Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
སྒྱུ་འཕྲུལ་སྤྱིའི་སྐོར།
   
   
   
   


 
previousསྒྱུ་འཕྲུལ་སྤྱིའི་སྐོར།next

སྒྱུ་འཕྲུལ་སྤྱིའི་སྐོར།


TN01_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་འདིའི་ལུགས་ཀྱིས་རྫོགས་རིམ་ཐབས་གྲོལ་གཉིས་ཀྱི་ཁྱད་པར། མཚོན་བྱེད་ཀྱི་ཐབས་རྫོགས་རིམ་པའི་ཞུ་བདེ་མྱོང་བ་ཚུན་ཆད་ཐབས་ལམ་དང་། མཚོན་བྱ་དོན་རིག་སྟོང་གདོད་མའི་གནས་ལུགས་དངོས་ལ་རེག་པ་ནས་གྲོལ་ལམ་དུ་བཞེད། སྤྱིར་རྒྱུད་སྡེ་འདིར་སྟོང་ཕྱོགས་ལས་སྣང་ཕྱོགས་རྩལ་དུ་འདོན་ཏེ། ཕ་རྒྱུད་མ་ཧཱ་ཡོ་གའི་སྤྱི་རྒྱུད་ཡིན་པའི་གནད་ཀྱིས་སོ། །འདོན་ཚུལ་ནི། སྣང་སྲིད་ཐམས་ཅད་གདོད་མ་ནས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཞེས་ཟབ་གསལ་གཉིས་མེད་ཀྱི་ལྷའི་འཁོར་ལོར་ངོ་སྤྲད་ནས། དེ་ཉིད་གོམས་པ་མཆོག་གི་དངོས་གྲུབ་འགྲུབ་པར་ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། ཞེས་པའི་ཐད་ཀྱི་ལྟ་ཕྲེང་དང་རྒྱུད་ཀྱི་ལེའུ་ལྔ་པ་སོགས་དུ་མས་ཤེས་སོ། །ལམ་རིམ་པ་གཉིས་ཀའི་བསྒོམ་བྱ་སྒྱུ་འཕྲུལ་དྲྭ་བ་གཅིག་པ་དེ་ཡིན་པར་འདྲ་ཡང་སྒོམ་བྱེད་ཀྱི་དབང་གིས་ཁྱད་ཆེ་སྟེ། བསྐྱེད་རིམ་ནི་སེམས་རགས་པའི་སྟེང་ནས་སྒོམ་ལ། སེམས་དེ་ནི་ཕྱིན་ཅི་ལོག་གི་བག་ཆགས་ཀྱི་སྙིགས་མའམ་རྙོགས་པ་ལས་སྐྱེས་པས་སྟོབས་ཆུང་། རྙོགས་པ་དེ་ལས་མ་སྐྱེས་པ་དྭངས་མ་ཆེན་པོའི་གཉུག་སེམས་ཀྱི་སྟེང་ནས་སྒོམ་པའི་རྫོགས་རིམ་ནི་རླབས་པོ་ཆེའི་མཐུ་ཅན་ཡིན་པས་སོ། །དེ་ལ་འདིའི་


TN01_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་ལུགས་གཞན་དང་མ་འདྲེས་པར་རྐང་ཚུགས་སུ་ཤོད་པ་ཤིན་ཏུ་དཀའ་ཡང་གསང་ཐིག་རྩ་འགྲེལ་དང་། བོད་ཀྱི་སྒྱུ་འཕྲུལ་མཁན་པོ་མཁས་གྲུབ་རྣམས་ཀྱི་གཞུང་ལ་བརྟེན་ནས་གཞི་བཞེངས་སུ་སློང་བའི་ཐོ་ཡིག་ནི་རྡོ་རྗེའི་ལུས་ལས་ཡེ་ཤེས་སྐྱེ་བའི་གནད་དང་། དེ་ཤེས་ནས་གནད་དུ་བསྣུན་པའི་རྣལ་འབྱོར་གཉིས་ཀྱི། དང་པོ་ནི། ལུགས་འདིར་སྙིང་ཀའི་གནད་གཙོ་བོར་བྱེད་དེ། དེ་ལ་རྩ་འདབ་བརྒྱད་དང་། འོད་བཞིའི་རླུང་གི་རྣམ་བཞག་ཤེས་སླ། འདབ་བརྒྱད་ཀྱི་ལྟེ་བ་ན་དྭངས་མ་ལྔ་ལྡན་གྱི་ཐིག་ལེའམ། མི་ཤིགས་པའི་ཐིག་ལེ་དང་། ཆོས་ཉིད་ཀྱི་རྩ་ལ་ༀ་དང་སུ་ཏྲི། ཡེ་ཤེས་ཀྱི་རྩ་ལ་ཧཱུྃ་དང་ཨ་ནྲྀ། རང་རྒྱུད་ཀྱི་རྩ་ལ་ཨཱཿདང་པྲེ་དུ་གནས་ཏེ། དཔེ་ཆུང་རང་གནས་ལས། ཡོན་ཏན་གྱི་རྩར་བཤད། མི་ཤིགས་པའི་ཐིག་ལེ་ནི་དྭངས་མ་ཆེན་པོ་དང་། ཡི་གེ་གསུམ་ནི་ཉེ་བའི་དྭངས་མ་ཞེས་གསུང་ལ། ས་བོན་དྲུག་ནི་སྙིགས་མའི་ཆའོ། །ཡི་གེ་གསུམ་པོ་འདི་རྩ་འདབ་ཀྱི་ནང་ཕྱོགས་དང་། རྩ་དར་སྐུད་ལྟ་བུའི་ཕྱི་རོལ་དུ་ཡོད་པར་བཤད་པས་དབུས་ཀྱི་དྭངས་མ་ལྔ་འདུས་དང་ཉེ་བའམ་ཆ་འདྲ་བའི་ཡོན་ཏན་དང་བྱེད་ལས་ཅན་ཏེ་དྭངས་མའི་ཐིག་ལེ་གཞན་ལས་ཆ་ཕྲ་བར་མངོན་ནོ། །དེའང་དྭངས་མ་ལྔ་འདུས་ཀྱི་ཡོན་ཏན་གྱི་ཆ་ལས་བསྐྱེད་པ་འདྲ་སྟེ། ༀ་ཡིག་


TN01_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཤེལ་སྦུག་ཅན་གྱི་ཡོན་ཏན་ལས་སྤྲུལ་པ་དང་། ཨཱཿཡིག་མི་ཤིགས་པའི་དམར་ཆའི་ཡོན་ཏན་ལས་དང་། ཧཱུྃ་ཡིག་མི་ཤིགས་པའི་རླུང་གི་ཡོན་ཏན་གྱི་དབང་ལས་བྱུང་བའོ། །ཡང་ༀ་ཡིག་གིས་ནི་ལུས་ལ་རྩའི་དྭངས་ཆ་རྣམས་དང་དེའི་ཡོན་ཏན་རྣམས་སྐྱེད་ཅིང་། དེ་རྣམས་ཀྱི་རྒྱུན་གསོས་ནས་རྒྱས་པར་བྱེད་དོ། །དེ་བཞིན་དུ་ཨཱས་ཁྲག་གི་དྭངས་ཆ་དང་ཡོན་ཏན། ཧཱཾཨུ་གིས་དབུགས་ཀྱི་དྭངས་ཆ་དང་ཡོན་ཏན་སྐྱེད་ཅིང་གསོའོ། །ༀ་དུ་འཇོག་པ་ནི་ཐིག་ལེ་དེ་ལ་ཕུན་སུམ་ཚོགས་པའི་གཟུགས་སྣང་སྣ་ཚོགས་སྐྱེད་པའི་ནུས་པ་ཡོད་པའི་སྒོ་ནས་ཡིན་ཏེ། ༀ་སྐུ་རྡོ་རྗེའི་ས་བོན་ཡིན་པས་སོ། །དེས་མཚོན་ཏེ་སྒྲ་ཚིག་ཁྱད་པར་ཅན་སྣ་ཚོགས་སྐྱེད་པའི་ཆ་ནས་ཨ་དང་། ཏིང་ངེ་འཛིན་བཟང་པོ་སྐྱེད་པའི་ཆ་ནས་ཧཱུྃ་དུ་འཇོག་པའང་ཤེས་པར་བྱ་ལ། ད་ལྟ་སྐུ་རྡོ་རྗེ་སྒྲུབ་བྱེད་ཀྱི་ལས་བསགས་པ་རྣམས་ༀ་གྱི་སྟེང་དུ་སོག་པ་དང་། གསུང་སྒྲུབ་བྱེད་ཀྱི་རྣམས་ཨཱཿལ་སོག་པ་སོགས་ཀྱང་བཤད་དོ། །སུ་ཏྲི་གཉིས་ལ་ད་ལྟ་རྩའི་སྙིགས་མ་སྟེ་རྒུད་པ་སྐྱེད་པ་དང་། མ་འོངས་པ་ན་ལྷ་མིན་དང་དུད་འགྲོའི་སྣང་ཞེན་སྐྱེད་པའི་ནུས་པ་གཉིས་ཡོད་ཅིང་། ད་ལྟ་འགྲོ་བ་དེ་གཉིས་སུ་སྐྱེ་བའི་ལས་བསགས་པ་རྣམས་ཀྱིས་ཀྱང་དེ་གཉིས་ཀྱི་ནུས་པ་


TN01_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གསོས་འདེབས་པ་དང་། པྲེ་དུ་གཉིས་ཀྱིས་ཁྲག་གི་སྙིགས་མ་བསྐྱེད་ནས་རང་ཉིད་ཀྱང་དེར་རྒྱུ་ཞིང་སྤྱོད་ལ། ཡི་དྭགས་དང་དམྱལ་བ་སྐྱེད་པ་དང་། ཨ་ནྲྀས་དབུགས་ཀྱི་སྙིགས་མ་ལ་བྱ་བ་འཇུག་ཅིང་། ལྷ་མི་གཉིས་ཀྱི་སྣང་བ་སྐྱེད་པའང་དེས་མཚོན་ནས་ཤེས་པར་བྱ་སྟེ་ས་བོན་དྲུག་པོ་དེ་ནི་རྩ་འདབ་ཀྱི་སྒབ་བམ་མཐར་གནས་སོ། །ལྟེ་བའི་དབྱིངས་ཕྱུག་ལྔའི་ཐིག་ལེ་དང་། མགྲིན་པའི་རྔམས་མ་སོགས་ཀྱི་གནད་ཀྱང་ཤེས་དགོས་སོ། །གཉིས་པ་ལ་ཉམས་མྱོང་གི་ཐབས་དང་། ཐབས་བྱུང་གི་ཉམས་མྱོང་གཉིས། དང་པོ་ལ། རང་ལུས་དང་། གཞན་ལུས་ལ་བརྟེན་པ་གཉིས། དང་པོ་ནི། སྟེང་སྒོ་འཇུ་འདུལ་ཏེ། དྷུ་ཏི་དང་། དེར་འཁོར་ལོ་བཞིའི་ཐིག་ལེ། སྙིང་ཀའི་གསང་མཛོད་གསུམ། ས་བོན་དྲུག་བཅས་བསྒོམ་སྟེ། ཇི་སྐད་བཤད་པའི་དྭངས་སྙིགས་ཀྱི་གནད་ཤེས་པས། མི་ཤིགས་པ་དེ་དྭངས་མ་ཐམས་ཅད་ཀྱི་ནུས་པ་དང་ཡོན་ཏན་འདུས་པའི་ཆ་ལ་དམིགས་ནས་རྩེ་གཅིག་ཏུ་བསྒོམ་པ་དང་དེའང་གཏུམ་མོའི་རྣལ་འབྱོར་དང་སྦྲེལ་མར་བསྐྱང་བ་ལས། ནམ་ཞིག་དངོས་གནས་ལ་ལྟེ་བའི་གཏུམ་མོ་འབར་བས་སྤྱི་བོ་ནས་བདུད་རྩི་དྲངས་ཏེ། སྙིང་གའི་དྭངས་མ་ལྔ་གསོས་བཏབ་པས། དེའི་སྟེང་གི་


