Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ།
   
   


 
previousདཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ།next

དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ།


TN01_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པའི་དོན་རྣམ་པར་འགྲེལ་བ་ལེགས་པར་བཤད་པའི་གན་མཛོད་ཅེས་བྱ་བ་བཞུགས་སོ། །


TN01_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གསང་བ་བསམ་གྱིས་མི་ཁྱབ་སྣང་སྟོང་སྒྱུ་མའི་སྐུར་བཞེངས་ཏེ། །ལྷུན་གྲུབ་རང་བྱུང་སྒྱུ་འཕྲུལ་རོལ་མོས་མཐའ་ཀླས་ཡིད་ཅན་སྨིན་མཛད་པ། །འཇམ་དཔལ་གཞོན་ནུའི་རྣམ་ཐར་རྨད་བྱུང་དད་བརྒྱའི་འཛུམ་གྱིས་ལེགས་བསུས་ནས། །འཕགས་ཡུལ་གྲུབ་པའི་གཞུང་བཟང་རིན་ཆེན་རྣམ་འགྲེལ་རྒྱལ་མཚན་རྩེ་མོར་འགོད། །འདིར་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་བསྟོད་པ་དོན་ཟབ་ཅིང་རྒྱ་ཆེ་བ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བ་འདིའི་དོན་ཅུང་ཟད་འཆད་པ་ལ་སྤྱི་དོན་ལྔ་སྟེ། སྤོང་བ་ཆེན་པོ་བཤད་པ། རྟོགས་པ་ཆེན་པོ་བསྟན་པ། སེམས་ཆེན་པོ་ལ་བསྔགས་པ། །ཚངས་དབྱངས་ཆེན་པོ་ལ་བསྟོད་པ། སྐུའི་རྣམ་རོལ་ཆེན་པོ་སྨོས་པའོ། །དང་པོ་ནི། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ། ཞེས་


TN01_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལ་འདིའི་གང་གི་སྒྲ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་སྙེགས་ཏེ། དེའི་རྒྱུ་མཚན། སྤྱི་སྒྲ་སྤྱི་ལ་བཤད་དུ་རུང་བ་རྣམས་དེ་ལྟར་འཇོག་དགོས་ཀྱང་། འདི་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟ་ཡིན་ན་རུས་པ་དང་གྱོ་མོས་ཀྱང་སྒྲིབ་གཉིས་སྤངས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འདི་ནི་སྤྱི་སྒྲ་བྱེ་བྲག་ལ་འཇུག་པའི་སྐབས་ཡིན་ཏེ། ཁྱད་པར་ཅན་གྱི་ཚིག་དང་འབྲེལ་བའི་ཕྱིར་རོ། །རྟགས་གྲུབ་སྟེ། སྤང་བྱ་མཐའ་དག་དང་བྲལ་བའི་ཡེ་ཤེས་ནི་འཇམ་དཔལ་འབའ་ཞིག་ཡིན་པའི་ཕྱིར་ཏེ། མཁས་པ་སྨྲི་ཏིཛྙཱ་ནས་མཚན་བརྗོད་བཤད་འབུམ་དུ། མ་དག་པ་གཞི་དུས་ཀྱི་འཇམ་དཔལ། །མ་དག་དག་པ་ལམ་གྱི་འཇམ་དཔལ། ཤིན་ཏུ་རྣམ་དག་འབྲས་བུའི་འཇམ་དཔལ་དང་གསུམ་བཤད་པ་ལས་འཇམ་དཔལ་མཚན་ཉིད་པ་ནི་གསུམ་


TN01_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གལ་ཏེ་འཇམ་དཔལ་དང་རྣམ་མཁྱེན་གཅིག་ཡིན་ན་གང་གི་བློ་གྲོས་ཞེས་བརྗོད་པར་མི་རིགས་ཏེ་བློ་གྲོས་ཞེས་པ་ལྟར་ཟློས་སྐྱོན་སྣང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདི་ནི་འཇམ་དཔལ་ཡང་ཡིན་ལ་བློ་གྲོས་ཀྱང་ཡིན་པ་གཞི་གཅིག་པའི་བསྡུ་བ་སྟེ། རྣམ་མཁྱེན་གྱི་ཡེ་ཤེས་ཞེས་བྱ་བ་ལྟ་བུའོ། །འཇམ་དཔལ་དེ་ནི་སྒྲིབ་པ་གཉིས་དང་བྲལ་བ་སྟེ། འཇམ་པ་ཞེས་བྱ་བའི་མཚན་གྱི་དོན་དེ་དེ་ཡིན་པའི་ཕྱིར་རོ། །སྒྲིབ་པ་གཉིས་གང་ཞེ་ན། ཐར་པ་དང་རྣམ་མཁྱེན་གཉིས་ཀྱི་ནང་ཚན་གཙོ་བོར་ཐར་པ་ལ་གེགས་བྱེད་པ་འདོད་ཆགས་ལ་སོགས་པ་ཉོན་སྒྲིབ། གཙོ་བོར་ཐམས་ཅད་མཁྱེན་པ་འཐོབ་པའི་གེགས་བྱེད་པ་མ་རིག་བག་ཆགས་ཀྱི་ས་ལ་སོགས་པ་ཤེས་སྒྲིབ་སྟེ། རྒྱུད་བླ་མར། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་སོ། །དེ་དག་སྤྲིན་དང་མཚུངས་པ་ཡིན་ཏེ། སྤྲིན་ནི་ཉི་ཟླའི་འོད་ཤིན་ཏུ་གསལ་བ་ལ་གེགས་སུ་གྱུར་པ་དང་། འཐོར་རླུང་ཆེན་པོའི་ཤུགས་ཀྱི་ས་མྱུར་དུ་སྐྲོད་པས་གཞིག་སླ་བ་དང་འདྲ་བར། སྒྲིབ་པ་རྣམས་ཀྱང་བློའི་ནུས་མཐུ་ཆགས་ཐོགས་མེད་པ་ལ་གེགས་བྱེད་ཅིང་། འཛིན་སྟངས་ཕྱིན་ཅི་ལོག་ཡིན་པས་ཟབ་མོའི་ཡེ་ཤེས་ཀྱིས་སྤོང་བར་སླ་བའི་ཕྱིར་རོ། །རྒྱུ་མཚན་ཕྱི་མ་འདིས་འཇམ་དཔལ་གྱི་ཡེ་ཤེས་སྒྲིབ་བྲལ་ཆེན་པོར་ཡང་འགྲུབ་


TN01_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཇི་ལྟར་ཞེ་ན། སྤྱིར་དོན་མཐུན་གྱི་བློ་ནི་རྩ་བ་བརྟན་པ་ཡིན་ཏེ། གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདི་ཉིད་རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུང་། ལོག་ཤེས་འཁྲུལ་པའི་འཛིན་སྟངས་ནི་མི་བརྟན་པ་སྟེ། ཚད་མའི་གནོད་པ་དང་བཅས་པའི་ཕྱིར་རོ། །དེ་ཉིད་ལས། དྲི་མ་རྣམས་ནི་གློ་བུར་བ། །ཞེས་སོ། །དེ་ལྟར་ན་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་སྙིང་རྗེ་ཆེན་པོའི་རྩ་བ་ཅན་ཐབས་ཀྱིས་མཐར་ཕྱིན་པ་ནི་དངོས་པོ་རྣམས་ཀྱི་གནས་ལུགས་དང་མཐུན་པར་ཞུགས་པའི་ཚད་མ་ཡང་དག་ཕུལ་ཡིན་ལ། དེ་དང་བདེན་འཛིན་ལ་སོགས་པའི་སྒྲིབ་པ་ཕྱིན་ཅི་ལོག་རྣམས་འཛིན་སྟངས་དངོས་འགལ་ཡིན་ཞིང་། ཡེ་ཤེས་དེ་གོམས་པའི་མཐུ་ལས་མེ་སྟོབས་ཆེན་པོའི་ཤུགས་ཀྱིས་ནོན་པའི་ས་ཕྱོགས་ན་གྲང་འབྲས་སྤུ་ལོང་བྱེད་ཟད་པ་བཞིན་དུ་སྤང་བྱའི་ཕྱོགས་འགྲིབ་སྟེ་མ་ལུས་པར་སྤངས་པ་ཞིག་ངེས་པར་འགྲུབ་ཅིང་། དེ་ལྟ་བུའི་སྤངས་པ་གང་ཞེ་ན། སངས་རྒྱས་རྣམས་ཀྱི་སྤངས་པ་ཆེན་པོ་སྟེ། འཇམ་དཔལ་དང་ངོ་བོ་དབྱེར་མེད་པའི་ཆོས་ཉིད་ཀྱི་སྐུ་ཡིན་ནོ། །དེ་སྐད་དུ་ཕྱོགས་གླང་གིས་འཇམ་དཔལ་བསྟོད་པ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་རྟོག་དེ་དང་བྲལ་བས་ན། ཁྱོད་ནི་རབ་ཏུ་མྱ་ངན་འདས། །ཞེས་བཤད་དོ། །


TN01_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། དེ་དངོས་བཤད་པ་དང་། ཞར་བྱུང་དེའི་མཚོན་རྟགས་བཤད་པ་གཉིས་ལས། དང་པོ་ནི། ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར། ཞེས་པ་སྟེ། འདི་ལྟར་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཉི་མ་དང་ཆོས་མཚུངས་པ་སྟེ། ཉི་མའི་དཀྱིལ་འཁོར་ལ་མུན་ནག་གི་ཚོགས་མེད་པས་དག་པ་དང་། འོད་ཟེར་གྱི་སྣང་བ་འབར་བས་གསལ་བ་དང་། ནམ་མཁའི་ངོས་མཐོན་པོར་གནས་པ་ལྟར། འཇམ་དཔལ་ཡང་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པས་དག་པ་དང་། ཆོས་ཀྱི་སྐུའི་ཕྲིན་ལས་ཀུན་ཏུ་གསལ་བ་དང་། དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཕྱིན་པ་ལ་བཞུགས་པའི་ཕྱིར་རོ། །དེ་འདྲ་བའི་འཇམ་དཔལ་དེས་ཤེས་བྱ་ཇི་སྙེད་པའི་དོན་མཐའ་དག་མ་འཁྲུལ་པར་ཇི་ལྟ་བ་བཞིན་དུ་གཟིགས་ཏེ། མཚན་བརྗོད་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་ཡང་དག་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །ཅེས་གསུངས་སོ། །དེ་ལ་ཤེས་བྱ་ཇི་ལྟར་གཟིགས་ན། ཆོས་ཐམས་ཅད་རྟེན་འབྱུང་སྒྱུ་མ་ལྟ་བུའི་རོལ་མོར་གཟིགས་ཏེ། འདི་ལ་བྱེད་པོ་གཞན་མེད་ཅིང་བདག་རང་དབང་ཅན་ལ་སོགས་པ་མེད་ལ་རྒྱུ་མེད་པ་དང་རྒྱུའི་རྒྱུན་ཆད་པ་ལས་ཀྱང་འབྲས་བུ་མི་སྐྱེ་ཞིང་རྒྱུ་དེ་ཉིད་འབྲས་བུར་འཕོས་པའང་མ་ཡིན་མོད་ཀྱི་སྲང་མདའི་མགོ་མཇུག་མཐོ་དམན་བཞིན་དུ་རྒྱུ་ཡང་འགགས་ལ་འབྲས་བུའང་སྐྱེ་སྟེ།


TN01_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་རྒྱུ་དང་འབྲས་བུ་རིགས་འདྲ་བ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་ལ་སོགས་པ་མ་བརྟགས་ཉམས་དགའ་བའི་སྣང་ཆར་རྒྱུ་འབྲས་ཀྱི་རྣམ་པར་བཞག་པ་ཐམས་ཅད་བསླུ་མེད་དུ་ཡོད་དོ་ཞེས་མ་ནོར་བར་གཟིགས་ལ། དངོས་པོ་རྣམ་པར་བཅད་པའི་དངོས་མེད་རྣམས་ཀྱང་དངོས་པོ་ལ་ལྟོས་ཏེ་བཞག་པ་ཙམ་དུ་མཁྱེན་ཅིང་སེམས་ཀྱི་སྐད་ཅིག་གཅིག་ལ་གཟིགས་པ་འཇུག་གོ་།གལ་ཏེ་རྐང་པ་འདིས་ཇི་སྙེད་གཟིགས་པ་ནི་བསྟན་མོད་ཀྱི་དོན་དམ་གཟིགས་པ་མ་བསྟན་ནམ་ཞེ་ན། ཇི་བཞིན་གཟིགས་ཕྱིར་ཞེས་པའི་ཤུགས་ལ་བསྟན་པ་སྟེ། ཆོས་འདི་རང་བཞིན་གྱིས་གྲུབ་པར་མཐོང་ན་དེས་ཆོས་ལོག་པར་མཐོང་གིས། །ཇི་བཞིན་དུ་མཐོང་བ་མ་ཡིན་པའི་ཕྱིར་ཏེ་ཐ་སྙད་དུའང་མི་སྲིད་པའི་ཞེན་ཡུལ་ལ་ཞེན་པའི་ཕྱིར་རོ། །དེ་བས་ན་རྟེན་འབྱུང་སྣང་བཞིན་དུ་རང་བཞིན་སྟོང་། རང་བཞིན་སྟོང་བཞིན་དུ་ཀུན་རྫོབ་ཀྱི་སྣང་བ་སྣ་ཚོགས་པ་འཆར་བ་སྟེ་སྟོང་རྟེན་འབྱུང་ཟུང་འཇུག་ཏུ་མངོན་སུམ་གཟིགས་པ་ནི་ཆོས་ཇི་བཞིན་དུ་གཟིགས་པའི་མཆོག་ཡིན་ལ། རྟེན་འབྱུང་གདོད་ནས་མ་གྲུབ་པའི་ཆོས་ཉིད་གཟིགས་པ་དེ་ནི་ཇི་ལྟ་བ་མཁྱེན་པ་སྟེ། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཞེས་པ་


TN01_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །འདིར་བཤད་དགོས་པ་མང་ཡང་ཡི་གེ་ཉོག་གིས་དོགས་ནས་མ་བྲིས་སོ། །དེ་ལྟ་བུའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཡོད་པར་གང་གིས་ཤེས་ཞེ་ན། འདི་ནི་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་གྲུབ་པ་སྟེ། སེམས་ཀྱི་རྒྱུད་གཟུངས་དང་སྤོབས་པ་ལ་སོགས་པའི་ཡོན་ཏན་ལ་འདྲིས་པར་བསླབ་ན། དེ་འདྲ་བའི་བློ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ནུས་པ་མཐུ་ཅན་དུ་བྱས་ཏེ་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་ཕྱིར་དང་། བློའི་རང་བཞིན་ཚད་མེད་པ་ཡིན་པས་ཤེས་བྱ་ཕ་མཐའ་མེད་པ་བཞིན་དུ་ཡེ་ཤེས་རྒྱས་པར་འཐད་པའི་ཕྱིར་ཏེ། རྣམ་འགྲེལ་དུ། འདི་ལྟར་གོམས་པ་སྔ་མ་དང་། །སྔ་མའི་སེམས་ཆོས་བརྩེ་བ་དང་། །ཆགས་བྲལ་བློ་སོགས་གཞན་དག་གི་།གསལ་བ་ཡི་ནི་རྩ་བ་ཡིན། །ཞེས་སོགས་བཤད་པ་བཞིན་ནོ། །གཉིས་པ་ནི། ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །ཞེས་པ་སྟེ། འདིའི་དོན་ལ་རྗེ་བཙུན་ལྕང་སྐྱ་པ་ཆེན་པོ་ནི། བཤད་མ་ཐག་པའི་ཡེ་ཤེས་ཆོས་སྐུའི་ཕྲིན་ལས་ཀྱི་གཙོ་བོ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལེགས་པར་འདོམས་པའི་སྒོ་ནས་སྐལ་བཟང་ཐར་པར་འཁྲིད་པའི་བརྡར་ཐུགས་ཀར་གླེགས་བམ་འཛིན་པའོ། །ཞེས་གསུངས་ཀྱང་། དེ་ནི་འབྲས་བུའི་དོན་ལ་མ་ཞུགས་པར་སྣང་སྟེ། ཚིག་འདིས་ཆོས་ཐམས་ཅད་ཇི་བཞིན་དུ་གཟིགས་པའི་བརྡར་པུསྟ་ཀ་འཛིན་པ་བསྟན་གྱི་ཆོས་སྟོན་པའི་བརྡ་ཐབས་སུ་དངོས་ཤུགས་གང་གིས་ཀྱང་མ་བསྟན་པའི་ཕྱིར་རོ། །གལ་ཏེ་འདི་ནི་ཤུགས་


TN01_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟན་པ་སྟེ། ཆོས་སྐུའི་བརྡར་བསྟན་པས་ཕྲིན་ལས་ཀྱི་བརྡར་གོ་བའི་ཕྱིར་ཞེ་ན། དེ་ལྟ་ན་མེས་བུད་ཤིང་བསྲེགས་སོ་ཞེས་བརྗོད་པས་མེའི་ཁ་དོག་གིས་ཤིང་བསྲེག་པ་ཞིག་ཤུགས་ལ་བསྟན་པར་ཐལ་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་རང་གི་ལུགས་ནི། ཐེག་གསུམ་ལམ་དུ་ཞུགས་པའི་གང་ཟག་རྣམས་ཀྱིས་བསྒོམ་པར་བྱ་བའི་གནས་མཐའ་དག་གི་སྡོམ་དོན་མངོན་རྟོགས་བརྒྱད་ཀྱི་རྣམ་པར་བཞག་པ་མ་ལུས་པ་ཐུགས་སུ་ཆུད་པའི་བརྡར་བརྒྱད་སྟོང་པའི་གླེགས་བམ་ཐུགས་ཀར་འཛིན་པའོ། །འོ་ན་དོན་མངོན་རྟོགས་བརྒྱད་དུ་མ་གཏོགས་པའི་ཤེས་བྱ་གཞན་མཁྱེན་པར་མི་མཚོན་ནམ་ཞེ་ན། དེའང་ཤུགས་ལ་མཚོན་པ་ཡིན་ཏེ། རྣམ་འགྲེལ་ལས། གཙོ་བོའི་དོན་ལ་མི་བསླུ་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། །ཞེས་པ་ལྟར། འཇིག་རྟེན་ན་ལྷ་ཆེན་པོ་མངོན་ཤེས་གྲུབ་པ་རྣམས་ཀྱིས་ཀྱང་མ་རྟོགས་པའི་ལམ་ཟབ་མོ་འདི་ལྟ་བུ་དག་གཟིགས་པར་བསྟན་ན་རྟོགས་སླ་བ་སྒྱུ་རྩལ་དང་སྙན་ངག་ལ་སོགས་པ་གཟིགས་པར་རྗེས་སུ་དཔོག་ནུས་པའི་ཕྱིར་རོ། །དེའང་སྤྱིར་དེ་བཞིན་གཤེགས་པའི་སྐུའི་ཆ་ལུགས་དང་ཕྱག་མཚན་ཇི་ལྟར་སྣང་ཡང་དེ་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་པས་གླེགས་རལ་ཁོ་ན་ཞིག་འཛིན་པས་མ་ཁྱབ་མོད། འོན་ཀྱང་འདུལ་བའི་དབང་གིས་སངས་རྒྱས་རྣམས་ཀྱི་ཐུགས་ཡེ་ཤེས་མཆོག་གི་གསང་བ་བསམ་གྱིས་མི་ཁྱབ་པ་ཉིད་རྒྱལ་སྲས་མཐུ་ཆེན་གྱི་གཟུགས་


TN01_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྣང་བ་ལ་འཇམ་དཔལ་གཞོན་ནུ་གྱུར་པ་ཞེས་མཚན་ཡོངས་སུ་གྲགས་པ་དེའི་ཕྱག་མཚན་གཙོ་བོའི་དབང་དུ་བྱས་པའོ། །གསུམ་པ་ལ། སྙིང་རྗེའི་ཡུལ་བཤད་པ་དང་། དེ་ལ་བདེ་བར་གཤེགས་པའི་ཐུགས་རྗེ་འབྱུང་ཚུལ་བསྟན་པ་གཉིས་ལས། དང་པོ་ནི། གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམ་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ། ཞེས་པ་སྟེ། དེ་ལ་སྲིད་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའམ་ཉོན་མོངས་ལས་བྱུང་ཞིང་འཕགས་པ་རྣམས་དང་མི་མཐུན་པའི་ཟག་བཅས་ཀྱི་ཕུང་པོ་ལྔ་ལ་བྱ་སྟེ། མཛོད་ལས། དེ་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག་འཐབ་བཅས་ཀྱང་། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཞེས་གསུང་། དེ་ཉིད་ནི་རྒྱལ་པོའི་བཙོན་ར་དང་ཚུལ་མཚུངས་པ་ཡིན་ཏེ། ཇི་ལྟར་བཙོན་ར་ནི་ཐར་བར་དཀའ་བ་དང་། རྐུན་པོ་རྣམས་རྒྱལ་པོའི་ཆད་པས་དབང་མེད་དུ་འཇུག་དགོས་པ་དང་། ཁྲི་མུན་སྟུག་པོས་ཁེབས་པ་དང་། ལྕགས་སྒྲོག་དམ་པོས་འཆིང་བའི་གནས་ཡིན་པ་ལྟར། འདིའང་ཐར་དཀའ་བ་དང་། སྲེད་ལྡན་རྣམས་དབང་མེད་དུ་འཇུག་པའི་གནས་ཡིན་པ་དང་། མ་རིག་པས་ཁེབས་པ་དང་། སྡུག་བསྔལ་གྱིས་འཆིང་བའི་གཞི་ཡིན་པའི་ཕྱིར་རོ། །དེ་ལ་ཅིའི་ཕྱིར་སྲིད་པ་ལས་ཐར་དཀའ་ཞེ་ན། རིན་ཆེན་ཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་


TN01_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་པ་ལྟར་ཉོན་མོངས་པའི་ལམ་མ་རིག་སྲེད་ལེན་གསུམ་དང་། ལས་ཀྱི་ལམ་འདུ་བྱེད་དང་སྲིད་པ་གཉིས་དང་། སྡུག་བསྔལ་གྱི་ལམ་རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྐྱེ་བ། རྒ་ཤི་སྟེ་བདུན་པོ་རྣམས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས་གྲགས་ཏེ། དེ་དག་དཔེར་ན་ཚེ་སྔ་མ་ནས་འདིར་འོང་འདི་ནས་ཕྱི་མར་འགྲོ་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་དེ་ཉིད་ཚེ་སྔ་མ་ནས་སྔ་མར་འོང་ཞིང་སྔ་མ་ནས་འདིར་འོང་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཟླས་ཕྱེ་བའི་སྲེད་ལེན་དུ་འགྱུར་བ་ལ་སོགས་པའི་རིམ་པས་ཇི་སྲིད་དུ་སྲིད་རྩ་དྲུངས་འབྱིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཡེ་ཤེས་མ་རྙེད་པ་དེ་སྲིད་དུ་སྲིད་པ་མཐའ་མེད་པར་འཁོར་བའོ། །ཡང་ཅི་ཕྱིར་སྲེད་ལྡན་རྣམས་དབང་མེད་དུ་འཁོར་ཞེ་ན། ཇི་ལྟར་མྱུ་གུ་མངོན་པར་འབྱུང་བའི་དངོས་རྒྱུ་ནུས་པ་ཐོགས་མེད་ཚང་བར་གྱུར་ན་མྱུ་གུ་མི་སྐྱེ་བའི་དབང་མེད་པ་ལྟར་འཁོར་བར་ལྟུང་བའི་རྒྱུ་ནུས་མཐུ་ཐོགས་མེད་བདག་ཏུ་ལྟ་བ་དང་བདག་ཏུ་སྲེད་པའི་བློ་མ་སྤང་བ་དེ་སྲིད་དུ་ཆགས་སོགས་ཀྱི་ཉོན་མོངས་རྣམས་མི་འཛད་ལ། དེ་མ་ཟད་ན། ཟག་བཅས་ཀྱི་ལས་གསོག་ཅིང་། དེའི་དབང་གིས་སྐྱེ་བའི་འཁོར་ལོར་དབང་མེད་དུ་འཕྱན་པ་ཡིན་ཏེ། སྔ་མ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་


