་དཔར་གསུངས་ཤིང་། དེ་བཞིན་དུ་མགོན་པོ་ཀླུས་རིམ་ལྔ་ལས། ཇི་ལྟར་དྭངས་པའི་ཆུ་ལས་ནི། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་བཤད། །ཅེས་གཉུག་མའི་ལུས་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ་ལ་སྒྱུ་འཕྲུལ་དྲྭ་བའི་དོན་དུ་གསུངས་སོ། །གཉིས་པ་ལུང་དང་མཐུན་པའི་མཚན་ནི། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་པ་སྟེ། དེའི་དོན་རྡོ་རྗེ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་གསུངས་ཏེ། སྟོན་པ་བླ་ན་མེད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་བློ་དང་འཚམས་པར་གང་ལ་གང་འདུལ་དུ་བསྟན་པའི་སྡེ་སྣོད་དང་རྒྱུད་སྡེའི་རྣམ་གྲངས་ཇི་སྙེད་པ་སྤྱི་དང་།


TN01_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ལམ་མཐའ་དག་རྒྱུད་སྡེ་འདིའི་ནང་དུ་ཚང་ལ་མ་ནོར་བར་སྟོན་པས་ན་འདིར་སྟོན། རྒྱུད་འདིའི་བརྗོད་བྱའི་གཙོ་བོ་བདེན་གཉིས་ཟུང་འཇུག་གི་དེ་ཁོ་ན་ཉིད་འབའ་ཞིག་དངོས་སམ་བརྒྱུད་ནས་རྟོགས་པའི་དོན་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐེག་པའི་རྣམ་གྲངས་རྒྱ་མཚོ་ལྟ་བུ་ཞིག་ཕྲོས་པ་ཡིན་པས་ན་འདིས་སྟོན། དེ་དག་ཐམས་ཅད་ཀྱང་མཐར་ཐུག་གསང་བའི་ཐེག་པ་འདིར་འབབ་ཅིང་གཞོལ་བས་ན་འདི་ཕྱིར་སྟོན་པ་སྟེ། བཤད་རྒྱུད་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །གསུམ་པ་མན་ངག་གི་མཚན་དུ་གྲགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་སྟེ། རྒྱུད་ཕྱི་མ་ལས། གསང་བ་ཆོས་འབྱུང་ལ་བཤད་དེ། །སྙིང་པོའང་དེ་ཡི་ཐབས་ཅན་ནོ། །གཉིས་པོ་ཕྱིན་ཅི་མ་ལོག་ཕྱིར། །དེ་ཉིད་དེ་འདིར་རྣམ་ངེས་སོ། །ཞེས་བཤད་ཅིང་། རྡོ་རྗེའི་ཚིག་འདི་ཆེས་བརླིང་བས་རྟོགས་དཀའ་བར་སྣང་ཡང་ཡོངས་གྲགས་ལྟར་ན་གཞི་གསང་བ། ལམ་སྙིང་པོ། དེ་གཉིས་གཞི་ལམ་མཐར་ཐུག་ཏུ་མི་བསླུ་བ་དེ་ཁོ་ན་ཉིད། དོན་དེ་རྒྱུད་གཞུང་འདི་ལས་སྒྲོ་བསྐུར་མེད་པར་བསྟན་པ་ངེས་པའོ། །ཡང་ན་གསང་བའི་དོན་ནི། རང་བཞིན་གྱི་ཡེ་ཤེས་རྟོགས་པར་དཀའ་བ་དང་། དེའི་རྒྱུ་མཚན་ཡང་གློ་བུར་གྱི་འཁྲུལ་


TN01_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་བཞོན་པ་དང་བཅས་པས་བསྒྲིབས་ནས་གཉུག་མའི་རང་ཞལ་ཇི་བཞིན་པར་བྱིས་པ་རྣམས་ཀྱིས་ངེས་མི་ནུས་པ་གབ་པའི་གསང་བ་དང་། བླ་མེད་ཀྱི་དགོངས་སྤྱོད་ཟབ་མོ་རྣམས་བློ་ཆུང་ངུའི་སེམས་ཅན་ལ་བསྟན་པར་བྱ་བ་མ་ཡིན་ཞིང་། གཞན་ཡང་རྒྱལ་བ་ཉིད་ཀྱིས་རྩ་རྒྱུད་བཤད་རྒྱུད་དང་། དེ་ཉིད་བླ་མ་ལ་རག་ལས་པར་མཛད་དེ་སློབ་དཔོན་སྒོ་དུ་མ་ནས་མཉེས་པར་མ་བྱས་པར་གསང་བ་ཆེན་པོའི་ལམ་རྣམས་མི་རྙེད་པར་བསྟན་པ་བཞིན། གང་ཟག་སྣོད་དུ་མ་གྱུར་པ་རྣམས་ཀྱིས་རང་དགར་འཇུག་ཏུ་མེད་པ་ཡང་། གསལ་བཀྲ་ལས། གསང་ཕྱིར་བརྡ་ཐབས་སྣ་ཚོགས་གསུངས། །ཞེས་པ་དང་ཕྱོགས་མཚུངས་པ་སྟེ་སྦས་པའི་གསང་བའོ། །ལར་གབ་སྦས་གཉིས་ལ་གཞི་མཐུན་ཡོང་རྒྱུར་སྣང་ངོ་། །སྙིང་པོའི་དོན་ནི། སཱ་ར་ཧྲྀ་ད་ཡ་གརྦྷ་ཞེས་པའི་སྐད་དོད་གསུམ་གྱི་སྟེང་ནས་བཤད་ན། སཱ་ར་ནི་གཅིག་ལས་དུ་མ་འཕྲོ་བའི་གཞི་ལྟ་བུ་ལ་འཇུག་པས། གནས་ལུགས་རང་བཞིན་གྱི་རྒྱུད་ལས་ཤེས་བྱ་མ་ལུས་པ་སྣང་ཞིང་། དེ་འདྲའི་འོད་གསལ་དེ་རྟོགས་པའི་ཕྱིར་དུ་ཐེག་པ་ཐམས་ཅད་ཀྱང་དངོས་བརྒྱུད་ཅི་རིགས་སུ་འཕྲོས་པས་ན་སྙིང་པོ་ཡིན་ལ། ཧྲྀ་ད་ཡ་ནི་སྲོག་ལྟར་གཅེས་སྤྲས་སུ་བྱ་བའི་དོན་ལ་འཇུག་སྟ། ཕར་ཕྱིན་ཐེག་པའི་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་གཉིས་རླབས་པོ་ཆེའི་དོད་ཐུབ་ཐེག་པ་འདིར་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གཅིག་ལ་ཚང་བ་སོགས་མདོར་ན་རྒྱུད་སྡེ་འདིས་བསྟན་དོན་གྱི་གཙོ་བོ་ནི་གཞི་ལམ་འབྲས་གསུམ་གང་གི་སྐབས་སུ་ཡང་ཤེས་པར་བྱ་བའི་གནད་ཀྱི་མཐར་ཐུག་པས་ན་སྙིང་པོའོ། །


TN01_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གརྦྷ་ནི་བཅུད་འདུས་པའི་སྙིང་པོ་ལ་འཇུག་སྟེ་འདིའི་དོན་ཡང་བཤད་མ་ཐག་པའི་ཧྲི་ད་ཡའི་དོན་དང་ཁྱད་པར་ཆེར་མེད་ཀྱང་བཤད་མ་ཐག་པ་ནི་བྱང་ཆེན་དོན་གཉེར་རྣམས་ཀྱིས་བསྟེན་བྱའི་གཙོ་བོ་ཡིན་པ་དང་། འདི་ནི་གང་ཞིག་ཡོད་པ་དང་མེད་པའི་ཁྱད་པར་ལས་ཆོས་ཐམས་ཅད་སྣང་དང་མི་སྣང་གི་རྗེས་སུ་འགྲོ་ལྡོག་ངེས་པའི་རྒྱུ་མཚན་གྱིས་འོད་གསལ་ཆེན་པོའི་ཡེ་ཤེས་ཁོ་ན་རླུང་སེམས་མཐའ་དག་གི་ནང་ནས་མཐར་ཐུག་ལུགས་དང་དེའི་ཕྱིར་བདེ་སྟོང་ཁ་སྦྱར་བའི་ལམ་གནད་ངེས་པ་ལས་ཤིང་མཁན་ཤིང་གི་གནད་ལ་མཁས་པ་ལྟ་བུའི་ཆེ་བ་བརྗོད་པ་སྟེ་ལྡོག་ཆའི་བྱེ་བྲག་ཙམ་ཞིག་ཡིན་པ་འདྲའོ། །དེ་ཁོ་ན་ཉིད་ཀྱི་དོན་ནི། རྡོ་རྗེ་མཁའ་འགྲོར། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་ཕར་ཕྱིན་ཐེག་པའི་ལམ་རྒྱས་པ་ལྟར་མཁས་བྱའི་གནས་ཀྱི་རྣམ་གྲངས་ཕ་མཐའ་མེད་པ་ཙམ་ལ་སློབ་མི་དགོས་པར་ཟབ་མོའི་ལམ་གྱི་ནང་ནས་སྟོང་པ་ཉིད་དང་རོ་གཅིག་ཏུ་གྱུར་པའི་བདེ་ཆེན་ཁྱད་པར་བ་དང་རྒྱ་ཆེ་བའི་ལམ་གྱི་ནང་ནས་སྔགས་དང་ཡེ་ཤེས་ཀྱི་སྐུའི་རྣལ་འབྱོར་ཏེ། གཙོ་བོར་གཉུག་མའི་དེ་བཞིན་གཤེགས་པ་ལ་གནད་དུ་བསྣུན་པའི་གདམས་ངག་ཁོ་ན་ལ་ཆིག་སྒྲིལ་བྱས་པས་ཆོག་པའི་དོན་ནོ། །དེའི་ཕྱིར་དག་རྫོགས་སྨིན་གསུམ་ཚང་བའི་བསྐྱེད་རིམ་ཐམས་ཅད་ཀྱང་དེ་ཉིད་ཁོ་ནའི་དོན་དུ་འགྱུར་བར་ཤེས་པར་བྱའོ། །ངེས་པའི་དོན་ནི། སྐལ་དམན་གྱི་གདུལ་བྱ་ཁ་དྲང་བའི་དོན་ཙམ་མ་ཡིན་པར་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་


TN01_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ལ་རྒྱལ་བ་ཉིད་ཀྱི་དགོངས་པའི་ཞེ་ཕུགས་དཔྱིས་ཕྱིན་པར་བསྟན་པའི་ཕྱིར་ཏེ། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་པ་བཞིན་ནོ། །དོན་གཉིས་པ་དབང་པོ་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་སྟེ་བཤད་པ་ལ། དོན་གྱི་རྣམ་གྲངས་རྒྱ་ཆེར་དབྱེ་བ་དང་། ཚིག་གི་རྣམ་གྲངས་བསྡུས་ཏེ་བཤད་པ་གཉིས། དང་པོ་ལའང་། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང་། འབྲས་བུ་ཡོངས་ཤེས་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་གཏད་པ་དང་ལྔའོ། །དང་པོ་ལ་ངོ་བོ་ནི། ཕྱི་མའི་རྒྱུད་ལས། སྟོན་པ་ལ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བརྗོད་དོ། །ཞེས་གསུངས་པ་ལྟར་གནས་གང་དུ། སྟོན་པ་གང་། འཁོར་གང་དང་ལྷན་ཅིག་ཚོགས་པ་དེའི་ཚེ་གླེང་བསླང་གི་སྦྱོར་བས་རྒྱུད་དོན་བསྐུལ་མ་རག་པར་གནས་པས་ན། ཕུན་སུམ་ཚོགས་པ་ལྔ་ལྡན་ནི་གླེང་གཞིའོ། །ངེས་ཚིག་ནི་ལེགས་སྦྱར་གྱི་སྐད་དུ། དཱ་ནའི་སྒྲ་ལས་དྲངས་ན་སྦྱིན་པ་ལ་འཇུག་སྟེ། བཀའ་ཡིན་མིན་དུ་དོགས་པའི་ཐེ་ཚོམས་ཅན་ལ་ཡིད་ཆེས་ཀྱི་ངེས་པ་སྟེར་བས་ན་དེ་སྐད་དུ་བརྗོད་ཅིང་། བོད་སྐད་དུ་སྦྱིན་པ་ཞེས་བསྒྱུར་ན་དངོས་པོ་སྦྱིན་པ་ལྟ་བུ་ཕྱོགས་གཅིག་ཏུ་ཆད་འགྲོ་བས་བོད་ཀྱི་བརྡ་དང་སྦྱར་ཏེ་ལོ་ཙཱ་བ་རྣམས་ཀྱིས་གླེང་གཞི་ཞེས་བསྒྱུར་བའི་དབང་དུ་ན་གང་གླེང་བར་བྱ་བ་བརྒྱུད་ཀྱི་དོན་འབྱུང་བའི་རྒྱུའམ་གཞིར་གྱུར་པའི་ཕྱིར་རོ་ཞེས་བཤད་དོ། །དབྱེ་ན་ཐུན་མོང་མ་ཡིན་པའི་གླེང་གཞི་དང་། ཐུན་མོང་གི་གླེང་གཞི་གཉིས། དང་པོ་ལའང་། ནང་ཐབས་


TN01_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་རྒྱུད་རྒྱ་མཚོས་བཤད་པ་དང་། གསང་བ་ཐབས་ལམ་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པ་གཉིས། དང་པོ་ནི། ཀུན་གཟིགས་རོང་ཟོམ་ཞབས་རྒྱུད་འདི་ལ་མ་ཡཱའི་ཡི་གེ་གཉིས་མེད་པར་བཞེད་ཀྱང་འདིའི་རྒྱ་དཔེར་ཡེ་ཝཾ་མ་ཡཱ་ཤྲུ་ཏ་མེ་ཀ་སྨཻ་ན་ས་མ་ཡེ་ཞེས་འབྱུང་བར་ལོ་ཆེན་རིན་པོ་ཆེ་གསུངས་པ་ལྟར་རྒྱུད་སྡེ་གཞན་འདུས་པ་ལ་སོགས་པ་བཞིན་དུ་རྒྱུད་འདིར་ཡང་ཡི་གེ་བཞི་པོ་ཡོད་པར་འདོད་དགོས་སོ། །དེ་ལྟར་ན་བཤད་རྒྱུད་རྒྱ་མཚོར། ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་སྡུད་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས། གནས་ཕུན་སུམ་ཚོགས་པ་སྙིང་ག་ཆོས་ཀྱི་འཁོར་ལོ། །སྟོན་པ་ཕུན་སུམ་ཚོགས་པ་སྲོག་མི་ཤིགས་པའི་ཐིག་ལེ། འཁོར་ཕུན་སུམ་ཚོགས་པ་འོད་གསལ་འཆར་བ་ན་སྙིང་གར་སྡུད་རྒྱུའི་རྣམ་པར་ཤེས་པ་རིགས་བཞི། ཆོས་ཕུན་སུམ་ཚོགས་དོན་དམ་པའི་བདེ་ཆེན་ནམ་མཁའི་གཟུགས་ཅན། དུས་ཕུན་སུམ་ཚོགས་པ་རྣལ་འབྱོར་པ་དེའི་ངོར་དུས་ཀྱི་འཛིན་རྟོག་དང་བྲལ་བས་མཉམ་པ་ཉིད་ཀྱི་དུས་སུ་བཏགས་པའོ། །གཉིས་པ་ནི། ཐལ་པ་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །


TN01_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་ཡིག་ཐིག་ལེར་བཅས་སྟོན་པའོ། །མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱར་འདོད། །ཅེས་པས། གནས་ཕུན་སུམ་ཚོགས་པ་ཡུམ་གྱི་མཁའ་གསང་། །སྟོན་པ་ཕུན་སུམ་ཚོགས་པ་ཡབ་ཀྱི་རྡོ་རྗེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་བཅས་པ། ཕུན་སུམ་ཚོགས་པ་ཞེས་ཀུན་ལ་སྦྱར་ཏེ། འཁོར་བྱེད་བཅིང་གི་ཐབས་ཀྱིས་དགའ་བ་ཆེན་པོའི་ངོ་བོར་བསྡུ་བྱ་གསང་བའི་རྣམ་ཤེས། ཆོས་བདེ་སྟོང་དགའ་བ་བཞི། དུས་བསམ་གྱིས་མི་ཁྱབ་པའི་དུས་ཏེ་སྔ་མ་བཞིན་ནོ། །འདིས་ནི་རྒྱུད་འབྱུང་བ་ཁྱད་པར་གྱི་གླེང་གཞིའི་ངེས་དོན་གྱི་བཤད་པ་ངོ་མཚར་རྨད་དུ་བྱུང་བ་ཞིག་ཀྱང་འཚོལ་དགོས་པར་སྣང་ངོ་། །གཉིས་པ་ལ། རྒྱུད་འབྱུང་བ་ཁྱད་པར་གྱི་གླེང་གཞིའམ་ལོངས་སྐུའི་གླེང་གཞི། གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི། བསྟན་པ་འབྱུང་བ་སྤྱིའི་གླེང་གཞིའམ་སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞི་དང་གསུམ། དང་པོ་ལའང་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་གསང་བདག་དགོངས་པའི་རྒྱན་ལྟར་བཤད་ན། ཨེ་ནི་ཤེས་རབ་ཀྱི་བརྡ་སྟེ་ཡུམ་ལྔའི་མཁའ་དབྱིངས་ཀྱི་རང་བཞིན་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ་གནས་ཕུན་སུམ་ཚོགས་པ། ཝ་ནི་ཐབས་ཀྱི་རང་བཞིན་ཁྱབ་བདག་རིགས་དྲུག་པ་ཀུན་ཏུ་བཟང་པོ་སྟེ་སྟོན་པ་ཕུན་སུམ་ཚོགས་པ།


TN01_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ནི་ཐབས་ཤེས་གཉིས་སུ་མེད་པའི་བརྡ་སྟེ་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པ་ཆོས་ཕུན་སུམ་ཚོགས་པ། མ་ནི་སྨྲྀ་ཏ་སྟེ་དྲན་ཤེས་ཀྱི་ལས་ཀྱིས་རྒྱུད་དོན་མི་བརྗེད་པར་འཛིན་པས་འཁོར་ཕུན་སུམ་ཚོགས་པ། ཡ་ནི་ཡ་དཱ་སྟེ་གང་གི་ཚེ་ཞེས་རྒྱུད་དོན་སྟོན་པའི་དུས་ཕུན་སུམ་ཚོགས་པ་ལ་བཤད་དོ། །གཉིས་པ་ལའང་ཕུན་སུམ་ཚོགས་པ་ལྔ་ལས། དང་པོ་ཆོས་ནི་འདི་སྐད་བཤད་པ་ཞེས་པས་བསྟན་ཏེ། རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་སྡུད་པའོ། །དུས་ནི་དུས་ན་ཞེས་པས་བསྟན་ཏེ། རྟག་པ་རྒྱུན་གྱི་འཁོར་ལོའི་དུས་སོ། །སྟོན་པ་ཕུན་སུམ་ཚོགས་པ་བཤད་པ་ལ། སྟོན་པའི་རང་བཞིན་དང་ངོ་བོ་གཉིས། དང་པོ་ལ་འགྲེལ་ཆུང་ལས། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་རྣམ་པ་བཞིར་གསུངས་ཀྱང་། འདིར་སྤར་ཁ་བ་ལྟར་རང་བཞིན་བདུན་དུ་འཆད་དེ། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན། ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན། མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན། གཅིག་དང་དུ་མ་དང་བྲལ་བའི་རང་བཞིན། དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་དང་བདུན་ནོ། །དེ་ལ་དང་པོ་ནི། རྩ་རྒྱུད་ཀྱི་ཚིག་དང་ལྟོ་སྦྱར་ཚུལ་གོ་སླ་ལ། དངོས་དོན་


TN01_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་ལ་སྒྲིབ་བྱེད་ཀྱི་འཆིང་བ་མཐའ་དག་དང་བྲལ་ཏེ་འོད་གསལ་ཡང་དག་པའི་མཐའ་མཁྱེན་པ་གཉིས་ལྡན་དུ་གཤེགས་པའམ་དེ་ཉིད་ཐུགས་ཀྱི་ངང་གཅིག་ཏུ་གྱུར་པ་ལ་བྱའོ། །གཉིས་པ་ནི། དེ་ལྟར་དེ་བཞིན་ཉིད་ཀྱི་གཟིགས་པ་མཐར་སོན་པའི་ལག་རྗེས་ཁོ་ན་ལས་ཡོན་ཏན་གཞན་དུ་འཚོལ་བའི་ངལ་བ་ལ་མ་བརྟེན་པར་འབྲས་བུའི་ཆོས་ཉི་ཤུ་རྩ་ལྔ་ལྷུན་རྫོགས་སུ་འགྱུར་བའི་དོན་ནོ། །གསུམ་པ་ནི། ཡེ་ཤེས་ཆེན་པོ་དེའི་མཐུ་ལས་མཐའ་དང་དབུས་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་དང་། མཐའ་དང་དབུས་མེད་པའི་ཐ་སྙད་ཀྱི་ཆོས་རྒྱ་མཚོ་ཆགས་ཐོགས་མེད་པར་ཅིག་ཆར་དུ་གཟིགས་པའི་དོན་ནོ། །བཞི་པ་ནི། རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ནི་སྤྲོས་པའི་འཇུག་ལྡང་ལས་འདས་པའི་རྣམ་པར་ཐར་པའི་སྒོ་གསུམ་ལ་ཤིན་ཏུ་མཉམ་པར་བཞག་པས་ན་དེའི་རང་གི་ངོ་བོ་སྒྲ་དང་རྟོག་པས་དངོས་སུ་མཚོན་པར་བྱར་མེད་པའི་དོན་ནོ། །ལྔ་པ་ནི། སྤྱིར་ལོངས་སྤྱོད་ཆེན་པོ་ལ་སྒྲ་བཤད་ཚུལ་གཞན་དུ་ཡོད་ཀྱང་། སྐབས་འདིར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤང་བླང་མེད་པར་ཆོས་ཉིད་མཉམ་པ་ཉིད་གཅིག་གི་རོལ་པར་མཁྱེན་པའི་དོན་དུ་བཀའ་སྲོལ་ལས་འབྱུང་བས། ཡུལ་ལ་ཡུལ་ཅན་གྱིས་སྤྱོད་ལུགས་ཁྱད་པར་བ་ཞིག་ལ་འདོད་དགོས་པར་སྣང་ངོ་། །དྲུག་པ་ནི། རྒྱལ་བ་གཅིག་གི་ཡོན་ཏན་ལ་འབྲས་ཆོས་ཉེར་ལྔར་ཕྱེ་བས་གཅིག་གི་རང་བཞིན་དང་བྲལ་ཞིང་། རྩ་བ་རང་བྱུང་གི་ཡེ་ཤེས་གཅིག་ཏུ་འདུས་པས་དུ་མའི་མཐའ་དང་བྲལ་བ་ཡིན་ཞེས་གསུང་ངོ་། །འདིར་གང་


TN01_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གཅིག་ལ་ཡང་དག་པའི་ཕུང་པོ་ལྔར་ཕྱེ་བས་གཅིག་གི་མཐའ་དང་བྲལ་ཞིང་། བཏགས་ཆོས་གང་ཟག་གཅིག་གི་རྒྱུད་ཀྱིས་བསྡུས་པས་དུ་མའི་མཐའ་དང་བྲལ་བ་ཞིག་འོང་བ་ལྟར་དེ་བཞིན་གཤེགས་པའི་ཆོས་སྐུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ངང་ཚུལ་ཅན་དུ་གོ་ནུས་པར་མ་ཟད་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡེ་ཤེས་ཀྱི་སྐུ་གཅིག་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ལ་བརྟེན་ནས་སྐུ་རགས་པའི་སྒྱུ་འཕྲུལ་མཐའ་ཡས་པར་འཆར་བ་སོགས་ཀྱང་འཐོན་ནོ། །བདུན་པ་ནི། དུས་གསུམ་གྱི་ཆོས་ཐམས་ཅད་དང་དུས་ཀྱིས་མ་བསྡུས་པའི་འདུས་མ་བྱས་ཀྱི་ཤེས་བྱ་མཐའ་དག་ལ་ཁྱབ་བདག་རིགས་དྲུག་པའི་ཡེ་ཤེས་སོ་སོ་མ་ཡིན་པར་གྱུར་པ་སྟེ། འདི་ནི་རྒྱུད་སྡེ་གཞན་ལས་རང་བྱུང་འོད་གསལ་བའི་ཡེ་ཤེས་ཤེས་བྱ་མཐའ་དག་གི་སྟོང་ཉིད་ལ་མཉམ་པར་བཞག་པའི་སྒོ་ནས་དེ་ཉིད་ཤེས་བྱ་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གསུངས་པ་དང་གནད་གཅིག་གོ། །གཉིས་པ་ནི། སྐབས་འདིའི་ངོ་བོ་ཞེས་པ་སྟོན་པའི་སྐུའི་རྣམ་པ་དེ་ལ་ཟེར་བ་སྣང་བས་དེ་བཤད་པ་ལ། སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དོན་རྟགས། ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས། རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་དང་བཞི་ལས། དང་པོ་ནི། ཆོས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་ཡེ་ཤེས་ཀྱི་སྐུ་ཞལ་རྣམ་པ་ཐམས་ཅད་པ་ཕྱོགས་ཀུན་ཏུ་མི་སྒྲིབ་པར་ཐལ་ལེར་སྣང་བའོ། །ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་མཚན་དཔེའི་ཡོན་ཏན་མ་ཚང་བ་མེད་པས་བརྒྱན་པ་སྟེ། དང་པོའི་མཚན་


TN01_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གཉིས་ནི། ཕྱག་ཞབས་འཁོར་ལོས་མཚན་པ། རུས་སྦལ་ལྟ་བུའི་ཞབས་སོར་མོ་དྲྭ་བས་འབྲེལ་བ། ཕྱག་ཞབས་ཤིང་བལ་ལྟར་འཇམ་པ། བདུན་མཐོ་བ། སོར་མོ་རིང་བ། རྟིང་བ་ཡངས་པ། སྐུ་ཆེ་ཞིང་དྲང་བ། ལོང་བུ་མི་མངོན་པ། བ་སྤུ་གྱེན་དུ་འཁྱིལ་བ། བྱིན་པ་རིམ་པར་འཚམས་ལ་རྒྱས་པ། ཕྱག་རིང་བ། འདོམ་གྱི་སྦ་བ་སྦུབས་སུ་ནུབ་པ། གསེར་གྱི་མདོག་ལྟ་བུ། པགས་པ་འཇམ་པ། བ་སྤུ་གཡས་སུ་འཁྲུངས་པ། མཛོད་སྤུ་ཟླ་བ་ལྟར་དཀར་བ། སྐུ་སྟོད་འཕེལ་ཁ་ཆེ་བ། དཔུང་པའི་མགོ་ཟླུམ་པ། ཐལ་གོང་རྒྱས་པ། རོ་བྲོ་བའི་མཆོག་མཁྱེན་པ། ཆུ་ཞེང་གབ་པ། གཙུག་ཏོར་དང་ལྡན་པ། ལྗགས་རིང་ཞིང་མཛེས་པ། ཚངས་པའི་དབྱངས་དང་ལྡན་པ། འགྲམ་པ་འཁྱིལ་ཆེ་བ། ཚེམས་ཤིན་ཏུ་དཀར་བ། ཚད་མཉམ་པར། ཚེམས་ཐག་བཟང་བ། གྲངས་བཞི་བཅུ་ཚང་བ། སྤྱན་མཐོན་མཐིང་། རྫི་མ་མ་འདྲེས་པ་རྣམས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་སྡོམས་སུ་བརྗོད་ན། སེན་མོ་ཟངས་མདོག་སྣུམ་ཞིང་དབྱིབས་མཐོ་ཟླུམ། །སོར་མོ་རྒྱས་ཤིང་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་རྩ་མདུད་མེད་པ་དང་། །ལོང་བུ་མི་མངོན་ཞབས་མཐིལ་ཀུན་ནས་མཉམ། །སེང་གེ་གླང་ཆེན་ངང་པའི་རྒྱལ་པོ་དང་། ཁྱུ་མཆོག་སྟབས་དང་གཡས་ཀྱི་ཕྱོགས་ནས་གཤེགས། །མཛེས་གཤེགས་དྲངས་གཤེགས་འཁྲིལ་བག་ཆགས་པའི་སྐུ། །བྱི་དོར་བྱས་འདྲ་རབ་མཛེས་རིམ་པར་འཚམས། །གཙང་འཇམ་རྣམ་དག་མཚན་རྣམས་ཡོངས་སུ་རྫོགས། །