TN01_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་མའི་ཡོན་ཏན་གྱི་སྟོབས་སོས་ནས། དང་པོར་བྱུང་བའི་རིམ་པ་ལྟར་ཡི་གེ་གསུམ་གྱི་གཟི་མདངས་དང་ནུས་པ་ཆེར་སྤར། དེ་དག་སྦར་བའི་དབང་གིས་མར་མེ་གསོས་ན་རང་འོད་མཆེད་ནས་འོང་བ་ལྟར་སྟོད་སྨད་ཀྱི་ལུས་ཀུན་གྱི་དྭངས་མའི་ཕྱོགས་རྣམས་སྟོབས་སུ་གྱུར་ནས་འབར་བར་འགྱུར་ཏེ། འདི་ནི་དཔེར་ན་གཏུམ་མོའི་དངོས་གཞི་ལྟེ་བའི་དེ་བསྐུལ་བས། དེས་རྩ་གནས་གཞན་གྱི་གཏུམ་མོའི་ཆ་རྣམས་ཀྱང་སྦར་ཏེ། དྭངས་མའི་ཕྱོགས་སྟོབས་སུ་གྱུར་ཞེས་པའང་དྭངས་མས་བཞུ་བཏུལ་བྱས་སྟོབས་ཀྱིས་ལས་རུང་གི་ནུས་པ་ཆར་སོང་བའི་དོན་ཏེ། འདི་ལ་མ་རྒྱུད་ཕལ་དང་ཐུན་མོང་ཡིན་མིན་གྱི་ཆ་གཉིས་འབྱེད་དགོས། ཐམས་ཅད་བསྡོངས་ནས་དབུ་མར་ཞུ་བདེ་སྐྱེད་པ་དང་ཚུལ་འདྲའོ། །ཤིན་ཏུ་ཕྲ་བ་དང་དྭངས་མའི་ཕྱོགས་དང་། རགས་པ་དང་སྙིགས་མའི་ཕྱོགས་ཀྱི་ཐིག་ལེ་ནི་དྷུ་ཏི་དང་རོ་རྐྱང་ལྟར་གཅིག་རྒྱས་པ་ན་ཅིག་ཤོས་ཞུམ་འགྲོ་བ་ཆོས་ཉིད་ཡིན་པས་ཡི་གེ་གསུམ་ཇི་ལྟར་འབར་བ་དེ་ལྟར་ས་བོན་དྲུག་པོ་ཤུགས་ཞན་དུ་འགྲོ་སྟེ། འདི་ལ་རྫོགས་རིམ་པའི་རིགས་དྲུག་བསྲེག་སྦྱང་ཟེར་རོ། །འདི་ལྟར་མི་ཤིགས་གཉུག་མའི་དྭངས་ཆེན་བསྐུལ་སྟོབས་ཀྱིས། རྩ་ཕྲན་གྱི་དྭངས་མ་སྦར་བ་ནི། ཅི་ཙམ་སྦར་བ་དེའི་ཚོད་


TN01_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དེ་རྣམས་མི་ཤིགས་པའི་དབང་དུ་ཡང་འདུ་བས། རིམ་གྱིས་དྭངས་མ་གཞན་རྣམས་རྩ་བའི་ཡི་གེ་གསུམ་དང་། དེ་གསུམ་ཡང་དྭངས་མ་ཆེན་པོ་ལ་ཞུགས་ནས། དྭངས་ཆེན་གྱི་ནུས་པ་སླར་ལ་ཆེས་ཆེར་གསལ་ཞིང་རྒྱས་པར་འགྱུར་ཏེ། ཇི་ལྟར་ཞེ་ན། དྭངས་མ་ལྔ་ལས་སས་བདེ་བ་བརྟན་པར་བྱེད། ཆུས་བདེ་བ་སྡུད་ཅིང་མཉེན། མེས་བདེབ་སྨིན། རླུང་གིས་བདེ་བ་རྒྱས། ནམ་མཁས་མཁའ་མཉམ་རྫོགས་པ་ཆེན་པོར་བྱེད་ཅེས་བཤད་དོ། །རླུང་ཐིག་སྙིང་ཀའི་དྷུ་ཏིར་འཆིང་བའི་སྡུད་རིམ་བླ་མེད་རྒྱུད་གཞན་དུའང་རྒྱས་མོད་ཀྱི། དྭངས་མའི་གནད་སྐུལ་ཚུལ་ཁྱད་པར་ཅན་ལ་བརྟེན་ནས། རྩ་རླུང་ཐིག་ལེའི་ཉེས་པ་སྦྱོང་བ་དང་། ཡོན་ཏན་རྒྱས་པ་ཤིན་ཏུ་ཕུལ་ཆེ་ཞིང་། དེ་ཡང་འཁོར་ལོའི་ལྟེ་བར་སྡུད་རིམ་དུ་གཞོལ་བའི་སྒོ་ནས་འོད་གསལ་གྱི་ཉམས་མྱོང་འཐུག་ཅིང་རྒྱ་ཆེ་བ་དང་རྒྱུན་བརྟན་པོར་བདེ་བླག་ཉིད་དུ་སྒྲུབ་པ་འདི་ནི་རྒྱུད་འདིའི་ལུགས་ཀྱི་རྩ་ཁམས་ལས་རུང་སྒྲུབ་ཚུལ་ཐུན་མོང་མ་ཡིན་པའོ། དྭངས་མས་སྙིགས་མ་ཕུག་སྟེ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་པར་བྱེད་ཚུལ་ཡང་འདིས་ཤེས། །འདི་པའི་ཡེ་ཤེས་ཀྱི་སྐུ་སྒྲུབ་ལུགས་ནི་སྟོང་གཟུགས་ཀྱི་སྒོ་ནས་འགྲོ་བར་ཟུར་ལུགས་སོགས་ཀུན་ཞལ་འཆམ་པས། དང་པོར་རྫོགས་རིམ་ལ་


TN01_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་དུས་ཀྱང་སྟོང་གཟུགས་སྒྲུབ་པའི་གནད་ཅིག་གལ་ཆེ་ལ། དེ་ནི་རྩའི་དྭངས་མ་དར་སྐུད་ལྟ་བུ་ཞེས་པ་རྒྱ་མཚོ་གསེར་གྱི་ཉི་མའི་རྩ་རྒྱུན་དེ་ལ་དམིགས་པ་གཏད་ནས་སྒོམ་པ་དེ་ཉིད་ཡིན་ཏེ། ཤིན་ཏུ་ཕྲ་བའི་ཞིང་དང་སྐུ་དང་གཞལ་མེད་ཁང་སོགས་ཀྱི་སྣང་བ་རབ་འབྱམས་སྐྱེད་པའི་ནུས་པ་མཐར་ཐུག་ནི་སྙིང་ཀའི་མི་ཤིགས་པ་འོད་ལྔའི་ཐིག་ལེའི་སྟེང་ན་ཡོད་པ་དང་། དེ་མངོན་དུ་འབྱིན་ཅིང་གསལ་བར་བྱེད་པའི་ནུས་པ་ནི་རྩ་ཤེལ་སྦུག་ཅན་ལ་ཡོད་པས་འོད་རྩ་དེས་མི་ཤིགས་པ་བསྐུལ་བའི་རྐྱེན་བྱས་ན་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་མཐོང་བར་རྫོགས་ཆེན་སྙིང་ཐིག་ཏུ་རྒྱ་ཆེར་བཤད། འོན་ཀྱང་སྙིང་ཐིག་དང་ཁྱད་མེད་མིན་ཏེ། དེར་ནི་གནད་གསུམ་ལ་བརྟེན་པས་སྲོག་རྩོལ་འདི་འདྲ་བ་ལ་མི་ལྟོས་པའི་ཕྱིར་རོ། །ལུས་གནས་ཀྱི་དྭངས་མ་གཞན་ཡང་འོད་རྩ་དེར་ཞུགས་ན་རྡོ་རྗེ་གསུམ་གྱི་སྣང་བ་སྐྱེད་པའི་དྭངས་མས་མཆོག་གི་ཁམས་སུ་འགྱུར་ཞིང་དེར་དྭངས་མ་ཅི་ཙམ་མང་དུ་ཞུགས་པ་དེ་ལྟར་འོད་རྩ་རང་གི་ནུས་པའང་ཆེར་རྒྱས་པར་བཞེད་དོ། །འདིར་རྡོར་བཟླས་ཀྱིས་རྩ་མདུད་འགྲོལ་བ་མ་བཤད་མོད། འོན་ཀྱང་ལྟེ་བ་ནས་སྤྱི་བོའི་བར་གྱི་དབུ་མའི་ནང་དུ་འབར་འཛགས་འཁོར་མར་སྦྱང་བས་