TN01_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་འགྱུར། །ཞེས་སོ། །དེ་ལ་མ་རིག་པ་ཞེས་བྱ་བ་གང་ཞེ་ན། ཕྱི་ནང་གི་ཆོས་ཐམས་ཅད་ངར་འཛིན་གྱི་རྟོག་པས་བཞག་པ་ཙམ་མ་ཡིན་པར་རང་ངོས་ནས་གཅིག་དང་དུ་མ་སོགས་སུ་གྲུབ་པར་འཛིན་པའི་འཁྲུལ་ཤེས་ཏེ། ས་ལུ་ལྗང་པའི་ཚིག་ལེའུ་ར་བྱས་པ་ལས། གང་གཅིག་རིལ་སོགས་འདུ་ཤེས་པ། །དེ་ནི་མ་རིག་སྲིད་གསུམ་སྒྲིབ། །མི་ཤེས་པས་ན་འདོད་ཆགས་དང་། །ཞེ་སྡང་གཏི་མུག་མངོན་དུ་བྱེད། །ཅེས་པ་བཞིན་ནོ། །དེའང་མ་རིག་པ་ནི་སྲིད་པའི་ཁོངས་སུ་འདུས་མོད་ཀྱི། འདིར་བྱེ་བྲག་ཏུ་སྨོས་པ་ནི། དཔེར་ན་བཙོན་ར་ལ་ཁྲི་མུན་དུ་གདགས་པའི་གཙོ་བོའི་གཞི་མུན་ནག་ཡིན་པ་བཞིན་དུ། ཟག་བཅས་ཀྱི་སྲིད་པ་ཞེས་གདགས་གཞིའི་གཙོ་བོ་ནི་མ་རིག་པ་སྟེ། སྡུག་ཀུན་གྱི་ཆོས་རྣམས་ཀྱི་རྩ་བ་ཡིན་པའི་ཕྱིར་ཚིག་གི་རོ་ནུས་བཏོན་པའོ། །ཡང་ཇི་ལྟར་སྡུག་བསྔལ་གྱིས་འཆིང་ཞེ་ན། འདོད་པའི་ཁམས་ན་ནི་ཚོར་བ་སྡུག་བསྔལ་དང་བཅས་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཡོད་ལ། ཟག་བཅས་ཀྱི་ཚོར་བ་བདེ་བ་དང་ལྡན་པའི་ཕྱིར་འགྱུར་བའི་སྡུག་བསྔལ་ཡོད་ཅིང་། ཉེར་ལེན་གྱི་ཕུང་པོའི་རང་བཞིན་ལས་མ་འདས་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཡང་ཡིན་ནོ། ཁམས་གོང་མ་ན་ནི་ཚོར་བ་གདུང་བ་མེད་པས་སྡུག་བསྔལ་གྱི་སྡུག་བསྔལ་མེད་མོད། བསམ་གཏན་དང་པོ་གསུམ་ན་ཟག་བཅས་ཀྱི་ཚོར་བ་བདེ་བ་ཡོད་པའི་ཕྱིར་འགྱུར་དང་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་ཤིང་། གཟུགས་མེད་བཞི་དང་བསམ་གཏན་བཞི་པ་རྣམས་ནི་ཚོར་བ་


TN01_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་ཁོ་ནའི་ས་པ་ཡིན་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཙམ་མོ། །དེ་དག་གིས་ནི་སེམས་ཅན་རྣམས་འཁོར་བར་འཆིང་ཚུལ་བསྟན་ཏོ། །གཉིས་པ་ནི། བུ་གཅིག་ལྟར་བརྩེ། ཞེས་གསུང་སྟེ། སྤྱིར་སྙིང་རྗེའི་དབྱེ་བ་ལ། སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པ་སྟེ་གསུམ་དུ་གྲགས་ཤིང་དེ་དག་གི་ངོས་འཛིན་ཀྱང་ས་སྡེ་ལས་བཤད་པ་དང་། མདོ་རྒྱན་ལས་བཤད་པ་དང་། ཚད་མེད་བཞིའི་རྒྱ་ཆེར་འགྲེལ་ལས་བཤད་པ་རྣམས་ལ་མི་འདྲ་བ་ཅུང་ཟད་སྣང་ནའང་། འདིར་གོ་བདེ་བ་དབུ་མ་ལ་འཇུག་པ་ལྟར་བཞག་ན་སྐད་ཅིག་མ་དང་བདེན་མེད་ཀྱི་ཁྱད་པར་དུ་མ་བྱས་པའི་སེམས་ཅན་ཙམ་ལ་དམིགས་ནས་སྙིང་བརྩེ་བ་ནི་སེམས་ཅན་ལ་དམིགས་པ། ཆོས་དང་གང་ཟག་གི་ཟླས་ཕྱེ་བའི་ཆོས་འདུས་བྱས་པ་ཕུང་པོ་རྣམ་པ་ལྔ་ལས་ངོ་བོ་ཐ་དད་པའི་སེམས་ཅན་རང་རྐྱ་བ་མེད་པར་ཤེས་ནས། ཕུང་པོ་སྐད་ཅིག་མའི་རྒྱུན་ལ་བཏགས་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་ཆོས་ལ་དམིགས་པ། སེམས་ཅན་ཞེས་བློ་ཐ་སྙད་པས་བཞག་པ་མ་གཏོགས་གང་ཟག་རང་བཞིན་གྱིས་གྲུབ་པ་མེད་པར་ཤེས་ནས། སྒྱུ་མ་ལྟ་བུས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ཤིང་སྙིང་བརྩེ་བ་ནི་དམིགས་པ་མེད་པ་སྟེ། གསུམ་ཀ་ཡུལ་སེམས་ཅན་ལ་དམིགས་པར་མཚུངས་ཀྱང་། སྔ་མ་ལ་ཁྱད་པར་གཞན་མེད་པས་རང་མིང་གིས་བསྙད་ཅིང་། ཕྱི་མ་གཉིས་ལ་ཁྱད་པར་གཞན་


TN01_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་དེ་དག་ཏུ་སྨོས་སོ། །འདིར་བཤད་པའི་སྙིང་རྗེ་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཡིན་ཏེ། ཤེས་བྱའི་དེ་ཁོ་ན་ཉིད་ལ་མཉམ་པར་མ་བཞག་པ་མེད་པའི་བདག་ཉིད་འཇམ་དཔལ་སྒྱུ་མའི་ཡེ་ཤེས་ཀྱི་ཐུགས་རྗེ་ཡིན་པའི་ཕྱིར་རོ། །དེས་ཇི་ལྟར་བརྩེ་ཞེ་ན། དཔེར་ན་མས་བུ་སྡུག་ཕངས་ཤིང་འབྲལ་མི་ཕོད་ལ་གདུངས་པ་མཐའ་དག་དང་བྲལ་བར་འདོད་པ་ལྟར། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་ཀྱང་འདི་ལྟ་སྟེ། སུ་ནི་རྒུད། སུ་ནི་ཉམ་ཐག །སུ་ནི་གདུལ་བར་བྱ་ཞེས་སེམས་ཅན་གྱི་ཁམས་ལ་གཟིགས་པ་མི་ཡོལ་བ་སྟེ། དཀོན་མཆོག་ཏ་ལར། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་ལ་བུ་གཅིག་པ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་ལ། དེ་རྐྱེན་འགའ་ཞིག་དང་ཕྲད་ནས་འཆི་བའི་དུས་བྱས་པར་གྱུར་ན་མི་དེ་བུ་ལ་སེམས་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། དུ་ཞིང་སྨྲེ་སྔགས་འདོན་ཏོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་སྡུག་བསྔལ་བ་དག་ལ་བུ་གཅིག་པ་བཞིན་དུ་དགོངས་པར་མཛད་དེ། ཞེས་དང་། འཕགས་པ་ཀླུས། དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ། །མཐའ་དག་བྱམས་པས་ཁྱབ་པའི་འཇམ་པའི་ངང་། །འཇམ་དང་དཔལ་དུ་གྲགས་པའི་ཐུགས་རྗེའི་མགོན། །འཇམ་དཔལ་ཀུན་གྱི་མགོན་ལ་ཕྱག་འཚལ་ཏེ། །ཞེས་སོ། །


TN01_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དེ་འདྲ་བའི་ཐུགས་རྗེ་ཡོད་དོ་ཞེས་བྱ་བ་འདི་ནི་མའི་ལ་དུའི་ཚིག་ལྟ་བུ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྣམ་འགྲེལ་དུ། བརྩེ་ལྡན་སྡུག་བསྔལ་གཞོམ་བྱའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བའི་སླད་དུ་དེ་བཞིན་གཤེགས་པས་སྲིད་པ་ཟློག་བྱེད་ཀྱི་ལམ་ཟབ་མོ་དཔེ་མཁྱུད་དང་སྐྱོ་དུབ་མེད་པར་སྟོན་པའི་ཐབས་བྱུང་གི་རྟགས་འདིས་ཐབས་སྙིང་རྗེ་ཆེན་པོ་དེ་འདྲ་བའང་ཡོད་པར་རྗེས་སུ་དཔོག་སྟེ། དུ་བའི་རྟགས་ལས་མེ་བཞིན་ནོ། །བཞི་པ་ལ། གསུང་གི་ངོ་བོ་བཤད་པ་དང་། བྱེད་ལས་བཤད་པ་གཉིས། དང་པོ་ནི། ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག །ཅེས་པའོ། །དེ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཕྲིན་ལས་ཀྱི་གཙོ་བོ་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་ཆེ་བ་ཕྱོགས་ཙམ་ཞིག་བརྗོད་པ་ནི་འདི་ཡིན་ཏེ། འབད་རྩོལ་ཤིན་ཏུ་ཕྲ་བའང་མེད་བཞིན་དུ་དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་མཐར་ཕྱིན་པའི་སྟོབས་དང་། གདུལ་བྱ་རྣམས་ཀྱི་བསོད་ནམས་རྣམ་པར་འཕེལ་བའི་མཐུ་དང་ཆོས་ཀྱི་གཏམ་དེ་དང་དེ་སྟོན་པའི་དུས་ཉེ་བར་གནས་པ་སྟེ་གསུམ་ཚོགས་པ་ལས་གསུང་ཚངས་པའི་རྔ་སྒྲ་རྣམ་པ་ཐམས་ཅད་པའི་དབྱངས་སུ་རང་སྣང་བར་མཛད་པ་ཉིད་དེ། རྒྱུད་བླ་མ་ལས། དེ་བཞིན་ཁྱབ་བདག་འབད་


TN01_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །བདེ་གཤེགས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་སོ། །གསུང་དེ་ནི་ཡོན་ཏན་གྱི་ཡན་ལག་དྲུག་ཅུ་དང་ལྡན་པ་སྟེ། དེ་གང་ཞེ་ན་གསུང་གི་གདངས་ཆེ་བ། འཁོར་གྱི་དཀྱིལ་འཁོར་ཁྱབ་པ། གོ་བ་མྱུར་བ། ཐེ་ཚོམ་གཅོད་པ། གཅིག་ལ་གསུང་བ་སྙམ་བྱེད་པ། ཉི་ཚེར་སྟོན་པ། སྒྲ་སྐད་ཀུན་ཏུ་འཇུག་པ། འཁོར་འདུན་པར་བྱེད་པ། །སྒྲ་སྐད་གཞན་ལས་འཕགས་པ། ཐམས་ཅད་འདུལ་བར་བྱེད་པ་སྟེ་བཅུ་ལ། ཚངས་པའི་དབྱངས་དང་། སིལ་སྙན་དང་། གླུ་གར་དང་། ཀ་ལ་པིང་ཀ་དང་། འབྲུག་སྒྲ་དང་། སྒྲ་སྙན་ལྟ་བུ་སྟེ་དྲུག་གིས་ཕྱེ་བས་བཅུ་ཕྲག་དྲུག་གོ་།ཅི་གསུང་དེ་ཉིད་ཡན་ལག་དེ་དག་ཉིད་ཡིན་ནམ། དེ་ལས་ངོ་བོ་ཐ་དད་པ་ཞིག་ཡིན་ཞེ་ན། གསུང་དེ་ཉིད་ཡན་ལག་དེ་དག་སྟེ། དེ་གཉིས་ནི་ངོ་བོ་དབྱེར་མི་ཕྱེད་དོ། །འོ་ན་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་ཞེས་བརྗོད་པར་མི་རིགས་ཏེ། འདི་ལ་ལྡན་ཆོས་དང་ལྡན་གཞིའི་རྣམ་བཞག་མེད་པའི་ཕྱིར་ཏེ། ཡན་ལག་དང་ཡན་ལག་ཅན་གཅིག་ཡིན་པའི་ཕྱིར་ཞེ་ན། ཁོ་བོ་ཅག་ནི་མུ་སྟེགས་ཅན་གྱི་འདོད་པ་ལྟར་ཡན་ལག་ལས་རྫས་ཐ་དད་པའི་ཡན་ལག་ཅན་ཞིག་ཁས་མི་ལེན་མོད། འོན་ཀྱང་འདི་ལ་འགལ་བ་མི་འཇུག་སྟེ། དེ་བཞིན་གཤེགས་པའི་གསུང་དེ་ཉིད་གདངས་ཆུང་བ་དང་། ཁྱབ་ཆུང་ལ་སོགས་པ་ལས་ལོག་པའི་ཆ་ནས་གདངས་ཆེ་བ་དང་ཁྱབ་ཆེ་བ་ལ་སོགས་


TN01_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་ཏུ་བཞག་ལ། ཡན་ལག་དེ་ཐམས་ཅད་སངས་རྒྱས་ཀྱི་གསུང་མ་ཡིན་པ་ལས་ལོག་པར་མཚུངས་པའི་ཕྱིར་གསུང་ཞེས་སྤྱིར་བཞག་པ་དེ་ཉིད་ཡན་ལག་ཅན་དུ་འདོད་པའི་སླད་དུའོ། །དེ་ཉིད་འབྲུག་སྒྲ་དང་མཚུངས་པའི་རྒྱུ་མཚན་ནི། དཔེར་ན་འབྲུག་གི་སྒྲ་ནི་བརྗིད་པ་དང་། མི་འཇིགས་པར་ཆེར་གྲགས་པ་དང་། དུས་སུ་འབྱུང་བ་ལ་མི་བསླུ་བ་དང་། རྨ་བྱ་དགའ་བར་བྱེད་པའི་གདངས་དང་ལྡན་པ་ལྟར། འཇམ་དཔལ་ཡེ་ཤེས་སེམས་དཔའི་གསུང་དེའང་བསོད་ནམས་ཆེན་པོའི་དཔལ་གྱིས་བརྗིད་པ་དང་། འཁོར་གྱི་ནང་དུ་བག་ཚ་བ་མེད་པར་ཁྱུ་མཆོག་གླང་པོ་ཆེའི་གནས་སུ་ཞལ་གྱིས་འཆེས་པ་དང་། སྒྲོ་སྐུར་དང་བྲལ་བས་ཀུན་ཏུ་ཚད་མར་གྱུར་པ་དང་། གདུལ་བྱའི་ཡིད་ཚིམ་པར་བྱེད་པའི་ཚིག་དང་དོན་གྱི་རྣམ་པ་དུ་མར་འཆར་བའི་ཕྱིར་རོ། །གལ་ཏེ་གསུང་གཅིག་གིས་དོན་སྣ་ཚོགས་སྟོན་པ་དང་། གསུང་གཅིག་སྒྲ་སྐད་དུ་མར་སྣང་བ་འདི་ལ་ཤེས་བྱེད་མེད་དོ་ཞེ་ན། ཡོད་དེ། འཇམ་དཔལ་ཡེ་ཤེས་སེམས་དཔས་གདུལ་བྱའི་ཁམས་སྣ་ཚོགས་དང་དེ་འདུལ་བའི་ཐབས་སུ་སྒྲ་དང་དོན་གྱི་བྱེ་བྲག་མཐའ་ཡས་པ་ཐམས་ཅད་ཅིག་ཆར་དུ་གཟིགས་པའི་ཕྱིར་དང་། མཐུ་ཐོགས་པ་མེད་པ་མངའ་བས་གསུང་གཅིག་གིས་ཚིག་དོན་སྣ་ཚོགས་སུ་གོ་བར་མཛད་ནུས་པའི་ཕྱིར་དང་། །སྐད་རིགས་དང་བསམ་པའི་ཁྱད་པར་མི་འདྲ་བའི་གདུལ་བྱའི་ཚོགས་མཐའ་དག་གི་སྟོན་པར་གྱུར་


TN01_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་སྐད་དུའང་། དཀོན་མཆོག་ཏ་ལར། དེ་དག་ཀ་ལ་པིང་ཀའི་སྒྲ་སྙན་དང་། ཁུ་བྱུག་ཀུན་ལ་ངང་པའི་སྒྲ་སྐད་དང་། །རྔ་དང་ཚངས་པ་མིའམ་ཅི་ཡི་སྒྲས། །མོས་པ་ཀུན་ལ་དེ་བཞིན་ཆོས་ཀྱང་སྟོན། །ཞེས་དང་། མདོ་གཞན་ལས་ཀྱང་། གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་ཅན་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ལ། དེ་དངོས་བཤད་པ་དང་། དེའི་བརྡ་ཐབས་བསྟན་པ་གཉིས་ལས། དང་པོ་ནི། ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ། ཞེས་གསུང་སྟེ། གང་ཞིག་འགྲོ་བ་ལྔའི་གནས་རིས་སྣ་ཚོགས་ཀྱི་བཙོན་རར་མ་རིག་པའི་མུན་ནག་ཆེན་པོའི་གཏོས་སུ་ཆགས་པ་དང་ང་རྒྱལ་ལ་སོགས་པའི་ཉོན་མོངས་ཀྱི་གཉིད་སྟུག་པོས་ཁེབས་ཏེ་དྲི་མ་མེད་པའི་ཡེ་ཤེས་ཀྱི་དཔལ་དང་མི་ལྡན་ཞིང་། ཟག་པ་དང་བཅས་པའི་ལས་ཀྱི་ལྕགས་སྒྲོག་གཞིག་པར་དཀའ་བ་འདི་ལྟ་སྟེ། ངན་སོང་གི་གནས་གསུམ་དུ་འགྲོ་བར་བྱེད་པ་མི་དགེ་བའི་ལས་དང་། འདོད་ཁམས་ཀྱི་མཐོ་རིས་རྣམས་སུ་འགྲོ་བར་བྱེད་པ་བསོད་ནམས་ཀྱི་ལས་དང་། ཁམས་གོང་མར་འགྲོ་བར་བྱེད་པ་མི་གཡོ་བའི་ལས་ཚད་མེད་པས་བཅིངས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་ཆོས་ཀྱི་རྔ་བོ་ཆེ་བརྡུང་སྟེ། མ་རིག་པའི་མུན་ནག་ནི་བསལ། ཉོན་


TN01_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ཀྱི་གཉིད་ནི་བསྐྲད། ལས་ཀྱི་འཆིང་བ་ནི་བཅད་དེ་རྣམ་པར་གྲོལ་བའི་ས་ལ་དབུགས་འབྱིན་པར་མཛད་པ་ནི་གསུང་གི་བྱེད་ལས་ཡིན་ནོ། །དེའི་རྒྱུ་མཚན་ཡང་། ལར་ཕྱི་རོལ་པ་ཁ་ཅིག་མེ་ལྔ་བསྟེན་པ་དང་ཁྲུས་བྱ་བ་ལ་སོགས་པས་སྲིད་པ་ལྡོག་པར་འདོད་ཀྱང་། བེམ་པོའི་ཉེ་རེག་དང་སེམས་རྒྱུད་ཀྱི་ཉེས་པ་གཉིས་སྤང་གཉེན་དུ་འགྲོ་བ་མི་སྲིད་ལ། ཡང་ཚད་མེད་བཞི་སོགས་ལམ་འགའ་ཞིག་སེམས་རྒྱུད་ཀྱི་ཡོན་ཏན་ཡིན་ཡང་སྲིད་རྩ་བདེན་འཛིན་དང་རྣམ་པ་དངོས་འགལ་མ་ཡིན་པས་འདིའི་དངོས་གཉེན་ནི་རྣམ་འགྲེལ་ལས། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང་། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཞེས་བཤད་པ་ལྟར་བདེན་མེད་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་ཏེ། དེ་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའི་གསུང་སེང་གེའི་སྒྲས་རྒྱ་ཆེར་བསྟན་ནས། གདུལ་བྱའི་རྒྱུད་ཀྱི་སྲེད་ལེན་གྱི་འཆིང་བ་གཅོད་པར་མཛད་པ་ཡིན་ལ། ནམ་སྲེད་ལེན་དེ་དང་བྲལ་བ་ན་སྐྱེ་ཤིའི་འཁོར་ལོ་རྒྱུན་ཆད་པར་འགྱུར་ཏེ། འགྲུབ་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་རོ། །གསུང་གི་མཛད་པ་དེ་ལ་དགོངས་ནས་དཔལ་ལྡན་ཕྱོགས་གླང་གིས་འཇམ་དཔལ་ལ་བསྟོད་པར། དོན་གསལ་མཛད་པའི་གསུང་གིས་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །སྟོང་པ་ཉིད་ནི་མངོན་སུམ་ལྟར། །གསུང་གི་དབང་ཕྱུག་སྟོན་པར་མཛད། །ཅེས་དང་། བསླབ་བཏུས་སུ། །སྡུག་བསྔལ་ཀུན་གྱི་སྨན་པ་མཆོག


