Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོ་ཞེས་བྱ་བའི་གཞུང་དོན་བསྡུས་ཤིང་གོ་སླ་བའི་ཚུལ་གྱིས་རྣམ་པར་འགྲེལ་བ།
   


 
previousཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོ་ཞེས་བྱ་བའི་གཞུང་དོན་བསྡུས་ཤིང་གོ་སླ་བའི་ཚུལ་གྱིས་རྣམ་པར་འགྲེལ་བ།next

ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོ་ཞེས་བྱ་བའི་གཞུང་དོན་བསྡུས་ཤིང་གོ་སླ་བའི་ཚུལ་གྱིས་རྣམ་པར་འགྲེལ་བ།


TN01_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོ་ཞེས་བྱ་བའི་གཞུང་དོན་བསྡུས་ཤིང་གོ་སླ་བའི་ཚུལ་གྱིས་རྣམ་པར་འགྲེལ་བ་ཞེས་བྱ་བ་བཞུགས་སོ། །


TN01_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ཞིག་ཉམ་ཐག་སྲིད་པའི་མ་རྒན་འགྲོ། །བྱང་ཆུབ་ཞི་བ་མཆོག་ཏུ་བཀྲི་བའི་ཕྱིར། །ཕན་བཞེད་སྙིང་རྗེ་ཁོ་ནའི་ཆོས་སྟོན་པ། །ཐུབ་དབང་ལྷ་ཡི་ལྷར་གྱུར་དེས་སྐྱོངས་ཤིག །རྒྱལ་ཀུན་མཁྱེན་གཉིས་ཡེ་ཤེས་སྒྱུ་མ་མཆོག །རྒྱལ་སྲས་ཐུ་བོའི་གཟུགས་སུ་མངོན་སྣང་བ། །འཇམ་དཔལ་གྲགས་པ་མཐའ་ཡས་ཞབས་པདྨོར། །མི་ཕྱེད་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ། །འདི་ན་སྐྱེས་སྦྱངས་བློ་གྲོས་དམན་པ་བདག །བསྟན་བཅོས་རྩོམ་པའི་སྐལ་བཟང་མ་མཆིས་མོད། །སྐལ་དམན་རང་དང་མཉམ་པའི་བློ་ཅན་དག །ཆོས་གཏམ་བྲེ་མོའི་ཟོལ་གྱིས་དགའ་བར་བྱ། །དེ་ལ་འདིར་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་


TN01_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོ་ཞེས་བྱ་བའི་གཞུང་དོན་བསྡུས་ཤིང་གོ་སླ་བའི་ཚུལ་གྱིས་རྣམ་པར་འགྲེལ་བ་ལ། སྤྱི་དོན་གསུམ་སྟེ། ཀླད་ཀྱི་དོན། གཞུང་གི་ལུས། མཇུག་གི་བྱ་བ་བསྟན་པའོ། །དང་པོ་ནི། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་དང་། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས་བཤད་པ་ལྟར་དུས་གསུམ་གྱི་རྒྱལ་བ་ཚད་མེད་པ་ཀུན་དང་པོར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་མ་བསྐྱེད་པའི་དུས་སུ། དེ་བཞིན་གཤེགས་པའི་རིགས་ཀྱི་ས་བོན་དམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རྩ་བ་ཐོག་མར་བཙུགས་པ་ནས་བཟུང་སྟེ་བྱང་ཆུབ་སྤྱོད་པའི་གཏམ་སྟོན་པ་དང་། སྨོན་ལམ་ཆེན་པོའི་དྲ་བ་ཐམས་ཅད་དུ་བཙུད་པའི་སྒོ་ནས་


TN01_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་བསྐྱེད་པའི་ཡབ་ཉག་གཅིག་ཏུ་གྱུར་པས་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་ལ་སོགས་པར་སངས་རྒྱས་སུ་ཟིན་ནའང་གདུལ་བྱའི་དོན་དུ་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་པ། ཐུགས་སྙིང་རྗེའི་སྒོ་འཕར་སུམ་ཅུ་རྩ་གཉིས་ཀྱི་མངའ་བདག་ཆེན་པོ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་གྲོལ་བར་བྱ་བའི་ཐབས་ཚུལ་མ་ལུས་པ་རྫོགས་པར་མཁྱེན་པའི་མཁྱེན་རབ་ཀྱི་རལ་གྲི་རྣོན་པོས་ཀུན་སྦྱོར་ཉེས་པའི་འཆིང་བ་མཐའ་དག་ཀུན་ནས་གཅོད་པའི་བྱེད་ལས་ཅན། ཁམས་གསུམ་གྱི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་ཕུལ་དུ་བྱུང་བའི་ཡེ་ཤེས་ཀྱི་ནུས་མཐུས་འདོད་ལྷ་བདུད་སྡེ་ཚར་གཅོད་པར་མཛད་པ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་རིགས་གསུམ་སེམས་དཔའི་ཁྱུ་མཆོག་གི་གཟུགས་སུ་སྣང་བ་རྣམས་དོན་ལ་དབྱེར་མེད་པ་བླ་མ་འཇམ་དཔལ་དཔའ་བོས་བསྟན་བཅོས་རྩོམ་པ་མཐར་ཕྱིན་པ་དང་འདི་ལ་བསྟེན་ནས་གཞན་ཕན་རླབས་པོ་ཆེ་འགྲུབ་པའི་ཕྱིར་བྱིན་གྱིས་བརླབས་པས་སྐྱོངས་ཤིག་ཅེས་པའོ། །གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ་ཡང་དག་པ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་རྨད་དུ་བྱུང་བ་ནི། མདོ་ལས། །བཅོམ་ལྡན་འདས་གང་ལ་མགོ་མཆིས་པ་དེ་ལ་


TN01_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་མཆིས་སོ། །གང་ལ་བྱང་ཆུབ་ཀྱི་སེམས་མཆིས་པ་དེ་ལ་སངས་རྒྱས་མཆིས་སོ། །གང་ལ་སྙིང་རྗེ་ཆེན་པོ་མཆིས་པ་དེ་ལ་བྱང་ཆུབ་ཀྱི་སེམས་མཆིས་སོ། །ཞེས་གསུངས་པ་ལྟར། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འབའ་ཞིག་ཡིན་ལ་དེའི་ཕྱིར་དེ་ཉིད་ནི་མ་ལུས་འགྲོ་བའི་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་ལེགས་ཚོགས་མཐའ་དག་གི་རྒྱུ་གཅིག་པུའང་ཡིན་ཏེ། རྣམ་པར་དཀར་བའི་ཡོན་ཏན་ལ་རྒྱལ་བའི་ཕྲིན་ལས་ཀྱིས་ཁྱབ་ཅིང་རྒྱལ་བའི་ཕྲིན་ལས་ལ་བདག་རྐྱེན་ཐུན་མོང་མ་ཡིན་པར་གྱུར་པ་ནི་རྒྱལ་བ་ཉིད་ཡིན་པའི་ཕྱིར་དང་། རྒྱལ་བ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་འཁྲུངས་པའི་ཕྱིར་ཏེ། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སོ། །དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་བསླབ་པ་ཐམས་ཅད་མདོར་བསྡུ་ན། བརྒྱུད་པའི་ཁུངས་དང་། ཕན་ཡོན་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཇི་ལྟར་སྡོམ་པ་བླང་བའི་ཚུལ་དང་། བསླབ་བྱ་དངོས་དང་རྣམ་པ་བདུན་ཡིན་ནོ། །གཉིས་པ་ལ་བདུན་ལས། དང་པོ་བརྒྱུད་པ་ཁུངས་ཀྱི་ཆེ་བ་ནི། འདི་ལྟར་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ས་གསུམ་གྱི་བླ་མ་དེས་ཐོག་མར་སངས་རྒྱས་ཤཱ་ཀྱ་ཐུབ་པ་ཆེན་པོར་ཐུགས་བསྐྱེད། དེ་ནས་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཡེ་ཤེས་ཆོས་སྐུའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡེ་ཤེས་ཀྱི་ཚོགས་དང་། གཟུགས་སྐུའི་ཐུན་མོང་


TN01_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་བདག་རྐྱེན་བསོད་རྣམས་ཀྱི་ཚོགས་རྒྱ་ཆེར་བསགས་ཏེ། དེའང་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་གཉིས་རྒྱ་ཆེན་པོའི་དོད་ཐུབ་བསགས་པ་ཡིན་གྱི། གྲངས་མེད་གསུམ་གྱི་བསྐལ་ཡུན་དངོས་སུ་འགྲོ་དགོས་པ་མ་ཡིན་ཏེ། གསང་ཆེན་ཐབས་ལ་མཁས་པའི་མདོར། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་པོ་བསད་པས་བསྐལ་པ་འབུམ་གྱི་ཚོགས་རྫོགས་པར་བཤད་པ་དང་། ས་བཅུ་པར། མ་དག་ས་བདུན་དུ་བསྐལ་པ་དུ་མར་གསོག་མི་ནུས་པའི་ཚོགས་རྒྱ་མཚོ་དག་པ་ས་གསུམ་དུ་སྐད་ཅིག་སྐད་ཅིག་ལ་གསོག་པར་བཤད་པ་དང་། འཕགས་པ་ཐོགས་མེད་ཀྱིས་ཀྱང་དེ་ལྟར་ས་སྡེ་ལས་བཤད་པའི་ཕྱིར་རོ། །དེ་ལ་ཚོགས་བསགས་པའི་ཚུལ་ནི་སངས་རྒྱས་བྱེ་བ་ཕྲག་མང་པོ་ལ་བསྙེན་བཀུར་བ་སྟེ། བཀུར་ཚུལ་ནི། ཞབས་ཏོག་དང་ཟང་ཟིང་ཉི་ཚེ་ཙམ་དུ་མ་ཟད་ཀྱི་བྱང་ཆུབ་སེམས་དཔའི་དགེ་བ་མཐའ་ཡས་པ་ཐམས་ཅད་དེ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བའི་མཆོག་ནི་སྒྲུབ་པའི་ནན་ཏན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་སྦྱིན་ཚུལ་བཟོད་པ་གསུམ་བསོད་ནམས་ཀྱི་ཚོགས་ཀྱི་བསྙེན་བཀུར་དང་། བསམ་ཤེར་ཡེ་ཤེས་ཚོགས་ཀྱི་བསྙེན་བཀུར། བརྩོན་འགྲུས་གཉིས་ཀའི་ཕྱོགས་དང་འབྲེལ་བའི་བསྙེན་བཀུར་རམ། སྦྱིན་སོགས་ཕར་ཕྱིན་སྔ་མ་ལྔ་བསོད་ནམས་དང་ཕྱི་མ་ཡེ་ཤེས་ཚོགས་ཀྱི་བསྙེན་ཀུར་དུ་རིམ་བཞིན་འཇུག་པ་དང་མདོ་རྒྱན་ནས་བཤད་པ་ལྟར་ཚོགས་གཉིས་དེ་འདྲ་བའི་སྒོ་ནས་བྱང་ཆུབ་ཆེན་པོར་སྨོན་ལམ་གྱི་ཚོགས་རྒྱ་མཚོའི་རྩལ་ཡོངས་སུ་རྫོགས་ཤིང་། ཐུགས་བསྐྱེད་ཇི་འདྲ་བས་ཡོངས་སུ་བཟུང་བ་ལྟར་སངས་རྒྱས་ཀྱི་ཡོན་ཏན་བཀོད་པ་འབྱོངས་


TN01_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་གྲུབ་པ་དང་། རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་སྨིན་པར་མཛད་པ་སྟེ་རྫོགས་སྨིན་སྦྱངས་གསུམ་ཕུལ་དུ་སོན་པའི་མཐར་ཇི་ལྟར་སྔོན་བཅོམ་ལྡན་འདས་ཉིད་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་སེམས་ཅན་བསྐལ་བ་ངན་པ་རྣམས་ཀྱི་དོན་དུ་མ་དག་པའི་ཞིང་ཁམས་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་དུས་སུ་སྨིན་པ་ལས་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་བསྐལ་པ་མར་འགྲིབ་པ་སྙིགས་མ་ལྔ་བདོ་བ་སྟེ། སྲོག་རྒུད་པའི་ཚེའི་སྙིགས་མ་དང་། ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་པའི་སྙིགས་མ་དང་། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ་དང་། ལུས་རྒུད་པ་སེམས་ཅན་གྱི་སྙིགས་མ་དང་། ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ་སྟེ། སྙིགས་མ་ལྔ་པོ་བདོ་བའམ་རྒྱས་པ་མི་རྣམས་ཚེ་ལོ་བརྒྱ་པའི་དུས་ཀྱི་གནས་སྐབས་སུ། མི་མཇེད་ཀྱི་སྟོང་ཆེན་པོའི་བྱེ་བྲག་གླིང་བཞི་བར་མའི་འཇིག་རྟེན་གྱི་ཁོངས་སུ་གཏོགས་པའི་ལྷོ་གླིང་ཤིང་ཛམ་བུའི་འབྲས་བུ་དང་མཚོ་ཆེན་པོ་མ་དྲོས་པའི་རྒྱུ་རྐྱེན་ལས་རིན་པོ་ཆེ་གསེར་གྱི་ཁམས་ཡོངས་སུ་དག་པ་འབྱུང་བའི་ཡོན་ཏན་གྱི་སྒོ་ནས་མིང་དུ་བཏགས་པ་འཛམ་བུའི་གླིང་ཞེས་གྲགས་པའི་སའི་ཐིག་ལེ། དབུས་འགྱུར་འཆང་རྡོ་རྗེ་གདན་གྱི་དབུས། བྱང་ཆུབ་ཤིང་གི་རྩ་བ་ལ་བརྟེན་ཏེ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག །ཐོ་རང་རིག་པ་གསུམ་མངོན་དུ་མཛད་དེ། སླར་ཡང་གདུལ་བྱའི་དོན་དུ་སྨོན་ལམ་སྦྱངས་པ་མཐར་སོན་པའི་སྟོབས་ཀྱིས་རང་ཉིད་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་སྤྱོད་ཡུལ་གྱི་ཚུལ་དང་མཐུན་པར། རྟོགས་དོན་གཞན་ལ་འདོམས་པའི་སྒོ་ནས་ཉན་རང་བྱང་སེམས་ཏེ་ཐེག་པ་གསུམ་གྱིས་གདུལ་


TN01_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་རིགས་ཅན་རྣམ་པ་གསུམ་གྱི་གདུལ་བྱ་རྣམས་རྗེས་སུ་བཟུང་བའོ། །དེའང་རྟོགས་དོན་གཞན་ལ་འདོམས་པ་ཞེས་པ་ནི་གཙོ་བོར་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་འཁོར་ལོ་དང་པོ་བདེན་པ་བཞིའི་ཆོས་འཁོར་དང་ཐེག་ཆེན་ཐུན་མོང་མ་ཡིན་པའི་རིགས་ཅན་གྱི་གདུལ་བྱ་དབང་རྣོན་རྗེས་སུ་གཟུང་བའི་ཕྱིར་འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐེག་ཆེན་ཐུན་མིན་གྱི་གདུལ་བྱ་དབང་རྟུལ་རྗེས་སུ་བཟུང་བའི་ཕྱིར་འཁོར་ལོ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཉིད་ཡིན་ལ། དེ་དག་ཆོས་འཁོར་དུ་འཇོག་པའི་རྒྱུ་མཚན་དང་འཁོར་ལོ་གསུམ་གྱི་རྣམ་བཞག་མཐའ་ཆོད་པར་ནི་མཛོད་དང་ས་སྡེ་ལ་སོགས་པ་ལས་ཞིབ་ཏུ་ཤེས་པར་བྱའི། འགྲེལ་ཆུང་གི་ཡིག་བྱང་ཉི་ཚེའི་ལོགས་སུ་འགོད་པ་སྐབས་སུ་མ་བབ་པ་ཉིད་དོ། །དེ་ལྟར་སྟོན་པས་ཆོས་འཁོར་བསྐོར་ཞིང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཞིག་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཞིང་བྱང་ཆུབ་ལ་བཀོད་དེ། སྤྱིར་བྱང་ཆུབ་ལ་ཐེག་པ་གསུམ་གྱི་དབྱེ་བས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་རིགས་གསུམ་ཡོད་པར་མཛོད་ནས་བཤད་ཀྱང་སྐབས་འདིར་བསྟན་ནི་བྱང་ཆུབ་ཆེན་པོ་ཡིན་པར་མངོན་ནོ། །རྒྱལ་སྲས་ལུང་བསྟན་པ་དེར་ཡང་མ་ཟད་བསྟན་པའི་རྒྱུན་རྗེས་འཇུག་ཕྱི་མ་རྣམས་ཀྱི་དོན་དུ་གནས་བརྟན་ཆེན་པོ་བཅུ་དྲུག་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཆོས་ཀྱི་མཛོད་གཉེར་དུ་གཏད་ཅིང་། ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་བྱམས་པ་གསུམ་ལ་བཀའི་བསྡུ་བ་མཛད་པར་གསུང་གིས་བསྒོས། རྒྱལ་ཚབ་ཤིང་རྟའི་སྲོལ་འབྱེད་གཉིས་ལ་སོགས་པ་འབྱུང་འགྱུར་དུ་ལུང་ཡང་བསྟན་ཏོ། །


TN01_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་བཤད་མ་ཐག་པའི་ཐེག་ཆེན་གྱི་སྡེ་སྣོད་གཏད་ཚུལ་དེ་ཉིད་སྒྲས་ཟིན་དུ་བྱུང་བ་ནི། ས་བཅུའི་དབང་ཕྱུག་སེམས་དཔའ་མཆེད་གཉིས་ལ། བསྟན་པ་གཏད་ནས་ཞེས་པའོ། །འཕགས་པ་ཀུན་ཏུ་བཟང་པོ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱི་བཀའི་བསྡུ་བ་པོར་རྟོག་གེ་འབར་བ་ནས་བཤད་མོད་ཀྱི་འདིར་ནི་ཤིང་རྟ་ཆེན་པོ་གཉིས་ཀྱི་ལྷག་པའི་ལྷའི་ངེས་བཟུང་གི་དབང་དུ་མཛད་པར་སྣང་ངོ། །སྟོན་པས་སངས་རྒྱས་ཀྱིས་མཛད་པ་ཡོངས་སུ་རྫོགས་ཤིང་མྱ་ངན་ལས་འདའ་བ་ཆེན་པོའི་ཚུལ་བསྟན་པའི་འོག་ཏུ་སྲས་ཀྱི་ཐུ་བོ་ཞེས་པ་རྒྱ་ཆེར་རོལ་པ་ལས། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་བྱང་ཆུབ་སེམས་ཀྱི་གཏེར་དང་ཞེས་གསུངས་པ་ལྟར། ཐམས་ཅད་མཁྱེན་པའི་ཡེ་ཤེས་དངོས་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གང་ལ་མངའ་བའི་བྱང་སེམས་རྣམས་ཁོ་ན་སངས་རྒྱས་ཀྱི་སྲས་ཡིན་གྱི་ཉན་རང་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་དཀོན་མཆོག་བརྩེགས་པའི་མྱ་ངན་མེད་ཀྱི་བྱིན་པས་ཞུས་པར་དཔེ་དང་བཅས་ཏེ་གསུངས་ལ། དེ་དག་གི་ཡང་ཐུ་བོར་གྱུར་པ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་འོད་ཟེར་ཆེན་པོའི་དབང་བསྐུར་བ། སངས་རྒྱས་ཀྱི་སྐུའི་ཁ་དོག་མཐའ་ཡས་པ་སྒྲུབ་པའི་གཟུངས་སོགས་བྱང་ཆུབ་སེམས་དཔའི་གསང་བ་མཐའ་དག་གི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། དེ་ལྟ་བུའི་ཆེ་བའི་བདག་ཉིད་མཚུངས་པ་མེད་པ་འཇམ་དཔལ་གཞོན་ནུ་ཡིས་ནི། རྔ་བོ་ཆེ་དང་སྤྲིན་ཆེན་པོའི་མདོ་ལ་སོགས་པར་རྒྱལ་བས་འབྱུང་བར་ལུང་བསྟན་པ་འཕགས་མཆོག་ཀླུ་སྒྲུབ་ཞབས་དང་། རྒྱལ་སྲས་མཚུངས་མེད་སློབ་དཔོན་ཞི་བ་ལྷ་རྗེས་སུ་བཟུང་སྟེ་གཙོ་བོར་ཟབ་མོ་ལྟ་བའི་ལམ་སྲོལ་


TN01_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བར་མཛད་ཅིང་ས་བཅུའི་དབང་ཕྱུག་རྒྱལ་ཚབ་ཆེན་པོ་མ་ཕམ་པས་ནི་སློབ་དཔོན་ཤིང་རྟ་ཆེན་པོ་ཐོགས་མེད་རྗེས་སུ་བཟུང་སྟེ་བྱམས་པའི་ཆོས་སྡེ་ལྔ་ཞེས་རྣལ་འབྱོར་སྤྱོད་པའི་ལུགས་རྩལ་དུ་འདོན་པ་མདོ་སྡེ་རྒྱན་དང་འབྱེད་གཉིས། དབུ་མའི་ལྟ་བ་སྟོན་པ་མངོན་རྟོགས་རྒྱན་དང་རྒྱུད་བླ་མ་རྣམས་བཤད་པ་ཡིན་ནོ། །དེ་སླད་བརྒྱུད་པའི་བཀའ་སྲོལ་གསུམ་དུ་འདོད་པ་ཡིན་ཏེ་ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་སྲོལ་དང་ཟབ་ཅིང་རྒྱ་ཆེ་ཟུང་འབྲེལ་གྱི་སྲོལ་རྣམ་པ་གསུམ་པོ་གོ་རིམ་གྱི་ངེས་པ་ལྟར་ལྟ་བ་དབུ་མ་རང་བཞིན་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་གཙོ་བོར་བསྟན་པ་དང་། རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་ཆེ་བ་ཕར་ཕྱིན་དྲུག་གི་ཕྱོགས་གཙོ་བོར་བསྟན་པ་དང་། ས་བཅུ་ལམ་ལྔས་བསྡུས་པའི་ཏིང་ངེ་འཛིན་སོགས་དྲོད་ཚད་ཀྱི་རིམ་པ་གཙོ་བོར་བསྟན་པ་སྟེ་སྲོལ་གསུམ་པོའི་རྣམ་བཞག་སློབ་དཔོན་གསུམ་སོ་སོའི་རང་རང་གཞུང་གིས་སྟོན་ཕྱིར་དེ་ལྟར་རོ། །དེའང་སྲོལ་དང་པོ་ལས་རྒྱ་ཆེ་བའི་སྤྱོད་ཕྱོགས་མི་སྟོན་པའང་མ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས་སྤྱོད་ཕྱོགས་བསྟན་པ་དང་མདོ་སྡེ་ཀུན་ལས་བཏུས་སུ་ཐེག་པ་ཆེན་པོའི་ལམ་གྱི་ལུས་རྒྱ་ཆེར་བསྟན་པ་བཞིན་ནོ། །སྲོལ་གཉིས་པ་ཟབ་མོའི་ལྟ་བ་མི་སྟོན་པའང་མིན་ཏེ། བསླབ་བཏུས་དང་སྤྱོད་འཇུག་ཏུ། ཐལ་འགྱུར་པའི་ལུགས་ཇི་ལྟ་བ་བཞིན་གྱི་ཟབ་མོའི་ཚུལ་བསྟན་པ་བཞིན་ནོ། །སྲོལ་གསུམ་པ་ལས་ཀྱང་ཕྱོགས་དེ་གཉིས་ཀ་རྒྱ་ཆེར་བསྟན་མོད་ཀྱི་འདིར་ནི་གཙོ་བོར་བསྟན་ཚུལ་ལས་ཡིན་ལ་འདི་ནི་སྲོལ་གསུམ་དང་ཤིང་རྟའི་སྲོལ་འབྱེད་དོན་མི་གཅིག་སྟེ། ཤིང་རྟའི་སྲོལ་འབྱེད་ནི་ཟབ་མོ་དབུ་མའི་སྲོལ་འབྱེད་འཕགས་པ་ཀླུ་