TN01_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དེར་འབར་འཛགས་གཉིས་ཀ་ཤུགས་ཇེ་ཆེར་འགྲོ། །དེ་སོང་བ་ལྟར་ལམ་དེར་བདེ་བ་སྐྱེ་ཚབས་ཆེར་འགྲོ། དེ་སོང་རིམ་བཞིན་རྩ་འདབ་ཀྱི་རླུང་རྣམས་ཀྱང་དྷུ་ཏིའི་ལམ་ནས་འདྲོང་ཕུལ་ཆེ་སྟེ། སེམས་བདེ་བས་འདྲོང་ཚན་ཆེ་བ་དང་། རླུང་སེམས་འཇུག་པ་གཅིག་པས་སོ། །དེ་ལྟར་རླུང་འདྲོང་སྟོབས་ཀྱིས་རྩ་མདུད་བཤིགས་འགྲོ་བས་གནད་འདྲའོ། །གཟུགས་སྐུ་སྒྲུབ་པ་ནི་གཞན་དོན་དུ་ཆོས་སྟོན་པའི་ཆེད་ཡིན་པ་ལ། ད་ལྟ་ལུས་རགས་པའི་སྟེང་ནས་མིང་ཚིག་རབ་འབྱམས་སྤྲོ་བ་ལྟར་རྣལ་འབྱོར་པས་ཤིན་ཏུ་ཕྲ་བའི་ལུས་ཀྱི་སྟེང་ནས་སྤྲོ་ནུས་པ་ནི་རྡོར་བཟླས་ཀྱིས་གསུང་རྡོ་རྗེའི་ནུས་པ་མི་ཤིགས་པའི་སྟེང་དུ་བཞག་པ་ལ་རགས་ལས་པར་རྒྱུད་སྡེ་གཞན་དུ་གྲགས་ཀྱང་། འདིར་ནི་གསུང་རྡོ་རྗེའི་ཡི་གེས་རྩ་ཁམས་ཐམས་ཅད་ལ་དབང་བསྒྱུར་ཏེ། སླར་དེ་ཉིད་ཀྱང་དབུས་ཀྱི་དྭངས་མ་ཆེན་པོ་ལ་བསྡུས་ནས། མི་ཤིགས་པའི་སྟེང་ན་རྗོད་པ་སྣ་ཚོགས་གསལ་བར་སྐྱེད་པའི་ནུས་པ་གདོད་ནས་ཡོད་པ་དེ་སད་ཅིང་ཡར་ལྡན་དུ་བྱས་པས་འགྲུབ་པར་བཞེད་དོ། །གཏུམ་མོ་འཁོར་ལོ་བཞི་པའི་ལག་ལེན་དངོས་ནི་ཞལ་ལུང་དང་། སེམས་ཉིད་ངལ་གསོའི་དོན་ཁྲིད། མུན་སེལ་སོགས་ལས་ཤེས་ཏེ་སླ། མན་ངག་འདིའི་དངོས་བསྟན་དང་དེ་


TN01_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་སྤྱི་དང་ཁྱད་པར་བའི་ཁྱད་ཡིན་ཏེ། ཤེས་བྱེད་ཀྱང་ཡོད། །གཉིས་པ་ནི། འོག་སྒོའི་མན་ངག་སྟེ། སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་དང་སེམས་ལྔ་སོགས་དང་། ཐལ་བ་ལས་རྡོ་རྗེ་དབྱིངས་ཕྱུག་མའི་རྩ་འགུགས་ཤིང་བསྡམ་པ་གལ་ཆེ་བར་གསུངས་པ་སོགས་བསྒྲིགས་ལ་བཤད་དེ། འདིར་མ་བརྗོད། གཉིས་པ་ལ། མཉམ་བཞག །རྗེས་ཐོབ། མཉམ་བཞག་སྐྱོང་ཚུལ་གྱི་ཁྱད་པར་གཞན་ཏེ་གསུམ། དང་པོ་ནི། ཇི་སྐད་བཤད་པའི་ཐབས་ཀྱིས་དྲངས་པའི་འོད་གསལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་འཇོག་པ་སྟོང་ཆེན། དེའི་ངང་ལས་ཉིན་སྣང་དང་རྨི་ལམ་གྱི་སྣང་བར་འོང་རྒྱུ་རྣམས་སྒྱུ་མའི་གྲོང་ཁྱེར་བཞིན་དུ་སྟོང་གཟུགས་ལ་མཐོང་བའི་རྐྱེན་གྱིས་དམིགས་མེད་ཀྱི་སྙིང་རྗེ་མཁའ་ཁྱབ་ཏུ་སད་པ་སྙིང་རྗེ་སྒྱུ་མ། སྙིང་རྗེའི་འཕེན་པ་དེ་དང་ཏིང་ངེ་འཛིན་གྱི་རྐྱེན་གྱིས་རིས་མེད་པའི་སྟོང་གཟུགས་ཀྱི་སྣང་བ་དེ་ལས་ལྷ་སྐུ་ཕྱག་རྒྱ་གཅིག་པར་འཆར་ཞིང་། དེ་ལས་མཆེད་དེ་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་མངོན་སུམ་དུ་སྤྲོ་ནུས་པ་རྒྱ་སྤྲོས། དེ་དག་ལ་བརྟན་པ་ཆེར་ཐོབ་པ་ན་ཉེ་རྒྱུའི་སྤྱོད་པ་གསུམ་གང་རུང་སྤྱད་དེ་བོགས་དབྱུང་བ་ཚོགས་སྒྲུབ་བོ། །


TN01_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་སྔར་བསྐྱེད་རིམ་པའི་སྟོང་ཆེན་ལས་བར་མ་ཆད་དུ་སྙིང་རྗེ་སྒྱུ་མ་དང་། དེ་ལས་རྒྱ་གཅིག་ཏུ་འཆར་བ་སོགས་བྱང་སྟོབས་ཀྱིས། སྐབས་འདིར། རྫོགས་རིམ་པའི་སྟོང་ཆེན་མཚན་ཉིད་པ་ཞིག་ཤར་ན། དེ་ནས་དེའི་རྩལ་སྙིང་རྗེར་འཆར་བ་ལ་ཚེགས་མེད་ཅིང་། དེ་ནས་སྙིང་རྗེའི་རང་མདངས་ཕྱག་རྒྱ་གཅིག་སྤྲོས་སུ་འཆར་བའང་སླའོ། །འོན་ཀྱང་འདི་དག་ནི་གྲོལ་ལམ་ལྟར་བྲིས་པར་ཟད་པས། ཞིབ་ཆ་འདོན་རྒྱུ་མང་། དེ་ལྟར་སྟོང་གཟུགས་ཀྱི་དཀྱིལ་འཁོར་མཐོང་བ་ན། དེ་ཉིད་ལ་རིག་པ་རྩེ་གཅིག་ཏུ་བཞག་ནས་བསྒོམ་པས། དྭངས་མའི་ནུས་པ་གོང་འཕེལ་དུ་རྟོད་ལ་ནོན་ཅིང་། སྙིགས་མའི་རང་སྣང་འཆར་བའི་ནུས་པ་འགྲིབ་སྟེ། དག་པའི་སྣང་བ་དེ་དག་ཇེ་གསལ་དང་ཇེ་བརྟན་རྒྱ་ཇེ་ཆེར་སོང་ནས་རིམ་གྱིས་མཐའ་དང་དབུས་མེད་པའི་སྒྱུ་འཕྲུལ་གྱི་དྲྭ་བར་འགྱུར་བ་ཡིན་ནོ། །ལུགས་འདིར་བདེ་བས་སྟོང་ཉིད་སྒོམ་པ་དགོས་སམ་ཞེ་ན། དགོས་པར་སེམས་ཏེ། འདིར་བསྒོམ་བྱ་ལྟ་བ་དང་། སྒོམ་བྱེད་ཏིང་ངེ་འཛིན་ཡིན་པར། །ཤེས་འཇུག་མཚན་ཉིད། སོགས་ཀྱིས་་ལེའུ་གསུམ་པར་ཡང་། དེ་ཁོ་ན་ཉིད་གསལ་བར་གཏན་ལ་ཕབ་ཅིང་། སྟོང་ཉིད་བདག་མེད་ཡེ་ཤེས་རང་རིག་ཐུགས། །ཞེས་སོགས་ཤིན་ཏུ་རྣམ་དག་གི་ཞིང་སྐུ་མཛད་


TN01_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཀྱི་རྩ་བ་བདག་མེད་པའི་གནས་ལུགས་རྟོགས་པའི་ཡེ་ཤེས་སུ་གསུངས་སོ། །བསྟན་ལ། ལྟ་བའི་སྐབས་སུ་ནི། རང་བཞིན་སྐྱེ་མེད་སྟོང་པ་ཉིད་དང་། རོལ་པ་འགག་མེད་ལྷའི་འཁོར་ལོ་སོགས་སུ་ལྟ་བར་བཤད་པས། ཏིང་ངེ་འཛིན་གྱི་གཙོ་བོ་རྫོགས་རིམ་སྐབས་སྣང་ཕྱོགས་ལྷའི་འཁོར་ལོ་སྒོམ་པ་བཞིན་དུ་སྟོང་ཕྱོགས་ཀྱང་མི་སྒོམ་པར་མི་འཐད་པས་སོ། །གཉིས་པ་ནི། རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་ལ་མཉམ་བཞག་གི་རྟོགས་པའི་རྒྱས་འདེབས་པ་སྟེ། ལ་དོར་བ་སྤྱོད་པའི་ཐད་ན་རྒྱས་ཤིང་། ཁྱད་པར་དུ་འདོད་ཡོན་ཐམས་ཅད་སྒྱུ་འཕྲུལ་དྲྭ་བའི་ཏིང་ངེ་འཛིན་གྱིས་ཁ་དོག་བསྒྱུར་ནས་ལོངས་སྤྱོད་པའི་སྒོ་ནས་བདེ་བ་ཆེན་པོའི་རྣལ་འབྱོར་གྱི་རྒྱུན་སྐྱོང་ཚུལ་ཚོགས་དཀྱིལ་གྱི་ཐད་ན་གསལ་བར་བསྟན་པ་དེ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པའི་སྲོག་རྩ་འཛིན་ཚུལ་སྤྱི་ཁྱབ་ཏུའང་གཅེས་པར་མཐོང་ངོ་། །གསུམ་པ་ནི། དགོངས་རྒྱན་དང་སྡོམ་ཊིཀ་སོགས་མང་པོར་སྟོང་ཆེན་གྱི་སྐབས་སུ། སད་པའི་དུས་ཀྱི་འོད་གསལ་དང་། མཚན་མོ་གཉིད་འཐུག་གི་འོད་གསལ་གཉིས་སྦྲེལ་ཏེ་ཉམས་སུ་ལེན་པར་གསུངས་ཤིང་། སྙིང་རྗེ་སྒྱུ་མའི་ཐད་དུ་སད་རྨི་གཉིས་ཀྱི་སྣང་བ་མཐོང་བར་བཤད་པའང་སྣང་བ་དེ་དག་སྟོང་གཟུགས་སུ་ལམ་འཁྱེར་བྱེད་