TN01_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་དགའ་སྟོན་རབ་ཚོགས་ཤིང་། །རྣམ་པ་ཀུན་ཏུ་ཉེར་འཚོ་བ། །འཇམ་དབྱངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །གཉིས་པ་ནི། སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །ཞེས་པ་སྟེ། དེ་ལ་སྡུག་བསྔལ་གྱི་མྱུ་གུ་ཞེས་བྱ་བ་ནི་མིང་དང་གཟུགས་ཉིད་ལ་བྱ་སྟེ། དེ་དག་མྱུ་གུ་དང་ཆོས་མཚུངས་པའི་ཕྱིར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་ས་ལུ་ལྗང་པའི་མདོ་ཚིགས་བཅད་དུ་མཛད་པར། །མ་རིག་ལུད་ཀྱིས་བྲན་པ་དང་། །སྲིད་པའི་ཆུ་ཡིས་བསྟེན་ན་ནི། །རྒྱུ་ལས་མིང་དང་གཟུགས་ཀྱི་ནི། །མྱུ་གུ་སྐྱེ་བའང་སྣང་བར་འགྱུར། །ཞེས་སོགས་རྒྱ་ཆེར་གསུང་བ་བཞིན་ནོ། །འཇམ་དཔལ་ཡེ་ཤེས་སེམས་དཔའི་གསུང་གི་ཕྲིན་ལས་རླབས་པོ་ཆེས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་ཀྱི་མ་རིག་པའི་ལུད་དང་ལས་ཟག་པ་དང་བཅས་པའི་ས་བོན་དང་སྲེད་པའི་ཆུ་བོ་མཐའ་དག་ཟད་པར་མཛད་དེ་མིང་གཟུགས་ཀྱི་རྒྱུ་ཚོགས་རྨིང་ནས་འབྱིན་པའི་བརྡར་ཕྱག་གཡས་པས་འོད་བཟང་རལ་གྲིའི་མཚོན་རྣོན་དབང་སྔོན་ནོར་བུའི་ཁ་དོག་ཅན་ནམ་མཁའ་ལ་གདེང་སྟབས་སུ་འཛིན་པའོ། །ཊཱིཀ་འགའ་ཞིག་ཏུ་གསུང་དེ་ཉིད་མཁྱེན་རབ་རལ་གྲི་ལྟར་རྣོ་བའི་བྱེད་ལས་སུ་སྟོན་པའི་སླད་དུ་རལ་གྲིའི་ཕྱག་མཚན་འཆང་བར་བཤད་པའང་ཡོད་དོ། །ལྔ་པ་ལ། ཡེ་ཤེས་མཆོག་གི་སྐུར་བསྟན་པ་དང་། སྐུ་དེའི་ཁྱད་པར་གཞན་བསྟན་པ་སྟེ་གཉིས་ལས། དང་པོ་ནི། གདོད་ནས་དག་ཅིང་ས་


TN01_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །ཞེས་པ་སྟེ། གདོད་ནས་དག་པ་ཞེས་བྱ་བ་ནི་འཕགས་མཆོག་འདིས་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་སྒྲིབ་པའི་དྲྭ་བ་མ་ལུས་པ་བཅད་ཟིན་པའི་དོན་ཏེ། དེ་ལ་སེམས་ཅན་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་གདོད་མ་ནས་སྤང་ཐོབ་གཉིས་སུ་མེད་པའི་རང་བཞིན་དུ་བཞུགས་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་ཆ་དང་བཅས་པ་མཐོང་བ་དང་སྒོམ་པའི་ལམ་གྱིས་སྤངས་ཏེ། རང་བཞིན་རྣམ་པར་དག་པའི་དབྱིངས་དེ་ཉིད་མངོན་དུ་བྱ་བ་མཐར་ཐུག་པར་གྱུར་པ་ནི་གློ་བུར་རྣམ་དག་གི་མྱང་འདས་ཞེས་བྱ་སྟེ་འདི་ནི་སྦྱང་གཞི་དེ་བཞིན་ཉིད་སྦྱང་བྱ་ལས་གྲོལ་བའི་ཆ་ལ་བཏགས་པའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་དག་པ་གཉིས་ལྡན་གྱི་དབྱིངས་དེ་མངོན་སུམ་དུ་མཛད་དེ། འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་དང་ད་ལྟར་གྱི་དུས་སུ་བདེ་བཤེགས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་ནོར་བུ་རིན་པོ་ཆེ་བརྩེགས་པའི་རྒྱལ་པོ་ལ་སོགས་པ་གྲངས་མ་མཆིས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་བསྟན་ནས་སླར་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུ་བསམ་གྱིས་མི་ཁྱབ་པས་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པར་སྣང་བའི་གོ་སྐབས་འགོག་ཏུ་མེད་པ་ཡིན་ནོ། །དེའི་ཕྱིར་དེ་ཉིད་ནི་ཐེག་ཆེན་སློབ་པ་འཕགས་པའི་ས་བཅུ་དང་མི་སློབ་པའི་ལམ་གྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་


TN01_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་ལུས་ཡོངས་སུ་རྫོགས་པ་ཞེས་བྱ་ལ། འདིར་སྨོས་པའི་ས་བཅུ་ནི། འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས། །རབ་དགའ་ཤིན་ཏུ་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་ཅན། །སྦྱང་དཀའ་དེ་བཞིན་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ཞེས་གསུངས་པ་བཞིན་ཏེ། དེ་དག་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་དང་སྨོན་འཇུག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པ་ལ་ཁྱད་པར་མེད་ཀྱང་ཡེ་ཤེས་ཀྱི་སྟོབས་གོང་ནས་གོང་དུ་ནར་སོན་པའི་དབང་གིས་སྤང་བྱ་བཅུ་སྤོང་བ་དང་ཕ་རོལ་ཏུ་ཕྱིན་པ་ལྷག་པ་དང་ཡོན་ཏན་སྡེ་ཚན་བཅུ་གཉིས་ཁྱད་པར་དུ་འགྲོ་བ་ལ་སོགས་པའི་སྒོ་ནས་ཟག་པ་མེད་པའི་ཡེ་ཤེས་ཀྱི་དབྱེ་བ་བཅུར་བཞག་པ་སྟེ། དེ་རྣམས་ལེགས་པར་བགྲོད་ནས་ས་བཅུའི་རྒྱུན་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་ཆད་མེད་པའི་ལམ་དུ་ལྷགས་པ་ན་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བའང་བཅོམ་སྟེ། དེའི་རྣམ་པར་གྲོལ་བའི་ལམ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པར་འགྱུར་རོ། །གལ་ཏེ་ཡེ་ཤེས་ཀྱི་རྣམ་པར་བཞག་པ་ནི་སྔར་སྨོས་སུ་ཟིན་ན་འདིར་སྐུའི་ཆེ་བ་བརྗོད་པའི་སྐབས་སུ་དེ་བསྟན་པས་ཅི་ཞིག་བྱ་ཞེ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཟག་པ་མེད་པའི་ཡེ་ཤེས་ཡིན་པར་མ་ཟད་སྐུ་ཡང་ས་བཅུའི་མཐར་སོན་པའི་ཡེ་ཤེས་ཀྱི་སྐུ་ཡིན་ནོ་ཞེས་སྐུ་དང་ཐུགས་རོ་གཅིག་པར་སྟོན་པའི་ཕྱིར་དང་། དེ་བཞིན་


TN01_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཐུགས་ཀྱི་གསང་བ་ལ་དབང་འབྱོར་ཡང་རྒྱལ་སྲས་མཐུ་ཆེན་གྱི་གཟུགས་འཛིན་ཏོ་ཞེས་འཆད་འགྱུར་གྱི་ཚིག་གིས་སྟོན་པར་བཞེད་པའི་ཕྱིར་ཡིན་ནོ། །དེ་ལ་འདིའི་རྒྱལ་སྲས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ། དེ་དག་གི་རྒྱུད་ལ་དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པ་བྱང་ཆུབ་སེམས་ཀྱི་གཏེར་མངའ་བའི་ཕྱིར་རོ། །རྒྱལ་སྲས་དེའི་ཐུ་བོའམ་གཙོ་བོ་ནི་དྲན་པ་དང་བློ་གྲོས་དང་གཟུངས་དང་སྤོབས་པའི་མཐུ་མཚུངས་ཟླ་མེད་པ། ས་ཆོས་ཀྱི་སྤྲིན་ལ་གནས་པ། འོད་ཟེར་ཆེན་པོའི་དབང་ནོད་པ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྲུབ་པ། བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་དང་མའི་གོ་འབྱེད་པ་སྟེ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དེ་ལྟར་འཕྲུལ་བའོ། །ཚུལ་འདི་ནི་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་ལས། མགོན་པོ་རྒྱལ་བའི་སྲས་ཀྱི་མཆོག །ཅེས་དང་། སེམས་ཅན་ཐམས་ཅད་འཇིགས་མེད་མཛད། །སེམས་ཅན་ཀུན་ལ་རབ་སྟོན་པ། །བརྟན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཀུན་གྱི་བློ་ལ་མཁས། །ཞེས་སོ། །འདིའི་སྐབས་སུ་ལྟག་འོག་མི་འགལ་བའི་བརྒལ་ལན་འགའ་ཞིག་བཤད་དགོས་པར་སྣང་ཡང་རེ་ཞིག་བཞག་གོ་།གཉིས་པ་ནི་


TN01_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་ཁྱོད་ལ་འདུད། །ཅེས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་རྣམ་པ་ཐམས་ཅད་པ་ཉིད་དེ། སེམས་ཅན་གྱི་ཁམས་གང་ལ་གང་འདུལ་དུ་ཞིང་དང་སྐུའི་བཀོད་པ་སྣ་ཚོགས་སུ་སྟོན་པར་གྱུར་ཅིག་ཅེས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་ཕྱིར་དང་། གཟུགས་སྒྱུ་མ་ལྟ་བུའི་མཚན་ཉིད་ཅན་ལ་ཡེ་ཤེས་སྒྱུ་མའི་རྒྱལ་པོས་དབང་བསྒྱུར་བའི་ཕྱིར་དང་། མཆོག་གི་ཡེ་ཤེས་རྣམ་པར་དག་པས་རྣམ་པ་ཐམས་ཅད་པའི་ཤེས་བྱ་གཟིགས་པ་དེ་ཉིད་སྐུར་སྣང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་གྱི་དོན་དུ་འགྱུར་ན་དེ་བཞིན་གཤེགས་པ་ཁ་དོག་དང་དབྱིབས་དང་ཆུ་ཞེང་དང་ཆ་ལུགས་མི་འདྲ་བའི་གཟུགས་སྡུག་པ་དང་མི་སྡུག་པ་གང་དུའང་སྣང་བར་མཛད་པ་ཡིན་མོད། །དེ་ལྟ་ནའང་འདི་ནི། དཀོན་མཆོག་ཏ་ལ་ལས། མཐོང་ན་དགའ་ཚིམ་རབ་ཏུ་དགའ་རྣམས་ལ། །བློ་མཆོག་དེ་དག་གཟུགས་མཆོག་གཟུགས་བཟང་བ། །གཟུགས་ཀྱི་དམ་པ་ཡོངས་སུ་སྟོན་བྱེད་ཅིང་། །གཟུགས་ལ་མོས་པའི་སེམས་ཅན་འདུལ་བར་བྱེད། །ཅེས་གསུངས་པ་ལྟར་སེམས་ཅན་ཕལ་མོ་ཆེ་གཟུགས་སྡུག་པ་དག་ལ་དགའ་ཞིང་ལྷུར་ལེན་པས་རེ་ཞིག་དེ་དག་གི་མོས་པ་དང་མཐུན་པར་གཟུགས་ཕུན་སུམ་ཚོགས་པ་ཉེ་བར་བཟུང་སྟེ་གདུལ་བྱའི་ཚོགས་བསྡུ་བ་དང་སྨིན་པར་མཛད་པའི་དབང་དུ་བྱས་ནས། །འདི་ལྟར་འཇམ་


TN01_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཞོན་ནུར་གྱུར་པའི་སྐུ་ནི་ཡོན་ཏན་བརྒྱ་དང་བཅུ་གཉིས་མངའ་བ་སྟེ། གང་ཟག་བསོད་ནམས་ཆེན་པོར་མཚོན་པའི་མཚན་མའང་ཡིན་ལ། གང་ལ་རེག་པ་དང་གང་ཞིག་མཐོང་བ་དེ་དག་ཀྱང་བཀྲ་ཤིས་པར་བྱེད་པའི་རྟགས་མཚན་རྨད་དུ་བྱུང་བ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དགེ་ལེགས་སུ་བྱ་བ་རྣམས་ཀྱི་དཔེར་འོས་ཤིང་མཐོང་ན་མི་མཐུན་པ་མེད་པའི་བྱད་ཀྱི་ཁྱད་ཆོས་ཕུལ་དུ་སོན་པའི་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའོ། །དེའང་སྤྱིར་འཁོར་ལོས་སྒྱུར་རྒྱལ་དང་འཕགས་པ་རང་སངས་རྒྱས་སོགས་ལའང་མཚན་བཟང་འགའ་ཞིག་ཡོད་མོད་དེ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་མཚན་དཔེ་ནི་རང་རང་གི་གནས་ན་གནས་པ་དང་། དག་ཅིང་ཤིན་ཏུ་གསལ་བ་དང་། དགེ་བའི་རྩ་ཟད་མི་ཤེས་པ་ལས་བྱུང་བའི་ཕྱིར་གཞན་ལས་ཆེས་ཆེར་འཕགས་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཇི་ལྟར་ཟད་མི་ཤེས་ཤིང་ཚད་མེད་པ་ཡིན་ཞེ་ན། དཔེ་ཙམ་ཞིག་བྱ་སྟེ། སོ་སོའི་སྐྱེ་བོ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་བཅུ་འགྱུར་གྱིས་བདེ་བར་གཤེགས་པའི་བ་སྤུ་གཅིག་འགྲུབ་ལ། བ་སྤུའི་རྒྱུ་ཚོགས་བརྒྱ་འགྱུར་གྱིས་དཔེ་བྱད་གཅིག་དང་། དཔེ་བྱད་བརྒྱད་ཅུ་པོའི་རྒྱུ་ཚོགས་དེ་འདྲ་བ་སྟོང་འགྱུར་གྱིས་མཚན་སུམ་ཅུའི་གང་རུང་གཅིག་དང་། མཚན་སུམ་ཅུ་འགྲུབ་བྱེད་ཀྱི་བསོད་


TN01_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཁྲི་འགྱུར་གྱིས་མཛོད་སྤུ་ཟླ་བའི་མདོག་ཅན་དང་། དེའི་རྒྱུར་གྱུར་པའི་དགེ་བའི་རྩ་བ་དེ་ལྟ་བུ་འབུམ་འགྱུར་གྱིས་གཙུག་ཏོར་བལྟར་མི་མངོན་པ་དང་། གཙུག་ཏོར་འགྲུབ་བྱེད་དེ་འདྲ་བ་བྱེ་བ་ཕྲག་འབུམ་གྱུར་གྱིས་གསུང་ཆོས་ཀྱི་དུང་འགྲུབ་པར་བཤད་ལ། བསོད་ནམས་ཀྱི་མཐུ་དེའང་བྱང་ཆུབ་སེམས་དཔའ་སློབ་ལམ་པའི་དུས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་ན་བདག་སྦྱིན་པ་འདིས་ལོངས་སྤྱོད་ཆེན་པོ་དང་ཚུལ་ཁྲིམས་འདིས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །ཅེས་དེ་ཙམ་ཞིག་ལ་བསྔོ་བ་མ་མཛད་དེ། །དགེ་བའི་རྩ་བ་འདིས་བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་སླད་མ་ནས་སླད་མར་འཕེལ་བར་གྱུར་ཅིག་ཅེས་དེ་ལྟ་དེ་ལྟར་རྟག་པར་རྒྱུན་དུ་བསྔོས་ཤིང་ཚོགས་སྤེལ་བའི་ཕྱིར་རོ། །ཞེས་སློབ་དཔོན་དབྱིག་གཉེན་གསུང་ངོ་། །གཞན་ཡང་མཚན་དཔེའི་རྒྱུ་སོ་སོ་བ་དང་། གྲངས་ལ་སོགས་པ་ནི་རྒྱ་ཆེར་རོལ་པ་དང་མངོན་པར་རྟོགས་པའི་རྒྱན་དུ་གསལ་བས་དེ་དག་ཏུ་བལྟའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ཆེ་བ་བསམ་གྱིས་མི་ཁྱབ་ཚད་མེད་དཔག་ཏུ་མེད་ཅིང་མཐའ་མི་མངོན་པ་ནམ་མཁའི་ཀློང་ཆེན་པོ་ལྟ་བུའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པ་མངའ་བའི་ཕྱིར་སུ་ཞིག་གིས་དྲན་ཅིང་གསོལ་བ་བཏབ་པ་དེ་དང་དེའི་མདུན་ན་བཞུགས་ཏེ། དྲན་པ་དང་བློ་གྲོས་དང་གཟུངས་དང་རྟོགས་པ་དང་སྤོབས་པ་དང་ཆོས་དང་བྱང་ཆུབ་ཀྱི་སེམས་དང་སྒྲུབ་པ་སྟེ།


TN01_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་གཏེར་ཆེན་པོ་བརྒྱད་སྙིང་ལ་སྟེར་ཞིང་བརྗེད་ངས་དང་ལྟ་བ་ལོག་པ་ལ་སོགས་པ་བློའི་ཉེས་པ་མཐའ་དག་ཞི་བར་མཛད་པ་སྟེ། ཕྱོགས་ཀྱི་གླང་པོས་འཇམ་དཔལ་ལ་བསྟོད་པ་ལས། ཤེས་རབ་བྲལ་བས་མདུན་དུ་ཁྱོད། །དྲན་པའི་ཡུལ་དུ་གྱུར་པས་ཀྱང་། །མཁས་པ་རྣམས་ཀྱང་ཐེ་ཚོམ་གྱི། །མདུད་པ་དམ་པོས་འཆིང་བར་བྱེད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་མགོན་པོ་ཡེ་ཤེས་ཀྱི་ཉི་མ་མཚུངས་པ་མེད་ཅིང་བྱིན་རླབས་བདུད་རྩིའི་འོད་སྣང་དཔག་པར་དཀའ་བ་དང་ལྡན་པ་རྗེ་བཙུན་མཁྱེན་པའི་གཏེར་ཆེན་དེ་ལ་འདུད་ཅིང་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཅན་ཏེ། འདི་དག་གིས་ནི་གཞུང་གི་ཚིག་ཡོངས་སུ་རྫོགས་པའི་དོན་གྱི་འགྲོས་རགས་རིམ་ཙམ་ཞིག་བཤད་ཟིན་ཏོ། །སླར་སྨྲས་པ། འཕགས་ཡུལ་འཕགས་པའི་གཞུང་ལུགས་རྨད་བྱུང་དགོངས་འགྲེལ་གཏམ་འདིས་གསལ་བྱས་མོད། །བློ་དང་ན་ཚོད་དཔུང་བ་དམན་པས་ཉེས་བཤད་འཁྲུལ་པས་གང་ནོངས་པ། །ཚུལ་གཉིས་ཆོས་ལ་ཆོས་ཀྱི་སྤྱན་ལྡན་མཁས་རྣམས་མདུན་སར་འཆག་བགྱིད་ཀྱིས། །གདོན་གྱིས་བརླབས་པའི་བུ་ལ་མ་བཞིན་རྨོངས་ལ་ལྷག་པར་བརྩེ་མཛོད་ཅིག །ཤིང་རྟ་ཆེན་པོའི་གཞུང་དང་དོན་མཐུན་ལེགས་བཤད་ཉིན་མོར་བྱེད་པའི་ལྷ། །ཚིག་གི་མཁའ་དབྱིངས་རྒྱ་ཆེན་འདི་རུ་གང་ཞིག་སྣང་བའི་ལེགས་བྱས་གཟིས། །མཐའ་ཡས་སྲིད་པའི་རྒུད་མུན་མ་ལུས་མིང་གི་ལྷག་མར་བྱས་གྱུར་ཏེ། །


TN01_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལེགས་བཀྲ་ཤིས་པདྨོ་འདབ་སྟོང་ཕྱོགས་རྣམས་ཀུན་དུ་འཛུམ་བྱེད་ཤོག །དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པའི་དོན་རྣམ་པར་འགྲེལ་བ་ལེགས་པར་བཤད་པའི་གན་མཛོད་ཅེས་བྱ་བ་འདི་ནི་འཇམ་པའི་རྡོ་རྗེ་རྗེ་མིའི་ཟོལ་ལ་བརྟེན་པ་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་རྣམ་པ་བཞིའི་བཀའ་དྲིན་ལས་ཚུལ་འདིའི་རིགས་གཏད་དང་བཀླག་ལུང་མང་དུ་ཐོབ་པའི་གཞོན་ནུ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་རང་ལོ་བཅོ་བརྒྱད་པ་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོའི་སྟོན་འབྲིང་དབྱུ་གུའི་ཟླ་བ་ལ་རྫོགས་པར་བྱས་པ་སྟེ། འདིས་ཀྱང་མཐའ་ཡས་པའི་ཡིད་ཅན་རྒྱ་མཚོ་ཁྱབ་བདག་བློ་ལྡན་མཆོག་སྲེད་ཀྱི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག་གུ། མངྒ་ལམ། ཤུ་བྷམ་མསྟུ་སརྦ་ཛ་ག་ཏཾ།། ༈ །།བསྟོད་པའི་རྒྱལ་པོ་ཡེ་ཤེས་ཡོན་ཏན་བཟང་པོའི་དོན་ཆེ་ལོང་དུ་བཤད་པ་འཕགས་པ་དགྱེས་པའི་ངག་གི་རོལ་མོ་ཞེས་བྱ་བ་བཞུགས་སོ། །དམར་སེར་ཐུན་མཚམས་གཞོན་ནུའི་འཇོ་སྒེགས་ནི། །མཐིང་མདོག་ནོར་བུའི་ཅོད་པན་འཛིན་པ་བཞིན། །ཕུན་ཚོགས་མཚན་དཔེའི་སྣང་བ་འབུམ་བཀྲ་བའི། །མགོན་པོ་རལ་གྲིའི་འཁྲུལ་འཁོར་འཛིན་དེས་སྐྱོངས། །འདིར་འཕགས་པ་འཇམ་དཔལ་གྱི་ཆེ་བའི་ཡོན་ཏན་ལ་མདོར་བསྡུས་པའི་ཚིག་གིས་དོན་གྱི་རྣམ་གྲངས་རྒྱ་ཆེ་བར་བསྔགས་པ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་འདི་ཉིད་འཆད་པ་ལ། མཚན་དོན་དང་། གཞུང་དོན་གཉིས། དང་པོ་ནི། རྒྱ་གར་སོགས་ཏེ། མཚན་བསྒྱུར་ན། ཤྲྀ་དཔལ། ཛྙཱ་ན་ཡེ་ཤེས། གུ་ཎ་ཡོན་ཏན། བྷ་དྲ་བཟང་པོ། །ན་མ་ཞེས་བྱ་བ། སྟུ་ཏི་བསྟོད་པ། །ཞེས་པར་འབྲེལ་ལོ། །དེ་


TN01_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤྱིར་རྒྱ་གར་གྱི་སྐད་ལ་རྣམ་གྲངས་མང་ཡང་། འདིར་ནི་བསྟན་བཅོས་དང་པོར་སཾ་ཀྲི་ཏའི་སྐད་དུ་བརྩམས་པའི་ཕྱིར་ལེགས་སྦྱར་ལྷའི་སྐད་ཡིན་ལ། སྐད་གཉིས་བསྐྱར་ཟློས་སུ་གསུངས་པ་ནི། ལོ་ཙཱ་བའི་དྲིན་དྲན་པ་ལ་སོགས་པའི་དགོས་དབང་མང་དུ་གཟིགས་ནས། སྒྱུར་བྱེད་ཆེན་པོ་དག་གིས་བཀོད་པའོ། །མཚན་དེ་བཤད་ན་གཞུང་གི་རྩོམ་པ་པོ་འཕགས་པ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ལྔ་བརྒྱའི་གཙོ་བོའི་མཚན་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་སྟེ། དེ་ཉིད་རྩོམ་བྱེད་གང་ཟག་གི་མིང་བསྟན་བཅོས་ལ་བཏགས་པ་འགྲེལ་པ་བུདྡྷ་པཱ་ལི་ཏ་ལྟ་བུའོ། །གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། །དང་པོ་ནི། བཅོམ་ལྡན་འདས་སོགས་ཏེ། བཅོམ་ལྡན་འདས་ཀྱི་སྐད་དོད་བྷ་ག་ཝན་ཞེས་པ་ལེགས་པ་དྲུག་དང་ལྡན་པ་ལ་འཇུག་ཅིང་། སྒྲ་སོ་སོར་ཕྲལ་ན། བཅོམ་ནི་བདུད་བཞིའི་ཉེས་པ་ཐམས་ཅད་བཅོམ་པའི་དོན་ཏེ་སྤངས་པ་ཕུན་ཚོགས། ལྡན་ནི་ཆེ་བའི་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པ་སྟེ་རྟོགས་པ་ཕུན་ཚོགས། འདས་ནི་སྲིད་ཞིའི་མཐའ་གཉིས་ལས་འདས་པ་སྟེ་ཐུན་མོང་གི་ཡོན་ཏན་ཡིན་ལ། ཡོན་ཏན་དེ་གསུམ་དང་ལྡན་པའི་རྗེ་བཙུན་ལག་ན་རལ་གྲི་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མགོན་པོ་འཇམ་དཔལ་དབྱངས་ཞེས་མཚན་དུ་གྲགས་པ་སྟེ། མགོན་པོ་ཀླུས། དཔལ་གྱི་འབྱུང་གནས་འཇམ་དབྱངས་ཀུན་གྱི་དཔལ། །མཐའ་དག་བྱམས་པས་ཁྱབ་པས་འཇམ་