TN01_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་དང་། རྣལ་འབྱོར་སྤྱོད་པའི་སྲོལ་འབྱེད་སློབ་དཔོན་ཐོགས་མེད་གཉིས་གང་རུང་དགོས་པའི་ཕྱིར་ཏེ་རྒྱུ་མཚན་དང་མཐའ་དཔྱོད་རྒྱས་པར་གཞན་ནས་ཤེས་པར་བྱའོ། །དེ་ལྟར་བརྒྱུད་སྲོལ་ཚུལ་གསུམ་གྱི་མན་ངག་རྣམ་དག་བདུད་རྩིའི་ཆུ་ཀླུང་ལྟར་སྐྱེ་དགུ་རྣམས་ཀྱི་ཉེར་འཚོར་གྱུར་པ་ཐམས་ཅད་མཁྱེན་པའི་སྨོན་ལམ་གྱི་རྒྱ་མཚོ་ལས་བྱུང་ཞིང་རྒྱ་བོད་མཁས་གྲུབ་སྟོང་གི་འབབས་སྟེགས་ལས་ལེགས་པར་འོངས་པ་ཉིད་གང་གི་ཐུགས་ཡིད་བཞིན་འདོད་པ་འཇོ་བའི་མཁྱེན་རབ་ཀྱི་བུམ་པ་བཟང་པོར་ལེགས་པར་བསྐྱིལ་ནས་བསྐལ་བཟང་འགྲོ་བ་རྣམས་ལ་སྩོལ་མཁས་ཤིང་། གངས་ཅན་གྱི་ལྗོངས་སུ་ཚུལ་གཉིས་ཤིང་རྟའི་ལམ་སྲོལ་ཉི་མ་དང་ཟླ་བ་ལྟར་སྣང་བར་མཛད་པའི་བཀའ་དྲིན་བླ་ན་མ་མཆིས་པའི་བདག་ཉིད་ཆེན་པོར་གྱུར་པ་ནི་རྒྱལ་བའི་སྲས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་ཐུབ་པས་ལུང་བསྟན་པ་ཀུན་མཁྱེན་ཆོས་ཀྱི་རྗེ་དྲི་མེད་འོད་ཟེར་ཞབས་ཡིན་ནོ། །ཀུན་མཁྱེན་ཆོས་རྗེ་ལུང་བསྟན་པའི་རྒྱུད་སྡེའི་ཁུངས་ནི་འདྲེན་པ་ཡོད་མོད་ཀྱི་འདིར་སྐབས་སུ་མ་བབས་ལ། ངེས་དོན་ཤིང་རྟ་ཆེན་མོའི་འཇུག་ཏུ། རྔ་སྒྲ་དབྱངས་བཞིན་འཇིགས་མེད་གསུང་གི་རྗེས་འགྲོ་བས། །རི་རབ་མར་མེའི་རྒྱལ་མཚན་རྒྱལ་བ་དེ་འགྱུར་ཞེས། །དབུགས་ཆེན་འབྱིན་པ། ཞེས་གསུངས་པ་ལྟར་དབུ་སྟོད་ཞྭའི་ལྷ་ཁང་དུ་དེ་བཞིན་གཤེགས་པ་དང་རྒྱལ་ཚབ་མ་ཕམ་པ་ལས་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་ལ་བྱས་ན་


TN01_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དེའམ་སྙམ་མོ། །དེ་དག་ལས་རིང་བརྒྱུད་སྙན་ནས་སྙན་དུ་བརྒྱུད་པ་དང་ཉེ་བརྒྱུད་འཕགས་པ་ཐོགས་མེད་ཀྱིས་འགྲོ་འདུལ་གཏེར་བདག་གླིང་པ་དང་མགོན་པོ་ཀླུས་དཔལ་ལྡན་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷ་རྗེས་སུ་བཟུང་ཞིང་རྒྱལ་བ་ཀློང་ཆེན་ཞབས་ཀྱིས་ཀྱང་གཏེར་ཆེན་གཉིས་ཀ་ལ་དགོངས་པའི་གཏད་རྒྱ་མཛད་དེ་བྱིན་རྒྱུད་ཀྱི་ཕ་ཕོག་ཐོབ་པར་འགྱུར་བ་ཡིན་ནོ། །བསྟན་པའི་མངའ་བདག་གཏེར་ཆེན་རྣམ་པ་གཉིས་པོ་ནས་མཁན་ཆེན་ཆོས་དཔལ་རྒྱ་མཚོ་དང་། རྗེ་བཙུན་ལག་ན་རྡོ་རྗེ་ལ་སོགས་པ་ལས་རིམ་པར་བརྒྱུད་དེ་དངོས་ཅག་གི་དཔལ་ལྡན་རྩ་བའི་བླ་མའི་བར་དུ་བྱུང་བའོ། །སྤྱི་དོན་གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ། གཉིས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི་རྒྱས་པར་དབྱེ་ན་མུ་མཐའ་ཚད་མེད་ཅིང་རྣམ་གྲངས་བགྲངས་བ་ལས་འདས་པ་ཞིག་སྟེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །དེ་དག་མཐའ་ནི་རྒྱལ་བས་མི་གསུངས་སོ། །ཞེས་སོ། །དེ་ལྟ་ནའང་མདོར་བསྡུ་ན་རྣམ་པ་ལྔ་ཡིན་ཏེ། མིང་དོན་གནས་འགྱུར་བ། མི་དགེ་བའི་གཉེན་པོ་བྱེད་པ། དགེ་འབྲས་གོང་དུ་འཕེལ་བ། ངན་སོང་གི་སྒོ་འཕར་གཅོད་པ། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པ་སྟེ་ལྔའོ། །གཉིས་པ་ལ་ས་བཅད་ལྔ་ལས། དང་པོ་མིང་དོན་གནས་འགྱུར་ནི། གང་ཟག་འཁོར་བའི་སེམས་ཅན་


TN01_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡིན་ཀྱང་བྱང་ཆུབ་ཀྱི་སེམས་འདི་ལ་བརྟེན་ནས་རྒྱལ་བའི་སྲས་པོ་ཞེས་མིང་གི་ཅོད་པཎ་ཐོབ་པ་སྟེ། རྒྱལ་བའི་སྲས་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དེ་ནི་བྱང་ཆུབ་ཀྱི་སེམས་ཁོ་ནས་ཕྱེ་བའི་ཕྱིར་རོ། །མིང་གི་གྲགས་པ་ཙམ་དུ་མ་ཟད་དོན་དུ་ཡོན་ཏན་གྱིས་མཐོ་བའང་ཡིན་ཏེ། སྐྱེ་ཤི་ཟོ་ཆུན་གྱི་ཁྱུད་མོ་ལྟར་བརྒྱུད་ཅིང་། འཁོར་བའི་འདུ་བྱེད་ཀྱི་སྡུག་བསྔལ་ཆེན་པོའི་བརྩོན་རར་ཉོན་མོངས་པའི་འཆིང་བས་བཅིང་ཞིང་། བདག་ལྟའི་བཙོན་སྲུང་གིས་བསྲུངས་པའི་ཉམ་ཐག་བཙོན་བུ་འདྲ་བ་དེ་སོ་སོའི་སྐྱེ་བོའི་གནས་སྐབས་མ་བཏང་བཞིན་དུ་བྱང་ཆུབ་སེམས་སྐྱེས་པའི་མོད་ལ་སྐད་ཅིག་གཅིག་གི་བྱེ་བྲག་གིས་འཇིག་རྟེན་ལྷར་བཅས་པའི་འགྲོ་བ་མཐའ་དག་གི་ཕྱག་གི་ཡུལ་དུ་འགྱུར་ཏེ། སྤྱོད་འཇུག་ལས། ལྷ་དང་དྲང་སྲོང་རྣམས་ཀྱང་རུང་། །ཚངས་པ་ལའང་འདི་ཡོད་དམ། །ཞེས་གསུངས་པ་ལྟར། འཇིག་རྟེན་ཐམས་ཅད་ལས་བསོད་ནམས་ཀྱི་གཟི་བརྗིད་ཆེན་པོས་མངོན་པར་འཕགས་པའི་ཕྱིར་ཏེ། བསོད་ནམས་འཕེལ་ཚུལ་ནི་འོག་ཏུ་སྟོན་ཏོ། །གཉིས་པ་མི་དགེའི་གཉེན་པོ་བྱེད་པ་ནི། མཛོད་ལས། དེའང་ངེས་དང་མ་ངེས་དང་། །ཞེས་སོགས་ཀྱི་སྐབས་ནས་རྒྱ་ཆེར་འབྱུང་བ་ལྟར། སྡིག་པ་ལ་མྱོང་བར་ངེས་པ་དང་མ་ངེས་པ་གཉིས། དང་པོ་ལ། མཐོང་ཆོས་ཚེ་འདི་ལ་མྱོང་འགྱུར་དང་། སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་སྟེ་གསུམ་ཡོད་ཅིང་དེ་


TN01_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཁྱད་པར་ཡང་བྱེ་མདོའི་ལུགས་མི་འདྲ་བ་དང་། ཕྱི་མ་ལ་གནས་སྐབས་དང་རྣམ་སྨིན་གྱི་སྒོ་ནས་མུ་བཞི་བརྩི་མི་བརྩིའི་དགག་བཞག་སོགས་ཡོད་དེ། མདོར་ན་ངེས་མ་ངེས་ནི་མྱོང་ངེས་ཡིན་མིན་གྱི་སྟེང་ནས་དབྱེའོ། །དེ་དག་ལས་ངེས་པའི་སྡིག་པ་རྣམས་བྱང་ཆུབ་སེམས་འདིས་ཟིལ་གྱིས་གནོན་པ་སྟེ། སེམས་དེ་མ་བརྗེད་ཀྱི་བར་དུ་ངན་འགྲོར་དབང་མེད་དུ་མི་མཆི་བའི་དོན་ཡིན་གྱི་སེམས་བསྐྱེད་སྐྱེས་མྱོང་ཡིན་པ་ཙམ་ལ་ཁྱབ་པ་མེད་དེ་རྒྱལ་བའི་བློ་གྲོས་བཞིན་ནོ། །མ་ངེས་པའི་སྡིག་ལྟུང་ངེས་པའི་སྡིག་ལྟུང་ལ་ལྟོས་ནས་ཕྲ་མོ་ཞེས་བརྗོད་དུ་རུང་བ་རྣམས་ནི་སེམས་འདིའི་མཐུས་དྲུང་ནས་འབྱིན་པ་སྟེ། དེ་དག་གི་དཔེར་གོ་རིམ་བཞིན་དུ། སྐར་མའི་ཚོགས་ལ་ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་ཆེན་པོས་རེག་པ་དང་། རྩྭ་སྦུར་ཕྲ་བ་ལ་དུས་མཐའི་མེ་འབར་བ་བཞིན་ནོ། །སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །སོགས་རྐང་པ་དྲུག་པོའི་དོན་བླ་མ་འགའ་ཞིག་བྱང་སེམས་སྟོབས་ཆེ་ཆུང་གི་སྒོ་ནས་འཆད་ཀྱང་འདིར་ཕྱོགས་གཞན་ནས་འགྲེལ་བའི་ལུགས་སོ། །གསུམ་པ་ལ། སྨོན་སེམས་ཀྱི་ཕན་ཡོན་དང་འཇུག་སེམས་ཀྱི་ཕན་ཡོན་བཤད་པ་གཉིས་ལས། དང་པོ་ནི་འོག་ནས་འཆད་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་མ་ཉམས་པ་དེ་སྲིད་དུ་བསོད་ནམས་དགེ་བའི་འབྲས་བུ་འཕེལ་སྟོབས་ཆེ་བ་བཟའ་ཤིང་གི་སྡོང་པོ་བཞིན་ནོ། །དེའང་འདི་ནི་སྨོན་སེམས་སྐྱེས་ཟིན་གྱི་ཡོན་ཏན་ཡིན་མོད་ཀྱི། བསྐྱེད་ཅེས་བརྗོད་པ་མི་འགལ་ཏེ་མྱུ་གུ་


TN01_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་ལ་འདི་ས་བོན་གྱིས་བསྐྱེད་དོ་ཞེས་བརྗོད་དུ་རུང་བ་བཞིན་ཏེ་གཞན་ཡང་དཔེ་མང་དུ་སྦྱོར་རྒྱུ་ཡོད་དོ། །དགེ་འབྲས་འཕེལ་ཞེས་པའི་འབྲས་བུ་ཅི་འདྲ་བ་ཞིག་ཡིན་ཞེ་ན། རྫོགས་པའི་བྱང་ཆུབ་མ་ཐོབ་བར་དུ་ལྷ་དང་མི་ལ་སོགས་པ་མངོན་མཐོའི་འབྲས་བཟང་དང་། མཐར་ཐུག་བསོད་ནམས་ཕ་མཐའ་ཡས་པའི་བདག་ཉིད་ཅན། རྒྱལ་བ་སྟོབས་བཅུའི་དབང་ཕྱུག་ཏུ་འཚང་རྒྱ་བར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་བསོད་ནམས་མཐའ་ཡས་པའི་ཚུལ་ནི་རྒྱ་ཆེར་དཀོན་མཆོག་སྤྲིན་ལ་སོགས་པར་བལྟའོ། །གཉིས་པ་ནི། འཇུག་པ་སེམས་བསྐྱེད་ལས་ནི་བསོད་ནམས་དམ་པའི་རྒྱུ་དགེ་བའི་ནུས་པ་ཉིད་གོང་དུ་འཕེལ་བ་སྟེ། བསོད་ནམས་དམ་པའི་རྒྱུ་ཞེས་པ་ནི་བདེ་བའི་རྒྱུ་དགེ་བ་ཞེས་པ་ལྟ་བུ་མིན་གྱི་ཤིང་གི་ཀ་བ་ཞེས་པ་ལྟ་བུ་སྟེ་བསོད་ནམས་དམ་པའང་ཡིན་ལ་རྣམ་སྨིན་ཡིད་འོང་གི་དངོས་པོ་འབྱིན་པའི་རྒྱུ་ཉིད་ཀྱང་ཡིན་པའོ། །དེ་ལྟར་འཇུག་སེམས་སམ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོས་ཟིན་པའི་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་སེམས་དཔའ་ཆེན་པོ་དེ་སྨྱོ་འབོག་དང་ར་རོ་བ་ལ་སོགས་པའི་དབང་གིས་བག་མེད་པའམ་གཉིད་ལོགས་སུ་གྱུར་ཀྱང་རུང་སྟེ་ཚོགས་གཉིས་ཀྱི་མཐུ་ཤུགས་གོང་དུ་འཕེལ་བས་བརྩོན་ལྡན་བྱང་ཆུབ་སེམས་དཔའ་གཞན་ལས་ཆེས་ལྷག་པ་ཁོ་ནའོ། །བརྩོན་ལྡན་གཞན་ནི་སྨོན་སེམས་ཙམ་རྒྱུད་ལྡན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཏེ་སའི་


TN01_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་འཇུག་སེམས་ཀྱི་སྤྱོད་པས་མ་བསྡུས་པའི་རྒྱལ་བའི་སྲས་པོའི་སྤྱོད་པ་བསྟན་པ་ལྟ་བུའི་ནན་ཏན་གྱི་བརྩོན་པ་དེ་ཙམ་ཞིག་བསྐྱེད་པས་ནི་འཇུག་སེམས་རྒྱུད་ལྡན་དུ་འགྱུར་མི་དགོས་སོ། །བཞི་པ་ནི། བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་རྒྱལ་བའི་སྲས་དེས་མི་དགེ་བའི་རྣམ་སྨིན་ངན་འགྲོར་འཕེན་པའི་ཀུན་སློང་སྡིག་པའི་རྒྱུན་མཐའ་དག་སེམས་བསྐྱེད་ལ་བརྟེན་ནས་མ་སྐྱེས་པ་མི་སྐྱེ་བ་དང་། སྐྱེས་ཟིན་གྱི་ནུས་པ་ཉམས་སྨད་ཅིང་གཅོད་པའི་ཕྱིར་བདེ་བ་ནས་བདེ་བའི་ལམ་དུ་འགྲོ་ཡང་གནས་སྐབས་སུ་དགེ་བའི་དྲན་པ་ཉམས་པ་དང་སེམས་ཟག་པ་ལས་མི་བསྲུང་བའི་བག་མེད་ཀྱི་དབང་དུ་གྱུར་ཕྱིར་ངན་སོང་གི་གནས་ངན་ལེན་དུ་གཏན་མི་མཆི་བ་ཡིན་ནོ། །དེ་ལྟ་ན་ཡང་ལྷན་ཅིག་བྱེད་པའི་རྐྱེན་འགའ་ཞིག་ལ་བརྟེན་ནས་རིང་པོར་མི་ཐོགས་པར་བྱང་ཆུབ་སེམས་ཀྱི་རིགས་ཀྱི་ནུས་པ་སད་དེ་ཐར་བར་འགྱུར་བ་ནི་དེད་དཔོན་མཛའ་བོའི་བུ་མོ་དང་གྱད་པག་ཤི་ཏའི་རྣམ་པར་ཐར་པ་བཞིན་ནོ། །ལྔ་པ་ནི། སྔར་བྱོན་པ་དང་། ད་ལྟ་འཇིག་རྟེན་གྱི་སྒྲོན་མར་བཞུགས་པ་དང་མ་འོངས་པ་ན་འབྱུང་འགྱུར་གྱི་རྒྱལ་བ་ཀུན་དང་རྒྱལ་བའི་སྲས་པོ་མཐའ་ཡས་པ་ཀུན་གང་ལ་བརྟེན་ནས་བླ་ན་མེད་པའི་ཡེ་ཤེས་ཀྱི་ས་མཐོར་འགྲོ་བའི་བགྲོད་པ་གཅིག་པུའི་ལམ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་འདི་ཡིན་ཏེ། དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་ཐར་རྒྱ་མཚོ་ཡོངས་སུ་འདྲེན་པ་དང་། བར་དུ་བསྐལ་ཆེན་གྲངས་


TN01_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསུམ་གྱི་དགེ་བའི་ཚོགས་སྡུད་པ་ལ་མི་སྐྱོ་བའི་གོ་ཆ་དང་། ཐ་མ་སངས་རྒྱས་ནས་སེམས་ཅན་སྨན་པ་དང་གྲོལ་བར་མཛད་པའི་ཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་འཆད་པའི་ཐབས་དང་གནས་དང་རྟེན་ཆེན་པོར་གྱུར་བའི་ཕྱིར་ཏེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན་བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས་པའི་སྙིང་རྗེ་ཆེན་པོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་སློབ་དཔོན་ཀཱ་མ་ལ་ཤི་ལས་བཤད་པ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ཡོད་ན་སངས་རྒྱས་སུ་སྒྲུབ་པའི་རྒྱུ་ཚོགས་སུ་འགྱུར་ཞིང་། མེད་ཀྱང་བྱང་ཆུབ་ཆེན་པོ་གཏན་མི་འགྲུབ་པ་མིན་ནོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ། ལམ་མཆོག་འདི་དང་བྲལ་བ་ལ་ནི་ཀུན་མཁྱེན་འགྲུབ་པའི་གནས་མེད་པའི་ཕྱིར་ཏེ་བྱང་ཆུབ་སེམས་དཔས་སངས་རྒྱས་སྒྲུབ་པ་ནི་སེམས་ཅན་ཁོ་ནའི་ཕྱིར་ཡིན་གྱི་རང་ཉིད་སྲིད་པའི་ར་བ་ལས་འདའ་བ་ཙམ་གྱི་ཕྱིར་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དང་ཐབས་མཁས་ཀྱི་སྒོ་འཕར་ཚད་མེད་པ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སློབ་པ་མི་འོང་བའི་ཕྱིར། བརྒྱའི་གྲངས་སློབ་པའི་ཕྱིར་སྟོང་གསུམ་གྱི་རྡུལ་བརྩི་བ་བཞིན་ཏེ། གཞན་དུ་ན་སྙིང་རྗེ་ཆེན་པོ་ཁོ་ནས་གཞན་ཕན་བླ་ན་མེད་པ་ཡོངས་སུ་རྫོགས་པར་བྱེད་པའི་བདག་པོའི་རྐྱེན་ཐམས་ཅད་མཁྱེན་པ་ཁོ་ནར་ཚད་མས་དྲང་བའི་ངེས་ཤེས་ཀྱིས་བྱང་ཆུབ་དོན་དུ་གཉེར་བ་