TN01_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ལག་ཡངས་དང་རབ་བཟང་གོམས་སྙོམས་དང་། །སྤྱན་དག་གཞོན་ཤ་ཆགས་ཤིང་མ་ཞུམ་རྒྱས། །གྲིམས་ཤིང་ཡན་ལག་རྣམ་འབྱེས་གཟིགས་པ་དག །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་པ་ཡི་སྐུ། །ཕྱང་ངེ་བ་དང་ལྟེ་ཟབ་གཡས་འཁྱིལ་མཛེས། །སྤྱོད་གཙང་སྐུ་ལ་སྨེ་བ་གནག་བག་མེད། །ཕྱག་འཇམ་རི་མོ་གསལ་ལ་ཟབ་ཅིང་རིང་། །ཞལ་སྒྲོས་འཚམས་ཤིང་བིམ་པ་ལྟར་དམར་དང་། །ལྗགས་མཉེན་སྲབ་དང་རབ་དམར་འབྲུག་གི་སྒྲ། །གསུངས་དབྱངས་འཇམ་མཉེན་མཆེ་བ་རྣོ་བ་དང་། །དབྱིབས་ཟླུམ་ཁ་དོག་དཀར་ཞིང་ཤིན་ཏུ་མཉམ། །བྱིན་གྱིས་ཕྲ་དང་ཤངས་མཐོ་རྣམ་པར་དག་སྤྱན་ཡངས་རྫི་མ་རབ་སྟུག་སྤྱན་མདངས་ཕྱེད། །སྨིན་ཚུགས་རིང་འཇམ་སྣུམ་ཞིང་སྤུ་ནི་མཉམ། །ཕྱག་རིང་རྒྱས་དང་སྙན་མཉམ་ཉམས་པ་མེད། །སྐྲ་མཚམས་དོད་ཅིང་དབྱེས་ཆེ་དབུ་རྒྱས་དང་། །དབུ་སྐྲ་གནག་སྟུག་མ་འཛིངས་མི་རྩུབ་འཇམ། །དྲི་ཞིམ་ཡིད་འཕྲོག་གཡུང་དྲུང་དཔལ་བེའུས་མཚན། །ཞེས་པ་རྣམས་སོ། །གསུམ་པ་སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་སྐུ་ལས་སྤྲོས་པའི་འོད་ཟེར་གྱི་རྩེ་ནས་ཐུབ་པ་དྲུག་གི་སྤྲུལ་པའི་འཕྲོ་འདུ་ནམ་མཁའི་མཐའ་དང་ཆོས་ཀྱི་དབྱིངས་ལྟར་ཕ་མཐའ་མེད་པར་རང་སྣང་བའོ། །གཉིས་པ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་སུ་སྟོན་པ་ཡབ་ཀྱི་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་དང་། ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །གསུམ་པ་ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས་སུ་རིགས་ཀྱི་


TN01_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་རྣམ་པ་ལྔ་དང་། ཆོས་ཀྱི་དབྱིངས་ཀྱི་མཚན་མ་དྲིལ་བུ་འཛིན་པའི་ཕྱག་དྲུག་དང་ལྡན་པའོ། །བཞི་པ་རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་སུ་མཐིང་དཀར་དམར་བའི་ཞལ་གསུམ་མངའ་བའོ། །སྤྱིར་རྣམ་ཐར་སྒོ་གསུམ་ལ་ཡུལ་དང་ཡུལ་ཅན་གྱི་ངོ་བོར་གྱུར་པ་གཉིས་ལས། སྐབས་འདིར་ནི་ཡུལ་ཅན་རྣམ་ཐར་སྒོ་གསུམ་ལ་བྱ་ཞིང་རང་དོན་ཕུན་སུམ་ཚོགས་པ་ཤེས་དང་ཤེས་བྱ་རོ་གཅིག་པའི་ཡེ་ཤེས་དང་། གཞན་དོན་ཕུན་ཚོགས་རྣམ་པ་ཐམས་ཅད་པའི་སྐུ་གཉིས་དབྱེར་མེད་དུ་གྱུར་པ་ལ་རྣམ་ཐར་སྒོ་གསུམ་གྱི་ཐ་སྙད་བཏགས་པའང་རྒྱུད་གཞན་དུ་འབྱུང་ཞིང་དེ་ཉིད་ཞལ་གསུམ་གྱི་ངེས་དོན་དུ་བཤད་པ་ཡོད་དོ། །བཞི་པ་གནས་ཕུན་སུམ་ཚོགས་པ་ལ་རང་བཞིན་དང་ངོ་བོ་གཉིས་ལས། དང་པོ་ནི། འོག་མིན་རྣམ་པ་ལྔའི་ནང་ཚན་དབང་ཕྱུག་ཆེན་པོའི་འོག་མིན་དུ་གྲགས་པ་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་ཞིང་ཁམས་དང་བཅས་པ་བེམ་ཆོས་ལས་འདས་པའི་དག་པ་རབ་འབྱམས་མཐའ་དང་དབུས་མེད་པའི་དཀྱིལ་འཁོར་ཆེན་པོའོ། །ཞར་བྱུང་འོག་མིན་རྣམ་པ་ལྔ་པོའི་ངོས་འཛིན་ནི། མཐའ་བརྒྱད་དང་བྲལ་བའི་སྟོང་ཉིད་དོན་གྱི་འོག་མིན། དེ་རྟོགས་བྱེད་ཀྱི་རིག་པའི་ཡེ་ཤེས་རིག་པའི་འོག་མིན། སྟོན་པ་གསང་བའི་སྐུའི་བཞུགས་གནས་གསང་བའི་འོག་མིན། གཙང་མ་རིས་ཀྱི་ལྷ་ལྔའི་ཡ་ཐ་འཇིག་རྟེན་གནས་ཀྱི་འོག་མིན། བཤད་མ་ཐག་པའི་ལོངས་སྐུའི་བཞུགས་གནས་དབང་ཕྱུག་ཆེན་པོའི་འོག་མིན་ནོ། །གཉིས་པ་ལའང་


TN01_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །ཞེས་གསུངས་པ་ལྟར། རྟེན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ལ། རྒྱུ་ཡེ་ཤེས་རྣམ་པ་ཐམས་ཅད་པས་གདུལ་བྱའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེ་འབར་བ་ཁམས་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་། རྒྱ་ཚད་ཡེ་ཤེས་མཐའ་ཡས་པའི་བརྡར་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་གདལ་བ། དབྱིབས་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་བརྡར་གྲུ་བཞིར་མཛེས་ཤིང་ལྷམ་པ། གློ་འབུར་མེ་ལོང་ལྟ་བུ་སོགས་ཡེ་ཤེས་རེ་རེའང་ལྷག་པའི་ཡེ་ཤེས་བཞི་བཞིར་ལྡན་པའི་བརྡར་གྲུ་ཆད་ལས་འཕྱར་ཐབས་སུ་འབུར་བའི་རིགས་བཞིའི་ཁ་དོག་ཅན། རྩེ་མོ་ཕྱོགས་དུས་མཉམ་པ་ཉིད་ཀྱི་སྤྱོད་ཡུལ་བརྙེས་པའི་བརྡར་སངས་རྒྱས་ཀྱི་གཙུག་ཏོར་ལྟར་བལྟར་མི་མངོན་པ་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བ་སྟེ་དྲུག །རྒྱན་ལ་རྣམ་གྲངས་བདུན་ལས། འོག་བཞིའི་རྒྱན་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ལྔ་རྟག་ཏུ་ཆོས་ཉིད་ཀྱི་ཡུལ་ལས་མི་འདའ་བའི་ཕྱིར་འཁོར་ལོ་རྩིབས་བཞི་རྡོར་དང་བཅས་པ། ལོགས་རྒྱན་ཡེ་ཤེས་ཀྱི་རྩལ་སྣང་ཅིར་ཡང་འཆར་ཞིང་དེ་ཐམས་ཅད་བདེ་བ་ཆེན་པོའི་རྒྱན་དུ་མ་གྱུར་པ་མེད་པའི་བརྡར་རྩིག་པ་རིམ་པ་ལྔའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དང་ཕྲེང་བ་ལ་སོགས་པས་སྤ་ཞིང་སྟོན་པ་ཉིད་བདེ་བའི་ལོངས་སྤྱོད་ཀྱི་མཆོག་ལ་བརྟེན་ནས་འགྲུབ་པའི་བརྡར་འདོད་སྣམ་ལ་མཆོད་པའི་ལྷ་མོའི་ཚོགས་ཀྱིས་རྣམ་པར་


TN01_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ། སྟེང་རྒྱན་ཆོས་ཀྱི་འཁོར་ལོ་དང་ཐུགས་རྗེའི་གདུགས་དཀར་དང་ཐབས་དང་ཤེས་རབ་གཅིག་ཏུ་འདུས་པའི་ཡེ་ཤེས་བླ་ན་མེད་པ་རྣམས་ཀྱི་བརྡར་ཆོས་འཁོར་དང་རིན་པོ་ཆེའི་གདུགས་དང་རྡོ་རྗེའི་ཏོག་གིས་མཛེས་པ། སྒོ་དང་རྟ་བབས་ཀྱི་རྒྱན་རྣམ་པར་ཐར་བའི་མཐུ་བསམ་གྱིས་མི་ཁྱབ་པའི་བརྡར་རི་དྭགས་ཆོས་ཉན་དང་ཆོས་འཁོར་དང་གཞན་ཡང་དྲིལ་བུ་དང་མེ་ལོང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པ། སྒོའི་ཕྱི་རོལ་གྱི་རྒྱན་ཏཱ་ལའི་ལྗོན་པ་དང་དཔག་བསམ་ཤིང་གི་ནགས་ཚལ་ལ་བྲིས་པའི་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ་སོགས། ངོ་བོ་ཉིད་ཀྱི་རྒྱན་བདེན་པ་བཞི་དང་བདེན་གཉིས་དབྱེར་མེད་མཚོན་པའི་གྲུ་ཆད་དང་བར་ཁྱམས་ལ་སོགས་པ་རྩ་བའི་ཕོ་བྲང་རང་ཉིད་ཀྱི་ཆར་གྱུར་པ། བདག་པོའི་རྒྱན་ལ། བདག་པོ་ཉིད་རྒྱན་དུ་བཞག་པ་དང་། དེའི་སྤྲུལ་པའི་འཕྲོ་འདུ་ལ་རྒྱན་དུ་བཞག་པ་དང་། བདག་པོ་ལ་ཡོད་པའི་ཡོ་བྱད་རྒྱན་དུ་བཞག་པའི་ལུགས་གསུམ་བྱུང་། སྟོང་སྨོན་མཚན་མེད་འོད་གསལ་ཏེ་རྣམ་པར་ཐར་བའི་སྒོ་བཞི་མཚོན་པའི་ཕོ་བྲང་གི་སྒོ་ཁྱུད་འགྲམ་ལོགས་གསུམ་དང་བཅས་པ་ཕྱོགས་བཞིར་སྣང་བ། འགྲེལ་ཆུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བ་རྒྱུད་དང་གཉིས་ཀ་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་ཡི། །རྣམ་ཐར་བརྒྱད་ཕྱིར་རྟ་བབས་བརྒྱད། །ཅེས་པ་ལྟར་རྒྱུའི་རྟ་བབས་བརྒྱད། རྣམ་ཐར་དེ་དག་གི་ཡོན་ཏན་མཐའ་དག་པར་རྫོགས་པའི་རྟགས་སུ་རྟ་རྐང་ལ་སོགས་པའི་འབྲས་བུའི་རྟ་བབས་བརྒྱད་དང་ལྡན་པ། གནས་ཀྱི་མཚན་ཉིད།


TN01_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་རྡོ་རྗེའི་ཚུལ་ལས་གཞན་དུ་མ་དམིགས་པར་གཟིགས་པའི་མཚོན་བྱེད་ཕྱི་ནང་མེད་པར་ཀུན་ཏུ་ནང་དུ་གྱུར་པ། གང་ན་ཁྲི་མི་འཇིགས་པ་སེང་གེའི་ཁྲི་ལ་སོགས་པ་སྲོག་ཆགས་ཀྱི་གདན་དང་ཐབས་ཤེས་དབྱེར་མེད་པའི་བརྡར་ཉི་ཟླའི་གདན་དང་སྲིད་ཞིའི་རྒུད་པ་ལས་འདས་པའི་བརྡར་པདྨ་དང་རེ་བ་ཡིད་བཞིན་སྐོང་བའི་བརྡར་རིན་པོ་ཆེའི་ཁྲི་སྟེ་སྟོན་པའི་གདན་ལྔ་བརྩེགས་དང་གཞན་ལ་ཡང་ཅི་རིགས་པ། འདིར་བླ་མ་འགའ་ཞིག་སྲོགས་ཆགས་ཀྱི་གདན་རྣམས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སྨོན་ལམ་གྱི་དབང་གིས་ལུས་གདན་དུ་ཕུལ་བ་ཡིན་ཞིང་། འོ་ན་སྟོན་པའི་ཡོན་ཏན་མི་འཇིགས་པ་ལ་སོགས་པའི་མཚོན་བྱེད་དུ་འགལ་ཞེ་ན་བླ་མའི་བཞོན་པ་ཁོང་གི་བསོད་ནམས་ཀྱིས་གྲུབ་པ་དང་གཞན་གྱིས་དད་པས་ཕུལ་བ་གཉིས་ཁོང་ལས་རྒྱུད་ཐ་དད་ཀྱི་རྟ་གཅིག་ལ་འདུ་ཆོག་པ་བཞིན་ནོ་ཞེས་འཆད་ལ་བདག་ཉིད་ཆེན་པོ་འགའ་ཞིག་དེ་དག་སྟོན་པ་ཉིད་ཀྱི་ཡེ་ཤེས་འབའ་ཞིག་གིས་བསྡུས་པར་བཞེད་ཀྱང་གདན་ཁྲི་ལ་དེ་གཉིས་ཀ་ཡོད་པ་མི་འགལ་ལོ། །ལྔ་པ་འཁོར་ཕུན་སུམ་ཚོགས་པ་ལ་རང་བཞིན་གཉིས་སུ་མེད་པ་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་གཉིས་ལས། དང་པོ་ནི། གཟུགས་ལ་སོགས་པའི་ཕུང་པོ་ལྔ་སྟོན་པ་རིགས་དྲུག་པའི་ཡེ་ཤེས་བདེ་སྟོང་ཐིག་ལེ་ཆེན་པོར་བྱང་ཆུབ་པའི་རྣམ་པ་རྟགས་ཀྱི་ཕྱག་རྒྱ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རིགས་ལྔ་དང་འབྱུང་བ་ལྔ་རྣམ་པར་དག་པ་དེ་བཞིན་གཤེགས་མ་ལྔའོ། །གཉིས་པ་ལ། རྒྱལ་


TN01_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་སེམས་དཔའ་དང་། འཇོམས་བྱེད་ཁྲོ་བོའི་འཁོར་གཉིས་ཏེ། དང་པོ་རྣམ་པར་ཤེས་པ་བཞི་ཡུལ་དང་བཅས་པ་དག་པའི་ཕྱག་རྒྱ་ནང་གི་སེམས་དཔའ་ཡབ་ཡུམ་དང་། དབང་པོ་བཞི་དུས་དང་བཅས་པ་གནས་སུ་དག་པ་ཕྱིའི་སེམས་དཔའ་ཡབ་ཡུམ་བཞིའོ། །གཉིས་པ་ཕྱི་ལུས་ཀྱི་ཆོས་བཞི་དང་ནང་གསང་བའི་ཁམས་བཞི་དང་ཕྱིན་ཅི་ལོག་གི་རྟོག་པ་བཞི་གནས་སུ་དག་པ་སྒོ་བ་ཡབ་ཡུམ་རྣམས་སོ། །དེ་དག་ནི་རྣམ་པའི་ཆ་ནས་གཙོ་དང་འཁོར་གྱི་ཚུལ་དུ་བསྟན་པ་མ་གཏོགས་དོན་ལ་ཡེ་ཤེས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཁོ་ན་ཡིན་ཅིང་། དེ་ལས་གཞན་ཡང་སྟོན་པ་ཉིད་དང་རྒྱུད་ཐ་དད་ཀྱི་གདུལ་བྱ། རིག་འཛིན་རྣམ་པ་བཞིའི་ས་ལ་གནས་པ་མཐའ་ཡས་པ་ཞིག་ཀྱང་ཡོད་དེ་འདིའི་ཡིག་ཆ་འགའ་ཞིག་ཏུ་འཁོར་སྔ་མ་གཉིས་ལས་གཞན་པ་དད་པས་གཏམ་ཉན་པའི་འཁོར་ཞེས་བཤད་པ་གཙོ་བོར་ཁོག་གཞུང་ལས། དད་པས་ཉན་པའི་ལྷ་ཆེན་རྣམས། །ཞེས་པ་ལ་དགོངས་ཀྱང་འདི་ཡང་དེར་བསྡུས་ན་ལེགས་སམ་སྙམ་མོ། །གོ་ཕྱེ་བའི་འཁོར་རྣམས་ནི་སྟོན་པ་ལོངས་སྤྱོད་རྫོགས་སྐུའི་དངོས་ཀྱི་གདུལ་བྱར་མི་འཐད་པས་སྤྲུལ་པའི་སྐུ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པའི་གདུལ་བྱར་འགྱུར་ཞིང་དེ་ཉིད་ལོངས་སྤྱོད་རྫོགས་སྐུའི་གདུལ་བྱར་ཡང་བརྒྱུད་ནས་འགྱུར་བ་ལ་དགོངས་ཏེ་སྐབས་འདིའི་འཁོར་དུ་བཤད་པ་ཡོད་དོ། །གཉིས་པ་ལའང་ཕུན་སུམ་ཚོགས་པ་ལྔ་ལས། དང་པོ་སྟོན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་ཁྱབ་བདག་རིགས་དྲུག་པ་ཉིད་གདུལ་བྱ་རུ་ཏྲའི་ངོར་འདུལ་བྱེད་གཉེན་པོ་སྟོབས་


TN01_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་ཕྲིན་ལས་ཕྱག་རྒྱའི་སྐུ་མཆོག་འཇིགས་མཛད་རྡོ་རྗེ་སྲིན་པོའི་རྣམ་རོལ་དུ་བཞེངས་པ། གནས་མཁའ་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་ཁྲག་གི་རྒྱ་མཚོའི་དཀྱིལ་ཞིང་ཆེན་གྱི་ས་གཞི་ཀེང་རུས་ཀྱི་རི་རབ་བརྩེགས་པའི་སྟེང་ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཆེན་པོའི་ཀློང་ན། འཁོར་གདུལ་བྱ་གསང་སྔགས་ཀྱི་ཆོས་ཟབ་མོ་ལ་ལས་འཕྲོ་ཡོད་ཀྱང་རེ་ཞིག་གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་བའི་རྒྱུས་སྲིན་པོ་ལས་ཀྱི་རྫུ་འཕྲུལ་ཅན་མཐུ་དང་དབང་ཆེ་བར་གྱུར་པ་དང་། འདུལ་བྱེད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་རིགས་ལྔ་དང་གནས་ཡུལ་སྒོ་མའི་ཚོགས་དང་བཅས་པ། ཆོས་ཕུན་སུམ་ཚོགས་པ་ཕོ་རྒྱུད་སྒྲོལ་བས་འདུལ་བ་ང་རྒྱལ་ཆེན་པོའི་ཏིང་ངེ་འཛིན་གྱི་རོལ་པས་གདུག་པ་ཅན་དེ་དག་གི་ཕུང་པོ་ནང་ཁྲོལ་དང་བཅས་པ་ཞལ་དུ་བསྟབས་ཤིང་དྲེགས་པ་ཅན་རྣམས་ཀྱི་ཆུང་མ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་གཙོ་དང་འཁོར་དུ་བཅས་པ་ཆགས་པས་རྗེས་སུ་འཛིན་པའམ། མོ་རྒྱུད་སྦྱོར་བས་འདུལ་བ་ལ་སོགས་པ་རྨད་དུ་བྱུང་བའི་ཆོ་འཕྲུལ་དང་། དུས་ཕུན་སུམ་ཚོགས་པ་གདུག་པ་ཅན་རྣམས་འདུལ་བའི་དུས་ལ་བབ་པ་ནའོ། །གསུམ་པ་སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞི་ལའང་ལྔ་ལས། དང་པོ་སྟོན་པ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོར། རྒྱལ་བ་གཅིག་གི་གཟུགས་སྐུ་ཡང་སེམས་ཅན་གྱི་བསམ་པའི་དབང་གིས་ལྷ་དང་ལྷ་མིན་ལ་སོགས་པར་སྣང་ལུགས་མཐའ་ཡས་པ་


TN01_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འོང་བར་གསུངས་པ་རྣམས་རིགས་བསྡུས་ནས་འགྲོ་འདུལ་ཐུབ་པ་ཆེན་པོ་དྲུག་ཏུ་བསྟན་པ་ཡིན་ཞེས་བླ་མ་རྣམས་འཆད་དོ། །གཉིས་པ་འཁོར་རིགས་ཅན་རྣམ་པ་གསུམ་གྱི་གདུལ་བྱ་དགེ་སློང་ཕ་མ་དང་དགེ་བསྙེན་ཕ་མ་སྟེ་འཁོར་རྣམ་པ་བཞི་ལ་སོགས་པ། གསུམ་པ་གནས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་སྣྲེལ་གཞི་དང་ཡས་མན་གྱི་རྒྱུད་དུ་གཏོགས་པ། བཞི་པ་ཆོས་ལ་འདུལ་བ་རྣམ་པ་བཞི་ལས། དང་པོ་སྐུ་བསོད་ནམས་ཆེན་པོས་འདུལ་བ་ནི། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །དེ་བཞིན་དུ་ཐུགས་མངོན་སུམ་པས་འདུལ་བ་རྒྱུད་འདིའི་ལེའུ་གསུམ་པ་ནས་འབྱུང་བའི་མངོན་ཤེས་ཆེན་པོ་དྲུག་དང་། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་སེམས་ཀྱི་སྐད་ཅིག་རེ་རེ་ལའང་སངས་རྒྱས་ཀྱི་མཛད་པ་མུ་མཐའ་མེད་པར་སྟོན་པ་དང་


TN01_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རིག་པས་འདུལ་བ་སེམས་ཅན་གྱི་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་ཅིང་སྟོན་པར་འགྱུར་བ་རྣམས་ཏེ། ཆོས་ཕུན་སུམ་ཚོགས་པ་དངོས་ནི་གསུང་གི་རྣམ་རིག་གིས་འདུལ་བ་ཉིད་ལ་བྱའོ། །གཉིས་པ་རྐྱེན་གླེང་བསླང་བ་ལ། ངོ་བོ་ནི། ཐུགས་ཐིག་ལས། སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་བསླང་སྟོན་དང་འཁོར། །གནང་འདྲིའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུང་ལ་མ་རག་པ། །ཞེས་པས། སྟོན་འཁོར་དྲི་ལན་གྱི་སྦྱོར་བས་རྒྱུད་དོན་གདུལ་བྱའི་བློ་དང་འཚམས་པར་འབྱུང་མ་རག་པ། ངེས་ཚིག །ཅིའི་ཕྱིར་གླེང་བསླང་ཞེས་བྱ་ན། གང་གླེང་བར་བྱ་བ་རྒྱུད་དོན་ཡིན་ལ་དེ་ཉིད་གླེང་བར་བསྐུལ་བ་ནི་བསླང་བ་སྟེ་བསྟན་པ་འབྱུང་བའི་རྐྱེན་བྱེད་པའི་ཕྱིར་རོ། །དབྱེ་ན་ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གླེང་བསླང་གཉིས། དང་པོ་ལ་ལྷན་ཅིག་པའི་འཁོར་ལ་གསང་དབང་བསྐུར་བ་དང་དབང་གོང་མ་གཉིས་ལྷན་ཅིག་ཏུ་བསྐུལ་བའོ། །དང་པོ་ནི། སྤྱིར་འདི་དང་ཕྱོགས་མཐུན་གྱི་རྒྱུད་སྡེ་གཞན་ལས་གསང་དབང་གི་ལམ་དུ་སྔགས་བླ་མེད་ཀྱི་སྦྱོར་ལམ་འཇོག་ཅིང་། འདིའི་བཀའ་སྲོལ་ལ་སྟོན་པ་ཉིད་དང་ལྷན་ཅིག་པའི་འཁོར་གྱི་གཙོ་བོ་ས་བཅུའི་དབང་ཕྱུག་རྣམས་ཀྱང་གསང་དབང་བསྐུར་བའི་ཡུལ་དུ་གསུངས་པ་གཉིས་ནི་བདག་བྱིན་རློབ་པའི་རྣལ་འབྱོར་ལ་ངོས་འཛིན་མི་འདྲ་བའི་དབང་གིས་ཡིན་ཏེ། རྒྱུད་དེ་དག་ཏུ་སྒྱུ་མའི་ལུས་


TN01_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཤད་ཅིང་རྒྱུད་འདིའི་བཀའ་སྲོལ་ལས་གཞན་ལུས་ཀྱི་སྔོན་དུ་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལས་སུ་རུང་བར་བྱེད་པ་རང་ལུས་ཐབས་ལྡན་གྱི་ལམ་ལ་མཛད་པའི་ཕྱིར་རོ། །དེ་ལྟ་ནའང་དཔྱད་པའི་གནས་ཆེས་ཤིག་ཏུ་སྣང་ལ། སྐབས་འདིའི་བཤད་ཚུལ་དེ་ལའང་ཐབས་ཉིད་ཤེས་རབ་ཏུ་སྦྱོར་ཚུལ་དང་ཤེས་རབ་ཐབས་སུ་སྦྱོར་ཚུལ་ཐབས་ཤེས་གཉིས་མེད་དུ་སྦྱོར་ཚུལ་གསུམ་གྱི་སྒོ་ནས་ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་སྟེ་ཆོས་ཐམས་ཅད་ཡེ་ཤེས་རང་སྣང་དུ་གཏན་ལ་ཕབ་པ་དང་། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་སྟེ་དོན་དམ་སྟོང་པ་ཉིད་མཉམ་ཉིད་སྤྲོས་བྲལ་ཆེན་པོར་ཆེད་དུ་བརྗོད་པ། ཡབ་ཡུམ་གཉིས་མེད་ཀྱིས་ཐབས་ཤེས་གཉིས་མེད་ཀྱི་ཆ་བཟུང་སྟེ་ལྷག་པའི་བདེན་པ་དབྱེར་མེད་ཟབ་ཅིང་རྒྱ་ཆེ་བའི་སྒོ་ནས་འཁོར་ལ་གོ་བར་མཛད་པའོ། །གཉིས་པ་ལ་དབང་གཉིས་ཀྱི་སྔོན་འགྲོ་ཐུན་མོང་བ་ནི། ལྷན་ཅིག་པའི་འཁོར་རྣམས་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་ཐབས་ཀྱིས་བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་རྣམ་པར་དྲངས་པ་སྟེ། འདྲེན་ཚུལ་ནི་ལེའུ་གཉིས་པའི་སྐབས་ཀྱི་གཞུང་བཤད་དུ་འཆད་དོ། །དེ་ནས་དངོས་གཞི་ཡབ་ཡུམ་སོ་སོའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་གཉིས་རྡོ་རྗེ་དང་པདྨའི་སྣ་རྩེར་ཞལ་མཇལ་བའི་ཡས་བབས་ཀྱི་དགའ་བཞི་ལུགས་འབྱུང་དུ་ཤར་བས་བདེ་སྟོང་མཉམ་པར་སྦྱོར་ཞིང་། དེ་ཉིད་སླར་ལྡོག་པའི་ཐབས་ཀྱིས་རང་གནས་སུ་འོང་བ་མས་བརྟན་གྱི་དགའ་བ་བཞིའི་འགྲོས་ཀྱིས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའོ། །


TN01_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བྱུང་གི་ཟབ་དབང་གསུམ་པོ་འདི་མ་འོངས་གོ་ཕྱེ་བའི་འཁོར་ལ་ལྟོས་ནས་རྒྱུད་འབྱུང་བའི་གླེང་བསླང་དང་། ལྷན་ཅིག་པའི་འཁོར་རང་ལ་ལྟོས་ནས་རྒྱུད་དོན་དངོས་སུ་འགྱུར་ཞེས་བཤད། གཉིས་པ་ནི་འཁོར་རྣམས་ཀྱིས་གཞན་དོན་དུ་གསང་བ་ཆེན་པོ་བཞིས་ཆོད་པའི་ཟབ་དོན་དེ་ཁོ་ན་ཉིད་ཀྱི་གསང་བ་འཆད་པར་བསྐུལ་ཞིང་དེ་ལ་བརྟེན་ནས་ཞལ་འཛུམ་པ་དང་ལྗགས་རྐྱོང་བ་སོགས་སྟོན་པ་དགྱེས་པའི་ཉམས་དྲུག་གིས་རྒྱུད་འཆད་པར་ཞལ་གྱིས་བཞེས་པའོ། །སྤྱི་དོན་གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་འཆད་པ་ལ། རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པ། རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས། སྤྱིར་རྒྱུན་ཆགས་པའི་དོན་གྱིས་ན་རྒྱུད་ཅེས་བྱ་སྟེ། དབྱེ་ན། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་ལས། དང་པོ་ནི། བརྟགས་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། དཔེ་ཆུང་རང་གནས་ལས། མི་ཤིགས་ཡེ་ཤེས་ཐིག་ལེ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །གཅིག་དང་དུ་མ་རྣམ་སྤངས་པ། །སྣ་ཚོགས་སྣང་ལ་མཚོན་