TN01_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་། །འཇམ་དང་དཔལ་དུ་གྲགས་པའི་ཐུགས་རྗེའི་མགོན། །འཇམ་དཔལ་ཀུན་གྱི་མགོན་ལ་ཕྱག་འཚལ་ཏེ། །ཞེས་གསུངས་པས། བསྔགས་པར་འོས་པའི་ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོའི་འབྱུང་གནས་ཡིན་པས་དཔལ་དང་། ཐུགས་རྗེ་ཆེན་པོས་དུས་རྟག་ཏུ་འགྲོ་བ་མ་ལུས་པའི་བཤེས་གཉེན་མཛད་པའི་མགོན་པོ་ཡིན་ལ། འཇམ་པའི་དབྱངས་ཀྱི་དོན་འཇམ་དཔལ་རྩ་རྒྱུད་དུ་བྱམས་པའི་ཡིད་ཀྱི་འཇུག་པས་དྲངས་པའི་དབྱངས་ཀ་ལ་པིང་ཀའི་སྒྲ་ལྟར་ཀུན་ཡིད་འཇུག་པ་ལ་བཤད་དེ། བཅོམ་ལྡན་འདས་དང་། དཔལ་དང་། མགོན་པོ་དང་། འཇམ་པའི་དབྱངས་རྣམས་རེ་རེ་ནས་ཇི་ལྟར་ཡིན་པ་ནི་རྒྱས་བཤད་ཀྱི་སྐབས་སུ་འབྱུང་ངོ་། །ཚིག་འདི་ལོ་ཙཱ་བའི་འགྱུར་ཕྱག་ཡིན་ཞེས་བདག་ཉིད་ཆེན་པོ་དག་གསུང་ཡང་། བསྟོད་པ་འདིའི་རྒྱ་དཔེའི་མཇུག་ཏུའང་། བདག་བློའི་མུན་སེལ་ཁྱོད་ལ་འདུད་ཅེས་པ་ཙམ་ལས་རྗེ་བཙུན་གྱི་མཚན་དངོས་སུ་ཚིགས་བཅད་སྐབས་མ་བྱུང་འདྲ་བས། དེའི་རྒྱུ་མཚན་ཀླད་དུ་སྨོས་པའི་མདོར་བསྟན་འདིའི་སྐབས་སུ་བཤད་པས་ཆོག་པ་ལ་དགོངས་པར་སྣང་ཞིང་། དེ་ལྟར་ན་འདི་ཉིད་རྩོམ་པ་པོ་རྣམས་ཀྱི་རང་ཚིག་ཡིན་ནམ་སྙམ་མོ། །འོན་ཀྱང་གཞུང་གི་ཀླད་དུ་སྨོས་པའི་ཕྱག་འཚལ་གྱིས་འགྱུར་ཕྱག་གི་གོ་ཡང་བཅད་པ་མང་དུ་འདུག་པས་དེ་ལྟར་བྱས་ན་བདེ་བར་མངོན་ནོ། །གཉིས་པ་ལ། ཐུགས། གསུང་། སྐུའི་ཡོན་ཏན་བཤད་པ་སྟེ་གསུམ་ལས། དང་པོ་ལ། ཡོན་ཏན་དངོས་དང་། དེའི་མཚོན་རྟགས་


TN01_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་སྟེ་གཉིས། །དང་པོ་ནི། གང་གི་སོགས་ཏེ། འཕགས་པ་འཇམ་དཔལ་གང་གི་ཐུགས་མཁྱེན་རབ་ཀྱི་བློ་གྲོས་ནི་ཤེས་བྱ་མ་ལུས་པ་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་ཡེ་ཤེས་གཟིགས་པའི་སྣང་བས་མངོན་སུམ་ཁོ་ནར་མཁྱེན་པའི་ངང་ཚུལ་ཅན་ཡིན་ཏེ། འགལ་རྐྱེན་སྒྲིབ་གཉིས་ཀྱི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་པ་དཔེར་ན་སྐྱེས་བུ་འདིས་རྫུན་དུ་མི་སྨྲ་བའི་ཕྱིར་འདི་ནི་བདེན་པར་སྨྲ་བའོ། །ཞེས་པ་ལྟ་བུ་རྐང་པ་དང་པོས་གཏན་ཚིགས་དང་ཕྱི་མས་བསྒྲུབ་བྱ་བསྟན་པར་བྱས་ན་ནུས་པ་ཆེ་བར་སྣང་ངོ་། །དེའང་གང་གི་བློ་གྲོས་ཞེས་པ་ཁྱད་གཞི་དང་དེ་མན་རྐང་པ་ཕྱེད་གཉིས་པོ་ཁྱད་ཆོས་ཡིན་ལ། །སྒྲིབ་གཉིས་སོ་སོའི་ངོས་འཛིན་ནི། བདག་འཛིན་གྱི་མ་རིག་པ་དང་དེ་ལས་བྱུང་བའི་ཆགས་སོགས་ནི་ཉོན་སྒྲིབ། ཉོན་མོངས་པ་དེ་དག་གི་བག་ཆགས་ནི་ཤེས་བྱའི་སྒྲིབ་པ་སྟེ། དེ་གཉིས་ཀྱི་འཇོག་བྱེད་ཐར་པ་དང་རྣམ་མཁྱེན་གཉིས་ལས་གཙོ་བོར་སྔ་མ་ལ་གེགས་སུ་ཆེ་བ་ཉོན་སྒྲིབ་དང་། གཙོ་བོར་ཕྱི་མའི་ཕྱོགས་ལ་བར་ཆད་བྱེད་པ་ཤེས་སྒྲིབ་ཏུ་ངེས་པར་བྱའོ། །སྒྲིབ་པའི་གྲངས་གཉིས་སུ་ཇི་ལྟར་ངེས་ན་ངེས་ལེགས་འདོད་པ་རྣམས་ལ་དོན་དུ་གཉེར་བྱའི་གཙོ་བོ་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་སུ་འདུ་ཞིང་། དེ་ལྟར་འདུ་བ་བཞིན་དུ་དེ་དག་ལ་འགལ་རྐྱེན་དུ་གྱུར་པའི་སྒྲིབ་པ་རྣམས་ཀྱང་ཉོན་ཤེས་གཉིས་སུ་མི་འདུ་བ་མེད་དོ། །དེ་དག་སྤྲིན་དང་འདྲ་བར་འཇོག་པའི་རྒྱུ་མཚན་


TN01_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྤྲིན་གྱིས་ཉི་མ་སྒྲིབ་པར་བྱེད་པ་དང་སྤྲིན་ཉི་མའི་གཤིས་སུ་མ་ཞུགས་པའི་རྒྱུ་མཚན་གྱིས་ཉི་མ་ལས་འབྲལ་རུང་ཡིན་པ་དེ་བཞིན་དུ་སྒྲིབ་པས་སེམས་ཀྱི་ཡོན་ཏན་ལ་གེགས་བྱེད་ཅིང་སེམས་ཀྱི་གཤིས་ལ་དྲི་མ་མ་ཞུགས་པའི་གནད་ཀྱིས་འབྲལ་རུང་དུ་ཡོད་པ་ཡིན་ཏེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་ལྟར། ཤེས་པའི་ངང་ཚུལ་མཐར་ཐུག་པ་ནི་ཡུལ་ཇི་ལྟ་བ་བཞིན་དུ་འཛིན་པའི་རྣམ་པ་ཞིག་ཡིན་ནའང་གློ་བུར་ཉེས་པའི་གཞན་དབང་གིས་སེམས་ཀྱི་རང་མདངས་ཇི་བཞིན་པར་མི་ཐོན་པ་མཛངས་པ་ཆང་གིས་མྱོས་པ་བཞིན་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སློབ་ལམ་དུ་སྲིད་རྩ་ཆ་བཅས་དང་འཛིན་སྟངས་དངོས་འགལ་དུ་སོང་བའི་ལམ་སྤྱོད་འཇུག་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །ཅེས་སོགས་གསུངས་པ་ལྟར་ལྷག་བསམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བདག་མེད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་ཟུང་དུ་སྦྲེལ་ཏེ་ཐབས་ཀྱིས་མཐར་ཕྱིན་པའི་ལམ་ལ་སྦྱངས་པ་རྣམ་པར་དག་པའི་ལག་རྗེས་སུ་མེ་སྟོབས་ཆེན་པོའི་ཤུགས་ཀྱིས་ནོན་པའི་ས་ཕྱོགས་ན་གྲངས་འབྲས་སྤུ་ལོང་བྱེད་ཟད་པ་བཞིན་དུ་སྒྲིབ་གཉིས་ཆ་དང་བཅས་པ་རྣམས་དག་པ་རབ་ཀྱི་རྩེར་སོན་ནས་ཡེ་ཤེས་ཉི་མའི་ཕུང་པོ་ལྟར་གྱུར་པ་བརྙེས་སོ། །དེའང་འདིའི་སྐབས་ཀྱི་ཉི་མ་ནི་ཉི་མ་ཙམ་ཞིག་དཔེར་མཛད་པ་མ་ཡིན་གྱི་རྣམ་དག་ཅེས་པའི་སྒྲས་


TN01_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་ཕྱེ་ཞིང་། དེའི་དོན་ཉི་མ་རང་གི་ངོ་བོ་ལ་སྤྲིན་མེད་པ་ཙམ་མིན་གྱི་སྒྲིབ་བྱེད་ཀྱི་སྤྲིན་མེད་པ་ལ་བྱ་སྟེ། ཚིག་གིས་དངོས་བསྟན་དུ་ལྟར་ཞེས་པའི་སྒྲས་ཉི་མ་དང་རྣམ་དག་གི་བར་ཆད་ནའང་དོན་ཐོབ་ལས་དེ་ལྟར་སོང་བ་ཡིན་ནོ། །རྣམ་དག་དང་རབ་གསལ་ཞེས་པ་ཆགས་སྒྲིབ་སྤང་བ་དང་ཐོགས་སྒྲིབ་ཟད་པ་གཉིས་ལ་བྱ་བའམ་ཡང་ན་བྲལ་ངོས་ནས་རྣམ་དག་དང་ལྡན་ངོས་ནས་རབ་གསལ་ཞེས་སྦྱོར་རམ་སྙམ་མོ། །དེའི་ཚུལ་ཇི་ལྟར་ཡིན་ན། མཛོད་ལས། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །ཞེས་ཉན་ཐོས་སྡེ་པའི་ལུགས་སུའང་ཆོས་ཀྱི་ཡིན་ལུགས་དཔྱིས་ཕྱིན་པར་མཐོང་བ་ལ་འགལ་རྐྱེན་མུན་པའི་རྣམ་པ་ལྟ་བུ་མི་ཤེས་པ་གཉིས་སུ་བཞེད་ཅིང་མུན་པ་དང་ནམ་བྲལ་བ་ན་སྣང་བ་ཤུགས་ལ་འོང་བ་ལྟར་མི་ཤེས་པ་ནམ་ཟད་པ་ན་ཐམས་ཅད་མཁྱེན་པ་ཟུར་ནས་ཚོལ་མི་དགོས་པ་ཞིག་དོན་གྱིས་གྲུབ་པ་ཡིན་ལ། རིགས་པའི་འགྲོ་ལུགས་དེ་གྲུབ་མཐའ་གཞན་དུའང་འདྲ་བས་སྒྲིབ་པ་བྱང་བ་དང་སྒྲིབ་པ་མེད་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་གཉིས་དུས་མཉམ། འདི་དང་བདེན་གཉིས་ཅིག་ཅར་དུ་མཐོང་བ་དུས་མཉམ་ཡིན་ནོ། །དེ་ལྟར་སྒྲིབ་པ་མེད་པའི་ཡེ་ཤེས་དེ་ནི་དེ་ཁོ་ན་ཉིད་ལ་གཉིས་སྣང་གི་རྒྱུ་བ་ནུབ་པའི་ཚུལ་གྱིས་མཉམ་པར་བཞག་བཞིན་དུ་ཕྱོགས་དུས་ཀྱི་ཤེས་བྱའི་སྣང་བ་རབ་འབྱམས་ཐམས་ཅད་ལ་མཁྱེན་པ་ཐོགས་པ་མེད་པར་འཇུག་པ་ནི། ཇི་སྙེད་དོན་ཀུན་སོགས་ཀྱི་དོན་ནོ། །


TN01_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འདིས་ཇི་སྙེད་པའི་ཡུལ་ཅན་གྱི་མཁྱེན་པ་ཙམ་ཞིག་མ་གཏོགས་ཇི་ལྟ་བའི་ཡུལ་ཅན་གྱི་ཡེ་ཤེས་མ་བསྟན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ་རིགས་པ་དྲུག་ཅུ་པ་ལས། གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྱུང་བ་མཐོང་བ་སྟེ། །བརྟེན་ནས་སྐྱེས་པ་མ་སྐྱེས་ཞེས། །ཡང་དག་མཁྱེན་པ་མཆོག་གིས་གསུངས། །ཞེས་ཐ་སྙད་ཀྱི་ཆོས་ཐམས་ཅད་ནི་རྟོག་པས་མིང་དུ་བཏགས་པ་ཙམ་ཞིག་ཡིན་ལ། སུས་ཐ་སྙད་དུ་རྟོག་པ་ལ་བརྟེན་ནས་བཏགས་པར་ཤེས་པ་དེས་ཤེས་བྱ་དོན་གྱི་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཁོང་དུ་ཆུད་པའི་ངེས་ཤེས་ཤུགས་ལ་སྐྱེ་བར་གསུངས་པ་བཞིན་དུ། ཇི་སྙེད་པའི་འཇོག་ཚུལ་ཇི་ལྟ་བ་བཞིན་དུ་གཟིགས་ན་དེའི་སྒོ་ནས་སྟོང་ཉིད་ཀྱང་གཟིགས་པར་ཞར་ལ་འགྲུབ་ཅིང་། དེའང་སྒྲིབ་གཉིས་སྤྲིན་བྲལ་སྐབས་སུ་བདེན་གཉིས་ཅིག་ཅར་དུ་གཟིགས་པའི་གེགས་འགལ་རྐྱེན་མཐའ་དག་བྱང་བར་སྨོས་པ་འདིས་མཁྱེན་གཉིས་ཡོངས་སུ་རྫོགས་པའི་ཚུལ་ཡང་ཤུགས་བསྟན་དུ་སོང་བ་སྟེ། རྒྱ་ཆེར་བཤད་ན་གླེགས་བམ་གྱི་ཕུང་པོར་འགྱུར་བ་ཙམ་ཡོད་དོ། །འདིར་ལྕང་སྐྱ་རྗེ་བཙུན་གྱི་ཡིག་ཆར་རྐང་པ་དང་པོས་ངོ་བོ་ཉིད་སྐུ་དང་ཕྱི་མས་ཡེ་ཤེས་ཆོས་སྐུ་བསྟན་པར་བཤད་ཅིང་། རྣམ་དག་ཅེས་པས་རང་བཞིན་རྣམ་དག་དང་། རབ་གསལ་ཞེས་པས་གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་བསྟན་ལུགས་ཀྱང་བཤད་དོ། །སྤྱིར་བྲལ་བྱ་སྒྲིབ་གཉིས་ལས་འདས་པའི་བྲལ་གཞིའི་ཡེ་ཤེས་ཙམ་འགོག་བདེན་དུ་མི་འཇོག་ཀྱང་


TN01_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དེས་ངོ་བོ་ཉིད་སྐུ་བསྟན་པར་སོང་ལུགས་ཐལ་འགྱུར་པ་ལྟར་ན་སེམས་ཀྱི་ཆོས་ཉིད་སྒྲིབ་བྲལ་དུ་གྱུར་པ་ལ་འགོག་བདེན་དང་། དེ་ཉིད་མཐར་ཐུག་ངོ་བོ་ཉིད་སྐུ་དོན་དམ་བདེན་པའི་ཆར་གཏོགས་སུ་བཞེད་ཅིང་། དེའི་ཚེ་སྟོང་གཞི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་ཀུན་སྤངས་པར་དངོས་སུ་བསྟན་པ་ན་དེའི་ཆོས་ཉིད་ཀྱང་སྤང་བྱའི་འཆིང་བ་མཐའ་དག་ཡོངས་སུ་ཟད་པའི་འགོག་བདེན་དུ་ཤུགས་ཀྱིས་བསྟན་པ་ཡིན་ཏེ། ངོ་བོ་ཉིད་སྐུ་ལ་གཉིས་སུ་ཕྱེ་བའི་ཚེ་དོན་དམ་བདེན་པའི་རང་མཚན་གྱི་སྒོ་ནས་དྲི་མར་གྱུར་པའི་ཁམས་ཐམས་ཅད་མ་དམིགས་པ་དང་། སྟོང་གཞི་ཆོས་ཅན་གྱི་ཤན་སྦྱར་བའི་སྒོ་ནས་གློ་བུར་ཉེས་པ་ཟད་པའི་ལྡོག་ཆ་སོ་སོ་ནས་འཇོག་གོ །གཉིས་པ་ནི། ཉིད་ཀྱི་སོགས་ཏེ། འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་གླེགས་བམ་ནི་གཞུང་ཤེར་ཕྱིན་ཡི་གེའི་ཕྱི་མོར་བཀོད་པ་ཡིན་ཞིང་ཤེར་ཕྱིན་གྱི་གཞུང་གི་བསྟན་དོན་ནི། དངོས་བསྟན་སྟོང་པ་ཉིད་སྤྲོས་ཀུན་ཤིན་ཏུ་ཞི་བའི་གནས་ལུགས་ཟབ་མོ་དང་། སྦས་དོན་རྒྱ་ཆེ་བ་དོན་མངོན་རྟོགས་བརྒྱད་ཀྱི་རྣམ་པར་བཞག་པ་གཉིས་ཟུང་དུ་སྦྲེལ་ནས་སྟོན་ལ། དེ་ཉིད་ཕར་ཕྱིན་ཐེག་པར་སེམས་ཅན་སྐྱེ་འཆིའི་གནས་སྐབས་ན་ལུས་ཀྱི་གནས་གང་ནས་འཕོ་འཇུག་བྱེད་པ་ནི་སྙིང་ཀ་ཡིན་པར་ས་སྡེ་ལས་བཤད་ཅིང་སྔགས་ཀྱི་རྒྱུད་སྡེ་གོང་འོག་ཐམས་ཅད་ནས་ཀྱང་ལྷའི་རྣལ་འབྱོར་ནམ་བསྒོམ་པའི་ཚེ་ཐུགས་ཀར་ཡེ་ཤེས་ཀྱི་སྙིང་པོ་དྷཱིཿཡིག་ལ་


TN01_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྒོམ་ཚུལ་མང་དུ་གསུངས་པ་བཞིན། ཟིན་པའི་ལུས་ཀྱི་ནང་ནས་ཤེས་རིག་གི་གནས་མཐར་ཐུག་སྙིང་ཀ་ཡིན་ཞིང་། དེའི་རྟེན་འབྲེལ་གྱིས་ཐུགས་ཀའི་ཐད་ཀར་ཤེར་ཕྱིན་གྱི་པུསྟ་ཀ་འཛིན་པའི་མཚོན་དོན། །བཤད་མ་ཐག་པའི་ཟབ་རྒྱ་ཆེ་གཉིས་ལྡན་གྱི་དོན་དེ་ཡོངས་སུ་རྫོགས་པར་ཐུགས་མཁྱེན་པའི་མེ་ལོང་ཟླ་བ་ནོར་བུའི་དཀྱིལ་འཁོར་དྭངས་པའི་ངོགས་སུ་འཆར་བ་མཚོན་ནོ། །མཚོན་དོན་དང་མཚོན་རྟགས་ཤན་སྦྱར་ལུགས་དེས་ཤེས་བྱ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་ཇི་ལྟར་གོ་ན། རྣམ་འགྲེལ་ལས། འདི་ཡིས་སྲིན་བུས་གྲངས་མཁྱེན་ཀྱང་། །ངེད་ལ་ཉེར་མཁོ་གང་ཡང་མེད། །ཅེས་སོགས་གསུངས་པ་དང་། གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་བཤད་པའི་དོན་ལྟར་རྣམ་གྲོལ་དོན་དུ་གཉེར་བ་རྣམས་ལ་ཞི་སྒོ་གཉིས་པ་མེད་པའི་ཟབ་མོའི་ལྟ་བ་དང་། ཉམས་ལེན་གྱི་གནད་ངེས་པའི་ལམ་རིམ་གཉིས་ལས། གཞན་དུ་ཉེ་བར་མི་མཁོ་བའི་ལུས་ཀྱི་སྲིན་བུའི་གྲངས་བརྩི་བ་ལ་སོགས་པ་མཁྱེན་རུང་མི་མཁྱེན་ཡང་རུང་སྟེ། དེ་དག་གིས་ཀུན་མཁྱེན་ཡིན་མིན་ཕྱེ་མི་ནུས་པས་སྔར་བཤད་པ་དེ་ཙམ་གྱིས་ཀྱང་སྐྱེ་བོ་མཁས་པ་རྣམས་ལ་ཀུན་མཁྱེན་གྱི་བྱ་བ་ཐུན་མོང་མ་ཡིན་པ་བྱེད་དེ་སྨན་ཀུན་ཚང་དང་མི་ཀུན་ཚོགས་བཞིན་ནོ། །འོན་ཀྱང་དེ་ཁོ་ནས་དོགས་སྤོང་མི་འོང་བས་ལུང་ཕྱི་མའི་དོན་ལྟར་རྟོགས་པར་དཀའ་བའི་ཟབ་རྒྱ་ཆེའི་ཚུལ་གཉིས་པོ་དེ་མཁྱེན་པར་མཚོན་ན་དེ་ལས་