TN01_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་གོ། །རྗེ་བཙུན་བསོད་ནམས་རྩེ་མོས་སྤྱོད་འཇུག་གི། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་སོགས་ལ་རྗེས་འགྲོ་ཡོད་ཅིང་ལྡོག་ཁྱབ་མེད་པར་གསུངས་པ་ནི་རེ་ཞིག་གསུང་བ་ཙམ་མོ། །དེས་ན་མངོན་རྟོགས་རྒྱན་ལས། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །ཞེས་པ་ལྟར་གྱི་རང་བཞིན་གནས་རིགས་རྒྱལ་བའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དུ་འགྱུར་རུང་བདེ་གཤེགས་སྙིང་པོའི་ཁམས་དེ་ཉིད་བྱང་ཆུབ་སེམས་ཀྱི་རྒྱས་འགྱུར་དང་འགྲོགས་པས་ཆུ་ལུང་དྲོད་གཤེར་འཛོམ་པའི་ས་བོན་གྲུང་པོ་བཞིན་དུ་གོང་དུ་འཕེལ་ཞིང་རྒྱལ་བའི་ཡོན་ཏན་གྱི་འབྱོར་པ་རྒྱ་ཆེན་པོའི་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ནོ། །གསུམ་པ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེའི་ངོ་བོ་གང་ཞེ་ན། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། ཟུར་གཉིས་དང་ལྡན་པ་སྟེ། ཤེས་རབ་ཀྱི་སྟོབས་ཀྱིས་རྫོགས་པའི་བྱང་ཆུབ་ལ་དམིགས་པ་དང་། སྙིང་རྗེའི་མཐུ་ཡིས་མཐའ་ཡས་པའི་འགྲོ་ཁམས་ལ་དམིགས་པ་དང་གཉིས་སོ། །དེ་གཉིས་ཇི་ལྟར་ལྡན་ན་སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་རྣམ་པ་མ་གཅིག་པུས་བུ་ལྟར་ཤུགས་དྲག་པ་དང་། དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ལ་མི་བཟོད་པའི་རྣམ་པ་ཅན་གྱི་སེམས་གཉིས་པོ་སྟོབས་སུ་གྱུར་པ་ལས་གཞན་ཕན་དོན་གཉེར་ལ་བཅོས་མིན་གྱི་མྱོང་བ་ཐོན་པའི་


TN01_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་བསམ་རྣམ་དག་གི་སྙིང་རྗེ་ཆེན་པོ་ཐོག་མར་འབྱུང་ལ། སྙིང་རྗེ་ཆེན་པོ་ནི་བོད་ཀྱི་མཁས་པ་འགའ་ཞིག་འབྲལ་འདོད་དང་སྐྱབས་འདོད་ཀྱི་སྒོ་ནས་གཉིས་སུ་དབྱེ་བར་མཛད་མོད་ཀྱི། ཉན་རང་དང་ཐུན་མོང་བའི་སྙིང་རྗེ་ཆེན་པོ་འབྲལ་འདོད་ཀྱི་རྣམ་པ་ཙམ་བཞེད་པ་ནི་མ་ཡིན་ཏེ། བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོར། སྙིང་རྗེ་ཡིན་ལ་སྙིང་རྗེ་ཆེན་པོ་མ་ཡིན་པ་གང་ཞེ་ན་ཉན་རང་གི་རྒྱུད་ཀྱི་སྙིང་རྗེ་ལྟ་བུའོ། །ཞེས་ཤིན་ཏུ་གསལ་བར་བཤད་ཅིང་སྒྲུབ་བྱེད་གཞན་ཡང་མང་དུ་ཡོད་དོ། །དེ་ལྟར་སྙིང་རྗེ་ཆེན་པོ་སྐྱེས་ནས་ཀྱང་འགྲོ་བ་མ་ལུས་པ་བྱང་ཆུབ་དམ་པའི་གོ་འཕང་དུ་བཀྲི་བའི་ནུས་པ་དེ་སུ་ཞིག་ལ་མངའ་སྙམ་དུ་དཔྱད་པ་ན། སྤེལ་མར་བསྟོད་པ་ལས། གཏིང་མཐའ་མེད་པའི་འཁོར་བ་ཡི། །མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །ཞེས་དྲིས་པའི་ལན་དུ། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་དུ་ཡོང་ཡེ་མི་མངའ་ཞིང་། །གང་ལ་རྣམས་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །ཞེས་སོགས་བཤད་པ་ལྟ་བུའི་སྐྱབས་ཀྱི་གནས་བླ་ན་མེད་པ་ནི། རྣམ་འགྲེལ་ལས། བརྩེ་ལྡན་སྡུག་བསྔལ་གཞོམ་བྱའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་


TN01_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་ཁོ་ནར་ཡིད་ཆེས་ཤིང་། དེའང་རྒྱུ་མེད་པ་ལས་སྐྱེ་ན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་སྒྲུབ་པ་དོན་མེད་པར་འགྱུར་བ་ཞིག་ན། བྱང་ཆུབ་སྤྱོད་པའི་རྒྱུ་རྐྱེན་ལས་འབྱུང་དུ་ཡོད་པར་རྟོགས་ནས་གཞན་ཡོངས་སུ་བསྐྱབ་པའི་ཕྱིར་བདག་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་ཡིད་ཀྱི་རྣམ་ཤེས་ཞིག་གོ། །བློ་ལ་གཙོ་སེམས་དང་སེམས་བྱུང་གཉིས་དང་དེ་རེ་རེ་ལའང་དབང་ཤེས་དང་ཡིད་ཤེས་ཀྱིས་ཕྱེ་བས་རྣམ་གྲངས་མང་ནའང་སྐབས་འདིར་བསྟན་ནི་དཔེར་ན་མཛོད་ལས་ངོ་བོ་ཉིད་ཀྱི་དགེ་བ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་སོགས་དགེ་བ་བཅུ་གཅིག་པོ་ཡིན་ཀྱང་མཚུངས་ལྡན་དང་ཀུན་སློང་གི་དགེ་བ་གཞན་ཡང་ཡོད་པར་བཤད་པ་ལྟར་བྱང་ཆུབ་ཀྱི་སེམས་ཞེས་པའི་སྒྲ་འཇུག་ཡུལ་དངོས་ནི་སེམས་དང་ཡིད་དང་རྣམ་ཤེས་གསུམ་པོ་གཙོ་སེམས་ཀྱི་མིང་ཡིན་ཞིང་། དབང་ཤེས་ལ་འདི་འདྲའི་སེམས་སྤྱིར་བཏང་དུ་མེད་པས་ཡིད་ཤེས་ཀྱི་ནང་ཚན་གཙོ་སེམས་དེ་ཡིན་མོད། འོན་ཀྱང་མཚུངས་ལྡན་འདུན་པ་སོགས་ལའང་དེ་འདྲའི་ཐ་སྙད་བྱས་པ་མི་འགལ་བ་དང་དེར་མ་ཟད་ངོ་བོ་ཙམ་བཞག་པ་ལ་མཚན་ཉིད་ཀྱི་ཟུར་ཆོད་པ་དགོས་ཀྱང་མི་དགོས་སོ། །སེམས་བསྐྱེད་དེ་ལ་དབྱེ་ན་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་གཉིས་ཡོད་ཅིང་དེ་ལས་


TN01_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མཚན་ཉིད་པ་ཀུན་རྫོབ་སེམས་བསྐྱེད་ཡིན་ལ། དེ་ནི་སྨོན་པ་དང་འཇུག་པའི་བདག་ཉིད་དེ་འདི་དག་གི་ངོ་བོ་ཙམ་བརྗོད་ན། འཕགས་པ་ཞི་བ་ལྷས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོས་ཟིན་པ་དང་མ་ཟིན་པའི་ཁྱད་པར་ལས་དབྱེའོ། །དེའང་ཟིན་བྱེད་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ཟིན་མཁན་གང་ཟག་སོགས་ནས་མི་དབྱེའི། །བཤད་མ་ཐག་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཉམས་ལེན་གྱི་བྱ་བས་ཟིན་མ་ཟིན་གྱིས་འཇོག་གོ། །ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པས་འབྲས་བུ་ལ་དམ་བཅའ་བ་སྨོན་སེམས་དང་། རྒྱུ་ལ་དམ་བཅའ་བས་ཟིན་པ་འཇུག་སེམས་སུ་བཞེད་པའང་དེ་འདྲའི་དོན་ཡིན་གྱི། རྫོགས་བྱང་དོན་གཉེར་རྐྱང་བ་དང་སྤྱོད་པ་ལ་སློབ་འདོད་རྐྱང་བ་ཙམ་མིན་ནོ། །འོན་ཀྱང་ད་ལྟ་ཡོངས་སུ་གྲགས་པའི་སྨོན་འཇུག་གི་འཇོག་ཚུལ་དང་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་དེ། སྨོན་སེམས་དང་བྱང་ཆུབ་ཀྱི་སེམས་དོན་གཅིག །དེ་དང་འཇུག་པ་སེམས་བསྐྱེད་ལ་ཤིང་དང་པ་ལ་ཤ་ལྟ་བུའི་ཁྱད་ཡོད་པ་ཀུན་མཁྱེན་གྱི་བཞེད་པར་སྣང་བའི་ཕྱིར་རོ། །འོ་ན་སློབ་དཔོན་ཞི་བ་ལྷས། བྱང་ཆུབ་སྨོན་པའི་སེམས་ལས་ནི་སོགས་སྨོན་འཇུག་གཉིས་ལ་ཕན་ཡོན་གྱི་ཁྱད་པར་བཤད་པ་མི་འཐད་པར་འགྱུར་ཏེ།


TN01_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ཀྱི་དབྱེ་བ་དེ་གཉིས་སྤྱི་དང་བྱེ་བྲག་ཙམ་ཡིན་ན་སྨོན་སེམས་ལ་བསོད་ནམས་རྒྱུན་ཆགས་སུ་མི་འབྱུང་བ་དང་འཇུག་སེམས་ལ་འབྱུང་བའི་རྣམ་དབྱེ་མི་འོང་བའི་ཕྱིར་ཏེ། དེ་དག་ལ་གཞི་མཐུན་ཡོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ་དཔེར་ན་སྡུག་བསྔལ་ཆོས་ཤེས་ཀྱི་སྐབས་སུ་ཡང་སྡུག་བསྔལ་བདེན་པའི་ཆོས་ཉིད་ལ་མི་སྐྲག་པའི་བཟོད་པ་ཡོད་མོད་ཀྱི། དེ་ནི་སྔར་ཆོས་བཟོད་ཀྱི་སྐབས་ནས་ཐོབ་ཟིན་པའི་ཕྱིར་ཁྱད་ཆོས་གཞན་ནས་བརྗོད་པ་དང་སེམས་ཅན་ཆོས་དམིགས་པ་མེད་པའི་སྙིང་རྗེ་གསུམ་སེམས་ཅན་ལ་དམིགས་པར་ཁྱད་མེད་ཀྱང་ཕྱི་མ་གཉིས་ལ་ཁྱད་པར་གཞན་གྱི་སྒོ་ནས་མིང་བཏགས་པ་ལྟར་སྨོན་སེམས་རྐྱང་པ་དང་འཇུག་སེམས་གཉིས་སྨོན་སེམས་ཡིན་པ་ལ་ཁྱད་མེད་ཀྱང་སྤྱོད་འཇུག་གི་ལུང་དོན་ནི་སྨོན་སེམས་ཙམ་མིན་པའི་ཁྱད་ཆོས་ལྷག་པོ་མེད་པས་རང་མིང་གིས་སྨོས་པ་སྔ་མ་དང་། ཁྱད་པར་གཞན་ལས་སྨོས་པ་ཕྱི་མར་འཇོག་ཆོག་པའི་ཕྱིར། སྨོན་སེམས་རྐྱང་པ་དང་སྨོན་སེམས་སྤྱི་ཁྱབ་པ་ལ་ཁྱད་པར་ཆེན་པོ་ཡོད་དོ། །འགྲོ་འདོད་དང་འགྲོ་བ་དངོས་ཀྱི་དཔེའི་སྟེང་ནས་སྨོན་འཇུག་གི་ཁྱད་པར་ཕྱེ་ལུགས་གང་ཡིན་ཞེ་ན། འདིའི་སྐབས་ཀྱི་འགྲོ་བ་ནི་འགྲོ་བའི་དུས་ཀྱི་ལུས་ཀྱི་རྣམ་རིག་དེ་ལ་མི་བྱའི་འགྲོ་བཞིན་པའི་སེམས་ཀྱི་འགྲོ་འདོད་དེ་ལ་བྱ་དགོས་སོ། །དེ་ལ་འགྲོ་འདོད་དང་འགྲོ་བཞིན་པའི་འགྲོ་འདོད་གཉིས་སྤྱི་བྱེ་བྲག་གི་ཁྱད་ཡོད་པ་དང་། འགྲོ་འདོད་ཙམ་ལ་ཁྱད་མེད་པ་དང་འགྲོ་བཞིན་


TN01_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲོ་འདོད་ཡིན་མིན་ཡང་གོམ་པ་བསྒྱུར་བ་ཙམ་གྱིས་མི་ཆོག་གི་སྐབས་དེར་འགྲོ་ས་གང་ལ་ལྟོས་ནས་སྐབས་དེའི་འགྲོ་འདོད་དུ་འཇོག་པའི་ཡུལ་དེ་ཉིད་དུ་འགྲོ་བའི་བྱ་བ་ཡོངས་སུ་རྫོགས་པ་ཞིག་གིས་ཟིན་མ་ཟིན་ནས་འཇོག་དགོས་པ་དེ་བཞིན་དུ་སྨོན་པ་དང་འཇུག་པའི་སེམས་བསྐྱེད་གཉིས་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་དེ་ཉིད་བསོད་ནམས་ཀྱི་བྱ་བ་ཅུང་ཟད་རེས་ཟིན་པ་ཙམ་ནས་འཇུག་སེམས་སུ་མི་འཇོག་གི་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམ་དག་གིས་ཟིན་པའི་མཚམས་ནས་འཇོག་པ་སོགས་དཔེ་དོན་གྱི་ཁྱད་པར་མང་པོ་ཞིག་ཡོད་དོ། །དེས་ནི་ཀུན་རྫོབ་སེམས་བསྐྱེད་ཀྱི་ངོ་བོའི་སྒོ་ནས་རྣམ་པར་དབྱེ་བ་བྱས་པའོ། །བཞི་པ་ནི། སེམས་བསྐྱེད་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པའི་ངེས་ཚིག་གང་ཞེ་ན། འདི་ནི་ལྷས་བྱིན་གྱི་བ་ལང་ལྟར་བྱང་ཆུབ་ཀྱིས་བདག་ཏུ་བཟུང་བའི་སེམས་དང་ཤིང་གི་ཀ་བ་ལྟར་བྱང་ཆུབ་ལས་བྱས་པའི་སེམས་དང་། ནས་ཀྱི་མྱུ་གུ་ལྟར་བྱང་ཆུབ་ལས་བྱུང་བའི་སེམས་སོགས་སྒྲའི་སྡུད་ལུགས་དེ་ལྟར་མིན་གྱི་ཟས་དོན་དུ་གཉེར་བ་ལ་ཟས་ཀྱི་འདུན་པ་ཟེར་བ་བཞིན་བྱང་ཆུབ་དོན་དུ་གཉེར་བའི་སེམས་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་དོ། །བྱང་ཆུབ་ལ་ཐེག་པ་གསུམ་གྱིས་དབྱེ་བས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་རིགས་གསུམ་དུ་ཡོད་མོད་ཀྱི། འདིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ཏེ་མདོ་སྡེ་ལས་ཀྱང་སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི། བླ་ན་


TN01_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་སོགས་གསུངས་པ་བཞིན་ནོ། །དེའང་རྫོགས་པའི་བྱང་ཆུབ་ལ་འདུན་པ་བཅོས་མ་ཙམ་མ་ཡིན་པར། ཡོན་ཏན་རིན་པོ་ཆེར། གང་ལ་རང་དོན་སེམས་པ་ཡོད་མ་ཡིན། །བཀྲེས་པ་ཟས་དང་སྐོམ་པ་ཆུར་གདུང་བཞིན། །སེམས་ཅན་འབའ་ཞིག་དོན་དུ་རྣམ་མཁྱེན་གྱི། །གོ་འཕང་གཉེར་ལ་བྱང་ཆུབ་སེམས་ཞེས་གྲགས། །ཞེས་གསུངས་པ་ལྟར། སྙིང་རྗེ་ཆེན་པོ་དང་། རྫོགས་བྱང་ཐོབ་འདོད་ལ་བཅོས་མིན་གྱི་མྱོང་བ་ཐོན་པའི་སྒོ་ནས་བྱང་ཆུབ་ཆེན་པོའི་ཡོན་ཏན་ཡོངས་སུ་རྫོགས་པའི་ཕྱིར་སྤྱོད་པ་བྱ་དཀའ་བའི་གནས་དང་དུས་བསྐལ་པ་མང་པོའི་ཡུན་དང་། གདུལ་བྱ་འགྲོ་བའི་ཁམས་མང་པོའི་མཐའ་སོགས་ལ་བརྟེན་ནས་ཞུམ་པ་དང་སྒྱིད་ལུགས་པ་སོགས་མ་ཡིན་པར་ས་ལྟར་མི་སྐྱོ་བའི་སེམས་སྟོབས་ཀྱི་གོ་ཆ་མཆོག་ཏུ་བགོས་པའི་རྣམ་ཅན་གྱི་རིགས་ནས་ཡིན་པའི་ཕྱིར་སེམས་ཀྱི་ནང་ནས་རང་གཞན་གྱི་དོན་གཉིས་སྒྲུབ་པ་ལ་དཔའ་བོའམ་བརྟུལ་ཕོད་པ་འདི་དང་མཚུངས་པ་སྲིད་ན་གཞན་མེད་དོ་ཞེས་སྦྲེལ་ལོ། །ལྔ་པ་ནི། སེམས་བསྐྱེད་དེའི་དབྱེ་བའི་གནས་ལ་སྤྱིར་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ནའང་སྐབས་འདིར་དབྱེ་སྒོ་བདུན་དུ་བཤད་དེ། གཅིག་ཏུ་སྟོང་ཉིད་རྟོགས་པའི་ཤེས་རབ་སྙིང་རྗེའི་སྙིང་པོ་ཁྱད་པར་བ་ཅན་དང་། གཉིས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་འབྲེལ་བའི་སྒོ་ནས་སམ་བཏགས་པ་ཙམ་དུ་ན་


TN01_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་དང་དོན་དམ་སྟེ་བདེན་གཉིས་ཀྱི་དང་། ངོ་བོའི་སྒོ་ནས་སྨོན་སེམས་དང་འཇུག་སེམས། གསུམ་དུ་ལྷག་པ་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་ཀྱི་བསླབ་པ་རྣམས་དང་འབྲེལ་བའི་དེ་དང་། བཞི་རུ་ཐེག་ཆེན་ཚོགས་སྦྱོར་གྱི་ལམ་དང་མ་དག་ས་བདུན་དག་པ་ས་གསུམ་སངས་རྒྱས་ཀྱི་ས་རྣམས་ན་གོ་རིམ་བཞིན་དུ། མོས་པས་སྤྱོད་པ་དང་། ལྷག་བསམ་རྣམ་དག་དང་། རྣམ་པར་སྨིན་པ་དང་། ཐུགས་རྗེ་ཆེན་པོ་སྒྲིབ་ཀུན་སྤང་བ་ཞེས་བྱ་བའི་སེམས་བསྐྱེད་བཞིའོ། །ལྔ་རུ་ཐེག་ཆེན་གྱི་ལམ་ལྔ་ལ་ལས་དང་པོ་པའི་སེམས་བསྐྱེད་དང་། གཞན་ཡང་དེའི་ལྷག་མ་ནི་ཡོངས་སུ་སྦྱང་བ་བྱས་པ་དང་ཆོས་མཐོང་བ་དང་། རྣམ་པར་གྲོལ་བ་དང་། བསམ་གྱིས་མི་ཁྱབ་པ་ཡི་སེམས་བསྐྱེད་དེ་ལྔ་པོ་གོ་རིམ་བཞིན་དུ་སྦྱར་རོ། །དྲུག་ཏུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཕྱིན་དྲུག་གིས་ཟིན་པ་ལ་ལྟོས་ནས་ཟིན་རྒྱུའི་སེམས་བསྐྱེད་ཀྱང་དྲུག་ཏུ་གཙོ་བོར་ལྡོག་ཆའི་སྟེང་ནས་འཇོག་གོ་།དབྱེ་སྒོ་བདུན་པ་ནི། ས་མཚམས་དབྱེ་བ་ཉི་ཤུ་རྩ་གཉིས་རྣམས་ཏེ་རེ་རེའང་དཔེ་གྲོགས་ཆོས་མཐུན་གྱི་རྣམ་བཞག་གསུམ་གསུམ་མོ། །དེ་དག་གི་མིང་ཙམ་བརྗོད་ན་ཡོན་ཏན་གྱི་རྟེན་བྱེད་པའི་ཕྱིར་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ས་ལྟ་བུ། དེ་བཞིན་དུ་སྦྱར་ཏེ་བསམ་པ་འགྱུར་བ་མེད་པའི་ཕྱིར་གསེར་ལྟ་བུ། ལྷག་བསམ་ལ་བརྟེན་ནས་ཡོན་ཏན་གོང་འཕེལ་དུ་བྱེད་པའི་ཕྱིར་ཟླ་བ་ཚེས་པ་ལྟ་བུ། སྦྱོར་