TN01_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད། །ཅེས་གསུངས་ཤིང་། །གཞན་ཡང་འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་པ་ལས། ཕྱེད་ཚད་ཙམ་གྱི་ཕྲ་མོ་མཆོག །ཡིད་ཀྱི་དངོས་པོ་ཐིག་ལེའི་གཟུགས། །རྟག་ཏུ་སྙིང་གི་དབུས་གནས་པ། །འོད་ཟེར་ཆེན་པོ་འབར་བ་ཅན། །ཞེས་དང་། འོད་གསལ་གྱི་རྒྱུད་ཉི་ཟླ་ཁ་སྦྱོར་ལས་ཀྱང་། ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞི་བའི་དཀྱིལ་འཁོར་བཞི་བཅུ་གཉིས། །སྐུ་ནི་སྣང་ལ་རང་བཞིན་མེད། །ཆ་ཕྲ་འོད་གསལ་སྙིང་པོར་བཞུགས། །ཞེས་སོགས་མང་དུ་གསུངས་པ་བཞིན་གཞི་འཆིང་གྲོལ་མེད་པའི་གནས་ལུགས་རིག་པ་བྱང་ཆུབ་ཀྱི་སེམས་རྒྱུ་རྐྱེན་གསར་བྱུང་ལ་མི་ལྟོས་པར་ཡེ་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཤིན་ཏུ་ཕྲ་བ་གཉུག་མའི་ཐིག་ལེར་གནས་པ་སྟེ། དེ་ལ་གཞི་ཞེས་བརྗོད་པའི་རྒྱུ་མཚན་ནི། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་འཁོར་འདས་ཀྱི་ཆོས་ཐམས་ཅད་རྩ་བ་འོད་གསལ་བའི་ཡེ་ཤེས་ལས་རང་སྣང་བ་སྟེ། དེའི་ཕྱིར་ཤེས་བྱ་ཐམས་ཅད་སྣང་བའི་གཞིར་གྱུར་པས་ན་གཞིའི་རྒྱུད་ཅེས་བྱ་ལ། ཇི་ལྟར་འཁོར་བའི་ཆོས་ཐམས་ཅད་འོད་གསལ་གྱི་རྩལ་སྣང་དུ་ཤར་བ་ཡིན་ཞེ་ན། ཀླུ་སྒྲུབ་རྡོ་རྗེ་ཅན་གྱིས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་གསུངས་པ་ལྟར་རིག་པ་རང་གནས་ཀྱི་ཡེ་ཤེས་དེ་ཉིད་མེད་ན་དེ་ལས་བྱུང་བའི་སྣང་བ་གསུམ་ཡང་མེད་


TN01_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ལ། དེ་མེད་ན་སྣང་གསུམ་ལས་སྐྱེས་པའི་རང་བཞིན་བརྒྱད་ཅུའི་སེམས་ཀྱང་མེད་པར་འགྱུར་ཏེ། རྡོ་རྗེ་ཕྲེང་བར། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདིར་རྣམ་ཤེས་གསུམ་ཐོབ་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཀུན་རྟོག་ལས་རླུང་གི་བཞོན་པ་ཅན་ལ་བརྟེན་ནས་སྲིད་པ་ཕྱི་མར་འཕེན་བྱེད་ཀྱི་ལས་གསོག་ཅིང་། ལས་དེའི་དབང་འབྲས་སུ་བརྟན་པ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་ཤར་བའི་ཕྱིར་ཏེ། སློབ་དཔོན་ལེགས་ལྡན་བྱེད་ཀྱིས། སེམས་ཅན་ལས་ཀྱི་དབང་གིས་རི། །ནག་པོ་དུས་སུ་སྐྱེས་ཏེ་དཔེར། །སེམས་དམྱལ་མཐོ་རིས་འཇིག་རྟེན་ན། །མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་སོ། །ཇི་ལྟར་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འོད་གསལ་གྱི་ཡེ་ཤེས་ལས་སྣང་བ་ཡིན་ཞེ་ན། ཡང་མགོན་པོ་ཀླུས། སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་གཞི་དུས་ཀྱི་ཆོས་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཨེ་ཝཾ་མཉམ་པར་སྦྱོར་བའི་རྣལ་འབྱོར་ལ་བརྟེན་ནས་འབྲས་བུ་ཤིན་ཏུ་རྣམ་པར་དག་པ་ཡེ་ཤེས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་རྫོགས་ཤིང་དེའི་རང་རྩལ་ལས་སངས་རྒྱས་ཀྱི་སའི་གནས་ལུས་


TN01_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཐམས་ཅད་རྣམ་པར་སྣང་བ་ཡང་རྒྱུད་འདིའི་ལེའུ་དགུ་པ་ལས། ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །ཞེས་སོགས་གསུངས་པ་བཞིན་ནོ། །རྒྱུ་མཚན་དེ་ལ་དགོངས་ནས་མདའ་བསྣུན་ཞབས་ཀྱིས་ཀྱང་། སེམས་ཉིད་གཅིག་པོ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེས་ན་སེམས་ཉིད་དེའི་ཆར་གྱུར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། དེ་དག་གི་དབྱེ་གཞི་དབྱིངས་དང་ཡེ་ཤེས་གཉིས་ཏེ་བདུན་ལ་དོན་དམ་དཀོར་བདུན་ཞེས་ཀྱང་གསུངས་ཏེ་སེམས་ཀྱི་གནས་ལུགས་ཀྱང་ཡིན་ལ་འབྲས་ཆོས་རྒྱ་མཚོ་ལྟ་བུའི་སྣང་གཞིར་གྱུར་པས་དཀོར་མཛོད་ཀྱང་ཡིན་པའི་ཕྱིར་རོ། །བཀའ་སྲོལ་འདིར་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་ཞེས་བྱ་བའང་དེ་ཉིད་ཡིན་ཏེ། གོང་དུ་རྒྱན་བདུན་པའི་སྐབས་སུ་བཤད་པའི་བདེན་གཉིས་དབྱེར་མེད་ཀྱི་བསྒྲུབ་གཞི་དང་། མདོ་རྒྱུད་འོག་མ་རྣམས་སུ་མ་གྲགས་པའི་གཞི་གནས་ཀྱི་ཆོས་སྐུ་ཡིན་པའི་ཕྱིར་རོ། །རིམ་གསུམ་ལས། དང་པོ་རྣམ་


TN01_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཡིན་ཏེ། །ངོ་བོའི་གཞི་དང་བཏགས་པའི་གཞི། །ཞེས་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱང་གཞི་རྒྱུད་དུ་གསུངས་པ་ནི་ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་ཙམ་ལ་དགོངས་ཏེ། སྒྲས་བརྗོད་རིགས་ཀྱི་དབྱེ་བ་མཛད་པར་སྣང་གི་།གཞི་རྒྱུད་མཚན་ཉིད་པར་འཇོག་པ་མིན་ནོ། །གཉིས་པ་ལའང་ངོ་བོ། རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམས་གསུམ་གྱིས། །སེམས་ལྔ་སྐྱེས་པར་བསྟན་པ་ཡིན། །ཞེས་ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་གྱིས་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ་སྐྱེ་བ་ལ་འཆད་པ་དང་། མཆོག་གི་སེམས་ལྔའི་སྐྱེ་ལུགས་ཀྱང་གསང་སྔགས་བླ་མེད་ཀྱི་ལམ་གྱི་ཆེ་བ་ལ་སྤྲོ་ཞིང་འདུན་པའི་སེམས་མགོ་ལྡང་བའི་ཚུལ་དུ་སྐྱེ་བ་གཡོ་ལྡང་བྱང་ཆུབ་ཀྱི་སེམས། ཐེག་པ་དེའི་ཡོན་ཏན་ཐོབ་ན་སྙམ་པ་སྨོན་པ་བྱང་ཆུབ་ཀྱི་སེམས། དེ་ལ་འཇུག་པ་འཇུག་པ་བྱང་ཆུབ་ཀྱི་སེམས། དེ་ལ་གནས་པ་གནས་པ་བྱང་ཆུབ་སེམས། དེའི་འབྲས་བུ་ཐོབ་པ་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་སུ་འཆད་པ་བཀའ་སྲོལ་ཡིན་ནོ། །དེ་ལ་དབྱེ་ན། ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ་གཉིས། དེ་གཉིས་ཀྱི་ཁྱད་པར། གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་ཐབས་ལམ། གཙོ་བོར་ཤེས་རབ་རྣམ་པ་


TN01_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པ་གྲོལ་ལམ་ཡིན་ཏེ། དེ་གཉིས་ཀ་ཟུང་འབྲེལ་དུ་བྱས་ནས་འབྲས་བུ་སྒྲུབ་པ་ཡིན་གྱི། གཅིག་ལ་གཅིག་མི་ལྟོས་ན་གྲོལ་ལམ་ཚོགས་སྒྲུབ་ཀྱི་སྐབས་སུ་ཐབས་ལམ་འོག་སྒོའི་གདམས་ངག་ཉམས་སུ་ལེན་པ་དང་། ཐབས་ལམ་གྱི་གནད་ཐམས་ཅད་གྲོལ་ལམ་གྱི་ལྟ་བས་འཛིན་དགོས་པ་སོགས་མི་རིགས་པའི་ཕྱིར་རོ། །དེའང་རྫོགས་རིམ་གྱི་དབང་དུ་བྱས་ནས་བཞག་པ་གཙོ་ཆེ་ཞིང་ཐབས་ལམ་སྟེང་འོག་གི་སྒོ་གཉིས་ཀྱི་རྣལ་འབྱོར་སྒོམ་པ་ནི་རྫོགས་རིམ་ལ་ཐོག་མར་སློབ་པའི་ལས་དང་པོ་པས་ཀྱང་གཙོ་བོར་བྱེད་ལ། གྲོལ་ལམ་གྱི་སྐབས་སུ་བཤད་པའི་མཐོང་བའི་རྗེས་ལ་འཇོག་པ་དང་། རིག་པ་སྤྱི་བླུགས་སུ་འཇོག་པ་གཉིས་ནི་ཐེག་མཆོག་རྒྱལ་པོའི་རྒྱུད་ལྟར་ན་རྣམ་བཞག་གཞན་ཡང་ཡོད་མོད་ཀྱི། འདི་སྐོར་ལ་ནི་རིམ་གཉིས་ཀྱི་རྟོགས་པ་མཐོན་པོའི་སྐབས་ཤིག་ལ་གཟིགས་ནས་གསུངས་པར་མངོན་ནོ། །ཐབས་ལམ་ལ་དབྱེ་ན་གཉིས་ཏེ། སྟེང་སྒོ་འཇུ་འདུལ་དང་། འོག་སྒོ་མཁའ་གསང་རོལ་བའོ། །དང་པོ་ནི། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པས། འཁོར་ལོ་གསུམ་གཉིས་དྲུག་ཡིན་ཞིང་། སྲོག་ཤིང་གསུམ་ནི་རྩ་དབུ་རྐྱང་རོ་གསུམ་སྟེ། ལུས་ཀྱི་དབུས་སུ་སྲོག་ཤིང་ལྟར་གནས་པ་དེ་ལ་བརྟེན་ནས་སྤྱི་བོའི་


TN01_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་འདབ་སོ་གཉིས། །མགྲིན་པར་བརྒྱད་གཉིས་བཅུ་དྲུག །སྙིང་གར་རྩ་འདབ་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི། དེའི་འོག་ཏུ་སྤར་བྱ་མེའི་འཁོར་ལོ་གྲུ་གསུམ་རཾ་གྱིས་མཚན་པ། དེའི་འོག་ཏུ་སྤོར་བྱེད་རླུང་གི་འཁོར་ལོ་གཞུའི་དབྱིབས་ཅན། ཆང་ཟུང་ཡཾ་གིས་མཚན་པ་དང་དྲུག་གནས་ཤིང་། མེ་རླུང་འགྲོ་བས་ནམ་མཁའི་བ་ཞེས་པ། སྟེང་རླུང་མནན་པ་ལྟེ་འོག་ཏུ་སླེབས་པ་དང་། འོག་རླུང་བསྐུལ་བའི་རྐྱེན་གྱིས་གསུམ་མདོའི་རླུང་གི་དཀྱིལ་འཁོར་གཡོས་པས་མེའི་དཀྱིལ་འཁོར་སྦར། མེ་རླུང་གཉིས་དབུ་མའི་ལམ་བརྒྱུད་ནས་སྤྱི་བོའི་ཧཾ་ཡིག་ནམ་མཁའི་བ་ཞེས་ཐ་སྙད་བཏགས་པ་ལས། བ་ལས་འོ་མ་འཇོ་བ་ལྟར་ཧཾ་ཡིག་ལས་བྱང་སེམས་དངུལ་ཆུའི་རྡོག་པོ་ལྟར་འཛག་པས་སྤྱི་བོའི་རྩ་འཁོར་གང་། དགའ་བའི་ཡེ་ཤེས་སྐྱེས། དེ་བཞིན་མགྲིན་པ། སྙིང་ག་།ལྟེ་བ་རྣམས་སུ་དབབ་པས་དགའ་བཞིའི་ཡེ་ཤེས་སྐྱེས་པ་ལ་བསླབ་པ་ནི། ཐབས་ལམ་སྟེང་སྒོའི་ལམ་གྱི་རིམ་པའོ། །ཞེས་ལེགས་བཤད་རོལ་མཚོ་ལས་བཤད་དོ། །མདོར་ན་ཚུལ་འདི་ནི་རྒྱུད་ཀྱི་ལེའུ་བཅུ་གསུམ་པར་གསུངས་པའི་ཀུན་ཏུ་བཟང་པོའི་མན་ངག་ལ་སོགས་པ་འཁོར་ལོ་བཞིར་གནད་དུ་བསྣུན་པའི་རྫོགས་རིམ་རྣམས་ལ་བྱའོ། །གཉིས་པ་ནི། རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས། ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་དང་། །


TN01_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་གསུངས་པ་ལྟར་སྦྱོར་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྟོན་ཏེ། མཚན་ཉིད་དང་ལྡན་པའི་ཡུམ་བཙལ་བ་དང་བརྟགས་པ་སོགས་བསྙེན་པའི་ཡན་ལག །བརྡ་བཞིས་བསྐུལ་ཏེ་ཕྱག་རྒྱ་བཞི་དང་འདུ་ཤེས་གསུམ་ལྡན་གྱི་སྙོམས་པར་འཇུག་པ་ཉེ་བར་བསྙེན་པའི་ཡན་ལག །དེ་ནས་ཡས་བབ་ཀྱི་དགའ་བ་བཞིའི་རིམ་པས་བྱང་ཆུབ་ཀྱི་སེམས་དབབ་ཅིང་བཟུང་བ་སྒྲུབ་པའི་ཡན་ལག །མཐར་བྱང་སེམས་ལྡོག་དགྲམ་གྱི་སྦྱོར་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་སྒྲུབ་པ་ཆེན་པོའི་ཡན་ལག་གོ། །གཉིས་པ་ལའང་རིམ་ཅིག་ཆར་གཉིས་ཡོད་དེ། །ལྟ་བ་དང་སྒོམ་པའི་དུས་སུ་དབྱེར་མེད་ཆིག་ཆོད་དུ་རྟོགས་ཤིང་གོམས་པ་ཅིག་ཆར་བ་དང་། དབྱེར་མེད་དུ་རིམ་གྱིས་རྟོགས་ཤིང་གོམས་པ་རིམ་གྱིས་པའོ་ཞེས་རོག་བདེ་གཤེགས་ཆེན་པོ་དང་རྗེ་སྒྲོལ་གཡུང་གཉིས་གསུངས་ཏེ་འདི་ཉིད་འཐད་ཕྱོགས་སུ་ལོ་ཆེན་རིན་པོ་ཆེ་ཡང་བཞེད་དོ། །དེ་ལྟར་བྱེད་ན་ནི་སྔགས་བླ་མེད་ཀྱི་ལམ་ལ་སྦྱངས་པ་སྔོན་སོང་གི་གང་ཟག་ཞིག་ཅིག་ཆར་བར་བཞག་ན་བདེ་ཞིང་། དེའི་རྒྱུ་མཚན་ཡང་སྐབས་འདིའི་གྲོལ་ལམ་པའི་གཙོ་བོ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་སྐལ་བ་ཅན་ཞིག་ལ་བྱས་ནས། དེ་འདྲ་དེས་དང་པོ་རྟེན་འདིར་ལམ་འདི་ལ་སློབ་ཚུལ་མྱུར་བུལ་གཉིས་སུ་འོང་བའི་སྒོ་


TN01_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞག་པར་སྨྲས་ན་ལེགས་ཀྱི། གཞན་དུ་ན་ཅུང་ཟད་དཀའ་བར་མངོན་ནོ། །ལམ་དེ་བཤད་ན། ལེའུ་བཅུ་གཉིས་པར། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་གསུམ་ལས། དང་པོ་ནི། འདིའི་སྐབས་ཀྱི་བཀའ་སྲོལ་ལས། སྔོན་བྱུང་དངོས་ལྔ། རྗེས་འཇུག་ཚུལ་ལྔ། ཚིག་ལྔའི་གཏན་ཚིགས་རྣམས་འཆད་ཀྱང་། དོན་ལ་ལྟ་བ་གཏན་ལ་འབེབས་པ་དངོས་ཀྱི་ཆར་དེ་ཀུན་མི་དགོས་པ་འདྲ་སྟེ། རྫོགས་པའི་སངས་རྒྱས་པདྨའི་ཞབས་ཀྱིས་མན་ངག་ལྟ་བའི་ཕྲེང་བར། ལྟ་བའི་སྐབས་སུ་རྟོགས་པ་བཞིའི་གཏན་ཚིགས་ཙམ་ལས་མ་བྱུང་བའི་ཕྱིར་རོ། །དེས་ན་འདིར་ཡང་གཙོ་བོར་དེ་བཤད་པར་བྱ་སྟེ། ལེའུ་བཅུ་གཅིག་པར། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པར། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པ་ལྟར་བཞི་ལས། དང་པོ་རྒྱུ་གཅིག་པའི་གཏན་ཚིགས་ནི། གུ་རུ་ལུགས་མཐོང་བས་དོན་རྟོགས་ལས། འཁོར་འདས་གཉིས་ཆོས་ཅན། རང་བྱུང་གི་ཡེ་ཤེས་སུ་རྒྱུ་གཅིག་པ་ཡིན་ཏེ། རྟོགས་


TN01_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་ཀྱི་བྱེད་པས་འཁོར་འདས་གཉིས་སུ་སྣང་བའི་ཕྱིར་ཞེས་འབྱུང་ཞིང་། ཞེ་འདོད་ལ། ཤེས་བྱ་ཆོས་ཅན། འཁོར་འདས་ཀྱི་ཆོས་རྣམས་གང་ལ་བརྟེན་ནས་སྣང་བའི་སྣང་གཞི་མཐར་ཐུག་གཅིག་ཚུལ་བཞག་ཏུ་ཡོད་དེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་འབའ་ཞིག་ཆོས་ཐམས་ཅད་ཀྱི་སྣང་གཞི་མཐར་ཐུག་ཏུ་འཇོག་ཚུལ་དེ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ས་ར་ཧས། གང་ཞིག་བླངས་ནས་སྐྱེ་ཤིའི་གནས་གྱུར་པ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་འགྲུབ་ཅེས། །སྐད་གསང་མཐོན་པོས་མདའ་བསྣུན་སྨྲ་བྱེད་ཀྱང་། །བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །ཞེས་གསུངས་པ་ལྟར་འཁོར་བའི་རྟེན་འབྲེལ་ལུགས་འབྱུང་གི་ཚེ་ཉེར་ལེན་གྱི་ཕུང་པོ་ལྔའི་བསྐྱེད་གཞི། རླུང་སེམས་ཐམས་ཅད་ཀྱི་ཐུག་ས་དང་། འཚང་རྒྱ་བ་ན་སྣང་གསུམ་ཤིན་ཏུ་ཕྲ་བའི་བར་གྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་སྦྱང་གཞི་མཐར་ཐུག་པ་འོད་གསལ་ཁོ་ན་ལ་བྱེད་ཚུལ་དེ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། འཁོར་འདས་ཀྱི་གཞི་གཅིག་ཚུལ་དེ་ལས་མཐར་ཐུག་པའི་རྒྱུ་གཅིག་པ་མ་ཡིན་པར་སྒྲུབ་བྱེད་ཀྱི་མཚན་མ་རྣམ་དག་མེད་པའི་ཕྱིར། ཞེས་ཡོད་པ་འདྲའོ། །གཉིས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ནི། སྔ་མ་ལས། སེམས་ཉིད་སྐྱེ་མེད་ཀྱི་མདངས་ཆོས་ཅན། རོལ་པ་འགགས་མེད་ལྷའི་སྐུ་གསུང་ཐུགས་སུ་


TN01_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་མ་འགགས་པར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར་ཞེས་བྱུང་། འདི་ལའང་བློ་རྩེ་ནི། རྒྱ་མཚོ་ལས་སྐུ་གསུང་ཐུགས་སུ་སྣང་བ་ཡི། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་གསུངས་པ་ལྟར། སེམས་ཉིད་སྐྱེ་མེད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ཀྱི་གདངས་སྒྱུ་མ་ལྟ་བུའི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ཅིར་ཡང་འཆར་དུ་རུང་སྟེ། རླུང་གི་བྱེད་རྩོལ་ལས་བྱུང་བའི་ཨ་ཡིག་གི་གདངས་གཅིག་གནས་ཀྱི་ཁྱད་པར་ལ་བརྟེན་ནས་ཡི་གེའི་བྱེ་བྲག་དུ་མར་འཆར་བ་བཞིན་ཡེ་ཤེས་ཀྱི་རླུང་ནི་ཅིར་ཡང་སྣང་དུ་བཏུབ་པའི་ཕྱིར་རོ། །ཞེས་པ་ཡིན་ཏེ་མན་ངག་ལྟ་བའི་ཕྲེང་བ་ལའང་འབྲེལ་འགྲིགས་པ་ཡིན་ནོ། །གསུམ་པ་བྱིན་གྱིས་རླབས་པའི་གཏན་ཚིགས་ནི། སྔ་མ་ལས། རང་བཞིན་སྐྱེ་མེད་དང་རོལ་པ་འགག་མེད་གཉིས་ཆོས་ཅན། ལྡོག་པ་སོ་སོར་སྣང་ཡང་ངོ་བོ་དབྱེར་མེད་ཀྱི་བྱིན་རླབས་ཤུགས་ལ་འབྱུང་བ་ཡིན་ཏེ། ལྷག་པ་དོན་དམ་གྱི་སྣང་ལྡོག་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར། ཞེས་བྱུང་ཡང་། འདི་ལ་གོ་བ་ལེན་ལུགས་ལེགས་པོ་ཞིག་རྙེད་དགོས་ཀྱི་བྱིན་གྱིས་བརླབས་པ་སྒྲུབ་བྱར་


TN01_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ངོ་ཞེས་མི་བསམ་སྟེ། རྒྱུད་ཀྱི་ཚིག་ཟིན་བཞི་ཀ་གཏན་ཚིགས་སུ་འདོད་ཕྱིན་ཆད་དེའི་ནང་ནས་ཁ་ཅིག་བསྒྲུབ་བྱ་དང་ཁ་ཅིག་རྟགས་སུ་བཀོད་པས་ཆོག་པར་མི་སྣང་ངོ་། །དེ་བཞི་གཏན་ཚིགས་རེར་ཁས་ལེན་པ་ལས་འོས་མེད་ཡིན་མིན་བརྟག་རྒྱུ་ཡོད་ནའང་ཡོངས་གྲགས་སུ་ནི་དེ་ལྟར་བརྟགས་པ་མི་མཛད་དོ། །དོན་དུ་ན་བྱིན་གྱིས་རླབས་པའི་གཏན་ཚིགས་ཟེར་ཚེ་བླ་མ་འགའ་ཞིག །ཤེས་བྱ་ཆོས་ཅན། བདེན་པ་གཉིས་དོན་ལ་ངོ་བོ་དབྱེར་མེད་ཡིན་ཏེ། རྣལ་འབྱོར་པས་བདེན་པ་གཉིས་སོ་སོ་ནས་གོ་བ་རྣམ་དག་རྙེད་ཀྱང་དེ་གཉིས་ངོ་བོ་དབྱེར་མེད་ལ་ངེས་པ་མ་འདྲོངས་པ་མེད་པར། བདེན་གཉིས་སོ་སོར་ངེས་པའི་བྱིན་རླབས་སམ་ནུས་མཐུ་ལས་དབྱེར་མེད་རྟོགས་པ་ངང་གིས་འབྱུང་བའི་ཕྱིར་ཞེས་འཆད་པ་ཅུང་ཟད་བདེའོ། །རྡོ་རྗེ་འཆང་ཆེན་པོ་པདྨ་སམྦྷ་བའི་མན་ངག་ལས་བཤད་པ་ནི། རྣལ་བྱོར་པའི་སེམས་ཀྱི་གནས་ལུགས་དང་དེའི་རང་རྩལ་ཡེ་ཤེས་ཀྱི་ནཱ་ད་གཉིས་པོ་འབའ་ཞིག་དག་པའི་རང་བཞིན་དུ་ཡེ་ནས་ཡོད་པར་མ་ཟད་དེའི་བྱིན་རླབས་སམ་ཆོ་འཕྲུལ་ལས་གང་སྣང་གི་ཆོས་ཐམས་ཅད་བདེ་བ་ཆེན་པོ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུར་རང་སྣང་བའི་རྣལ་འབྱོར་གྱི་མཐུ་འགྲུབ་པར་འགྱུར་རོ་ཞེས་བཤད་དེ་རྡོ་རྗེའི་གནས་ཤིན་ཏུ་བརླིང་བ་ཞིག་གོ་།བཞི་པ་མངོན་སུམ་པའི་གཏན་ཚིགས་ནི། མངོན་སུམ་པ་རྟགས་སུ་བཀོད་ནས་དེ་འདྲའི་མངོན་སུམ་མ་ཐོབ་པ་རྣམས་ལ་ངེས་ཤེས་སྐྱེད་པ་ཡིན་གྱི། མངོན་སུམ་


TN01_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འགོད་རྒྱུའི་གཏན་ཚིགས་ཟེར་བ་མིན་ནོ། །དེ་འགོད་ཚུལ་ནི། སྔ་མ་ལས། བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། ཞེས་བྱུང་དེའང་གཏན་ཚིགས་སྔ་མ་གསུམ་གྱིས་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་དེ་ཉིད་ཚད་མའི་གནོད་པ་དང་བྲལ་བར་བསྒྲུབས་ནས། འདིས་སྔགས་བླ་ན་མེད་པའི་ཆོས་ཀྱི་དེ་ཉིད་ཟབ་མོ་མ་མཐོང་བའི་བྱིས་པ་རྣམས་ལ་ལྷག་པའི་བདེན་གཉིས་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་ན་དེ་གང་གིས་རྙེད་པར་འགྱུར་སྙམ་པའི་དོགས་སྤོང་མཛད་པ་ཡིན་ཏེ། བདེན་གཉིས་ཐུན་མོང་མ་ཡིན་པའི་ཚུལ་འདི་ནི་རང་བཞིན་བརྒྱད་ཅུ་ལ་སོགས་པའི་རྣམ་ཤེས་རགས་པ་འཁོར་བཅས་ལ་མི་སྣང་ཡང་ནམ་ཞིག་སྒོམ་སྟོབས་ཀྱིས་ཡིད་ཆེས་པའི་མཚན་མ་དང་བཅས་ཏེ་མཐོང་བར་འགྱུར་བས་སེམས་རགས་པས་མ་མཐོང་བ་ཙམ་ལས་མེད་པར་ངེས་པ་མིན་ཞེས་པའི་དོན་དུ་བཤད་ན་སངས་རྒྱས་པདྨའི་མན་ངག་གི་དགོངས་པ་སྟེ་སྒྱུ་འཕྲུལ་རྒྱ་མཚོ་དང་ཡེ་ཤེས་རྔམ་གློག་གི་དགོངས་པའང་དེ་ཡིན་ལ། འདི་འདྲ་བའི་འགྲོ་ལུགས་རྡོ་རྗེ་སྙིང་འགྲེལ་ནའང་འགའ་རེ་ཡོད་དོ། །དེ་ལྟར་ན་དེ་དག་གིས་ཐེག་པ་གཞན་དང་རྒྱུད་སྡེ་གཞན་གྱི་ལམ་ནས་སྤྱད་དུ་མི་ནུས་པའི་སྣང་གསུམ་གྱི་བག་ཆགས་ཤིན་ཏུ་ཕྲ་བ་རྣམས་ལམ་འདིས་དཀའ་བ་