TN01_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སླ་བ་རྡུལ་དང་སྲིན་བུའི་གྲངས་ལ་སོགས་པ་རྣམས་ཀྱང་མཁྱེན་པར་ཞར་ལ་མཚོན་ཞིང་། དེར་མ་ཟད། །ཤེར་ཕྱིན་གྱི་གཞུང་ནས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་སོགས་ཐེག་པ་ཆེན་པོའི་ལམ་གྱི་རྟེན་དང་དམིགས་པ་ཆེད་དུ་བྱ་བ་ལ་སོགས་པའི་ཚུལ་མང་པོས་ཆོས་ཐམས་ཅད་རྫོགས་པར་བསྟན་པའང་ཡིན་ནོ། །དེ་ལྟར་མཚོན་རྟགས་འདིས་དངོས་སུ་ན་ཡེ་ཤེས་ཆོས་སྐུ་མཚོན་མོད་ཀྱི་དེའི་སྒོ་ནས་ཆོས་ཉིད་འདུས་མ་བྱས་ཀྱི་སྐུ་ཡང་ཞར་ལ་མཚོན་པ་སྟེ། ཤེས་བྱ་ཐམས་ཅད་མཁྱེན་ན་དེ་ལྟར་མཁྱེན་པའི་འགལ་རྐྱེན་བྱང་བ་ཡང་འགྲུབ་ཅིང་དེ་གྲུབ་ན་འགལ་རྐྱེན་བྱང་ཟིན་གྱི་ཆོས་ཉིད་དེ་འགོག་བདེན་མཐར་ཐུག་ཏུའང་འགྲུབ་པའི་ཕྱིར་རོ། །ལྕང་སྐྱའི་འགྲེལ་པར་མཚོན་དོན་དེ་ཡེ་ཤེས་ཆོས་སྐུའི་ཕྲིན་ལས་སུ་སྦྱར་ཀྱང་དོན་ལ་གནད་གཅིག་གོ །གཉིས་པ་ལའང་། གསུང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དང་། གསུང་རང་གི་ངོ་བོ། །དེའི་བྱེད་ལས་བཤད་པ་སྟེ་གསུམ། དང་པོ་ནི། གང་དག་སོགས་ཏེ། དེའང་སྤྱིར་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ཐམས་ཅད་རྒྱལ་བའི་ཕྲིན་ལས་ཀྱི་བདག་རྐྱེན་ཐུན་མོང་མ་ཡིན་པར་འགྱུར་མོད་ཀྱི་ཁྱད་པར་དུ་སྐྱེ་ལ་ཐུགས་རྗེ་ཆེན་པོ་ནི་བསྔགས་འོས་བསྔགས་བསྟོད་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་ཡོངས་སུ་མི་གཏོང་བ་ནི་སྙིང་རྗེ་ཆེན་པོའི་ནུས་མཐུ་ཡིན་པས་སངས་རྒྱས་ལས་ཀྱང་


TN01_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་སྙིང་རྗེ་ཆེན་པོ་ལ་ཕྱག་བྱ་བར་གསུངས་པ་ལྟར། གཞན་དོན་མཛད་པའི་ཐབས་ཀྱི་སྒོ་ཆེས་ཆེ་བ་ཡིན་ཞིང་། ཕྲིན་ལས་ཐམས་ཅད་ཀྱི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་ནི། ཇི་སྐད་དུ། །མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན། ཞེས་གསུངས་པ་ལྟར་རྣམ་པ་ཐམས་ཅད་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་པས་དེ་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྙེད་བཀུར་ལ་མི་གཟིགས་པར་དཔེ་མཁྱུད་མེད་པའི་ཚུལ་གྱིས་ལེགས་པར་གསུངས་པ་དང་། དེའི་རྩ་བ་སྙིང་རྗེ་ཆེན་པོ་གཉིས་རྟགས་དང་བསྒྲུབ་བྱར་བཀོད་པ་ནི་རིགས་པའི་སྒོ་དོན་ཆེ་བ་ཡིན་ཏེ། རྣམ་འགྲེལ་ལས། བརྩེ་ལྡན་སྡུག་བསྔལ་གཞོམ་བྱའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་སོ། །སྙིང་རྗེ་ལའང་དབྱེ་ན། བྱོལ་སོང་སོགས་དང་ཐུན་མོང་གི་སྙིང་རྗེ་ཙམ་དང་། ཕྱི་རོལ་པ་དང་ཐུན་མོང་གི་སྙིང་རྗེ་ཚད་མེད་དང་། སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་སྙིང་རྗེ་ཆེན་པོ་སྟེ་གསུམ་ཡོད་ཅིང་། དེའི་ནང་ནས་ཕྱི་མ་ནི་སློབ་སྤྲིང་ལས། ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང་། ཁུར་ལ་མི་རྩེན་ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་པ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་གསུངས་པ་ལྟར། སེམས་ཅན་སྡུག་


TN01_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ལས་སྐྱོབ་འདོད་ཀྱིས་ཁྱད་པར་བྱས་པའི་སྙིང་རྗེ་ཡིན་ལ། དེ་ཉིད་རྗེ་བཙུན་འཇམ་དཔལ་གྱིས་བཅོམ་ལྡན་འདས་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་དང་པོ་ཐུགས་བསྐྱེད་པ་ནས་བརྩམས་ཏེ་དམིགས་མེད་ཀྱི་སྙིང་རྗེ་དྲག་ལ་རྒྱུན་རིང་བའི་ཚུལ་དུ་སྦྱངས་པ་ལ་བརྟེན་ནས་གསལ་སྣང་རབ་ཀྱི་མཐར་ཐུག་པ་སྟེ། འདི་ལྟར་སྙིང་རྗེ་ཆེན་པོ་དེ་ནི་རྣམ་པའི་རབ་དབྱེ་ཚད་མེད་པའི་བདག་ཉིད་ཡིན་ནའང་མདོར་བསྡུ་ན་རང་གི་ངོ་བོ་སེམས་ཅན་སྡུག་བསྔལ་བ་ལ་དམིགས་པ་དང་། སེམས་ཅན་ཡིད་འོང་གི་རྣམཔར་་འཆར་བ་གཉིས་སུ་འདུ་ཞིང་། དེའི་དང་པོ་ནི། གང་དག་སོགས་རྐང་པ་གཅིག་དང་ཚིག་འབྲུ་བཞིས་བསྟན་ལ། ཕྱི་མ་བུ་གཅིག་ལྟར་བརྩེ་ཞེས་པས་བསྟན་ནོ། །དེའི་ཚུལ་ནི་མདོ་སྡེ་རྣམས་སུ། །ཀྱེ་མ་སེམས་ཅན་འདི་དག་ནི་མཚན་མ་མེད་པའི་ཆོས་ལ་མཚན་མར་ཞེན་པའོ་ཞེས་བྱ་བ་ལ་སོགས་པའི་རྒྱུ་མཚན་སུམ་ཅུ་རྩ་གཉིས་ལ་བརྟེན་ནས་སངས་རྒྱས་རྣམས་ཀྱི་དམིགས་པ་མེད་པའི་ཐུགས་རྗེ་རྩོལ་མེད་དུ་འབྱུང་བར་གསུངས་པ་བཞིན་སེམས་ཅན་གང་དག་སྲིད་པ་སྟེ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔས་བསྡུས་པའི་ཁམས་གསུམ་གྱི་བཙོན་ར་ཐར་བར་དཀའ་ཞིང་མུན་པས་གང་བ་དང་སྡུག་བསྔལ་གྱིས་ནོན་པ་སྟེ་ཁྲི་མུན་ལྟ་བུའི་ཆོས་གསུམ་མམ་གཉིས་དང་ལྡན་པ་རྣམས་ལ་ཐུགས་རྗེ་ཆེན་པོ་སྐྱེའོ། །སྲིད་པ་ལས་ཐར་བར་དཀའ་ལུགས་ནི། རིན་ཆེན་ཕྲེང་བར། ལམ་གསུམ་


TN01_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་དེ་ནི་འཁོར་བར་འགྱུར། །ཞེས་གསུངས་པ་ལྟར་ཉོན་མོངས་དང་། ལས་དང་། སྡུག་བསྔལ་གྱི་ལམ་གསུམ་པོ་ཐོག་མཐའ་མེད་པར་བརྒྱུད་དེ་འོང་བ་ཡིན་ཞིང་། དེ་ཡང་སེམས་ཀྱི་འཛིན་སྟངས་ནི་གོམས་པའི་རྗེས་སུ་འབྲང་བ་ཡིན་པས་སྐད་ཅིག་རེ་རེ་ཞིང་ཡང་ཉོན་མོངས་པའི་ཉེར་ལེན་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ནུས་པ་མཐུ་ཅན་དུ་བྱེད་པའི་སྒོ་ནས་ནམ་ཞིག་སྲིད་རྩ་དྲུང་འབྱིན་གྱི་གཉེན་པོ་བདག་མེད་པའི་ལྟ་བ་རྣམ་དག་མ་རྙེད་པ་དེ་སྲིད་དུ་སྲིད་པའི་མ་མཐའ་བཞག་ཏུ་མེད་པ་སྟེ། འདིའི་དོན་རྟེན་འབྲེལ་གྱི་སྒོ་ནས་རྒྱས་པར་བཤད་ན་མཐའ་ཡས་པ་ཞིག་ཡོད་མོད་ཀྱི་བརྩོན་འགྲུས་རྒྱུན་རིང་བས་གཞུང་ལུགས་ཀྱི་གོ་བ་མ་སྦྱངས་ན་ཁོ་བོས་ཤོག་བྱང་ལག་མཐིལ་འདྲ་བ་འདིར་བྲིས་པས་ག་ལ་ལྡང་། སྲིད་པའི་གྲོང་ཁྱེར་ཐམས་ཅད་མུན་པས་གང་ལུགས་ནི། ཆོས་ཀྱི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་རིགས་གནས་སུ་གྱུར་པའི་མ་རིག་པའམ་བདག་འཛིན་རྣམ་པ་གཉིས་ཀྱིས་རྒྱུད་ཁེབས་པ་སྟེ། དཔེར་ན་བཙོན་ར་ནས་འབྲོས་པར་འདོད་ཀྱང་ལམ་གྱི་ཕྱོགས་མི་མངོན་པར་བྱེད་པའི་རྐྱེན་ནི་མུན་པ་ནག་པོའི་རྡུལ་ཡིན་པ་དེ་བཞིན་དུ་སྡུག་བསྔལ་ལས་ཐར་བར་འདོད་ཀྱང་ཞི་བ་དམ་པའི་སྒོ་མི་མཐོང་བར་བྱེད་པ་མ་རིག་པའི་རྟེན་འབྲེལ་ལ་ཐུག་པའི་ཕྱིར་ཏེ། རིགས་པ་དྲུག་ཅུ་པར་སྲིད་པ་ཡོངས་


TN01_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤེས་ན་མྱ་ངན་ལས་འདའ་བར་གསུང་བ་ལྟར་སྲིད་པའི་འཁོར་ལོ་ཐམས་ཅད་རྟེན་འབྲེལ་བཅུ་གཉིས་ཀྱི་ཡོ་ལང་དུ་ཤེས་ཤིང་རྟེན་འབྲེལ་གྱི་རང་བཞིན་སྐྱེ་མེད་ཆེན་པོར་མཐོང་བ་ལས་ལྷག་པའི་སྲིད་པ་ལྡོག་ཐབས་གཞན་མེད་པར་ངེས་ཤིང་། དེ་དང་འཛིན་སྟངས་དངོས་འགལ་དུ་སོང་བའི་ལོག་ཤེས་ཐམས་ཅད་ཀྱི་གཞི་ནི་མ་རིག་པ་ཁོ་ནར་ཟད་པའི་ཕྱིར་རོ། །སྡུག་བསྔལ་གྱིས་ནོན་ལུགས་ནི་འདོད་པའི་ཁམས་སུ་སྡུག་བསྔལ་རྣམ་པ་གསུམ་འདྲེན་མར་ཡོད་ཅིང་། གཟུགས་ཁམས་བསམ་གཏན་གསུམ་པ་མན་ཆད་ན་འགྱུར་དང་འདུ་བྱེད། བསམ་གཏན་བཞི་པ་དང་གཟུགས་མེད་པའི་ཁམས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཙམ་ཞིག་ཡོད་དེ། ཚོར་བ་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ་དོན་གཅིག །ཟག་བཅས་ཀྱི་ཚོར་བ་བདེ་བ་དང་འགྱུར་བའི་སྡུག་བསྔལ་དོན་ཅིག །ཟག་བཅས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་སྡུག་བསྔལ་དོན་གཅིག་གོ་།དེ་ལྟར་སྡུག་བསྔལ་དང་ལྡན་པའི་འགྲོ་ཚོགས་ཀུན་ལ་དམིགས་ནས། ཞེས་དེ་ཡན་ཐུགས་རྗེ་འབྱུང་བའི་རྒྱུ་མཚན་དང་པོ་ཡིན་ཏེ། ཡིན་ལུགས་ཀྱང་དཔེར་ན་ཡོན་ཏན་ཅན་ལ་མངོན་པར་དད་ཅས་པ་ཡུལ་དེ་ཡོན་ཏན་དང་ལྡན་པ་རྒྱུ་མཚན་དུ་བྱས་པ་ལ་དད་པ་སྐྱེ་ལུགས་སུ་སོང་བ་བཞིན། སྙིང་རྗེ་སྐྱེ་བའི་ཡུལ་དེ་རྣམས་ཀྱི་ཁྱད་པར་སྲིད་པའི་བཙོན་རར་བཅིངས་པ་ལ་སོགས་པ་རྣམས་སྒྲས་ཟིན་དུ་སྨོས་པ་འདི་ཉིད་ཐུགས་རྗེ་འབྱུང་བའི་རྒྱུ་མཚན་དུ་ཤུགས་ཀྱིས་སོང་བ་


TN01_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་ལྟར་བྱས་ན་སེམས་ཅན་ལ་དམིགས་པ་ལ་སོགས་པའི་སྙིང་རྗེ་གསུམ་ལས་ཀྱང་སྐབས་འདིར་བསྟན་ནི་དམིགས་མེད་ཀྱི་སྙིང་རྗེར་འགྲུབ་སྟེ་དངོས་པོའི་རང་བཞིན་ནི་བདག་མེད་པའི་ཆོས་ཉིད་ཡིན་པར་དངོས་སྟོབས་ཀྱི་རིགས་པས་འགྲུབ་ཅིང་། དེ་གྲུབ་ན་དེ་ལས་ཕྱི་རོལ་ཏུ་གྱུར་པའི་འཛིན་སྟངས་དེ་ཡང་མ་རིག་པར་ཤུགས་ཀྱིས་གྲུབ་པ་ཡིན་ལ་སེམས་ཅན་མ་རིག་པས་ནོན་པའི་ངང་ཚུལ་དེ་ཉིད་སྙིང་རྗེའི་རྒྱུ་མཚན་དུ་མཛད་ན་མ་རིག་པ་དེའི་ཞེན་ཡུལ་གཞི་མ་གྲུབ་པར་གཟིགས་པ་དོན་ཐོབ་ཏུ་ཡོད་པས་དེ་ཙ་ན་སེམས་ཅན་ཐམས་ཅད་ཀྱང་ངོ་བོ་ཉིད་ཤིན་ཏུ་དབེན་པར་མཁྱེན་ནས་རྟེན་འབྲེལ་གྱི་སྣང་བ་མ་བརྟག་གཅིག་པུ་ན་ཉམས་དགའ་བར་གཟིགས་ལུགས་སུ་སོང་བའི་ཕྱིར་རོ། །སེམས་ཅན་མ་རིག་པས་མནར་ཚུལ་ལ་དཔྱད་པ་ཞུགས་པ་ཁོ་ནས་དམིགས་པ་མེད་པའི་སྙིང་རྗེ་འདྲེན་ཐུབ་པ་འདི་ནི་བྱང་ཆུབ་སེམས་དཔའ་མོས་སྤྱོད་པ་ཟབ་མོའི་དགོངས་པ་རྙེད་ཟིན་རྣམས་ལའང་ཡོད་མོད་ཀྱི། དེ་ལས་ཁྱད་པར་ཕྱེ་བའི་ཚུལ་ནི་གོ་སླའོ། །གཉིས་པ་ཡིད་འོང་གི་རྣམ་པ་འཆར་ལུགས་ནི་ཇི་ལྟར་བུ་གཅིག་པོ་ལ་མ་ནི་ལྷག་པར་བརྩེ་བ་བཞིན་དུ། འཕགས་མཆོག་འདིས་ཀྱང་སྔོན་བདག་གཞན་མཉམ་པ་དང་བདག་གཞན་བརྗེ་བའི་བྱང་ཆུབ་སེམས་ཀྱི་འཛིན་སྟངས་རྣམ་པ་གཉིས་པོ་གསལ་སྣང་རབ་ཀྱི་མཐར་ཐུག་པའི་རང་འབྲས་སུ། ཤུགས་དྲག་རྒྱུན་མི་འཆད་པའི་ཐུགས་རྗེ་ཆེན་པོ་དུས་ལས་


TN01_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡོལ་བས་ཉིན་ལན་གསུམ་མཚན་ལན་གསུམ་དུ། སུ་ནི་རྒུད། སུ་ནི་ཉམ་ཐག །སུ་ནི་མ་བསྒྲལ་བ་བསྒྲལ་བར་བྱ་ཞེས་ཡེ་ཤེས་གཟིགས་པ་ཉེ་རིང་མི་མངའ་བར་འཇུག་པ་ནི། མགོན་པོ་ཀླུས་འཇམ་དཔལ་སྙིང་རྗེའི་བསྟོད་པ་ལས། འདི་ནི་སྡུག་བསྔལ་ཅན་ནི་གང་ཡིན་ཞིང་། །གླེན་གང་གང་གི་ཕུན་ཚོགས་ཟད་འགྱུར་ཞེས། །དེ་ལྟར་རྣམ་པར་རྒྱུ་ཞིང་སྐྱོབ་མཛད་ཀྱང་། །བདག་ཕུང་མ་གཟིགས་ཀྱེ་མ་ངོ་མཚར་ཆེ། །ཞེས་སྨྲེ་སྔགས་སུ་གསུངས་པ་བཞིན་ནོ། །འདི་ཡན་ཆད་ཐུགས་ཀྱི་ཡོན་ཏན་དུའང་སྦྱར་ན་ལེགས་པར་འགྱུར་རོ། །གཉིས་པ་ནི། ཡན་ལག་སོགས་ཏེ། ཡན་ལག་དྲུག་ཅུའི་གྲངས་འདྲེན་བདེན་གཉིས་ཤིང་རྟར་དྲངས་པ་ལྟར་བཤད་ན། སེམས་ཅན་གྱི་ཁམས་ཀྱི་དགེ་རྩ་ཉེ་བར་སྟོན་པས་གསུང་མཉེན་པ། མཐོང་ཆོས་བདེ་བར་རེག་པའི་ཕྱིར་འཇམ་པ། དོན་བཟང་བས་ཡིད་དུ་འོང་བ། ཡི་གེ་བཟང་བས་ཡིད་དུ་འཐད་པ། འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལས་ཐོབ་པས་དག་པ། ཉོན་མོངས་པའི་བག་ཆགས་དང་མ་བཅས་པས་དྲི་མ་མེད་པ། ཚིག་དང་ཡི་གེར་རབ་ཏུ་གྲགས་པས་གསལ་བ། བློ་ངན་ལྟ་བ་ངན་པ་རྣམས་འཇོམས་ཤིང་དངོས་པོའི་དོན་དང་མཐུན་པས་སྙན་ཅིང་འཇེབས་པ། སྒྲུབ་པས་ངེས་པར་འབྱུང་བ་དང་ལྡན་པས་མཉན་འོས་པ། རྒོལ་བ་ཐམས་ཅད་དང་བྲལ་བས་མི་ཚུགས་པ། །ཐམས་ཅད་དགའ་


TN01_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པས་སྙན་པ། ཆགས་སོགས་དང་མ་འབྲེལ་བས་དུལ་བ། བསླབ་པ་འཆའ་བའི་ཐབས་བདེ་བས་མི་རྩུབ་པ། ཞི་བའི་ལམ་གྱི་སྒོ་སྟོན་པས་མི་བརླངས་པ། ཐེག་པ་གསུམ་གྱི་འདུལ་བ་སྟོན་པས་རབ་ཏུ་འདུལ་བ། རྣམ་གཡེང་གི་ཉེས་པ་འགོག་པས་རྣ་བར་སྙན་པ། ཏིང་ངེ་འཛིན་སྐྱེད་པས་ལུས་སིམ་བྱེད། ལྷག་མཐོང་གི་རབ་དགའ་སྟེར་བས་སེམས་སིམ་བྱེད། ཐེ་ཚོམ་ཐམས་ཅད་གཅོད་པས་སྙིང་དགའ་བར་བྱེད་པ། ལོག་པ་དང་མ་ངེས་པ་སེལ་བས་དགའ་བདེ་སྐྱེད་པ། སྒྲུབ་པ་ལ་འགྱོད་པ་མེད་པས་ཡོངས་གདུང་མེད་པ། ཐོས་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེད་པས་ཀུན་ཤེས་བྱ་བ། བསམ་བྱུང་གི་རྟེན་ཡིན་པས་རྣམ་པར་རིག་བྱ། སློབ་དཔོན་གྱི་དཔེ་མཁྱུད་མེད་པས་རྣམ་པར་གསལ་བ། རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བ་སྐྱེད་པས་དགའ་བར་བྱེད་པ། །རང་གི་དོན་མ་ཐོབ་པ་རྣམས་ཀྱི་དགའ་བར་བྱ་བ་ཡིན་པས་མངོན་པར་དགའ་བྱ། བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པས་ཀུན་ཤེས། བསམ་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པས་རྣམ་པར་རིག་བྱ། ཚད་མ་དང་མི་འགལ་བས་རིགས་པ། གདུལ་བྱའི་བསམ་པ་དང་བསྟུན་པས་འབྲེལ་བ། དོན་མེད་མི་གསུང་བས་ཟློས་སྐྱོན་མེད་པ། མུ་སྟེགས་ཅན་རྣམས་སྐྲག་པར་མཛད་པས་སེངྒེའི་ སྒྲའི་ཤུགས། གསུང་རྒྱ་ཆེ་བས་གླང་པོ་ཆེའི་སྒྲ་སྐད། ཟབ་པས་འབྲུག་སྒྲ་ལྟ་བུ། གཟུང་བར་འོས་པས་


TN01_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་དབང་གི་སྒྲ་ལྟ་བུ། ཤིན་ཏུ་སྙན་པས་དྲི་ཟའི་དབྱངས། རྣོ་བ་དང་གཉིས་སུ་མི་གསུང་བས་ཀ་ལ་པིང་ཀའི་སྒྲ་དབྱངས། ཐག་རིང་པོར་གྲགས་པས་ཚངས་དབྱངས་ལྟ་བུ། གྲུབ་པ་རྣམས་ཀྱི་སྔོན་དུ་འགྲོ་བས་ཤང་ཤང་ཏེའུའི་སྒྲ། འདའ་བར་བྱ་བ་མ་ཡིན་པས་ལྷ་དབང་གི་སྒྲ། བདུད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བས་རྔའི་སྒྲ། བསྟོད་ཀྱང་ཀུན་ནས་ཉོན་མོངས་པ་མི་མངའ་བས་མ་ཁེངས་པ། སྨད་པས་ཞུམ་པ་མི་མངའ་བས་མི་དམའ་བ། སྒྲའམ་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ། བསྙེལ་ཏེ་གསུངས་པ་མི་མངའ་བས་ཟུར་ཆག་མེད་པ། གདུལ་བྱ་རྣམས་ཀྱི་བྱ་བ་ཐམས་ཅད་དུ་ཉེ་བར་གནས་པར་མཛད་པས་མ་ཚང་མེད་པ། རྙེད་བཀུར་ལ་མི་བརྟེན་པས་མ་ཞུམ་པ། བསྙེངས་པ་དང་བྲལ་བས་མི་ཞན་པ། མི་སྐྱོ་བས་རབ་ཏུ་དགའ་བ། རིག་གནས་ཐམས་ཅད་ལ་མཁས་པས་ཁྱབ་པ། སེམས་ཅན་གྱི་དོན་ཐམས་ཅད་རྫོགས་པར་མཛད་པས་ཐ་བ་མེད་པ། རྒྱུན་ཆད་མེད་པས་རྒྱུན་ཆགས་པ། རྣམ་པ་སྣ་ཚོགས་ཉེ་བར་གནས་པས་བརྗིད་པ་དང་། སྒྲའི་རྣམ་པ་དུ་མར་གནས་པས་སྒྲ་ཀུན་རྫོགས་བྱེད། གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པས་དབང་པོ་ཚིམ་བྱེད། ཇི་ལྟར་དམ་བཅས་པ་བཞིན་དུ་མཛད་པས་མ་སྨད་པ། །ཐོབ་པའི་དུས་སུ་སྦྱོར་བས་མི་འགྱུར་བ། དལ་ཞིང་འབྲེལ་ཆགས་པས་མ་སྟབས་པ། ཉེ་རིང་མཚུངས་པར་ཐོས་པས་ཀུན་ཏུ་