TN01_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཁྱད་པར་དུ་འགྲོ་བའི་ཕྱིར་བུད་ཤིང་ཆེན་པོའི་མེ་ལྟ་བུ། དེ་དག་དང་འཆད་འགྱུར་ཀུན་ལ་མཚུངས་ལྡན་ཞེས་འགྲོ་ཞིང་། སྦྱིན་པ་མི་ཟད་པའི་ཕྱིར་གཏེར་ལྟ་བུ། ཚུལ་ཁྲིམས་ཡོན་ཏན་གྱི་གནས་ཡིན་པའི་ཕྱིར་རིན་པོ་ཆེའི་འབྱུང་ཁུངས་ལྟ་བུ། བཟོད་པ་མི་འཁྲུགས་པའི་ཕྱིར་མཚོ་ལྟ་བུ། བརྩོན་འགྲུས་མི་ཤིག་པའི་ཕྱིར་རྡོ་རྗེ་ལྟ་བུ། བསམ་གཏན་མི་གཡོ་བའི་ཕྱིར་རི་ལྟ་བུ། ཤེས་རབ་ཀྱིས་སྡུག་བསྔལ་ཞི་བའི་ཕྱིར་སྨན་ལྟ་བུ། ཐབས་མཁས་ཕན་པ་སྒྲུབ་པའི་ཕྱིར་བཤེས་གཉེན་ལྟ་བུ། སྨོན་ལམ་གྱིས་དོན་ཐམས་ཅད་སྒྲུབ་པའི་ཕྱིར་ནོར་བུ་ལྟ་བུ། སྟོབས་གདུལ་བྱའི་རྒྱུད་ལ་དགེ་ཚོགས་བསྐྱེད་པའི་ཕྱིར་ཉི་མ་ལྟ་བུ། ཡེ་ཤེས་ཆོས་སྟོན་པའི་ཕྱིར་གླུ་དབྱངས་ལྟ་བུ། མངོན་ཤེས་མཐུ་ཆེ་བའི་ཕྱིར་རྒྱལ་པོ་ལྟ་བུ། ཚོགས་གཉིས་ཚད་མེད་པའི་ཕྱིར་མཛོད་ཁང་ལྟ་བུ། བྱང་ཆུབ་ཕྱོགས་ཆོས་འཕགས་པ་རྣམས་ཀྱི་ཤུལ་ཡིན་པའི་ཕྱིར་ལམ་པོ་ཆེ་ལྟ་བུ། ཞི་ལྷག་མཐའ་གཉིས་སུ་མི་གོལ་བའི་ཕྱིར་བཞོན་པ་བཟང་པོ་ལྟ་བུ། གཟུངས་སྤོབས་ཚིག་དོན་མི་ཟད་པར་འཛིན་ཅིང་སྟོན་པའི་ཕྱིར་བཀོད་མའི་ཆུ་བོ་ལྟ་བུ། ཆོས་ཀྱི་དགའ་སྟོན་ཀུན་ཡིད་འདུན་པར་བྱེད་པའི་ཕྱིར་སྒྲ་སྙན་ལྟ་བུ། བགྲོད་པ་གཅིག་པུའི་ལམ་རྣམ་མཁྱེན་གྱི་རྒྱ་མཚོར་ངང་གིས་འབབས་པའི་ཕྱིར་ཆུ་བོ་ལྟ་བུ། ཆོས་སྐུ་རྣམ་པར་འཕྲུལ་བའི་ཆར་འབེབས་པའི་ཕྱིར་སྤྲིན་ལྟ་བུ་སྟེ། དེ་དག་ལས་གསུམ་དང་གཅིག་དང་བཅུ་དང་། ལྔ་དང་། གསུམ་རྣམས་གོ་རིམ་


TN01_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། ཚོགས་ལམ། སྦྱོར་ལམ། ས་བཅུ། དག་ས། ས་བཅུ་པ་རྣམས་དང་རིམ་པ་བཞིན་སྦྱར་རོ། །དྲུག་པ་ནི། སེམས་བསྐྱེད་དང་དེའི་སྡོམ་པ་ལེན་ཚུལ་གང་ལྟར་ཡང་དགེ་བའི་བཤེས་གཉེན་ལས་བླང་བ་དང་། རང་གིས་མོས་པའི་སྟོབས་ཀྱིས་སྲས་བཅས་རྒྱལ་བ་རྣམས་བསྒོམ་པའི་སྤྱན་སྔར་བླང་བ་དང་། ཚུལ་དེས་རྟེན་གྱི་དྲུང་དུ་བླང་བ་རྣམས་ཚད་ལྡན་གྱི་གཞུང་ལས་གསུངས་སོ། །ཆོ་ག་དངོས་ལ། ཤིང་རྟ་ཆེན་པོ་གཉིས་ཀྱི་སྲོལ་ཐ་དད་པའི་སྒོ་ནས་སེམས་ཙམ་ལུགས་དང་དབུ་མ་ལུགས་ཀྱི་བྱང་སྡོམ་ལེན་ལུགས་རྟེན་དང་རྣམ་པ་མི་འདྲ་བ་དུ་མ་ཞིག་བཞེད་པ་སྔ་རབས་པའི་དགོངས་པ་དང་། དེ་ལྟར་མི་བཞེད་པ་ཕྱིས་ཀྱི་མཁས་པ་ཆེན་པོ་རྣམས་ཀྱི་དགོངས་པར་སོང་བ་ལས་གཞུང་འདིར་སྔ་མའི་ལུགས་བསྐྱར་བ་ཡིན་པས་ཕྱོགས་དེ་ལ་ནི་དང་པོ་སྔོན་འགྲོ། གཉིས་པ་དངོས་གཞི། གསུམ་པ་རྗེས་ཀྱི་རིམ་པ་དང་གསུམ་མོ། །དེ་ལ་སྔོན་འགྲོ་ནི། ཁྱད་པར་རྣམ་པ་བཞི་དང་ལྡན་པ་སྟེ། དང་པོ་ལེན་ཡུལ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་ཚུལ་ཁྲིམས་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་མཁས་པ་སོགས་སྐྱེས་བུ་ཆེན་པོའི་ཡོན་ཏན་དུ་མ་དང་ལྡན་པ་དེ་ལ་མཎྜལ་ཕུལ་ཞིང་བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པའི་དོན་དུ་གསོལ་བ་ཤུགས་དྲག་ཏུ་གདབ། ཁྱད་པར་གཉིས་པ་བློ་སྦྱོང་གི་གདམ་ངག་ཁྱད་པར་ཅན་སྡུག་ཀུན་གྱི་ཉེས་དམིགས་ལ་


TN01_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ཏེ་སྲིད་མཐར་སྐྱོ་བ་བསྐྱེད། མ་རྒན་སེམས་ཅན་རྣམས་ལ་དྲིན་དུ་གཟོ་བའི་བསམ་པས་ཞི་མཐར་ཞེན་པ་དགག །བྱང་ཆུབ་ཆེན་པོའི་ཡོན་ཏན་ལ་བསམ་སྟེ་མཐའ་གཉིས་སྤངས་པའི་ལམ་ལ་བསྔགས་པ་བརྗོད་པ་རྣམས་བྱའོ། ཁྱད་པར་གསུམ་པ་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་ཀྱི་ནང་ཚན་ཚོགས་བསགས་པའི་ཐབས་ལས་སམ་སྦྱོར་བ་ཁྱད་པར་ཅན་ཕྱག་དང་མཆོད་པ་སོགས་ཡན་ལག་རྣམ་པ་བདུན་གྱིས་དགེ་བའི་ཚོགས་རྒྱ་ཆེན་དུ་བསགས། ཁྱད་པར་བཞི་པ། སྡོམ་པའི་རྩ་བ་རྟེན་མཆོག་ཁྱད་པར་ཡིན་ཡུལ་དཀོན་མཆོག་གསུམ་དང་དུས་མཚམས་བྱང་ཆུབ་ཀྱི་སྙིང་པོའི་བར་དང་གང་གི་ཆེད་ཡིན་པའམ་ཁྱད་དུ་བྱ་བ་རྫོགས་པའི་བྱང་ཆུབ་སྟེ་ཐུན་མིན་ཐེག་ཆེན་པའི་ཁྱད་པར་གསུམ་ལྡན་གྱི་སྐྱབས་འགྲོས་གཞི་འདིང་བའི་ཕྱིར་སྐྱབས་འགྲོའི་ཚིག་ཀྱང་ལན་གསུམ་དུ་བྱ་བར་བཞེད་དེ་དེ་ལྟར་ས་བཟུང་ངོ། །གཉིས་པ་དངོས་གཞི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དགོངས་སུ་གསོལ་བ་གསུམ་སྔོན་དུ་འགྲོ་བའི་སྒོ་ནས་སྨོན་དང་འཇུག་པ་གཉིས་སྟབས་གཅིག་ཏུ་བླང་བར་གསུངས་ཏེ་སྨོན་པའི་སེམས་བསྐྱེད་ལེན་ཚུལ་ལ་གཞན་དོན་དུ་རྫོགས་བྱང་དོན་གཉེར་ཙམ་ཆོ་ག་ལ་མི་ལྟོས་ཀྱང་དེ་ཉིད་རྟག་ཏུ་མི་ཉམས་པར་བྱ་བའི་དམ་བཅའི་ལྕགས་ཀྱུ་གཉིས་པས་ཟིན་པ་ལ་ཆོ་ག་དགོས་པར་ཕུལ་བྱུང་ཞབས་ཀྱིས་བཤད་པས་དེ་འདྲ་ལ་དགོངས་སམ་སྙམ་ཡང་སྔ་རབས་པའི་ལུགས་བསྐྱར་བ་ལ་


TN01_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་སྤྲོས་པ་མ་བྱས་ཀྱང་རུང་ངོ་། །གསུམ་པ་མཇུག་ཏུ་རྒྱལ་བའི་སྲས་ཀྱི་བསླབ་བྱ་ལ་སྤྲོ་ཤུགས་ཆེར་བསྐྱེད་དེ་རང་དགའ་བ་སྒོམ་པ་དང་། ལྷ་དང་ལྷ་མིན་སོགས་ལ་གོ་བར་བྱ་བའི་ཚིག་གིས་གཞན་དགའ་བ་སྒོམ་དུ་གཞུག་པ། བླ་མ་དང་དཀོན་མཆོག་ལ་བཏང་རག་འབུལ་བ་སོགས་བྱའོ། །བླང་ཡུལ་ཚད་ལྡན་མེད་ན་མོས་པའི་ཤུགས་ཀྱིས་རང་གིས་བླང་ཚུལ་ནི་རྒྱལ་བ་སྲས་དང་བཅས་པ་ཐོགས་མེད་ཀྱི་མཁྱེན་རབ་དང་ལྡན་ཞིང་ཐུགས་རྗེ་ཆེན་པོས་མཐའ་ཡས་པའི་འགྲོ་བ་ལ་རྟག་ཏུ་དགོངས་པ་རྣམས་ཡུལ་དུ་བྱས་ལ་དུས་དེར་ཡན་ལག་བདུན་གྱི་ཚོགས་བསགས་བྱ་བས་མདུན་བསུས་སྟེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་ཅན་སྡུག་བསྔལ་གྱི་ཆུ་བོ་ལས་མ་བརྒལ་བ་རྣམས་བསྒྲལ་བ་དང་། ཀུན་འབྱུང་གི་འཆིང་བ་ལས་མ་གྲོལ་བ་དགྲོལ་བ་དང་། འཕགས་པའི་ལམ་གྱིས་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང་། ཞི་འགྱུར་ཡང་དག་པའི་མཐའ་ལ་ཡོངས་སུ་མྱ་ངན་མ་འདས་པ་རྣམས་མྱ་ངན་ལས་བཟླའོ་ཞེས་ལན་གསུམ་བརྗོད་དེ་སྡོམ་པ་བླང་། དེའང་མངའ་རིས་པཎ་ཆེན་གྱིས། ཐོབ་མཚམས་བརྗོད་པ་གསུམ་གྱི་ཐ་ལའོ། །ཞེས་གསུངས། མཇུག་ཏུ་རང་གཞན་དགའ་བ་སྒོམ་ཞིང་སྒོམ་དུ་གཞུག་པ་དང་སྨོན་ལམ་གདབ་པ་རྣམས་བྱའོ། །རྒྱས་པར་ན་བྱང་


TN01_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལེན་པའི་ཚུལ་འདི་ལ་བཤད་བྱ་ཆེས་མང་མོད་དེ་འདིར་སྨོས་ཀྱིས་མི་ལྡང་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་འདོད་པ་རྣམས་ཀྱིས་ནི་མ་མཐའ་འང་སྡོམ་པ་ཉི་ཤུ་པ་ཙམ་ལ་བསླབ་གཉེར་སྤུས་དག་རེ་མི་བྱེད་དུ་མི་རུང་བས་ཡིག་ལྡེབ་གསུམ་གྱིས་གཞུང་ལུགས་མཐའ་དག་གི་གཏིང་སླེབ་པར་འདོད་པ་རྣམས་བླུན་པོའི་རང་རྟགས་ཡིན་ནོ། །བདུན་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། རྒྱལ་བའི་སྲས་ཀྱི་བསླབ་བྱ་བཤད་པ་ལ་ཇི་ལྟར་སྲུང་བའི་ཐབས་དང་། གང་བསྲུང་རྒྱུའི་བསྲུང་བྱ་སྟེ་གཉིས་ཡོད་དོ། །ཞེས་བཤད་ནས། གཉིས་པ་ལ་སྲུང་ཐབས་དང་བསྲུང་བྱ་གཉིས་ལས། དང་པོ་ལ་དྲན་ཤེས་དགོས་པའི་རྒྱུ་མཚན་དང་། དེ་དངོས་བཤད་པའོ། །དང་པོ་ནི། བསླབ་པ་སྲུང་བའི་ཐབས་ཀྱི་གཙོ་བོ་དྲན་པ་དང་ཤེས་བཞིན་གཉིས་ཡིན་ལ། ཐབས་འདི་དག་མེད་པར་བསླབ་པ་སྲུང་བར་འདོད་ནས་བྱང་སེམས་གྱི་སྡོམ་པ་ལེན་པ་དེ་ནི་གོ་མཚོན་མེད་པའི་དཔའ་བོ་གཡུལ་དུ་འཇུག་པ་དང་འདྲ་སྟེ་དྲན་པ་མངོན་དུ་མ་བཞག་ཅིང་སྤོང་སྒྲུབ་ཀྱི་གནས་ལ་ཡང་དང་ཡང་དུ་ཁ་ནང་དུ་ལོག་སྟེ་རྣམ་པར་མ་བརྟག་ན་སེམས་ཀྱི་འཛིན་སྟངས་ནི་གོམས་པའི་ཤུགས་ལ་རག་ལས་ཤིང་འོ་སྐོལ་གང་ལ་གོམས་པའི་ཕྱོགས་ནི་ཉེས་སྤྱོད་ཆེན་པོའི་ལས་ལམ་ཡིན་པའི་ཕྱིར། བག་མེད་ལ་སོགས་པ་ཁ་ན་མ་ཐོ་བའི་ཚོགས་ཀྱིས་


TN01_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱུད་ཀྱི་བསླབ་པ་འདྲལ་ཞིང་དེ་ལྟར་དྲལ་ན་བློ་གྲོས་རྒྱ་མཚོས་ཞུས་པར། བྱང་ཆུབ་སེམས་དཔའ་དེ་ལྟར་དམ་བཅས་ནས་ཇི་སྐད་སྨྲས་པ་བཞིན་དུ་མི་བྱེད་ན་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་བསླུས་པ་ཡིན་ནོ་ཞེས་གསུངས་ཤིང་། དེ་ལྟར་བསླུས་ན་སྤྱོད་འཇུག་ལས། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །ཞེས་གསུངས་པ་ལྟར་ངན་འགྲོའི་གཡང་སར་རང་སྲོག་བརླག་པར་ཟད་པའི་ཕྱིར་རོ། །དེས་ནི་ལྡོག་པ་དངོས་སུ་བསྟན་ནས་རྗེས་འགྲོ་ཤུགས་ལ་བསྟན་པ་ཡིན་ནོ། །གཉིས་པ་ནི། དྲན་ཤེས་གཉིས་ཀྱི་དང་པོ་དྲན་པ་གང་ཞེ་ན། ཐོས་བསམ་བསྒོམ་པའི་བྱ་བ་གང་གི་ཚེ་ཡང་རུང་སྟེ་མངོན་པར་འདོད་པའི་དོན་དང་དེ་སྒྲུབ་པའི་ཐབས་རྣམས་མི་བརྗེད་པར་རང་གི་རྒྱུད་དང་ལྷན་གྱིས་འདྲེས་པར་བྱ་ཞིང་། ཁྱད་པར་དུ་སྐབས་དོན་འདིར་བཤད་བྱ་རྒྱལ་བའི་སྲས་ཀྱི་བསླབ་བྱའི་གནས་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་དག་པར་བྱ་བའི་སྒོ་ཀུན་ལ་བློ་ཕྱིན་ཅི་ལོག་ཏུ་མ་སོང་བར་ལེགས་པར་བསླབས་ཏེ་མི་བརྗེད་པར་བྱའོ། །མི་བརྗེད་པ་དེའང་ཡུལ་དེ་ལ་འདྲིས་ཚབ་ཆེ་བ་ཉིད་ལས་འབྱུང་ཞིང་དེར་མ་ཟད་ཐོས་དོན་དྲན་པས་བཟུང་བའི་སྙིང་པོའང་ལྷག་བསམ་བསྐུལ་བ་ལས། དེ་ལྟ་བས་ན་སྨྲ་ལ་དགའ་སྤང་སྟེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་པ་ལྟར། དོན་བཞིན་


TN01_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཐོག་ཏུ་སྦྱོར་བ་ཉིད་ཡིན་པས་དྲན་པ་སྐྱེ་བ་དང་དྲན་པའི་དོན་པོ་གཉིས་ཀར་སྤང་བླང་གི་གནས་རྣམས་ཡང་ནས་ཡང་དུ་བསྔོ་བགྲངས་བྱ་ཞིང་དྲན་དགོས་སོ། །གཉིས་པ་ཤེས་བཞིན་ནི། སྤྱོད་ལམ་ཐམས་ཅད་དང་དུས་རྣམ་པ་ཀུན་ཏུ་བདག་གིས་རིགས་པ་ཅི་ལྟར་བྱ། མི་རིགས་པ་ཇི་ལྟར་སྤོང་། ད་ལྟ་བདག་གི་སེམས་དེ་དགེ་འམ་དགེ་བ་མིན་པའི་གནས་སྐབས་སུ་གྱུར། བདག་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལས་མ་ཉམས་སམ་ཞེས་ཡང་དང་ཡང་དུ་རྟོག་ཅིང་རང་རྒྱུད་ལ་བྱ་ར་སྟེ་མེ་ལ་ཚེ་བྱ་བ་ཡིན་ཏེ། སྤྱོད་འཇུག་ལས། །ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །འདི་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་སོ། །གཉིས་པ་ལ། བསྟན་བཤད་གཉིས་ལས། དང་པོ། གང་བསྲུང་བྱ་ཚུལ་ཁྲིམས་ཀྱི་རྣམ་བཞག་དེ་ལའང་། སྡོམ་སྡུད་དོན་བྱེད་རྣམ་པ་གསུམ་ཡོད་དེ། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ནི་བདག་དང་གཞན་གྱི་དོན་སྒྲུབ་པའི་ཐབས་གཉིས་སུ་འདུ་ལ། དེ་ལས་དང་པོ་ལ་ཉེས་སྤྱོད་སྤང་བ་དང་། དགེ་ཚོགས་སྡུད་པ་གཉིས་སུ་མ་འདུས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ། སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལས། དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། རྩ་ལྟུང་ལས་བསྲུང་ཚུལ་དང་། དེའི་ཡན་ལག་གི་དབང་དུ་བྱས་པ་དག་གོ། །དེ་ལ་རྩ་ལྟུང་གཅིག །བཞི། བཅོ་བརྒྱད་དུ་དབྱེ་བ་རྣམས་རིམ་


TN01_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ། གསང་ཆེན་ཐབས་ལ་མཁས་པའི་མདོ་དང་། བྱང་ཆུབ་སེམས་དཔའི་ས་དང་། འཕགས་པ་ནམ་མཁའི་སྙིང་པོའི་མདོ་ཡི་རྗེས་སུ་འབྲངས་ཏེ་རྣམ་པར་བཤད་དོ་ཞེས་སྤྱིར་སྨོས་ནས། བྱེ་བྲག་ཏུ་བཤད་པ་ལ། དང་པོ་གཅིག་པ་ནི་སྨོན་སེམས་ནི་གཏོང་བའི་གཞི་ལས་བསྲུང་བྱའི་གཙོ་བོར་བཞག་པ་སྟེ། འདི་ལྟར་མཐའ་ཡས་པའི་འགྲོ་བ་མ་ལུས་པ་སངས་རྒྱས་ཀྱི་གོ་འཕང་དམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་བདག་གིས་དུས་རྟག་ཏུ་དགེ་ཚོགས་རྒྱ་ཆེན་པོ་སྒྲུབ་ཅིང་མི་དགེ་བ་མཐའ་དག་སྤོང་ངོ་སྙམ་པ་འདི་ཉིད་དམ་པ་གསུམ་དང་འབྲེལ་བར་ཡིད་ལ་བྱ་ཞིང་། ལག་ལེན་གྱི་སྒོ་ནས་ཀྱང་དགེ་ཚོགས་གང་འགྲུབ་སྒྲུབ་པ་སྟེ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལུང་བསླབ་བཏུས་སུ་དྲང་བ་བཞིན་ནོ། །དེའང་སྨོན་འཇུག་ལ་གཞི་མཐུན་མེད་ན་འཇུག་སྡོམ་བླང་བའི་འོག་ཏུ་སྨོན་སེམས་མི་གཏོང་བ་བསྲུང་བྱར་བཞེད་པར་མི་རིགས་ཀྱང་གོང་དུ་སྨོས་པ་ལྟ་བུའི་ཕྱོགས་བཟུང་བར་སྣང་ངོ། །འོན་ཀྱང་དེ་ལ་ནི་དགེ་ཚོགས་སྒྲུབ་པ་དང་མི་དགེ་བ་སྤོང་བའི་ཕྱིར་བརྩོན་འགྲུས་བརྩམ་པ་ཉི་ཚེ་བ་ཙམ་ཞིག་གིས་མི་ཆོག་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་ལ་ཚུལ་བཞིན་དུ་སློབ་པའི་སྨོན་སེམས་ཞིག་དགོས་སོ། །ལས་གཞན་ཡོད་མིན་ཞེས་པ་འཇུག་སྡོམ་མ་བླང་བའི་དབང་དུ་མཛད་ནས་གོང་དུ་སྨོས་པ་དེ་ཙམ་ཞིག་གིས་ཆོག་གོ་ཞེས་བཤད་རྒྱུར་སྣང་བས་དངོས་བསྟན་དེ་ལྟར་


