Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
ནག་པོ་ཆེན་པོའི་མན་ངག་སྙན་བརྒྱུད་ལུང་གི་སྙིང་པོའི་དོན་ཅུང་ཟད་བཤད་པ་བདུད་དཔུང་བྱེར་འཐག་རྡོ་རྗེ་འབར་བའི་འཁྲུལ་འཁོར།


 
previousནག་པོ་ཆེན་པོའི་མན་ངག་སྙན་བརྒྱུད་ལུང་གི་སྙིང་པོའི་དོན་ཅུང་ཟད་བཤད་པ་བདུད་དཔུང་བྱེར་འཐག་རྡོ་རྗེ་འབར་བའི་འཁྲུལ་འཁོར།no next

ནག་པོ་ཆེན་པོའི་མན་ངག་སྙན་བརྒྱུད་ལུང་གི་སྙིང་པོའི་དོན་ཅུང་ཟད་བཤད་པ་བདུད་དཔུང་བྱེར་འཐག་རྡོ་རྗེ་འབར་བའི་འཁྲུལ་འཁོར།


TN01_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེན་པོའི་མན་ངག་སྙན་བརྒྱུད་ལུང་གི་སྙིང་པོའི་དོན་ཅུང་ཟད་བཤད་པ་བདུད་དཔུང་བྱེར་འཐག་རྡོ་རྗེ་འབར་བའི་འཁྲུལ་འཁོར་ཞེས་བྱ་བ་བཞུགས་སོ། །


TN01_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ། ཡེ་ཤེས་མཚོན་ཆ་འབར་བས་བདུད་སྡེའི་མགོ་།འགེམ་མཛད་བླ་མ་ཧེ་རུ་ཀ་དཔལ་ལ། །བཏུད་ནས་བསྟན་སྲུང་མན་ངག་ཟབ་མོའི་དོན། །ཆ་ཙམ་བླ་མའི་ལུང་གིས་རྣམ་པར་དབྱེ། །འདིར་བསྟན་སྲུང་དྲག་སྔགས་ཀྱི་ཆོས་སྡེ། །གནད་ཟབ་ལ་ཁ་ཚང་བ། འཁྱེར་བདེ་ལ་བྱིན་རླབས་ཆེ་བ་སྟེ་ཁྱད་པར་བཞིས་འཕགས་པ། ནག་པོ་ཆེན་པོའི་སྙན་བརྒྱུད་ལུང་གི་སྙིང་པོ་འཆད་པ་ལ་གསུམ། ཀླད་དོན་ཕྱག་འཚལ། གཞུང་དོན་དངོས། མཇུག་དོན་གཏད་རྒྱ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། ན་མ་ཤྲཱི་བཛྲ་ཧེ་རུ་ཀ་ཞེས་པ་དཔལ་རྡོ་རྗེ་ཁྲག་འཐུང་ལ་ཕྱག་འཚལ་ལོ། །ཞེས་པར་འགྱུར་ཏེ། དེའང་མཐའ་ཡས་པའི་ཡོན་ཏན་གྱི་གཞིར་གྱུར་པས་དཔལ་དང་། སྐུ་གསུང་


TN01_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

།ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་རྡོ་རྗེ། བདེ་བ་ཆེན་པོའི་ཐོད་ཁྲག་ལ་རོལ་པས་ཁྲག་འཐུང་སྟེ། དེ་ལ་བདག་དང་ལྷ་གཉིས་གདོད་མའི་དབྱིངས་སུ་རོ་གཅིག་པར་འཇལ་བའི་ཕྱག་གིས་མཆོད་པའོ། །གཉིས་པ་ལ། ལོ་རྒྱུས་ཀྱིས་ངེས་པ་སྐྱེད་པ། ལྷའི་རྣམ་གྲངས་དང་རྩ་བའི་སྔགས་བསྟན་པ། བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་བཤད་པ་སྟེ་གསུམ་ལས། དང་པོ་ལ། ནག་པོ་ཆེན་པོ་མངོན་འབྱུང་གི་ཚུལ་དང་། དེའི་གདམས་པ་ཇི་ལྟར་བྱུང་བ། གང་ལས་ཇི་ལྟར་བརྒྱུད་པའི་ཚུལ་དང་གསུམ། དང་པོ་ལའང་བཞི་སྟེ། གནས་ལུགས་སྟོང་ཕྱོགས་ཀྱི་མགོན་པོ་ངོས་བཟུང་བ། དེ་ལས་སྣང་ཕྱོགས་ཀྱི་མགོན་པོར་བཞེངས་ཚུལ།


TN01_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྟོང་གི་སྐུ་གཉིས་ཟུང་དུ་འཇུག་ཚུལ། དེའི་མཛད་པ་བཤད་པའོ། །དང་པོ་ནི། ཇི་ལྟར་ཁ་དོག་གི་ནང་ན་ནག་པོ་ནི་ཁ་དོག་གཞན་ལྟར་འཚེར་བག་དང་མངོན་ཚན་ཆེ་བ་མ་ཡིན་ཞིང་། ཁ་དོག་གང་དང་འཕྲད་ཀྱང་རང་གི་ཁ་དོག་ཏུ་སྒྱུར་བར་བྱེད་ལ། ཚུར་ཁ་དོག་གཞན་གྱིས་སྒྱུར་དཀའ་བ་སྟེ། མདོར་ན་ཁ་དོག་གཞན་ཟིལ་གྱིས་གནོན་པ་དང་། གཞན་གྱིས་ཚུར་ཟིལ་གྱིས་མི་ནོན་པས་ཁ་དོག་གི་རྒྱལ་པོ་ཡིན་ནོ། །དེ་བཞིན་དུ་དོན་དམ་པའི་དབྱིངས་ཀྱི་གནས་ལུགས་ཀྱང་དམིགས་བསམ་སྤྲོས་བརྗོད་ལས་འདས་པས་བལྟར་མི་མངོན་པའམ་ཟབ་པ་ཡིན་ཞིང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་མདངས་སུ་ཤར་བས་ཀུན་ལ་ཁྱབ་ཅིང་ཀུན་གྱི་སྤྱི་དཔལ་དུ་བཞུགས་པ་ཡིན་ཡང་རང་ཉིད་སྤྲོས་པའི་མཚན་མ་གང་གིས་ཀྱང་བསྒྱུར་དུ་མེད་པས་ངེས་དོན་གྱི་ནག་པོ་ཆེན་པོའོ། །འདིས་དབྱིངས་རིག་གཉིས་ཀའི་བཞུགས་ཚུལ་བསྟན་ཏེ། དེའང་རིག་པས་དབྱིངས་མངོན་དུ་བྱེད་ལུགས་མཐར་ཐུག་ནི། རིག་པ་དེ་རྣམ་པར་མི་རྟོག་པའི་དབྱིངས་རྗེན་པར་གྱུར་ནས་གཡོ་བྱེད་ཕྲ་རགས་ཐམས་ཅད་དང་བྲལ་བའི་དབང་གིས་དབྱིངས་དེའི་ངང་ལས་ཅུང་ཟད་ཀྱང་འགྱུར་བ་མེད་པ་སྟེ། དབུ་མའི་སྐབས་ལྟར་བཤད་དུ་མི་བཏུབ་ཀྱང་། ལུགས་འདིར་འོད་གསལ་གྱི་མི་རྟོག་པའི་ཆ་ལ་ཆོས་ཉིད་དང་དབྱིངས་སུ་འཇོག་པས་ཐུན་མོང་མ་ཡིན་པའི་ལྷག་མཐོང་གི་རིག་པ་དེར་གྱུར་པའི་རྣམ་བཞག་འཐད་དོ། །སངས་


TN01_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱི་གཉུག་མ་མི་ཤིགས་པའི་གནས་ལུས་ལོངས་སྤྱོད་གསུང་གི་མཛད་པ་ཐམས་ཅད་དབྱིངས་དེ་སྒྲིབ་བྲལ་དུ་སོང་བའི་རང་སྣང་ཉག་གཅིག་སྟེ། དུ་མར་ཤར་ཡང་དབྱིངས་གཅིག་པ་དང་། གཅིག་པུ་ཉིད་སྣང་ཕྱོགས་རིས་མེད་དུ་འཆར་བ་དང་། ཤར་དུས་ཉིད་ན་འཁྲུལ་པའི་གཟུང་འཛིན་གྱིས་བརྟགས་པ་ལྟར་གྱི་ངོ་བོ་ངོས་བཟུང་མེད་པ་སྟེ། དེ་ལྟར་སྣང་ཆ་དབྱིངས་ལས་མི་གཞན་པར་རོ་གཅིག་ཏུ་འདྲེས་པའི་རྣལ་འབྱོར་མཐར་ཕྱིན་པ་ནི་དབྱིངས་ཀྱིས་སྣང་བ་ལ་དབང་བསྒྱུར་བ་སྟེ་ཚོགས་ཀྱི་བདག་པོའི་ངེས་དོན་ནོ། །ནག་པོ་ཆེན་པོ་དང་ཚོགས་བདག་གི་ངེས་དོན་དུ་འགྲོ་རྒྱུ་གཉིས་པོ་གཅིག་ཡིན་ཀྱང་འཇོག་བྱེད་ཀྱི་ལྡོག་ཆ་ཐ་དད་ལ་བརྟེན་ནས་དེ་དང་དེར་བཞག་པར་ཟད་དོ། །དེ་ལྟར་བྱས་ན་མ་ཧཱ་ཀ་ལའི་ངེས་དོན་ནི། གསང་སྙིང་ལས། སྟོང་ཉིད་བདག་མེད་ཡེ་ཤེས་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ཞེས་པ་དང་འདྲ་ཞིང་། ཚོགས་བདག་ནི། ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པ་དང་མཐུན་ནོ། །འདི་དག་ཞིབ་ཏུ་ཤེས་པས་རྫོགས་རིམ་པའི་མགོན་པོ་བསྙེན་སྒྲུབ་ཀྱི་མན་ངག་ཀྱང་ཚང་བར་རྙེད་ནུས་ཏེ། འདིའི་རྫོགས་རིམ་ནི་དབྱིངས་རིག་ངོ་སྤྲོད་ཀྱི་གནད་ཁོ་ནས་རྩོལ་མེད་དུ་གྲོལ་བ་འོད་གསལ་རྫོགས་པ་ཆེན་པོའི་ལུགས་སུ་བཞེད་པའི་ཕྱིར་རོ། །གཉིས་པ་ནི། དབྱིངས་དེའི་ངང་ལས་རང་སྣང་བའི་གདུལ་བྱ་གཞན་སྣང་གི་ཡེ་ཤེས་མགོན་པོ་ནི་ཐུགས་རྗེའི་