TN01_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སྤྱད་ནུས་པ་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་འགག་ཐུག་ཅིང་། རིམ་གཉིས་ལ་དེ་ལྟ་བུའི་གནད་གསང་ཡོད་པ་དེའང་མཐར་གཏུགས་ན་གཞི་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་ངོ་བོའི་བཞུགས་ཚུལ་འདི་ཉིད་ལྟ་བས་གཏན་ལ་ཕབ། སྒོམ་པས་ཉམས་སུ་བླངས། སྤྱོད་པས་བོགས་བཏོན་པ་ལ་རག་ལས་པར་དགོངས་ཏེ་རྟོགས་པ་བཞི་པོ་འདིས་རིམ་པ་གཉིས་ཀྱིས་གནད་དུ་བསྣུན་པ་གཙོ་བོ་དང་། སྐུ་གཉིས་ཀྱི་བསྒྲུབ་གཞི་མཐར་ཐུག་ངོས་བཟུང་ནས་སྔགས་བླ་མེད་ཀྱི་རྟོགས་དཀའི་གནས་ཆེ་ཤོས་བསྟན་པར་མཛད་ལ། ཕར་ཕྱིན་ཐེག་པ་དང་ཐུན་མོང་གི་བདག་མེད་པའི་ལྟ་བ་ཡང་རྒྱུ་གཅིག་པའི་ཚུལ་གྱི་ཕྱོགས་གཅིག་ན་ཡོད་པས་མདོར་ན་ལྟ་བ་གཏན་ལ་འབེབས་པའི་མན་ངག་ཆ་ཚང་བ་ཡིན་ནོ། །དག་པ་གསུམ་དང་མཉམ་པ་བཞིའི་ནང་ནས་སྔ་མས་ནི་སྣོད་རྣམ་པར་དག་པ་འོག་མིན་གྱི་ཞིང་དང་། བཅུད་རྣམ་པར་དག་པ་རྒྱལ་བའི་དཀྱིལ་འཁོར་དང་། རྒྱུད་རྣམ་པར་དག་པ་ཡེ་ཤེས་ཀྱི་རང་བཞིན་དུ་བལྟ་བའི་ལྷའི་རྣལ་འབྱོར་བསྟན་ཅིང་། མཉམ་པ་བཞི་ལ་བཤད་ལུགས་མི་འདྲ་བ་འདུག་ཀྱང་ཀུན་མཁྱེན་ཀློང་ཆེན་པ་སྣང་བརྟགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་མཉམ་དང་། ཐ་སྙད་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དུ་མཉམ་པ་ཐུན་མོང་གི་མཉམ་གཉིས་དང་། སྣང་བ་ལྷ་དང་དཀྱིལ་འཁོར་དུ་མཉམ་པ་དང་། ཡུལ་ཅན་ཡེ་ཤེས་བདེ་ཆེན་དུ་


TN01_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ལྷག་པའི་མཉམ་གཉིས་སུ་བཞེད་པ་ལྟར་མ་བྱས་ན་ཅུང་ཟད་དཀའ་བར་སྣང་ངོ་། །སྤྱིར་སྔགས་ཀྱི་ལྟ་བའི་སྐབས་སུ་སྣང་བ་ལྷར་སྒྲུབ་པའི་མན་ངག་གིས་ཆོས་ཐམས་ཅད་དག་མཉམ་ཆེན་པོར་གཏན་ལ་འབེབས་པ་རོང་ཟོམ་པཎྜི་ཏ་ཆེན་པོས་ཡང་དང་ཡང་དུ་གསུངས་ལ། སློབ་དཔོན་དེས་སྣང་བ་ལྷར་སྒྲུབ་པའི་རིགས་པ་འགའ་ཞིག་ནི་མི་སློབ་པའི་ས་ན་ཡེ་ཤེས་མི་བཞེད་པའི་གནད་ལ་ཐུག་ཅིང་། གཞན་དུ་རྣལ་འབྱོར་པའི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་ས་འོག་གྲུབ་པས་ས་ཆེན་པོ་ལ་སྒོ་ཡོད་པའི་སྣང་ལུགས་འོང་བར་དྲི་མེད་འོད་དུ་བཤད་པ་དང་འདྲ་བར་སངས་རྒྱས་ཀྱི་ཞིང་གཅིག་ལའང་གཟིགས་པ་ཡོངས་སུ་དག་པའི་འཕགས་ཆེན་གྱིས་འོག་མིན་གྱི་འབྱོར་པ་ལྟ་བུའི་མཐོང་ཚུལ་འོང་བ་སོགས་ལ་བརྟེན་ནས་ཐ་མལ་ལྟར་སྣང་བའི་གནས་འདི་མཐའ་གཅིག་ཏུ་མ་དག་པའི་ངོ་བོར་གྲུབ་པ་མིན་པ་དང་། ཡུལ་ཅན་ཤེས་པའང་གློ་བུར་འཁྲུལ་རྟོག་གི་གཞན་དབང་ལ་བརྟེན་ནས་རེ་ཞིག་བློའི་རང་བཞིན་མཐར་ཐུག་པ་མངོན་དུ་མ་གྱུར་པ་ཡིན་གྱི། ཆུའི་ཚ་བ་རྣམ་ཡལ་བ་ན་རླན་གཤེར་གྱི་རང་བཞིན་ཡོངས་སུ་རྫོགས་པར་སྣང་བ་ལྟར་གློ་བུར་བའི་འཁྲུལ་བ་བག་ཆགས་དང་བཅས་པ་ནམ་ཟད་པ་ན་སེམས་ཀྱི་རང་བཞིན་ཡུལ་ཇི་ལྟ་བ་བཞིན་དུ་རྟོགས་ནུས་པའི་ངང་ཚུལ་ཅན་དུ་འགྱུར་བ་སོགས་འགའ་ཞིག་ནི་ཕར་ཕྱིན་ཐེག་པ་ནས་ཀྱང་མ་བཤད་པ་མིན་ལ། མདོ་སྔགས་གང་གི་


TN01_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལའང་འཆིང་བ་མཐའ་དག་གིས་བཅིངས་པའི་སོ་སྐྱེ་ཞིག་ད་ལྟ་ནས་རྡོ་རྗེ་སེམས་དཔའ་དང་སྤང་རྟོགས་མཉམ་པར་འཇོག་ལུགས་ཤིག་ནི་མི་སྲིད་པར་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་སོགས་ལས་བཤད་ཅིང་བདག་གི་བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་རྗེ་བཙུན་མཁྱེན་བརྩེའི་ཞབས་ཀྱང་བཞེད་དོ། །དེས་ན་རྒྱུད་སྡེ་འདི་སྐོར་གྱི་བཀའ་སྲོལ་ནས་ཆོས་ཐམས་ཅད་ཡེ་ཤེས་རང་སྣང་དུ་བསྒྲུབ་པའི་གནད་ཆེ་ཤོས་ཀྱང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཀུན་བྱེད་ཀྱི་རྒྱུད་དྲངས་ནས་བཤད་པ་ལྟར་ཆོས་ཐམས་ཅད་ཀྱི་སྣང་གཞི་མཐར་ཐུག་པ་གནས་ལུགས་རང་བཞིན་གྱིས་བརྗོད་དུ་མེད་པའི་དབྱིངས་དང་། དེའི་སྣང་ཆ་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཟུང་འཇུག་གི་གཞི། ཡེ་གྲོལ་འདུས་མ་བྱས་ཀྱི་མཚན་ཉིད་ཅན་དེ་ཡིན་པར་གྲུབ་སོང་བས་ཆོག་གི། སྣང་བ་འདི་ལྷ་དཀར་སེར་དམར་ལྗང་དུ་ཁྲ་ཤིག་ཤིག་ལང་སོང་བའི་གུ་དོག་གི་སྒྲུབ་ལུགས་ཙམ་མི་དགོས་པར་མཐོང་སྟེ། ཁོ་བོ་སྐྱེས་ཐོབ་ཀྱི་བློ་གྲོས་དམན་ཡང་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལ་ཅུང་ཟད་ངལ་བའི་མཐུས་འདི་འདྲ་བའི་ཚུལ་རྣམས་ལུང་རིགས་དཔང་པོར་བཞག་སྟེ་བཤད་ན་ཐེག་མཆོག་ཐབས་ཀྱིས་ཆེ་བ་རང་བཞིན་རྫོགས་པ་ཆེན་པོ་མན་ཆད་གང་ལའང་བསྟན་པའི་བླ་མི་འཚོང་བའི་བཤད་ཚུལ་རིབ་ཙམ་རེ་ཡོད་དེ། འདིར་ཡི་གེས་འཇིགས་ནས་སྙིང་པོ་བསྡུས་སོ། །དོན་གཉིས་པ་རྐྱེན་འཇུག་པའི་མཚན་


TN01_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཏིང་ངེ་འཛིན་ལ། མོས་སྒོམ་དང་། ངེས་རྫོགས་གཉིས། དེ་ཡང་འདིའི་སྐབས་ཀྱི་མོས་སྒོམ་ཞེས་པ་བཅོས་མའི་རྣལ་འབྱོར་རམ་མོས་པ་ལམ་བྱེད་ཀྱི་བསྐྱེད་རིམ་སྤྱི་ལ་མི་ཟེར་གྱི། བསྐྱེད་རིམ་ཉིད་ལའང་མོས་སྒོམ་དང་ངེས་རྫོགས་གཉིས་སུ་ཕྱེ་བར་སྣང་ངོ་། །དེ་ལྟར་ན་མོས་སྒོམ་ནི་སྟོང་ཆེན་ལ་སོགས་པའི་ཏིང་ངེ་འཛིན་ལྔ་པོ་རྣམས་སྔ་མ་སྔ་མའི་གསལ་བརྟན་གྱི་ཚད་རྫོགས་རྫོགས་སུ་ཕྱི་མ་ཕྱི་མ་མི་སྒོམ་པར་དུས་ལ་སྡོད་པ་མ་ཡིན་གྱི། དང་པོ་ནས་གསལ་བརྟན་མེད་པའི་ལྷའི་དོན་སྤྱིའི་རྣམ་པ་ཤར་སྒོམ་ཙམ་བྱེད་པ་ལ་ཟེར་བར་འདུག་གོ་།ངེས་རྫོགས་དེས་ཞར་ལ་རྟོགས་ཤིང་བསྐྱེད་རིམ་པའི་ངེས་རྫོགས་ཀྱི་རྣལ་འབྱོར་ལྔ་པོའི་ངོས་འཛིན་ནི། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བ་རིམ་གསུམ་གཉིས་མེད་དོན། །ཞེས་པ་ལྟར་ལས། དང་པོ་འཆི་བ་ཆོས་སྐུར་དག་བྱེད་སྟོང་པ་ཆེན་པོའི་རྣལ་འབྱོར་ནི། ཐལ་རྒྱུད་ལས། སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །རང་བཞིན་གྱི་ནི་འོད་གསལ་འཆར། །ཞེས་གསུངས་པ་ལྟར་ལུས་ཅན་རྣམས་འཆི་བའི་ཚེ་སྙིང་གའི་རྩ་མདུད་ཡོངས་སུ་རྫོགས་པ་གྲོལ་ནས་རླུང་


TN01_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མི་ཤིགས་པའི་ཐིག་ལེར་ཐིམ་པ་ལས་བྱུང་བའི་སྣང་གསུམ་འོད་གསལ་དང་བཅས་འཆར་བ་ནི་གཞི་དུས་ཀྱི་སྟོང་པ་ཆེན་པོ་ཡིན་ནོ། །དེ་ཉིད་རྣལ་འབྱོར་པས་ལམ་དུ་བྱས་ནས་འོད་གསལ་མངོན་སུམ་དུ་ཤར་བ་ལྟ་བུའི་ཡེ་ཤེས་ཆེན་པོའི་ང་རྒྱལ་གྱིས་རང་བཞིན་མ་བཅོས་པའི་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་ནི་སྟོང་ཆེན་ནམ་མཁའི་རྣལ་འབྱོར་ཏེ། འདིའི་སྟོང་པ་ཆེན་པོ་ཞེས་པ་བློ་དེའི་དབང་གིས་ཐ་མལ་པའི་བློ་ཀུན་རྫོབ་པ་འདི་ནང་དུ་བསྡུས་ནས་སྐབས་དེར་ཆོས་ཅན་གྱི་སྣང་བ་དམིགས་སུ་མེད་པར་སྟོང་པ་ཉིད་ཀྱི་རྣམ་ཅན་དུ་གྱུར་པའི་རྒྱུ་མཚན་གྱིས་ཡིན་ནོ། །གཉིས་པ་སྙིང་རྗེ་སྒྱུ་མ་ནི། ཡིད་ཅན་ཐ་མལ་པ་རྣམས་འཆི་བ་འོད་གསལ་གྱི་སེམས་ལས་སླར་སད་མ་ཐག་ཏུ་བར་སྲིད་ཀྱི་ལུས་རླུང་སེམས་ལས་གྲུབ་པའི་དབང་པོ་ཀུན་ཚད་དུ་གྲུབ་པ་ནི་གཞི་དུས་ཀྱི་སྙིང་རྗེ་སྒྱུ་མ་ཡིན་ལ། དེ་ལམ་དུ་ཁྱེར་ནས་སྟོང་པ་ཆེན་པོའི་ངང་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་བསྐུལ་ཏེ་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུ་ཆུ་ཟླའི་རྣམ་པ་ལྟ་བུར་ལངས་ལ་གཞན་དོན་རྒྱ་ཆེན་པོ་བགྱི་འོ་སྙམ་པའི་ཡིད་ཀྱི་གཡོ་བ་དེ་ཉིད་བསྐྱེད་རིམ་པའི་སྐབས་འདིར་སྙིང་རྗེ་སྒྱུ་མར་གསུངས་ཏེ། འདི་མེད་ན་གཙོ་འཁོར་ཐམས་ཅད་དུ་མ་རོ་གཅིག་གི་ཚུལ་དུ་འཆར་བ་དང་། འབྲས་དུས་ཀྱི་གཟུགས་སྐུ་དང་རྣམ་པ་ཤིན་ཏུ་མཐུན་པ་ཞིག་མི་འོང་བ་ལ་དགོངས་ནས་སྙིང་


TN01_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྒྱུ་མ་ཁྱད་ཆོས་བཞི་ལྡན་དུ་བསྔགས་པ་སོགས་གཞུང་འདིར་ཡང་བཤད་པ་དང་། གཞན་དུ་གྲུབ་ཆེན་མཚོ་སྐྱེས་སོགས་ཀྱིས་ཀྱང་བཤད་དོ། །དེ་ལྟ་ནའང་སྒྱུ་འཕྲུལ་ལམ་རིམ་ལས་སྙིང་རྗེ་སྒྱུ་མ་ལ་དྲུག་ཏུ་གསུངས་པའི་སྐབས་སུ་ཕྱག་རྒྱ་སྒྱུ་མ་ཆུ་ཟླ་ལྟ་བུ་ཞེས་གསུངས་པ་དེ་དོན་ཟབ་ལ་དབྱིངས་ཆེ་བ་ཞིག་ཡིན་པས་ལེགས་པར་དཔྱད་དོ། །སྙིང་རྗེ་སྒྱུ་མ་ཞེས་པའི་དོན་ཡང་སེམས་ཅན་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་སྒྱུ་མ་ལྟ་བུའི་སྤྱོད་ཡུལ་ཅན་རྣམ་བདག་དང་སེམས་ཅན་སྒྱུ་མ་ལྟར་རྟོགས་པ་ཡིན་པས་ན་དེ་ལྟར་བརྗོད་ཅིང་། ཡང་ན་སྙིང་རྗེ་ནི་བདེ་བ་ཆེན་པོའི་ཡེ་ཤེས་དང་དེ་ཉིད་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བའི་དོན་ལ་སྦྱར་བར་བྱའོ། །གསུམ་པ་སྐྱེ་བ་སྦྱོང་བྱེད་ཕྱག་རྒྱའི་རྣལ་འབྱོར་ལ། བར་སྲིད་ཀྱི་སེམས་ཅན་ཚེ་ཕྱི་མའི་འཇིག་རྟེན་དུ་ལུས་རགས་པ་བཟུང་བ་ནི་སྦྱང་གཞི་ཡིན་ལ། དེ་ལའང་མངལ་ཞུགས་ནས་བཙའ་བའི་བར་དང་། བཙས་ནས་རིགས་ཀྱི་བྱ་བ་ལ་དབང་བསྒྱུར་བའི་བར་དང་། དེ་ནས་ཀྱང་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་ལ་འཇུག་པའི་རིམ་པ་གསུམ་འབྱུང་བ་ལྟར་སྦྱོང་བྱེད་ཀྱི་ལམ་ཡང་གསུམ་དུ་གསུངས་པའི། དང་པོ་ཕྱག་རྒྱ་གཅིག་པུ་ནི། གཞི་དུས་ཀྱི་ནུར་ནུར་པོ་སོགས་མངལ་ཞུགས་ཡན་ལག་མ་དོད་པའི་སྐབས་དང་ཆོས་མཐུན་པ་སྙིང་རྗེའི་རང་རྩལ་རྒྱུའི་རིག་པ་ཨ་ཡིག་དཀར་པོར་བསྒོམས་ནས་ཡི་གེའི་འཕྲོ་འདུ་ལ་སེམས་སྦྱང་བ་ཕྲ་བ་ཡིག་འབྲུ་དང་། མངལ་ནས་ཡན་ལག་


TN01_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་དང་ཆོས་མཚུངས་པ་ས་བོན་གྱི་ཡི་གེ་ལས་ཆོ་ག་གསུམ་བསྐྱེད་ལྟ་བུའི་རྩ་ལྷ་ཡབ་ཡུམ་ཡན་ལག་གི་ལྷ་དགུ་དང་བཅས་པ། ཡུལ་གསུམ་གྱད་དུ་མ་གྱུར་པ་དེ་སྲིད་དུ་བསྒོམས་པ་རགས་པ་ལྷ་སྐུ་ལ་བསླབ་པའོ། །གཉིས་པ་ཕྱག་རྒྱ་སྤྲོས་བཅས་ལ། དཀྱིལ་འཁོར་ཚོམ་བུ། གྲངས། ཞལ་ཕྱག་སྤྲོ་བ་སྟེ་བཞི་ལས། དང་པོ། ཞི་བ་ལ་དཀྱིལ་འཁོར་རྒྱས་པ་རིགས་ལྔ་རིགས་ཆུང་དང་ཅས་པ་ཡབ་ཡུམ་ལྔ་བཅུའི་སྟེང་དུ་སེམས་དཔའ་སེམས་མ་བཅུ་དྲུག །སྒོ་བ་ཡབ་ཡུམ། བྱ་བྱེད། ཐུབ་དྲུག་སྟེ་བརྒྱད་ཅུ་རྩ་གཉིས། འབྲིང་པོ་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། སྒོ་སྐྱོང་། བྱ་བྱེད་ཐུབ་དྲུག་བཅས་ཞེ་གཉིས། བསྡུས་པ་རིགས་ལྔ་ཡབ་ཡུམ་བཅུ་དང་སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །དེས་མཚོན་ནས་ཁྲོ་བོ་ལ་དཀྱིལ་འཁོར་རྒྱས་པ་ལྟར་བརྒྱད་ཀྱི་སྟེང་དུ་ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བཞི་བཅུ་བསྣན་པས་ལྷ་གྲངས་བརྒྱ་དང་བཅོ་བརྒྱད། འབྲིང་དུ་རིགས་ཆུང་གི་ཁྲོ་བོ་རྣམས་ཕྲི་བས་དོན་བརྒྱད། བསྡུ་ན་ཁྲོ་བཅུ་ཡབ་ཡུམ་རྣམས་ཕྲི་བས་ལྔ་བཅུ་རྩ་བརྒྱད་དོ། །གཉིས་པ་ནི། ཞི་བ་ལ་རིགས་ལྔ་ཡབ་ཡུམ་རིགས་ཆུང་གི་སེམས་དཔའ་དང་བཅས་པའི་ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་བདུན་བརྒྱ་ནི་ཚོམ་བུ་ལྔ་པ། དེའི་ནང་ནས་ལྷོ་བྱང་གི་རིགས་ཀྱི་གཙོ་བོ་རིགས་ཆུང་དང་སྟེང་འོག་གི་ཁྲོ་བོ་བཅས་ཕྲི་བས་ཞེ་དྲུག་


TN01_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་གསུམ་པ། དེ་ལས་ཤར་ནུབ་ཀྱི་རིགས་གཙོ་རིགས་ཆུང་ཁྲོ་བཅུ་བཅས་གཞན་རྣམས་ཕྲི་ནས་རྡོ་རྗེ་མི་བསྐྱོད་པ་རིགས་ཆུང་ཟུང་བཞི་སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པ་ནི་ཚོམ་བུ་གཅིག་པའོ། །དེ་བཞིན་དུ་ཁྲོ་བོ་ལ་ཡང་ཕྱོགས་མཚུངས་པ་ལས། བགྲང་གཞི་གཙོ་བོ་ཁྲག་འཐུང་དང་། འཁོར་གནས་ཡུལ་སྒོ་སྐྱོང་དབང་མོ་ཁྲོ་བཅུ་བཅས་ཡོད་པ་གཞིར་བཞག །ཚོམ་བུ་གཅིག་པ་ལ་རྡོ་རྗེའི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་བསྣན། གསུམ་པའི་དེའི་སྟེང་དུ་ཤར་གཉིས་ཀྱི་རིགས་གཙོ་རིགས་ཆུང་བཅས་བསྣན། ལྔ་པར་དེའི་སྟེང་དུ་ལྷོ་བྱང་གི་རིགས་གཙོ་རིགས་ཆུང་བཅས་བསྣན་ནོ། །དཀྱིལ་འཁོར་དང་ཚོམ་བུའི་ཁྱད་པར་ལ། རིགས་ཐ་དད་ཀྱི་གཙོ་བོ་གཅིག་ཏུ་གྱུར་པ་དཀྱིལ་འཁོར་དང་། རིགས་ཐ་མི་དད་ཀྱི་གཙོ་བོ་སོ་སོས་བྱེད་པ་ཚོམ་བུ་ཡིན་ཞེས་གཉལ་སངས་རྒྱས་གྲགས་བཞེད་པ་ལྟར་ལོ་ཆེན་རིན་པོ་ཆེ་ཡང་བཞེད་དོ། །གསུམ་པ་ནི། སྣང་བ་རྣམ་འབྱེད་ལ་བསླབ་པ་སྟེ། དེ་ལའང་ཞི་ཁྲོ་གཉིས་ལས། ཞི་བ་ལ་ཚོམ་བུ་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་ལ་བསླབ་པའོ། །དང་པོ་ནི། ཡན་ལག་གི་ལྷ་བཞི་བཅུ་ཐམ་བ་རྩ་ལྷ་ཡབ་ཡུམ་གཉིས་ལ་ཚང་བར་བསྒོམ་པ་སྟེ། མི་བསྐྱོད་པ་ལ་མཚོན་ན་ཡབ་ཀྱི་ཡན་ལག་ལྔ་ལ་བྱེད་པ་པོ་དང་རྒྱལ་བ་རིགས་བཞི། མིག་རྣ་སྣ་ལྕེ་བཞིའི་གཡས་ཀྱི་ཆ་ལ་ནང་སེམས་དང་། གཡོན་གྱི་ཆ་ལ་ཕྱི་


TN01_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བཞི་རྐང་ལག་གི་མཐིལ་བཞིར་སྒོ་བཞི་རྣམས་དང་། ཡུམ་གྱི་གནས་དེ་རྣམས་སུ་ལྷ་དེ་དག་གི་ཡུམ་རྣམས་བསྒོམ། ཡབ་ལ་ལྷག་པོར་མཚོག་མ་ལ་སོགས་པའི་གནས་དྲུག་ཏུ་ཐུབ་དྲུག་སྟེ། དེ་ལྟར་བཞི་བཅུ་ནི་རགས་པ་དང་ཕྱི་ན་གནས་པའི་ཆ་ནས་ཐབས་ལྷ་ཞེས་བྱའོ། །དེ་རྣམས་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་དང་། ཤེས་རབ་ཀྱི་ལྷའམ་ཡེ་ཤེས་སེམས་དཔའ་བཞི་བཅུ། ཐབས་ལྷ་དང་བྱིན་རླབས་ཀྱི་ལྷ་བརྒྱ་དྲུག་ཅུ་པོ་རེ་རེ་ལ་དབང་ལྷ་ལྔ་ལྔ་ཚང་བས་བསྡོམས་ན་ཆིག་སྟོང་ངོ་། །དེའི་རིགས་པས་ལྷག་མ་གཉིས་ཀྱང་གོ་བར་ནུས་སོ། །ཐུབ་པ་དྲུག་ནི་རེ་རེ་ལའང་ཆིག་སྟོང་རེ་བསྒོམ་པ་ཡིན་ལ། རྩ་ལྷ་གང་ཡིན་གྱི་རྟོགས་པའི་གནས་སུ་བྱེད་པོ་སྤྲོ་བ་ཁྱད་པར་རོ། །དེ་བཞིན་དུ་ཁྲོ་བོ་ལ་གཙོ་བོ་བཛྲ་ཧེ་རུ་ཀའི་ཡན་ལག་ལྔ་ལ་ཁྲག་འཐུང་ཡབ་ལྔ་དང་། ཡུམ་ལ་ཡུམ་ལྔ། ཡབ་ཀྱི་དབང་རྟེན་གྱི་ནང་རྩར་ཀཽ་རི་མ་བརྒྱད། ཕྱི་རྩར་སིང་ཧ་མ་བརྒྱད། མཐིལ་བཞི་ལ་སྒོ་མ་བཞི། མཇིང་མཇུག་གི་ཚིགས་བསྣན་པས་སྒལ་ཚིགས་ཉེར་བརྒྱད་ལ་དབང་མོ་ཉེར་བརྒྱད་དེ་ཐབས་ལྷ་ལྔ་བརྒྱད། དེ་ཐམས་ཅད་ལ་ཡེ་ཤེས་སེམས་དཔའ་དང་བྱིན་རླབས་ཀྱི་ལྷ་རྣམས་ཚང་བ་རེ་དང་། དེ་ལས་ཤེས་རབ་ཀྱི་ལྷ་ལྔ་བརྒྱད་ཕྲི་བའི་ལྷག་མ་རྣམས་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ། བསྡོམས་པས་སྟོང་བཞི་བརྒྱ་ལྔ་བཅུའོ། །དེ་འདྲ་བ་རེ་ཁྲག་འཐུང་གཞན་བཞི་དང་། གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ལའང་ཚང་


TN01_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམས་པས་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ཡིན་ལ། དེ་ལྟར་རྡུལ་གཅིག་གི་ཁྱོན་ལ་རྡུལ་སྙེད་ཀྱི་དཀྱིལ་འཁོར་རྒྱ་མཚོ་གྲངས་དང་བློས་མི་ཐུག་པ་ཞིག་ཏིང་ངེ་འཛིན་གྱི་རོལ་མོར་འཕྲུལ་བ་ནི་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རོ། །བཞི་པ་ནི། ཞལ་ཕྱག་གྲངས་མེད་དང་། ཞལ་གསུམ་ཕྱག་དྲུག་ལ་སོགས་པ་དབུ་ཕྱག་གི་སྤྲོ་བསྡུ་མཐའ་ཡས་པ་ཞིག་བཤད་ཀྱང་སྒྲུབ་ཐབས་སུ་ཞི་བ་ལ་རྒྱས་པར་ཐུབ་དྲུག་དང་ཡུམ་རྣམས་མ་གཏོགས་པ་ཞལ་གསུམ་ཕྱག་དྲུག །འབྲིང་དུ་གཙོ་བོ་ཞལ་གསུམ་ཕྱག་དྲུག །བསྡུ་ན་ཐམས་ཅད་ཞལ་གཅིག་ཕྱག་གཉིས་སུ་བསྒོམ་པ་དང་། ཁྲོ་བོར་རྒྱས་པ་རིགས་ལྔའི་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག །བསྡུས་པར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པར་གསུངས་སོ། །ལྔ་པ་ཚོམ་བུ་ཚོགས་སྒྲུབ་ལ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་། འབྲས་བུ་རིག་འཛིན་ཐོབ་པའི་དུས་བསྟན་པ་དང་གསུམ་ལས། དང་པོ་ནི་གནས་ཕུན་སུམ་ཚོགས་པ་བདག་དབང་བར་ཆད་མེད་པའི་གནས་སུ། །ལམ་རིམ་ལས། བསྐོར་ཁང་ཕྱི་ནང་བར་ལྡན་པ། །ཞེས་པའི་ཚོགས་ཀྱི་ཁང་པར། དུས་ཕུན་སུམ་ཚོགས་པ། རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ནས་བརྩམས། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་གསུངས་པ་ལྟ་བུའི་བཟའ་སྐར་སྦྱོར་བྱེད་བཟང་པོར་ཡོ་