TN01_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ཐ་མལ་པ་ལ་སྣང་བ་དེ་གཉིས་འཆར་བའི་དོད་དུ་སྟོང་གཟུགས་མཐོང་ཞེས་པར་མངོན་པས། དེས་ནི་རྣལ་འབྱོར་དང་པོ་གཉིས་གཉིད་རྨི་གཉིས་ཀྱི་སྐབས་སུ་སྐྱོང་ཚུལ་བསྟན་ནོ། །རྨི་ལམ་དུ་འོང་རྒྱུ་རྣམས་སྟོང་གཟུགས་ཡེ་ཤེས་ཀྱི་སྣང་བར་འཆར་ཞེས་བསྟན་པ་དང་། དེ་ལྟར་ཤར་བའི་སྟོང་གཟུགས་དེ་རིམ་གྱིས་ཕྱག་རྒྱ་གཅིག་སྤྲོས་སུའང་འཆར་བར་གོང་བཞིན་བཤད་པས། ཕྱག་རྒྱ་གཅིག་སྤྲོས་རྨི་ལམ་དུ་སྦྱང་ཚུལ་ཐོན་ནོ། །གཞི་ལ་སྲིད་པ་བར་དོ་མ་གྲུབ་གོང་ཆོས་ཉིད་བར་དོའི་སྣང་བ་འཆར་བ་ལྟར་རྨི་ལམ་མ་མཐོང་བའི་སྔོན་དུ་ལྷུན་གྲུབ་ཀྱི་གཞི་སྣང་མཐོང་བར་མན་ངག་སྙིང་ཐིག་ཏུ་གསུངས་པ་དང་། འདིའི་སྟེང་སྒོའི་རྣལ་འབྱོར་པའི་གཉིད་འཐུག་གི་རྒྱ་སྤྲོས་གཉིས་མཐུན་དགོས་ཏེ། འདིའི་སྟོང་གཟུགས་དང་། ཆོས་ཉིད་བར་དོའི་སྣང་བ་གནད་གཅིག་པར་དགོངས་རྒྱན་དང་ཤིང་རྟ་ཆེན་མོར་བཤད་པས་སོ། །དེས་ན་གྲོལ་ལམ་གྱི་ཐད་དུ་བཤད་པའི་ཚིག་རིས་ལ་བརྟེན་ནས་གོང་དུ། སྣང་བ་དེ་གཉིས་འཆར་བའི་དོད་དུ། ཞེས་པའང་འདིར་ཞིབ་ཆ་དགོས་སམ་ཞེ་ན་འདི་དཔྱོད། ཡང་ལམ་རིམ་དུ། གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སོགས་ཀྱིས་བསྐྱེད་རིམ་པས་མོས་ངོར་དང་། རྫོགས་


TN01_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པས་དངོས་སུ་འཆི་བ་ཆོས་སྐུར་སྦྱོང་བྱེད་སྟོང་ཆེན། བར་དོ་ལོངས་སྐུར་སྦྱོང་བྱེད་སྙིང་རྗེ་སྒྱུ་མ་སོགས་སྒོམ་པར་བསྟན་པས། སྟོང་ཆེན་དང་འཆི་བ་སྲེ་བ་སོགས་ཀྱང་འཐོན་ནོ། །འོན་ཀྱང་འདིའི་སད་པ་དང་སྐྱེ་བ་སྦྱོང་བྱེད་ནི། རྨི་ལམ་དང་བར་དོ་སྦྱོང་བྱེད་དུའང་མི་འགལ་བས། སྙིང་ཐིག་ཏུ། འཆི་བ་དང་། ཆོས་ཉིད་བར་དོའི་ལམ་ཁྱེར་གཉིས་པོ་ཁོ་ནས་བར་དོ་དང་སྐྱེ་བ་ཀུན་སྤྱོད་པར་བཞེད་པ་དང་མཐུན་ནོ། །དེ་ལྟར་ན་རྫོགས་རིམ་ལ་དཔྱོད་པའི་སྒོ་ཙམ་བཤད་ཟིན་ཏོ། །ལུགས་འདིར་རྩ་མདུད་གཉིས་རེ་གྲོལ་བས་ས་རེ་རེ་འཐོབ་པར་བཤད་པ་ནི། ཤིང་རྟ་ཆེན་མོར་རླུང་འགག་པ་དང་། མཛོད་འགྲེལ་པད་དཀར་དུ། རྩ་འོད་དུ་དེངས་པ་ལ་བཤད་དེ། རླུང་འགག་པའང་གཏན་དུ་འགག་པའོ། །རྩ་མདུད་ནི་དྷུ་ཏི་ཁ་ཕྱེ་བའི་གེགས་ཡིན་ལ། དེ་དངོས་གྲོལ་ནས་དྷུ་ཏིའི་ལམ་ཤུལ་པོ་ཆེ་ལྟར་སོང་ཡང་། ད་དུང་རོ་རྐྱང་གི་ལས་རླུང་སྐྱེ་བའི་ནུས་པ་མ་དག་ན་མཉམ་བཞག་ཏུ་དབུ་མ་ཁ་ཕྱེ་ཡང་། རྗེས་ཐོབ་ཏུ་རོ་རྐྱང་ལས་རླུང་གིས་རྒྱས་ཏེ། དབུ་མ་ཞར་འགྲོ་བས། དེ་འདྲའི་རོ་རྐྱང་དང་ལས་རླུང་དེ་རྩ་མདུད་ཀྱི་ལས་ཅན་ཡིན་ཏེ། དྷུ་ཏིའི་ཁ་འཆིང་བྱེད་ཡིན་པས་སོ། །དེས་ན་དྷུ་ཏི་གཏན་མི་ཟུམ་པར་


TN01_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལ། མ་དག་པའི་རོ་རྐྱང་དང་ལས་རླུང་གཏན་བྱང་བ་དགོས་ཏེ། དེའང་རོ་རྐྱང་གི་མས་རིམ་འདི་ནི་རྩ་ཁམས་འོད་དུ་དག་བྱེད་ཀྱི་ཡེ་ཤེས་དངོས་ལ་མས་བརྟན་གྱི་དགའ་བ་ཁོ་ན་དགོས་པའི་གནད་ཀྱིས་ཡིན་ལ། དེའི་ཕྱིར་འཕགས་ལམ་ཚེ་དབང་རིག་འཛིན་ལ་དང་པོར་འཕོས་པའི་མཚམས་ཡང་མས་བརྟན་ཅི་གནས་འཇོག་པར་མངོན་ཏེ། སྒྱུ་འཕྲུལ་ཐལ་བར་དབང་བཞི་པའི་ཡེ་ཤེས་ལ་མས་བརྟན་དང་། དེ་ལས་བསྒྲུབ་པའི་མཚན་དཔེ་ཁོ་ན་བསྟན་པ་དང་གནད་གཅིག་པར་སེམས་སོ། །ནས་མཐར་གྱིས་འོད་དུ་དེངས་པའམ་དྭངས་མར་གྱུར་ནས་འགྲོ་བ་ཡིན་ནོ། །ཡང་འོག་སྒོའི་རྣལ་འབྱོར་སྐབས། ཡས་བབས་ཀྱི་དགའ་བ་བཅུ་དྲུག་ཐེག་ཆེན་ཐུན་མོང་བའི་ས་ལམ་དང་། ཕར་ཕྱིན་བཅུར་སྦྱར་ཞིང་། མས་བརྟན་གྱི་བཅུ་དྲུག་གསང་སྔགས་ནང་གི་ས་ལམ་དང་སྦྱར་བ་ནི། རྡོ་རྗེ་ལས་རིམ་དུ། ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་མཚན་ཉིད་མཚུངས་པའམ་ཆོས་མཚུངས་ཀྱི་སྒོ་ནས་ཡིན་པར་བཤད་དེ། ཕར་ཐེག་ཏུ། ཐུན་མོང་བའི་ཕར་ཕྱིན་བཅུའི་རྟོགས་པ་གོང་དུ་འཕེལ་བའི་གནས་སྐབས་ལས་ས་བཅུ་སོགས་སུ་འཇོག་པ་བཞིན་དུ། འདིར་ས་ལམ་ཐམས་ཅད་བདེ་ཆེན་གྱི་རྟོགས་པ་དེ་ཉིད་གོང་དུ་འཕེལ་བའི་རིམ་པའི་སྟེང་ནས་འཇོག་པར་མཚོན་པ་དང་། དགའ་


TN01_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཅུ་དྲུག་པོ་བདེ་བའི་གནས་སྐབས་ཀྱི་ཁྱད་པར་ལས་ཕྱེ་བ་བཞིན་དུ། སྔགས་བླ་མེད་ཀྱི་ས་ལམ་རྣམས་ཀྱང་བདེ་བ་ཆེན་པོའི་རྣལ་འབྱོར་ན་འཕར་བའི་གནས་སྐབས་ཀྱིས་དབྱེ་བ་དང་། ད་ལྟ་བདེ་བ་ན་འཕར་བའི་གནས་སྐབས་ལ་དགའ་བ་བཅུ་དྲུག་ཏུ་ཕྱེ་བ་འདི་ལྟར། མ་འོངས་པ་ན་བདེ་ཆེན་འདིའི་རྒྱུན་འཕེལ་བའི་གནས་སྐབས་རྣམས་རབ་དགའ་ལ་སོགས་པའི་ས་བཅུར་འོང་ཞེས་བཤད་ན་མུན་སེལ་གྱི་དབང་བཞི་པའི་ངོ་སྤྲོད་ཐད་དུ་འགྲིག །ཕྱག་རྒྱ་དང་སྙོམས་པར་འཇུག་ཐེང་གཅིག་གིས་དགའ་བ་བཅུ་དྲུག་པོ་རྫོགས་ནུས་པ་བཞིན་དུ། བདེ་ཆེན་གྱི་ལམ་ལ་བརྟེན་ན་ས་དང་ལམ་ཐམས་ཅད་ཆེས་མྱུར་བ་ཁོ་ནར་རྫོགས་པར་འགྱུར་ཞེས་མཆོག་གི་བདེ་བའི་རྣལ་འབྱོར་སྐད་ཅིག་མ་ཙམ་ཡང་ལམ་བགྲོད་པའི་ནུས་པ་ཕུལ་དུ་བྱུང་བར་ཤེས་ཆེད། གཉིས་སྦྱོར་གྱི་བདེ་བ་ཐུན་གཅིག་ལ་ས་བཅུ་ལམ་ལྔ་ཚང་བར་བགྲོད་པ་ལྟ་བུར་བསྟན་པ་སྟེ། བདེ་སྟོང་གི་ལམ་གྱི་ཆེ་བ་བསྟན་པའོ། །མདོར་བསྡུ་ན། དྭངས་སྙིགས་ཀྱི་སྣང་བ་ཐམས་ཅད་མི་ཤིགས་པ་གཅིག་པུའི་རྣམ་འཕྲུལ་ཡིན་ཡང་། ད་ལྟ་སྙིགས་མས་བསྐྱེད་པའི་སེམས་དང་སྣང་ཆའི་སྟེང་ནས་ཐ་མལ་པའི་ཞེན་པ་རྩལ་ཤུགས་མཆེད་དེ་འཁྲུལ་པ་ཡིན་ཅིང་། དེ་སྦྱོང་བ་ལ། དང་པོར་བསྐྱེད་རིམ་གྱིས་སེམས་དེ་ཀའི་སྟེང་ནས་སྣང་ཞེན་དེ་སྡུད་པའི་སྒོ་