TN01_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སྟེ་དམིགས་པ་མེད་པའི་ཐུགས་རྗེའི་དབང་གིས་ཁམས་གསུམ་གྱི་གྲོང་ཁྱེར་ཡེ་ཤེས་ཆེན་པོའི་མཚོན་ཆའི་ཐབས་ཀྱིས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛད་པའི་སླད་དུ་ས་གསུམ་ན་འཇིགས་ཤིང་ཆེ་བ་རྣམས་ཀྱང་འཇིགས་པར་བྱེད་པའི་བདུད་འདུལ་དཔའ་བོའི་གཟུགས་སུ་ཤར་ཏེ། དེ་ཉིད་ནི་དངོས་གྲུབ་ཀྱི་འབྱོར་པ་ཚད་མེད་པ་དང་ལྡན་པས་དཔལ་ཆེན་པོའོ། ཁམས་གསུམ་དབྱིངས་སུ་སྒྲོལ་བ་ལ་འཇིགས་རུང་གི་གཟུགས་ཅི་དགོས་ཞེ་ན། སྲིད་པའི་དཔལ་འབྱོར་སྙིང་པོ་མེད་ཅིང་བྱིས་པ་འདྲིད་པ་སྒྱུ་མའི་འཁྲུལ་འཁོར་ལྟ་བུས་རྒྱགས་ཤིང་། དེའི་ཆེད་དུ་སྡིག་པ་མི་ཟད་པ་རྒྱུན་དུ་བྱེད་པ། མཐུ་སྟོབས་རྫུ་འཕྲུལ་དང་དཔུང་དང་ངན་གཡོའི་སྦྱོར་བ་སྒྱུ་མའི་འཁྲུལ་འཁོར་ལྟ་བུས་འཇིག་རྟེན་ལ་དབང་སྒྱུར་ཞིང་དེས་སྙེམས་པ། རྨོངས་པ་ཤས་ཆེ་བས་ཆོས་དང་ཆོས་མིན་སེམས་པའི་མཐུ་མེད་ཅིང་ལྟ་ངན་གྱིས་ཡིད་དཀྲུགས་པ། ཇི་ལྟར་གདམས་ཀྱང་འདུལ་བའི་འོས་སུ་མ་གྱུར་པ་རྣམས་གཏུམ་དྲག་ཁྲོ་བོའི་གཟི་བརྗིད་དང་། འབར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་ནས། བསྡིགས་ཤིང་གཟིར་བ་དང་། བསད་ཅིང་གནས་སྤར་བ་ལ་སོགས་པའི་སྒོ་ནས་རང་གནས་ཀྱི་ཡེ་ཤེས་ལ་བཙན་ཐབས་སུ་སྦྱོར་བ་མ་གཏོགས་པ་འདུལ་བའི་ཐབས་གཞན་མེད་པས་དེ་རྣམས་དྲང་བའི་ཕྱིར་ཏེ། སྒྱུ་མས་སྒྱུ་མ་བཅོམ་པ་བཞིན་ནོ། །སྔར་ཚོགས་བདག་གི་ངེས་དོན་ཐད་དུའང་སྣང་ཕྱོགས་ཀྱི་མགོན་པོ་འདི་ཅུང་ཟད་བསྟན་མོད་


TN01_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། དེར་དབྱིངས་ཀྱི་ཆ་ལས་གཞན་ཚོགས་བདག་ཏུ་བཤད་པ་མེད་པས་འདི་དང་ཁྱད་ཆེའོ། །གསུམ་པ་ནི། དེ་ལྟར་གདུལ་བྱ་ཐ་མལ་པའི་མངོན་སུམ་གྱི་སྤྱོད་ཡུལ་དྲང་དོན་གྱི་སྐུ་དང་། དོན་དམ་གཟིགས་པ་ཁོ་ནའི་སྤྱོད་ཡུལ་ངེས་དོན་གྱི་སྐུ་སྟེ། ཟབ་པ་དང་གསལ་བའི་ཚུལ་གཉིས་ཐ་དད་ལྟར་སྣང་ཞིང་ཇི་ལྟར་སྣང་བ་དེ་ལྟར་བཤད་པ་ནི་གདུལ་བྱ་འདུལ་བའི་ཐབས་མཁས་ཀྱི་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པའི་དབང་དུ་བྱས་ཏེ་འགྲོ་བའི་བློ་ངོ་དང་བསྟུན་པ་སྟེ། འཇིག་རྟེན་ན་མཁས་པ་རྣམས་ཀྱིས་གནས་ལུགས་དང་སྣང་ལུགས་གཉིས་ལ་བདེན་པ་གཉིས་སུ་རྣམ་བཞག་བྱས་པ་དང་བསྟུན་ནས་དྲང་དོན་ཀུན་རྫོབ་དང་། ངེས་དོན་དོན་དམ་བདེན་པ་ཞེས་ཀྱང་བརྗོད་དོ། །གཞན་དུ་སངས་རྒྱས་ཉིད་ཀྱི་གནས་ཚོད་དང་སྦྱར་ན་དེ་གཉིས་ཟབ་པ་དང་མི་ཟབ་པའི་ཚུལ་སོ་སོར་བཞག་ཏུ་མེད་དེ། མཐའ་གཉིས་ལ་མི་གནས་པའི་མྱང་འདས་ཐོབ་པའི་ཕྱིར་རོ། །ཟབ་པ་སྤངས་པའི་གསལ་བ་དང་། གསལ་བ་སྤངས་པའི་ཟབ་པ་ནི་རིམ་བཞིན་རང་དོན་ཕུན་ཚོགས་དང་གཞན་དོན་ཕུན་ཚོགས་ལས་ཉམས་པས་དྲང་དོན་གྱི་མཐའ་དང་ངེས་དོན་གྱི་མཐའ་ཞེས་བྱ་སྟེ། མཐའི་སྒྲ་ནི་ལྷུང་དུ་དོགས་པའི་ཟོན་བྱ་དགོས་པའི་གནས་ལ་བྱའོ། །མཐའ་གཉིས་ལ་མི་གནས་པའི་ཚུལ་དངོས་ནི། སྟོང་ཆེན་ཆོས་དབྱིངས་ཉིད་ཡེ་ཤེས་ཀྱི་དངོས་པོའམ་ངོ་བོ་ཉིད་དང་། ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་སྤྲོས་པ་མེད་པའི་ཆོས་དབྱིངས་ཀ་དག་ཏུ་


TN01_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཏེ། དབྱིངས་དང་ཡེ་ཤེས་དེ་གཉིས་རྣམ་པ་ཐམས་ཅད་དུ་སོ་སོར་མི་ཕྱེད་པས་རྡོ་རྗེ་དང་། ཚུལ་དེ་ལས་གཞན་དུ་བསྒྱུར་དུ་མེད་པས་ནག་པོ། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་གསུངས་པ་ལྟར་སྐུའི་ཆ་ཤས་ཕྲ་མོ་རེ་ཡང་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་མཐའ་དག་གི་བདག་ཉིད་དུ་བཞུགས་པས་ཀུན་ཏུ་བཟང་པོའི་སྐུ་ཞེས་བྱའོ། །འདིར་ཡེ་ཤེས་ཞེས་པ་གཉིས་ནི་འོད་གསལ་གྱི་སྟོང་ཆ་ལ་དབྱིངས་དང་། གསལ་ཆ་ལ་ཡེ་ཤེས་ཞེས་བརྗོད་པའི་ཡེ་ཤེས་ཏེ། རང་བཞིན་གསལ་བ་ལྷུན་གྲུབ་ཀྱི་ཡེ་ཤེས་ཞེས་རྫོགས་ཆེན་སྙིང་ཐིག་ནས་འབྱུང་བ་དེའོ། །དེའང་ཁྲོ་གཏུམ་བཞིན་ལག་གི་རྣམ་པ་ཅན་གྱི་དྲང་དོན་གྱི་སྐུ་དེ་དབྱིངས་ཀྱི་གསལ་མདངས་ཉིད་ལྷ་སྐུར་སྣང་བ་ཁོ་ན་ཡིན་པས་སྐུ་དེ་ལ་ཡེ་ཤེས་ཀྱི་སྒྲ་སྦྱར་བ་སྟེ། འདིས་ནི་ཆོས་གཟུགས་ཀྱི་སྐུ་གཉིས་ཟུང་དུ་འཇུག་ཚུལ་ལ་གོ་བ་ཆེན་པོ་སྟེར་རོ། །བཞི་པ་ལ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་སྤྱིར་བཤད་པ་དང་། སྔོན་བྱུང་དང་སྦྱར་ནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལྟར་དང་པོར་དྲང་དོན་གྱི་ནག་པོ་ཆེན་པོས་གདུལ་བྱ་རྗེས་སུ་བཟུང་སྟེ་རིམ་གྱིས་ངེས་དོན་ལ་སྦྱོར་ཞིང་། མཐར་དྲང་ངེས་དབྱེར་མེད་ཀྱི་ནག་པོ་ཆེན་པོའི་དངོས་གྲུབ་སྩོལ་བའི་ཚུལ་གྱིས་བདེན་པ་གཉིས་ཀྱི་ཚུལ་ཆེན་རྫོགས་པར་སྟོན་པ་པོ་དེ་ནི་བརྟན་གཡོའི་ཁྱབ་བདག་དེ་བཞིན་གཤེགས་པ་གཅིག་པུ་ཉིད་ཡིན་པས་དེའི་མཛད་པ་ནི། དངོས་གྲུབ་འབྱུང་གཏེར་ལས།


TN01_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདི་ན་གང་མཁས་པ། །ཚངས་པ་ལ་སོགས་དབང་ཕྱུག་རྣམས། །མཐུ་དང་དམ་ཚིག་ལྡན་ན་ཡང་། ཁྱོད་ཀྱི་སྤྱོད་ཡུལ་འདྲ་བ་མེད། །ཅེས་སོགས་ལྟར་དྲེགས་པ་ཐ་མལ་པ་རྣམས་ཀྱི་འགྲོ་བ་དང་གྲུབ་པའི་ཁྱད་པར་ལས་བྱུང་བའི་རྣམ་འཕྲུལ་ཉི་ཚེ་བ་ལྟ་བུ་མིན་གྱི། ལ་ལར་ཞི་རྒྱས་སོགས་རྗེས་འཛིན་དང་། གཞན་དུ་རྨོངས་རེངས་སོགས་ཚར་གཅོད་ཀྱི་མཛད་པ་དང་། དེ་དང་འཚམས་པའི་སྤྲུལ་པའི་གཟུགས་སྐད་ཅིག་རེར་ཡང་བསམ་མཐའ་ཡས་ཤིང་དཔག་ཏུ་མེད་པ་གདུལ་བྱའི་བདེན་པ་གཉིས་ཀྱི་དངོས་གྲུབ་ཀྱི་དོན་དུ་སོ་སོར་བློ་ལ་སྣང་སྟེ། ཇི་སྐད་དུ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ནི་དུ་མའི་གར་མཛད་དོ། །ཞེས་པ་ལྟར་རྒྱུ་དང་མི་རྒྱུའི་རྣམ་པ་འདི་ལྟར་མི་སྣང་མི་འཆར་ཞེས་བྱ་བ་མེད་པས་སྣོད་བཅུད་ཀྱི་ཆོས་རྣམས་སྣ་ཚོགས་གང་དང་གང་ཡང་ཁྱབ་བདག་དཔའ་བོའི་ཡེ་ཤེས་སྒྱུ་མའི་གར་ཏེ་རྣམ་འཕྲུལ་དུ་མི་འགྱུར་བ་མེད་དོ། །ཡང་ན་དཔག་མེད་ཅེས་པ་གདུལ་བྱ་ལ་སྦྱར་རོ། །སྤྱོད་པ་དེས་སེམས་ཅན་ཅི་ཙམ་འདུལ་ཞེ་ན། ངན་སོང་སོགས་འགྲོ་བ་དྲུག་དང་། ལྷག་པར་བདུད་དང་གཤིན་རྗེ་སོགས་མ་རུངས་པའི་སེམས་ཅན་གྱི་ཚོགས་མང་པོ་སྟེ། སྡུག་བསྔལ་ཆེ་ཆུང་དང་། གྲངས་མང་ཉུང་། རང་བཞིན་བཟང་ངན་སོགས་ཀྱི་རྣམ་དབྱེ་མེད་པར་དུས་དང་སྐལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཏེ་ཧེ་རུ་ཀའི་སྐུ་དངོས་ཀྱི་གདུལ་