TN01_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཕུན་སུམ་ཚོགས་པ། འཚོ་བ་ཟས། རྐྱེན་ཟློག་སྨན། སྒྲུབ་པ་རྫས། མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་སྤོགས་ཆོག་ལྡང་ཚད་དུ་བསགས་ནས། སྒྲུབ་པ་པོ་ཕུན་སུམ་ཚོགས་པ། རང་བཞིན་བརྒྱད་ལྡན་གྱི་སྟོན་པ་རྡོ་རྗེའི་སློབ་དཔོན་དང་། དེ་དང་དགོངས་པ་མཉམ་པའི་རྡོ་རྗེའི་རྒྱལ་ཚབ། སྐད་གདངས་ཆེ་ཞིང་ལས་ཁྲིགས་མཁས་པའི་རྡོ་རྗེ་ལས་མཁན། སྦྱོར་བའི་སྒྱུ་རྩལ་ཤེས་པའི་ལས་བཞིའི་གཟུངས་མ། མི་མ་ཡིན་མཐོང་ལྡོག་ནུས་པའི་རྡོ་རྗེ་སྤྱན་པ། དྲོད་འཛིན་པའི་རྡོ་རྗེ་བྱ་རོག །སྒྲོལ་བའི་ལས་ལ་མཁས་པའི་རྡོ་རྗེ་གིང་། གཡོས་ལ་མཁས་པའི་རྡོ་རྗེ་བྱན་པོ། །ཕྱི་ནང་གི་བརྡ་སྦྱོར་མཁས་པའི་རྡུལ་ཕྱག་སྐྱེས་བུ་སོགས་ཚོམ་བུའི་འབྲེལ་པའི་གཙོ་འཁོར་གྱིས། ཆོ་ག་ཕུན་སུམ་ཚོགས་པ། སྤྲོས་བཅས་མན་ཆད་ལ་བརྟན་པ་ཐོབ་པ་ཞིག་གིས་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་དངོས་གྲུབ་བསྒྲུབ་པའོ། །གཉིས་པ་ནི། སྔར་བཤད་པའི་དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་རྣལ་འབྱོར་ཕོ་མོ་རྣམས་གྲངས་སྤྲད་དེ་འདུག་ནས་རིམ་པ་ཤོམས་དང་འབྲེལ་བར་ནུབ་དང་པོ་མགོ་འཛིན་གྱི་བསྙེན་པ་ནས་བཟུང་བསྙེན་སྒྲུབ་ཡན་ལག་བཞིའི་རིམ་པས་སྒྲུབ་པ་སྟེ། རྩ་རྒྱུད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་ནོ། །ཞེས་པས། གཙོ་འཁོར་གང་ཡིན་དེའི་ལྷ་སོ་སོའི་ང་རྒྱལ་བྱ་བ་སོར་བཞག་ནས་ནུབ་དང་པོ་སྒྲུབ་པ་དབུ་འཛུགས་ཀྱི་བསྙེན་པ་དང་། ཇི་ཙམ་བསྒྲུབ་


TN01_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞག་གྲངས་ཕྱེད་ཚུན་ཆད་དུ་ཉེ་བསྙེན་བྱ་བ་སྟེ། དེ་གཉིས་ལ་བདག་དམ་ཚིག་པ། མདུན་བསྐྱེད་ཡེ་ཤེས་པ། བར་གྱི་འཕྲོ་འདུ་སྟེ་གསལ་བ་གསུམ་ལྡན་གྱི་སྒོ་ནས་འོད་ཟེར་དཀར་པོའི་འཕྲོ་འདུ་བསྣོལ་མས་རྒྱུད་དངོས་གྲུབ་ཀྱི་སྣོད་རུང་དུ་དག་པར་བྱེད་པ་ཡིན་ལ། ནུབ་ཐ་མ་མ་གཏོགས་པའི་ཕྱེད་ཕན་ཆད་འོད་ཟེར་དམར་པོའི་འཕྲོ་འདུས་དངོས་གྲུབ་བསྐུལ་ཞིང་བསྡུ་བར་བྱེད་པ་སྒྲུབ་པ་དང་། ནུབ་ཐ་མ་ལ་འོད་ཟེར་མཐིང་ག་ཚུར་བསྡུ་བས་རྫས་དང་རྒྱུད་དག་པར་བྱེད་པའི་སྒོ་ནས་སྲོད་ཀྱི་ཆ་ལ་ལྷ་ལས་དངོས་གྲུབ་བླང་ཞིང་། ནམ་གུང་ཏ་ནའི་མཛད་སྤྱོད་ཀྱིས་དགྲ་ལས་དངོས་གྲུབ་ལེན་པ་དང་། ཐོ་རང་ཡུམ་དང་གཉིས་སུ་མེད་པར་སྙོམས་འཇུག་གི་བྱ་བས་ཕྱག་རྒྱའི་མཁའ་ལས་དངོས་གྲུབ་ལེན་པ་རྣམས་སྒྲུབ་ཆེན་ཏེ། ལམ་རིམ་ལས། ཟླ་ཕྱེད་ཕྱེད་ཞག་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚད་ནས་རྟགས་བྱུང་ན། །དངོས་གྲུབ་བླང་བ་སྒྲུབ་ཆེན་པོ། །ཞེས་དུས་ཚད་ཟླ་བ་གཅིག་ལ་དཔེར་བརྗོད་ནས་གསུངས་པས་མཚོན་ཞེས་ཡན་ལག་བཞི་པོའི་ངོས་འཛིན་དེ་ལྟར་མཛད་དོ། །གསུམ་པ་ནི། དེ་ལྟར་ཟླ་དྲུག་སྤོགས་ཆོག་དང་བཅས་པས་རིག་འཛིན་གྱི་འབྲས་བུ་འགྲུབ་པའོ་ཞེས་བཤད་ལ། སྤོགས་ཆོག་བྱ་ལུགས་ནི། སྒྲུབ་དུས་ཀྱི་ཆོ་ག་དཀྱུས་མ་ཉིད་ཡང་བསྐྱར་ཀྱི་ཚུལ་


TN01_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བ་མ་གཏོགས་རྒྱུད་སྡེ་གཞན་ནས་གསུངས་པའི་བསམ་གཏན་གྱི་ཕུར་གདབ་ལྟ་བུའི་མན་ངག་ཟུར་པ་གསུང་སྲོལ་ཆེར་མི་སྣང་། རིག་འཛིན་འགྲུབ་ལུགས་ཀྱང་རྒྱུད་སྡེ་གཞན་ནས་བསྐྱེད་རིམ་གྱི་དུས་སུ་སྤྱོད་པ་བྱས་པའི་དགོས་ཆེད་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་འཐོབ་པ་ཡིན་ལ། དེ་ནི་འདིར་ཡང་འདོད་དགོས་པར་སྣང་སྟེ། ཀུན་མཁྱེན་བླ་མ་ཤནྟ་པུ་རི་པས་ཀྱང་། གསང་བ་སྙིང་པོ་དཔལ་ལྡན་འདུས་པ་སོགས། །བསྐྱེད་པ་མ་ཧཱ་ཡོ་ག་ཇི་བཞིན་དུ། །ཞེས་རྒྱུད་དེ་དག་རྒྱུད་སྡེའི་བབ་ཀྱང་འདྲ་བར་གསུངས་སོ། །སྤྱིར་བསྐྱེད་རྫོགས་གཉིས་ཀྱི་འཇོག་བྱེད་སྲོག་དྷཱུ་ཏིར་བཙུད་པ་ལས་བྱུང་བའི་བརྟན་པའི་རྣལ་འབྱོར་དང་། དེ་ལས་གཞན་པའི་སྔགས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་བཅོས་མའི་རྣལ་འབྱོར་གཉིས་ཡིན་པར་གསུངས་ཤིང་། དེ་གཉིས་ལ་གཞི་མཐུན་ཡང་མེད་པ་སྔགས་གསར་རྙིང་གཉིས་ཀའི་ལུགས་སུ་བྱ་བ་རྒྱུད་ཀྱི་ལེའུ་་བཅུ་གསུམ་པའི་ཐད་སོའི་དགོངས་རྒྱན་ནའང་ཡོད་ལ། ད་དུང་རྙིང་མ་རང་ལུགས་ལ་རྫོགས་རིམ་པའི་ལྷ་སྐུའི་རྣལ་འབྱོར་ལ་བསྐྱེད་རིམ་ཞེས་བཏགས་པ་ཞིག་ཀྱང་ཡོད་པར་མངོན་ཏེ། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གཞུང་ན་ལྷག་པར་མང་ངོ་ཞེས་པ་ནི་ཞར་བྱུང་ངོ་། །དོན་དུ་འདིའི་ཐད་ཀྱི་སྤྱི་དོན་རྣམས་སུ་འདོད་གཟུགས་ཀྱི་རིག་པ་འཛིན་པའི་ལུས་འགྲུབ་པར་གསུངས་པ་དེ་བསྐྱེད་རིམ་པའི་སྤྱོད་པ་བྱས་པ་ལ་བརྟེན་ནས་བཅུད་ལེན་གྲུབ་པའི་རིག་འཛིན་གྱི་ལུས་གཞོམ་གཞིག་བྲལ་བ་


TN01_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚེ་ཉི་ཟླ་དང་མཉམ་པར་གསུངས་པ་དེ་འདྲའི་རིགས་སུ་གནས་པའི་གཟུགས་ཅན་གྱི་རིག་པ་འཛིན་པར་འགྱུར་ཞེས་འདོད་པར་སྣང་གི། རིག་འཛིན་རྣམ་པ་བཞིའི་ཡ་གྱལ་ལ་མི་ཟེར་བ་འདྲའོ། །ཕྱི་མ་གསུམ་པོའི་མིང་དེ་ལྟར་འདོགས་པའི་རྒྱུ་མཚན་ནི། རྩ་བའི་ལྷ་གཅིག་ལ་དམིགས་པ་དང་། དེ་ཉིད་དཀྱིལ་འཁོར་འཁོར་ལོའི་ཏིང་འཛིན་རྒྱས་པ་དང་བཅས་ནས་སྒོམ་པ་དང་། དེ་ཡང་དཔའ་བོ་དང་རྣལ་འབྱོར་མ་ཚོགས་པའི་ཚོམ་བུའི་སྒོ་ནས་སྒྲུབ་པའི་ཕྱིར་བཞག་པ་ཡིན་ཞེས་བཤད་དོ། །ད་ནི་ལམ་གྱི་གཞུང་ཤིང་རྫོགས་རིམ་ལྟར་སྦྱར་ལུགས་བཀའ་སྲོལ་ལས་བྱུང་བ་ལྟར་སྡོམ་ཚིག་ཙམ་བརྗོད་ན། ཐ་མལ་གྱི་སྣང་ཞེན་ལྷའི་ང་རྒྱལ་དུ་འཕོ་ཐུབ་པའི་བསྐྱེད་རིམ་ཞིག་སྔོན་དུ་བཏང་ནས། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་སུ། །ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པས་སྔར། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །སོགས་དྲངས་པ་ལྟར་འཁོར་ལོ་བཞིའི་རྩ་དང་ཐིག་ལེ་ལ་ཡིད་རྩེ་གཅིག་ཏུ་བཞག་པས། ལམ་རིམ་ལས། སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དུ་སྦྱར། །ཞེས་གསུངས་པ་ལྟར་ནམ་ཞིག་ན་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་སྟོབས་ཀྱིས་དངོས་སུ་དྲངས་པའི་རྟགས་དང་རྟགས་ཅན་གྱི་འོད་གསལ་འཆར་བ་ན་རྫོགས་རིམ་གྱི་མགོ་བརྩམས་པ་ཡིན་ཏེ་འཆི་སྲིད་ཀྱི་འོད་གསལ་དང་། འབྲས་བུའི་དུས་ཀྱི་ཆོས་སྐུ་


TN01_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་ཀར་མཐུན་པ་སྟོང་པ་ཆེན་པོའི་རྣལ་འབྱོར་རོ། །དེའི་ངང་ལས་ཐ་མལ་པ་ལ་འཆི་བ་འོད་གསལ་ལས་ལུགས་ལྡོག་ཏུ་སྣང་གསུམ་འཆར་བ་དང་མཉམ་དུ་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུར་འགྲུབ་པ་དང་རྣམ་པ་ཆ་འདྲ་བའི་ལམ་སྟོང་ཆེན་གྱི་ངང་ནས་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུ་གྲིབ་མའི་རྣམ་པ་ལྟ་བུར་ལྡང་བ་ནི་འབྲས་བུའི་དུས་ཀྱི་བདེ་བ་ཆེན་པོའི་སྐུ་མི་སློབ་ཟུང་འཇུག་དང་མཐུན་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་རོ། །དེའང་དཔེར་ན་བར་དོའི་ལུས་དེ་ཉིད་མའི་མངལ་དུ་ཞུགས་ནས་ལུས་རགས་པ་འཛིན་པ་དང་། འབྲས་བུའི་དུས་སུའང་ལོངས་སྤྱོད་རྫོགས་སྐུས་གཟུགས་སྐུ་རགས་པ་བཟུང་ནས་གདུལ་བྱའི་དོན་མཛད་པ་དེ་བཞིན་དུ་འདིར་ཡང་བདེ་སྟོང་ཟུང་འཇུག་གི་རྣམ་རོལ་ཆུ་དང་བ་ལ་གཟུགས་བརྙན་འཕོས་པ་ལྟ་བུའི་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་ཡེ་ཤེས་སེམས་དཔའ་དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གཟུགས་སྐུ་རགས་པ་ལ་འཇུག་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་རོ། །དེ་འདྲའི་ལྷ་སྐུ་དེའང་གཙོ་རྐྱང་ཙམ་མ་ཡིན་པར་གང་སྣང་ཐམས་ཅད་ཞུ་བདེའི་ལྷ་སྐུར་རྩལ་སྦྱོང་བྱེད་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་རོ། །དེ་བཞི་ནི་དང་པོ་སྲོག་དྷཱུ་ཏིར་ཐིམ་ནས་ཡུན་མི་རིང་བར་ཡང་འོང་བས་དུས་ཀྱི་ལོ་ཏོར་བརྗེ་བ་ལྟ་བུའི་གོ་རིམ་གཏན་མིན་ནོ། །དེ་ལྟར་རྫོགས་རིམ་གྱི་རྟོགས་པ་བརྟན་པའི་གང་ཟག་གིས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་གང་རུང་བྱ་ཞིང་། དེས་ཀྱང་དགོས་


TN01_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་མ་གྲུབ་ན་སྤོག་ཆོག་གི་སྦྱོར་བ་བྱ་སྟེ་ཚོམ་བུ་ཚོགས་སྒྲུབ་བོ། །དེ་ཙམ་ལས་མ་བཤད་ཀྱང་སྤྱོད་པ་ནམ་བྱ་བ་ནི་རིག་འཛིན་རྣམ་པ་བཞིའི་ནང་ནས་རྣམ་སྨིན་དང་ཚེ་དབང་གང་རུང་ལ་སྦྱོར་བའི་དོན་དུ་སྔགས་བླ་མེད་ཀྱི་སྦྱོར་ལམ་པ་ཞིག་གིས་བྱ་ཞིང་། དེས་ན་སྦྱོར་ལམ་ནས་མཐོང་ལམ་དུ་འགྲོ་བའི་དོན་དུ་བྱེད་ཅེས་ཟུར་པ་རྣམས་གསུངས་ཤིང་། དེའི་སྔོན་དང་ཕྱི་ནས་ཀྱང་སྤྱོད་པ་དགོས་པའི་སྐབས་ཡོད་པར་འདོད་དགོས་ཏེ། དཔེར་ན་ཨོ་ཊི་ཡ་ནའི་སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱིས་དོན་ལ་རང་ཉིད་རྒྱུད་ཀྱི་སྟོན་པ་དང་རྣམ་དབྱེར་མེད་པའི་གོ་འཕང་སྔར་ནས་བརྙེས་ཀྱང་ཚུར་མཐོང་གི་སྣང་ངོར། དང་པོར་སྔགས་ཀྱི་སྦྱོར་ལམ་ལ་གནས་པའི་སྐབས་སུ་སྤྱོད་པ་ལན་གཉིས་མཛད་ཅིང་། ཡང་ལེ་ཤོད་དུ་ཕྱག་རྒྱ་ཆེན་པོ་གྲུབ་ཟིན་རྗེས་སུ་ཡང་གངས་ཅན་གྱི་ལྗོང་འདིར་ཇོ་མོ་ཡེ་ཤེས་ཚོ་རྒྱལ་ལ་བསྟེན་ནས་སྤྱོད་པ་མཛད་པར་སྣང་བ་བཞིན་ནོ། །ད་དུང་འདི་ལ་ཡང་བཤད་པར་བྱ་བ་དང་དཔྱོད་པའི་གནས་མང་པོ་ཞིག་སྣང་ངོ་། །གསུམ་པ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞི་ནི། འདིར་བཀའ་སྡེ་ཟུར་པའི་ལུགས་ལ་རིག་འཛིན་བཞི་པོའི་མ་མཐའ་མཐོང་ལམ་དང་། ཡ་མཐའ་རྒྱུན་མཐར་འཇོག་པས། དེ་བཞི་གང་རུང་ཡིན་ན་སྔགས་བླ་མེད་ཀྱི་སློབ་པ་འཕགས་པ་ཞིག་ཡིན་པས་ཁྱབ་བོ། །སོ་སོའི་ངོས་འཛིན་ནི། བླ་མེད་ཀྱི་མཐོང་ལམ་པ་ཡིན་ཡང་རྟེན་གྱི་གང་ཟག་དབང་པོ་རྟུལ་བའི་རྒྱུ་མཚན་


TN01_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱང་བར་མི་ནུས་ཤིང་ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ། ལུས་རྒྱའི་འཆིང་བ་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་རྣམ་སྨིན་རིག་འཛིན། རྣལ་འབྱོར་པ་དབང་པོ་རྣོ་བས་སྙིགས་མའི་ལུས་ཕྲ་ཡང་ལ་སོགས་པའི་འཇའ་ལུས་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་རྡོ་རྗེའི་སྐུ་མི་དང་འདོད་གཟུགས་ལྷའི་གཙོ་བོའི་ཆ་བྱད་དུ་སྟོན་པ་ཚེ་དབང་རིག་འཛིན་ཏེ། ལར་འདི་གཉིས་དོན་གྱི་འོད་གསལ་གྲུབ་པ་ལ་ཁྱད་མེད་ཀྱང་དེ་ལས་ཟུང་འཇུག་གི་ལྷ་སྐུར་དངོས་སུ་ལྡང་ནུས་མི་ནུས་ལས་བཞག་པར་སྣང་ཞེས་ཀྱང་ཁོ་བོའི་བླ་མ་རིག་འཛིན་གྱི་ས་ལ་བཞུགས་པ་ཆེན་པོ་གསུང་ངོ་། །སྒོམ་ལམ་པ་ནི་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ་ཅན་མཚན་དཔེ་ཡོངས་སུ་རྫོགས་པའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ་ཞེས་བཤད་ཀྱང་དོན་དུ་སྒོམ་ལམ་ས་དགུ་ལ་གནས་པ་ཕལ་ཆེར་ཡིན་ནོ། །མཐར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་མ་རག་པའི་ས་བཅུ་པའི་ཁྱད་པར་ལམ་པ་ཞིག་ལྷུན་གྲུབ་རིག་འཛིན་དུ་བཤད་དོ། །འདིའི་ཚེ་ཐོད་རྒལ་འབྱུང་མི་འབྱུང་གི་ས་མཚམས་སོགས་ཀྱང་བཤད་མོད་ཀྱི་ཤེས་པར་འདོད་པ་དག་གིས་གཞན་དུ་བལྟའོ། །དོན་གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། དེ་ལྟར་བླ་ན་མེད་པའི་ལམ་གྱིས་དྲི་མ་མཐའ་དག་སྦྱངས་པ་ལས་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་


TN01_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར་པ་མཐར་ཐུག་པ་སྟེ། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་སོ། །དབྱེ་ན། ཁོག་གཞུང་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱིས་ལྔ་ལྔ་སྟེ། །ཞེས། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་དང་གསུམ་ལས་དང་པོ་ནི། ཤེས་བྱའི་དེ་ཁོ་ན་ཉིད་ལ་ཤིན་ཏུ་མཉམ་པར་བཞག་པའི་ཡེ་ཤེས་དང་དེའི་ཆོས་ཉིད་སྒྲིབ་བྲལ་གྱི་ཆ་ཆོས་ཀྱི་སྐུ་དང་། དེ་ལས་མ་གཡོས་བཞིན་དུ་འོག་མིན་ཆེན་པོར་ངེས་པ་ལྔ་ལྡན་གྱི་གཟུགས་སྐུར་སྣང་བ་ལོངས་སྤྱོད་རྫོགས་སྐུ་དང་། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་རགས་པ་སྤྲུལ་པའི་སྐུ་སྟེ་གསུམ་ནི་སངས་རྒྱས་སྐུ་གསུམ་དུ་གྲགས་ཤིང་། སྐུ་ལྔར་ཕྱེ་བའི་ཚེ་དེའི་སྟེང་དུ་སྐུ་གསུམ་སྣང་ཆ་མ་འདྲེས་པ་མངོན་བྱང་གི་སྐུ་དང་། ངོ་བོ་དབྱེར་མེད་པའི་ཆ་རྡོ་རྗེའི་སྐུ་གཉིས་བསྣན་པས་ལྔར་འགྱུར་རོ། །གཉིས་པ་ནི། འགའ་ཞིག་ཆོས་དབྱིངས་ཡུལ་དང་། ལྷག་མ་བཞི་ཡུལ་ཅན་དུ་བཞེད་མོད་ཀྱི་སྐབས་འདིར་ལྔ་ག་ཡུལ་ཅན་དུ་འཇོག་པའི་དབང་དུ་བྱས་ན། སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པའི་དེ་བཞིན་ཉིད་དང་རོ་གཅིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཆོས་དབྱིངས་ཡེ་ཤེས། དེ་ཉིད་ཀྱི་སྒོ་ནས་ཐ་སྙད་རྟེན་འབྱུང་གི་ཆོས་


TN01_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མེ་ལོང་ལ་པྲ་ཕབ་པ་ལྟར་གཟིགས་པ་མེ་ལོང་ལྟ་བུའི་ཡེ་ཤེས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བདེན་པར་སྣང་བའི་བློས་སྤུ་རིས་མི་འབྱེད་པ་མཉམ་ཉིད་ཡེ་ཤེས། ཤེས་བྱ་ཐམས་ཅད་མ་འདྲེས་པར་སོ་སོར་གཟིགས་པ་སོར་རྟོག་ཡེ་ཤེས། དེ་འདྲའི་ཡེ་ཤེས་བཞི་པོ་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་ཕྲིན་ལས་འཇུག་པའི་རྟེན་གཞིར་གྱུར་པའི་ཆ་ནས་བྱ་གྲུབ་ཡེ་ཤེས་སོ། །གསུམ་པ་ནི། ཡེ་ཤེས་དེ་དག་གི་བདག་རྐྱེན་ཐུན་མིན་ལ་བརྟེན་ནས་ནམ་མཁའ་ཇི་སྲིད་དུ་རྣམ་པར་དཀར་བའི་མཛད་པ་རྒྱུན་ཆད་མེད་པ་རྟག་པའི་ཕྲིན་ལས། དེའང་ཡུལ་ཕྱོགས་རེ་བ་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་ཉེ་རིང་མི་མངའ་བར་འཇུག་པ་ཁྱབ་པའི་ཕྲིན་ལས། དེ་གཉིས་གང་ལའང་འབད་རྩོལ་ཕྲ་རགས་ཐམས་ཅད་ལས་ཤིན་ཏུ་འདས་པས་ན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །མདོར་ན་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པ་ཐམས་ཅད་བླ་ན་མེད་པའི་ཡོན་ཏན་གྱི་ཆོས་སུ་རྩལ་རྫོགས་པ་སྟེ། དེ་ལའང་གཡུང་སྟོན་རྡོ་རྗེ་དཔལ་ཕར་ཕྱིན་ཐེག་པའི་ལམ་གྱི་འབྲས་བུ་མཐར་ཐུག་གི་སངས་རྒྱས་ཉིད་ལས་ཐེག་པ་འདི་ནས་སངས་རྒྱས་པའི་སངས་རྒྱས་ཁྱད་ཆོས་བརྒྱད་ཀྱིས་ཆེ་བར་བཤད་ཅིང་། བླ་མ་གཞན་ཁ་ཅིག་ཀྱང་དེ་ལྟར་འཆད་མོད་ཀྱི། འདིར་ནི་རོག་བདེ་གཤེགས་ཆེན་པོ་དང་། རྒྱལ་བ་ཀློང་ཆེན་ཞབས་མདོ་སྔགས་སོ་སོའི་ལུགས་ཀྱིས་སངས་རྒྱས་ལ་ཁྱད་པར་མེད་ནའང་། སྔགས་བླ་མེད་མ་བརྟེན་པར་མདོ་ནས་བཤད་པའི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་སངས་


TN01_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དེ་ཉིད་མི་འགྲུབ་པར་བཞེད་པ་ཤིང་རྟ་ཆེན་པོའི་ལུགས་ཡིན་ནོ། །སྤྱི་དོན་གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་ལ། ལྟ་བ་སྤྱོད་པ་དཀྱིལ་འཁོར་དབང་། །དམ་ཚིག་ཕྲིན་ལས་སྒྲུབ་པ་དང་། །ཏིང་འཛིན་མཆོད་པ་སྔགས་ཕྱག་རྒྱ། །ཕྱི་མ་གཉིས་བསྡོམས་བཅུ་རུ་འགྱུར། །ཞེས་པ་རྣམས་ལས། དང་པོ་དེ་ཁོ་ན་ཉིད་ལྟ་བ་ནི། ལྷག་པའི་བདེན་པ་དབྱེར་མེད་གཤིས་ཇི་བཞིན་པར་འཇལ་བྱེད་ཀྱི་ཤེས་རབ་ཁྱད་པར་ཅན་ལ་བྱའོ། །ངེས་ཚིག ། སྒྲ་ལས་ལྟ་བ་སྟེ། ཡུལ་དེ་ལ་ཇི་བཞིན་དུ་ལྟ་བའི་ཕྱིར་རོ། །དབྱེ་ན། དོན་དམ་རྟོགས་པའི་ལྟ་བ་དང་། །ཐ་སྙད་པའི་ཡུལ་ཅན་གྱི་ལྟ་བ་གཉིས་ཏེ་སྔར་དང་འདྲའོ། །གཉིས་པ་ལ་དོར་བ་སྤྱོད་པ་ནི། རིམ་གསུམ་ལས། ཏིང་འཛིན་ཁྱད་པར་འགྱུར་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་པས། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྔགས་ལམ་པའི་སྒོ་གསུམ་གྱི་བྱ་བར་གྱུར་ཅིང་རྟོགས་པའི་ཡེ་ཤེས་བོགས་དབྱུང་བར་བྱེད་པའི་ཐབས་སུ་བསྟན་པ་ཞིག་སྟེ། ངེས་ཚིག་ཙརྱའི་སྒྲ་ལས་སྤྱོད་པ་སྟེ། གང་སྤྱད་བྱའི་ཡུལ་ལ་དུས་ཚོད་དང་འབྲེལ་བའི་ཚུལ་བཞིན་སྤྱོད་པས་ན་དེ་སྐད་བྱའོ། །དབྱེ་ན་ལས་དང་པོའི་དུས་སུ་དགེ་སྦྱོང་གཞོན་ནུ་བག་དང་ལྡན་པ་ལྟར་སྤྱོད་པ།