TN01_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བཏོད་ནས། སླར་རྫོགས་རིམ་གྱིས་དྭངས་མའི་སེམས་མཐར་ཐུག་པ་གསལ་ཞིང་རྗེན་པར་ཕྱུངས་ཏེ། དེའི་རང་སྣང་གི་སྟེང་ནས་དག་པའི་ཏིང་ངེ་འཛིན་སྦྱངས་ཏེ་སྒྱུ་འཕྲུལ་དྲྭ་བའི་རྒྱལ་སྲིད་འཛིན་པ་ཡིན་ནོ། །སེམས་ཅན་གྱི་ཤེས་པའི་ཆ་ཐམས་ཅད་སྙིགས་མའི་སྣང་བས་ཕྲོགས་པའི་སྐབས་ནི་མི་སྲིད་དེ། གཉུག་སེམས་སྣང་བ་དེ་དང་མི་འགྲོགས་པས་སོ། །དྭངས་མའི་སྣང་བས་ནི་ཤེས་པའི་ཆ་མ་ལུས་པར་བསྒྱུར་དུ་ཡོད་དེ། སེམས་གཞན་ཐམས་ཅད་དྭངས་མའི་སྣང་བའི་རྣམ་པ་ཅན་གྱི་གཉུག་སེམས་ཁོ་ན་ལ་བསྡུས་པའི་སྐབས་ཡོད་པའི་ཕྱིར་ཏེ། རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་སོ། །


TN01_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཆོས་རྗེ་རིན་པོ་ཆེ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །སྟོན་པས་གསུང་ཚུལ་ཐད། སྤར་ཁབ་མཁན་པོ་ལྟར་ན་མཆོག་སྤྲུལ་གྱིས་རྒྱུད་བསྟན་པའི་རྣམ་བཞག་མ་མཛད་མོད། ལེའུ་གསུམ་པའི། བླ་ན་མེད་པའི་ཐེག་པས། ཞེས་དང་། གོས་སུ་མེད་པར་སྟོན་པའི། ཞེས་པ་སྤྲུལ་སྐུས་གསུངས་ཚུལ་ཡིན་པས་དཔྱད་རྒྱུ་ཡོད་ཀྱང་རྒྱུད་ཀྱི་ཚིག་རིམ་འདི་ལྟར་བསྡེབས་པ་བཀའ་བསྡུའི་དུས་བྱུང་ཞེས་འཆད་པར་མངོན། ༈ །ལམ་རྒྱུད་ཐད་ལམ་ཐུན་མོང་ཡིན་མིན་གཉིས། དང་པོ་ལ། ཕར་ཐེག་ལྟར་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པར་ཁོག་གཞུང་ནས་གསུངས་པ་ལྟར་བསྟན་པའི་སྤྱི་སྒྲོམ་གལ་ཆེ་སྟེ། དེར་མ་སྨིན་ན་གོང་མར་འཇུག་ལོ་བྱས་ཀྱང་གབ་གསང་མ་རྟོགས་པར་སྦས་པ་ལ་འཆེལ་བར་འགྲོ། །ཡང་ན་ལྟ་ཕྲེང་ལས་གསུངས་པ་ལྟར་གོང་མ་ལ་སྐུར་བ་འདེབས་སོ། ༈ །ཐབས་གྲོལ་སྐབས། ལམ་གྱི་གཞུང་ཤིང་རྫོགས་རིམ་གྱི་སྟེང་ནས་དེ་གཉིས་ཕྱེ་ཞིང་། དེའི་ཚུལ་ཡང་། འདིའི་རྫོགས་རིམ་ལ། རྩོམ་པ་དང་པོར་རྣོ་མྱུར་གྱི་ཐབས་ལ་བརྟེན་ནས་ཐོབ་པ་དང་། བཙན་ཐབས། རང་བབས་ཀྱི་བཞག་ཐབས་ལ་བརྟེན་ནས་ཐོབ་པའི་རྫོགས་རིམ་གཉིས་ཞེས་སྟོང་ཆེན་སོགས་རྫོགས་རིམ་གྱི་རྣལ་འབྱོར་ལྔ་ལ་དང་པོར་སྦྱོར་ཚུལ་དང་ཐོབ་ཚུལ་མི་འདྲ་བ་གཉིས་ཡོད་པའི་སྒོ་ནས་བཞག་པ་སྟེ། གྲོལ་ལམ་སྐབས་བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོ་


TN01_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ་རྩ་རླུང་གི་གདམས་ངག་མ་བཤད་པར། མཐོང་བའི་རྗེས་འཇོག་སོགས། བཞག་ཐབས་གཉིས་པོ་རང་བཤད་དོ། །ཐབས་ལམ་ཁེ་ཉེན་ཆེ་བ་མཀྵི་ཀ་ལྟར་བཤད་པའང་རྩོམ་པ་དང་པོ་ལ་འཐད་ཀྱི། ད་ལྟའི་གདུལ་བྱ་ལྟ་བུ་འགའ་ཞིག་ལ། རྫོགས་རིམ་བྱང་བ་ཚོགས་སྒྲུབ་པ་སོགས་ལ་གར་འཐད། འདིའི་ལུགས་ཀྱི། སེམས་དང་ཡེ་ཤེས་རང་སྣང་བདེན་པ་དབྱེར་མེད་དམ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་རྟོགས་པའི་ལྟ་བའམ་ཤེས་རབ་ཀྱི་སྒྲོམ་ནས་ལམ་གྱི་ཁོག་འབུབ་པ་ཡིན་ལ། གྲོལ་ལམ་ཡང་དེ་འདྲའི་ལམ་གྱི་ཁོག་དཀྱུས་མ་དེ་བསྐྱང་བ་རང་གི་སྒོ་ནས་བསྐྱེད་རྫོགས་ཀྱི་ལམ་ཕལ་ཆེར་བགྲོད་པ་ཞིག་ལ་བྱེད་ཅིང་། དེའི་སྟེང་དུ་གདམ་ངག་གི་ཐབས་ཟུར་པ་གཙོ་བོར་བརྟེན་རྒྱུ་ཞིག་ཀྱང་བསྣན་ནས་ལམ་སྒྲུབ་པ་ལ་ཐབས་ལམ་ཟེར་བས། མཚན་གསུམ་གྱི་ཁོག་རྒྱས་པར་གྲོལ་ལམ་དུས་བསྟན་ཅིང་། ཐབས་ལམ་དུས་ཐབས་ལམ་རང་གི་དགོས་ཆོས་ཙམ་ལས་ཆེར་མ་བསྟན་པར་ཟད་ཀྱི། ཐབས་ལམ་ལ་མཚན་ཉིད་གསུམ་གྱི་སྦྱོར་བ་གཏན་མིན་ནོ། །དཔེར་ན་ཕར་ཕྱིན་དྲུག་ལ་སྔགས་སུའང་སློབ་མོད་ཀྱི། མཚན་ཉིད་གསུམ། ཐབས་ལམ། ཕར་ཕྱིན་ཐེག་པ་ཟེར་དུས་སྔགས་ཐེག་དེར་གོ་མི་རུང་ཞིང་། གྲོལ་ལམ། ཐབས་ལམ། ཕར་ཕྱིན་གྱི་སྤྱོད་པའི་སྐོར་ལ་ཕར་ཐེག་གི་གཞུང་གསལ་ཞིང་རྒྱས་ལ། མཚན་ཉིད་གསུམ། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ།


TN01_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སུ་སྔགས་རང་གི་ཁྱད་ཆོས་རྣམས་གཙོ་བོར་སྟོན་པ་དང་འདྲའོ། ཐབས་ལམ། ༈ །རིམ་གཉིས་ཀྱི་འཇོག་ཚུལ་གསར་མ་དང་འདྲ་སྟེ། རྒྱུད་ཕྱི་མ་ལས་གསལ་ཏེ། ལྷ་ཡི་རྣམ་པའི་སོགས་སོ། ༈ །འདིར་སྔགས་སྡོམ་སྐྱེ་དུས་ནི་དམ་ཚིག་བྱིན་པའི་མཇུག་ཏུ་ཡིན་ལ། བྱང་སྡོམ་ནི་ཞལ་ལུང་དུ་སྔོན་རབས་པའི་གསུང་སྒྲོས་དྲང་བ་ལྟར་ན་དཀྱིལ་ཆོག་གི་སྔར་ཕོག་ནས་བྱེད་པ་ལྟ་བུར་སྣང་ལ། ལུས་དབུལ་དགོས་པ་གསུམ་ཕྱིར་བྱེད་པའི་སྐབས་སུ་ཐོབ་རྒྱུར་བྱས་ཀྱང་རུང་ངམ་སྟེ། དམ་ཚིག་གསུམ་བཀོད་བཞིན་ནོ། །དབང་གི་གྲངས་བཞིར་རྒྱུད་ཕྱི་མ་ལས་ཏེ། དེར་དབང་དང་པོ་ལ་བུམ་དབང་ཞེས་མ་བཤད་ཅིང་། ཉན་དབང་སོགས་ལ་མཐའ་རྟེན་ཆུ་དབང་མི་འདུག་པས། སློབ་དཔོན་གྱི་དབང་ཞེས་བྱ་སྟེ་གཙོ་བོའི་སྒོ་ནས་བཏགས་པའོ། །དབང་དེ་དཀྱིལ་འཁོར་པ་ལས་ཐོབ་པར་བྱ་དགོས་ཏེ། གཞན་དུ་ན་དཀྱིལ་འཁོར་བཞེངས་སྒྲུབ་ཀྱང་། དེར་དབང་བསྐུར་བར་འདོད་ནས་མིན་དགོས་ལ། དལ་གྱི་ལྷས་དགོངས་གཏད་མཛད་པའི་ཚིག་ཟིན་ཡང་ཆེར་མ་ཐོན་ཡང་། འཇུག་པའི་འོག་དབང་དངོས་གཞིའི་མཚམས་སྦྱོར་ན། དཀྱིལ་འཁོར་པ་ལ་མཆོད་བསྟོད་བྱས་ནས། བདག་གིས་སློབ་མ་འདི་དག་ལ་དབང་བསྐུར་བྱེད་པ་ལ་བྱིན་གྱིས་རློབ་པའི་གྲོགས་མཛོད་ཅེས་གསོལ་བ་འདེབས་པར་