TN01_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཡང་བཤད་མ་ཐག་པའི་རྒྱུ་མཚན་ཉིད་ཀྱིས་དོན་ལ་ཁྱབ་པ་མེད་དོ། །བྱང་ཆུབ་ཀྱི་སེམས་མི་གཏོང་བ་འདི་ནི་རྒྱལ་བའི་སྲས་ཀྱི་ཉམས་ལེན་མཐའ་དག་གི་དོན་པོ་མཆོག་ཏུ་བྱ་བ། སྡོམ་སྡུད་དོན་བྱེད་ཀྱི་བསླབ་པ་ཀུན་གྱི་རྩ་བའི་གཞིའམ་སྡོམ་གཅིག་ཏུ་གྱུར་པ་སྟེ། ཤེས་སླ། གནད་ཟབ། དོན་འདུས། ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་མཚུངས་བྲལ་དྲིན་ཆེན་བླ་མའི་མན་ངག་ལས་ཀྱང་དོན་འདི་ཁོ་ན་རྩལ་དུ་བཏོན་པ་སྟེ་གཙོ་བོར་མཛད་ནས་གསུངས་སོ། །གཉིས་པའི་ཕྱོགས་ལ་སེར་སྣ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། གཏི་མུག་གི་ཀུན་སློང་བཞིས་ཀུན་ནས་བསླངས་ཏེ་རིམ་པ་བཞིན་དུ། སྡུག་བསྔལ་བ་དང་མགོན་མེད་དུ་གྱུར་པ་རྣམས་ལ་ཆོས་མི་སྟེར་བ་དང་། རྙེད་བཀུར་ལ་ཆགས་པས་བདག་ཉིད་བསྟོད་ཅིང་གཞན་ལ་སྨོད་པ་དང་། ཕ་རོལ་པོ་ལ་སེམས་འཁྲུགས་ཏེ་བརྡེག་བཙོག་བྱེད་པ་དང་། ཤད་སྦྱང་ཚུལ་མཐུན་བྱས་ཀྱང་ལེན་པར་མི་བྱེད་པ། ཡང་དག་པའི་དམ་ཆོས་སྤོངས་ཤིང་ཆོས་མིན་ཆོས་སུ་བཅོས་ཏེ་སྟོན་པ་རྣམས་ལ་ཕམ་པའི་གནས་ལྟ་བུའི་རྩ་ལྟུང་བཞི་ཞེས་བྱ་སྟེ། དེ་དག་ལས་གང་ཡང་རུང་བ་ཞིག་བྱུང་ན་རྟེན་གྱི་གང་ཟག་དེ་ལ་འཕགས་པའི་ལམ་ཚེ་འདིར་མི་སྐྱེ་བའོ། །ཕྱོགས་གསུམ་པ་ནི། རྒྱལ་པོ། བློན་པོ། །དམངས་ཕལ་པ་རྣམས་ལ་འབྱུང་ཉེ་བའི་སྒོ་ནས་དེ་དང་དེར་ངོས་བཟུང་ལྟར་མཛད་པའི་ལྟུང་བའི་རྣམ་བཞག་རྐང་གྲངས་ལྔ་དང་ཡང་ལྔ་དང་།


TN01_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དེ་གོ་རིམ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་ལྔ་ཚན་དང་པོ་ནི་དཀོན་མཆོག་གི་དཀོར་འཕྲོག་པ་དང་། ཆོས་སྤོང་གི་ལས་གསོགས་པ་དང་། ཚུལ་ཁྲིམས་དང་ལྡན་ཡང་རུང་ཚུལ་ཁྲིམས་འཆལ་ཡང་རུང་སྟེ་དགེ་སློང་ལ་ཁྲིམས་གཅོད་པ་དང་། བསླབ་པ་ལས་ཕབ་པ་དང་། དུར་སྨིག་འཕྲོག་པ་སོགས་བྱེད་པ་དང་། ཕ་བསད་པ། མ་བསད་པ། དགྲ་བཅོམ་པ་གསོད་པ། རྒྱལ་བའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ། འཁོར་ལོའི་དབྱེན་ཏེ་མཚམས་མེད་ལྔ་ལས་གང་རུང་བྱེད་པ་དང་། རྒྱུ་འབྲས་ལ་ལོག་པར་ལྟ་བ་སྟེ་ལྔ་ཡིན་ནོ། །ལྔ་ཚན་གཉིས་པ་སྔ་མ་དེ་ལྔ་ལས་ལོག་ལྟ་ཕྲི་ཞིང་དེ་ཉིད་ཀྱི་ཚབ་ཏུ་གྲོང་། ལྗོངས། གྲོང་ཁྱེར། གྲོང་རྡལ་དང་ཡུལ་འཁོར་འཇོམས་པ་རྣམས་གཅིག་ཏུ་བརྩིས་ནས་དེ་བསྣན་པའོ། །དེ་ལ་གྲོང་ནི་མི་ཁྱིམ་གཅིག་ལ་སོགས་པ་དང་། ལྗོངས་མི་རིགས་གཞི་གནས་ས། གྲོང་ཁྱེར་བཟོ་སྣ་བཅོ་བརྒྱད་གནས་ས། གྲོང་རྡལ་ཚོང་འདུས་ཆེན་པོའི་ས། ཡུལ་འཁོར་རྒྱལ་པོའི་མངའ་རིས་ལྟ་བུ་ཡིན་ཞེས་གསུངས། གསུམ་པ་བརྒྱད་ནི་རྫོགས་བྱང་དུ་སེམས་བསྐྱེད་ཅིང་ནན་ཏན་གྱིས་བློ་མ་སྦྱངས་པས། སྟོང་ཉིད་བསྟན་ན་སྐྲག་པར་འགྱུར་བའི་རིགས་ལ་དེ་ཁོ་ན་ཉིད་སྟོན་པ་དང་། ཐེག་ཆེན་གྱི་ལམ་ཞུགས་རྫོགས་པའི་བྱང་ཆུབ་ཕྱིར་ལྡོག་ཏུ་བཅུག་ནས་ཐེག་དམན་དུ་བཅུག་པའམ་འཛུད་པ་དང་། སོ་སོར་ཐར་པ་སྤངས་ནས་


TN01_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ལ་ཐེག་ཆེན་བཀླགས་པ་ཙམ་གྱིས་ཆོག་པར་སྨྲ་བ་དང་། ཉན་རང་གི་ཐེག་པར་ཉོན་མོངས་དྲུང་ཕྱུངས་ཀྱི་འབྲས་བུ་མེད་པར་འཛིན་པ་དང་། རྙེད་བཀུར་ལ་ཆགས་པའི་རྒྱུས་བདག་བསྟོད་གཞན་སྨོད་བྱེད་པ། རང་གིས་ཟབ་མོའི་དོན་མ་རྟོགས་བཞིན་དུ་རྟོགས་རྫུན་བྱེད་པ། དགེ་སློང་ཆད་པས་གཅོད་ལ་འཇུག་ཅིང་དེ་ལས་དཀོན་མཆོག་གི་དཀོར་སུག་འབུལ་དུ་ལེན་པ། སྤོང་བ་བསམ་གཏན་པའི་ལོངས་སྤྱོད་མ་བྱིན་པར་བླངས་ནས་ཁ་ཏོན་པ་ལ་སྦྱིན་པ་དང་། འདིར་ཆར་གཏོགས་ཆོས་སྤྱོད་པའི་དགེ་སློང་རྣམས་ལ་ཁྲིམས་ངན་འཆའ་བ་སྟེ་སྡོམ་པས་བཅོ་བརྒྱད་དོ། །དེ་ལྟར་རྩ་ལྟུང་གི་ཚུལ་ཇི་སྐད་གསུངས་པ་རྣམས་ལེགས་པར་ཤེས་ནས་རང་གི་རྒྱུད་བསྲུང་བར་བྱ་ཞིང་གལ་ཏེ་ཉམས་ན་བཅོས་ཚུལ་རབ་འབྲིང་ཐ་མ་གསུམ་ཡོད་དེ་རྟོགས་པ་རབ་ཀྱིས་སྟོང་ཉིད་ཟབ་མོའི་ལྟ་བའི་ངང་ལ་མཉམ་པར་འཇོག་པའི་སྒོ་ནས་བཤགས་པ་བྱ་ཞིང་སྡིག་ལྟུང་རང་བཞིན་མེད་པར་ཤེས་ན་འགྱོད་ཚངས་རྣམས་ཀྱི་མཆོག་ཡིན་ཞིང་། འབྲིང་གིས་རིགས་སྔགས་ཀྱི་ལྷ་ལ་གསོལ་བ་གདབ་སྟེ། དེའི་ནང་ནས་ཀྱང་བསླབ་བཏུས་ལས། རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་གསུངས་པའི་དོན་ལྟར་བྱ་བ་ལ་དེ་ཡང་ཞེས་སྦྲེལ་ལ་ཉིན་མོ་གསོ་སྦྱོང་གི་སྡོམ་པ་བླངས་ཏེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་རྩེ་གཅིག་ཏུ་མོས་པས་གསོལ་འདེབས་བྱ་ཞིང་ཐུགས་རྒྱུད་


TN01_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ་ལ་འབད། ཐོ་རང་གི་ཆར་བདག་གི་ལྟུང་བ་སྦྱོང་བའི་ཕྱིར་དུ་རྨི་ལམ་གྱི་ཚེ་སྤྲུལ་པ་སྟོན་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ལ་ཉལ་བས་བྱང་སེམས་ཆེན་པོ་དེའི་སྤྲུལ་པས་ལྟུང་བ་རྣམས་ལས་ལྡང་བ་སྟེ་གྲོལ་བར་བྱེད་དོ། །གལ་ཏེ་དེ་ལྟར་མ་བྱུང་ན་སྐྱ་རེངས་འཆར་བའི་དུས་སུ། སྐྱ་རེངས་སྐྱ་རེངས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་སོགས་ཀྱིས་ཕྲིན་གསོལ་ལ། སྔར་བཞིན་བྱས་ཏེ་བཤགས་པས་འདག་པ་ཡིན་ནོ། །ཐ་མས་ནི་སྡིག་ལྟུང་གི་ནུས་པ་ཉམས་སྨོད་པ་དང་། རྣམ་སྨིན་ཐག་སྲིང་བ་དང་། འབྲས་བུ་མི་མྱོང་བར་བྱེད་པ་སོགས་ཀྱི་སྒོ་ནས་བཞག་པའི་གཉེན་པོ་སྟོབས་བཞི་ཚང་བ་ཡིས་ཉེས་ལྟུང་མང་བ་དང་། ཚོགས་ཀྱི་བསགས་རྒྱབ་ཉུང་བ་དང་། ཆོས་སྤང་བའི་གཉེན་པོར་ཡང་དང་ཡང་དུ་བསྔགས་པ། སྡིག་བཤགས་ཡི་རང་བསྐུལ་ཞིང་གསོལ་བ་གདབ་པ་སྟེ་ཕུང་པོ་རྣམ་པ་གསུམ་ལ་སོགས་པའི་སྒོ་ནས་འགྱོད་བཤགས་བྱའོ། །གཞན་ཡང་དངོས་སུ་བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་པའི་དབུས་ཏེ་སྤྱན་སྔར་ནོངས་པ་བསྒྲགས་ནས་མཐོལ་བཤགས་བརྗོད་པའི་སྒོ་ནས་བཤགས་པར་བྱའོ། །གང་ལྟར་ཡང་བྱེད་འདོད་མ་ལོག་པ། དགའ་ཞིང་མགུ་བ། ཡོན་ཏན་དུ་བལྟ་བ། ངོ་ཚ་དང་ཁྲེལ་ཡོད་མ་སྐྱེས་པ་སྟེ། ཀུན་དཀྲིས་ཆེན་པོའི་ཡན་ལག་བཞི་ཀ་ཚང་ན་རྩ་བའི་ལྟུང་བ་དངོས་ཡིན་པས་དེ་ལ་ནི་སྡིག་པ་བཤགས་ཙམ་གྱིས་


TN01_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆོག་གི་བྱང་སེམས་ཀྱི་སྡོམ་པ་གསར་དུ་བླང་བར་བྱ་དགོས་ཏེ། ལྟུང་བའི་རྣམ་སྨིན་བཤགས་པས་དག་ཅིང་། དེ་ཁོ་ནས་སྡོམ་པ་སོར་མི་ཆུད་པའི་ཕྱིར་རོ། །དེ་ལས་གཞན་དུ་ཀུན་དཀྲིས་ཆུང་འབྲིང་ལ་ནི་སྡོམ་པ་ཉི་ཤུ་པར། ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་གསུངས་པ་ལྟར་བྱའོ། །གཉིས་པ་དེ་ཡི་ཡན་ལག་ནི་ཉེས་བྱས་བཞི་བཅུ་རྩ་དྲུག་བྱང་སར་གསུངས་པ་རྣམས་དམིགས་བསལ་དང་བཅས་པར། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག །ཅེས་པ་ནས། སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པའི་བར་གྱི་མདོར་བསྡུས་ཏེ་སྡོམ་པ་ཉི་ཤུ་པར་གསུངས་པས་ཤེས་པར་འདོད་པ་རྣམས་ཀྱིས་བྱང་སའི་ཚུལ་ཁྲིམས་ལེའུ་འགྲེལ་པ་དང་བཅས་པ་རྣམས་དང་། སྡོམ་པ་ཉི་ཤུ་པའི་ཊཱི་ཀ་སྔ་ཕྱི་རྣམས་སུ་ཞིབ་མོར་བལྟས་ཏེ་རྟོགས་པར་བྱའོ། །འདིར་ནི་དེ་དག་མདོར་བསྡུས་པའི་ཚུལ་གྱིས་གསུངས་ཏེ་དུས་དང་རྣམ་པ་ཀུན་ཏུ་རང་གཞན་ལ་འཕྲལ་ཚེ་འདི་དང་། ཡུན་གྱི་ཚེ་རབས་བརྒྱུད་མ་རྣམས་སུ་གནོད་པར་འགྱུར་བའི་ལས་མ་ལུས་པ་སྤོང་སྒྲུབ་ཀྱི་གནས་ལ་མཁས་པའི་སྒོ་ནས་བྱ་མི་བྱའི་ཚོད་ཤེས་བར་བྱས་ལ་སྙིང་ཐག་པ་ནས་བརྟགས་ཏེ་བྱ་བར་མི་འོས་པ་རྣམས་སྤང་


TN01_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །འཕྲལ་དང་ཡུན་དུ་གནོད་པའི་ལས་མ་ལུས་སྤང་ཞེས་རྩ་བར་གསུངས་པ་ལ་སྤོང་སྒྲུབ་ཀྱི་གནས་ལ་མཁས་པ་སོགས་འབྲུ་སྣོན་དགོས་པ་ཅི་ཡིན་ཞེ་ན། འཕྲལ་དུ་གནོད་ལ་ཡུན་དུ་ཕན་པ་དང་། འཕྲལ་དུ་ཕན་ཞིང་ཡུན་དུ་གནོད་པ་སོགས་ཡོད་པའི་ཕྱིར་དེ་དག་གི་ནང་ནས་གཙོ་བོར་གང་བྱེད་སྟོན་པའི་ཕྱིར་ཡིན་ཏེ་སྡོམ་པ་ཉི་ཤུ་པར། གཞན་རྣམས་དང་ནི་བདག་ཀྱང་རུང་། །སྡུག་བསྔལ་ཡིན་ཡང་གང་ཕན་དང་། །ཕན་དང་བདེ་བ་རྣམས་བྱ་སྟེ། །དེ་ཡང་མི་ཕན་མི་བྱའོ། །ཞེས་སོ། །གཉིས་པ་ནི། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་གཞུང་འདིར་དངོས་བསྟན་དུ་བྱུང་བ་ལ་སྨོན་འཇུག་གི་བསླབ་བྱ་གཉིས་ལས། དང་པོ་སྨིན་པའི་བསླབ་བྱ་ལྔ་ཞེས་གྲགས་པ་ནི། དང་པོ་ཞེས་པ་ཐོག་མའི་དོན་དུ་སྦྲེལ་ནས་དེར་གྱུར་པའི་སེམས་ཅན་བློས་མི་བཏང་བ་ནི་འགྲོ་བའི་རིགས་གཏོགས་ཀྱི་སེམས་གང་ཡང་རུང་བ་ཐ་ན་གཅིག་ཙམ་ལ་ཁོང་ཁྲོ་བ་ལ་སོགས་པའི་སེམས་ཀྱིས་འདི་སྙམ་དུ་བདག་གིས་སེམས་ཅན་གཞན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཡོངས་སུ་སྒྲུབ་མོད་ཀྱི་སེམས་ཅན་གཅིག་པ་འདི་ལ་ནི་གནོད་པ་སྤོང་བ་དང་། ཕན་འདོགས་ནུས་པའི་སྐབས་ཤིག་བྱུང་ཡང་མི་བྱེད་སྙམ་དུ་དམ་བཅའ་བའི་བློ་སྣ་ཞིག་སྐྱེས་ཕན་ཆད་སྨོན་སེམས་རྩ་བ་ནས་གཏོང་བར་འགྱུར་ཞིང་། དེ་བཏང་ན་ཐེག་པ་ཆེན་པོའི་ལམ་གྱི་རྐང་རྩ་ཆད་པ་ཡིན་པས་རྣམ་


TN01_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ཏུ་ཉེས་པ་འདི་ལ་དུག་གི་ཆིག་ཐང་ལྟར་བལྟ་བའི་བག་ཡོད་ཀྱི་སྒོ་ནས་སྤྱིར་སེམས་ཅན་སུ་ལ་ཡང་རུང་སྟེ་གནོད་སེམས་སྐད་ཅིག་ཀྱང་མི་སྐྱེ་བར་བྱ་ཞིང་གལ་ཏེ་གནས་སྐབས་སུ་རྐྱེན་གྱི་དབང་གིས་ཁོང་ཁྲོ་བའི་གཞན་དབང་ཅན་དུ་གྱུར་ན་ཡང་ཕུགས་སུ་རང་གཞན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལས་མི་ཉམས་པའི་དོན་དུ་བསམ་པ་བཟང་པོས་སྨོན་ལམ་གདབ་པ་དང་། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་ཡིད་ལ་བྱ་ཞིང་སེམས་ཅན་ཀུན་གྱི་དོན་བསྒྲུབ་པར་བགྱིའོ་སྙམ་པའི་བློ་དང་ནམ་ཡང་བྲལ་བར་མི་བྱ་བ་ཡིན་ནོ། །གཉིས་པ་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་ནི། རྒྱས་པར་ནི་སངས་རྒྱས་ཕལ་པོ་ཆེ་ལས་ཇི་སྐད་འབྱུང་བ་རྣམས་དང་། འབྲིང་དུ་སྤྱོད་འཇུག་ལེའུ་དང་པོའི་དོན་དང་། མདོར་བསྡུས་དཀོན་མཆོག་བརྩེགས་པའི་བྱམས་ཞུས་ཀྱི་ལེའུའི་སྨོན་ལམ་ལས་བྱུང་བའི་ཚིགས་སུ་བཅད་པ་སོགས་སྡོམ་ཚིག་བློ་ལ་བཟུང་སྟེ་བརྗོད་དོན་གཏིང་ཐུག་པར་ཅི་ནས་ཀྱང་ཤེས་པར་བྱས་ལ་ཡང་དང་ཡང་དུ་དེ་དག་གི་དོན་ལ་བསམ། མདོར་བསྡུ་ན་སྲིད་ཞིའི་བདེ་ལེགས་ཇི་སྙེད་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་མཐུ་ཉག་གཅིག་ལས་བྱུང་བའི་ཚུལ་དུས་རྣམ་ཀུན་ཏུ་མི་བརྗེད་པའི་དྲན་པས་ངེས་ཤེས་བསྐྱེད་པར་བྱའོ། །གསུམ་པ་བྱང་ཆུབ་སེམས་ཀྱི་སྟོབས་བསྐྱེད་པ་ལ་ཕྱག་མཆོད་ལ་སོགས་པ་ཚོགས་བསགས་ཡན་ལག་བདུན་པ་དང་། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །


TN01_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར་ཆོས་རྣམ་པ་བཅུ་ལ་སོགས་པ་འཁོར་གསུམ་དམིགས་མེད་ཀྱི་ལྟ་བའི་རྩིས་ཟིན་པའི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་སྒོ་དུ་མ་ནས་བསགས་པའི་ཐབས་ལ་འབད་པ་ནི་ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་ཚེ་གཅིག་ཉམས་ལེན་དྲིལ་ནས་བསྟན་པའི་གདམས་ངག་གི་ཆིངས་སྟོབས་རྣམ་པ་ལྔའི་ནང་དཀར་པོ་རྣམ་པར་འཕེལ་བའི་སྟོབས་ཞེས་གྲགས་སོ། །བཞི་པ་བྱང་ཆུབ་ཀྱི་སེམས་དངོས་སྦྱོང་བ་ལ། རྒྱུ། ངོ་བོ། །བསླབ་བྱ་སྟེ་གསུམ་ཡོད་པའི་དང་པོ་རྒྱུ་ལ་སྦྱོང་བ་ཚད་མེད་རྣམ་པ་བཞི་སྟེ། དེའི་སྒོམ་ཚུལ་བསྡུ་ན་སྤྱིར་ཚད་མེད་བཞིའི་རྟེན་བསམ་གཏན་གྱི་དངོས་གཞི་དགོས་པར་ཤིང་རྟ་ཆེན་པོའི་གཞུང་ལས་མང་དུ་བཤད་ཀྱང་སྐབས་འདིར་བསྟན་ནི་ཚད་མེད་རྣམ་པ་བཞིའི་ཕྱོགས་སུ་བསྡུ་རྒྱུའི་བྱམས་སོགས་ལ་དགོངས་པར་སྣང་གིས་ཚད་མེད་བཞི་མཚན་ཉིད་པ་ཞིག་དགོས་ན་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་བསམ་གཏན་གྱི་དངོས་གཞི་མི་དགོས་པས་དེ་འདྲེན་བྱེད་ཀྱི་རྒྱུ་ལ་དགོས་ན་ཧ་ཅང་ཐལ་བའི་ཕྱིར་རོ། །འོན་ཀྱང་འདི་ལ་བྱམས་སོགས་ཙམ་གྱིས་མི་ཆོག་པས་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་བྱམས་སོགས་བཞི་སྒོམ་ཚུལ་དུ་སོང་བ་ཞིག་ནི་ངེས་པར་དགོས་ཏེ་སྤྲོས་པས་ཆོག་གོ་།བྱམས་སོགས་བཞི་པོའི་དམིགས་ཡུལ་ནི་སེམས་ཅན་བདེ་བ་འདོད་པ། སྡུག་བསྔལ་ཅན། བདེ་བ་དང་ལྡན་པ། ཉེ་རིང་ཆགས་སྡང་ཅན་བཞིར་དམིགས་ནས་རིམ་པ་བཞིན་དུ། བདེ་བ་དང་ལྡན་འདོད།