TN01_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་རྐྱེན་ཐུབ་ཀྱི་དུས་སུ་དཔའ་བོ་དང་རྣལ་འབྱོར་མའི་ཞིང་ཁམས་ཉུལ་ཞིང་ཧེ་རུ་ཀའི་ཆས་ཀྱིས་རྒྱུ་བ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ། །རྟོགས་པ་བྲི་གང་མེད་པའི་དུས་སུ་འདོད་ཡོན་ལ་གང་དགར་སྤྱོད་ཅིང་གཞན་ཕན་བྱེད་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ཞེས་གསུམ་དུ་བཤད་ཅིང་གཙོ་བོར་གྱུར་པ་ནི་ཕྱི་མ་གཉིས་ཏེ། འདི་གཉིས་འབྱོར་བའི་ཁྱད་པར་ལས་ཚོགས་ཀྱི་སྤྱོད་པ་སྤྲོས་བཅས་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་གསུམ་གསུངས་པའི་དང་པོ་རྒྱལ་པོ་ས་འཛིན་དང་ལྷག་མ་གཉིས་སྨྱོན་པ་བརྟུལ་ཞུགས་སུ་བྱས་ཀྱང་ཆོག་པར་སྣང་བས་བརྟན་པ་འབྲིང་དང་ཆེན་པོའི་གནས་སྐབས་སོ་སོར་བཞག་པ་ནི་རགས་རིམ་ཙམ་མོ། །ཡང་ན། བསྐྱེད་རིམ་པ་དང་། རྫོགས་རིམ་པའི་སྤྱོད་པ་གཉིས་ལས། དང་པོ་ལ། འདོད་ཆགས་ཆེན་པོ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དངོས་སུ་བྱེད་ནུས་པའི་སྐབས་དང་། མི་ནུས་པའི་སྐབས་གཉིས་ལས། དང་པོ་བསྐྱེད་རིམ་ཚོགས་སྒྲུབ་ཀྱི་སྐབས་སུ་ཡོ་བྱད་ལྔ་ལ་ལོངས་སྤྱོད་པ་དེ་ཡིན་ཅིང་། ཕྱི་མ་ལ་དད་བརྩོན་གྱི་སྦྱོང་བ། ཤེས་རབ་དང་ཐུན་པ། ཐབས་དང་མཐུན་པ། ཕྱོགས་གཅིག་པ། སྤྲོས་བཅས་ཏེ་ཐུན་མཚམས་ཀྱི་སྤྱོད་པ་ལ་བསླབ་ཚུལ་ལྔ། གཉིས་པ་ལའང་། སྐབས་ཀྱི་སྒོ་ནས་དབྱེ་བ་འགའ་ཞིག་ཡོད་ཀྱང་དོན་ལ་ཚོགས་ཀྱི་སྤྱོད་པ་ཡིན་ཅིང་ལམ་རིམ་དུ་སྒྱུ་འཕྲུལ་གྱི་སྤྱོད་པ་གསུངས་པ་ནི་རྣམ་པ་གཞན་ནོ། །


TN01_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བཀོད་པའི་དཀྱིལ་འཁོར་ནི། ལྷ་གཙོ་བོ་དང་འཁོར་ནི་རྣམ་པར་བསྟན་པའི་རིགས་སུ་གནས་པ་ཞིག་སྟེ། ངེས་ཚིག །མཎྜ་ལའི་སྒྲ་ལས་སྙིང་པོའི་ཡོན་ཏན་གྱི་གཞི་འཛིན་ཅིང་ལེན་པས་སམ། ཡང་ན་གཙོ་བོ་ལ་འཁོར་གྱིས་ཟླུམ་པོར་བསྐོར་བའི་དོན་ནོ། །དབྱེ་ན། རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་འདོད་དེ། །ཞེས་སོགས་དབྱེ་བསྡུའི་རིམ་པ་མང་ཡང་། འདིར་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་པ་ལྟར་བདུན་དུ་བྱ་བ་ལས། དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་གཉིས། དང་པོ་ནི། ཁོག་གཞུང་ལས། ཆོས་ཉིད་རང་བཞིན་སྤྲོས་བྲལ་ཏེ། །དངོས་པོ་ཀུན་ཀྱང་དེ་བཞིན་པས། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །ཞེས་པ་ལྟར་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་གྱི་བསྒྲུབ་གཞི་མཐར་ཐུག་པ་གཉུག་མ་མི་ཤིགས་པའི་རྡོ་རྗེ་གསུམ་ལ་བྱའོ། །གཉིས་པ་ནི། དེ་ཉིད་ལས་འབྲས་བུ་མཐར་ཕྱིན་འོག་མིན་ན། །བཞུགས་པ་དཀྱིལ་དང་འཁོར་གྱི་ཚུལ། །ཞེས་པ་ལྟར།


TN01_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མི་སློབ་ལམ་གྱིས་བསྡུས་པའི་ལྷ་དང་ཚོམ་བུའི་སྣང་བ་རྣམས་སོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། རྒྱས་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་བ་ཐབས་ཆེན་ཡིན། །ཞེས་གསུངས་པ་ལྟར། ལྷག་པ་དོན་དམ་བདེན་པའི་རྩལ་སྣང་ཀུན་རྫོབ་རིག་པ་སྒྱུ་མའི་སྣང་བརྙན་དུ་ཤར་བ་སྟེ་སྣོད་བཅུད་ཐམས་ཅད་འདིའི་མཚན་གཞིར་འཇོག་ཆོག་པ་འདྲའོ། །བཞི་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། ས་གཞི་མཉམ་པ་ལ་སོགས་པའི་བྱ་བ་མང་པོས་ལྷག་པའི་ཕྱིར་ཏེ། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བ་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་པའི་ཚུལ་གྱིས་སོ། །རྣམ་བཞག་ཞིབ་མོར་མ་བརྗོད་དེ་འབྲུ་གཉེར་བཀྲོལ་བའི་སྐབས་སུ་འབྱུང་བའི་ཕྱིར་རོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རྒྱས་པ་ལས། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་ཐིམ་བྱས་ཏེ། །ཐམས་ཅད་ཆོས་སྐུ་ཕྱག་རྒྱ་ཆེ། །ཞེས་པ་ལྟར་ངེས་དོན་གྱི་དཀྱིལ་འཁོར་རང་རིག་མ་བཅོས་པའི་དོན་ལ་མཉམ་པར་འཇོག་པ་སྟེ་གཉུག་མའི་ཡེ་ཤེས་ངེས་དོན་གྱི་ལྷར་འཇོག་པ་དང་བབས་འདྲ་ཞིང་


TN01_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའི་དཀྱིལ་འཁོར་གྱི་སྡུད་རིམ་རྒྱུད་གཞན་ནས་འབྱུང་བ་ལྟར་དགོངས་པ་བཙལ་ན་ལེགས་ཏེ། སྣང་ཕྱོགས་ལྷའི་འཁོར་ལོ་ལ་དམིགས་ནས་གཙོ་བོར་རྒྱ་ཆེ་བའི་ཐབས་མཁས་ཇི་སྙེད་ཅིག་སྡུད་ནུས་པ་དེའི་དོན་དུ། སྟོང་ཕྱོགས་རང་རིག་པའི་དབྱིངས་སུ་གཟུང་འཛིན་གྱི་སྣང་བ་ཐམས་ཅད་བཅིངས་པས་ཀྱང་ཟབ་མོའི་ལམ་གྱི་གནད་དེ་སྙེད་ཅིག་བསྡུ་ནུས་པ་ལ་དགོངས་ནས་སྟོང་ཕྱོགས་ཀྱི་དཀྱིལ་འཁོར་འདི་གསུངས་པའང་ཡིན་ནོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། ཁོག་གཞུང་ལས། ལྷག་པ་ཏིང་འཛིན་རྣམ་པ་གཉིས། །གདུལ་བའི་དོན་ཕྱིར་ཞི་ཁྲོ་སྟེ། །ཞེས་པས་སྔོན་འགྲོ་ལས་བདུན་ནས་བརྩམས་ཏེ། བསྒོམ་བྱའི་གཙོ་བོ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་དང་། ཀུན་སྣང་གི་དང་། རྒྱུའི་དང་། དཀྱིལ་འཁོར་ལྷའི། །ལས་ཀྱི་རིམ་པའི་སྟེ་ཏིང་འཛིན་རྣམ་པ་ལྔ་ལ་མཁར་བཅའ་ཞིང་། རྗེས་གོ་བགོ་ལུས་བསྲུང་གི་བར་གྱི་ཆོ་གའི་བྱ་བ་མང་པོས་ལྷག་པའི་ཏིང་ངེ་འཛིན་གྱི་སྦྱོར་བས་སྣང་ཕྱོགས་ཀྱི་དཀྱིལ་འཁོར་ཞི་བ་དང་ཁྲོ་བོའི་ཚུལ་དུ་བསྒོམ་པ་སྟེ་འབྲེལ་བ་བཞི་ལྡན་དུ་འཆད་ཤེས་པར་འདོད་ན་དཀྱུས་མ་དང་ཞལ་ལུང་བལྟའོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། ཕྱི་ནང་གསང་གསུམ་དུ་སྤྱན་འགྲེལ་ལས་བཤད་དེ། འཁོར་ལོ་བཞི་ལ་སོགས་པ་ཕྱི་རྩ་རླུང་གི་དཀྱིལ་འཁོར། རླུང་སྔགས་རྫས་གསུམ་དང་གནས་བཞིའི་ཐིག་ལེ་སོགས་


TN01_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་སྤྱི་དང་ཁྱད་པར་ཁམས་དཀར་དམར་གྱི་ཆ་རྣམས་ནང་ཐིག་ལེའི་དཀྱིལ་འཁོར། དེའང་རྩ་ཡུར་བ་ལྟ་བུ། ཐིག་ལེ་ཆུ་ལྟ་བུ། རླུང་ཁ་ལོ་བ་ལྟ་བུར་གནས་ཏེ་རྣལ་འབྱོར་པས་རྩའི་དེ་ཉིད་ཤེས་ཤིང་། རླུང་རང་དབང་དུ་འདུས་པས་ལྟེ་བའི་གཏུམ་མོ་ཞེས་ཁྲག་གི་ངོ་བོར་གྱུར་བའི་ཏིལ་ཀ་སྤར་ཞིང་། དེའི་མཐུས་སྤྱི་བོ་ནས་ཟླ་བའི་ཐིག་ལེ་ཞུ་བ་གནས་བཞིར་རིམ་པ་བཞིན་དུ་སོན་པ་ལས་བྱུང་བའི་བདེ་བ་ཆེན་པོ་ནི་གསང་བ་བདེ་བའི་དཀྱིལ་འཁོར་ཏེ། རྩ་རླུང་ཐིག་ལེ་དང་བདེ་ཆེན་འདྲེན་ཚུལ་གྱི་གནད་རྣམས་ལ་གྲུབ་ཆེན་གྱི་ལམ་སྲོལ་མི་འདྲ་བ་མང་པོ་ཡོད་པས་ཞིབ་ཏུ་མཁས་པར་བྱའོ། །བདུན་པ་ཚོགས་ཀྱི་དཀྱིལ་འཁོར་ནི། སྔར་ཚོགས་སྒྲུབ་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །བཞི་པ་རིམ་པ་དབང་ལ། ངོ་བོ་ནི། རྡོ་རྗེ་འཆང་གི་སྤྱོད་ཡུལ་རྨད་བྱུང་དུ་གྲུབ་པའི་སྔགས་ཀྱི་ཆོ་ག་ལ་བརྟེན་ནས་རང་གི་ངོ་སྐལ་གྱི་སྒྲིབ་པ་ལུས་སྒྲིབ་སོགས་བཞིའི་གང་རུང་སྤྱོད་པའི་ནུས་པའམ་བདེ་ཆེན་ཅི་རིགས་པ་སྟེ། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་ཐོབ་ཚད་ཀྱི་མ་མཐའ་གསུངས་པས་ཤེས་སོ། །སྐབས་འདིར་དབང་གི་རྒྱུ་གཉིས་དང་རྐྱེན་བཞིར་གྲགས་པ་ནི། སློབ་མའི་ལུས་ལ་རྩ་རླུང་ཐིག་ལེ་རང་ཆས་སུ་བཞུགས་པ་མཚུངས་ལྡན་གྱི་རྒྱུ། རབ་གནས་ཀྱིས་བྱིན་གྱིས་བརླབས་པའི་དབང་རྫས་ལྷན་ཅིག་


TN01_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་རྒྱུ། སྣོད་ལྡན་གྱི་སློབ་མ་རྒྱུའི་རྐྱེན། །མཚན་ཉིད་དང་ལྡན་པའི་སློབ་དཔོན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་གསུམ་ཚོགས་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་སྒོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ཏེ་འདི་རྣམས་ཆོས་མངོན་པ་ནས་གྲགས་པའི་རྐྱེན་བཞི་སོགས་དང་ལྟོ་སྦྱར་ནས་གསུངས་པ་ཁོ་ནའང་མིན་པ་འདྲའོ། །ངེས་ཚིག །ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བའམ་བླུགས་པ་སྟེ། དྲི་མ་གཏོར་བ་དང་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་འཇོག་པའི་དོན་ཏོ། །དབྱེ་ན་ལེའུ་བཅུ་པར། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་གཟུང་། །ཞེས་གསུངས་པ་ལྟར་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ། དེའི་སྟེང་དུ་བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་སྒོམ། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འཆད་འཕྲིན། གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་སྟེ་ནུས་དབང་ལྔ། དེ་ནས་སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བ་སྟེ། དེ་དག་ཐམས་ཅད་ཀྱང་བསྡུ་ན་བླ་མེད་སྤྱི་ལ་གྲགས་པའི་བུམ་གསང་ཤེས་


TN01_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཚིག་དབང་སྟེ་རྣམ་པ་བཞིར་མ་འདུས་པ་མེད་ཅིང་། སྤྱིར་བུམ་དབང་གི་དོན་མཐའ་རྟེན་བུམ་པའི་ཆུ་དབང་གིས་བྱེད་པ་ལ་འཆད་ཀྱང་སྐབས་འདིར་བཟའ་བཏུང་དང་གོ་ཆ་སོགས་ལ་དེ་འདྲའི་མཐའ་རྟེན་མི་འདུག་པས་བུམ་དབང་གི་ཡན་ལག་ཏུ་བསྡུ་བས་ན་བུམ་དབང་ཞེས་བཏགས་པ་འདྲ་ལ། གསང་དབང་གི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་མི་འཛག་པའི་བདེ་བས་བྱིན་གྱིས་བརླབས་པའི་བདུད་རྩི་མྱང་བ་ལ་བརྟེན་ཏེ། རྩ་གནས་ཀྱི་ཁམས་རྣམས་ཆན་ལ་ཕབ་བཏབ་པས་མྱོས་བྱེད་ཀྱི་ནུས་པ་འབྱུང་བ་ལྟར་བདེ་བ་ཆེན་པོའི་བྱིན་གྱིས་ཁྱབ་པར་བྱེད་པ་ནི་ཐབས་ལམ་སྟེང་སྒོའི་སྨིན་བྱེད་དུ་གསུངས་པ་དང་། དབང་གསུམ་པར་ཤེས་རབ་མ་ལ་བརྟེན་ནས་ཡས་བབས་ཀྱི་དགའ་བཞི་ངོ་སྤྲོད་ཅིང་། ཚིག་དབང་གི་སྐབས་སུའང་རྒྱུད་སྡེ་གཞན་ནས་ཟུང་འཇུག་གི་ལྷ་སྐུ་ངོ་སྤྲོད་པ་སོགས་གསུངས་ཀྱང་། འདིར་དེའི་ཚབ་ཏུ་མས་བརྟན་གྱི་དགའ་བཞི་ངོ་སྤྲོད་ཙམ་ཞིག་མཛད་པ་དང་། རྒྱུད་སྡེ་གཞན་དུ་ཁས་བླང་གི་སྒོ་ནས་རིགས་ལྔའི་སྡོམ་བཟུང་མ་བྱས་པར་དབང་གི་དངོས་གཞི་བསྐུར་ཚུལ་མེད་ཀྱང་འདིར་དེའི་དོད་དུ་སྐུ་གསུང་ཐུགས་ཀྱི་དམ་ཚིག་འབོགས་པའི་ཆོ་ག་གཞན་ཞིག་མཛད་པ་སོགས་མི་འདྲ་བ་འགའ་ཞིག་སྣང་ཞིང་། དེ་དག་རྣམ་དཔྱོད་ཅན་གྱིས་ལེགས་པར་མཐའ་བཅད་པར་བྱ་ལ་ལར་གསང་སྔགས་བླ་


TN01_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ལམ་ཐམས་ཅད་དབང་གི་ཁོག་ནས་འདོན་ཤེས་པ་ཞིག་བྱུང་ན་བླ་མེད་ཀྱི་རྣམ་བཞག་ཆགས་པའི་རྟགས་སུ་ངེས་པར་བྱའོ། །ལྔ་པ་མི་འདའ་བ་དམ་ཚིག་གི་ངོ་བོ་ནི། སྟོན་པ་རྡོ་རྗེ་འཆང་གིས་བཅས་པའི་རྩ་བ་དང་ཡན་ལག་གི་འདུལ་ཁྲིམས་རྡོ་རྗེ་འཛིན་པ་རྣམས་ཀྱིས་བསླབ་བྱའི་གཙོ་བོར་གྱུར་པས་རབ་ཏུ་ཕྱེ་བ་ཡིན་ལ། ངེས་ཚིགས་མ་ཡཱ་ཞེས་པ་འདའ་བར་དཀའ་བའི་དོན་ཏེ། ཇི་སྐད་དུ། དམ་པ་སྐུ་གསུང་ཐུགས་ཡིན་ཏེ། །དེ་ལས་འདས་ན་ཚིག་པར་འགྱུར། །ཞེས་སོ། །དབྱེ་ན་རྩ་བ་དང་ཡན་ལག་གཉིས་ལས། དང་པོ་ནི། སྔགས་བླ་མེད་སྤྱིའི་རྩ་ལྟུང་སློབ་དཔོན་ཆེན་པོ་བྷ་བྱས་རྩ་ལྟུང་གི་རྣམ་བཞག་ཏུ་བཤད་པ་དང་། དེའི་ཁྱད་པར་འགའ་ཞིག་འགྲེལ་ཆེན་དྲི་མེད་འོད་ནས་འཇོག་ཚུལ་མི་འདྲ་བའི་སྒོ་ནས་བཤད་པ་སོགས་མཐའ་དག་པ་འདིར་མི་འཆད་ཀྱི། རྒྱུད་སྡེ་འདི་ནས་འབྱུང་བའི་རྩ་ལྟུང་ལྔའི་དོན་སྔོན་གྱི་བླ་མ་དག་གིས་ཆེ་ལོང་ཙམ་ཕྲལ་ཏེ་བཤད་པ་རྣམས་རྗེས་བརྗོད་ཁོ་ནར་འཆད་དོ། །དེ་ནི་ལེའུ་བཅུ་དགུ་པར། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་གསུངས་ཏེ།


TN01_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བླ་མེད་མི་སྤང་བ་ནི་ཞི་རྒྱུད་ལས། བྱང་ཆུབ་སེམས་གསུམ་བསྒོམ་པ་ནི། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ། །ཞེས་གསུངས་ཤིང་དེའི་དོན་ཡང་དོན་དམ་པར་དག་པའི་ལྷ་དང་སྣང་བ་ཐམས་ཅད་ཅིར་ཡང་མི་དམིགས་པ་བློ་བྲལ་གྱི་དབྱིངས་དང་། ཐ་སྙད་ཙམ་དུའང་རིག་པ་སྒྱུ་མའི་ངོ་བོར་རོ་གཅིག་པའི་ཚུལ་ཤེས་ནས་དེའི་ངང་ལ་མཉམ་པར་འཇོག་པ་དེ་གནས་ལུགས་རྟོགས་པའི་ལྟ་བ་དང་། འབྲས་བུ་ལ་སྨོན་པ་དང་། དངོས་སུ་འབྲས་བུ་ལམ་བྱེད་ལ་འཇུག་པ་གསུམ་ཀར་སོང་བས་བྱང་ཆུབ་སེམས་གསུམ་དུ་འཇོག་པ་ཕྱོགས་འདིའི་མཁས་པ་ཆེན་པོ་རྣམས་ཞལ་འཆམ་པའི་བཤད་ཚུལ་ཡིན། དེ་འདྲ་བའི་སྨོན་འཇུག་བཏང་བ་ལས་རྩ་ལྟུང་དུ་འགྱུར་བ་བཞིན་དུ་ཐེག་ཆེན་ཐུན་མོང་བའི་སེམས་བསྐྱེད་བཏང་བ་ལས་ཀྱང་རྩ་ལྟུང་འབྱུང་བར་སློབ་དཔོན་བྷ་བྱས་བཤད་ལ། དེ་ལ་ནི་ཀུན་དཀྲིས་ཀྱི་ཡན་ལག་བཞི་ཡང་ཚང་མི་དགོས་པར་སེམས་ཅན་གཅིག་བློས་བཏང་བའམ་རྫོགས་བྱང་དོན་གཉེར་ལ་ཚོང་ཐག་བཅད་ནས་སླར་ལོག་པ་ལྟ་བུའི་སེམས་གཅིག་སྐྱེས་པ་ན་སྔགས་སྡོམ་གཏོང་བར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པས་བཤད་དོ། །བླ་མེད་སྤང་བའི་རྩ་ལྟུང་གི་འཇོག་ཚུལ་སྔ་མ་འདིའི་འབྱུང་མཚམས་གསལ་པོ་ཞིག་མི་འདུག་ཀྱང་། དམ་ཚིག་གསལ་བཀྲར། དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་


TN01_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པར་ཅི་ཡིས་ཆུད། །ཅེས་གསུངས་ཤིང་གཞན་དང་རིགས་པ་སྦྱར་ན་གོ་ཅུང་ཟད་སླའོ། །དེའང་དེ་ནི་གཙོ་བོར་རང་བྱུང་ཡེ་ཤེས་ལ་མཉམ་པར་མ་བཞག་པའི་གཞི་ལས་གྱུར་པར་སྣང་གི། ཡི་དམ་ལྷའི་སྐུ་ཕྱག་རྒྱའི་རྣལ་འབྱོར་དང་གསུང་བཟླས་པའི་རྣལ་འབྱོར་རྒྱུན་བཅད་པ་ལས་གྱུར་པ་ནི་འོག་ནས་འབྱུང་བའི་རྩ་ལྟུང་གསུམ་པར་བསྡུ་དགོས་པ་འདྲའོ། །གལ་ཏེ་བདེན་གཉིས་དབྱེར་མེད་ལ་བླ་མེད་ཀྱི་ཐ་སྙད་འདོགས་པ་ནི་བླ་ན་མེད་པའི་དཀོན་མཆོག་གསུམ་མི་གཏོང་བའི་སྒོ་ནས་རོང་ཟོམ་ཞབས་གསུངས་ན། ཐུན་མོང་བའི་སེམས་བསྐྱེད་ལ་དེ་ལྟར་འདོགས་པའི་རྒྱུ་མཚན་མེད་དོ་ཞེ་ན། འདི་ནི་རྡོ་རྗེ་རྩེ་མོ་ལས། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ལ་སོགས་པ་ཁུངས་ཐུབ་ཀྱི་གཞུང་མང་པོ་ནས་འབྱུང་བ་ཞིག་ཡིན་ཏེ་སླའོ། །གཉིས་པ་བླ་མ་བཀུར་བ་ནི། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་དགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་སློབ་དཔོན་དྲུག་པོ་བཀུར་ཐབས་དྲུག་གིས་བཀུར་བ་སྟེ། དེ་ཉིད་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་གྱིས་ཏེ། །ཞེས་བསྟན་པ་སྤྱིའི་སློབ་དཔོན་ནི་ཆོས་ཀྱི་ཡུལ་འཁོར་སྐྱོང་བས་


TN01_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལྟ་བུ་དང་། ཆོས་ཀྱི་སྒོར་འདྲེན་པའི་སློབ་དཔོན་ནི་བསྟན་པའི་འཇུག་ངོགས་སློབ་པས་ཁུ་བོ་ལྟ་བུ་དང་དེ་བཞིན་དུ་ཉམས་ཆག་སྐོང་བའི་སློབ་དཔོན་གྱིས་ཡོན་ཏན་གྱི་ལུས་ཆུད་མི་ཟ་བར་བྱེད་པས་མ་དང་། དབང་བསྐུར་བའི་སློབ་དཔོན་གྱིས་རིགས་ཀྱི་ཅོད་པཎ་བྱིན་པས་ཕ་དང་། ཤེས་རྒྱུད་དགྲོལ་བའི་སློབ་དཔོན་གྱིས་རྒྱུད་དོན་གསལ་བར་སྟོན་པས་མིག་དང་། མན་ངག་སྟོན་པའི་སློབ་དཔོན་གྱིས་ཟབ་དོན་སྙིང་འདྲ་བ་འཆད་པས་སྙིང་བས་ལྷག་པའི་ཚུལ་གྱིས་བཀུར་བའི་དོན་དུ་གསུང་རྒྱུན་ལས་འབྱུང་ཞིང་། སྐབས་འདིའི་རྩ་ལྟུང་འབྱུང་ཡུལ་དངོས་ནི། ཞི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་པའི་སློབ་དཔོན་གསུམ་པོ་ལ་བྱ་ཞིང་། དེའི་ནང་ནས་ཀྱང་དབང་བསྐུར་གྱི་སློབ་དཔོན་ཉིད་ཤིན་ཏུ་གཉན་པ་ཡིན་ནོ། །རྩ་ལྟུང་འབྱུང་བའི་ཚད་ནི་ཡོན་ཏན་རིན་པོ་ཆེར། བྱང་ཆུབ་སེམས་ལས་གཞན་པའི་རྩ་ལྟུང་ལ། །ཀུན་དཀྲིས་ཞེས་བྱ་ད་དུང་བྱ་བ་དེ། །བྱེད་འདོད་མ་ལོག་དེ་ལ་འགྱོད་པ་མེད། །རང་ངོར་ལྟོས་པའི་ངོ་ཚ་ཤེས་པ་དང་། །གཞན་ངོར་ལྟོས་པའི་ཁྲེལ་ཡོད་མེད་པ་སྟེ། །ཆོས་གསུམ་ཚང་བའི་ཀུན་སློང་བྱ་བའི་མཐར། །གཏུགས་པ་དེ་སྲིད་རྒྱུན་ཆགས་ཡོད་གྱུར་ན། །ཀུན་དཀྲིས་ཚང་བའི་ཕམ་པར་འགྱུར་བ་ཡིན། །ཞེས་དམ་ཚིག་གི་སྐབས་སུ་གསུངས་ཤིང་། །འགྱོད་པ་མེད་པའི་དོན་ལ་མངའ་རིས་


TN01_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་ཆེན་པོས། རྒྱུན་མི་འཆད་སྤྱོད་ངོ་ཚ་ཁྲེལ་མེད་དང་། །དེས་མགུ་དགའ་དང་དེ་ཉིད་ཡོན་ཏན་དུ། །ལྟ་བ་ཀུན་དཀྲིས་ཆེན་པོས་སྡོམ་པ་འཇོམས། །ཞེས་པའི་ཐ་མ་གཉིས་ཀ་བསྡུ་སྟེ། དེ་ལྟ་བུའི་ཀུན་དཀྲིས་ཀྱི་ཡན་ལག་ཚང་བ་དགོས་ཤིང་། སྤྱིར་རྡོ་རྗེ་སློབ་དཔོན་ལ་མ་གུས་པ་དང་ཐེ་ཚོམ་གྱི་རྣམ་པ་སྐད་ཅིག་ཙམ་ཞིག་སྐྱེས་ཀྱང་དངོས་གྲུབ་ཆེན་པོ་ལ་བར་ཆད་ཀྱི་ཆོས་ལྕི་ཞིང་འཐས་པར་འགྱུར་མོད་ཀྱི། རྩ་ལྟུང་འབྱུང་བ་ནི་སྔགས་སྡོམ་གཏོང་བའི་དོན་ཡིན་པས་གཙོ་བོར་རྡོ་རྗེ་སློབ་དཔོན་བློས་དོར་བ་ལས་འཇོག་པ་འདྲའོ། །འདི་ནི་གསང་སྔགས་པ་རྣམས་ཀྱི་དངོས་གྲུབ་ཀྱི་རྩ་བ་ཡོད་མེད་སོ་མཚམས་འཛིན་བྱེད་ཡིན་པས་སྲོག་བསྡོས་བྱས་ནས་བསྲུང་དགོས་ཏེ། བྷ་ཝི་ལྷས། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་སོ། །དེའང་རྡོ་རྗེ་སློབ་དཔོན་དུ་གྱུར་པའི་ས་ཚིགས་ལ་སྔགས་ཀྱི་ཆོས་ཤྭ་ལོ་ཀ་གཅིག་ཐོབ་པ་ནས་འཇོག་དགོས་པར་གསུངས་ཤིང་། སྔགས་བླ་མེད་ཁོ་ནའི་ཆོས་ཐོབ་པ་ལ་མི་ལྟོས་པ་དང་། དེ་ལ་བརྙས་པས་སྔགས་སྡོམ་ཆུད་འཛའ་བ་ཙམ་དུ་མ་ཟད་ཀོ་ས་ལའི་རྒྱན་ལས། ཚིགས་བཅད་གཅིག་ཙམ་ཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། ཁྱི་ཡི་སྐྱེ་བ་ལྔ་བརྒྱ་དང་། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་


TN01_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟ་བུའི་ཉེས་དམིགས་མཐའ་ཡས་པ་ཞིག་འབྱུང་ངོ་། །གསུམ་པ་སྔགས་རྒྱ་རྒྱུན་མི་གཅོད་པ་ནི། གསལ་བཀྲ་ལས། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་གཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་པ། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཞེས་གསུངས་ཤིང་། གང་མི་གཅོད་རྒྱུའི་སྔགས་དང་ཕྱག་རྒྱའི་རྣམ་བཞག་རགས་པ་ནི་འོག་ཏུ་སྟོན་ནོ། །དུས་ཚད་ཀྱི་ངེས་པ་དྲངས་མ་ཐག་པའི་ལུང་གི་ཚིག་ནུས་དང་། ཡང་དེའི་འཕྲོར། ཚོགས་དང་གཏོར་མའམ་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའོ། །ཞེས་གསུངས་པ་རྣམས་ལ་བརྟགས་ན་སྔགས་རྒྱ་རྒྱུན་ཆད་ནས་ལོ་གཅིག་གི་མཐའ་མ་འདས་པར་རྩ་ལྟུང་དུ་འཇོག་གིན་མེད་པ་འདྲའོ། །བཞི་པ་མཆེད་ལ་བྱམས་པ་ནི། དེ་ཉིད་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །ཞེས་སྤྱིའི་མཆེད་སེམས་ཅན་ཐམས་ཅད་ལ་བཤད་ཅིང་། སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་ཉེ་རིང་ནང་འདྲེས་ཀྱི་སྤུན་གསུམ་ཡང་བཤད་དོ། །འོན་