TN01_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེས་ཐོན་སྙམ་སྟེ། དེ་དགོངས་པ་གཏོད་ཆེད་ཡིན་པས་སོ། །ཕན་དབང་ལ་བཅུར་ཕྱེ་བའི་རྒྱུ་མཚན་གསལ་པོར་མ་བཤད་ཀྱང་། ལེའུ་བཅུ་པར་རྒྱལ་པོ་སྦྱིན་པའི་ཏིང་འཛིན་ཞེས་གསུངས་པ་ལྟར་ཕན་དབང་གིས་ཆོས་ཀྱི་རྒྱལ་པོའི་ཆས་སུ་བཅུག་ནས་རིགས་ལྔའི་རྒྱལ་ཐབས་ལ་དབང་བའི་རྟེན་འབྲེལ་གཞི་བསྒྲིགས་ནས། ནུས་དབང་དང་ཟབ་དབང་གིས་རིམ་གྱིས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བའི་ནུས་པ་དངོས་སུ་སྐྱེད་པ་ཡིན་ལ། དེའི་ཚེ་རྒྱལ་པོ་རྣམས་ལ་རྒྱལ་པོའི་ཆེ་རྟགས་གཙོ་བོ་དབུ་རྒྱན། ཅོད་པན། རྒོལ་བས་མི་ཚུགས་པའི་གོ་ཆ། བཟའ་བཏུང་སོགས་འདོད་ཡོན། སྲིད་མཐོ་བའི་རྟགས་གདུགས་སོགས་ཡོད་པ་དང་བསྟུན་ནས་བཞག་པ། དུས་འཁོར་དུ་བྱིས་པ་ལྟར་འཇུག་པའི་དབང་བདུན་ཞེས་པ་བཞིན་ནོ་སྙམ་སྟེ་དཔྱད། དབུ་རྒྱན་རིན་པོ་ཆེའི་ཁང་བུ་རིན་ཆེན་རིགས་ཀྱིས་ལྷག་གནས་འཐད་པ་ནས། བཟའ་བཏུང་ལུས་བརྟས་བྱེད་ཡིན་པས་སྐུའི་རིགས་རྣམ་སྣང་གི་རབ་གནས་འཐད་པའི་བར་དུ་ཡང་དཔྱོད་ཚུལ་དགོས་འདྲ་ཡང་མི་གསལ་བས་བློ་བཟོར་འགྲོའམ་སྙམ། ཕན་དབང་དང་ཉན་སྒོམ་གྱི་དབང་རྡོ་རྗེ་སློབ་མའི་དབང་དུ་དོན་གྱིས་འགྲོ་ཡང་ཐ་སྙད་མི་བྱེད། འཆད་ཕྲིན་གྱིས་དག་གི་ཐིག་ལེ་ལ་རྒྱུད་འཆད་པའི་བྱིན་རླབས་སྐྱེད་ཆེད་འོད་དཔག་མེད་ཀྱིས་དབང་བསྐུར་ནས་གནང་བ་


TN01_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་དང་། ལས་ཀྱི་ཐིག་ལེ་ལ་བྱིན་གྱིས་བརླབས་ནས་ལས་རབ་འབྱམས་སྒྲུབ་པའི་མཐུ་སྐྱེད་པའི་སྒོ་ནས་སློབ་དཔོན་དུ་འོས་པའི་གཞི་བསྒྲུབས་ཏེ། གདོད་སློབ་དཔོན་གྱི་དབང་དངོས་སྟེར་བ་ཡིན་པས་དེ་གསུམ་སློབ་དཔོན་དབང་གི་ཕྱོགས་སུ་འགྲོ་བར་བཤད། འདི་དབང་བཞི་པའི་ཐལ་རྒྱུད་ཀྱི་ཚིག་ན། བདེ་ཆེན་ལས་བསྒྲུབ་པའི་མཚན་དཔེ་ངོ་སྤྲོད་ཡོད་པས། ཆོས་གཟུགས་ཀྱི་སྐུ་ཟུང་འཇུག་ལ་ངོ་འཕྲོད་རྒྱུ་གལ་ཆེ། ༈ །འདིའི་རྫོགས་རིམ་གྱི་སྟོང་ཆེན་དང་། སྙིང་རྗེ་སྒྱུ་མ་གཉིས་ལ་ཉིན་མཚན་གྱི་རྣལ་འབྱོར་གཉིས་རེ་བཤད་པའི་མཚན་མོའི་རྣལ་འབྱོར་ནི། གཉིད་ཀྱི་འོད་གསལ་དང་ཉིན་དུས་བསྒོམ་པའི་སྟོང་ཆེན་སྲེ་ཞིང་སྒོམ་པ་སྟོང་ཆེན། གཉིད་ཀྱི་འོད་གསལ་དེའི་སྣང་བ་ཐམས་ཅད་སྣང་དུས་ནས་རང་སྣང་ལས་ལོགས་སུ་མ་གྲུབ་པ་སྒྱུ་མ་ལྟ་བུར་རྟོགས་ནས་འོད་གསལ་ཉིད་ཀྱི་རྒྱས་བཏབ་སྟེའམ་འོད་གསལ་ཉིད་དང་བསྲེས་ནས་སྒོམ་པ་སྙིང་རྗེ་སྒྱུ་མ་ཞེས་དགེ་རྩེས་དཀར་ཆག་ཏུ་སྣང་བ་ལོ་ཆེན་གྱི་གསུང་དང་ཇི་བཞིན་འདྲ་བར་སྣང་། དེས་ནི་མཚན་མོའི་འོད་གསལ་གྱི་སྣང་བ་འཆར་དུས་ཏིང་ངེ་འཛིན་དང་སྙིང་རྗེའི་སྟོབ་ཀྱིས་སྟོང་གཟུགས་ཀྱི་ལྷ་སྐུར་སད་པར་བྱེད་པའི་ཕྱག་རྒྱ་གཅིག་སྤྲོས་ཀྱང་གོ་ནུས་པས་གཉིད་རྨི་དང་བསྲེ་བའི་ཟབ་ལམ་ཡིན་ནོ། །གཉིད་རྨི་གཉིས་དང་


TN01_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་པས་ལམ་དེ་དག་རྣོ་མྱུར་དུ་བྱེད་པའི་གནད་ཀྱང་འདིར་སྤྲོ། འོན་ཀྱང་སད་རྨི་གཉིད་གསུམ་དང་སྲེ་བའི་ལུགས་གཞན་ལྟར་རྨི་ལམ་རླུང་སེམས་ཀྱི་སྐུས། སད་པ་རགས་པའི་སྐུ་འཛིན་པའི་རྣམ་བཞག་མེད་དེ། སྟོང་གཟུགས་སད་དུས་སུ་མེད་པའི་ཕྱིར་རོ། །དེས་ན་རྨི་ལམ་གྱི་རྒྱ་སྤྲོས་ནི་མཉམ་བཞག་གི་རྒྱ་སྤྲོས་ཡིན་ལ། དེ་སད་པ་ན་རྗེས་ཐོབ་ཀྱི་རྒྱ་སྤྲོས་རྗེས་མཐུན་ཙམ་དུ་ལྡང་བ་ཡིན། སད་དུས་ཀྱི་འོད་མཉམ་བཞག་ཏུ་སྟོང་གཟུགས་ཀྱི་རྒྱ་སྤྲོས་དང་། རྗེས་ཐོབ་ཏུ་གང་སྣང་ལྷ་སྐུར་ཡིད་ངོར་སྦྱོང་བའི་རྒྱ་སྤྲོས་གཉིས་ཡོད་པ་འཛིང་མི་ཉན། རྗེས་ཐོབ་ཀྱི་དེ་ནི་ལེའུ་བཅུ་གཅིག་པར་གསུངས་པ་ཚོགས་སྒྲུབ་ཀྱི་སྔར་ཡང་སྦྱང་དགོས་ཏེ། ལ་དོར་བ་སྤྱོད་པའི་ཐད་ན་གསལ། ༈ །འདི་བས་རྫོགས་རིམ་པའི་ལྷ་སྐུ་ལ་ཟུང་འཇུག་གི་སྐུ་ཞེས་འཆད་པ་ནི། སྟོང་ཆེན་དང་སྙིང་རྗེ་སྒྱུ་མ་ཟུང་དུ་འཇུག་པའི་སྐུ་ཙམ་ལ་བྱེད་པས་གསང་འདུས་པའི་ཟུང་འཇུག་དང་མུ་ཚོད་ཆེས་མི་གཅིག །རྒྱུད་ལས། སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྡམ་པ་མ་ཤེས་ན། །ཞེས་ཐབས་ལམ་འོག་སྒོའི་སྐབས་རྩ་འཆིང་བ་གལ་ཆེ་གསུངས་པ་འདི་འབོར་མི་ཉན། ཐུབ་དྲུག་སྐབས། དུད་འགྲོ་འདུལ་བྱེད་དུ་སྤྲུལ་པའི་སྐུ་ལ་ཀླུའི་རྒྱལ་པོ་དང་རི་


TN01_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་དབང་པོ་སོགས་དུད་འགྲོའི་རྣམ་པ་ཅན་དང་། ཡིད་བཞིན་ནོར་བུ་འདོད་པ་སྦྱིན་ཤིང་དང་། ལྟ་བུ་བེམ་པོའི་རྣམ་ཅན་དང་། མཆོག་སྤྲུལ་མཚན་དཔེས་སྤྲས་པའི་རྣམ་ཅན་སོགས་མང་དུ་ཡོད་ཀྱང་། དཀྱིལ་འཁོར་ལ་འགོད་དུས། དེ་ཐམས་ཅད་དུད་འགྲོ་འདུལ་བྱེད་ཀྱི་སྤྲུལ་སྐུར་རིགས་བསྡུས་ནས་ལྷ་གཅིག་འགོད། དེའང་བཤད་མ་ཐག་པ་དེ་ཐམས་ཅད་ཀྱི་ནང་ནས་སྐུའི་རྣམ་པའི་ཆ་ནས་མཆོག་ཏུ་གྱུར་པ་ནི་མཆོག་སྤྲུལ་རྣམ་ཅན་རང་ཡིན་པས་དེའི་རྣམ་པར་འགོད་པ་ཡིན། དེ་འདྲའི་སངས་རྒྱས་ཀྱི་སྤྲུལ་པ་དེ་དུད་འགྲོ་འདུལ་བྱེད་ཀྱི་ཐུབ་པ་ཡིན་ཡང་དུད་འགྲོའི་རྟེན་ཅན་གཏན་ནས་མིན་ནོ། །དེ་སྐུའི་རྣམ་པའི་ཆས་མཆོག་ཏུ་གྱུར་ཚུལ་ནི། དག་པའི་རྣམ་ཅན་ཡིན་པའི་ཕྱིར་རོ། ༈ །ངོ་བོ་ཉིད་ཡེ་མེད་ན་ཆོས་ཐམས་ཅད་ཇི་ལྟར་སྣང་ཞེ་ན། མིང་ཙམ་གྱིས་བཞག་པས་ན་ཡི་གེའི་རྣམ་འཕྲུལ་ཙམ་མོ། །ཡི་གེ་དེའང་གནས་སྣང་མི་མཐུན་པའི་འཁྲུལ་པ་ཕྱིན་ཅི་ལོག་གི་བསླད་པ་གཏན་མ་ཞུགས་ན། དེས་གང་བཏགས་དང་སྤྱིར་སྤྲུལ་གྱི་སྣང་བ་ཐམས་ཅད་ཀྱང་སྣང་ཚུལ་ཕྱིན་ཅི་ལོག་ལས་འདས་པའི་ཤིན་ཏུ་རྣམ་དག་གི་སྣང་བ་འབའ་ཞིག་ཟད་པས། སྣང་སྲིད་ཐམས་ཅད་གདོད་མའི་སྡོད་ཚུལ་ལ་གསུང་གསང་སྔགས་