TN01_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དང་བྲལ་འདོད། བདེ་བ་ལས་མི་འབྲལ་འདོད། ཆགས་སྡང་ཞི་འདོད་རྣམས་རྣམ་པའི་ཁྱད་པར་ཏེ་མདོ་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཞེས་སོགས་གསུངས་པ་བཞིན། དེ་བཞི་རེ་རེ་ལའང་སྒོམ་ཚུལ་རྣམ་པ་གསུམ་རེར་དབྱེ་བ་ནི་ཡུལ་སེམས་ཅན་ཙམ་ལ་དམིགས་པ་དང་། དེ་ཉིད་སྐད་ཅིག་མའི་ཆོས་ཀྱིས་ཁྱད་པར་དུ་བྱས་པ་ལ་དམིགས་པ་དང་། བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བདག་ལྟའི་དམིགས་པ་མེད་པར་སྒོམ་ཚུལ་རྣམས་སོ། །སེམས་དངོས་ལ་སྦྱང་བ་ནི། ཉིན་དང་མཚན་མོའི་དུས་དྲུག་ཏུ་ཉིན་རེ་དང་། ཐུན་རེ་བཞིན་དུ་གོང་དུ་སྨོས་པའི་རང་སྡོམ་ལེན་པའི་ཆོ་ག་རྒྱས་བསྡུས་གང་ཡང་རུང་བ་ཡིས་མི་ཆག་པར་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་ཡང་བསྐྱར་ཞིང་བླང་ངོ་། ཁྱད་པར་དུ་མགོན་པོ་ཀླུ་སྒྲུབ་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལྟར་བླངས་ན་སེམས་བསྐྱེད་དངོས་སྦྱོང་བར་འགྲོ་ཞིང་བྱང་སྡོམ་བསྐྱར་ན་བསླབ་བྱ་ལ་སྦྱང་བར་འགྲོ་རྒྱུར་མངོན་ནོ། །གསུམ་པ་བསླབ་བྱ་ལ་སྦྱང་བ། བདག་གཞན་མཉམ་པ་དང་། བརྗེ་བ་དང་། བདག་པས་གཞན་གཅེས་སྒོམ་པ་སྟེ་གསུམ་ལས། དང་པོ་ནི། བདག་དང་འགྲོ་ཀུན་བློ་གཅིག་ཏུ་མཐུན་པར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལ་མཚུངས་པ་ཤ་སྟག་ཡིན་ཞིང་དེ་ལྟར་ཡིན་བཞིན་དུ་རང་གཞན་ལ་ཁྱད་ཕྱེ་བའི་སྒོ་ནས་བདག་བཞིན་དུ་སེམས་ཅན་གཞན་ལ་བརྩེ་བར་མི་སེམས་པ་སྐྱེས་བུ་དམ་


TN01_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་མིན་གྱི་རྒྱུ་མཚན་དེས་ན་བདག་དང་འགྲོ་ཀུན་ཕན་འདོགས་པའི་ཡུལ་དུ་མཚུངས་པ་རུ་བཟུང་སྟེ་ཕན་པ་སྒྲུབ་ཅིང་གནོད་པ་སྤོང་བ་ལ་བརྩོན་པར་བྱའོ་སྙམ་དུ་ཐུན་བཞིར་བསམ་མོ། །གཉིས་པ་ནི། བདག་གི་རྒྱུད་ལ་ཡོད་པའི་བདེ་བ་དང་དགེ་བ་ཇི་སྙེད་པ་ཐམས་ཅད་གོས་ཕུད་དེ་གཡོགས་པ་བཞིན་དུ་འགྲོ་བ་ཀུན་ལ་སྦྱིན་ཞིང་འགྲོ་བའི་རྒྱུད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་གིས་ཁུར་དུ་ལེན་པ་ཉིད་དབུགས་འབྱུང་འཇུག་དང་བསྟུན་ཏེ་སྒོམ་ན་ཕྱིན་དྲུག་ཡོངས་སུ་རྫོགས་པའི་ཉམས་ལེན་དུ་འགྲོ་བར་གསུངས་སོ། །འོན་ཀྱང་བརྗེ་བ་སྒོམ་ཚུལ་གྱི་དྲག་ཤོས་ནི་སྤྱོད་འཇུག་ལས་གསུངས་པ་ལྟར་བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན་གྱི་སྟེང་ནས་སྒོམ་ལུགས་ཉིད་ཡིན་པས་སོགས་ཀྱི་སྒྲས་བསྟན་དོན་ཡང་དེ་ལ་བྱས་ན་འཐད་དོ། །དེ་ལྟར་བདག་གཞན་གཉིས་གོ་ས་སྤོས་ལ་ཡང་དང་ཡང་དུ་སྒོམ་པ་ནི་བདག་གཞན་བརྗེ་བའོ། །གསུམ་པ་རང་དོན་སྒྲུབ་འདོད་ཀྱི་བློ་རྣམ་ཀུན་ཏུ་སྤངས་ནས་ཞེས་པ་བསམ་པ་དངོས་སུ་ན་ལུས་དང་སྲོག་དང་ལོངས་སྤྱོད་ཐམས་ཅད་ཀྱིས་འགྲོ་བའི་ཉེར་འཚོ་མ་ལུས་པ་བསྒྲུབ་པར་བྱ་ཞིང་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པ་ནི་སྦྱོར་བའོ། །ལྔ་པ་སྐྱེ་བ་འདི་དང་ཚེ་རབས་ཀྱི་ཕྲེང་བ་ཐམས་ཅད་དུ་མི་བརྗེད་པར་བྱང་ཆུབ་སེམས་མཆོག་དྲན་པའི་རྒྱུ་ནི། སེམས་ཉིད་ངལ་གསོར། མདོར་ན་ནག་པོའི་ཆོས་བཞི་སྤང་བྱ་ཞིང་། །


TN01_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཆོས་བཞི་དག་ལ་ནན་ཏན་བྱ། །ཞེས་གསུངས་པ་ལྟར་དཀར་ནག་ཆོས་བརྒྱད་ལ་བླང་དོར་བྱ་བ་སྟེ། དེ་ལ་ནག་པོའི་ཆོས་བཞི་ནི། མཆོད་འོས་བསླུ་བ་དང་། འགྱོད་མེད་ལ་འགྱོད་པ་བསྐྱེད་པ་དང་། །སྐྱེས་བུ་དམ་པ་ལ་སྐུར་པ་འདེབས་པ་དང་། འགྲོ་བ་ལ་གཡོ་སྒྱུ་སྤྱོད་པ་སྟེ་བཞིའོ། །ནག་ཆོས་དེ་བཞི་སྤངས་ནས་དཀར་ཆོས་བཞི་ལ་བསླབ་པ་ནི། སྲོག་ལ་བབ་ཀྱང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། འགྲོ་ཀུན་ཐེག་པ་མཆོག་གི་ལམ་ལ་ཞུག་ཅིང་གཟེངས་བསྟོད་པ་དང་། རྒྱལ་སྲས་རྣམས་ལ་སྟོན་པའི་འདུ་ཤེས་ཀྱིས་གུས་པར་བྱ་བ་དང་། འགྲོ་བ་ཀུན་ལ་རྒྱུད་དྲང་པོའི་ངང་ཚུལ་དུ་བྱ་ཞིང་སྒྱུ་དང་གཡོ་མེད་པ་ལ་ངེས་པར་བསླབ་བོ། །གཉིས་པ་འཇུག་པའི་བསླབ་བྱ་ནི། །བདག་མེད་རྟོགས་པ་དང་། སྙིང་རྗེ་ཆེན་པོས་ཟིན་པའི་སྒོ་ནས་འཇིག་རྟེན་པ་དང་། ཉན་རང་གི་དགེ་བ་ལས་འཕགས་པའི་ཕྱིར་ཕར་ཕྱིན་ཞེས་བརྗོད་པ་དྲུག་སྟེ། སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་རྣམས་སོ། །སྟེ་ཞེས་ལྷག་བཅས་ཀྱི་སྒྲར་སྦྱར་རོ། །དེ་ལ་ལྷག་མ་ནི་འདི་ཡིན་ཏེ་ཕྱིན་དྲུག་གི་ངོ་བོ་ཁྱད་ཆོས་བཞི་ལྡན་གྱི་དགེ་བའི་ཚོགས་གང་ཞིག་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕྱོགས་སུ་གྱུར་པའོ། །བྱེ་བྲག་གི་ངོ་བོ་ལ། ངོ་བོ་ཉིད་དང་། མཚུངས་ལྡན་དང་། ཀུན་སློང་གི་སྒོ་ནས་འཇོག་ཚུལ་ཡོད་པ་ལས། གཙོ་བོར་ངོ་བོ་ཉིད་ཀྱི་ཕྱོགས་ལས་བསྙད་ན་སྦྱིན་


TN01_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་མ་ཆགས་པ། ཚུལ་ཁྲིམས་ཀྱི་ངོ་བོ་སྤོང་སེམས། དེ་བཞིན་དུ་བཟོད་པ་མི་འཁྲུགས་པ། བརྩོན་འགྲུས་དགེ་བ་ལ་སྤྲོ་བ། །བསམ་གཏན་སེམས་རྩེ་གཅིག་པའི་རབ་ཕྱེ། ཤེས་རབ་ཆོས་རབ་ཏུ་འབྱེད་པ་རྣམས་སོ། །དེ་དག་བསྒྲུབ་ཚུལ་ནི། ཡོན་ཏན་བཞི་བསྒྲུབ་པ་དང་། ཆགས་བདུན་སྤང་བ་དང་། དམ་པ་གསུམ་གྱིས་ཟིན་པར་ཉམས་སུ་བླང་ངོ། །བཤད་མ་ཐག་པའི་ཁྱད་ཆོས་བཞི་ནི། སེར་སྣ་ལ་སོགས་པ་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཉམས་པ་སྟེ་དེ་དག་དང་བྲལ་བ་དང་འཁོར་གསུམ་བདེན་པར་མི་རྟོག་པའི་ཤེས་རབ་དང་ལྡན་པ་སྟེ་དེས་ཟིན་པ་དང་། སེམས་ཅན་གྱི་འདོད་པ་ཀུན་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་དག་གི་རེ་བ་སྐོང་བ་དང་ཐེག་པ་གསུམ་གྱི་ལམ་ལ་འགོད་པ་སྟེ་ཆོས་ཀྱི་སྦྱིན་པ་དང་འབྲེལ་བའོ། །ཡོན་ཏན་བཞི་ནི། ཡུལ་སེམས་ཅན་ཐམས་ཅད་ལ་དམིགས་ཤིང་། ཆེད་དུ་བྱ་བ་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་འདུན་པས་དྲང་བའི་ཕྱིར་རྒྱ་ཆེ་བ་དང་ལེགས་སྨོན་འདོད་པ་ལ་སོགས་པའི་ཟང་ཟིང་གི་བསམ་པ་མེད་པ་དང་། མཐར་ཐུག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུར་འགྱུར་བའི་ཕྱིར་དོན་ཆེ་བ་དང་། ཁྱད་ཆོས་དྲུག་ལྡན་གྱི་བསྔོ་བས་ཟིན་པའི་ཕྱིར་མི་ཟད་པ་སྟེ་བཞི་ལྡན་ནོ། །ཆགས་པ་བདུན་ནི་སེར་སྣ་སོགས་མི་མཐུན་ཕྱོགས་དང་། ཕྱི་བཤོལ་བྱེད་པ་དང་། ཅུང་ཟད་རེས་ཆོག་པར་འཛིན་པ་དང་། འཕྲལ་


TN01_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལན་དང་ཕུགས་སུ་རྣམ་སྨིན་ལ་རེ་བ་མི་མཐུན་པ་ཕྲ་མོ་དང་། རང་དོན་ཡིད་བྱེད་ཀྱི་རྣམ་གཡེང་དང་། མཚན་མའི་རྣམ་གཡེང་གང་རུང་ལ་ཆགས་པ་རྣམས་ཏེ་དེ་དག་སྤང་བར་བྱ་ཞིང་སྦྱོར་བ་སེམས་བསྐྱེད། དངོས་གཞི་མིགས་པ་མེད་པ། རྗེས་སུ་བསྔོ་བས་རྒྱས་ཐེབས་པའི་དམ་པ་གསུམ་ལྡན་དུ་བྱའོ། །གསུམ་པ་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ལ་དབྱེ་ན་བྱང་སར་བཅུ་གཅིག་ཏུ་གསུངས་པ་སོགས་མང་པོ་ཞིག་སྣང་ཡང་བསྡུ་ན་མདོ་རྒྱན་ལས། བསྡུས་དང་སྡུད་པར་འགྱུར་བ་དང་། །ཞེས་སོགས་གསུངས་པ་ལྟར་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གདུལ་བྱ་སྨིན་གྲོལ་དུ་བྱེད་པའི་ཐབས་ཀྱི་སྒོ་ཆེས་ཆེ་བ་བསྡུ་བའི་དངོས་པོ་བཞི་སྟེ་མཁོ་བ་སྦྱིན་པས་འཁོར་ཡོངས་སུ་བསྡུས་ནས་དེ་དག་རང་གི་མོས་པ་ཇི་ལྟ་བ་བཞིན་དུ་དཔེ་དང་སྒྲུང་དང་གླུ་གར་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་དམ་པའི་ཆོས་ཉན་པར་བཤད། ཁྱད་པར་དུ་དེ་དང་དེའི་སྐལ་བ་དང་མཚམས་པའི་སྡེ་སྣོད་དང་ཐེག་པའི་འཇུག་ངོགས་ལེགས་པར་བསྟན་ནས་དོན་བཞིན་སྤྱོད་པས་སྒྲུབ་པ་ལ་གཞུག་དོན་མཐུན་རང་གིས་ཀྱང་ཚུལ་བཞིན་དུ་སློབ་པར་བྱའོ། །རྒྱས་པར་བྱང་སའི་བསྡུ་དངོས་ཀྱི་ལེའུ་ལས་ཤེས་པར་བྱའོ། །དེ་ལྟར་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་རུ་ཤིང་བཟང་པོ་ལྟར་ཐང་ལྷོད་མེད་པའི་སྒོ་ནས་ཉམས་སུ་བླང་བར་བྱས་ན་གནས་སྐབས་སུའང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་སྲུང་བ་


TN01_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱལ་བ་སྲས་བཅས་ཀྱིས་རྗེས་སུ་འཛིན་པའི་བྱིན་རླབས་ལས་ཕན་བདེ་ཀུན་འདུ་ཞིང་སེམས་ཀྱི་གནོད་པ་དང་ལུས་ཀྱི་གདུག་པ་ཐམས་ཅད་སྤོང་ནུས་པའི་དགེ་རྩ་སྨིན་ཞིང་མཐར་ཐུག་ལམ་ལྔ་དང་ས་བཅུའི་སྤང་རྟོགས་མངོན་དུ་བྱས་ནས་ཡོན་ཏན་ཐམས་ཅད་ཀྱི་མཐར་ཕྱིན་ཞིང་ཐོབ་བྱ་ཐམས་ཅད་ཀྱི་རྩེ་མོར་ཐུག་པ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའོ། །སྤྱི་དོན་གསུམ་པ་མཇུག་གི་དོན་ནི། །བརྩམས་ཚུལ་བསྔོ་སྨོན་སྦྱར་བྱང་དང་བཅས་པས་བསྟན་ཏེ། འདི་ལྟར་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གཏིང་ཟབ་ཅིང་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའི་རྣམ་ཐར་རྒྱ་མཚོའི་ཕ་མཐའ་ནི་ནམ་མཁའི་མཐའ་དང་སེམས་ཅན་མཐའ་ཡས་པའི་བློ་སྟེ་སེམས་ཀྱི་འཇུག་པའི་མཐའི་རྗེས་སུ་འགྲོ་བའི་ཕྱིར་ཕྱོགས་རེ་ཙམ་གྱིས་ཚད་གཟུང་བར་མི་འོས་ཀྱང་དང་པོའི་ལས་ཅན་གང་དག་ལ་བསླབ་པའི་གནས་གལ་འགགས་ཆེ་བ་རྣམས་གཞུང་འདི་རུ་བསྡུས་ཏེ་ཅུང་ཟད་བསྟན་པ་ཡིན་ནོ། །དེ་ལས་བྱུང་བའི་དགེ་བ་དྲི་མེད་ཟླ་བ་ལྟར་རྣམ་པར་དཀར་བས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ། མ་ལུས་འགྲོ་བའི་རྒྱུད་ཐེག་པ་མཆོག་གི་སྣོད་དུ་རུང་ཞིང་། རྒྱལ་བའི་ཡེ་ཤེས་བྱང་ཆུབ་ཆེན་པོའི་གོ་འཕང་གི་དངོས་རྒྱུར་གྱུར་པའི་ཐེག་ཆེན་གྱི་ལམ་ལ་བརྩོན་པ་མཐར་ཕྱིན་ནས། མཐའ་ཡས་པའི་སྐྱེ་དགུའི་འདྲེན་པ་རྒྱལ་བའི་དབང་པོར་འགྱུར་བར་


TN01_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཅིག །བདག་དེང་ནས་སྐྱེ་བ་འདི་དང་ཚེ་རབས་རྣམས་སུ་མཚུངས་བྲལ་དྲིན་ཆེན་བླ་མའི་བཀའ་འཁོར་དུ་སྐྱེས་ནས་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ཅིང་ཐོས་བསམ་སྒོམ་པའི་དགའ་བས་དགའ་བར་གྱུར་ཅིག །ཅེས་ཤོ་ལོ་ཀ་ཕྱི་མ་ལ་དགེ་རྩ་བློ་ཡུལ་དུ་བཞག་པའི་ཚིག་རྩ་དངོས་སུ་མ་བྱུང་ཡང་། ཚིགས་བཅད་གོང་མའི། དེ་དགེ་དྲི་མེད་ཟླ་བ་ལྟར་དཀའ་བས། །ཞེས་པ་ཉིད་སྦྱར་རྒྱུ་ཡིན་པའི་ཕྱིར་སྨོན་ལམ་རྐྱང་པར་མི་འགྱུར་ཏེ། སྤྱོད་འཇུག་སྨོན་ལམ་དུའང་། བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡིས། །ཞེས་པ་གོང་འོག་ཐམས་ཅད་དུ་འགྲེས་སྦྱར་བ་བཞིན་ནོ། །དེའང་འདི་ལྟར་བསྔོ་བ་དང་སྨོན་ལམ་རྐྱང་པའི་ཁྱད་པར་དགེ་རྩ་བློ་ཡུལ་དུ་བཞག་པའི་སྨོན་ལམ་ཡིན་མིན་ལས་ཕྱེ་བ་དཔལ་ལྡན་ཕྱོགས་གླང་གིས་བཟང་སྤྱོད་འགྲེལ་པར་གསུངས་ཤིང་། རིག་འཛིན་འཇིགས་མེད་གླིང་པས་ཀྱང་དེ་ལྟར་གསུངས་སོ། །དེ་ལྟར་གཞུང་དོན་རྫོགས་ནས། རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་པ། །ཞེས་སོགས་ནི་གོ་བར་སླ་བ་ཉིད་དོ། །ཆོས་ཚུལ་ཟབ་བརླིང་མ་དྲོས་འཁྱིལ་བའི་འཇིང་། །རྣམ་བཤད་ཟླ་བ་གཞོན་ནུས་སྣང་བྱས་པས། །ཚེ་རབས་ཀུན་ཏུ་རྒྱལ་བའི་ཆོས་འཛིན་ཞིང་། །རྒྱལ་སྲས་སྤྱོད་པའི་རྒྱ་མཚོར་འཇུག་གྱུར་ཅིག །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་བླ་མ་མཆོག །ཨོ་རྒྱན་ཆོས་ཀྱི་དབང་པོས་རྗེས་བཟུང་སྟེ། །གསུང་གི་བདུད་རྩི་ཡུན་རིང་མྱང་


TN01_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། །རྒྱལ་བའི་ལམ་ལ་ངེས་པ་རྙེད་གྱུར་ཅིག །སྲིད་པ་སྡུག་བསྔལ་འཁོར་ལོར་འཕྱན་པ་ཡི། །ཉམ་ཐག་མ་རྒན་འགྲོ་དྲུག་སེམས་ཅན་ཀུན། །སྒྲོལ་བའི་དེད་དཔོན་ཆེན་པོར་བདག་འགྱུར་ཞིང་། །བྱང་ཆུབ་ཞི་བ་དམ་པའི་ས་ཐོབ་ཤོག །ཅེས་པའང་སྤྲུལ་པའི་སྐུ་བློ་བཟང་འཇིགས་མེད་རབ་བརྟན་གྱི་བཞེད་པ་བཞིན་མདོ་སྨད་རྡོ་རོང་གི་སྦྲང་སྨྱོན་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་གང་དྲན་ཐོལ་བྱུང་དུ་སྦྱར་བའི་ཡི་གེ་པ་ནི་ཉེ་གནས་་བཙུན་པ་དད་གཏོང་ཁྲེལ་ཡོད་ཀྱི་ཡོན་ཏན་དུ་མས་བརྒྱན་པའི་དགེ་རྒན་བློ་གྲོས་བཟང་པོས་མཛད་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། ༈ །།སྲས་བཅས་རྒྱལ་བ་ཀུན་དངོས་བླ་མ་ལ། །མི་ཕྱེད་དད་པས་ལན་བརྒྱར་ཕྱག་བྱས་ནས། །རྒྱལ་སྲས་བསླབ་བྱའི་འབྲུ་འགྲེལ་བདུད་རྩིའི་ཐིགས། །བློ་གྲོས་གསར་བུའི་རྣ་བར་སྦྱིན་པར་བྱ། །རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོའི་ཚིག་གི་འབྲུ་གཉེར་བ་ལ་གསུམ་སྟེ། ཀླད་དོན། གཞུང་དོན། མཇུག་གི་དོན་ནོ། །དང་པོ་ནི། རང་གི་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པ་སྟེ། རྒྱལ་བ་ཀུན་བསྐྱེད་པའི་ཡབ་གཅིག་ཏུ་གྱུར་ཀྱང་སེམས་ཅན་གྱི་དོན་དུ་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་པ། །ཐུགས་སྙིང་རྗེའི་མངའ་བདག་མཁྱེན་རབ་ཀྱི་རལ་གྲི་ཅན། ཕུལ་དུ་བྱུང་


TN01_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནུས་མཐུས་བདུད་ཀྱི་སྡེ་ཚར་གཅོད་པར་མཛད་པ། རིགས་གསུམ་དབྱེར་མེད་འཇམ་དཔལ་དཔའ་བོས་སྐྱོངས་ཤིག་ཅེས་པའོ། །གཉིས་པ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། །དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཡང་དག་པ། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་རྨད་དུ་བྱུང་བ། མ་ལུས་འགྲོ་བའི་ཕན་བདེའི་ལེགས་ཚོགས་མཐའ་དག་གི་རྒྱུ་གཅིག་པུ་བ། བྱང་ཆུབ་སེམས་ཀྱི་བསླབ་པ་ཐམས་ཅད་མདོར་བསྡུ་ན། རྒྱུད་པའི་ཁུངས་དང་། ཕན་ཡོན་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཇི་ལྟར་བྱང་སེམས་ཀྱི་སྡོམ་པ་ལེན་ཚུལ་དང་། བསླབ་བྱ་དངོས་དང་རྣམ་པ་བདུན་ཡིན་ནོ། །གཉིས་པ་ལ་བདུན་ལས། དང་པོ་རྒྱུད་པའི་ཁུངས་ཀྱི་ཆེ་བ་ནི། སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་་སེང་གེ་དེས། དང་པོ་སངས་རྒྱས་་ཐུབ་པ་ཆེན་པོར་ཐུགས་བསྐྱེད། དེ་ནས་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། ཇི་ལྟར་བསགས་ན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་སངས་རྒྱས་འཕགས་པ་བྱེ་བ་མང་པོ་ལ་བསྙེན་བཀུར་བྱས་ཤིང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་ནས། མཐར་ཚོགས་རྫོགས་ཞིང་འབྱོངས་གདུལ་བྱ་སྨིན་པའི་སངས་རྒྱས་ཀྱི་ས་བརྙེས་པ་སྟེ། དགའ་ལྡན་ནས་འཕོ་བ་ནས་བྱང་ཆུབ་སྙིང་པོར་གཤེགས་པའི་