TN01_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སེམས་ཅན་གང་རུང་རུང་རྡོ་རྗེའི་སྤུན་མཚན་ཉིད་པར་བཞེད་པ་མིན་གྱི་སེམས་ཅན་ཐམས་ཅད་གཉུག་མ་རང་བཞིན་གྱི་འོད་གསལ་རྒྱུད་ལ་སྐལ་བ་མཉམ་པར་བཞུགས་པའི་རྒྱུ་མཚན་ལ་བརྟེན་ནས་སྤུན་ཟླ་ལྟ་བུའི་འདུ་ཤེས་ཀྱིས་བྱམས་པར་བྱ་བ་དང་། དེའི་ནང་ནས་ཀྱང་ནད་པ་སངས་རྒྱས་པའི་ཆོས་ལ་ཞུགས་པ་དང་། ཁྱད་པར་སྔགས་བླ་མེད་ཀྱི་ལམ་ལ་ཞུགས་པའི་སྐྱེས་བུ་རྣམས་ཆོས་ཀྱིས་བསྡུས་པའི་སྤུན་གྲོགས་སུ་གསུངས་པ་ཙམ་ཞིག་ཡིན་ནོ། །དེས་ན་རྐང་པ་ཕྱི་མའི་དོན་ལྟར་རྡོ་རྗེ་སློབ་དཔོན་གཅིག་གི་སྤྱན་སྔར་གསང་སྔགས་ཀྱི་ཆོས་སྐལ་བ་མཉམ་པར་ནོད་པའི་མཆེད་ཅིག་དགོས་པར་མངོན་ལ་རྐང་པ་སྔ་མ་རྣམས་དེའི་ཞར་ལ་འོང་བ་འདྲའོ། །གསུང་རྒྱུན་འགའ་ཞིག་ནས་ཕ་བླ་མ་གཅིག་གིས་བསྡུས་པ། །མ་དཀྱིལ་འཁོར་གཅིག་གིས་བསྡུས་པ། དབང་གྲལ་གཅིག་ཏུ་འདུས་པ་རྣམས་གང་ཡིན་ཀྱང་རྩ་ལྟུང་འདིའི་ཡུལ་དུ་འགྱུར་ཞེས་ཀྱང་འབྱུང་ངོ་། །ཅི་ཙམ་གྱིས་རྩ་ལྟུང་དུ་འགྱུར་ཚུལ་བཀའ་སྲོལ་འདི་ནས་མི་གསལ་ཡང་སློབ་དཔོན་བྷ་བྱས། རྡོ་རྗེ་སྤུན་ལ་ཁྲོས་པ་ཡིས། །ཉེས་པ་བརྗོད་པ་གསུམ་པ་ཡིན། །ཞེས་བཤད་པ་དང་བསྟུན་ན་ཀུན་དཀྲིས་ཀྱི་ཡན་ལག་ཚང་བ་དགོས་སོ། །ལྔ་པ་གསང་བ་མི་སྨྲ་བ་ནི། དམ་ཚིག་ཕྲ་རྒྱས་ལས། དམ་རྟགས་དམ་ལས་ལོག་པ་དང་། །དམ་མེད་


TN01_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་གསང་བའི་ཡུལ་བསྟན་ཅིང་། གང་གསང་ན། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་གསུངས་ཏེ། དང་པོ་སྤྱི་གསང་བཞི་ལས། ལྟ་ཟབ་ནི་ཐེག་དམན་སོགས་འཕང་དམའ་བ་རྣམས་དང་། སྤྱོད་པ་ནི་མ་འདྲེས་པ་ཐམས་ཅད་ལ་གསང་། ཡི་དམ་གྱི་ལྷ་སྔགས་དང་གྲུབ་རྟགས་ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ཤིང་། འདྲེས་པ་ལའང་རང་གར་བསྟན་ན་དངོས་གྲུབ་ཉམས་པར་འགྱུར་བས་གསང་བར་བྱའོ། །བར་གསང་བཞི་ནི། སྒྲུབ་པའི་གནས་དུས་གྲོགས་རྫས་བཞི་པོ་སྒྲུབ་པ་ཇི་སྲིད་མ་ཐོན་གྱི་བར་དུ་གསང་ངོ་། །གསང་བར་འོས་པ་ནི་གང་མཐོང་བ་དང་ཐོས་པ་ལས་མ་དད་པར་འགྱུར་བ་བླ་མ་དང་བླ་མའི་ཕྱག་རྒྱ་དང་སྲས་དང་མཆེད་ཀྱི་སྐྱོན་བརྗོད་པ་ལྟ་བུ་བྱར་མི་རུང་བའོ། །གསང་བར་གཉེར་གཏད་པ་ནི། རྡོ་རྗེ་སློབ་དཔོན་དང་མཆེད་ཀྱིས་གསང་བར་གདམས་པ་རྣམས་སོ་ཞེས་བཀའ་སྲོལ་ལས་འབྱུང་ཞིང་གཞན་མི་གསལ་ལོ། །འོན་ཀྱང་བྷ་བྱས། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་པ་དང་ཚུལ་གཅིག་ན་ཀུན་དཀྲིས་ཀྱི་ཡན་ལག་ཚང་དགོས་ཤིང་། ཡུལ་དབང་གིས་མ་སྨིན་པ་དང་། དབང་བཞི་མ་རྫོགས་པ་དང་། རྩ་ལྟུང་


TN01_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་སོགས་ལ་སྔགས་ཀྱི་གསང་བ་ཟབ་མོ་རྣམས་དགོས་པ་མེད་བཞིན་དུ་བཤད་པ་ན་ལྟུང་བར་འགྱུར་བས་གོང་དུ་ལྟ་སྤྱོད་གཉིས་ལ་གསང་བའི་ཡུལ་སོ་སོ་ལྟར་བཤད་པ་ནི་བཤད་ལུགས་ཀྱི་སྒོ་ནས་ཡིན་ཞིང་། གཞུང་དེའི་འགྲེལ་པ་འགའ་ཞིག་ལས་གསང་ཆོས་རྣ་བར་བསྒྲགས་པ་མིན་པའི་གསང་རྫས་མིག་ལམ་དུ་བསྟན་པ་ལ་རྩ་ལྟུང་མི་འབྱུང་བར་གསུངས་ནའང་བཀའ་སྲོལ་འདི་ལས་ནི་དེ་འདྲ་ལས་ཀྱང་རྩ་ལྟུང་འབྱུང་བར་བཤད་པ་སྨོས་མ་ཐག་པ་བཞིན་ནོ། །དེ་དག་གི་ནང་ནས་གཉིས་པ་དང་བཞི་པ་གཉིས་སྐུའི་དམ་ཚིག་དང་། གསུམ་པ་གསུང་གི་དམ་ཚིག །ལྷག་མ་གཉིས་ཐུགས་ཀྱི་དམ་ཚིག་ཏུ་བཤད་དོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ། །མི་སྤང་བ་ལྔ་དང་མི་དོར་བ་ལྔ་ལས། དང་པོ་ནི། འདི་ཉིད་ལས། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པ་ལྟར་ལྔ་ཡིན་ལ། དེའི་ཚུལ་ནི་གསལ་བཀྲ་ལས། མི་སྤང་དམ་ཚིག་བཤད་བྱ་བ། །ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་བཤད་དེ། ཡང་དག་པའི་དུག་ལྔ་ནི། ཐུགས་རྗེས་སེམས་ཅན་ལ་ཆགས་པའི་འདོད་ཆགས། རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་། མཉམ་ཉིད་ཀྱི་རྟོགས་པ་དབུ་འཕང་མི་སྨོད་པའི་ང་རྒྱལ། རྟོགས་པའི་ཀློང་དུ་གཉིས་འཛིན་གྱི་བདུད་མི་ཤོང་བའི་ཕྲག་དོ་།དོན་དམ་པར་


TN01_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་གཉིས་སུ་མི་འབྱེད་པའི་ལྟ་བ་ཡང་དག་པའི་གཏི་མུག་གི་སྒྲས་བསྙད་པ་ཡིན་ཞེས་སློབ་དཔོན་རྣམས་འདོད་དོ། །འདི་རིགས་ལ་ལྟུང་བའི་འབྱུང་མཚམས་གསལ་ཁ་མ་མཐོང་ཡང་སློབ་དཔོན་ཛྙཱ་ན་ཤྲཱི་གཞུང་དང་རིགས་པ་བསྟན་ན་ཡང་དག་པའི་དུག་ལྔ་པོ་འདིའི་རྩི་དང་སྐད་ཅིག་ཙམ་བྲལ་ནའང་ཡན་ལག་གི་ཉམས་ཆག་བྱུང་བར་འདོད་དགོས་སམ་སྙམ་མོ། །ལོག་པའི་དུག་ལྔ་མི་སྤོང་ལུགས་ནི་སྤང་བྱའི་རང་བཞིན་མ་གྲུབ་པའི་ཕྱིར་རོ། །ཞེས་ལེགས་བཤད་རོལ་མཚོ་ནས་བཤད་ཀྱང་དེ་ཙམ་གྱིས་ཆོག་ལུགས་མི་འདུག་པས་སྔགས་བླ་མེད་ཀྱི་ལུགས་ལ་ཉོན་མོངས་ཡིན་ན་ཉོན་སྒྲིབ་ཡིན་མི་དགོས་པ་སློབ་དཔོན་ཞི་བ་འཚོས་དེ་ཉིད་གྲུབ་པར་རིགས་པ་དུ་མས་བསྒྲུབ་པ་ལྟར་ཐུན་མོང་མ་ཡིན་པའི་སྤྱོད་པ་བྱེད་དུས་རིག་མའི་འདོད་ཡོན་ལ་རྗེས་ཆགས་ཀྱི་མེ་སྤར་བ་ལྟ་བུས་མཚོན་ཏེ་ཉོན་མོངས་ལྷག་མ་བཞི་ལའང་དེ་འདྲ་རེ་སྦྱར་ནས། ཚུལ་དེས་ཉོན་མོངས་ལམ་དུ་བྱེད་ནུས་པའི་རྒྱུད་ཚོད་ལ་སླེབས་བཞིན་དུ་དེ་ལྟར་ལམ་དུ་མ་བྱས་པ་ལ་བྱ་བའམ། ཡང་ན་ཉོན་མོངས་པ་ལྔ་ལ་ཉན་ཐོས་ལྟར་དགྲར་བལྟས་ནས་དེ་དག་གི་གཉེན་པོ་རྣམས་འབད་པ་ལྷུར་ལེན་གྱིས་ཆེད་ཆེར་འཛིན་པ་གང་རིགས་ལ་བྱའོ། །གཉིས་པ་མི་དོར་བ་ལྔ་ནི། འདི་ཉིད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཞེས་གསུངས་ཤིང་།


TN01_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་ནི་རྒྱུད་གཞན་ལས། ཐ་མལ་ལུས་ཀྱི་ཆོས་ལ་ནི། །དྲི་མ་ལྔ་རྣམས་སྣང་བ་ནི། །ཡེ་ཤེས་ལྔ་ཡི་བྱིན་རླབས་ལས། །བདུད་རྩི་ལྔ་ཞེས་བྱ་བར་བཤད། །ཅེས་སོགས་གསུངས་པ་ལྟར་སྦྱང་རྟོག་སྤར་བ་བྱས་ནས་ལོངས་མི་སྤྱོད་ན་ལྟུང་བ་སྟེ། འདི་ལའང་གཙང་དམེའི་འདུ་ཤེས་ཀྱིས་དང་དུ་མི་ལེན་པ་འགའ་ཞིག་རྩ་ལྟུང་ཡིན་ཡང་། འདིར་ནི་བཟའ་བའི་དམ་ཚིག་ལས་འདས་པ་ཉིད་ཀྱིས་ལྟུང་བར་འཇོག་གོ། །སྐབས་འདིར་མི་སྤང་བ་ལྔ་ལ་རྒྱུ་མཚན་གསུམ་དང་དགོས་པ་གསུམ་བཤད་པའི། དང་པོ། སྤང་བྱའི་རྫས་མ་གྲུབ་པ་དང་། ཐབས་ལ་མཁས་པའི་ལམ་ཡིན་པ་དང་། དེའི་རང་བཞིན་ཡེ་ཤེས་ཆེན་པོར་དག་པ་རྣམས་ཡིན་ཞིང་། ཕྱི་མ། དངོས་པོའི་མངོན་ཞེན་ལྡོག་པ། སྔགས་ལམ་ལ་ངོ་མཚར་སྐྱེ་བ། ཆོས་ཉིད་ཟབ་མོ་ལ་རྟོགས་པ་མྱུར་བ་རྣམས་སུ་བཤད་དོ། །མི་དོར་བ་ལྔའི་སྐབས། ཡིན་པ་གསུམ་དང་། གྲུབ་པ་བཞིའི། དང་པོ། ནད་ལྔ་སེལ་བའི་སྨན། ཡོན་ཏན་ལྔ་སྟེར་བའི་རྫས། རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་རྣམས་དང་། གཉིས་པ། ཆོས་ཉིད་ངོ་བོས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། །ནུས་པ་མཐུས་གྲུབ་པ། བྱིན་གྱིས་བརླབས་པས་གྲུབ་པ་སྟེ་བཞིའོ། །གཞན་ཡང་དམ་ཚིག་ཕྲ་རྒྱས་ལས། སུམ་བརྒྱ་དྲུག་ཅུའི་དབྱེ་བ་


TN01_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་སོགས་མང་ངོ་། །དྲུག་པ་རོལ་པ་ཕྲིན་ལས་ནི། སྙིང་རྗེ་ཆེན་པོ་དང་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་ཐབས་མཁས་ཀྱི་མཛད་སྤྱོད་ཚར་གཅོད་དང་རྗེས་འཛིན་གང་རུང་གིས་བསྡུས་པའོ། །ངེས་ཚིག་ཀརྨ་ཞེས་པའི་སྒྲ་ལས་སྒོ་གསུམ་གྱི་བྱ་བའི་མཚན་ཉིད་ཅན་ནོ། །དབྱེ་ན། ནད་གདོན་སོགས་མི་མཐུན་པའི་ཕྱོགས་ཞི་བ་དང་། ཚེ་དཔལ་སོགས་མཐུན་པའི་ཕྱོགས་རྒྱས་པ་དང་། དམིགས་བྱ་དབང་དུ་བསྡུས་པ་དང་། བསྒྲལ་བའི་ཞིང་ལ་མངོན་སྤྱོད་བྱ་བ་སྟེ་ལས་ཚོགས་བཞི་པོ་མེ་རྫས་བྲོ་མཆོད་རྟེན་ཕྱག་རྒྱའི་སྒོ་ནས་སྒྲུབ་པ་རྣམས་ཏེ། ཁོག་གཞུང་ལས། བདག་གཞན་དོན་སྒྲུབ་ཕྲིན་ལས་ནི། །མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། །ཞེས་སོ། །དེ་ལ་མེའི་སྒོ་ནས་བྱ་བ་ནི། སྦྱིན་སྲེག་རྩ་བར། གནས་རྫས་ཐབས་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་པ་བཞིན་ནོ། །རྫས་ཀྱི་སྒོ་ནས་ནི་ལིངྒ་བཅའ་བ་དཀྱིལ་འཁོར་བསྐྱེད་པ་སོགས་ལེའུ་ཉི་ཤུ་པར། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །ཞེས་པ་ལ་སོགས་པ་གསུངས་སོ། །བྲོའམ་ལུ་གུ་རྒྱུད་ཀྱི་སྒོ་ནས། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་


TN01_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དུ་སྦྲེལ་བསྡམས་ནས། །བཅིངས་གྱུར་བསྐྱོད་ནས་ཕྱོགས་བཅུར་གཡོ། །ཞེས་སོགས་འབྱུང་བ་རྣམས་ཏེ་བྲོ་ར་དང་ལྷ་བསྐྱེད་སོགས་ལས་སོ་སོའི་ངེས་པ་དང་བསྟུན་ནོ། །མཆོད་རྟེན་གྱི་སྒོ་ནས། རྒྱས་པ་ལས། དྲག་པོ་གཏུམ་པོ་འདུལ་བའི་ཕྱིར། །བདག་ཉིད་དྲག་པོར་བསྒོམས་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིངྒ་མནན་པར་བྱ། །ཞེས་སོ། །ཁ་དོག་དང་དབྱིབས་དང་ལྷར་སྣང་སོགས་ལས་སོ་སོར་བསྟུན་ཞིང་། སྤྱན་འགྲེལ་ལས། མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང་ཞེས་འཇིམ་པ་ལས་གཞན་པའི་མེ་འདེབས་ཆུ་འདེབས་སོགས་ཆོག་པར་བཤད་དོ། །ཕྱག་རྒྱའི་སྒོ་ནས། རྒྱས་པ་ལས། ཡན་ལག་སྙིང་པོའི་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་སྒོམ། །ཞེས་སོགས་གསུངས་པ་རྣམས་སོ། །ལས་དེ་དག་སྒྲུབ་པ་ལ་གཙོ་ཆེ་བའི་གཙོ་སེམས་ནི། དོན་གྱི་སེམས་ཞི་དང་ཁྲོ་བོའི་ལྷའི་ང་རྒྱལ་ལ་གནས་ཤིང་སྣང་སྲིད་དག་མཉམ་དུ་ཤེས་པའི་ལྟ་བས། སྟོངས་ཀྱི་སེམས་ཞི་བར་ཞི་ཞིང་དྭངས་པ། རྒྱས་པར་དགའ་ཞིང་སྤྲོ་བ། དབང་ལ་ཆགས་ཤིང་ཞེན་པ། དྲག་པོར་ཁྲོ་ཞིང་རྔམ་པའི་ཚུལ་གྱིས་བྱ་བ་དང་གནས་ནི། རྩ་རྒྱུད་ལས། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །སྡོང་གཅིག་དང་ནི་མེས་རེག་དྲུང་། །


TN01_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་ཞིང་། འདིའི་ངེས་དོན་ལས་བཞིའི་གཟུངས་མ་དང་སྦྱོར་བར་ཡང་འགྲེལ་ཆུང་ལས། མ་རྨས་པ་དང་པུ་ཏྲ་མང་འཕེལ་དང་། །སྐྱེ་རྒྱུད་མེ་དང་བཀྲ་མི་ཤིས་གསང་བ། །ཞེས་བཤད་དོ། །དུས་ནི། ལོ་གཅིག་གི་དབང་དུ་བཏང་བ་དང་། ཞག་གཅིག་གི་དབང་དུ་བཏང་བ་གཉིས་ཏེ། དབྱར་དང་སྔ་དྲོ་ཞི་བ། སྟོན་དང་ཉིན་ཕྱེད་རྒྱས་པ་ལ་སོགས་པས་ཤེས་སོ། །གཞན་ཡང་ལས་སོ་སོའི་སྐབས་སུ་ཁ་ལྟ་ཕྱོགས་དང་ཆས་གོས་ཀྱི་ཁ་དོག་སོགས་ཨ་བྷྱ་ཀཱ་ར་ལ་སོགས་པ་ཆེན་པོ་རྣམས་ཀྱི་གཞུང་ནས་འབྱུང་ངོ་། །བདུན་པ་དོན་དུ་གཉེར་བ་སྒྲུབ་པ་ནི། རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པས་སྦྱོར་བས་སོ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པས་སྦྱོར་བས་སོ། །ཞེས་པ་ལྟར་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་སྒྲུབ་བྱེད་ཀྱི་ཐབས་ཁྱད་པར་ཅན་ཞིག་ལ་བྱེད་དོ། །ངེས་ཚིག་དྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ་འདོད་པའི་དོན་ལེན་པར་བྱེད་པའོ། །དབྱེ་ན། ཐུན་མོང་དང་མཆོག་གི་སྒྲུབ་པ་གཉིས་ལས། དང་པོ་ནི། ཁོག་གཞུང་ནས་བཤད་པའི་རོ་ལངས་དང་ཚེ་དང་པྲ་སེན་སྒྲུབ་པ་ལ་སོགས་པ་རྣམས་དང་། རྒྱུད་ཀྱི་ལེའུ་ལྔ་པ་ལས་ནད་ཞི་བ་དང་། དུག་བདུད་རྩིར་སྒྱུར་བ་ལ་སོགས་པ་ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག་དང་། ནམ་མཁའ་ལ་རྡོ་རྗེའི་


TN01_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྐས་འབྱུང་བ་ལ་སོགས་པ་འབྱུང་བའི་དངོས་གྲུབ་ལྔ། དགུག་པ་དང་གཏད་པ་ལ་སོགས་པ་ལས་ཕྲན་ཚེགས་བརྒྱད་གསུངས་པ་ལྟ་བུའོ། །མཆོག་སྒྲུབ་པ་ནི་རྫོགས་རིམ་གྱི་རྣལ་འབྱོར་ལ་གོམས་པ་གདེང་དུ་གྱུར་པ་ན་སྤྱོད་པ་གསུམ་གྱི་ཉེ་རྒྱུས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་ལ་ཁྱད་པར་ཆེན་པོ་ཐོབ་པའི་སྒོ་ནས་ཟུང་འཇུག་གི་ཡེ་ཤེས་སྒྲུབ་པའོ། །དེའང་བསྐྱེད་རིམ་འབྱོངས་པས་རིག་མཐོང་གི་མཚན་མ་བརྟན་པོ་རྙེད་པའི་མཚམས་ཤིག་ནས་གྲོགས་ཁྱད་པར་ཅན་དང་འགྲོགས་ན་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་ཀྱང་སྒྲུབ་པར་ནུས་མོད་ཀྱི། །རིན་པོ་ཆེ་ལྟ་བུའི་གང་ཟག་ནི་དེ་ཙམ་གྱིས་ཡིད་དྲང་མི་ནུས་པར་དེ་ལས་ཆེས་ལྷག་པའི་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པ་ལ་འདུན་པ་ཤུགས་དྲག་པས་མྱུར་དུ་མཆོག་སྒྲུབ་པའི་ནན་ཏན་ཁོ་ན་ཧུར་ཐག་བྱེད་པ་ཡིན་ཏེ་རྒྱ་གར་ན་གྲུབ་ཆེན་ལོ་དྲིལ་དང་བོད་དུ་ལྕེ་བཙུན་སེང་གེ་དབང་ཕྱུག་བཞིན་ནོ། །བརྒྱད་པ་མི་གཡོ་བ་ཏིང་ངེ་འཛིན་ནི། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ཉིད་ཏིང་འཛིན་ཏེ། །ཞེས་པ་ལྟར་བསྒོམ་བྱའི་དོན་ཁྱད་པར་ཅན་བསྐྱེད་རྫོགས་ཀྱི་དོན་ལས་མི་གཡོ་བར་གནས་པའི་སེམས་ཕྱོགས་གཅིག་པའོ། །ངེས་ཚིགས་མ་དྷཱིའི་སྒྲ་ལས་མཉམ་པའི་བློ་ལ་འཇུག་པས། བསྒོམ་བྱའི་དོན་ལ་སེམས་རྩེ་


TN01_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཟིན་པའི་དོན་ནོ། །དབྱེ་ན། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གཉིས་སུ་ཡོད་ཅིང་། དེའི་ནང་ནས་བསྐྱེད་རིམ་ལའང་། རྒྱུད་ཕྱི་མ་ལས། བསྐྱེད་རིམ་ལ་བརྟེན་སྐྱེ་གནས་ཏེ། །མངལ་སྐྱེས་ལ་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་པ་བཞི་རུ་འདོད། །ཅེས་པ་ལྟར་སྤྲོས་པ་རྒྱས་པ་དཀྱིལ་འཁོར་གྱི་འཁོར་ལོ་བདག་སྲས་གཞན་སྲས་གཉིས་ཀྱི་སྒོ་ནས་སྒོམ་པ་སོགས་དང་། འབྲིང་པོ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དང་། བསྡུས་པ་ས་བོན་ཙམ་ལས་བསྐྱེད་པའམ་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་བསྐྱེད་པ་དང་། ཤིན་ཏུ་བསྡུས་པ་སྐད་ཅིག་གིས་དཀྲོང་བསྐྱེད་བྱེད་ཚུལ་བཞིའོ། །དེ་དག་གང་ལའང་ཐ་མལ་གྱི་སྣང་བ་དག་པར་བྱེད་པ་རྣམ་པ་གསལ་བ་དང་། ཞེན་པ་དག་པར་བྱེད་པ་དག་པ་དྲན་ཅིང་ང་རྒྱལ་བརྟན་པ་སྟེ་མདོར་ན་ལྷའི་སྣང་ཞེན་མཚན་ཉིད་ཚང་བ་དགོས་ཤིང་། དེ་ལྟར་བློ་སྦྱང་བའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པའི་རྣམ་པ་སྤྱི་ལ་དམིགས་པའི་འདུ་བྱེད་མ་ཉམས་པར་གཙོ་འཁོར་སོ་སོའི་སྐུའི་ཆ་ཤས་དང་། རྒྱན་ཆ་ལུགས་རེ་རེ་ནས་གསལ་སྣང་འདོན་ཞིང་། དེ་ཡང་གཟུགས་ཀྱི་མཚན་མ་འབའ་ཞིག་ཙམ་མ་ཡིན་པར་ཡོངས་སུ་དག་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྲས་བུའི་ཡོན་ཏན་མཐའ་དག་དང་ལྡན་པའི་སངས་རྒྱས་སུ་ང་རྒྱལ་བྱ་བ་དང་།


TN01_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཕྱོགས་ཀྱི་དཀྱིལ་འཁོར་ཐམས་ཅད་དོན་ལ་རང་བཞིན་མེད་པ་རྟེན་འབྱུང་སྒྱུ་མ་ལྟ་བུའི་རྣམ་པར་འཆར་བའི་ཟབ་གསལ་གཉིས་མེད་ཆེན་པོར་བཞག་སྟེ་བྱིང་རྒོད་དང་བྲལ་བའི་ཏིང་ངེ་འཛིན་མར་མེ་ལྟ་བུའི་རྒྱུན་བསྐྱང་བ་ལ་བརྟེན་ནས་ཟླ་དྲུག་ལ་སོགས་པའི་དུས་ངེས་པ་ཅན་ན་ཡུལ་གསུམ་གྱད་དུ་གྱུར་པའི་ལམ་རྟགས་གདོན་མི་ཟ་བར་འབྱུང་ངོ། །རྫོགས་རིམ་གྱི་ཏིང་ངེ་འཛིན་ནི་གོང་དུ་བཤད་པའི་ཐབས་གྲོལ་གྱི་ལམ་གྱི་གཙོ་བོ་རྣམས་ལ་བྱའོ། །དགུ་པ་གནས་སུ་སྟོབ་པ་མཆོད་པ་ནི། ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུས་པས། །དགྱེས་ཚིམས་གྱུར་པའི་ངོ་བོ་ཉིད། །ཅེས་པས། མཆོད་པའི་ཡུལ་དུ་གྱུར་པ་རྣམས་བཀུར་ཞིང་མཆོད་པའི་བསམ་པས་སྒོ་གསུམ་གྱིས་མཉེས་པ་སྒྲུབ་ཅིང་ཡོ་བྱད་སྟོབ་པའོ། །ངེས་ཚིག །པཱུ་ཛ་ཞེས་པ་བཀུར་བའི་དོན་གྱིས་གནས་སུ་སྟོབ་པ་ལ་བྱའོ། །དབྱེ་ན། ལེགས་རོལ་སོགས་ལས་འཇིག་འདས་ཀྱི་མཆོད་པ་གཉིས་དང་དེ་གཉིས་ཀྱི་ཁྱད་པར་བཞི་སོགས་བཤད་ཀྱང་ཞི་ཁྲོའི་ཁོག་གཞུང་གི་དབང་དུ་བྱས་ན་བཅུ་བཞི་སྟེ། དཀྱིལ་འཁོར་བའི་ལྷའི་ཡོན་ཏན་དྲན་པས་ཕྱག་འཚལ་བ་དང་། ཕྱག་རྒྱ་བདུན་སྦྲག་ཏུ་བྱ་བ་དང་། སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་བཟང་དང་། བསིལ་ཆབ་ཐོགས་པའི་ལྷ་མོས་ཕྱག་དང་ཞབས་བསིལ་བ་དང་། རང་གི་ཐུགས་ཀ་ནས་བྱུང་བའི་ལྷ་མོ་སྤོས་མ་ལ་སོགས་པ་བཞིས་མཆོད་