TN01_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དང་། སྤྲུལ་པས་འདུལ་བའི་ཡུལ་ཅི་རིགས་སུ་འགྱུར་བས། མདོར་ན་ཐམས་ཅད་ཀྱང་གདུལ་བྱ་ཉིད་དུ་མཚུངས་སོ། །ཉིད་ནི་ཁོ་ནའི་དོན་ཏོ། །དེའི་རྒྱུ་མཚན་ཡང་། དོན་དམ་པའི་གཤིས་ལ་འཁོར་བ་གྲུབ་ན་གཉུག་མའི་རང་བཞིན་ལ་འབྲལ་འདོད་སྐྱེ་བ་གནས་མིན་ལ་ལོག་ཞུགས་ཡིན་པས་ལུས་ཅན་རྣམས་སྙིང་རྗེའི་ཡུལ་དུ་མི་རིགས་ཀྱང་། དེ་ལྟ་མ་ཡིན་ཏེ་གཤིས་ནམ་མཁའ་ལྟར་དག་ཀྱང་བློ་བུར་བའི་ལས་ཉོན་གྱི་གཞན་དབང་དུ་གྱུར་ཅིང་། མཐའ་མེད་པའི་འཁོར་བའི་ཚང་ཚིང་སྟུག་པོར་འཁྱམས་པའི་ཁམས་གསུམ་གྱི་སྐྱེ་དགུ་འདི་དག་ལ་སྙིང་རྗེའི་འོས་མ་ཡིན་པ་སུ་ཞིག་ཡོད་དེ། །དེའི་ཕྱིར་རྒྱལ་བ་རྣམས་ཀྱི་རྟག་པ་རྒྱུན་གྱི་ཐུགས་རྗེའི་ཡུལ་དུ་མཉམ་པར་གནས་ཤིང་། ཐུགས་རྗེ་ཇི་ལྟར་འཇུག་པ་དེ་ལྟར་འགྲོ་བ་འདུལ་ཐབས་ཀྱི་སྤྱོད་པ་འཇུག་སྟེ་གཞན་གྱི་རྒྱུད་རྣམ་པར་གྲོལ་བར་བྱེད་དོ། །དེའང་ཁམས་དབང་མོས་པ་ཚད་མེད་པའི་སེམས་ཅན་དེ་རྣམས་སྤྱོད་པའི་ཚུལ་གཅིག་གིས་མི་འདུལ་བས་རྣམ་འཕྲུལ་དང་མཛད་པའི་སྒོ་སྣ་ཚོགས་དེ་སྙེད་བསྟན་ལ། མཛད་པ་རེ་རེས་ཀྱང་གཞན་དུ་མེད་པའི་སེམས་ཅན་རྣམ་པར་འདུལ་ཏེ། རྒྱན་ལས། ཕལ་ཆེར་དོན་མེད་དོན་ཡོད་དང་། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་པ་ལྟར་རྣམ་ཀུན་དོན་ཡོད་ཀྱི་སྤྱོད་པ་མཐར་སོན་པའི་ཕྱིར་རོ། །གདུལ་བྱའི་ཉེས་པ་གློ་བུར་བ་ཡིན་དུ་ཟིན་ཀྱང་


TN01_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཐབས་ཉེ་བར་སྟོན་པ་དང་བྲལ་ན་རང་གྲོལ་བར་མི་འགྱུར་བས་སེམས་ཅན་ཡོངས་སུ་སྒྲོལ་བ་དེ་འབའ་ཞིག་གི་སླད་དུ་ཐེག་གསུམ་རྣམ་པར་བཞག་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་བྱུང་ངོ་ཞེས་ཕྲིན་ལས་མཛད་པའི་འཐད་པ་བསྟན་ཏོ། །གཉིས་པ་ལ་གདུལ་བྱ་དང་། འདུལ་བྱེད་བཤད་པ་གཉིས་ལས། དང་པོ་ལ། རེ་ཞིག་གདུལ་བྱ་ངོས་བཟུང་བ་ནི། བྱེ་བྲག་ལྷ་མ་ཡིན་རུ་དྲ་ཞེས་ཏེ། རུ་དྲ་ནི་དྲག་པོའི་སྐད་དོད་དོ། །ཞེས་སྔོན་བྱོལ་སོང་བརྒྱུད་པའི་རྒྱུ་མཐུན་གཏི་མུག་ལྷག་པར་ཆེ་ཞིང་ཡི་དྭགས་བརྒྱུད་པའི་རྒྱུ་མཐུན་འདོད་ཞེན་དྲ་བ་ཅན་ནོ། །མི་སྲུན་བདུད་ཀྱི་རིགས་གཏོགས་པས། །ཞེ་སྡང་ཆེ་ཞིང་དཔའ་རྩལ་ཆེ། །ཐག་བཟང་རིས་སམ་རབ་དགོད་ནི་སྒྲ་གཅན་དང་མེ་ཏོག་ཕྲེང་སོགས་ལྷ་མ་ཡིན་ཆེན་པོ་རྣམས་ཀྱི་ཡང་རྗེ་བོ་སྟེ། དེའི་བུར་སྐྱེས་པས་ཤིན་ཏུ་ང་རྒྱལ་ཁེངས་སེམས་ཆེ་བའོ། །ང་རྒྱལ་དང་ཁེངས་སེམས་གཉིས་སྨོས་པ་ནི། ང་རྒྱལ་ཆེ་ལ་མང་བར་བརྗོད་པའི་ཆེད་དོ། །ལྷའི་དབང་པོའི་དཔལ་ལ་འགྲན་སེམས་འབྱུང་བ་ནི། དེ་དང་འགྲན་ནུས་པའི་ཕྱིར་རོ། །དཀར་ཕྱོགས་ལྷ་ལ་ཕྲག་དོག་རྒོད་པ་ནི་རང་ཉིད་ནག་པོའི་ཕྱོགས་འཛིན་པའི་ཕྱིར་རོ། །ཚེ་སྔོན་བསྒྲུབས་པའི་རྒྱུ་ནི་དཀའ་ཐུབ་དྲག་པོ་སྟེ་ཚུལ་ཁྲིམས་ངན་པ་དང་། སྦྱིན་སྲེག་ལ་སོགས་སྦྱིན་གཏོང་དང་། ལོག་སྨོན་མང་ཞིང་ཤུགས་དྲག་པས་འཕེན་རྫོགས་ཅི་ལྟར་རིགས་


TN01_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་སོ། །དེས་ན་མངའ་དབང་སྟེ་དབང་ཕྱུག་ཆེ་ལ། སྟོབས་ཆེ། མཐུ་དང་ལྡན་ནོ། །ཀླུ་སྲིན་མོ་ཞེས་པ་འདིའི་མ་ཀླུ་དང་སྲིན་པོ་འདུས་པའི་བུ་མོ་སྟེ། དེ་ལྟར་འདི་ཀླུ་ལས་ཆད་པས་སྙིང་ནག་པའམ་ཁོན་འཛིན་ཆེ་ཞིང་། སྲིན་པོ་ལས་ཆད་པས་ཤ་དང་ཁྲག་ལ་དགའ་བའོ། །དེའི་མིང་ནི་ཁྱབ་བྱེད་ནག་པོ་དང་། འཁྲུགས་བྱེད་གཏུམ་པོ་དང་། ཕུང་བྱེད་དྲག་པོ་དང་། གཞན་གྱིས་མི་ཐུབ་ཞེས་བྱ་བར་གྲགས་སོ། །བུ་ག་དགུ་ནས་དུག་རླངས་འཐུལ་བ་ནི་ནད་ཀྱི་བསྐལ་པ་སྤྲོ་བའི་ཕྱིར་རོ། ཁ་ནས་དུག་གི་མེ་འབར་བ་ནི་དབུགས་ཚ་བས་འཇིག་རྟེན་སྲེག་པའི་ཕྱིར་རོ། །ཡང་སྒྲ་ནི་སྔ་མར་ཟད་པའོ། །ལུས་ལ་ལྕས་ཀྱི་བ་སྤུ་སྐྱེས་པ་ནི་རེ་ཞིག་འདིའི་སྤུ་ཡང་ལྕགས་ཀྱི་རང་བཞིན་ཡིན་ན་ལུས་ཐུབ་པར་དཀའ་བ་ལྟ་ཅི་སྨོས་པའོ། །མིག་དམར་ལྕགས་ཀྱི་མཆེ་བ་ཅན་ནི་ཁྲོ་བོའི་བཞིན་གཟུགས་འཇིགས་སུ་རུང་བར་མཚོན་པའོ། །དེ་ལྟར་ན་སྔོན་གྱི་ལས་དང་རིགས་རུས་ཆོ་འབྲང་དང་མིང་དང་ལུས་གཟུགས་མི་བཟད་པའི་ཁྱད་པར་བརྗོད་ནས། ད་ནི་དེས་འཇིག་རྟེན་ལ་དབང་སྒྱུར་བའི་ཚུལ་སྟོན་ཏེ། མ་རུང་དེ་ཡི་བསམ་པའི་མཐུས། །ལྷ་མིན་གཞན་དག་རྒྱུད་རབ་འཁྲུགས། །དེ་ཡི་ལས་དབང་དང་རིག་སྔགས་ཀྱི་མཐུ་དྲག་པོས་སྔར་མེད་པའི་འཐབ་ཆས་ཀྱི་མཚོན་ཆ་མང་པོ་བྱུང་སྟེ། དེའི་ཕྱིར་འདི་དམག་མང་པོ་དང་ལྡན་ཞིང་དམག་དེ་དག་ཀྱང་མཚོན་ཆ་མང་པོ་དང་ལྡན་པར་གྱུར་ཏོ། །དེ་ལས་ཅིར་གྱུར་ཞེ་ན།