TN01_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་མཛད་པ་བརྒྱད་རྫོགས་པའི་མཐར། སྙིགས་མ་ལྔ་བདོ་ཚེ་ལོ་བརྒྱ་པའི་དུས་དེར། མི་མཇེད་འཇིག་རྟེན་གྱི་ཁམས་ཆེན་པོའི་བྱེ་བྲག་འཛམ་གླིང་རྡོ་རྗེ་གདན་དབུས་སུ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཉན་རང་བྱང་སེམས་ཏེ་རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སུ་བཟུང་སྟེ་ཇི་ལྟར་ན། ཆོས་ཀྱི་འཁོར་ལོ་བདེན་བཞི་དང་། མཚན་ཉིད་མེད་པ་དང་། རྣམ་པར་ཕྱེ་བ་ཞེས་གྲགས་པའི་རིམ་པ་གསུམ་དུ་བསྐོར་བས་སོ། །དེའི་ཚེ་རྒྱལ་སྲས་ཆེན་པོ་གྲངས་མེད་པ་སངས་རྒྱས་སུ་ལུང་བསྟན་ཞིང་བྱང་ཆུབ་ཆེན་པོར་བཀོད་དེ། བསྟན་པའི་རྒྱུན་བཞག། བསྟན་འཛིན་གྱི་རྒྱལ་ཚབ་འབྱུང་བར་ལུང་བསྟན། ས་བཅུའི་དབང་ཕྱུག་སེམས་དཔའ་མཆོག་གཉིས་སོགས་ལ་བསྟན་པ་གཏད་ནས་ཚུར་མཐོང་གི་ངོར་མྱ་ངན་འདའ་ཚུལ་བསྟན་ཏོ། །དེའི་ཕྱིས་སུ་བསྟན་འཛིན་ཇི་ལྟར་བྱུང་ན། རྒྱལ་བའི་སྲས་ཀྱི་ཐུ་བོ་འཇམ་དཔལ་གཞོན་ནུ་ཡིས་ནི། རྒྱལ་བའི་ལུང་བསྟན་པ་འཕགས་མཆོག་ཀླུ་སྒྲུབ་དང་། རྒྱལ་སྲས་མཚུངས་མེད་ཞི་བ་ལྷ་ལ་སོགས་པ་རྗེས་སུ་བཟུང་ཞིང་། ས་བཅུའི་དབང་ཕྱུག་རྒྱལ་ཚབ་མ་ཕམ་པ་འཕགས་པ་ཐོགས་མེད་ཀྱི་ལྷག་པའི་ལྷར་གྱུར་ཏེ། ཐོགས་མེད་རྗེས་སུ་བཟུང་སྟེ་བྱམས་ཆོས་སྡེ་ལྔ་བཤད་དོ། །དེ་སླད་སློབ་དཔོན་གསུམ་གྱི་གཞུང་ལ་བརྟེན་པའི་བརྒྱུད་པའི་


TN01_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲོལ་གསུམ་ཡིན་ཏེ་ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་སྲོལ་དང་ཟབ་ཅིང་རྒྱ་ཆེ་སྟེ་སྲོལ་རྣམ་པ་གསུམ་རིམ་པ་ལྟར་ལྟ་བ་དབུ་མ་སྤྱོད་པ་ཕར་ཕྱིན་དྲུག་ས་ལམ་ཏིང་འཛིན་དྲོད་ཚད་གཙོ་བོ་རུ་རང་རང་གཞུང་གིས་སྟོན་ཕྱིར་དེ་ལྟར་རོ། །དེ་ལྟར་བརྒྱུད་གསུམ་གྱི་མན་ངག་བདུད་རྩིའི་ཆུ་ཀླུང་རྒྱ་བོད་མཁས་པ་སྟོང་ལས་ལེགས་པར་འོངས་པ་མཐའ་དག་གང་གི་ཐུགས་ཀྱི་བུམ་པ་བཟང་པོར་ལེགས་བསྐྱིལ་ནས་སྐལ་བཟང་འགྲོ་ལ་གདམས་ངག་སྩོལ་མཁས་པའི་རྒྱལ་བའི་སྲས་སུ་ཐུབ་པས་ལུང་བསྟན་པ་ནི་ཀུན་མཁྱེན་ཆོས་ཀྱི་རྗེ་ཡིན་ནོ། །དེ་ལས་རིང་བརྒྱུད་སྙན་ནས་སྙན་དུ་དང་ཉེ་བརྒྱུད་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་དགོངས་པའི་གཏད་རྒྱ་ཐོབ་པར་གྱུར་པ་བསྟན་པའི་མངའ་བདག་གཏེར་ཆེན་ཨཱཀྵར་བཛྲ་དང་ཨ་བྷྱ་དཱི་བ་སྟེ་རྣམ་པ་གཉིས་ནས་རིམ་པར་བརྒྱུད་དེ་རྩ་བའི་བླ་མའི་བར་དུའོ། །གཉིས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ནི་རྒྱས་པར་དབྱེ་ན་བགྲང་ལས་འདས་པ་ཞིག་ཡོད་ན་ཡང་མདོར་བསྡུ་ན་རྣམ་པ་ལྔ་ཡིན་ཏེ་མིང་དོན་གནས་འགྱུར། མི་དགེའི་གཉེན་པོ་བྱེད་པ། དགེ་འབྲས་གོང་འཕེལ། ངན་སོང་གི་སྒོ་འཕར་གཅོད་པ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་འཐོབ་པའོ། །དང་པོ་ནི། གང་ཟག་གི་བྱེ་བྲག་འཁོར་བའི་སེམས་ཅན་ཞིག །སེམས་འདི་རྒྱུད་ལ་སྐྱེས་པས་རྒྱལ་བའི་སྲས་ཞེས་མིང་གི་ཅོད་པན་འཐོབ་ཅིང་འཁོར་བའི་བཙོན་རར་ཉོན་མོངས་ཀྱི་འཆིང་བས་བཅིང་ལ་བདག་


TN01_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི་བཙོན་སྲུང་གིས་བསྲུང་བའི་ཉམ་ཐག་པའི་བཙོན་བུ་དེ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མོད་ལ་སྐད་ཅིག་གིས་ལྷར་བཅས་འགྲོ་བའི་ཕྱག་གི་ཡུལ་དུ་འགྱུར་རོ། །གཉིས་པ་ནི། རྣམ་སྨིན་མྱོང་བར་ངེས་པའི་སྡིག་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང་། མྱོང་བར་མ་ངེས་པའི་སྡིག་ལྟུང་ཕྲ་མོ་དྲུངས་འབྱིན་པ་སྟེ། དེ་དག་གི་དཔེར་རིམ་བཞིན། སྐར་མའི་ཚོགས་ལ་ཉི་མའི་དཀྱིལ་འཁོར་དང་། རྩ་སྦུར་ཕྲ་ལ་དུས་མཐའི་མེ་བཞིན་ནོ། །གསུམ་པ་ནི། སྨོན་པ་བྱང་ཆུབ་སེམས་བསྐྱེད་ལས་དགེ་འབྲས་འཕེལ་ཆེ་བ་དཔེར་ན་འབྲས་བུ་ཡང་དང་ཡང་དུ་འབྱིན་པའི་བཟའ་ཤིང་གི་སྡོང་པོ་བཞིན་ཏེ། བྱང་ཆུབ་སྙིང་པོའི་བར་དུ་མངོན་མཐོའི་འབྲས་བཟང་དང་མཐར་ཐུག་བསོད་ནམས་མཐའ་ཡས་པའི་ཕུང་པོ་རྒྱས་པར་འགྱུར་རོ། །འཇུག་པ་བྱང་སེམས་བསྐྱེད་པས་བསོད་ནམས་དམ་པའི་རྒྱུ་ཉིད་ཀྱང་གོང་དུ་འཕེལ་ན་འབྲས་བུ་ལྟ་ཅི་སྨོས། དེའི་ཕྱིར་འཇུག་པ་ཐོབ་ལ་མ་ཉམས་པའི་སེམས་དཔའ་ཆེན་པོ་བག་མེད་དང་གཉིད་ལོག་པར་གྱུར་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གོང་དུ་འཕེལ་བ་སྟེ་འཇུག་སེམས་དང་མི་ལྡན་པའི་བརྩོན་ལྡན་གཞན་ལས་ལྷག་གོ་།བཞི་པ་ནི། བསམ་པ་བཟང་པོ་བྱང་ཆུབ་སེམས་དང་ལྡན་པའི་རྒྱལ་བའི་སྲས་དེ་རྣམ་སྨིན་ངན་འགྲོར་འཕེན་པའི་ཀུན་སློང་གི་རྒྱུན་གཅོད་ཕྱིར་བདེ་ནས་བདེ་བའི་ལམ་དུ་འགྲོ་ཡང་


TN01_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་དྲན་པ་ཉམ་ཆུང་བ་དང་བག་མེད་སྟོབས་ཆེན་པོའི་དབང་དུ་གྱུར་ན། དེའི་རྣམ་སྨིན་མི་བསླུ་བའི་ཕྱིར་རེ་ཞིག་གནས་ངན་ལེན་དུ་མཆི་ཡང་མཐར་བྱང་སེམས་ཀྱི་རིགས་སད་པར་འགྱུར་བ་མཛའ་བོའི་བུ་མོ་བཞིན་ནོ། །ལྔ་པ་ནི། འདས་པའི་དུས་སུ་བྱོན་དང་ད་ལྟ་བཞུགས་དང་ཕྱིས་འབྱུང་འགྱུར་གྱི་རྒྱལ་བ་ཀུན་དང་རྒྱལ་བའི་སྲས་པོ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་འདི་ཡིན་ཏེ། ལམ་མཆོག་འདི་དང་བྲལ་བཞིན་དུ་གང་ཟག་དེ་ལ་ཀུན་མཁྱེན་གྱི་ཡེ་ཤེས་འཐོབ་པ་མེད་དོ། །དེས་ན་རང་བཞིན་གནས་རིགས་རྒྱལ་བའི་ཁམས་སངས་རྒྱས་ཀྱི་གོ་འཕང་འབྱུང་རུང་གི་ཆ་དེ་ཉིད་བྱང་ཆུབ་སེམས་ཀྱི་རྒྱས་འགྱུར་དང་འགྲོགས་པ་ཆུ་ལུད་དྲོད་གཤེར་འཛོམས་པའི་ས་བོན་བཞིན་གོང་ནས་གོང་དུ་འཕེལ་བས་རྒྱལ་བའི་ཡོན་ཏན་གྱི་ལོ་ཏཽག་ཕུན་སུམ་ཚོགས་པར་འགྱུར་རོ། །གསུམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི། དམིགས་པའི་ཟུར་གཉིས་དང་ལྡན་པ་སྟེ། ཤེས་རབ་སྟོབས་ཀྱིས་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དང་སྙིང་རྗེའི་མཐུ་ཡིས་མཐའ་ཡས་པའི་འགྲོ་ཁམས་རྒྱ་མཚོ་ལ་དམིགས་པའི་གཞན་ཕན་དོན་གཉེར་འདུན་པ་དེ་དག་དང་མཚུངས་པར་ལྡན་པའི་གཙོ་སེམས་ཞིག་སྟེ་བསྡུ་ན་གཞན་ཕྱིར་སངས་རྒྱས་ཐོབ་འདོད་ཀྱི་བློ་ཞིག་གོ་།དེ་ནི་སྨོན་དང་འཇུག་པའི་བདག་ཉིད་དེ་དེའང་འགྲོ་འདོད་དང་འགྲོ་བ་དངོས་ལྟར་སྤྱོད་པ་ཉམས་ལེན་གྱིས་ཟིན་དགོས་


TN01_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་ཀྱིས་དབྱེ་བའོ། །བཞི་པ་ངེས་ཚིག་ནི། རྫོགས་པའི་བྱང་ཆུབ་འཐོབ་པའི་ཕྱིར་དུ་བྱ་དཀའི་གནས་ཕྱིན་དྲུག་གི་སྤྱོད་པ་ལ་སློབ་པ་དང་བསྐལ་པའི་ཡུན་དང་འགྲོ་མང་མཐའ་ལ་མི་སྐྱོ་བའི་སེམས་སྟོབས་ཀྱི་གོ་ཆ་མཆོག་བགོས་པའི་སྙིང་དཔའ་བོའི་རང་བཞིན་དུ་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་འདི་དང་མཚུངས་པ་གཞན་མེད་པའི་ཕྱིར་གྲགས་པ་དོན་དང་ལྡན་པ་ཡིན་ནོ། །ལྔ་པ་དེའི་དབྱེ་བའི་གནས་ལ་དབྱེ་སྒོ་བདུན་ཏེ། གཅིག་ཏུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། གཉིས་སུ་ཚོགས་གཉིས་ལ་ལྟོས་ཏེའམ། ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་དེ་བདེན་གཉིས་དང་། སྨོན་དང་འཇུག་པ་གཉིས་སུ་དབྱེ་ལ། གསུམ་དུ་ཚུལ་ཁྲིམས་དང་། ཏིང་འཛིན་དང་ཤེས་རབ་ཀྱི་བསླབ་པ་དང་ལྡན་པའི་བྱང་སེམས་གསུམ། བཞི་རུ་ཚོགས་སྦྱོར་གྱི་ལམ་དང་། མ་དག་ས་བདུན་དང་། དག་ས་གསུམ་དང་། སངས་རྒྱས་ཀྱི་ས་ན་གོ་རིམ་བཞིན་དུ། མོས་སྤྱོད་དང་། ལྷག་བསམ་རྣམ་དག་དང་། རྣམ་པར་སྨིན་པ་དང་། ཐུགས་རྗེ་ཆེན་པོ་སྒྲིབ་པ་ཀུན་སྤང་བའི་སེམས་བསྐྱེད་དེ་བཞིའོ། །ལྔ་རུ་ལམ་ལྔ་ལས་ཚོགས་ལམ་དུ་ལས་དང་པོ་དང་། སྦྱོར་ལམ་དུ་ཡོངས་སུ་སྦྱང་བྱས་དང་། མཐོང་ལམ་དུ་ཆོས་ཉིད་མཐོང་བའི་དང་། སྒོམ་ལམ་དུ་རྣམ་པར་གྲོལ་བའི་དང་། མི་སློབ་ལམ་དུ་བསམ་གྱིས་མི་ཁྱབ་པ་ཡི་སེམས་བསྐྱེད་དེ་


TN01_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཞེས་པའི་དོན་ནོ། །དྲུག་ཏུ་སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་སྟེ་ཕྱིན་དྲུག་ལ་ལྟོས་པའི་སེམས་བསྐྱེད་དྲུག་དང་། དབྱེ་སྒོ་བདུན་པ་ས་མཚམས་དབྱེ་བ་ཉི་ཤུ་རྩ་གཉིས་སུ་ཕྱེ་སྟེ་འདུན་པ་ས་ལྟ་བུ་ལ་སོགས་པའོ། །དེ་རྣམས་རེ་རེའང་དཔེ་གྲོགས་ཆོས་མཐུན་གསུམ་གསུམ་མོ། །དྲུག་པ་བྱང་སྡོམ་ལེན་ཚུལ་ནི་གཉིས་ཏེ་དགེ་བའི་བཤེས་གཉེན་ལས་ལེན་པ་དང་། རང་གི་སྟོབས་ཀྱིས་སྲས་བཅས་རྒྱལ་བ་ཡིད་ལ་བྱས་ཏེ་རྟེན་སོགས་ལས་ལེན་པའོ། །དང་པོ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། སྔོན་འགྲོ་ནི་ཁྱད་པར་བཞི་དང་ལྡན་པ་སྟེ་དང་པོ་ལེན་ཡུལ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་དེ་ལ་མཎྜལ་ཕུལ་ཞིང་བྱང་སྡོམ་གནང་བར་གསོལ་བ་གདབ་པ་དང་། གཉིས་པ་བློ་སྦྱོང་གི་གདམས་ངག་ཁྱད་པར་ཅན་སྲིད་མཐར་སྐྱོ་བ་བསྐྱེད་པ་ཞི་མཐར་ཞེན་པ་དགག་པ་མཐའ་གཉིས་སྤངས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་ལམ་ཐེག་པ་ཆེན་པོ་ལ་བསྔགས་པ་བརྗོད་པ་དང་། གསུམ་པ་སྡོམ་པ་རྒྱུད་ལ་སྐྱེ་བའི་རྒྱུ་ཐབས་སམ་ལས་ཀྱི་ཆོ་ག་ཁྱད་པར་ཅན། ཡན་ལག་བདུན་གྱིས་ཚོགས་གཉིས་རྒྱ་ཆེན་པོ་བསགས་པ་དང་། བཞི་པ་སྡོམ་པའི་རྩ་བ་རྟེན་མཆོག་ཁྱད་པར་ཅན། ཡུལ་དཀོན་མཆོག་གསུམ་དང་དུས་བྱང་ཆུབ་སྙིང་པོའི་བར་དང་གང་གི་ཆེད་དུ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་ཕྱིར་ཡིན་པ་སྟེ་གསུམ་


TN01_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་བཞག་ཐེག་ཆེན་ཐུན་མིན་གྱི་གཞུང་ལས་བཤད་པ་ལྟར་ཁྱད་པར་གསུམ་ལྡན་གྱི་སྐྱབས་འགྲོ་དད་པའི་རང་བཞིན་ཅན་གྱིས་གཞི་བཟུང་ངོ། །གཉིས་པ་དངོས་གཞི་ནི། དགོངས་སུ་གསོལ་བ་གསུམ་སྔོན་དུ་འགྲོ་བའི་སྨོན་སྡོམ་དང་འཇུག་སྡོམ་སྟབས་གཅིག་ཏུ་བླང་བའོ། །གསུམ་པ་འཇུག་ཏུ་རང་གཞན་དགའ་བ་སྒོམ་པར་བྱ་བས་སེམས་གཟེང་བསྟོད་པའོ། །གཉིས་པ་རང་གིས་བླ་མ་ལས་མིན་ཀྱང་བླང་བའི་ཚུལ་ནི་རྒྱལ་བ་སྲས་དང་བཅས་པ་ཆགས་པ་དང་ཐོགས་པ་ཅི་རིགས་སྤངས་ཤིང་མེད་པའི་མཁྱེན་པ་དང་ལྡན་པ་རྣམས་ནི་མཐའ་ཡས་པའི་འགྲོ་བ་ལ་ཐུགས་རྗེས་རྟག་ཏུ་དགོངས་པ་སྟེ། ཡུལ་དེར་ཡན་ལག་བདུན་གྱི་ཚོགས་བསགས་བྱ་ཞིང་སྡོམ་པ་བླང་ལ་མཐར་དགའ་བ་སྒོམ་པ་དང་སྨོན་ལམ་གདབ་པའོ། །བདུན་པ་བསླབ་བྱ་བཤད་པ་སྲུང་ཐབས་དང་བསྲུང་བྱ་གཉིས་ལས། སྲུང་ཐབས་དྲན་པ་དང་ནི་ཤེས་བཞིན་གཉིས་ཏེ་འདི་དག་མེད་པར་བསླབ་པ་གསུམ་སྲུང་བར་འདོད་པ་དེ་ནི་གོ་མཚོན་མེད་པའི་དཔའ་བོ་གཡུལ་དུ་འཇུག་པ་འདྲ་སྟེ་ངན་འགྲོའི་གཡང་སར་རང་སྲོག་བརླག་པར་ཟད་པའི་ཕྱིར་རོ། །དེ་ལ་དང་པོ་དྲན་པ་ནི། ཐོས་བསམ་སྒོམ་པའི་ཆོས་རྣམས་མི་བརྗེད་པར་རང་གི་རྒྱུད་དང་འདྲེས་པར་བྱ་ཞིང་། ཁྱད་པར་དུ་བྱང་སེམས་ཀྱི་བསླབ་བྱའི་གནས་ཀུན་ལེགས་པར་བསླབས་ཏེ་ཡང་ཡང་བསྔོ་བགྲང་བྱ་ཞིང་དྲན་


TN01_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བྱའོ། །གཉིས་པ་ཤེས་བཞིན་ནི་སྤྱོད་ལམ་དུས་ཀུན་ཏུ་བདག་གིས་ཅི་བྱ་སེམས་དགེའམ་དགེ་བ་མིན་པའི་མི་དགེ་བ་ཞིག་ཡིན་ཞེས་བརྟགས་ཤིང་། རྒྱལ་བའི་སྲས་ཀྱི་སྤྱོད་པ་ལས་མ་ཉམས་སམ་ཞེས་ཡང་དང་ཡང་དུ་བརྟགས་ཏེ། རང་རྒྱུད་ལ་བྱ་ར་བྱ་བའོ། །གཉིས་པ་བསྲུང་བྱ་ལ་ཉེས་སྤྱོད་སྡོམ་པ་དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་དེ་གསུམ་ལས་དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི་རྩ་ལྟུང་ལས་བསྲུང་བ་དང་དེ་ཡི་ཡན་ལག་གོ་།རྩ་ལྟུང་གཅིག་དང་བཞི་དང་བཅོ་བརྒྱད་དུ་དབྱེ་བ་རྣམས་རིམ་པ་ལྟར་ཐབས་ལ་མཁས་པའི་མདོ་དང་བྱང་ཆུབ་སེམས་དཔའི་ས་དང་ནམ་མཁའི་སྙིང་པོའི་མདོ་ཡི་རྗེས་སུ་འབྲངས་པའི་ཕྱེ་ཚུལ་ལོ། །དང་པོ་ནི། སྨོན་སེམས་མི་བཏང་བར་བསྲུང་བར་བྱ་སྟེ། མཐའ་ཡས་པའི་འགྲོ་བ་སངས་རྒྱས་ཉིད་ཐོབ་པའི་ཕྱིར་དུ་བདག་གིས་དགེ་ཚོགས་བསྒྲུབ་ཅིང་མི་དགེ་བ་སྤོང་བར་བགྱི་སྙམ་པ་མི་བརྗེད་པ་དེ་ཉིད་དམ་པ་གསུམ་དང་འབྲེལ་བར་བྱ་ཞིང་། དགེ་ཚོགས་གང་འགྲུབ་བསྒྲུབ་ལས་གཞན་ཡོད་པ་མིན་ཞེས་གསུངས་ཏེ་དཔྱད་པར་བྱ་བ་ནི་སྣང་སྟེ་རིག་པར་གྱིས་ཤིག །དོན་འདི་ནི་བསླབ་པ་ཀུན་གྱི་སྡོམ་གཅིག་སྟེ་ཤེས་སླ་ཞིང་དོན་འདུས་ལ་གནད་ཟབ་ཕུལ་དུ་བྱུང་བའོ། །མཚུངས་བྲལ་དྲིན་ཆེན་བླ་མའི་མན་ངག་ལས་ཀྱང་དོན་འདི་ཁོ་ན་རྩལ་དུ་བཏོན་ནས་གསུངས་སོ། །ཞེའོ། །གཉིས་པ་ནི། སེར་སྣ་དང་། འདོད་ཆགས་དང་།