TN01_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཡེ་ཤེས་སྨན་གྱི་བདུད་རྩིའི་སྤྲིན་ཕུང་སྤྲོ་བ་དང་། གཏོར་མ་འདོད་ཡོན་གྱི་ལྷ་མོའི་རྣམ་པར་འབུལ་བ་དང་། བདུད་རྩིའི་རྒྱུན་གཏོར་མར་ལན་གསུམ་སྦྲེང་བས་ལྷ་རྣམས་དགྱེས་པ་བསྐྱེད་པ་དང་ཉན་ཐོས་རྣམས་འགོག་པ་ལས་བསླང་བ་དང་རྒྱལ་བ་རྣམས་གཞན་དོན་ལ་བསྐུལ་བའི་གསང་ནན་དང་། ལྷག་པ་ཏིང་ངེ་འཛིན་གྱི་རྣམ་པར་རོལ་བའི་མཆོད་སྦྱིན་རྒྱན་དང་བགོ་བ་དང་སྐྱེད་མོའི་ཚལ་ལ་སོགས་པ་ནམ་མཁའ་གང་བ་སྣ་ཚོགས་སུ་འབུལ་བ་དང་། རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་རྣམས་ཀྱི་རིགས་དྲུག་གི་ས་བོན་བསྲེག་པ་དང་། ལྷ་རྣམས་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་ང་རྒྱལ་བྱ་བ་དང་། བཟའ་བཅའ་བཏུང་བ་སོགས་འདོད་ཡོན་རོ་མཉམ་གྱི་མཆོད་པ་དང་། རོལ་མོ་ཡེ་ཤེས་ཕྱི་ནང་གི་ཡོ་བྱད་ཐམས་ཅད་སེམས་ཉིད་གཅིག་པུའི་ཆོ་འཕྲུལ་དུ་སྡུད་པ་དང་། ལྷ་ཚོགས་རྣམས་ལ་འབྲས་ཆོས་ལྔ་ལྡན་དུ་བསྟོད་པ་སྟེ་བཅུ་བཞིར་བཤད་ཅིང་། དམིགས་བསལ་དུ་ཁྲོ་བོ་ལ་གསང་ནན་གྱི་ཚབ་ཏུ་རཀྟ་ཚར་གསུམ་འབུལ་བ་སོགས་ཁྱད་པར་འགའ་ཞིག་ཡོད་དོ། །དེ་དག་གི་སྡོམ་ནི། གུས་པ་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་ནན་དང་། །ལྷག་པ་ཏིང་འཛིན་སྒྲོལ་དང་སྦྱོར། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །ཞེས་པ་རྣམས་སོ། །བཅུ་པ་འཆིང་ཟློས་སྔགས་དང་


TN01_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ནི། ཐབས་ཤེས་ཀྱི་ཡི་གེ་ཨཱ་ལི་ཀཱ་ལི་འདུས་ཤིང་གྲུབ་པ་བཞིས་མཐུ་ཅན་དུ་གྱུར་པ་སྔགས་ཀྱི་ངོ་བོ་དང་། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ་ཕྱག་རྒྱའི་ངོ་བོ། །ངེས་ཚིག་མནྟྲའི་སྒྲ་ལས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པས་སྔགས་དང་། མུ་ཏྲའི་སྒྲ་ལས་ཕྱག་རྒྱ་བཞིས་རྒྱས་བཏབ་པ་ལས་འདའ་བར་དཀའ་བས་ན་ཕྱག་རྒྱའོ། །དབྱེ་ན། སྔགས་ལ་གསུམ་སྟེ། རྒྱུད་ལས། གསང་སྔགས་ཀུན་གྱི་དབྱེ་བ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །རིག་སྔགས་ཐབས་ཀྱི་ངོ་བོ་ལ། །གཟུངས་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་རམ། ཡང་གུ་རུ་ལུགས་ལས་དང་པོ་ནི། ཐབས་དང་ཤེས་རབ་ཀྱི་བདག་ཉིད། དེའི་སྒོ་ཡིག་འབྲུར་སྣང་བས་གསང་སྟེ་ངག་ཏུ་བརྗོད་པ་དང་བཅས་ཤིང་ཤེས་སྐྱོབ་ཀྱི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་གྱུར་པའོ། །གཉིས་པ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རྟོགས་པའི་གཉེན་པོར་གྱུར་པའོ། །གསུམ་པ་ནི། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པའོ། །དེ་གསུམ་མཚོན་པའི་རྟགས་ལྷར་སྣང་ཚུལ་ཡང་གསང་སྔགས་རྣམས་ལྷ་ཕོའི་དབྱིབས་དང་། ཕྱི་མ་


TN01_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལྷ་མོའི་གཟུགས་སུ་བཞུགས་ཞེས་འབྱུང་ངོ་། །ཞེས་ཀྱང་བཤད་དོ། །བྱེ་བྲག་ཏུ་གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །ཞེས་པས། དང་པོ་རྒྱུ་མ་ནོར་བ་རྩ་བའི་སྔགས་ཀ་ཁ་ག་གྷ་ང་སོགས་ཡི་གེ་འཁོར་ལོའི་ས་བོན་དང་། ཧཱུྃ་མུཾ་སོགས་རིགས་ཀྱི་ས་བོན་གཉིས། གཉིས་པ་བསྐྱེད་པ་རྐྱེན་སྔགས་བཛྲ་དྷྲིཀ་ཅེས་པ་ལྟ་བུ། །གསུམ་པ་བཟླས་པ་ལས་སྔགས་དེ་གཉིས་སྦྲེལ་ཏེ་འཛབ་ཏུ་བཟླ་བའོ། །དེ་དག་རྫོགས་རིམ་དང་སྦྱར་ན་ཐིག་ལེ་ཆེན་པོའི་བདེ་ཆེན་གྱི་རང་བཞིན་གདོད་ནས་རང་ཆས་སུ་བཞུགས་པ་རྩ་སྔགས། དེ་ལ་གནད་དུ་བསྣུན་པའི་ཐབས་ཀྱི་སྒོ་དྷཱུ་ཏིའི་ནང་ནས་རླུང་སྔགས་དབྱེར་མེད་ཀྱི་ངོར་བཟླས་བྱ་བ་རྐྱེན་སྔགས། རྣལ་འབྱོར་དེ་ཉིད་ཡང་ནས་ཡང་དུ་བསྐྱར་བ་ལས་སྔགས་ཡིན་ཞེས་མཐོང་བས་དོན་རྟོགས་སོགས་ལས་བཤད་དོ། །ཕྱག་རྒྱ་ལའང་རྟོག་ཚོགས་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་རང་བཞིན་གྱི་དང་། དེ་ཉིད་ངེས་ཤེས་ཁྱད་པར་ཅན་གྱི་སྒོ་ནས་རྟོགས་པ་ལྟ་བའི་དང་། རང་འབྲས་མངོན་དུ་གྱུར་པས་འོག་མིན་དུ་ཞི་ཁྲོའི་ཕྱག་རྒྱར་བཞེངས་པ་འབྲས་བུའི་ཕྱག་རྒྱ་སྟེ་གསུམ་མོ། །བྱེ་བྲག་ཏུ་ལྷག་པ་ཏིང་ངེ་འཛིན་གྱི་དབང་དུ་ན། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །དེ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པ་ལྟར་སྒོམ་པ་ཕྱག་ཆེན། བཅའ་བ་དམ་རྒྱ། བསམ་པ་ཆོས་


TN01_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། བསམ་པ་དམ་རྒྱ། བཅའ་བ་ལས་རྒྱ། བསམ་པ་ལས་རྒྱ། བརྗོད་པ་ཆོས་རྒྱ་སྟེ་ལེའུ་བརྒྱད་པ་ནས་འབྱུང་བ་བཞིན་ནོ། །ཡང་རང་ཉིད་དམ་ཚིག་སེམས་དཔར་སྒོམ་པ་ཕྱག་ཆེན། དེའི་ཐུགས་ཀར་པད་ཉི་ཟླ་བ་ལ་གནས་པའི་ཕྱག་མཚན་སྒོམ་པ་དམ་རྒྱ། དེ་ཉིད་ཐུགས་སྲོག་སྔགས་ཕྲེང་དང་བཅས་པས་མཚན་པར་སྒོམ་པ་ཆོས་རྒྱ། །དེ་ལས་འོད་ཟེར་སྤྲོ་བསྡུ་བྱ་བ་ལས་རྒྱ་ཞེས་ཀྱང་འབྱུང་ལ་ཕྱག་རྒྱ་བཞིའི་འཇོག་ཚུལ་གཞན་ཡང་སྣང་ངོ་། །དེ་རྫོགས་རིམ་དང་སྦྱར་ན་སྟེང་སྒོ་ཙཎྜ་ལི་དམ་རྒྱ། འོག་སྒོ་ཕྱག་རྒྱ་གསུམ་ལས་རྒྱ། སྒྱུ་ལུས་སྙིང་རྗེ་ཆེན་པོ་ཆོས་རྒྱ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཕྱག་ཆེན་དུ་བཤད་དོ། །སྤྱི་དོན་བཞི་པ་རྒྱུད་ཀྱི་དགོས་འབྲེལ་ནི། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་པས་དང་པོ་ནི། ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །ཅེས་སོགས་རྟོགས་བྱ་གཞི་ལམ་འབྲས་བུའི་རྒྱུད་དོན་རྣམས་སོ། །དགོས་པ་ནི། རང་བཞིན་གྱི་རྒྱུད་དེ་ཉིད་ལམ་རྐྱེན་ཡི་གེའི་རྒྱུད་ཀྱིས་མཚོན་པར་བྱས་པ་ལ་བརྟེན་ནས་དོན་དེ་ལ་ཐོས་བསམ་སྒོམ་པའི་ཤེས་རབ་ཁྱད་པར་ཅན་སྐྱེས་པའོ། །ཉིང་དགོས་ཐུན་མོང་དང་མཆོག་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་དང་རིག་འཛིན་རྣམ་པ་བཞི་ལ་སོགས་པ་རྣམས་


TN01_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འབྲེལ་བ་ནི་དེ་རྣམས་ཅི་རིགས་པར་དེ་བྱུང་དང་ངོ་བོ་བདག་གཅིག་གིས་འབྲེལ་པའོ། །ལྔ་པ་གདམས་གཏད་ནི། ངོ་བོ་བསྟན་པ་གསང་བའི་སྙིང་པོ་རྗོད་བྱེད་ཡི་གེའི་རྒྱུད་དང་བཅས་པ་མི་ནུབ་པར་བྱ་བའི་ཕྱིར་འཁོར་རྣམས་ལ་གདམས་ཤིང་གཏད་པའོ། །ངེས་ཚིག་ནི། དབྱེ་བའི་སྐབས་སུ་ཞར་ལ་རྟོགས་པར་འགྱུར་རོ། །དབྱེ་ན་གཉིས་ལས། དང་པོ་གདམས་པ་ལའང་བཞི་སྟེ། ལེའུ་ཐ་མར། ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །ཞེས་སོགས་གཞི་རང་བཞིན་གྱི་སྣང་བ་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་བྱར་གདམས་པ་དང་། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡིས། །སོགས་ལོག་རྟོག་འཁྲུལ་པའི་སྣང་བ་ཐ་མལ་གྱི་སྣང་ཞེན་བདེན་འཛིན་ཆ་དང་བཅས་པ་ཐམས་ཅད་དག་བྱར་གདམས་པ་དང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །སོགས་གདུལ་བྱ་ལམ་གྱི་སྣང་བ་གསང་སྔགས་ཐབས་ཀྱིས་ཆེ་བར་བསྟན་པའི་སྒོ་ནས་སམ། ཡང་ན་སངས་རྒྱས་པའི་ཐེག་པ་གཞན་རྣམས་ཀྱང་དངོས་བརྒྱུད་གང་རུང་གིས་འདིའི་ལམ་སྟེགས་སུ་འགྲོ་བའི་ཚུལ་གྱིས་བགྲོད་བྱར་གདམས་པ་དང་། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །སོགས་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་རྡོ་རྗེ་འཛིན་པའི་ཟུང་འཇུག་གི་གོ་འཕང་ཐོབ་བྱར་གདམས་པའོ། །གཉིས་པ་གཏད་པ་ལའང་། ཁོག་གཞུང་ལས།


TN01_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་སོགས་ལའོ། །ཞེས་པ་ལྟར་གསུམ་ལས། དང་པོ་རྒྱལ་བ་ཐམས་ཅད་ཀྱི་བཀའི་བསྡུ་བ་པོ་གསང་འཛིན་ལག་ན་རྡོ་རྗེ་ལ་གཏད་པ་དང་། གཉིས་པ་ཕྱི་རབས་ཀྱི་གང་ཟག་རིན་པོ་ཆེ་ལྟ་བུའི་སྣོད་ལྡན་ཆོས་མིག་ཅན་ལ་ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པ་དང་། གསུམ་པ་མ་མོ་དང་མཁའ་འགྲོ་དམ་ཚིག་གི་རྗེས་གཅོད་པ་རྣམས་ལ་གཉེར་དུ་གཏད་པ་རྣམས་ཏེ་རིམ་པ་བཞིན་དུ། ལེའུ་ཐ་མའི། དེ་བཞིན་གཤེགས་པ་ཐམས་ཅད་ལ། །སོགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སོགས་ཚིག་སྡེ་ཚན་གཉིས་ཀྱིས་སྔ་མ་གཉིས་བསྟན་ཞིང་། ཕྱི་མ་ནི་རྒྱུད་གཞན་ལས་ཁ་བསྐང་བར་བྱ་སྟེ། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །སོགས་དགོངས་རྒྱན་ལེའུ་ཐ་མའི་རྣམ་བཤད་དུ་འབྱུང་བ་བཞིན་ནོ། །དེ་ལྟར་སྟོན་པས་ཇི་ལྟར་ཡོངས་སུ་གཏད་པ་བཞིན་དུ་དང་པོར་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་ཞབས་ལ་གཏུགས་ཏེ་དབང་གིས་རྒྱུད་སྨིན་པར་བྱས་ནས་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་རྩ་བཤད་ལྷོ་སྦྱར་བའི་སྒོ་ནས་ཉིན་མཚན་དུ་སེམས་ཤིང་ལེགས་པར་གཏན་ལ་ཕབ་སྟེ། དོན་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་ཞིང་། དེའི་སྒོ་ནས་སྣོད་ལྡན་གྱི་གང་ཟག་གཞན་ཡང་བླ་ན་མེད་པའི་ཐེག་པ་ལ་དཀྲི་མཁས་པ་ཞིག་བྱུང་ན་


TN01_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་གིས་རྒྱུད་གཏད་པ་དོན་ཡོད་པར་བྱས་ཞེས་བདག་ཉིད་ཆེན་པོ་དག་གིས་གསུངས་སོ། །གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ལ། རྒྱུད་ཕྱི་མ་ལས། གང་གིས་བརྗོད་བྱ་འཆད་བྱེད་པ། །དེ་ནི་རྗོད་བྱེད་དུ་བཤད་དོ། །ཞེས་པས་བརྗོད་བྱའི་དོན་གོ་བར་བྱེད་པའི་སྒོ་ནས་བཞག་པའོ། །དེ་ལའང་ཤེས་བརྗོད་འཇུག་པའི་ཐ་སྙད་སོགས་ཕྱེ་ཡང་འདིར་བསྟན་ལ་མིང་ཚིག་ཡི་གེ་གསུམ་སྟེ། དོན་གྱི་ངོ་བོ་ཙམ་སྟོན་པ་ཀ་བ་ཞེས་པ་ལྟ་བུའི་མིང་། དེ་ཉིད་རྩོམ་གཞིར་བྱས་པ་ལ་བརྟེན་ནས་དོན་གྱི་ཁྱད་པར་སྟོན་པའི་བརྡར་བྱུང་བ། བྲམ་ཟེ་ཆུ་ལ་ཅི་ཙམ་ཞིག །མི་ཡི་བདག་པོ་པུས་ནུབ་ཙམ། །ཞེས་པ་ལྟ་བུ་ཚིག་དེ་གཉིས་གསལ་བར་བྱེད་པའི་ང་རོ་དང་གསལ་བྱེད་ཀྱི་འབྲུ་རྣམས་ནི་ཡི་གེ་སྟེ། མིང་ཚིག་གཉིས་བརྡའི་དབང་གིས་འགྱུར་ཞིང་ཡི་གེ་མི་འགྱུར་བའི་ཕྱིར། དེའི་སྐད་དོད་དུ་ཨཱཀྵ་ར་ཞེས་པ་ཡོད་དོ། །དེ་རེ་རེ་ལའང་དབྱེ་ན་སྒྲར་སྣང་བ་དང་། སྒྲར་གྲགས་པ་དང་། བརྡར་གྱུར་པ་སྟེ་གསུམ་རེ་ཡོད་དེ། དང་པོ་ནི། སྐྱེས་བུའི་ཡིད་ལ་སྒྲ་སྤྱིར་ཤར་བའི་མིང་ཚིག་ཡི་གེ་ཞེས་འདིའི་ཡིག་ཆ་མང་པོར་བྱུང་ལ། ཁ་ཆེ་བྱེ་སྨྲ་ལྟ་བུ་དེ་ཉིད་དངོས་པོར་འདོད་པའི་ལུགས་ལ་འདུ་བྱེད་ཀྱི་ཕུང་པོ་ཡིན་ཞིང་། སྒྲ་དོན་དངོས་པོར་མི་འདོད་ཀྱང་དེ་གསུམ་ལྡན་མིན་དུ་འཇོག་དགོས་པས་གཞན་དག་སྒྲའི་གནས་སྐབས་ལ་འདོད་པ་ཡིན་ཞེས་ཡོངས་སུ་གྲགས་ལ། བསྡུ་བ་


TN01_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུང་ཚུལ་ལ་དཔྱད་གཞིར་བཞག་པ་ཡང་སྣང་ངོ་། །གཉིས་པ་ནི། མགྲིན་རྐན་སྤྱི་བོ་སོ་མཆུ་སྟེ་གནས་ལྔའི་བྱེད་རྩོལ་ལས་བྱུང་བའི་ངག་གི་རྣམ་པར་རིག་བྱེད་དོ། །གསུམ་པ་ནི། དེ་དག་གི་གཟུགས་བརྙན་ནི་གང་ལ་སོགས་པའི་ཕྱི་མོའི་ཡི་གེར་འདུ་བྱས་པ་སྟེ། དེའང་ཕྱི་མོ་གོ་བར་བྱ་བའི་ཕྱིར་ཡི་གེ་རྣམས་བཞག་པ་མིན་གྱི། ཡི་གེ་གོ་བར་བྱ་བའི་ཕྱིར་ཕྱི་མོ་རྣམས་བཞག་པ་ཡིན་པས་ཕྱི་མོ་ནི་སྒྲས་བརྗོད་རིགས་ཀྱི་དབྱེ་བའི་གྲངས་སུ་ངེས་པར་བྱའོ། །རྒྱུད་འདིའི་དབང་དུ་བྱས་པའི་མིང་ཚིག་ཡི་གེ་ལ་བྱས་ན་བཅད་ལྷུག་སྤེལ་མ་གསུམ་དང་དུམ་བུ་ཉི་ཤུ་རྩ་གཉིས་སོགས་ཡོད་པར་བཤད་ཀྱང་སྒོ་དོག་པོར་བྱས་ན་སྤེལ་མ་མིན་པའི་བཅད་ལྷུག་གི་དབྱེ་བ་གཞན་མེད་དེ་སྤེལ་རྒྱུ་ནི་བཅད་ལྷུག་གཉིས་སུ་ཟད་པའི་ཕྱིར་རོ། །སྒོ་ཡངས་པོར་བྱས་ན་ལྟོས་ས་ལྟོས་འཇོག་གི་སྒོ་ནས་དེ་ལྟར་བཤད་ཀྱང་མི་འགལ་བ་སོགས་དོན་ཆུང་ས་ཡིན་པས་མ་བརྗོད་དོ། །དེ་ལྟར་ན་ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །སྒྲོ་སྐུར་མེད་པར་བསྟན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲ་བ་སྟེ། །མཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་པ་ལྟར་རྗོད་བྱེད་ཚིག་རྒྱུད་ཀྱི་ཁོངས་ན་བརྗོད་བྱ་གབ་སྦས་ཀྱི་གསང་བ་ཟབ་ཅིང་རྒྱ་ཆེ་བ་རྣམས་མཐའ་དྲུག་དང་ཚུལ་བཞིས་བཅིངས་པ་དེ་ཉིད་བརྒྱུད་ལྡན་བླ་མའི་མན་ངག་ལ་བརྟེན་ཏེ་


TN01_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སྒྲུབ་པ་སྙིང་པོར་བྱེད་པ་དེ་དག་གྲུ་ལེགས་པར་བཅོས་པའི་དེད་དཔོན་མཚོ་གླིང་དུ་འགྲོ་བ་ལྟར་མྱུར་དུ་རིག་པ་འཛིན་པའི་ས་ལ་སྙེགས་པ་ནི་ངེས་པ་ཁོ་ནའོ། །ཞེས་དེ་དག་གིས་སྤྱི་དོན་རྣམ་པར་དབྱེ་བ་མདོ་ཙམ་ཞིག་བཤད་ཟིན་ཏོ། །གསང་ཆེན་སྟོན་པ་རྡོ་རྗེ་འཆང་དབང་གི། གསུང་རབ་བརྒྱུད་སྡེ་རྒྱ་མཚོའི་གསང་བ་ཆེ། །ཚེ་གཅིག་སངས་རྒྱས་སྟེར་བའི་ལམ་གྱི་གནད། །ངེས་དོན་གསང་བའི་སྙིང་པོ་འདིས་འཆད་དོ། །དེ་སླད་འཕགས་བོད་གྲུབ་པའི་ཤིང་རྟ་ཆེ། །པད་འབྱུང་བཱི་མའི་ཞབས་དང་གནུབས་ཟུར་སོགས། །སྔོན་བྱུང་མཁས་པའི་བཤད་སྲོལ་བསྐྱར་ཟློས་སུ། །བརྗོད་འདི་བློ་གསར་ཡོངས་ལ་ཕན་ཕྱིར་ཡིན། །ཕྱོགས་འདིར་བཀའ་སྲོལ་རྣམ་པ་མང་མཐོང་ཞིང་། །བདག་ཀྱང་རྣམ་དཔྱོད་བློ་ནུས་ཆེས་ཕྲ་བས། །འདིར་ནི་ཉེས་བཤད་བགྱི་བས་གང་ནོངས་པ། །དེ་ཀུན་དཀྱིལ་འཁོར་གཙོ་ལ་སྙིང་ནས་འཆགས། །གང་ཞིག་ལེགས་སྨྲས་བདུད་རྩིའི་ཟེགས་མ་ཙམ། །མཆིས་ན་དེ་དགེ་དྲི་མེད་སྟོན་ཟླ་ལྟར། །དཀར་བའི་དགེ་མཚན་སྲིད་ཞིའི་ཁམས་སྣང་ཞིང་། །རང་གཞན་དོན་གཉིས་འབྱོར་པ་ཕུན་ཚོགས་ཤོག །དཔལ་གསང་བའི་སྙིང་པོའི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན་ཞེས་བྱ་བ་འདིའང་ཐེག་པ་མཆོག་ལ་གུས་པའི་གནས་བརྟན་དགེ་བའི་བཤེས་གཉེན་ཆོས་བཞིན་དུ་


TN01_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཡེ་ཤེས་འོད་ཟེར་རྒྱ་མཚོའི་བརྩོན་འགྲུས་དང་སྙིང་སྟོབས་ཀྱི་གོ་ཆ་རྨད་དུ་བྱུང་བས་རྡོ་རོང་གི་སའི་ཆ། འཆི་མེད་དགའ་བའི་ཚལ་དུ་སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་པ་གསར་འཛུགས་སུ་མཛད་པའི་ཚེ་ནན་ཏན་གྱིས་བསྐུལ་མ་གནང་ཞིང་། ཤཱ་ཀྱའི་དགེ་སློང་ངག་དབང་ཀུན་དགའ་གྲགས་པ་སོགས་གཞན་ཡང་དོན་གཉེར་ཅན་དུ་མས་བློ་གསར་ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར་དུ་གསང་བདག་དགོངས་རྒྱན་གྱི་ཀླད་ལ་སྦྱར་རྒྱུའི་སྤྱི་དོན་གོ་བདེ་བ་ཞིག་བྲིས་ཞེས་བསྐུལ་བ་ལྟར། ཁྱབ་བདག་རྡོ་རྗེ་འཆང་མཁན་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་བཛྲ་པའི་ཞལ་སྔ་ནས་སོགས་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་དུ་མའི་བཀའ་དྲིན་ལས་ཚུལ་འདི་ལ་དད་པའི་སྣང་བ་ཅུང་ཟད་བརྟན་པ་མདོ་སྨད་ཀྱི་སྤྲང་སྨྱོན་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་རང་ལོ་ཉེར་གཅིག་པ་ས་སྐྱོང་ཤིང་བྱའི་ལོའི་ཟླ་བ་བཅུ་གཉིས་པའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པ་ལ་རྫོགས་པར་བྱས་པའི་ཡི་གེ་པ་ནི་དགེ་ཚུལ་ཆོས་ཀྱི་གྲགས་པས་བགྱིས་པ་སྟེ་འདིས་ཀྱང་གསང་ཆེན་སྙིང་པོའི་བསྟན་པ་ལ་བྱ་བ་བྱེད་ནུས་པར་གྱུར་ཅིག་གུ་།ཕྱི་ལོ་དེ་ཉིད་ཀྱི་ཕྱི་མའི་ཕྱི་མ་ལ་ཡིག་ལམ་དུ་ཕབ་སྟེ་སླར་ཡང་དག་པར་བྱས་པའོ། །གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་བཅུད། །རྡོ་རྗེ་འཆང་དབང་དགོངས་པའི་མཐིལ། །དཔལ་ལྡན་སྒྱུ་འཕྲུལ་དྲྭ་བ་ཡི། །རྒྱུད་དུ་པཎ་གྲུབ་ཆེ་རྣམས་


TN01_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད། །དེ་ཡང་རྟོགས་དཀའ་རྩ་བའི་རྒྱུད། །མཐའ་དྲུག་ཚུལ་བཞིས་རབ་ཅིངས་པ། །བཤད་པའི་རྒྱུད་ལ་བརྟེན་ནས་སུ། །འཆད་པ་རྒྱ་བོད་མཁས་པའི་སྲོལ། །གང་དེ་ཚད་མར་གྱུར་པ་ཡི། །དཔལ་ལྡན་ཟུར་པའི་མན་ངག་བཞིན། །སྔོན་བྱུང་མཁས་པ་བརྒྱས་བཀྲལ་ནས། །དེ་བསྐྱར་དག་ལ་དགོས་པ་ཆུང་། །འོན་ཀྱང་སྙིགས་མར་སྤྱོད་པ་ཡི། །དུས་ཀྱི་དབང་གིས་སྐྱེ་བོ་རྣམས། །བློ་གྲོས་ནུས་པ་ཞན་མཐོང་ནས། །གཏམ་འདི་རྡོ་ཤོད་སྨྱོན་པས་བྱས། །རྟོགས་སླ་འཁྱེར་བདེ་གནད་འདྲིལ་ཕྱིར། །བློ་གསར་རྣམས་ལ་ཕན་གདགས་སླད། །ཆོས་སྦྱིན་སྤར་གྱི་ཕྱི་མོ་འདི། །འཆི་མེད་དགའ་བའི་ཚལ་དུ་བསྒྲུབས། །དགེ་འདིས་རྣམ་དཀར་འདི་སྒྲུབ་པའི། །སྦྱིན་བདག་སྡེ་བཞིའི་འབྱོར་པ་འཕེལ། །མཐར་ཐུག་སྔགས་ཀྱི་གསང་ལམ་ནས། །ཟུང་འཇུག་བདེ་བ་ཆེ་འགྲུབ་ཤོག །གཞན་ཡང་རིས་མེད་བསྟན་པ་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། །འགྲོ་ཀུན་ཕན་བདེའི་སྣང་བ་ཡིས། །རྣམ་ཀུན་དལ་འབྱོར་སྦྱིན་གྱུར་ཅིག། །།ཅེས་པའང་གསང་བདག་དགོངས་པའི་རྒྱན་གྱི་སྤྱི་དོན་ལས་དང་པོ་པ་ལ་ཉེར་མཁོ་ལེགས་བཤད་དགའ་སྟོན་ཞེས་བྱ་བ་ངག་རྩོམ་བགྱིས་པའི་ཐོག །གནས་བརྟན་དགེ་བའི་བཤེས་གཉེན་ཡེ་ཤེས་འོད་ཟེར་རྒྱ་མཚོས་སྤར་དུ་


TN01_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་རྒྱུའི་ནན་ཏན་ལྷུར་བླངས་པའི་ཚེ་སྤར་བྱང་དུ་སྤྲང་སྨྱོན་རང་ཉིད་ཀྱིས་སོ། །འདིས་ཀྱང་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousརྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན།next