TN01_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་བྱེ་ཕྲག་དགུ་འདུས་ཏེ། དཔུང་གིས་ལྷ་དབང་སྟེང་དུ་རྒོལ། དེའི་དཔུང་རྒྱལ་ཆེན་རིས་བཞི་ལ་ཐུག་པའི་ལྷ་ཐམས་ཅད་ཀྱིས་མི་བཟོད་ཅིང་། བརྒྱ་བྱིན་ཉེ་དབང་དང་བཅས་པ་ཡང་ཕམ་པར་བྱ་བ་ལ་ཞུགས་པའོ། །དེས་བརྒལ་བས་ལྷ་རྣམས་ཕམ་པའི་དབང་ཤུགས་ཀྱིས་མི་རྣམས་ཀྱི་དཀར་པོའི་ཕྱོགས་ཀྱང་ཉམས་ཤིང་འགྲིབ་ནས་ནག་ཕྱོགས་ཁ་དར་ཞིང་ནད་མུག་འཁྲུགས་རྩོད་སོགས་སྡུག་བསྔལ་གྱི་མྱོས་ཆུས་རྒྱུད་འཁྲུགས་པར་འགྱུར་ཏེ། ལྷ་དང་ཆོས་ལྡན་གྱི་མི་གཉིས་གཅིག་གིས་གཅིག་འཕེལ་བར་བྱེད་ཅིང་། གཅིག་ལ་གཅིག་མགོན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་ལ་དངོས་ཀྱི་གདུལ་བྱ་ལྷ་མིན་དྲག་པོ་དེ་འཁོར་བཅས་འདུལ་ཞིང་། བརྒྱུད་ནས་འགྲོ་བ་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་ཕྱིར། ཕྱོགས་བཅུའི་སངས་རྒྱས་གྲངས་མེད་ཀྱི། །ཐུགས་རྗེ་གཅིག་འདུས་སྤྱན་རས་གཟིགས། །དེའི་ཡེ་ཤེས་སྒྱུ་འཕྲུལ་ལས། །བྱུང་བའི་མཐུ་སྟོབས་དབང་ཕྱུག་ཆེ། །ཞེས་རྩ་བའི་སྤྲུལ་གཞི་བསྟན་ནས་རིགས་གང་ཡིན་ངོས་བཟུང་བའོ། །དོན་ལྡན་གྱི་མཚན་ནས་སྨོས་པ་ནི། ཁྱབ་བྱེད་ནག་པོ་ལྟར་མཐུ་སྟོབས་ཆེ་ཡང་ཕུང་ཁྲོལ་གྱི་གཞིར་སོང་བ་མ་ཡིན་པར་སྲིད་ཞིའི་ཕན་བདེ་མཐའ་དག་འབྱུང་བའི་ཤེས་རབ་དང་སྙིང་རྗེའི་དཔལ་མངའ་བས་དཔལ་ལྡན། རྡོ་རྗེ་ཐེག་པའི་བསྟན་སྲུང་གི་གཙོ་བོར་དབང་བསྐུར་བརྙེས་པས་རྡོ་རྗེ། ནག་ཅིང་ཐུང་བའི་གཟུགས་སུ་སྣང་ཡང་


TN01_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་། སྤྲོ་བ་དང་གཟི་བརྗིད་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷ་ཉི་ཟླའི་འོད་ཟེར་ཅན་རྣམས་ལས་ཆེ་བ་སྟེ་མཆོག་ཏུ་གྱུར་པས་ནག་པོ་ཆེན་པོ། །ལྷའི་དཔུང་ཚོགས་མཐའ་ཡས་པའི་རྗེ་བོར་གྱུར་པས་ཚོགས་རྗེ་ཚོགས་ཀྱི་བདག་པོ་སྟེ། དེ་བྱུང་བའོ། །འདི་ཉིད་གསང་བ་སྤུ་གྲི་ལས་ལེགས་ལྡན་དབང་ཕྱུག་ཆེན་པོའི་སྲས་དང་། ནག་མོ་རེ་མ་ཏིའི་མིང་པོར་བཤད་ཅིང་། བྱ་རོག་མཚན་ཅན་སྟོབས་པོ་ཆེ། །ཞེས་ཀྱང་འབྱུང་སྟེ། བྱ་རོག་མཚན་ཅན་ནི་ཕྱག་བཞི་པའི་མཚན་དུ་ཡང་གྲགས་སོ། །ཡང་བི་ན་ཡ་ཀ་ཞབས་ཀྱིས་བརྗིས་པ་དང་། གྲོང་ཁྱེར་སུམ་བརྩེགས་བཅོམ་པ་དང་། སྲིན་ཡུལ་ལངྐ་པུ་རིའི་གྲོང་ཁྱེར་བཤིག་པ་དང་། ལྷ་མ་ཡིན་གྱི་བུ་མོ་གློག་མ་སྤྲིན་རྡུལ་དུ་བརླགས་པ་སོགས་མྱུར་མཛད་ཕྱག་དྲུག་པའི་གཏོར་ཆོག་ལས་བཤད་པ་རྣམས་གསང་སྤུར་ལས་ཀྱང་མཐུན་པར་འབྱུང་བས་ཕྱག་དྲུག་པའི་རྣམ་འགྱུར་གཅིག་ཏུ་བྱས་ཀྱང་རུང་བ་འདྲ་སྟེ། གཉིས་ཆར་སྤྱན་རས་གཟིགས་ཀྱི་སྤྲུལ་སྐུར་བཤད་པ་དང་ཡང་འགྲིག་གོ་།དྲག་པོའི་གཡུལ་བཤམས་པའི་ཚུལ་ནི། སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ལས་ཤར་བའི་ལས་མགོན་གསུམ་སོགས་སྤྲུལ་པ་ཡང་སྤྲུལ་གྱི་མགོན་དམག་མང་པོ་དང་བཅས་མེ་རླུང་འཚུབ་མའི་དཀྱིལ་ནས་བྱོན། བིང་ཆེན་ཀླད་ལ་བསྐོར་ཞིང་དཔའ་བོའི་བཤུག་སྐད་ཀྱིས་བརྡས་བསྐུལ་བས་བིང་གི་རྒྱ་མདུད་ལས་དམག་དཔུང་ཁ་དོག་སྣ་ཚོགས་རྡོ་རྗེའི་སེར་དྲག་ལྟར་བཟོད་པར་དཀའ་བ་བྱེ་བ་དུང་ཕྱུར་གདུག་པའི་མཚོན་ཆར་འབེབས་ཤིང་འཐོན་ཏེ། ལྷུན་པོའི་ཆུ་མཚམས་བར་གྱི་


TN01_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་རྒྱས་པར་བཀང་བའོ། །དེས་རུ་དྲ་བཏུལ་བའི་ཚུལ་ནི། ལྷ་མིན་བདུད་ཀྱི་རྒྱལ་པོ་བསྒྲལ་བ་སྟེ་བསད་པའོ། །དེ་ལས་ཕན་ཡོན་གང་བྱུང་བ་ནི། ལྷ་དབང་རྒྱལ་ཞིང་དེས་མཐུས་དཀར་པོའི་ཕྱོགས་ལ་དགའ་བ་རྣམས་དར་བར་གྱུར་ལ། ལུས་དང་བསམ་པའི་དུག་གིས་སྣོད་བཅུད་མ་རུང་བར་བྱེད་པའི་ནག་ཕྱོགས་ཀྱི་ཀླུ་སོགས་སྟོབས་བྲི་བས། འཇིག་རྟེན་སྲོག་ཆགས་བདེ་བ་དང་། བསྟན་པ་ལ་སྡང་བ་རྣམས་མཐུ་ཆུང་དུ་སོང་བས་སངས་རྒྱས་བསྟན་པ་རྒྱས་པར་བྱུང་བའོ། །གཉིས་པ་ནི། བདུད་འདུལ་དཔལ་ལྡན་མགོན་པོ་ཆེ། བསྟེན་ཅིང་སྒྲུབ་པའི་ལས་རིམ་དང་། །ཕྲིན་ལས་ཀྱི་སྦྱོར་བ་མང་པོ་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་མཐུས་སྤྱན་རས་གཟིགས་ཀྱིས་བཤད་པའི་དུས་མཁའ་འགྲོ་མང་པོས་བཀའ་བསྡུ་མཛད་དོ། །གསུམ་པ་ནི། དེ་དག་ལས་སྙིང་པོའི་ཡང་ཞུན་བཅུད་དུ་དྲིལ་བའི་སྙན་བརྒྱུད་ཀྱི་མན་ངག་ལུང་གི་སྙིང་པོ་འདི་མཁའ་འགྲོ་སུ་ཁ་དྷ་རི་སྟེ་བདེ་བ་འཛིན་མས། སློབ་དཔོན་ཆེན་པོ་སེང་གེ་སྒྲ་སྒྲོགས་ཉིད་ལ་གཏད་ཅིང་། དེས་རྡོ་རྗེ་ཕག་མོའི་སྤྲུལ་པའི་སྐུ་མཁར་ཆེན་བཟའ་མཚོ་རྒྱལ་དང་། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་གཉིས་ལ་མོན་ཁ་ནེ་རིང་སེང་གེ་རྫོང་དུ་གནང་བ་སྟེ། ཤིན་ཏུ་ཟབ་པའི་མཐར་ཐུག་ཅེས་དངོས་གྲུབ་སྒྲུབ་པ་ལ་རྣོ་ནུས་གཏུགས་པ་མེད་པར་བསྔགས་སོ། །འདི་དག་གིས་ནི་གདམས་ངག་ཁུངས་བཙུན་པ་དང་། གདམས་ངག་ལས་དངོས་གྲུབ་འབྱུང་


TN01_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྒྱུད་ལྡན་གྱི་བླ་མ་ལ་ལྟོས་པར་བསྟན་ཏོ། །མཆོད་བསྟེན་སྒྲུབ་གསུམ་གང་ལ་བྱ་བའི་ལྷའི་རིགས་དང་། བྱུང་ཚུལ། མཛད་པ། དེ་ཉིད་རྣམས་ཀྱི་རྒྱུས་དང་། བླ་མ་བརྒྱུད་པ་སོགས་ཤེས་པ་དང་མི་ཤེས་པའི་མགོན་གསོལ་བྱེད་པ་གཉིས་ལ་སྣང་བ་དང་མུན་པ་ལ་རྫས་ཚོལ་བ་ལྟ་བུའི་ཁྱད་ཡོད་པས་ལེའུ་འདི་ནི་ཚོགས་བདག་མཁན་པོ་རྣམས་ལ་ཤིན་ཏུ་གཅེས་སོ། །ལེའུ་དང་པོའི་བཤད་པའོ། །གཉིས་པ་ལྷའི་རྣམ་གྲངས་དང་རྩ་བའི་སྔགས་བཤད་པ་ལ་གཉིས་ལས། དང་པོ་ལྷའི་རྣམ་གྲངས་བསྟན་པ་ལ། གཙོ་བོ། ཡུམ། འཁོར་གྱི་ལྷ་བཤད་པ་སྟེ་གསུམ་ལས། དང་པོ་ལ། ཡེ་ཤེས་དག་པའི་ལྷར་བསྟན་པ་ནི། མ་ལུས་ཤིང་ལུས་པ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་གཅིག་པུ། འཇིག་རྟེན་ཀུན་ལ་དུས་དྲུག་ཏུ་སོ་སོར་གཟིགས་པས་སྤྱན་རས་གཟིགས་དབང་ཕྱུག་ཅེས་གྲགས་པ་དེ་ཉིད་ཁྲོ་བོའི་གཟུགས་སུ་སྤྲུལ་པ་དུར་ཁྲོད་ཀྱི་མ་མོའི་ཚོགས་ལ་སོགས་པ་འཁོར་མང་པོའི་མངའ་བདག་ཏུ་བཞུགས་པས་ཚོགས་བདག །ནག་པོའི་གཟུགས་ཀྱིས་ནག་ཕྱོགས་གཟི་བྱིན་འཕྲོག་པས་མ་ཧཱ་ཀཱ་ལ་སྟེ་ནག་པོ་ཆེན་པོ་ནིའོ། །སྤྱིར་སངས་རྒྱས་ཀྱིས་སྤྲུལ་པའི་བསྟན་སྲུང་ཆེན་པོ་ལ་ཡང་དགོས་པའི་དབང་གིས་ལས་དང་ཡེ་ཤེས་ལྟར་ཤེས་ལུགས་མང་དུ་ཡོད་པ་ལས། འདིར་ནི་སྐུའི་ངོ་བོ་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་དེ་ཉིད་དང་སྦྱར་བས་མཆོག་གི་