TN01_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོང་ཁྲོ་དང་། གཏི་མུག་གི་ཀུན་སློང་བཞི་ཡིས་རིམ་པ་བཞིན་དུ། ཆོས་ནོར་མི་སྟེར་བ་དང་། བདག་ཉིད་བསྟོད་ཅིང་གཞན་ལ་སྨོད་པ་དང་། གཞན་ལ་བརྡེག་བཙོག་བྱེད་པ་དང་ཤད་སྦྱང་ལེན་པར་མི་བྱེད་པ་དང་། ཡང་དག་པའི་ཆོས་སྤང་ཞིང་དམ་པའི་ཆོས་མ་ཡིན་པ་གཞན་ལ་སྟོན་པ་རྣམས་སོ། །གསུམ་པ་ནི། རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང་། བློན་པོ་ལ་འབྱུང་ཉེ་བ་ལྔ་དང་། ཕལ་པ་ལ་འབྱུང་ཉེ་བ་ལྟུང་བའི་རྣམས་གྲངས་བརྒྱད་རིམ་བཞིན། དང་པོ་དཀོན་མཆོག་གི་དཀོར་ཕྲོག་པ། ཆོས་སྤང་བའི་ལས་གསགས་པ། ཚུལ་ཁྲིམས་དང་ལྡན་པའམ་ཚུལ་འཆལ་ལ་ཁྲིམས་གཅོད་བསླབ་པ་ལས་འབེབས་པ་སོགས་བྱེད་པ། མཚམས་མེད་པའི་ལས་བྱེད་པ། རྒྱུ་འབྲས་མེད་པར་ལོག་པར་ལྟ་བ་སྟེ་ལྔ་ཡིན་ནོ། །གཉིས་པ། སྔ་མ་ལྔ་ལས་ལོག་ལྟ་བྲི་ཞིང་དེ་ཚབ་ཏུ་གྲོང་ལྗོངས་གྲོང་ཁྱེར་བརྡལ་དང་། ཡུལ་འཁོར་འཇོམས་པ་རྣམས་གཅིག་ཏུ་བརྩིས་ནས་བསྣན་པའོ། །དེའང་གྲོང་ནི་མི་ཁྱིམ་ཉི་ཚེ་བ་དང་། ལྗོངས་ནི་མི་རིགས་བཞི་གནས་པ། གྲོང་ཁྱེར་ནི་བཟོ་སྣ་བཅོ་བརྒྱད་ཡོད་པ། གྲོང་རྡལ་ནི་ཚོང་འདུས་ཆེན་པོས་གང་བ། ཡུལ་འཁོར་ནི་ཡུལ་གྲུ་ཆེན་པོའོ། །གསུམ་པ་བློ་མ་སྦྱང་ལ་སྟོང་ཉིད་སྟོན་པ། ཐེག་ཆེན་གྱི་རིགས་ཅན་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཕྱིར་ལྡོག་པར་བྱས་ཏེ་ཐེག་དམན་དུ་བཅུག་པ་དང་། ཐེག་དམན་གྱི་རིགས་ཅན་སོ་སོ་


TN01_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་སྤངས་ནས་སེམས་བསྐྱེད་ཀྱི་སྤྱོད་པ་ལ་མི་ནུས་བཞིན་དུ་སློབ་ཏུ་བཅུག་པ། ཉན་རང་ཐེག་པ་ལ་རང་འབྲས་མེད་པར་འཛིན་པ། རྙེད་བཀུར་འདོད་པའི་རྒྱུ་ཡིས་གཞན་སྨོད་ཕྱིར། རང་གིས་ཟབ་དོན་མ་རྟོགས་རྟོགས་རྫུན་བྱེད་པ། དགེ་སློང་ཆད་པས་གཅོད་འཇུག་སུག་འབུལ་ལེན་པ། སྤོང་བ་བསམ་གཏན་པའི་ལོངས་སྤྱོད་ཁ་ཏོན་པ་ལ་སྦྱིན་པ་སྟེ། དེ་ལྟར་རྩ་ལྟུང་གི་ཚུལ་རྣམས་ཀྱི་དབང་དུ་མི་འགྲོ་བར་བསླབ་པ་ལེགས་པར་བསྲུང་ཞིང་ཉམས་ན་བཅོས་ཚུལ་ལ་རབ་འབྲིང་ཐ་མ་གསུམ་སྟེ། རབ་ཀྱིས་སྟོང་ཉིད་རྟོགས་པའི་ལྟ་བའི་ངང་ལ་བཞག་སྟེ། སྡིག་ལྟུང་བློས་བཏགས་པ་ཙམ་མ་གཏོགས་རང་བཞིན་མེད་པའི་ཚུལ་ཇི་བཞིན་ཤེས་པ་ནི་འགྱོད་ཚངས་ཀྱི་མཆོག་གོ་།འབྲིང་གིས་རིག་སྔགས་ཀྱི་ལྷ་ལ་གསོལ་བ་གདབ་བོ། །དེ་ཡང་ཉིན་མོ་གསོ་སྦྱོང་གི་གདམས་པ་བླང་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་གཅིག་ཏུ་མོས་པའི་གསོལ་འདེབས་རྒྱུད་བསྐུལ་ལ་འབད་དེ་ཐོ་རངས་བདག་གི་ལྟུང་བ་སྦྱོང་བའི་ཕྱིར་རྨི་ལམ་སྤྲུལ་པ་སྟོན་ཞེས་གསོལ་བ་བཏབ་ལ་ཉལ་བས་བྱང་སེམས་འཕགས་པའི་སྤྲུལ་པས་ལྟུང་བ་ལས་ལྡོག་པར་བྱེད་དོ། །དེ་ལྟར་མ་བྱུང་ནའང་སྐྱ་རེངས་འཆར་བའི་དུས་སུ་སྐྱ་རེངས་ལ་ཕྲིན་གསོལ་ཞིང་སྔར་བཞིན་བཤགས་པས་ཉེས་པ་འདག་པར་འགྱུར་རོ། །ཐ་མ་རྣམས་གཉེན་པོ་སྟོབས་བཞི་ཞེས་ཉེས་བྱས་སུན་འབྱིན་དང་རྟེན་གྱི་སྟོབས་དང་


TN01_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ཀུན་སྤྱོད་དང་སྡོམ་པའི་སྟོབས་ཏེ་འདི་དག་ཚང་བ་ཡིས་བཤགས་པ་ཡི་རང་བསྔོ་བའི་ཕུང་པོ་སྟེ་ཕུང་པོ་གསུམ་པ་ལ་སོགས་པའི་མདོ་ཀློག་ཅིང་བཤགས་པ་བྱ་ལ་དངོས་སུ་བྱང་སེམས་ཀྱི་དགེ་འདུན་ཚོགས་པའི་དབུས་སུ་ནོངས་པ་བསྒྲགས་པའི་མཐོལ་བཤགས་སྒོ་ནས་བཤགས་པ་བྱའོ། །དེ་དག་གང་ཡང་སྡོམ་པ་གསར་དུ་བླང་བར་བྱ། གཉིས་པ་དེ་ཡི་ཡན་ལག་དུས་ཀུན་ཏུ་རང་དང་གཞན་སེམས་ཅན་རྣམས་ལ་འཕྲལ་དང་ཡུན་དུ་གནོད་པའི་ལས་མ་ལུས་པ་སྙིང་ནས་བརྟགས་ཏེ་སྤང་ངོ་། །ཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ། སྨོན་འཇུག་གི་བསླབ་བྱ་གཉིས་ལས་སྨོན་པའི་བསླབ་བྱ་ནི་ལྔ་སྟེ། དང་པོ་སེམས་ཅན་རྣམས་བློས་མི་གཏོང་བ་ནི་འགྲོ་བ་ལྔའི་རིགས་སུ་གཏོགས་པ་གང་ཡང་རུང་བ་གཅིག་ལ་གནོད་པ་སྤོང་བ་དང་ཕན་འདོགས་ནུས་པའི་སྐབས་ཤིག་བྱུང་ཡང་མི་བྱེད་སྙམ་དུ་དམ་བཅའ་བའི་བློ་སྐྱེས་ན་དེས་སྨོན་སེམས་རྩ་བ་ནས་གཏོང་བར་འགྱུར་བའི་ཕྱིར་གནས་སྐབས་ཁྲོ་བའི་དབང་དུ་གྱུར་ན་ཡང་ཕུགས་སུ་བསམ་པ་བཟང་པོས་སྨོན་ལམ་གདབ་ཅིང་སེམས་ཅན་ཀུན་གྱི་དོན་བདག་གིས་བསྒྲུབ་པར་བྱ་སྙམ་པ་དང་མི་འབྲལ་བར་བྱའོ། །གཉིས་པ་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་ནི། རྒྱས་པར་མདོ་ཕལ་པོ་ཆེ་ལས་འབྱུང་བ་དང་། འབྲིང་དུ་སྤྱོད་འཇུག་གི་ལེའུ་དང་པོའི་དོན་དང་། མདོར་བསྡུས་བྱམས་སྨོན་


TN01_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བའི་ཚིགས་བཅད་སོགས་ཤེས་པར་བྱས་ལ་ཡང་དང་ཡང་དུ་དེ་དོན་བསམ་སྟེ་མདོར་ན་སྲིད་ཞིའི་བདེ་ལེགས་ཇི་སྙེད་པ་བྱང་ཆུབ་སེམས་ཀྱི་མཐུ་ལས་བྱུང་བའི་ཚུལ་དུས་ཀུན་ཏུ་མི་བརྗེད་པར་དྲན་པའི་ངེས་ཤེས་བསྐྱེད་དོ། །གསུམ་པ་བྱང་ཆུབ་སེམས་ཀྱི་སྟོབས་བསྐྱེད་པ་ནི་ཕྱག་དང་མཆོད་པ་ལ་སོགས་པ་ཡན་ལག་བདུན་པ་དང་། ཡི་གེ་འབྲི་མཆོད་སོགས་ཆོས་སྤྱོད་བཅུའི་ལེགས་ཚོགས་མཐའ་དག་དམིགས་མེད་ཀྱི་ལྟ་བའི་རྩིས་ཟིན་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ལ་བསླབ་བོ། །བཞི་པ་སེམས་སྦྱོང་བ་ལ་རྣམ་པ་གསུམ་སྟེ་རྒྱུ་ལ་སྦྱོང་བ་ཚད་མེད་རྣམ་པ་བཞི་སྟེ། དང་པོ་དམིགས་ཡུལ་བདེ་འདོད་སྡུག་བསྔལ་ཅན་བདེ་ལྡན་ཆགས་སྡང་ཅན་བཞི་རིམ་པ་བཞིན་དུ་ལྡན་འདོད་བྲལ་འདོད་མི་འབྲལ་འདོད་ཞི་འདོད་པའི་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་བཞི་པོ་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་དམིགས་པ་མེད་པའི་ཚུལ་དུ་སྒོམ་མོ། །སེམས་དངོས་ལ་སྦྱང་བ་ཉིན་མཚན་དུས་དྲུག་ཏུ་ཉིན་རེ་བཞིན་དུ་རང་གི་སྡོམ་པ་ལེན་པ་ཡི་ཆོ་ག་རྒྱས་བསྡུས་གང་ཡང་རུང་བ་ཡིས་མི་ཆག་བྱང་ཆུབ་སེམས་དཔའི་སྡོམ་པ་བསྐྱར་ཞིང་བླང་ངོ། །བསླབ་བྱ་ལ་སྦྱང་བ་བདག་གཞན་མཉམ་པ་དང་བརྗེ་བ་དང་བདག་པས་གཞན་གཅེས་བསྒོམ་པ་གསུམ་སྟེ། དང་པོ་བདག་དང་འགྲོ་


TN01_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བློ་མཐུན་པར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་མཚུངས་པ་ལ་བདག་བཞིན་གཞན་ལ་ཕན་པར་མི་སེམས་པ་རིགས་པའི་ཚུལ་མིན་པས། དེས་ན་བདག་དང་འགྲོ་བ་གཞན་ཀུན་མཚུངས་པ་རུ་ཕན་པ་སྒྲུབ་ཅིང་གནོད་པ་སྤོང་ལ་རྩོན་པར་བྱའོ། །གཉིས་པ་བདག་གི་བདེ་བ་དང་དེའི་རྒྱུ་དགེ་བ་ཅི་མཆིས་པ་གོས་ཕུད་དེ་སྟེར་བ་བཞིན་དུ་འགྲོ་ཀུན་ལ་སྦྱིན་ཞིང་འགྲོ་བའི་སྡིག་པ་དང་སྡུག་བསྔལ་བདག་གིས་ལེན་པ་སོགས་བདག་གཞན་གོ་ས་སྤོས་ལ་ཡང་ནས་ཡང་དུ་བསྒོམ་མོ། །གསུམ་པ་རང་དོན་སྒྲུབ་འདོད་ཀྱི་བློ་ཀུན་སྤངས་ནས། དངོས་སུ་ལུས་དང་སྲོག་དང་ལོངས་སྤྱོད་ཐམས་ཅད་ཀྱིས་འགྲོ་བའི་ཉེར་འཚོ་མ་ལུས་པ་བསྒྲུབ་པར་བྱ་ཞིང་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སློབ་པའོ། །ལྔ་པ་སྐྱེ་བ་འདི་དང་ཚེ་རབས་གཞན་ཐམས་ཅད་དུ་མི་བརྗེད་པར་བྱང་ཆུབ་སེམས་མཆོག་དྲན་པའི་རྒྱུ་མ་ནོར་བ་དཀར་ནག་གི་ཆོས་བརྒྱད་ལ་བླང་དོར་བྱ་བ་སྟེ་མཆོད་འོས་བསླུ་བ་དང་འགྱོད་མེད་ལ་འགྱོད་པ་སྐྱེད་པ་དང་དམ་པའི་སྐྱེས་བུ་ལ་སྐུར་པ་འདེབས་པ་དང་འགྲོ་བ་ལ་གཡོ་སྒྱུ་སྤྱོད་པ་རྣམས་ཏེ་ནག་པོའི་ཆོས་བཞི་སྤངས་ཏེ་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། འགྲོ་བ་ཀུན་ཐེག་པ་མཆོག་ལ་ཞུགས་པར་བཀྲི་བ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པ་དང་། ཀུན་ལ་རྒྱུད་དྲང་ཞིང་གཡོ་སྒྱུ་མེད་པར་ངེས་པར་བསླབ་


TN01_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་དཀར་ཆོས་བཞི་ལ་སྤྱོད་དོ། །གཉིས་པ་འཇུག་པའི་བསླབ་བྱ་ཕར་ཕྱིན་དྲུག་སྟེ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་སྟེ། ངོ་བོ་ཁྱད་ཆོས་བཞི་ལྡན་གྱི་དགེ་བའི་ཚོགས་བསྒྲུབ་ཚུལ་ཡོན་ཏན་བཞི་སྒྲུབ་པ། ཆགས་པ་བདུན་སྤོང་བ། སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་སྟེ་དམ་པ་གསུམ་གྱིས་ཟིན་པར་ཉམས་སུ་བླང་ངོ་། །དེ་ལ་ཁྱད་ཆོས་བཞི་ནི་རང་རང་གི་མི་མཐུན་ཕྱོགས་ཉམས་པ། མི་རྟོག་པའི་ཡེ་ཤེས་དང་ལྡན་པ། འདོད་པ་ཀུན་རྫོགས་པར་བྱེད་པ། ཐེག་གསུམ་གྱི་ལམ་ལ་འགོད་པའོ། །ཡོན་ཏན་བཞི་ནི། རྒྱ་ཆེ་བ་དང་། ཟང་ཟིང་མེད་པ་དང་། དོན་ཆེ་བ་དང་། མི་ཟད་པ་སྟེ་བཞིར་ལྡན་པའོ། །ཆགས་པ་བདུན་ནི། མི་མཐུན་པ། ཕྱི་བཤོལ། ཆོག་པར་འཛིན་པ། ལན་དང་། རྣམ་སྨིན་དང་། མི་མཐུན་པ་ཕྲ་མོ་དང་། རྣམ་པར་གཡེང་ལ་ཆགས་པ་སྤང་བར་བྱ་ཞིང་། སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད་བསྔོ་བའི་རྒྱས་ཐེབ་པ་སྟེ་དམ་པ་གསུམ་ལྡན་བྱ། གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ། དབྱེ་ན་མང་ཡང་བསྡུ་ན་བསྡུ་བའི་དངོས་པོ་བཞི་སྟེ་སྦྱིན་པས་འཁོར་བསྡུས། དམ་པའི་ཆོས་སྙན་པར་བཤད། དོན་སྤྱོད་པ་སྒྲུབ་ཏུ་གཞུག །དོན་མཐུན་པར་ལེགས་ཚོགས་ལ་རང་གིས་སློབ་པའོ། །དེ་ལྟར་བརྩོན་པས་


TN01_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླང་བྱས་ན། གནས་སྐབས་ཀྱི་ཕན་པ་དང་བདེ་བ་ཀུན་འདུ་ཞིང་གནོད་པ་དང་སྡུག་བསྔལ་མཐའ་དག་སྤངས་ཏེ། ལམ་ལྔ་ས་བཅུའི་སྤངས་རྟོགས་ཀྱི་ཡོན་ཏན་མངོན་དུ་བྱས་ནས་མཐར་ཐུག་རྣམ་མཁྱེན་གྱི་ཡེ་ཤེས་དང་ལྡན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་ཐོབ་པར་འགྱུར་རོ། །གསུམ་པ་མཇུག་གི་དོན་ལ། རྩོམ་པའི་རྒྱུ་མཚན་བརྩམས་པའི་དགེ་བ་བསྔོ་བ། སྦྱར་བྱང་བསྟན་པ་སྟེ་གསུམ། དང་པོ་ནི། རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་མཐའ། ནམ་མཁའི་མཐའ་དང་སེམས་ཅན་མཐའ་ཡས་པའི་བློ་དང་འཚམས་པར་བསྟན་པས་གདུལ་བྱའི་མཐའི་རྗེས་སུ་འགྲོ་བས་ཚད་བཟུང་བར་མི་འོས་ཀྱང་དང་པོའི་ལས་ཅན་གང་ལ་བསླབ་པའི་གནས་གལ་འགག་ཆེ་བ་རྣམས་འདི་རུ་ཅུང་ཟད་བསྟན་ཏེ། འདི་ཙམ་གྱིས་ཀྱང་ཐེག་པ་ཆེན་པོའི་ལམ་གྱི་འཇུག་སྒོ་མདོ་ཙམ་བཤད་ཟིན་ཏོ། །དེ་ལས་བྱུང་བའི་དགེ་བ་དྲི་མེད་ཟླ་བ་ལྟར་དཀར་བའི་མཐུ་ལ་བརྟེན་ནས། མ་ལུས་འགྲོ་བའི་རྒྱུད་ཟབ་རྒྱ་ཆེ་གཉིས་ལྡན་ཐེག་པ་མཆོག་གི་སྣོད་དུ་རུང་ཞིང་། རྒྱལ་བའི་ལམ་ལ་བརྩོན་པ་མཐར་ཕྱིན་པར་བྱས་ནས་སྐྱེ་དགུའི་འདྲེན་པ་རྒྱལ་བའི་དབང་པོར་ཤོག་ཅིག་པའོ། །རྩོམ་པ་པོ་བདག་ཀྱང་དེང་ནས་སྐྱེ་བ་འདི་དང་ཚེ་རབས་གཞན་ཐམས་ཅད་དུ། མཚུངས་མེད་དྲིན་ཆེན་བླ་མའི་བཀའ་འཁོར་དུ་སྐྱེས་ནས་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ཅིང་ཐོས་བསམ་


TN01_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་དགའ་བས་དགའ་གྱུར་ཅིག །གསུམ་པ་ནི། རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་པ། ཐེག་པ་མཆོག་ལ་སློབ་པར་འདོད་པའི་སྐལ་བཟང་མཆེད་ཀྱི་བཞེད་པ་ལྟར་རྨོངས་པ་ཨ་བུ་ལྷོད་པོས་འཕྲལ་དུ་བྲིས་པ་དགེ་།ཞེས་པ་སྟེ་གོ་སླའོ། །དེ་སྐད་རྒྱལ་བའི་སྲས་ཀྱི་བསླབ་བྱའི་གཞུང་། །ཚིག་གི་གཉེར་ཁ་བཟུང་སྟེ་བཀྲལ་བ་འདིས། །མཐའ་ཡས་འགྲོ་བའི་ཡིད་ཀྱི་མུན་སེལ་ཞིང་། །སྙིང་ལ་ཡེ་ཤེས་སྣང་བ་འབར་གྱུར་ཅིག །ཅེས་པའང་ལྕགས་མོ་སྤྲུལ་སྐུས་ལྷ་རྫས་ཀྱི་སྐྱེས་དང་བཅས་གནས་ཀྱིས་བསྐལ་པའི་ཕྱོགས་ནས་ཀྱང་དོན་གཉེར་ཆེན་པོས་བསྐུལ་བ་ལྟར་གཞོན་ནུ་འཇིགས་མེད་པས་ཚིག་འབྲུ་དཀྲོལ་བ་ཁོ་ན་གཙོ་བོར་བྱས་ཏེ་དོན་གྱི་མཐའ་དཔྱད་པ་བཏང་སྙོམས་སུ་བཞག་ནས་གང་དྲན་བྲིས་པའོ།། ༈ །།འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ།། །།


previousཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོ་ཞེས་བྱ་བའི་གཞུང་དོན་བསྡུས་ཤིང་གོ་སླ་བའི་ཚུལ་གྱིས་རྣམ་པར་འགྲེལ་བ།next