TN01_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ། འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ་དྲུག་ཅུར་བཤད་དེ། རྩ་བའི་ཚིག་ཟིན་ལའང་དྲུག་ཅུ་ཁོ་ནར་བྱུང་ངོ་། །འདིར་དབྱངས་ལྡན་གསུངས་ཞེས་ལྡན་ཆོས་དང་ལྡན་གཞི་སོ་སོ་ལྟར་བཤད་པ་འདྲ་ཞིང་། དེའི་ཚེ་ཡན་ལག་ཅན་ནམ་ལྡན་གཞི་ཟུར་པ་ཞིག་ཀྱང་འཇོག་དགོས་པས་དེ་དག་ཡིན་སྙམ་དུ་བློ་རྩིང་བ་རྣམས་བསམ་པར་མི་བྱ་སྟེ། ཐལ་འགྱུར་བའི་ལུགས་ལྟ་བུ་ལ་མཚོན་ན། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་འདོགས་པ་ལྟར། །ཞེས་པའི་ཚིག་གི་ནུས་པ་འདོན་ལུགས་འཇུག་འགྲེལ་དུ་གསུངས་པ་ལྟར། འདིར་ཡང་གདགས་གཞི་ཡན་ལག་དྲུག་ཅུ་ལ་བརྟེན་ནས་བཏགས་པའི་བཏགས་ཆོས་ཚངས་པ་རྔ་སྒྲའི་དབྱངས་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི་གསང་བ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་བཞིན་དུ་ཟད་མི་ཤེས་པའི་ཕྲིན་ལས་སུ་འཇོག་པའི་ཕྱིར་ཏེ། ཤིང་རྟའི་ཡན་ལག་རེ་རེ་བ་དང་ཚོགས་ཙམ་དང་དེ་ལས་གཞན་པའི་རང་རྐྱ་བ་གང་ཡང་ཤིང་རྟ་མ་ཡིན་མོད་ཀྱི་རྟོག་པ་ལ་བརྟེན་ནས་ཤིང་རྟར་བཏགས་ཤིང་བཏགས་པ་བཞིན་དུ་ཤིང་རྟའི་བྱ་བ་བསླུ་མེད་ཀྱང་བྱེད་དེ། ཡོད་པར་འཇོག་ཚུལ་ཐམས་ཅད་ལ་དེ་ཙམ་གྱིས་ཆོག་པ་བཞིན་ནོ། །འབྲུག་ལྟར་ཆེར་སྒྲོག་ཞེས་པའི་དོན་འདིར་འབྲུག་སྒྲ་དཔེ་དང་གསུང་ཆོས་ཀྱི་དུང་མཚོན་ནོ། །ཆེར་སྒྲོག་ཞེས་པ་མཚུངས་ཆོས་སུ་སྒྱུར་བ་བདེའམ་སྙམ་མོ། །དེ་ཉིད་བདེ་བའི་


TN01_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་བྱས་ན། ཇི་ལྟར་འབྲུག་སྒྲའི་དབྱངས་ནི་ཟབ་ཅིང་ཟིལ་གྱིས་མི་ནོན་པར་ཕྱོགས་བཅུའི་ནམ་མཁའ་དང་བར་སྣང་གི་གོ་ཐམས་ཅད་རྒྱ་ཆེར་འགེངས་པ་སྟེ། གདངས་ཆེ་བའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་བཞིན་དུ་རྗེ་བཙུན་འཇམ་དཔལ་གྱི་གསུང་ཚངས་པའི་དབྱངས་སྒྲ་རྒྱ་མཚོའི་ནང་ནས་མངོན་པར་འཕགས་པ་ནི། ཕལ་པོ་ཆེ་ལས། གལ་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཕན་ཚུན་དུ་རྣམ་པར་འཐབ་པའི་སྒྲས་ཀྱང་དེ་བཞིན་གཤེགས་པའི་གསུང་གི་གདངས་ཤིན་ཏུ་ཆུང་ངུ་གཅིག་ཟིལ་གྱིས་མི་ནོན་པར་གསུངས་པ་བཞིན་གསུང་རྣམ་པ་ཆུང་ངུ་ལྟར་སྣང་བ་ཡང་གདངས་ཀྱི་ཟིལ་ཆེན་པོ་དང་ལྷན་ཅིག་ཏུ་གྱུར་པའི་ཕྱིར་དང་། བརྟགས་པ་མཐའ་བཟུང་གི་དབང་དུ་སེམས་ཅན་ཐམས་ཅད་རྒྱལ་བའི་གསུང་གི་དཀྱིལ་འཁོར་གཅིག་གིས་གདུལ་བར་བྱ་བ་ཡིན་ནའང་དེ་ཐམས་ཅད་ཀྱིས་རང་རང་གི་མདུན་གཞུ་འདོམས་གང་གི་ཚད་ཙམ་ནས་ཐམས་ཅད་མཁྱེན་པའི་གསུང་ཡོངས་སུ་སྒྲོག་པར་སྣང་སྟེ། སྣང་ལུགས་ཀྱང་སྡོང་པོ་བཀོད་པ་ལས། འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །ཞེས་པ་ལྟར། ཡིད་ཅན་རྣམས་ཀྱི་མོས་པའི་རྗེས་སུ་འབྲང་བ་ཡིན་ལ། དེའང་དཔེར་ན་སེནྡྷ་པའི་སྒྲ་གཅིག་ལ་གོ་ལུགས་མང་དུ་འོང་བ་ལྟར་གསུང་གི་སྒྲ་གཅིག་ཀྱང་གོ་ལུགས་མང་བ་ཙམ་ཞིག་མིན་གྱི་གདུལ་བྱའི་བསམ་


TN01_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རྒྱལ་བའི་བྱིན་རླབས་ཀྱི་བདེན་པས་ཚིག་གི་སྦྱོར་བ་དང་། སྐད་ཀྱི་བྱེ་བྲག་དང་མདོ་སྡེའི་གྲངས་ཚད་དང་། དོན་གྱི་རྣམ་གྲངས་མི་འདྲ་བའི་རབ་དབྱེ་མཐའ་མེད་པ་ཞིག་གསུང་རེ་རེ་ལའང་འཇུག་པ་སྟེ། རྒྱ་ཆེར་ཕལ་ཆེན་དང་དཀོན་མཆོག་བརྩེགས་པ་ལ་སོགས་པར་བལྟའོ། །གསུམ་པ་ལའང་། དངོས་དང་། དེའི་མཚོན་རྟགས་བཤད་པ་གཉིས། དང་པོ་ནི། ཉོན་མོངས་གཉིད་སློང་སོགས་ཏེ། གཉིད་ཀྱིས་སེམས་ཀྱི་འཇུག་པ་མི་གསལ་བར་བྱེད་པ་ལྟར་ཉོན་མོངས་པ་རྣམས་ཀྱང་བློའི་ནུས་པ་མི་གསལ་བའམ་དངོས་པོའི་དོན་ལ་མི་མཁས་པར་བྱེད་པའི་ཕྱིར་དེ་གཉིས་འདྲ་ཆོས་སུ་བཞག་པ་ཡིན་ཏེ། དེ་ཉིད་ནི་སློབ་དཔོན་གང་བ་སྤེལ་གྱིས། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཞིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །འདིར་ནི་ཉོན་མོངས་འཕང་ལོ་གཅིག་ཉམས་ན། །ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན། །ཞེས་སྡུག་བསྔལ་མཐའ་དག་གི་རྩ་བར་བཤད་པས། ཉོན་མོངས་མ་ལྡོག་པར་ཟག་བཅས་ཀྱི་ལས་ལྡོག་པ་མི་སྲིད་པ་ཁོ་ནའོ། །རྗེ་བཙུན་འཇམ་དཔལ་གྱིས་སེམས་ཅན་ཉོན་མོངས་བས་གདུངས་པ་རྣམས་ལ་ཉོན་མོངས་པ་དེ་དང་དེ་འདུལ་བའི་ཐབས་སྟོན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་ཞིང་སྟོན་པར་འགྱུར་བས་ན། དེ་སྐད་གསུངས་པ་སྟེ། ཁོ་བོའི་བླ་མ་ཁྱབ་བདག་མཉྫུ་གྷོ་ཥའི་ཞལ་སྔ་ནས་ཀྱིས་ནི་ཚིག་འདི་འབྲུག་ལྟར་ཆེར་སྒྲོག་གི་མཚུངས་ཆོས་སུ་


TN01_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཤད་པ་མཛད་དོ། །ལས་ཀྱི་ལྕགས་སྒྲོག་ཞེས་པའང་གནམ་གྱིས་བསྐོས་པའི་ལས་རང་རྐང་ཚུག་པ་ཞིག་ཕྱི་རོལ་ནས་མི་འོང་གིས། ནང་དུ་ཉོན་མོངས་པའི་ལྷན་ཅིག་བྱེད་རྐྱེན་ཚང་བ་ན་སྲིད་པ་ཕྱི་མར་འཕེན་བྱེད་ཀྱི་ལས་བསོགས་པ་ཡིན་ཞིང་། དེ་ཉིད་རྨིང་ནས་འདོན་པ་ནི་བཅོམ་ལྡན་འདས་ཀྱིས་མ་རིག་པ་འགག་ན་འདུ་བྱེད་འགག་པར་གསུངས་པ་ལྟར་ལས་ཀྱི་རྩ་བ་ཉོན་མོངས་པའི་ཀུན་འབྱུང་ལྡོག་བྱེད་ཀྱི་གཉེན་པོ་འབའ་ཞིག་ལ་རག་ལས་པས་བཤད་མ་ཐག་པའི་ཉོན་མོངས་གཉིད་སློང་ལས་ལྷག་པའི་ལས་ཀྱི་འཆིང་བ་གཅོད་ཚུལ་ཟུར་པ་ཞིག་མི་དགོས་མོད་ཀྱི་གསུང་གི་ཕྲིན་ལས་སུ་འགྲོ་བའི་ཀུན་ནས་ཉོན་མོངས་པ་ལྡོག་ཚུལ་རྒྱས་པར་བཤད་པའི་སླད་དུ་དེ་སྐད་གསུངས་པའོ། །མ་རིག་པ་དང་མུན་པ་ཆོས་མཐུན་སྦྱར་ལུགས་ནི་གོང་དུ་བཤད་པ་ཉིད་ཀྱིས་ཤེས་མོད། ད་དུང་ནུས་པ་ཅུང་ཟད་བཏོན་ན་ཉོན་མོངས་པའི་གཉིད་དང་ལས་ཀྱི་ལྕགས་སྒྲོག་གཉིས་ཀའང་མ་རིག་པའི་མུན་པ་མ་བསལ་ན་སློང་བ་དང་འགྲོལ་བར་མི་ནུས་པའི་ཚིག་ནུས་ཞིག་དགོས་རྒྱུར་སྣང་བས་ཇི་ལྟར་གཉིད་ནི་སེམས་ལ་མུན་པ་བབས་པ་ལས་ཡིད་ཀྱི་འཇུག་པ་མེད་པར་ནང་དུ་སྡུག་བསྔལ་བཞིན་དུ་སྡུག་པ་དང་མི་སྡུག་པར་ལྟ་བའི་ཚུལ་མིན་ཡིད་བྱེད་ལ་བརྟེན་ཏེ་ཆགས་སོགས་ཉོན་མོངས་པ་རྣམས་ཀྱི་གཉིད་རབ་ཏུ་འབྱུང་བའང་ཤེས་པའི་རྒྱུད་ལ་བདེན་ཞེན་མ་རིག་པའི་མུན་པ་བབས་པས་ཡིན་


TN01_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་ཉོན་མོངས་པ་ཐམས་ཅད་གཏི་མུག་དང་མཚུངས་ལྡན་དུ་གསུངས་སོ། །ཇི་ལྟར་ཡང་རྒྱལ་པོའི་ཆད་པས་ཉེན་པ་ན་རེ་ཞིག་ལྕགས་སྒྲོག་གི་འཆིང་བ་ལྷོད་པོར་གྱུར་ཀྱང་མུན་པའི་ར་བར་ལམ་སྟོར་བ་དེ་སྲིད་དུ་སླར་ཡང་འཇིགས་པའི་གཤེད་མ་ལྕགས་སྒྲོག་ཐོགས་པ་རྣམས་ཀྱིས་འཛིན་ཞིང་འཆིང་བར་འགྱུར་བ་དེ་བཞིན་དུ། གལ་ཏེ་ལས་ཀྱི་ཀུན་འབྱུང་རེ་ཞིག་མི་གསོག་ཏུ་ཟིན་ཀྱང་ཇི་སྲིད་མ་རིག་པའི་ར་བར་ལམ་སྟོར་བ་དེ་སྲིད་སླར་ཡང་འདུ་བྱེད་ཀྱི་འཆིང་བས་བཅིངས་པར་འགྱུར་བ་ལ་དགོངས་ལུགས་སོགས་འགའ་ཞིག་སྣང་ཡང་དྲན་ཚད་བྱུང་རྒྱལ་དུ་བཤད་རྒྱུ་ཡང་མིན་པས་བཞག་གོ་།མ་རིག་པའི་མུན་པ་དེ་སེལ་བྱེད་སྣང་བའི་སྒོ་ཡང་སྣང་བ་ཙམ་ཞིག་གཏན་མིན་གྱི་དེ་དང་འཛིན་སྟངས་འགལ་བའམ་དེའི་ཞེན་ཡུལ་སུན་འབྱིན་བྱེད་ཀྱི་ཐབས་བདག་མེད་རྟོགས་པའི་ལྟ་བ་རྣམ་དག་ཡིན་ལ། དེའི་ལྷན་ཅིག་བྱེད་རྐྱེན་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་རྒྱལ་བའི་གསུང་གི་མཛད་པ་སྟེ་ཆོས་ཀྱི་དེ་ཁོ་ན་ཉིད་རང་དབང་དུ་གསུང་བ་ནི་རྒྱལ་བ་ཉག་གཅིག་གི་ཆེ་བ་དང་། རྒྱལ་བའི་གསུང་གི་སྙིང་པོའང་སྟོང་པ་ཉིད་དུ་ཟད་པའི་ཕྱིར་དེ་གཉིས་ཕན་ཚུན་ཕྱར་བ་གྲུ་འདེགས་སུ་ཤིང་རྟ་ཆེན་པོ་རྣམས་


TN01_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཤད་དོ། །ཚུལ་དེས་དུས་གསུམ་གྱི་རྒྱལ་བ་ཇི་སྙེད་ཅིག་གསུང་གི་མཛད་པས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དེ་དག་ཐམས་ཅད་ཀྱང་རྗེ་བཙུན་འཇམ་དཔལ་གྱི་གསུང་གི་ཕྲིན་ལས་སུ་མ་གྱུར་པ་མེད་དེ། དེ་བཞིན་གཤེགས་པ་རྣམས་གང་ལ་མཉམ་པར་བཞག་པའི་ཆོས་ཉིད་རྣམ་ཐར་སྒོ་གསུམ་ནི་འཕགས་པ་འཇམ་དཔལ་གང་དུ་དགྱེས་དགུར་རོལ་པའི་ཆོས་ཉིད་ཀྱང་ཡིན་ཞིང་། ཁྱད་པར་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ངོ་བོ་ཉིད་སྐུ་འཇམ་དཔལ་གྱི་ཡེ་ཤེས་དང་སོ་སོ་མ་ཡིན་པར་ཐ་སྙད་ཀྱི་དབང་དུ་ཡུལ་ཡུལ་ཅན་ལྟར་འབྲེལ་བའི་ཕྱིར་དང་། རྒྱལ་བ་ཐམས་ཅད་ཀྱི་བསྐྱེད་ཡབ་ཆེན་པོའང་འཕགས་མཆོག་ལག་ན་རལ་གྲིར་མདོ་སྡེ་དུ་མ་ནས་བཤད་པའི་ཕྱིར་ཏེ། དེ་ལྟར་དངོས་སམ་བརྒྱུད་ནས་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་ཐུན་མོང་དུ་གྱུར་ཚུལ་ཤེས་པར་བྱ་ལ་ཞིབ་ཏུ་དཔྱད་དོ། །དེ་འདྲ་བའི་ཚུལ་གྱིས་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཀུན་འབྱུང་ལས་དང་ཉོན་མོངས་པ་གཉིས་པོ་རྣམ་པར་བསལ་བ་ན་དེའི་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་མཐའ་དག་སེལ་བ་ཡང་དོན་གྱིས་གྲུབ་སྟེ་ཅུང་ཟད་གོ་སླ་ལ། སྡུག་བསྔལ་མྱུ་གུ་ཞེས་གསུངས་པ་ནི་ཁོ་བོའི་བླ་མ་འགའ་ཞིག་མིང་གཟུགས་མྱུ་གུ་དང་འདྲ་བའི་དོན་དུ་མཛད་དེ་འཕགས་པ་ས་ལུ་ལྗང་བ་ལས། ས་བོན་རྣམ་པར་ཤེས་པ། ལས་ཀྱི་ཞིང་ལ་བརྟེན་པ། སྲེད་པའི་


TN01_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རླན་གྱིས་བརླན་པ། མ་རིག་པའི་ལུད་ཀྱིས་བྲན་པ། སྐྱེ་བ་ནས་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ། མའི་མངལ་དེ་དང་དེར་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། ཞེས་པའི་ཕྱོགས་ལ་བསྟེན་པའོ། །གལ་ཏེ་གསུང་འབྲུག་གི་སྒྲ་ལྟར་ཟབ་པ་དང་། ཆེ་ཞིང་ཟིལ་གྱིས་མི་ནོན་པ་དང་། སེམས་ཅན་གྱི་རྒྱུད་འདུལ་བ་རྣམས་ཡན་ལག་དྲུག་ཅུ་པོའི་ཁོངས་སུ་འདུས་ཟིན་པས་དེ་དག་ཀྱང་དེ་འདྲར་བཤད་པ་ཅི་ཞེ་ན། དེ་ལྟར་སྣང་བ་བདེན་ཡང་སྐྱོན་མེད་དེ། རྒྱས་པ་དང་བསྡུས་པའི་སྒོ་ནས་དེ་ལྟར་གསུངས་པའི་ཕྱིར་ཏེ། བཀྲལ་ན་ཡན་ལག་དྲུག་ཅུ་དང་། བསྡུས་ན་གསུང་གི་ངོ་བོ་ཟབ་ཅིང་རྒྱ་ཆེ་བ་དང་། བྱེད་ལས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་སྐྱེད་པ་དེ་གཉིས་སུ་འདུ་བའི་དོན་ལ་སྦྱར་ན་བདེའམ་སྙམ་པ་ཁོ་བོའི་རྣམ་རྟོག་གོ། །གཉིས་པ་ནི། རལ་གྲི་བསྣམས་ཞེས་གསུངས་ཏེ། གསུང་གི་བྱེད་ལས་དེ་མཚོན་བྱེད་དུ་ཕྱག་གཡས་ན་རྡོ་རྗེ་མི་ཤིག་པའི་རལ་གྲི་་སྔོན་པོའི་འཁྲི་ཤིང་ལྟར་ཀུན་ཏུ་གསལ་ཞིང་སྲ་འཐས་ཡུལ་གྱི་དངོས་སྣང་ལ་རྣོ་དཔལ་གཅོད་པའི་འཁྲུལ་འཁོར་བསྡིག་བསྡིགས་རྔམས་རྔམས་ལྟར་འཕྱར་བ་སྟེ། དེའང་རལ་གྲིའི་མཚོན་ཆ་ཆེ་རྟགས་སུ་འཛིན་པའི་སྒོ་ནས་གཅོད་རྒྱུའི་ཡུལ་ཞིག་དང་། དེ་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ཀྱིས་གཅོད་ནུས་པ་ཞིག་མཚོན་ལ། གཅད་རྒྱུ་ཅི་ཞིག་ཡིན་པ་ནི་རལ་གྲི་མཐོང་བ་ཙམ་གྱིས་གོ་བར་མི་ནུས་ཀྱང་།


TN01_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་ནི་རྗེ་བཙུན་འཇམ་དཔལ་དབྱངས་སྐྱབས་སུ་འཛིན་པ་རྣམས་ལ་འགལ་རྐྱེན་རྒུད་པ་ཐམས་ཅད་རྣམ་པར་འདྲལ་བ་དང་། མཐུན་རྐྱེན་ལེགས་དགུའི་རྩ་བ་ཡང་དག་པའི་ཤེས་རབ་ཁྱད་པར་སྦྱིན་པ་པོ་ནི་ང་འོ་ཞེས་སྟོན་པའི་ཕྱིར་གླེགས་རལ་འཛིན་པ་སྟེ། དཔེར་ན་གཞོན་ནུ་ཆགས་ལྡན་འདོད་པའི་བདེ་བ་དོན་དུ་གཉེར་བ་ཞིག་མཐོང་ནས་གཞོན་ནུ་མ་མཁས་པས། སོར་མོའི་པད་འདབ་ཡང་དང་ཡང་དུ་ཟུམ་པར་བྱེད་པ། ཕྲ་མོའི་རྒྱན་གྱི་དཔེར་བརྗོད་དུ་དཔལ་ལྡན་དནྜིས་བླང་བ་བཞིན་ཏེ། སྤྱིར་ལག་པའི་པདྨ་ཁ་ཟླུམ་པ་ཙམ་ཞིག་མཚན་མོ་འོང་བར་བསྐུལ་བའི་བརྡའ་ཐབས་མ་ཡིན་ཡང་། དུས་དེར་གཞོན་ནུ་མའི་བསམ་པ་དང་། སྐྱེ་བོའི་དོན་གཉེར་ལ་ལྟོས་ནས་དེ་ལྟར་འགྲོ་བ་ལྟར། རལ་གྲི་ལག་ན་ཐོགས་པ་ཙམ་ཞིག་སྡུག་བསྔལ་གཅོད་པའི་མཚོན་རྟགས་སུ་མི་འགྲོ་ཡང་། འདིའི་ཚེ་འཕགས་པ་འཇམ་དཔལ་གྱི་ཐུགས་བརྩེ་དང་རྗེས་འཇུག་གི་དོན་གཉེར་ལ་ལྟོས་ནས་དེ་ལྟར་གསུངས་པའོ། །དེ་ལ་སྐྱེ་བོ་མཛངས་པ་རྣམས་ཀྱིས་སུ་ཞིག་ནི་རྒུད་པ་མཐའ་དག་སེལ་བའི་སྐྱབས་དང་། ལེགས་དགུའི་ཡོན་ཏན་སྟོན་པའི་བཤེས་གཉེན་ཡིན་སྙམ་དུ་སེམས་ཤིང་འཇམ་པའི་དབྱངས་ལ་ཡིད་ཉེ་བར་ཕྱོགས་པ་ནི་འདོད་པའི་དོན་དུ་གཉེར་ནས་གཞོན་ནུ་མའི་གདོང་ལ་ལྟ་བ་ལྟ་བུ་སྟེ། དེའང་གཞོན་ནུ་མ་ལ་འདོད་བདེ་སྟེར་ནུས་ཀྱི་ངེས་པ་