TN01_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྟེར་བའི་བྱིན་རླབས་ཀྱི་མཚན་ཆེ་བ་དང་། རྣམ་པ་ཁྲོ་གཏུམ་འབར་བའི་གཟུགས་སུ་བྱས་ཏེ་ཆ་བྱད་ཕལ་ཆེར་ཕྲིན་ལས་ཀྱི་དོན་དང་སྦྱར་བས་བདུད་འདུལ་ལས་ཀྱི་དངོས་གྲུབ་འབྱུང་བའི་ཁྱད་པར་དང་ལྡན་པ་ལས། རེ་ཞིག་ཕྱོགས་དང་པོ་སྟོན་པའི་ཕྱིར་ལེའུ་དང་པོའི། ཕྱོགས་བཅུའི་སངས་རྒྱས་གྲངས་མེད་ཀྱི། །སོགས་ཀྱི་དོན་སླར་ཡང་བསྡུས་ཏེ་རྐང་པ་སྔ་མ་འདི་གཉིས་བྱུང་བར་གསོལ་ལོ། །སྐུའི་རྣམ་པའི་ཁྱད་པར། འཇིགས་གཟུགས་སྤྲིན་ནག་འཁྲིགས་པ་ལྟ་བུ་སྟེ། ཆར་སྤྲིན་ངམ་གནག་ལ་ཆེར་འཁྲུགས་པ་དང་། གློག་དམར་འགྱུ་བས་སྤྲས་པ་དང་། དྲག་ཅིང་ཟབ་པའི་འབྲུག་སྒྲ་དང་ལྡན་པ་ལྟར། མདོག་ནག་ལ་ཆེར་ཁྲོས་ཤིང་འཁྲུགས་པ་དང་། འབར་བའི་མེ་ཕྲེང་གི་ནང་ན་བཞུགས་པ་དང་། ཧཱུྃ་གི་ང་རོ་ཟབ་མོར་དགོད་པའི་ཕྱིར་རོ། །དེའང་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་པ། ཕྱག་གཡས་ཙནྡན་གྱི་བིང་དང་། གཡོན་ཐོད་ཁྲག་ཅན། མཆན་ཁུང་གཡོན་དུ་ཏྲི་ཤུལ་འཆང་བ། སག་ཏིའི་ལྷྭམ་གསོལ་ཞིང་གྱད་ཀྱི་དོར་ཐབས་སུ་བཞེངས་པ། དར་བེར་ནག་པོ་དང་རིན་པོ་ཆེའི་རྒྱན་ཅན། བསྟན་པ་སྣ་ཚོགས་དང་འཚམས་པར་ཆོས་སྐྱོང་བའི་ཕྲིན་ལས་མཛད་པས་ཆོས་གོས་དང་དར་དཔྱང་སྟག་ཤམ་སོགས་འཆོལ་བའི་ཆས་གོས་འཆང་བ་སྟེ། འདི་དག་ཕྲིན་ལས་ཀྱི་དོན་རྟགས་སུ་སྦྱོར་ཚུལ་ཞིབ་མོ་ནི། རལ་པ་གྱེན་བརྫིས་ནས་གདན་


TN01_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བྲག་ཆེན་ལ་ཐུག་གི་བར་གྱིས་ས་གསུམ་གྱི་དྲེགས་ལྡན་མཐའ་དག་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་ཀྱི་དབང་ཕྱུག་བརྙེས་པ་མཚོན་ཚུལ་མངའ་གསོལ་ཆེན་མོ་སོགས་ལས་ཤེས་པར་བྱ་ལ། འདིར་ཕྱག་མཚན་ཙམ་མཚན་གཞིར་སྨོས་ན། བིང་དང་ཐོད་ཁྲག་གཉིས་པོ་རིམ་བཞིན་གཤིན་རྗེ་དང་མ་མོ་རྣམས་ཀྱིས་ཆེ་རྟགས་སུ་ཕུལ་བ་དང་ལྷ་དམག་སྤྲོས་ནས་ཕ་རོལ་གྱི་གཡུལ་ཟློག་ཅིང་། དགྲའི་སྙིང་ཁྲག་རོལ་བར་མཚོན་ལ། ཐོད་ཁྲག་འདི་མ་མོའི་ཁྲག་ཐུན་དུ་བཤད་པས། དགྲ་འདྲེ་ནད་ཀྱིས་མྱོས་པར་བྱེད་པ་ལའང་སྦྱར་རུང་ངོ། །གསུང་སྒྲོས་དང་བསྟུན་ན། ཕྱག་མཚན་ཐུགས་མཚོན་བྱེད་ཡིན་པས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་སྟེ། བིང་གིས་སྣང་ཕྱོགས་ལྷའི་གསང་མཛོད་ཀྱི་ཏིང་ངེ་འཛིན་དང་། ཐོད་ཁྲག་གིས་སྟོང་ཕྱོགས་བདེ་ཆེན་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚོན་ཏེ། འདི་ནི་མཆོག་གི་དེ་ཉིད་ལ་སྦྱར་བའོ། །རྩེ་གསུམ་ནི། འདི་ཉིད་ལས། རྩེ་གསུམ་མཚོན་ཆས་ཁམས་གསུམ་གཡུལ་ངོ་ཟློག །ཅེས་སོ། །གཉིས་པ་ནི། དེ་ཡི་ཡུམ་ནི་རྡོ་རྗེ་གནོད་སྦྱིན་མོ་བཻ་ཏཱ་ལི་ཞེས་ཐལ་བྱེད་མའམ་རོ་ལང་མ་སྟེ། འདི་འདོད་ཁམས་དབང་ཕྱུག་མའི་གཟུགས་འགྱུར་དུ་ལས་གཞུང་ལས་བཤད་པས་ཚོགས་བདག་རྙིང་མར། སྤྱི་བོར་ཟླ་བ་ཚེས་ཤིང་ལྟེ་བར་ཉི་མ་འཆར་བ་ཞེས་བཤད་པའང་། རེ་མ་ཏིའི་ཐད་དུ་དེ་ལྟར་འབྱུང་བ་དང་མཐུན་ནོ། །གསུམ་པ་ནི། གཙོ་བོའི་སྐུ་ལས་སྤྲུལ་བའི་


TN01_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཏྲི་ཤུལ་ཅན་དང་། གསུང་གི་བིང་ཅན་དང་། ཐུགས་ཀྱི་གྲི་གུག་ཅན་ཏེ་རིམ་བཞིན། ནག་པོ་སྟོང་། གཤིན་རྗེ་འབུམ། མ་མོ་བྱེ་བ་རྣམས་ཀྱི་སྡེ་དཔོན་ལས་བྱེད་ཀྱི་མགོན་པོ་གསུམ་དང་། ཕྱོགས་སྐྱོང་ལ་སྤྱིར་མང་དུ་ཡོད་པ་ལས། འདིར་མགོན་པོ་ཉིད་ཕྱོགས་སོ་སོར་རྣམ་འགྱུར་གཞན་དང་གཞན་གྱིས་སྐྱོང་ཞིང་བཞུགས་པ་ལ་མཚན་ཐ་དད་དུ་གྲགས་པའི་ཕྱོགས་བཅུའི་མགོན་པོ་དང་། སོགས་སྒྲས་བསྟན་པ་དྲེགས་པའི་རིགས་ཕལ་ཆེར། འཇིག་རྟེན་ན་རིགས་སྤྱོད་པས་དབྱེ་ཟེར་བ་ལྟར་དྲག་པོའི་ལས་ཐབས་མི་འདྲ་བའི་སྒོ་ནས་རིགས་ཀྱི་སྡེ་ཚན་བརྒྱད་དུ་བསྡུས་ནས་བཞག་པ། དམོད་པས་བསྡིགས་པ་ལྷ། ཁྲམ་ལ་འདེབས་པ་གཤིན་རྗེ། རིམས་ནད་སྤྲོ་བ་མ་མོ། །མུན་འཐིབ་བྱེད་པ་བདུད། སྨྱོ་འབོག་གཏོང་བ་རྒྱལ་པོ། །གཟེར་ཐབས་གཏོང་བ་བཙན། གདུག་རྩུབ་སྣ་ཚོགས་སྟོན་པ་གནོད་སྦྱིན། ཞ་རེངས་མཛེ་ནད་གཏོང་བ་ཀླུ་སྟེ་དེ་དག་གི་གཙོ་བོ་རྣམས་མགོན་དམག་གི་སྡེབས་སུ་གནས་པ་ན་མགོན་པོའི་སྡེ་ཚན་དུ་བསྡུས་ནས་སྡེ་བརྒྱད་ཀྱི་མགོན་པོ་ཞེས་བཞག་པ་དང་། གཞན་ཡང་ཕྱོགས་སྐྱོང་གི་འཁོར་སོགས་མགོན་པོ་ལྷ་དམག་བསམ་གྱིས་མི་ཁྱབ་པ་རྣམས་སོ། །གཉིས་པ་ལ། སྔགས་ཀྱི་ཆེ་བ། སྔགས་དངོས། དེའི་ཕན་ཡོན་དང་གསུམ་ལས། དང་པོ་ནི། གཞན་ཡང་གི་སྒྲ་སྲོག་སྙིང་ནི་ཞེས་པ་དང་སྦྱོར་བ་གསུང་སྒྲོས་ཡིན་པས། གཞན་ཡང་བརྗོད་