TN01_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྱུ་འཕྲུལ་ཁོ་ནར་གནས་ཏེ། གསུང་གསང་སྔགས་ཀྱི་ཡི་གེ་བྱ་བ་ཕྱིན་ལོག་གི་བསླད་པ་དང་བྲལ་བའི་དག་པའི་ཡི་གེ། དག་པ་རབ་འབྱམས་ཀྱི་རྣམ་འཕྲུལ་དང་བྱེད་ལས་ཅན་དེ་ལ་བྱེད་པས་སོ། །སྣང་ཚུལ་སེམས་རང་སྣང་གི་ཡི་གེ་ལ་འཁྲུལ་པའི་མིང་ཚིག་མཐའ་མེད་སྲིད་ཀྱང་། གནས་ཚུལ་ཡེ་ཤེས་རང་སྣང་གི་མིང་ཚིག་ལ་གསང་སྔགས་ཀྱི་ཡི་གེ་སྤྲིན་མིན་པ་མེད་པའོ། །འདི་ལེའུ་བཞི་པ་དང་། ཡིག་འབྲུའི་གཏན་ཚིགས་སྐབས་མཁོ་མིན་དཔྱོད། ༈ །ཚེ་དབང་རིག་འཛིན་སྐབས། རྟོག་ཚོགས་སྒྱུ་དྲྭར་བཤད་པའི་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ཀྱི་དྭངས་མ་སྟོབས་སུ་གྱུར་ཅིང་། སྙིགས་མ་དང་དེ་ལས་གྱུར་པའི་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་པའི་དབང་གིས། ཕར་ཕྱིན་དུས་ས་ཐོབ་དུས་ཐམས་ཅད་དུ་མཉམ་བཞག་གི་རྟོགས་པ་དང་མཐུན་པ། ཞེས་པ་ལྟར། འདིར་ཡང་ལས་རླུང་གི་འཁྲུལ་རྒྱུས་དཀྲུགས་པའི་སེམས་མི་གསལ་བ་རྣམས་མཉམ་རྗེས་ཀུན་ཏུ་ཤས་ཆེར་དེངས་ཤིང་། གཟི་བྱིན་ཆོས་ཀྱི་དབྱིངས་ལྟར་ཚད་གཟུང་དང་བྲལ་བའི་འོད་གསལ་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས་སྣང་སེམས་ཐམས་ཅད་ནོན་ཅིང་ཁ་དོག་བསྒྱུར་བ་ནི། གསང་འདུས་པས། སྒྱུ་ལུས་ཐོབ་ནས་ལུས་སེམས་


TN01_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་རགས་ཀྱི་འབྲེལ་རགས་པ་ཆད་ནས་མི་རྒྱུ་བ་དང་དོད་མཚུངས་པའམ། ཡང་ན་ཟུང་འཇུག་ཐོབ་ནས་འབྲེལ་ཕྲ་མོ་ཆད་པའི་དོད་དོ། །འདི་རྒྱ་མཚོ་ལས། འབྱུང་བཞི་དྭངས་མ་ལ་བརྟེན་པས། །རིག་པའི་བདེ་ཆེན་བར་ཆད་མེད། །རྣམ་རྟོག་འགྱུ་བའི་རླུང་དྭངས་པས། །བདེ་ཆེན་ནམ་མཁའི་མཐའ་ལྟར་གནས། །ཞེས་ལེའུ་བཅུ་བཞི་པར་བཤད་པ་དང་ཕྱོགས་འདྲའོ། །འདིར་གཡུང་གི་གསུང་ནས། བདེན་པའི་ཕྱོགས་གཅིག་མཐོང་བ་རྣམ་སྨིན། བདེན་དོན་རྫོགས་པར་མཐོང་བ་ཚེ་དབང་། མཐོང་ཟིན་སྒོམ་བྱེད་ཕྱག་ཆེན་གསུངས་པ་དང་། སྤྱོད་བསྡུས་ལས། སེམས་དབེན་པ་ལ་བདེན་པ་མཐོང་བ་འདི། །ཞེས་པའི་འོད་གསལ་ལ་སྤྲོས་པ་ཕྱོགས་རེ་ཁེགས་པའི་ཆ་ནས་དོན་དམ་འོད་གསལ་ཞེས་བཏགས་པ་ལྟར་བཏགས་འདུག་པའམ་མ་འབོར། ༈ །ཀྱུ་རུ་ལུགས་དང་ཞལ་ལུང་ནས། ཐབས་གྲོལ་མགོ་འབྲེལ་བར་གསུངས་པ་ནི། ཐབས་ལམ་གྱི་སྐབས་སུ་བཤད་པའི་ཕོ་ཉའི་ལམ་དང་། གྲོལ་ལམ་གྱི་སྐབས་སུ་བཤད་པའི་མཚན་ཉིད་གསུམ་རྩི་གཞིར་བྱས་ནས། དེ་ལ་འབྲེལ་བརྩིས་པ་ཙམ་ལས། ལམ་གཉིས་དངོས་ལ་བརྩིས་པ་མིན་ནམ་དཔྱད། ༈ །སྤར་ཁབ་མཁན་པོས། འདི་སྐད་བཤད་པའི་སོགས་སྡུད་པ་པོའི་ཚིག་


TN01_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཞེད་པ་ལྟར་ན་བཤད་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །སོགས་ཅུང་ཟད་དཀའ། ༈ གླེང་སློང་སྐབས། གླེང་སློང་གི་གཞུང་ལ་དྲང་ངེས་ཀྱི་དོན་གཉིས་འབྱེད་པ་གླེང་གཞིའི་འགྲོས་ལྟར་བྱས་ནས། ཟབ་དབང་དང་སྦྱར་བ་སོགས་གླེང་སློང་ནང་ལྟར་འཆད་ཚུལ་དུ་བྱས་ན་གོ་བདེ་ཡང་། སྔོན་གྱི་འཆད་ཚུལ་མ་དཀྲུགས་པ་བཟང་བས་རེ་ཞིག་དཀྱུས་ལྟར་ཞོག ༈ །དམ་ཚིག་ཐད། རྩ་བའི་དམ་ཚིག་ལྔས་རྩ་ལྟུང་སྟོན་པ་མིན་ཏེ། རིགས་ལྔའི་དམ་ཚིག་བཞིན་ནོ། །ཡན་ལག་ལ། ནང་དུག་ལྔའི་རྣམ་རྟོག་ཅི་ཤར་ཡང་དེ་ལ་མ་དག་པའི་སྣང་ཞེན་གྱིས་སྤོང་བསྒྱུར་གཞན་མི་བྱེད་པར་ཉོན་མོངས་པ་དེ་རང་བཞིན་གྱིས་དག་པའི་གནས་ལུགས་ཀྱི་རྣམ་འཕྲུལ་ཡིན་པའི་གནད་ཀྱིས། མི་བསྐྱོད་པ་སོགས་རིག་ལྔའི་ཡེ་ཤེས་ཀྱི་ངོ་བོར་གདོད་ནས་དག་ཚུལ་སྔགས་བླ་མེད་སྤྱིའི་གང་ཤར་བདེ་སྟོང་དུ་ལྟ་ལུགས་བཞིན་དུ་བལྟས་ནས། གང་ཤར་གྱི་ཉོན་མོངས་ཐམས་ཅད་བདེ་ཆེན་ཡེ་ཤེས་འབར་བའི་གྲོགས་ཁོ་ནར་འཁྱེར་བ་དང་། ཕྱི་འཇིག་རྟེན་ན་ཤིན་ཏུ་དམེ་བར་གྲགས་པའི་རྫས་ལྔ་ཡང་དག་པའི་རྣལ་འབྱོར་གྱིས་བདུད་རྩིར་བྱས་ནས་བདེ་ཆེན་གྱི་བཅུད་ལེན་དུ་སྟེན་པ་སྟེ་ལྔ་ཚན་གཉིས་སོ། སྨད་པར། ཡང་དག་དུག་ལྔ་


TN01_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལོག་པའི་དུག་ལྔ་པོ་འཁོར་འདས་སོ་སོར་མི་རྟོག་པའི་གཏི་མུག་སོགས་སུ་བལྟ་ཆེད་བཞག་གམ་དཔྱད། རྒྱུད་འདིར་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་མཐོང་ཞིང་སྒོམ་པའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་ཡང་ཡང་རྩལ་བཏོན་གྱིས་སྟོན་ལ། དེའི་ཚེ་ཕྱི་རོལ་གྱི་རྫས་མ་དག་པ་ཕྱི་ས་སོགས་དང་། ནང་རྣམ་རྟོག་མ་དག་པ་དུག་ལྔ་ལྟ་བུའང་དག་པ་རབ་འབྱམས་ཀྱི་རྣལ་འབྱོར་གཅིག་པུའི་གྲོགས་སུ་འཁྱེར་བ་འདི་ཉིད་ཀྱི་སྒོས་ཀྱི་དམ་ཚིག་ཏུ་བསྟན་པས་ཀྱང་ལམ་གྱི་སྲོག་དེ་ཉིད་དང་རྣམ་པ་ཀུན་ཏུ་འབྲལ་མི་རུང་ཞེས་བསྟན་པར་ངེས་པ་རྙེད་དོ། ༈ །རྒྱུད་འདིའི་བཤད་སྲོལ་ལ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་ལས་ཕྱི་རོལ་དུ་གོལ་ཞིང་གཡེང་བའི་ཆ་གཏན་ལོག་པ་ན་སངས་རྒྱས་པ་ཡིན་ལ། ལམ་དུས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་རྟོགས་པའི་རྣལ་འབྱོར་ཕུལ་དུ་བྱུང་བ་བརྟན་ཅིང་མི་འཕྲོགས་པ་འཐོབ་པའི་ཆེད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་སྟེ་ཚོགས་སྤྱོད་བྱེད་པ་ཡིན་པར་ལེའུ་བཅུ་གཅིག་པར། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་དང་། དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་སོགས་སོ། །དེའང་བདེ་སྟོང་གི་རྣལ་འབྱོར་གསལ་བརྟན་ཐོབ་པའི་མཐུས་དག་པ་རབ་འབྱམས་