TN01_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ནས་བལྟ་བའི་ཕྱོགས་དེ་དཔེར་མི་བྱའི། མཚན་མོ་འོང་བའི་སྐབས་དབྱེ་མི་དབྱེ་ལ་ཐེ་ཚོམ་སྐྱེས་ནས་བལྟ་བའི་ཕྱོགས་དེ་གཙོ་བོར་དཔེར་བཞག་པ་ཡིན་ཞིང་། དེའི་ཚེ་འཕགས་པ་འཇམ་དཔལ་སེམས་ཅན་འདུལ་བའི་དབང་གི་ཕྱིར་གླེགས་རལ་འཛིན་པའི་ཆ་ལུགས་སུ་བསྟན་པ་ནི་གཞོན་ནུ་མ་མཁས་པས་སྐྱེས་བུའི་བཞིན་ལ་མིག་མངོན་དུ་ཕྱོགས་ཏེ་ལག་པའི་སོར་མོ་ནང་དུ་བསྡུ་བ་ལྟ་བུའོ། །དེར་མ་ཟད་མཚན་མོ་འོང་བའི་སྐབས་ཕྱེ་བར་ངེས་ཟིན་ཡང་བརྡའ་དེས་ངེས་པ་ལྷག་པར་བརྟན་པ་བཞིན་འཕགས་པ་འཇམ་དཔལ་གཏན་གྱི་སྐྱབས་གནས་སུ་ངེས་ཟིན་ཡང་དེ་འདྲའི་ཡིད་ཆེས་ཡང་ཡང་འདྲེན་པ་ཡིན་ནོ། །དེ་ལ་འདི་སྙམ་དུ། འཕགས་པ་འཇམ་དཔལ་གྱིས་རང་ཉིད་གླེགས་རལ་བསྣམས་པའི་གཟུགས་སུ་བསྟན་པ་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ་རྗེ་བཙུན་འཇམ་དཔལ་ལ་མཚོན་དོན་དེ་གཉིས་ཚང་བར་ངེས་ཟིན་ཞིག་ཡིན་ནམ། མ་ངེས་པ་ཞིག་ཡིན། དང་པོ་ལྟར་ན་མཚོན་རྟགས་དེ་གཉིས་ལ་དོན་མེད་ཅིང་། ཕྱི་མ་ལྟར་ན་འཇམ་དཔལ་ཚད་མར་གྱུར་པའི་སྐྱབས་གནས་སུ་རྒྱུ་མཚན་མཐོང་བའི་ངེས་པ་ཞིག་མ་རྙེད་ན་གླེགས་རལ་ཕྱག་མཚན་ཡིན་པར་ཤེས་པ་ཁོ་ན་དེ་འདྲའི་ཡིད་ཆེས་མི་སྐྱེའོ་ཞེ་ན། གདུལ་བྱ་གཉིས་པོ་གང་ཡིན་ཡང་སྐྱོན་དེ་དག་ཏུ་མི་འགྱུར་ཏེ། སྔོན་ཆད་འཕགས་པ་འཇམ་དཔལ་ཚད་མའི་སྐྱབས་གནས་སུ་ངེས་པ་མ་འདྲོང་བ་ཞིག་ཡིན་ཀྱང་། དེ་འདྲའི་གང་ཟག་དེ་རྟོག་པ་


TN01_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་སྐྱེ་བོ་ཞིག་ཡིན་ཕན་ཆད། ཅིའི་ཕྱིར་འཕགས་པ་འཇམ་དཔལ་གླེགས་བམ་དང་རལ་གྲི་ཐོགས་པར་བཤད་སྙམ་དུ་དེའི་མཚོན་དོན་འཐད་པ་དང་བཅས་པ་ལེགས་པར་ཚོལ་བར་འགྱུར་ཞིང་། དེ་ལ་བརྟེན་ནས་རྗེ་བཙུན་འཇམ་དཔལ་དབྱངས་བླ་མར་བྱ་བའི་འདུ་ཤེས་ཀྱང་རིམ་གྱིས་སྐྱེ་བའི་ཕྱིར་དང་། གལ་ཏེ་འཕགས་པ་འཇམ་དཔལ་གཏན་གྱི་སྐྱབས་གནས་སུ་ངེས་པ་རྙེད་ཟིན་ཞིག་ཡིན་ཡང་། ད་དུང་རྗེ་བཙུན་གྱི་སྐུའི་ཕྱག་སྟབས་ཁོ་ན་ལ་ཡིད་ཞུགས་པས་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྲིན་ལས་དང་བཅས་པའི་རྣམ་པ་ཡིད་ངོར་འཆར་ནུས་པའི་ཕྱིར་དང་། དེ་ཙ་ན་སངས་རྒྱས་དང་བྱང་སེམས་བདག་ཉིད་ཆེན་པོ་རྣམས་སྐུའི་སྟངས་སྟབས་ཙམ་ཡང་སེམས་ཅན་ལ་ཕན་པ་ཁོ་ནའི་དོན་དུ་འགྱུར་བར་ཤེས་ཤིང་། རྒྱུ་མཚན་དེས་རྒྱལ་བའི་གཟུགས་ཀྱི་སྐུ་ནི་སེམས་ཅན་འབའ་ཞིག་གི་ཕྱིར་ཡོངས་སུ་བསྒྲུབ་པའོ། །ཞེས་ངེས་པ་ལྷག་པར་འདྲོངས་པའི་ཕྱིར་རོ་སྙམ་མོ། །འོན་ཀྱང་བྱིས་པའི་ཐལ་རྩེད་ལ་སྙིང་པོ་ཡོད་པ་དཀོན་ནོ། །གསུམ་པ་ལ། ངོ་བོ་སྤྱིར་བསྟན་པ་དང་། མཚན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། གདོད་ནས་སོགས་ཏེ། འདི་ལ་ལྕང་སྐྱའི་འགྲེལ་པར། གདོད་ནས་དག་ཅིང་ཞེས་པ་རང་བཞིན་རྣམ་དག་དང་། ས་བཅུ་ཞེས་པས་དེའི་རང་ཞལ་འགེབས་བྱེད་ཀྱི་དྲི་མ་གློ་བུར་བ་རྣམས་སྦྱང་ལུགས་དང་། ཡོན་ཏན་ལུས་རྫོགས་ཞེས་པས་གློ་བུར་རྣམ་དག་


TN01_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གི་མྱང་འདས་བསྟན་ཚུལ་བཤད་ཅིང་། ཁོ་བོའི་བླ་མ་འཇམ་མགོན་སངས་རྒྱས་གཉིས་པའི་གསུང་རབ་ལས། གདོད་ནས་ཏེ་བསྐལ་པ་ཚད་མེད་པའི་སྔ་རོལ་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཁྱོད་ཉིད་བཅོམ་ལྡན་འདས་ཀླུའི་རིགས་མཆོག་དང་། ད་ལྟ་བཅོམ་ལྡན་འདས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་ལ་སོགས་པར་སངས་རྒྱས་སུ་ཟིན་ནའང་། རྣམ་པ་ས་བཅུའི་དབང་ཕྱུག་གི་གཟུགས་འཛིན་པ་ཡིན་ཞེས་དཔའ་བར་འགྲོ་བ་དང་སོར་ཕྲེང་གི་མདོའི་ཁུངས་ལ་གཏུགས་ཏེ་བཤད་པ་མཛད་དོ། །དེ་དག་ཐུགས་ལ་བཞག་ནས་གང་འཆར་བདེ་བ་ཞིག་རང་ལུགས་སུ་བཟུང་ན་དོན་དུ་ཇི་ལྟར་ཡང་ཉེས་པ་ག་ལ་ཡོད། །ད་དུང་ཁོ་བོས་ཀྱང་གར་མཁན་བྲོ་བརྡུང་བ་ན་བྱིས་པས་ལད་མོ་ཤོམ་པ་ལྟར་ཅུང་ཟད་བཤད་པར་བྱ་སྟེ། དེའང་གདོད་ནས་ཞེས་པ་སྐབས་འདིར་སྔོན་ནས་ཞེས་པའི་དོན་དུ་བྱེད་པ་གཞིར་བཞག་ཡིན་ཞིང་། སྤྱིར་ཚིག་འདི་སྐུའི་ཡོན་ཏན་ལ་སྦྱར་རྒྱུར་སྣང་བས་དག་ཅིང་ཞེས་པ་སྡོང་པོ་བཀོད་པར། ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །ཞེས་པའི་ནང་ཚན་ལུས་རྣམ་དག་དང་གཅིག་པར་སྐབས་སྟོབས་ཀྱིས་སོང་བས་དེའི་དོན། འཕགས་པ་འཇམ་དཔལ་ཕུང་བདུད་རགས་པ་དང་ཕྲ་བའི་ཁམས་ཀྱི་སྐྱོན་ལས་རྣམ་པར་མ་གྲོལ་བས་ལུས་རགས་པ་དང་ཡིད་ཀྱི་རང་བཞིན་གྱི་ལུས་གང་རུང་ཞིག་དབང་མེད་དུ་བླང་བ་ལྟ་བུ་གཏན་མིན་གྱི་སེམས་ཅན་རྣམས་ལ་སྨན་པ་དང་བདེ་བའི་ཕྱིར་སྨོན་ལམ་དང་སྙིང་རྗེའི་འཇུག་པ་ཚད་མེད་པས་ཁྱད་པར་


TN01_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱེ་བའི་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོར་སོན་པ་ལས་བསམ་གྱིས་མི་ཁྱབ་པའི་སྐུ་མི་ཟད་པ་ཆོས་ཀྱི་དབྱིངས་ཀྱི་རྒྱན་རྒྱ་མཚོར་རང་སྣང་བ་སྟེ། དེ་ནི་ཆུ་སྣོད་ནམ་དྭངས་པ་ན་ཟླ་གཟུགས་ཤུགས་ཀྱིས་འཆར་བ་ལྟར་སེམས་ཅན་གྱི་བསམ་པའི་རྗེས་སུ་འགྲོ་བས་ཁ་དོག་དང་དབྱིབས་དང་ཆུ་ཞིང་དང་འོད་ཟེར་རྣམ་པར་ཕྱེ་བ་ཐ་དད་པའི་ཚུལ་སྣ་ཚོགས་པ་ཀུན་ནས་སྣང་བས་དག་དང་མ་དག་གི་ཞིང་ཐམས་ཅད་རྒྱས་པར་འགེངས་པའི་རྣམ་པར་ཐར་པ་ཡེ་ཤེས་སྒྱུ་མའི་རྣམ་པ་དང་སོ་སོ་མ་ཡིན་རོ་གཅིག་ཏུ་གྱུར་པའི་དོན་ནོ། །འདིའི་གནད་དྲི་མ་ཤིན་ཏུ་རྣམ་པར་དག་པ་ལ་ཐུག་ལུགས་བཤད་མ་ཐག་པའི་ཡོན་ཏན་དེ་འདྲ་བ་དེ་ནི་སྐུའི་ཆོ་འཕྲུལ་ལ་རང་དབང་བརྙེས་པའི་རྒྱུ་མཚན་ལས་ཡིན་ཞིང་། སྒྲིབ་པ་ཕྲ་རག་ཇི་འདྲ་བ་ཞིག་ཡོད་ཀྱང་དེའི་དབང་གིས་གཟུགས་སྐུའི་ཡོན་ཏན་ལ་རང་དབང་མ་ཐོབ་པའི་ཆ་དེ་འདྲ་ཞིག་ངེས་པར་ཡོད་པའི་ཕྱིར་རོ། །སྒྲིབ་པ་སྤོང་ཚུལ་དང་ཡོན་ཏན་ལྷག་ཚུལ་གྱི་སྒོ་ནས་བྱང་ཆུབ་སེམས་དཔའི་ས་ནས་སར་འཕར་བ་བཅུའི་ཐ་སྙད་ཡོངས་སུ་གྲགས་པ་ལྟར་རྗེ་བཙུན་མཁྱེན་པའི་གཏེར་གྱིས་ཀྱང་སའི་ཡོངས་སྦྱོང་དང་ཚོགས་གཉིས་རླབས་པོ་ཆེའི་འཇུག་པས་རྒྱལ་བའི་སྲས་ཀྱི་སའི་བགྲོད་པ་དང་། རྣམ་པར་ཐར་པའི་སྦྱོང་ཚུལ་དང་། མངོན་པར་ཤེས་པའི་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ཡིན་ལ། དེ་འདྲ་བའི་ས་དང་ཏིང་ངེ་འཛིན་གྱི་ཡོན་ཏན་


TN01_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཁྱད་ཆོས་ཐུན་མོང་མ་ཡིན་པར་གྱུར་པའི་ལུས་དང་ལྡན་པ་སྟེ། འདི་ལྟར་མདོ་དཀོན་མཆོག་སྤྲིན་ལས། ཆོས་ཀྱི་ལུས་དང་། ནམ་མཁའི་ལུས་དང་། ཡེ་ཤེས་ཀྱི་ལུས་ལ་སོགས་པ་ས་བཅུའི་ངོ་སྐལ་གྱི་ལུས་རྣམ་པ་བཅུར་བཤད་པའི་ལུས་ཀྱི་རབ་དབྱེ་དེ་དག་ཐམས་ཅད་མ་ལུས་ལུས་པ་མེད་པར་རྫོགས་ནས། སེམས་ཀྱི་སྐད་ཅིག་རེར་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་དང་། ཞིང་ཁམས་ཐམས་ཅད་གཡོ་བ་དང་། འོད་ཀྱིས་རྣམ་པར་སྣང་བ་དང་། བ་སྤུའི་ཁུང་བུ་རེ་རེའི་ཁྱོན་ལ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་དང་སྐུའི་རྣམ་པར་རོལ་པ་ཅིར་ཡང་སྟོན་པ་ལ་སོགས་པ་ནི་ས་བཅུའི་མཐར་སོན་པའི་ཡོན་ཏན་གྱི་ལུས་རྫོགས་ཚུལ་ཡིན་ཏེ། རྒྱ་ཆེར་ཕལ་པོ་ཆེ་ལས་ཤེས་པར་བྱའོ། །དེ་ལྟ་བུའི་ཀུན་ཏུ་བཟང་པོའི་ཁྱུ་མཆོག་གི་གཟུགས་འཛིན་པ་དེ་ཉིད་རྒྱལ་སྲས་ཐུ་བོའི་སྐུ་ཞེས་པའི་དོན་ཡང་ཡིན་ཏེ། རྒྱལ་སྲས་ཐུ་བོ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོ་ལ་རབ་ཏུ་ཞུགས་པ་རྣམས་ཡིན་པའི་ཕྱིར་རོ། །ཚུལ་འདི་ནི་ཕལ་པོ་ཆེའི་ལྷ་མོ་དཔྱིད་དང་ལྡན་པའི་སྐབས་སུ། ཕུན་སུམ་ཚོགས་སྐུ་འཇམ་དཔལ་བཞིན་དུ་མཛེས། །ཞེས་དང་། ཁྱེའུ་བཅུ་དྲུག་གི་བསྟོད་པ་ལས་ཀྱང་། །གཞོན་ནུ་སྤྲུལ་པའི་མཚན་དང་དཔེ་བྱད་ལ། །གང་གིས་ཡུད་ཙམ་མཐོང་བས་འདུན་པ་སྐྱེ། །གང་ལ་ཅིས་འདུལ་དེ་ལྟར་སྣང་མཛད་པས། །ཞེས་པའི་དོན་དང་གཅིག་གོ་།གཉིས་པ་ནི། བཅུ་ཕྲག་སོགས། མུན་


TN01_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ཁྱོད་ལ་འདུད། ཅེས་པ་སྟེ། སྐྱེས་བུ་བསོད་ནམས་ཀྱི་དབང་ཕྱུག་ཆེན་པོར་མཚོན་པའི་མཚན་མ་མཚན་བཟང་སུམ་ཅུ་རྩ་གཉིས་དང་། ནང་གི་ཡོན་ཏན་གྱི་དཔེ་བྱད་ཀྱི་གཟུགས་རྒྱན་དུ་ཤར་བ་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ་བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱིས་མཛེས་པར་སྤྲས་པའོ། །མཚན་དཔེ་བརྒྱ་དང་བཅུ་གཉིས་ཀྱི་ངོས་འཛིན་ནི། ཕྱག་ཞབས་འཁོར་ལོས་མཚན་པ། སོར་མོ་དྲ་བས་འབྲེལ་བ། རུས་སྦལ་ལྟ་བུའི་ཞབས། ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ། བདུན་དག་མཐོ་བ། སོར་མོ་རིང་བ། རྟིང་པ་ཡངས་པ། སྐུ་ཆེ་ཞིང་དྲང་བ། ཞབས་ལོང་བུའི་འབུར་མི་མངོན་པ། བ་སྤུ་གྱེན་དུ་ཕྱོགས་པ་སྟེ་བཅུ་ཚན་དང་པོ། །བྱིན་པ་ཨེ་ན་ཡ་ལྟ་བུ། ཕྱག་རིང་མཛེས་པ། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ། པགས་པ་གསེར་མདོག །པགས་པ་སྲབ་པ། བ་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ། ཞལ་མཛོད་སྤུས་བརྒྱན་པ། རོ་སྟོད་སེང་གེ་འདྲ་བ། དཔུང་པའི་མགོ་ཟླུམ་པ། ཐལ་གོང་རྒྱས་པ་སྟེ་བཅུ་ཚན་གཉིས་པ། རོ་མི་ཞིམ་པ་རོ་མཆོག་ཏུ་སྣང་བ། ཆུ་ཞེང་གབ་པ། གཙུག་ཏོར་བལྟར་མི་མངོན་པ། ལྗགས་རིང་ཞིང་མཛེས་པ། །ཚངས་པའི་དབྱངས། འགྲམ་པ་སེངྒེ་ལྟ་བུ། ཚེམས་དཀར་བ། ཚད་མཉམ་པ། ཐག་བཟང་བ། གྲངས་བཞི་བཅུ་ཚང་བ་སྟེ་བཅུ་ཚན་གསུམ་པ། སྤྱན་མཐོན་མཐིང་། རྫི་མ་བ་མཆོག་གི་རྫི་མ་འདྲ་བ་སྟེ། བསྡོམས་པའི་མཚན་སོ་གཉིས་དང་། སེན་མོ་


TN01_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་མདོག །མདོག་སྣུམ་པ། མཐོ་བ། སོར་མོ་ཟླུམ་པ། རྒྱས་པ། བྱིན་གྱིས་ཕྲ་བ། རྩ་མི་མངོན་པ། མདུད་པ་མེད་པ། ལོང་བུ་མི་མངོན་པ། ཞབས་མཉམ་པ་སྟེ་བཅུ། སེང་གེ། གླང་ཆེན། ནམ་མཁའ་ལྡིང་། ཁྱུ་མཆོག་གི་སྟབས་གཤེགས་དང་བཞི། གཡས་ཕྱོགས་སུ་གཟིགས་པ། མཛེས་པར་གཤེགས་པ། དྲང་བ། འཁྲིལ་བག་ཆགས་པ། བྱི་དོར་བྱས་འདྲ། རིམ་པར་འཚམས་པ་སྟེ་བཅུ། སྐུ་གཙང་བ། འཇམ་པ། དག་པ། མཚན་རྫོགས་པ། ཁོ་ལག་ཡངས་པ། གོམ་སྙོམས། སྤྱན་དག་པ། གཞོན་ཤ་ཅན། སྐུ་མ་ཞུམ་པ། རྒྱས་པ་སྟེ་བཅུ། སྐུ་གྲིམ་པ། ཡན་ལག་སྐབས་ཕྱེ་བ། གཟིགས་པ་སྒྲིབ་མེད། དཀུ་ཟླུམ་པ། སྐབས་ཕྱིན། མ་རྙོང་བ། ཕྱལ་ཕྱང་ངེ་བ། ལྟེ་བ་ཟབ་པ། གཡས་སུ་འཁྱིལ་བ། ལྟ་ན་སྡུག་པ་སྟེ་བཅུ། ཀུན་སྤྱོད་གཙང་བ། སྐུ་ལ་གནག་བག་མེད་པ། ཕྱག་འཇམ་པ། ཕྱག་རིས་མདངས་ཡོད་པ། རི་མོ་ཟབ་པ། རིང་བ། ཞལ་གྱི་ཚད་མཉམ་པ། མཆུ་སྒྲོས་དམར་བ། ལྗགས་མཉེན་པ་སྲབ་པ་སྟེ་བཅུ། ལྗགས་དམར་བ། འབྲུག་སྒྲ་ལྟ་བུ། གསུང་མཉེན་པ། འཇམ་པ། མཆེ་བ་ཟླུམ་པ། རྣོ་བ། དཀར་བ། མཉམ་པ། བགས་ཀྱིས་ཕྲ་བ། ཤང་མཐོ་བ། མཆོག་ཏུ་དག་པ་སྟེ་བཅུ། སྤྱན་ཡངས་པ། རྫི་མ་སྟུག་པ། པད་འདབ་འདྲ་བ། སྨིན་ཚུགས་རིང་བ། འཇམ་པ། སྣུམ་པ། སྤུ་མཉམ་པ། ཕྱག་རིང་བ། རྒྱས་པ། སྙན་མཉམ་པ། མ་ཉམས་པ་སྟེ་བཅུ། དཔྲལ་


TN01_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྲ་མཚམས་དོད་པ། དབྱེས་ཆེ་བ། དབུ་རྒྱས་པ། དབུ་སྐྲ་སྟང་ཟིལ་ལྟར་གནག་པ། རབ་ཏུ་སྟུག་པ། འཇམ་པ། མ་འཛིངས་པ། མི་རྩུབ་པ། དྲི་ཞིམ་པ། ཐུགས་ཀ་ལ་སོགས་པ་བཀྲ་ཤིས་སོགས་ཀྱིས་བརྒྱན་པ་སྟེ་བཅུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་ཞེས་བརྗོད་དོ། །མཚན་དཔེ་སོ་སོའི་རྒྱུ་སྒྲུབ་ལུགས་ནི་ཤེར་ཕྱིན་གྱི་མདོ་འགྲེལ་རྣམས་དང་རིན་ཆེན་ཕྲེང་བ་དང་གཞན་ཡང་མདོ་སྡེ་རྣམས་སུ་ཅི་རིགས་པར་སྣང་བས་དེར་བལྟའོ། །མདོ་སྡེ་མང་པོ་ལས་མཚན་དཔེའི་རྒྱུ་ཚོགས་གོང་ནས་གོང་དུ་བརྒྱ་འགྱུར་ལ་སོགས་པར་བསྒྲེ་བའི་ཚུལ་གསུངས་པ་ནི་རེ་ཞིག་མང་བ་དང་རྒྱ་ཆེ་བའི་ཚད་དུ་བསྟན་པ་ཙམ་ཞིག་ཡིན་གྱི། དེ་ལྟ་བུས་ཀྱང་དོན་ལ་བསོད་ནམས་བརྒྱ་པའི་སྐུའི་ཡོན་ཏན་དཔྱིས་ཕྱིན་པར་རྫོགས་པ་མ་ཡིན་ཏེ། དཀོན་མཆོག་སྤྲིན་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་མཆིས་སོ་ཅོག་གི་སེམས་ཅན་ཚད་མེད་པ་རྣམས་ས་བཅུའི་དབང་ཕྱུག་ཤ་སྟག་ཏུ་གྱུར་ཅིང་། དེ་དག་རེ་རེས་ཀྱང་སྟོང་གསུམ་གྱི་ཚད་ཙམ་གྱི་རིན་པོ་ཆེའི་ཡོལ་གོ་ལག་ན་ཐོགས་ཏེ་སྐད་ཅིག་རེ་རེ་ལའང་རྒྱལ་བའི་བསོད་ནམས་ཀྱི་ཕུང་པོ་གྲངས་དང་མཐའ་མི་མངོན་པ་ཞིག་རྫུ་འཕྲུལ་གྱིས་བླང་བར་གྱུར་ལ། དེ་འདྲ་བའི་ཚུལ་གྱིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་སུ་ཟིན་ཀྱང་། དེས་དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུ་གཅིག་གི་བསོད་ནམས་ཀྱི་རྒྱ་མཚོའི་བརྒྱ་དང་སྟོང་དང་བྱེ་བའི་ཆ་ཙམ་