TN01_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་ཞེས་དྲང་ངོ་། །ཅི་ཞིག་ཅེ་ན། སྲོག་གི་སྙིང་པོའི་སྔགས་ནིའོ། །ཅི་འདྲ་བ་ཞིག་ཅེ་ན། ཇི་སྐད་བཤད་པའི་ལྷ་རྣམས་ཀྱི་སྔགས་རྒྱུད་ཁྲི་འབུམ་དུང་ཕྱུར་ཞེས་མང་པོ་ཡོད་དེ། དེ་དག་གི་བཅུད་འདུས་པའི་མར་གྱི་ཡང་ཞུན་ལྟ་བུའོ། །ཡང་ན་ལྷ་དམག་གཅིག་ནས་གཅིག་ཏུ་སྤྲུལ་ཏེ་མང་པོར་མཆེད་པའི་རྒྱུད་ལ་ལྷ་རྒྱུད་ཅེས་བྱ་སྟེ། དེ་ལྟར་ན་ས་ར་ཧས། འཁོར་རྣམས་གཙོ་བོའི་ཡན་ལག་ཕྱིར། །ཐ་དད་པར་ནི་བཟླ་མི་བྱ། །ཞེས་གསུངས་པ་ལྟར་སྤྲུལ་པའི་ལྷ་དམག་རྣམས་གཙོ་བོ་ཉིད་ལས་མི་གཞན་པས་གཙོ་བོའི་སྔགས་ལ་འཁོར་རྣམས་ཀྱང་འདུས་པར་དགོངས་ཤིང་། དེར་མ་ཟད་སྡེ་བརྒྱད་དྲེགས་པ་གཞན་རྣམས་ཀྱི་སྔགས་ཀྱང་སྔགས་འདིའི་མངའ་འོག་ཏུ་འདུས་པ་སྟེ། དེ་རྣམས་ལ་མགོན་པོའི་སྔགས་ཀྱི་འཁོར་དུ་སོ་སོ་ནས་ཕུལ་བའི་ཕྱིར་རོ། །གཉིས་པ་ནི། སྔགས་དེ་གང་ཞེ་ན། ༀ་ཡིག་མཆོག་སྟེར་བ། ཤྲཱི་ནི་དཔལ་ཏེ། རྟོགས་པ་བདག་གི་དང་། ཐུགས་རྗེ་གཞན་གྱི་དཔལ་གཉིས་སྟོང་ཕྱོགས་དང་སྣང་ཕྱོགས་ཀྱི་མ་ཧཱ་ཀཱ་ལ་གཉིས་དང་རིམ་བཞིན་སྦྱར་རོ། །མ་ཧཱ་ཀཱ་ལ་ནི་ནག་པོ་ཆེན་པོ་སྟེ། སྔར་བཤད་པའི་དྲང་དོན་སྣང་ཕྱོགས་དང་། ངེས་དོན་སྟོང་ཕྱོགས་ཀྱི་ནག་པོ་གཉིས་དང་། ཆོས་དབྱིངས་ཉིད་དེ་ཡེ་ཤེས་དངོས། །སོགས་ཀྱིས་བསྟན་པའི་ཟུང་འཇུག་གི་ནག་པོ་རྣམས་སོ། །ཧཱུྃ་ཐུགས་བསྐུལ་བ། ཕཊ་གདུག་པ་ཅན་རྣམས་ཁོས་ཤིག་པ་སྟེ་ཁྱད་པར་གྱི་མཛད་པའོ། །རྒྱུད་རྡོ་རྗེ་རྩེ་མོ་ལས།


TN01_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་འཇོམས་པར་གྱིས་ཤིག་དང་། ཕཊ་ལྟུང་བར་གྱིས་ཤིག་པར་གསུངས་སོ། །སྔར་ནག་པོ་ཆེན་པོ་ཕྲིན་ལས་དང་བཅས་པའི་རྣམ་བཞག་རྒྱས་པར་བཤད་པ་ཉིད་སྔགས་དོན་འདིའི་ཡང་རྒྱས་བཤད་དུ་འགྱུར་བས་དྲན་པར་བྱའོ། །དེའང་སྔགས་ཚིག་འདིས་དོན་དེ་ལྟར་སྟོན་ཞེས་པ་རྐྱང་པར་མི་གཟུང་གི་།སྔགས་དོན་དེ་དག་ཉིད་སྔགས་སྒྲའི་རྣམ་པར་ཤར་བར་གོ་དགོས་ཏེ། སྔགས་ཀྱི་དངོས་གྲུབ་སྟེར་བའི་གནད་ཆེ་ཤོས་ནི་ལྷ་སྔགས་ངོ་བོ་དབྱེར་མེད་དུ་ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཀུན་མཁྱེན་ཆེན་པོས། རིག་སྔགས་ཐབས་ཀྱི་ངོ་བོ་ལ། །གཟུངས་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་རྒྱུད་དྲངས་པ་ལྟར་རམ། ཡང་ན་ལྷ་ཕོའི་རྣམ་པ་ཅན་གྱི་གསང་སྔགས་དང་། མོའི་རྣམ་པ་ཅན་གྱི་རིག་སྔགས་དང་གཟུངས་སྔགས་གཉིས་ཏེ། དེ་གསུམ་གྱི་བྱེ་བྲག་མང་པོས་དངོས་གྲུབ་ལ་དབང་བསྒྱུར་བའི་སྔགས་ཀྱི་རྒྱལ་པོ་འདི་ཉིད་གང་ཞིག་འཆང་བ་དེ་ནི་ངེས་པར་འཁོར་བའི་སྡུག་བསྔལ་གྱི་གཡུལ་ལས་རྒྱལ་ཏེ་སངས་རྒྱས་ཀྱི་ས་ལ་འགྲོ་བར་འགྱུར་རོ། །དེའང་གསང་སྔགས་ཀྱི་སྒྲ་ཙམ་འདོན་པ་གཅིག་པུས་མཆོག་གི་དངོས་གྲུབ་ལ་སྦྱོར་བ་ནི་མིན་གྱི། སྔགས་དེའི་དེ་ཉིད་ཤེས་ནས་འཆང་བའི་གནད་ལ་ཐུག་གོ་།དེའི་ཚུལ་ནི་ཤྲཱི་མ་ཧཱ་ཀཱ་ལའི་ངེས་དོན་སྔར་བཤད་པ་ཉིད་རང་གི་གཉུག་སེམས་མི་


TN01_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཤིགས་པའི་དབྱིངས་ལས་གཞན་དུ་མེད་པར་ཐག་བཅད་དེ་བཟླས་སྒོམ་ལ་འགྲུས་པར་བྱས་པས་ལྷ་དང་སྒྲུབ་པ་པོའི་སྲོག་རོ་གཅིག་ཏུ་འདྲེས་ཏེ་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ་ལ། དེས་དགྲ་གསུམ། བདུད་བཞི། གཡང་ས་དྲུག་ལ་འཇིགས་པ་མེད་པའི་གདེང་ཆེན་རྙེད་པ་ནི་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཅེས་བྱའོ། །སྔར་ག་ན་པ་ཏིའི་ངེས་དོན་བཤད་པའང་ཅིར་སྣང་དབྱིངས་ཀྱི་རྒྱན་དུ་ཤར་བའི་ཉམས་མྱོང་གི་ཐོག་ཏུ་ངོ་འཕྲོད་པ་དགོས་མོད་ཀྱི། དེ་ནི་རིག་པ་དབྱིངས་མལ་ནས་མི་གཡོ་བ་མ་ཧཱ་ཀཱ་ལའི་དེ་ཉིད་ཁོ་ནའི་སྟོབས་ལས་འོང་བར་ཟད་པས་ལོགས་སུ་བཙལ་མི་དགོས་སོ། །འདི་དག་གི་གནད་རྣམས་རྫོགས་པ་ཆེན་པོའི་མན་ངག་ལས་རྒྱས་པར་བཤད་མོད། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་སྐབས་སུ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ། ཞེས་བསྟན་སྲུང་གི་ཆོས་སྐོར་འདི་རྣམས་བསྐྱེད་རིམ་གྱི་གདམས་པའི་ཕྱོགས་སུ་གསུངས་པས་རྒྱས་པར་མ་སྤྲོས་སོ། །ལེའུ་གཉིས་པ་ལེགས་པར་བཤད་ཟིན་ཏོ། །གསུམ་པ་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་བཤད་པ་ལ། སྒྲུབ་པ་པོ་དང་གནས་ཀྱི་མཚན་ཉིད། མཚན་མའི་རྟེན་དང་ཡོ་བྱད་འདུ་བྱ་ཚུལ་བསྙེན་སྒྲུབ་རྟགས་ཚད་དང་བཅས་པ། གྲུབ་ནས་ལས་ལ་སྦྱར་བའི་རིམ་པ་སྟེ་བཞི། དང་པོ་ནི། དངོས་བརྒྱུད་ཀྱི་བླ་མ་དང་། ལྷ་དང་གདམ་ངག་ལ་ཡིད་ཆེས་པའི་དད་པ་དང་དམ་ཚིག་དག་པ་


TN01_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་སྟེ། དམ་ཚིག་ནི་དབང་དུས་སུ་ཁས་བླངས་པའི་རིགས་ལྔའི་དམ་ཚིག་དང་། རྒྱུན་གྱི་གསོལ་ཁ་དང་། ཚེས་བརྒྱད་དང་བཅོ་ལྔ་དང་ཉེར་དགུའི་དུས་གཏོར་ལ་བརྩོན་པ་དང་། སྐུ་གཟུགས་དང་སྔགས་དང་རྫས་སོགས་གསང་བ་དང་། བྱ་ནག་དང་ཁྱི་ནག་ལ་མི་འཚེ་ཞིང་། ལྷག་པར་མགོན་པོའི་རྒྱུད་ལས། སྒྲུབ་པ་པོ་རྣམས་སྐྱོང་བའི་ཚེ། །བྱ་རོག་ཆེན་པོས་སྲུང་བར་བྱེད། །ཅེས་པས་བྱ་རོག་ཆེན་པོའི་སྒོས་ཀྱི་དམ་ཚིག་རྣམས་ཏེ། འདིས་ནི་དབང་ཐོབ་པའང་སྟོན་ནོ། །ཐུགས་རྗེ་ཆེན་པོ་ཞི་དྲག་སོགས་རང་གི་ལྷའི་བསྙེན་སྒྲུབ་ཀྱི་རྣལ་འབྱོར་ལས་སུ་རུང་བའི་སྔགས་པས་རྒྱལ་བསྟན་སྲུང་བ་དང་། སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་ནག་པོ་ཆེན་པོ་བསྟེན་ཅིང་སྒྲུབ་པར་འདོད་ན་ཞེས་པ་སྟེ། བསམ་པའི་ཁྱད་པར་འདི་ལྟར་དགོས་པ་ནི་མགོན་པོ་ཉིད་ཀྱི་བྱུང་ཚུལ་ལ་བརྟགས་ན་ཤེས་སོ། །གནས་ནི་མཚོ་གླིང་དང་ནགས་ཚལ། བྲག་ནག་པོའི་འགྲམ་མམ། དུར་ཁྲོད་དང་། གཞན་ཡང་རབ་ཏུ་འཇིགས་པའི་དབེན་རྩ་རུའོ། །གཉིས་པ་ནི། གཡུལ་བ་ཀྱེ་བའི་ས་དང་། ཕུང་ཤུལ་གྱིས་སོགས་གདུག་པའི་ས་ལས་མཎྜལ་བྱས་ལ། དེར་ཚོན་གཉིས་གང་རུང་གིས་འཁོར་ལོ་ནག་པོ་རྩིབས་བཅུ་པ། དེའི་ནང་དུ་གྲུ་གསུམ་མཐིང་ནག་ལོགས་གཅིག་མདུན་དང་། ཟུར་གཅིག་རྒྱབ་ཏུ་བསྟན་པ་བྲིས་པས་ཟླ་གམ་གསུམ་ཡང་གྲུབ་བོ། །དེའི་དབུས་སུ་་གླིང་སྟེ་དུམ་བུ་