TN01_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣང་ཞེན་ཆེས་མཐུ་ཆེན་དུ་འགྲོ་བ་ནི། སྟོང་ཉིད་བདག་མེད་ཡེ་ཤེས་རང་རིག་ཐུགས། །སོགས་དང་། ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །སོགས་ལྟར་རོ། །དེ་ལྟར་དག་པའི་ལྷ་སྔགས་ཡེ་ཤེས་ཀྱི་སྣང་ཞེན་ཁྱད་པར་ཅན་ནམ་མཐུ་ཕུལ་བྱུང་ཅན་སྒྲུབ་ནུས་དང་སྐྱེད་ནུས་ཀྱི་བདེ་སྟོང་གི་རྣལ་འབྱོར་ཁྱད་འཕགས་སྒྲུབ་པ་ལ་རྣལ་འབྱོར་ཕོ་མོ་རྣམས་དཀྱིལ་འཁོར་བའི་ཆས་འཇུག་བྱས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཚོགས་སྤྱོད་དགོས་པ་ཡིན་ནོ། །དེས་ན་འདིའི་ལམ་ཐམས་ཅད་ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ་འཇུག་ཅིང་སྒྲུབ་པའི་ལྟ་བའི་རྣལ་འབྱོར་གྱིས་བསྡུས་ཤིང་བསྡམ་པར་ལྟ་ཕྲེང་གི་དོན་བསྡུར་གསུངས་པ་ལ་ངེས་པ་རྙེད་དོ། ༈ །ད་དུང་བཤད་ན། ལུགས་འདིར་ཆོས་ཐམས་ཅད་སངས་རྒྱས་པར་འཆད་དུས། མ་དག་པའི་དངོས་པོ་ཡོད་མེད་དང་། གནས་ཚོད་ལ་དག་མ་དག་ཇི་ལྟར་ཡིན་དཔྱོད་པ་ནི། སྤྱིར་མ་དག་པ་ཡོད་མེད་དཔྱོད་པ་སོགས་མིན་གྱི། གཉུག་མ་རྐྱང་པའི་གནས་ཚོད་དབང་དུ་བྱས་པ་སྟེ། གློ་བུར་བའི་ཆོས་རྣམས་མེད་པའི་དབང་དུ་བྱས་ན་ཞེས་དཔྱད་པའོ། །དེའི་དབང་དུ་བྱས་ནས་ཇི་ལྟར་ཡིན་དཔྱད་ན། འཁོར་འདས་ཀྱི་སྣང་བ་གཉིས་ཀ་སྣང་ཙམ་ལས་མེད་པར་འདྲ་ཡང་།


TN01_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ནི་ཕྱིན་ཅི་ལོག་གི་སྣང་བའམ་འཁྲུལ་སྣང་ཙམ་ཡིན་ཏེ། སེམས་རང་སྣང་ཞེས་པའི་སེམས་ནི་འཁྲུལ་པའི་སེམས་རགས་པ་སྟེ། སེམས་ཅན་གྱི་རྒྱུད་ཀྱི་བློ་ཀུན་རྫོབ་པ་ཐམས་ཅད་གཉིས་སྣང་འཁྲུལ་པས་སྦགས་ལ། ཁྱད་པར་འདིར་བསྟན་སེམས་རགས་པ་ནི་ཕྱིན་ཅི་ལོག་གི་བག་ཆགས་ལས་བསྐྱེད་པའི་འམ་འཁྲུལ་པའི་བག་ཆགས་ལས་སྐྱེས་པའི་སེམས་ཁོ་ན་ཡིན་པས། སྣང་གསུམ་གྱི། དེའི་སྣང་བ་ཐམས་ཅད་ནི་ར་རོ་དང་བླ་བརྟོལ་གྱི་སྣང་བའམ། དྷ་དུ་ར་ཟོས་པ་སོགས་འཁྲུལ་རྒྱུས་དཀྲུགས་པའི་སྣང་བ་ལྟར་དག་བྱ་དང་གློ་བུར་བ་ཁོ་ནའོ། །དག་པའི་སྣང་བ་ཞེས་པའི་དག་པ་ནི་གནས་སྣང་མི་མཐུན་པའི་ཆ་དག་པ་སྟེ། མ་རིག་པའི་བག་ཆགས་ཀྱིས་དག་པའི་ཡེ་ཤེས་ཀྱི་རང་སྣང་སྟེ། དེ་ནི་གཉུག་མའི་ཡེ་ཤེས་ཁོ་ནའི་རང་མདངས་ཡིན་པས་རང་བཞིན་བབས་སམ་འབྲལ་མི་རུང་ངོ། །དེའང་སྲིད་པའི་གནས་ལུས་སོགས་དང་། ལྷའི་སྐུ་དང་ཞིང་ཁམས་སོགས་ལ་སྣང་ཕྱོགས་ཡིན་པར་ཁྱད་མེད་ཀྱང་། གློ་བུར་བ་དང་། གཉུག་མའི་རང་སྣང་གི་ཁྱད་ཆེས་ཆེ་བས་སྣང་བ་ཕྱི་མ་ལྟར་གོམས་དགོས་ཏེ། ཕྱིན་ཅི་ལོག་གོམས་པར་བྱ་མི་རུང་བས་སོ་ཞེས་སྣང་ཕྱོགས་གཙོ་བོར་འཆད་པ་


TN01_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། སེམས་ཡེ་རང་སྣང་བ་ཞེས་དང་། སྣང་བ་བཞིར་གདམས་པ་ལྟ་བུའོ། །འདིར་ལེའུ་གསུམ་པར་ཆོས་ཐམས་ཅད་གཏན་ལ་ཕབ་དུས་ཀྱང་། འཁོར་བའི་སྣང་བ་ཐམས་ཅད་ནི་གཤོབ་གཅིག་ལ་རྩ་བ་བརྟེན་པས་ལོག་པ་ཡིན་ཚུལ་དང་། ཤེས་བྱའི་དེ་ཉིད་ནི་གཤོབ་དེས་བཟུང་ཚུལ་གྱི་བཟློག་ཕྱོགས་སུ་ཡོད་ཚུལ། སྟོང་ཉིད། གནས་ལུགས་བདེན་ཞིང་མི་བསླུ་བ་མ་ནོར་བ་དེ་མངོན་དུ་བྱས་པའི་ཡེ་ཤེས་ཀྱི་སྣང་བ་ནི། དག་པ་རབ་འབྱམས་སྒྱུ་འཕྲུལ་དྲྭ་བ་ཁོ་ན་ལས་མེད་པས་སྒྱུ་དྲྭ་ཁོ་ནར་ལ་བཟླ་དགོས་ཞེས། ངོ་མཚར་སྐུ་གསུང་ཡོན་ཏན། སོགས་ཀྱི་བར་རོ། །ལེའུ་ལྔ་པར་སྒྱུ་དྲྭའི་ཏིང་འཛིན་བཤད་དུས་ཀྱང་། སྒྱུ་འཕྲུལ་ཞེས་པ་ནི་རློམ་སེམས་མེད་པ་སྒྱུ་མའི་སྐྱེས་བུ་ལྟ་བུ་ཟེར་བ་ལྟར་ཟབ་གསལ་གཉིས་མེད་ཀྱི་སྐུ་ལ་བྱས་ནས། དཀྱིལ་འཁོར། དྲྭ་བ་ནི་མང་ལ་འབྲེལ་བ་སྟེ། དཔེར་ན་ཕལ་ཆེན་ལས། མཐའ་དང་དབུས་མེད་པ་སྒྱུ་མའི་དྲྭ་བ་ལྟ་བུར་སྟོན་པ། ཞེས་པ་འདྲ་བས། སྒྱུ་དྲྭའི་དོན་དེ་ལྟར་དགོངས་ནས། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །


TN01_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ། རང་སྣང་གི་དཀྱིལ་འཁོར་རབ་འབྱམས་བསམ་ཡས་སུ་རྣམ་པར་འཕྲུལ་བ་ལ་སྒྱུ་འཕྲུལ་དྲྭ་བར་གསུངས། དྲྭ་བ། དེས་ན་སྒྱུ་འཕྲུལ་གྱི་དྲྭ་བ་ནི་རྨོངས་པའི་རབ་རིབ་དག་པའི་སྣང་ཆ་ཡིན་ཅིང་། བདེན་སྣང་གི་དྲྭ་བ་ནི་རྨོངས་པའི་རབ་རིབ་ཀྱི་སྣང་ཆ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་གཙོ་བོར་སྣང་ཕྱོགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་དབང་དུ་མཛད་ནས་གསུངས་ཏེ། ཕ་རྒྱུད་མ་ཧཱ་ཡོ་གར་སྣང་ཕྱོགས་ཀྱི་ལྷ་དང་། མ་རྒྱུད་ཨ་ནུ་ཡོ་གར་སྟོང་ཕྱོགས་ཀྱི་ཡེ་ཤེས་གཙོ་བོར་བྱེད་པར་བཤད་པ་དང་སྦྱར་ན་རྒྱུད་འདི་མ་ཧཱའི་སྤྱི་རྒྱུད་དུ་དང་། བསྡུས་དོན་དང་། རྩ་བའི་རྒྱུད་དུ་བཤད་པ་ལ་ངེས་པ་ཆེན་པོ་སྟེར། འདི་ལས་དཔགས་ན་འདི་པའི་སྟོང་གཟུགས་ཀྱི་སྐུ་ཡང་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་དང་སྒྱུ་འཕྲུལ་དྲྭ་བའི་གཙོ་ཤོས་སུ་བཤད་དགོས་པས་སྒྱུ་ལུས་སྒྲུབ་ལུགས་དང་མ་འདྲ་རུང་། སྒྱུ་འཕྲུལ་དྲྭ་བའི་སྐུ་ནི་སྒྲུབ་པར་ངེས་པར་འདོད་པར་བྱའོ། ༈ །སྔར་མ་གོ་བ་ཞིག་ལ། འདུས་པ་སོགས་ལས་བསྐྱེད་རིམ་མཐར་སོན་ནས་སྤྱོད་པའི་མཐར་བསམ་གཏན་དང་། སྦྱིན་སྲེག་སོགས་ཀྱིས་ཐུན་མོང་གི་གྲུབ་ཆེན་རྣམས་སྒྲུབ་པར་བཤད་ལ། འདིར་སྤྱོད་པའི་དུས་དེ་ཉིད་དུ་རིག་འཛིན་གཉིས་གང་རུང་འགྲུབ་པར་བཤད་པའི། །སྔ་མ་བསྐྱེད་རིམ་ཅུང་ཟད་བརྟན་པ་དང་། ཕྱི་


TN01_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆེར་བརྟན་པའི་དབང་བཏང་དུ་སྡོམ་ཊིཀ་ལས་སོ། །འོན་ཀྱང་ནང་ལ་གཞོལ་བའི་སྔགས་པས་ཀྱང་སྔ་མ་ལྟར་བྱེད་པར་བཤད་པས། སྤྱི་སྐད་དུ་ལས་རྒྱ་ལ་དང་། ཡེ་རྒྱ་ལ་གཙོ་བོར་བརྟེན་པའི་ཁྱད་ལྟར་དབང་པོ་རྣོ་རྟུལ་གྱི་ཁྱད་ལྟ་བུར་འཐད་དམ་བརྟག་གོ། ༈ །བསྐྱེད་རིམ་གྱིས་འཇིག་རྟེན་པའི་དང་། རྫོགས་རིམ་གྱིས་འཇིག་རྟེན་ལས་འདས་པའི་སྒྲུབ་པར་འདི་ཉིད་ཀྱི་རྒྱུད་ཕྱི་མ་ལས་སོ། །འདི་དག་རྗེ་ཉིད་ནས་ཟིན་ཐོ་ལྟ་བུར་བཏབ་ཡོད་པ་རྣམས་གཞན་དུ་འཁྱར་གྱི་དོགས་ནས་རྗེས་འཇུག་འགའ་ཞིག་གིས་ཕྱོག་གཅིག་ཏུ་བསྒྲིག་ཁུར་བྱས་ཏེ་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ།། །།


previousསྒྱུ་འཕྲུལ་སྤྱིའི་སྐོར།next