TN01_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟད་མི་ཤེས་ཞེས་བརྟགས་པ་མཐའ་བཟུང་དུ་སངས་རྒྱས་ཀྱི་བསོད་ནམས་གཟུགས་སུ་བསྒྱུར་བའི་སྒོ་ནས་དཔེར་བརྗོད་མཛད་པ་ལྟ་བུ་སྟེ། དེའང་མཚན་དཔེའི་བྱེ་བྲག་རེ་རེ་བཞིན་དུ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་རྒྱ་མཚོ་ཚད་མེད་པ་ལས་བསྐྲུན་ཚུལ་མདོ་སྡེ་བསྐལ་བཟང་ལས། ཐུབ་པའི་སྨིན་མཚམས་ཀྱི་མཛོད་སྤུ་ཉག་གཅིག་ཀྱང་རྣམ་པར་དཀར་བ་དང་། གཡས་སུ་འཁྱིལ་བ་དང་། མཛེས་ཤིང་ཟིལ་གྱིས་མི་ནོན་པ་དང་། རིང་དུ་གནས་པ་དང་། ཤིན་ཏུ་འཁྱིལ་བ་དང་། འོད་མཐའ་ཡས་པས་བརྒྱན་པ་རྣམས་རིམ་པ་བཞིན་དུ་ཕྱིན་དྲུག་གི་ལག་རྗེས་ཡིན་པར་གསུང་བ་བཞིན་ནོ། །མདོར་ན་འཕགས་པ་འཇམ་དཔལ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རབ་ཏུ་གནས་པའི་ཕྱིར་སྐུའི་ཡོན་ཏན་བརྗོད་པའང་དེའི་ཕྱོགས་ནས་རྒྱས་པར་བསྙད་དུ་རུང་མོད། འོན་ཀྱང་རྣམ་པ་བྱང་སེམས་ས་བཅུ་པའི་གཟུགས་སུ་བརྫུ་བར་སྟོན་པའི་སྐབས་དང་འབྲེལ་བས་མཚན་དཔེ་བྱེ་བྲག་པའི་སྐབས་སུ་ནི་བྱང་སེམས་ཀྱི་ཡོན་ཏན་ལ་སྦྱར་རྒྱུར་ལེགས་ཤིང་། དེའི་ཚེ་རྒྱ་ཆེར་རོལ་པ་ལས་དྲང་སྲོང་མི་དཀར་བའི་སྐབས་བཞིན་དུ་བརྩིས་ན་བདེའམ་སྙམ་ཡང་། ད་ལམ་མདོ་སྡེའི་ཡིག་ཆ་མ་རྙེད་པས་དཔྱད་རྒྱུ་ཆེར་མ་བྱུང་བ་རིག་པ་གླེགས་བམ་ལ་ལུས་པའི་སྐྱོན་དུ་འདུག །དེ་ལྟར་འཇམ་དཔལ་གཞོན་ནུ་ཡེ་ཤེས་སྒྱུ་མ་ལྟ་བུའི་ལུས་ཅན་དེ་ནི་དྲན་པ་དང་། ལྷག་པར་ཡིད་ལ་བྱས་པ་ཉིད་ཀྱིས་ཐེ་ཚོམ་དང་ལྟ་བ་ངན་པའི་བློའི་མུན་པ་


TN01_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྣམ་པར་སྦྱངས་ནས་སྙིང་ལ་ཡེ་ཤེས་དམ་པའི་སྣང་བ་དུས་རྟག་ཏུ་སྦྱིན་པར་མཛད་དེ། ཕྱོགས་ཀྱི་གླང་པོས་འཇམ་དཔལ་ལ་བསྟོད་པ་ལས། ཤེས་རབ་བྲལ་བས་མདུན་དུ་ཁྱོད། །དྲན་པའི་ཡུལ་དུ་གྱུར་པས་ཀྱང་། །མཁས་པ་རྣམས་ཀྱང་ཐེ་ཚོམ་གྱི། །མདུད་པ་དམ་པོས་འཆིང་བར་བྱེད། །ཅེས་པ་ནས། མགོན་པོ་སྔོན་མེད་ཉི་མ་ཡི། །རོལ་བས་ཉིན་མཚན་སྣང་བར་མཛད། །ཅེས་གསུངས་པ་བཞིན་ནོ། །ཡོན་ཏན་བརྗོད་པའི་ཁྱད་པར་དེ་དག་ནི་གོང་དུ་འཕགས་པ་འཇམ་དཔལ་ལ་བསྟོད་འདོད་ཐུགས་ལ་བཞག་ནས་གསུངས་པར་མདོར་བསྟན་གྱི་སྐབས་སུ་གསལ་བས་འདིར་ཁྱོད་ལ་འདུད། ཅེས་པ་ཙམ་གྱིས་ཆོག་པར་བྱུང་བ་ཡིན་ནོ། །བསྟོད་པའི་རྒྱལ་པོ་འདི་ནི་འཕགས་པའི་ཡུལ་གྱི་ཤིང་རྟ་ཆེན་པོ་ཕྱོགས་གླང་ཡབ་སྲས་དང་། གངས་ཅན་གྱི་ལྗོངས་ཙམ་ན་ཆེ་བའི་ལོ་ཆེན་རིན་བཟང་དང་རྡོག་ལོ་བློ་ལྡན་དང་ཀུན་མཁྱེན་བུ་ལ་སོགས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཚད་མེད་པ་ཞིག་གིས་ཐུགས་དམ་མཐར་ཐུག་པར་མཛད་ཅིང་ཡང་ནས་ཡང་དུ་བསྔགས་པ་ཡིན་ལ། དེའི་ཚུལ་ཡང་འཇམ་དཔལ་ཞིང་བཀོད་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གི་མཚན་བརྗོད་པ་ལས་ཀྱང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་ལན་གཅིག་བརྗོད་པ་ཤིན་ཏུ་བསོད་ནམས་ཆེ་བར་གསུངས་པ་དང་། གཞུང་འདི་ཉིད་རང་ནས་ཀྱང་གང་གིས་ཉིན་རེ་བཞིན་དུ་སོགས་


TN01_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་གྱི་བསྔགས་པ་མང་དུ་གསུངས་ཤིང་། དེའི་རྒྱུ་མཚན་བསྟོད་པ་འདི་ལས་སངས་རྒྱས་ཀྱི་འབྲས་བུ་ཆོས་སྐུ་ཕྲིན་ལས་དང་བཅས་པ་དོན་གྱི་རླབས་ཆེ་ཞིང་ཚིག་གི་སྦྱོར་བ་ཉུང་ངུས་མཚོན་པར་མཛད་པའི་ཕྱིར་བྱིན་རླབས་ལྷག་པར་ཆེ་བ་ཡིན་ཞེས་ལྕང་སྐྱ་རྗེ་བཙུན་གསུངས་སོ། །དེའི་ཕྱིར་སྐྱེ་བོ་མཛངས་པ་འདུན་མའི་སྐྱེལ་སོ་ཉམས་ཉེས་པར་མ་གྱུར་པ་རྣམས་ཅི་ནས་ཀྱང་བརྩོན་པའི་ནན་ཏན་དུ་མ་དང་། ཉམས་ལེན་གྱི་སྒོ་འཕར་དུ་མས་རྟག་པར་རྒྱུན་དུ་ཡི་དམ་རྣམས་ཀྱི་སྙིང་པོར་མཛད་པའི་རིགས་སོ། །སྤྲོས་ན་བཤད་པའི་ཡལ་འདབ་རྒྱ་ཆེ་ཡང་། །བསྡུས་ན་བརྗོད་དོན་གནད་ཀྱི་སྡོང་པོ་གཅིག །དེ་སླད་བསྡུས་བཤད་གཏམ་གྱི་སྦྱོར་བ་འདིས། །སྤྲོས་བཤད་གཞུང་བརྒྱའི་མན་ངག་སྙིང་པོར་བསྡུས། །རྩོམ་བྱེད་བློ་དམན་བརྩོན་འགྲུས་ཆུང་ངུ་དང་། །རྩོམ་བྱ་དོན་ཟབ་བསྟོད་པའི་རྣམ་འགྲེལ་གཉིས། །བྱ་བྱེད་འབྲེལ་ཆོས་སྦྱོར་བ་མི་རིགས་ཀྱང་། །དོན་ཆུང་བྱིས་པའི་ཐལ་རྩེད་བཏང་བར་ཟད། །འོན་ཀྱང་ཚེར་མའི་ཤིང་ལ་སྦྲང་རྩི་བཞིན། །བླང་འོས་ལེགས་པར་བཤད་པའི་ཆ་མཆིས་ན། །བློ་གསར་ཡིད་ཀྱི་ཡོལ་གོར་བདུད་རྩི་བཞིན། །གྱུར་ནས་རྣམ་པ་ཀུན་ཏུ་ཤིས་གྱུར་ཅིག །ཅེས་པའང་སྤྲུལ་པའི་སྐུ་འཛམ་གླིང་དབང་རྒྱན་གྱི་བཞེད་པ་ལྟར་མདོ་སྨད་ཀྱི་སྤྲང་སྨྱོན་ཆོས་སྨྲ་བ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་གསེར་ཤོད་བླ་མ་རོང་དུ་སྦྱར་བ་དགེ་ཤིང་བཀྲ་ཤིས། སརྦ་མངྒ་ལཾ།། ༈ །།སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །སྣང་སྟོང་


TN01_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མའི་ལྷ་སྐུར་ཡོངས་བཞེངས་པ། ཁྱབ་བདག་འཇམ་དཔལ་རྡོ་རྗེའི་ཞབས་པདྨོར། །བཏུད་ནས་བསྟོད་པའི་རྒྱལ་པོའི་བསྡུས་འགྲེལ་བྱ། །དེ་ལ་མ་ལུས་ཤིང་ལུས་པ་མེད་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཚན་གསོལ་བ་འཇམ་དཔལ་རིགས་དྲུག་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བསྟོད་པ་ཡེ་ཤེས་ཡོན་ཏན་བཟང་པོའི་དོན་བསྡུས་ཏེ་འཆད་པ་ལ། ཐུགས་ཆེན་པོ་གསུམ་ལྡན་གྱི་ཆེ་བ་བཤད་པ། གསུང་རྣམ་པ་ཐམས་ཅད་པའི་ཡོན་ཏན་བསྔགས་པ། སྐུ་མཚན་དཔེ་གསལ་རྫོགས་ཀྱི་འཕགས་ཆོས་བསྟན་པ་དང་གསུམ་ལས། དང་པོ་ལ། སྤོང་བ་ཆེན་པོ། རྟོགས་པ་ཆེན་པོ། སེམས་ཆེན་པོ་བཤད་པ་དང་གསུམ་ལས། དང་པོ་ནི། འཕགས་མཆོག་གང་གི་བློ་གྲོས་ནི་སྒྲིབ་གཉིས་ཀྱི་དྲི་མ་ཉེས་སྐྱོན་མཐའ་དག་དང་བྲལ་བ་སྟེ་འདི་ལྟར་སེམས་ཀྱི་རང་བཞིན་ནི་རང་གི་ངང་གིས་རྣམ་པར་དག་པ་འོད་གསལ་བ་ཡིན་ལ། དེ་སྒྲིབ་བྱེད་ཀྱི་དྲི་མ་རྣམས་ནི་གློ་བུར་བ་ཡིན་པ་དང་དེ་ཟློག་བྱེད་ཀྱི་ཐབས་རྣལ་མ་ནི་སྟོང་ཉིད་རྟོགས་པའི་ལྟ་བ་ཡིན་ཞིང་འཕགས་མཆོག་འདིས་གང་གཱའི་ཀླུང་བདུན་གྱི་བྱེ་བའི་གྲངས་དང་མཉམ་པའི་བསྐལ་པར་ཟབ་མོའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ཐབས་ཟབ་མོ་བསྒྲུབ་པ་མཐར་ཕྱིན་པའི་ཕྱིར་རོ། །དེ་ལ་སྒྲིབ་པ་གཉིས་གང་ཞེ་ན། འདི་ལ་སྤྱིར་གྲུབ་མཐའི་བཞེད་ཚུལ་མང་ཡང་འདིར་ནི་གང་ཟག་གི་བདག་འཛིན་རྩ་བར་གྱུར་པའི་ཆགས་སོགས་


TN01_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་མཐའ་དག་ཉོན་སྒྲིབ། ཆོས་ཀྱི་བདག་འཛིན་རྩ་བར་གྱུར་པའི་ཟག་མེད་ཀྱི་ཆོས་ལ་སྲེད་པ་སོགས་ཤེས་བྱའི་སྒྲིབ་པར་འཇོག་གོ། །དེ་ལྟར་ཡེ་ཤེས་ཁྱད་པར་ཅན་ལ་བརྟེན་ནས་སྒྲིབ་པའི་ཚོགས་ཐམས་ཅད་དང་བྲལ་བའི་ཆ་ནི་ངོ་བོ་ཉིད་སྐུ་སྟེ་ཉི་མ་སྤྲིན་དང་བྲལ་བའི་ཆ་བཞིན་ནོ། །གཉིས་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་དྭངས་པའི་མཁའ་ལ་ཤར་བའི་ཉི་མ་ལྟར་རྣམ་དག་རབ་ཏུ་གསལ་བས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཇི་སྙེད་པའི་དོན་ཀུན་ཇི་བཞིན་པར་མ་འདྲེས་ཅིག་ཆར་དུ་མཁྱེན་པའོ། །འདི་ནི་ཐེག་ཆེན་པའི་ལུགས་ཡིན་པས་ཐེག་དམན་པ་ཁ་ཅིག་ལྟར་ན་ཆོས་གང་གཟིགས་པར་བཞེད་ཀྱང་བཞེད་པ་ཙམ་གྱིས་དེ་ཉིད་མཁྱེན་པ་མ་གཏོགས་ཅིག་ཆར་དུ་མཁྱེན་པར་མི་འདོད་དོ། །ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་མེད་དེ་ལ་བརྟེན་ནས་སྐྱེ་བོ་མཐའ་དག་ལ་རྣམ་པར་གྲོལ་བའི་ལམ་ཟབ་མོ་ནམ་མཁའ་ལྟ་བུ་དང་། རྒྱ་ཆེ་བ་གཞལ་མེད་ཁང་ཆེན་ལྟ་བུའི་ཚུལ་སྟོན་པ་མཚོན་ཕྱིར། ཉིད་ཀྱི་ཐུགས་ཀར་བརྒྱད་སྟོང་པའི་གླེགས་བམ་འཛིན་པའོ། །གསུམ་པ་ནི། སེམས་ཅན་གང་དག་ཟག་བཅས་ཉེར་ལེན་གྱི་ཕུང་པོའམ་འཁོར་བའམ་སྲིད་པའི་བརྩོན་རར་མ་རིག་པའི་མུན་པར་འཐུམ་པ། ཞེས་མ་རིག་པའི་ངོས་འཛིན་ལ་ཁ་ཅིག་ཉོན་མོངས་སྤྱི་མིང་དུ་འདོད་པ་དང་། རིག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཤེས་རབ་མ་ཡིན་པའི་སེམས་བྱུང་ཞིག་ལ་འདོད་པ་སོགས་ལུགས་


TN01_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཡང་འདིར་ནི་འཇིག་ལྟ་ལ་བཞེད་དོ། །དེ་ཉིད་མུན་པ་དང་མཚུངས་ཏེ་མུན་པས་གཟུགས་མཐོང་བ་ལ་གེགས་བྱེད་པ་ལྟར་འདིས་ཀྱང་གནས་ལུགས་མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། །དེ་ཡི་དབང་གིས་ཟག་བཅས་ཀྱི་ལས་བསགས་པ་ལ་བརྟེན་ནས་མེད་བཞིན་དུ་སྣང་བའི་སྡུག་བསྔལ་གྱིས་ཀུན་ཏུ་གཟིར་ཞིང་སྐྱེ་ཤིའི་འཕྲང་ལ་ཡང་དང་ཡང་དུ་བརྒྱུད་ཅིང་རྒྱུ་བའི་འགྲོ་ཚོགས་ཀུན་ལ་མ་གཅིག་པུའི་བུ་གཅིག་ལྟར་བརྩེ་བ་སྟེ་དེ་ཡང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །གཉིས་པ་ལ། གསུང་གི་ངོ་བོ་དང་བྱེད་ལས་བསྟན་པ་ལ་གཉིས་ལས། དང་པོ་ནི། ཉན་པར་འདོད་པ་དང་རྣ་བར་སྙན་པ་ལ་སོགས་ཡན་ལག་དྲུག་ཅུའི་བདག་ཉིད་ཀྱི་དབྱངས་གཅིག་ཉིད་འགྲོ་བ་སོ་སོའི་ཁམས་དབང་བསམ་པ་སྐད་ཀྱི་བྱེ་བྲག་དང་མཐུན་པར་གོ་བའི་ཆེ་བ་དང་ལྡན་པའི་གསུང་དཔེར་ན་ནམ་མཁའི་ཁམས་སུ་འབྲུག་གི་སྒྲ་དྲག་ཏུ་ལྡིར་བ་ལྟར་འཇིགས་ཤིང་ཞུམ་པ་མེད་པར་ཆེས་ཆེར་སྒྲོག་པའོ། །གཉིས་པ་ནི། དེའི་མཐུས་གདུལ་བྱ་རྣམས་སྡུག་བསྔལ་མཐའ་དག་གི་རྩ་བར་གྱུར་པའི་ཉོན་མོངས་ཀྱི་གཉིད་སྟུག་པོ་ལས་སློང་ཞིང་དེ་ལས་བྱུང་བའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ་གྱིས་བསྡུས་པའི་ལྕགས་སྒྲོག་དམ་པོ་འགྲོལ་བར་མཛད་ཅིང་། སྲིད་རྩ་དྲུང་འབྱིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པའི་ཚུལ་བརྗོད་བྱར་


TN01_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལ་བརྟེན་ནས་དེའི་སྤང་བྱ་བདག་འཛིན་མ་རིག་པའི་མུན་པ་སེལ་བ་དང་འབྲས་བུ་ཟག་བཅས་ཀྱི་ཚོར་བ་བདེ་བའམ་འགྱུར་བའི་སྡུག་བསྔལ་དང་ཚོར་བ་སྡུག་བསྔལ་དྲག་པོའམ་སྡུག་བསྔལ་གྱི་སྡུག་བསྔལ་དང་ཉེར་ལེན་གྱི་ཕུང་པོའམ་འདུ་བྱེད་སྡུག་བསྔལ་ཏེ་ཀུན་འབྱུང་གི་ས་བོན་ལས་བསྐྱེད་པའི་སྡུག་བསྔལ་གསུམ་གྱི་མྱུ་གུ་ཇི་སྙེད་པ་གཅོད་པར་མཛད་པ་མཚོན་ཕྱིར་ཕྱག་གཡས་ན་རལ་གྲི་བསྣམས་པའོ། །གསུམ་པ་ནི། རང་བཞིན་གཞིའི་འཇམ་དཔལ་སྤྲོས་པ་ཀུན་བྲལ་གྱི་ཆོས་ཉིད་གདོད་ནས་དག་པའི་དོན་དེ་ཉིད་མངོན་བྱེད་ལམ་གྱི་འཇམ་དཔལ་བར་ཆད་མེད་ལམ་གྱིས་རང་གི་ངོ་སྐལ་དུ་གྱུར་པའི་སྤང་བྱ་སྤོང་ཞིང་། སྤང་བའི་ཡེ་ཤེས་རྣམ་གྲོལ་ཏེ་ལམ་གཉིས་ཀྱིས་བསྡུས་པའི་མཉམ་བཞག་དང་ལྡན་པའི་རབ་དགའ་ལ་སོགས་པ་ས་བཅུའི་མཐར་སོན་ནས་མཐར་ཕྱིན་འབྲས་བུའི་འཇམ་དཔལ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོའི་ལུས་ཡོངས་སུ་རྫོགས་ཤིང་གདུལ་བྱའི་སྣང་ངོར་རྒྱལ་སྲས་ཐུ་བོའི་གཟུགས་སུ་སྣང་བ་ལ་ལས་དག་པ་ལ་སྣང་བའི་འཇམ་དཔལ་ཏེ། དེའི་སྐུ་ཕྱག་ཞབས་འཁོར་ལོས་མཚན་པ་དང་། རུས་སྦལ་ལྟ་བུའི་ཞབས་དང་། སོར་མོ་དྲྭ་བས་འབྲེལ་བ་སོགས་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དེ་ལ་དག་པ་དང་གསལ་བ་དང་། གནས་ན་གནས་པ་སོགས་ཀྱིས་ཁྱད་པར་བྱས་པ་དང་། སེན་མོ་ཟངས་མདོག་དང་། མདོག་


TN01_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྣུམ་པ་དང་། མཐོ་བ་དང་། སོར་མོ་ཟླུམ་པོར་རྒྱས་པ་སོགས་ནང་གི་ཡོན་ཏན་གྱི་དཔེ་ལྟ་བུ་ཕྱིར་གསལ་བའི་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ་སྐུའི་ཡོན་ཏན་བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི་རྒྱན་གྱིས་སྤྲས་པ་ལྷ་མཆོག་སྤོབས་པའི་གཏེར་བརྒྱད་རབ་ཏུ་སྩོལ་བས་བདག་གི་བློ་ཡི་བརྗེད་ངས་དང་རྨོངས་པ། །རྒོལ་བ་ངན་པ་སོགས་མི་མཐུན་ཕྱོགས་བརྒྱད་ཀྱི་མུན་པ་སེལ་བར་མཛད་པ་འཇམ་དབྱངས་མགོན་པོ་ཁྱོད་ལ་འདུད། ཅེས་པའོ། །འདིར་སྨྲས་པ། བསམ་གྱིས་མི་ཁྱབ་འཕགས་པའི་རྣམ་ཐར་དོན། །སྙན་འགྱུར་ངག་གི་རྒྱུད་དུ་བླང་བ་ལས། །དགེ་ལེགས་སྣང་བ་བྱེ་བས་འཇིག་རྟེན་ཁྱོན། །འགོག་མེད་ཀུན་ཏུ་ཁྱབ་པའི་ཤིས་པ་སྩོལ། །ཅེས་པའང་གཞོན་ནུ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་འཇིག་བྱེད་དུས་དགྲའི་ཕོ་བྲང་གི་ཡང་ཐོག་འཕགས་མཆོག་བྱེ་བའི་འདུན་སར་ཡིད་ཙམ་ལ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་་བཙུན་པ་བློ་གྲོས་བཟང་པོས་བགྱིས་པའོ། །མངྒ་ལཾ།། །།


previousདཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ།next