TN01_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་ནང་དུ་དུར་ཁྲོད་ཀྱི་རས་ལ་ནག་པོ་ཆེན་པོའི་སྐུ་བྲིས་ལ་བཤམས་ཤིང་། དེ་དང་ལྷན་ཅིག་ཙནྡན་གྱི་བིང་གི་མགུལ་པར་དར་ནག་ལ་སྔགས་བྲིས་པ་འཕྱང་བུ་གདགས་ཤིང་སྙུག་མ་ཚིགས་ལྔ་པའི་མདའ་བཟང་རྒོད་སྒྲོ་མ་ལ་དར་སྣ་ལྔ་དང་གསེར་གཡུ་བཏགས་པས་བརྒྱན་ཏེ། དེ་ལ་སྲོག་རྟེན་གྱི་ཙཀྲ་འདོགས་ཤིང་བཞག་གོ་།ཙཀྲ་འབྲི་བའི་གཞི་ནི་རས་སམ་ཤིང་ཤུན་ལའོ། །རྒྱུ་ནི་སྣག་ཚས་སོ། །དེའང་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སྲོག་སྙིང་འབྲུ་བརྒྱད་པ་སྟེ་རྩ་སྔགས་འགོད་པ་ནི། ལྷོ་བྱང་དུ་དྲང་པོར་འབྲི་བ་ཡིན་ཞིང་། རྩིབས་བརྒྱད་ལ་རྩ་སྔགས་རེའི་མཐར་ཛྙཱ་ན་དང་། ཀཱ་ཡ་དང་། ཝཀྐ་དང་། ཙིཏྟ་དང་། གུ་ཎ་དང་། ཀརྨ་དང་། ས་མ་ཡ་དང་། སརྦ་སྟེ་བརྒྱད་པོ་རེ་རེ་ཞིང་སིདྡྷི་ཕ་ལ་བྷྲཱུཾ་རེ་སྦྱར་བ་སོ་སོར་བཏགས་ལ་འབྲི། དེའི་རྒྱབ་ཀྱི་མུ་ཁྱུད་དག་ལ་གང་འདོད་ཀྱི་གསོལ་བྱང་དང་། རྟེན་འབྲེལ་སྙིང་པོ་འབྲི་ཞིང་། ཕྱི་རོལ་དུ་རྡོ་ར་མེ་རི་བྱས་ནའང་ལེགས་གསུང་ངོ། །སྲོག་འཁོར་དེ་མགོན་པོའི་སྐུ་གཟུགས་ཀྱི་ལྟོ་བར་བཀོད་པའི་ལྟོ་འཁོར་བྱས་ན་ལྷག་པར་བྱིན་རླབས་ཆེའོ། །གསང་རྫས་གསུམ་ནི། དུག་དང་། ཁྲག་དང་། ལྕགས་ཕྱེ་རྣམས་ཏེ་མ་དག་དུག་གསུམ་དང་། དག་པ་སྐུ་གསུང་ཐུགས་མཚོན་པའོ། །དེ་དང་བདུད་རྩི་ཆོས་སྨན་ནི་ཙཀྲ་ལ་བྱུག་པའི་རྫས་སོ། །རབ་གནས་ནི། སྤྱིའི་རིགས་པ་སྦྱར་ན་སྔགས་འཁོར་འོད་དཔག་མེད་ཀྱི་རིགས་ཡིན་པས་དེའི་ལྷག་གནས་བྱས་ཀྱང་རུང་བར་མངོན་མོད། ཕྱག་བཞེས་


TN01_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མགོན་པོ་ཉིད་བསྐྱེད་བསྟིམས་སོགས་མཛད་ནས་གནང་བས་དེ་ལྟར་བྱ། དར་སྣས་དྲིལ་ལ་གདག་གོ་།གཞན་ཡང་ནས་ནག་རྗེན་བཏག་གི་ངར་ཕྱེ་ཁྲག་ཆང་གིས་སྦྲུས་པ་ལས་མགོན་པོའི་གཏོར་མ་འདི་ཉིད་ཀྱི་རྒྱུད་ལས། བཤོས་བུ་སྙིང་འདྲ་གཏོར་མར་བཤམས། །ངོས་གསུམ་བཱ་ལིང་གསུམ་དུ་བཞག །ཅེས་སོགས་ལྟར་བཞེངས་ཤིང་། ནད་ཤ་དང་སྣ་བུག་གི་ཤ་དང་གོད་ཤ་རྣམས་མ་གཏོགས་པའི་ཤ་སྣ་ཚོགས་ཀྱི་གཏོར་རྫས་དང་། ཕོ་རྒྱུད་སྐྱུར་ལ་བྲིད་པ། མོ་རྒྱུད་དམར་ལ་དབབ་པ་ཞེས་བཤད་པས་ཆང་དང་ཁྲག་སོགས་བསྐང་གཞུང་ནས་འབྱུང་བའི་མཆོད་པ་སྣ་ཚོགས་བཟང་མང་དུ་བཤམ་པར་བྱ་སྟེ། རྫས་དངོས་མ་འབྱོར་བ་རྣམས་རི་མོའི་གཟུགས་སུ་བྱས་པ་ཙམ་ཡང་དགོད་དོ། །གསུམ་པ་ལ། མཆོད་བསྟེན་སྒྲུབ་གསུམ་བྱ་ཚུལ་སྤྱིར་བཤད། བསྙེན་སྒྲུབ་ཀྱི་སྔགས་སོ་སོར་ཕྱེ་བའོ། །དང་པོ་ནི། རང་ཉིད་བསྒོམ་པའི་ཧེ་རུ་ཀའི་ཡེ་ཤེས་སྒྱུ་མ་ལྟ་བུའི་ཆོ་འཕྲུལ་ལས་མདུན་དུ་རིན་པོ་ཆེའི་རི་རབ་ཀྱི་སྟེང་གྲུ་གསུམ་མཐིང་ནག་འབར་བའི་ཕོ་བྲང་གི་དབུས་སུ་ཆོ་ག་གསུམ་གྱིས་གཙོ་བོ་དང་། དེའི་གཡོན་ཕྱོགས་དང་། གྲུ་གསུམ་གྱི་རྒྱབ་ཏུ་ཟླ་གམ་གསུམ་ལ་ས་བོན་གྱི་ཡི་གེ་ལས་ཡུམ་དང་སྐུ་གསུང་ཐུགས་མགོན་བསྐྱེད་ཅིང་། རི་རབ་ཀྱི་བང་རིམ་རྣམས་ལ་ཕྱོགས་བཅུའི་མགོན་པོ་སོགས་འཁོར་གཞན་རྣམས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བསྐྱེད། དེ་ལྟར་བསྒོམ་


TN01_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་རྣམས་ལ་སེམས་རྩེ་གཅིག་ཏུ་བཟུང་སྟེ་ལྷར་སྣང་གྱད་དུ་གྱུར་པར་སློབ་པ་ནི་སྐུའི་སྲོག་འཕྲོག་པའི་གནད་དོ། །འདྲེན་པ་དང་བཏགས་པས་སྲོག་ནས་དྲང་ཞིང་བོས་ཏེ་དངོས་གྲུབ་ཀྱི་སྙན་གསན་འབེབས་པའི་ཚུལ་གྱིས་སྔགས་དག་ཅིང་སེལ་མ་ཞུགས་པར་བཟླས་བརྗོད་ནན་ཏན་དུ་བྱ་བ་ནི་གསུང་གི་སྲོག་འཕྲོག་པའི་གནད་དོ། །ལྷ་དང་སྔགས་ཀྱི་ངེས་དོན་ལ་སེམས་སྲེ་ཞིང་མཉམ་པར་འཇོག་པ་ནི་ཐུགས་ཀྱི་སྲོག་འཕྲོག་པའི་གནད་དོ། །འོད་ཟེར་སྤྲོ་བསྡུས་ཕྲིན་ལས་ཀྱི་རྩལ་སྦྱོང་བ་དང་འདི་བཞི་ལ་སྲོག་སྡོམ་གྱི་གཟེར་བཞི་ཞེས་བྱ་སྟེ། མེད་དུ་མི་རུང་བར་གསང་རྫོགས་ཀྱི་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་སྒྲུབ་ཀྱང་། །སྲོག་སྡོམ་གཟེར་བཞིས་མ་ཐེབས་ན། །དྲང་དོན་རྫུན་གྱི་འཁྲུལ་འཁོར་ཡིན། །ནམ་ཡང་དོན་མེད་ཡུག་ས་རྐྱང་། །ཞེས་སོ། །འདི་འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པར་གཏོགས་པས་ཐུན་མཚམས་ཀུན་ཏུ་མཆོད་བསྟོད་ལ་འབད་པ་གཅེས་ཏེ། ཚུལ་དེ་ལྟ་བུས་བསྙེན་སྒྲུབ་ཀྱི་རྟགས་མཐོང་བའི་བར་དུ་བརྩོན། དེའི་ཡན་ལག་ཏུ་ལྷ་དང་བདག་གཉིས་བདེ་བ་ཆེན་པོའི་དམ་རྫས་ཀྱི་སྟོན་མོ་ལ་ལྷན་ཅིག་སྤྱོད་པའི་སྒོ་ནས་ཕན་ཚུན་དགའ་བས་འདྲིས་ཤིང་ཡིད་ཕེབས་པའི་གྲོགས་སུ་སྒྲུབ་པ་ཚོགས་མཆོད་དང་། ལྷ་དང་འཁོན་གཅུག་སྦྱོང་ཞིང་དམ་ཚིག་གསོ་བའི་ཆེད་དུ་སྐོང་བཤགས་དང་། ལྷ་ཚིམ་ཞིང་མཉེས་པར་བྱེད་པ་གཏོར་མའི་ལས་རིམ་ཆེ་ཆུང་རྣམས་བྱའོ། །གཞན་ཡང་ཞལ་དུ་གྱུར་པའི་མེ་ཞེས་ལྷ་ཚིམ་པའི་ཞལ་ལམ་སྒོ་ཕུལ་དུ་


TN01_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ནི་མེ་ལྷ་སྟེ། དེའི་སྒོ་ནས་ལྷ་དང་སྔགས་གཟི་བྱིན་སྐྱེད་པའི་ཆེད་དུ་སྦྱིན་སྲེག་བྱ་སྟེ། དེའང་ཐབ་ནག་པོ་གྲུ་གསུམ་པར་ཚེར་མ་ཅན་གྱི་ཤིང་གིས་ཧོམ་བྱས་ལ། རྒྱུ་དེ་དང་འདྲ་བའི་ཡམ་ཤིང་དང་། རྩི་མར་ཁྲག་སྦྱར་གྱི་མར་ཁུ་དང་། ཤ་སྣ་ལྔ་སྦྱར་བའི་རིལ་བུ། །ནས་ནག་དང་བྲ་བོ་སོགས་འབྲུ་སྣ་དགུ་སྟེ་རྫས་དེ་རྣམས་ལ་བྱའོ། །དེ་ལ་གཏོར་ཆོག་ནི་བསྙེན་སྒྲུབ་ཀྱི་དུས་ཀུན་ཏུ་བྱ་ཞིང་། ཚོགས་དང་སྐོང་བཤགས་ནི་བསྙེན་པའི་སྐབས་ཅི་རིགས་དང་། སྒྲུབ་དུས་ནར་མར་བྱ་ལ། སྦྱིན་སྲེག་ནི་སྒྲུབ་པའི་མཐར་བྱས་ན་ལེགས་པར་སེམས་སོ། །དེ་ལྟར་ཞག་བདུན་ཕྲག་གསུམ་ལ་སོགས་པར་ཐང་ལྷོད་མེད་པར་རྒྱུན་ཆགས་སུ་བརྩོན་པ་དང་། སེམས་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་བརྩོན་པ་སྟེ་ཁྱད་པར་གཉིས་ལྡན་དུ་བསླབས་པས་།ཐུགས་རྟགས་སུ་རྣལ་འབྱོར་པའི་རིག་པ་སྔར་ལས་དྭངས་པ་དང་། སྐུ་རྟགས་སུ་ལྷའི་ཞལ་དངོས་སམ་མི་ནག་དང་མུན་པ་ནག་པོ་སོགས་ཀྱི་རྣམ་པར་མཐོང་བ་དང་། གསུང་རྟགས་སུ་སྔགས་ཀྱི་སྒྲ་སོགས་གསུང་ཐོས་པ་སྟེ་དངོས་ཉམས་ཀྱི་རྟགས་དང་། རྨི་ལྟས་ཡ་མཚན་ཆེན་པོ་འབྱུང་བ་ཡང་། སྐུ་ཉེ་བའི་མཚན་མར་མཁར་བརྩིགས་པ། ཐུགས་ཉེ་བའི་ཉི་ཟླ་ཤར་བ། གསུང་གི་རོལ་མོ་འབུད་དཀྲོལ་ཏེ་བསྙེན་པའི་རྟགས་དང་། དངོས་གྲུབ་འབྱུང་བའི་མཚན་མར་གཏེར་རྙེད་པ་སྒྲུབ་པའི་རྟགས་ཏེ་དངོས་བསྟན་བཞི་དང་། སོགས་སྒྲས་ཕྱག་


TN01_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རྙེད་པ་དང་། སྐྱེ་བོ་མང་པོས་འདུད་པ་སོགས་སྡུད་དེ། དེ་དག་ཀྱང་ལན་རེ་ཙམ་ལ་ངེས་པ་མེད་ཅིང་། ཡང་དང་ཡང་དུ་འབྱུང་ན་བྱིན་རླབས་ཀྱི་རྟགས་སོ། །གང་ཡང་དགའ་བྲོད་དང་མངོན་རློམ་མ་ཞུགས་པར་བདེན་མེད་རྟོགས་པའི་རྩལ་སྦྱོང་དུ་འཁྱེར་བ་གཅེས་སོ། །མཚན་མ་འདི་དག་ནི། གཞུང་རང་ལས། འགྲུབ་རྟགས་རྫོགས་ནས་རྦད་པ་ནི། །ཞེས་གསུངས་ཤིང་། སྦས་པ་མིག་འབྱེད་ལས། མཚན་མ་མ་མཐོང་ལས་བརྩམས་པ། །འཇའ་ཚོན་སྤར་འཛིན་དོན་མེད་ཡིན། །ཞེས་རྟགས་མཐོང་གི་ནུས་པ་མ་རྙེད་བར་དུ་ལས་ལ་མི་བཀོལ་བར་གསུངས་པས་ནུས་པ་དེ་གཏན་ལ་འབེབས་པའི་ཆེད་དུ་བཤད་པའོ། །གཉིས་པ་ནི། སྔོན་དུ་དངོས་གྲུབ་སྒྲུབ་ནུས་ཀྱི་ནུས་པ་མ་ཐོན་པར་དངོས་གྲུབ་ཀྱི་ལས་གང་ཡང་བྱར་མེད་ལ་ལྷ་དང་སྒྲུབ་པ་པོ་ཉེ་བར་མ་གྱུར་ན་དངོས་གྲུབ་ཀྱི་ནུས་པ་སྐྱེ་བའི་གཞི་མེད་པས། ལྷ་ཉེ་བར་བྱེད་པའི་བསྙེན་པ་དང་། དངོས་གྲུབ་ཀྱི་ནུས་པ་སྐྱེད་པའི་སྒྲུབ་པ་དང་། ལས་དངོས་སུ་སྒྲུབ་པའི་ལས་སྦྱོར་ཏེ་གསུམ་པོ་རིམ་བཞིན་རྫིང་རྐོ་བ་དང་། ཆུ་སྐྱིལ་བ་དང་། རྫིང་ཆུ་ཞིང་ལ་འགྱེད་པ་དང་འདྲ་བར་བླ་མ་དགོངས་འདུས་སུ་གསུངས་སོ། །རེ་ཞིག་ལས་དངོས་སུ་མི་བྱེད་ཀྱང་ལས་སྦྱོར་གྱི་སྔགས་ལ་བཟླས་པ་སྐྱེལ་བ་ཙམ་ནི་སྒྲུབ་པའི་ཁོངས་སུ་འདུའོ། །དེ་ལ་བསྙེན་པའི་སྔགས་ནི་ནག་པོ་ཆེན་པོའི་འབོད་སྔགས། ༀ་མ་ཧཱ་ཀཱ་ལ་ཙིཏྟ་སོགས་ཏེ་འདི་ནི་སྲོག་སྙིང་གི་གནད་ལ་བཟུང་སྟེ་དགུག་


TN01_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཚད་མེད་བཞིའི་ཕྱག་རྒྱས་དབང་དུ་བྱེད་པའི་སྔགས་ཡིན་པས་ལྷ་མྱུར་དུ་ཉེ་བར་བྱེད་པའི་ཕྱིར་རོ། །སྒྲུབ་པའི་ཁྱད་པར་གྱི་སྔགས་ནི། ༀ་མ་ཧཱ་ཀཱ་ལ་སིདྡྷི་སོགས་ཏེ། འདི་ལ་ཚོགས་བདག་རྙིང་མར་རླུང་ལྟར་མྱུར་བའི་སྙིང་པོ་ཞེས་བཤད་པ་ལྟར་དངོས་གྲུབ་མྱུར་མགྱོགས་སུ་འབེབ་པ་རླུང་གི་ཤུགས་ཅན་གྱི་སྔགས་ཡིན་པའི་ཕྱིར་རོ། །བསྙེན་དུས་རྟགས་མཚན་མེད་པར་རིང་དུ་འགྱངས་ན་སྔགས་སྔ་མ་དང་། སྒྲུབ་དུས་དངོས་གྲུབ་མི་འགྱངས་པར་བྱེད་པ་ལ་ཕྱི་མ་བཟླ་ཞེས་དེ་གཉིས་ཆར་རྣོ་ལ་ངར་འདོགས་ལྟ་བུར་བཤད་པ་འདིའི་ཤུགས་ལ་བསྙེན་སྒྲུབ་གཉིས་ཀའི་སྐབས་སུ་མཐིལ་བཅོལ་ཡུལ་གྱི་སྔགས་གཞན་ཡོད་པར་སྟོན་ཏེ། དེ་ནི་ལེའུ་གཉིས་པ་ནས་གསུངས་པའི་རྩ་སྔགས་འབྲུ་བརྒྱད་ཉིད་དོ། །བསྙེན་སྒྲུབ་གཉིས་ཀྱི་འཛབ་དགོངས་ལ་མི་འདྲ་བའི་ཁྱད་པར་མི་གསལ་ཡང་། ལས་གཞུང་དུ་འབྱུང་བའི་བཟླས་དམིགས་ཉིད་ལ། བསྙེན་པའི་ཚེ་བདག་གི་འོད་ཀྱིས་མགོན་པོ་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ་བ་དང་། སྒྲུབ་པའི་ཚེ་འོད་ཟེར་དང་སྤྲུལ་པའི་ཕོ་ཉས་དངོས་གྲུབ་ཀྱི་ལས་རྣམས་ཡིད་བཞིན་སྒྲུབ་པ་གཙོ་བོར་བྱེད་པའི་ཆ་ཕྱེས་ན་ལེགས་སམ་སྙམ་མོ། །སྒྲུབ་སྔགས་ཀྱི་ཆ་གཞན་བསྟན་པ་ནི། ༀ་གྱིས་མགོ་དྲངས། མཚན་སྔགས་ཀྱི་མཐར། ཨ་ཡུ་སིདྡྷི་ཞེས་པས་ཚེའི་དངོས་གྲུབ། ཧཱུྃ་བསྐུལ་བ། བྷྲཱུཾ་བརྟན་པར་བྱེད་པ་སྟེ། སྦྲེལ་བས་ཚེའི་སྒྲུབ་སྔགས་སོ། །འདིའི་དམིགས་གནད་ཀྱང་བཤད་མ་ཐག་


TN01_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲུབ་པའི་འཛབ་དགོངས་ཉིད་ཀྱི་ཁོག་ནས་འཕྲུལ་ཞེས་གསུང་ངོ་། །དེ་ལྟར་དངོས་གྲུབ་བསྐྱིལ་བའི་ཚུལ་དུ་སྒྲུབ་སྔགས་གོང་མ་དང་། དངོས་གྲུབ་དབང་དུ་བྱ་བའི་ཚུལ་དུ་ཚེ་སྔགས་བཟླས་པས་དངོས་གྲུབ་ཀྱི་རྟགས་མཚན་ངེས་པར་འབྱིན་ལ། དེའི་ཚེ་དངོས་གྲུབ་བླང་བར་བྱ་སྟེ། ལེན་ཚིག་ནི་དབང་ཆོག་གི་དངོས་གྲུབ་བཅུད་དབང་དང་། འཆི་མེད་རྡོ་རྗེའི་དབང་ཚིག་སྦྱར་ན་རུང་བར་རྟོགས་སོ། །བཞི་པ་ལ། ལས་སྒྲུབ་སྔགས་ཀྱི་རྣམ་གྲངས་སྤྲོས་ཏེ་བཤད་པ་དང་། རྩ་སྔགས་གཅིག་པུས་ལས་ཐམས་ཅད་ནུས་པར་བསྟན་པའོ། །དང་པོ་ནི། རྒྱལ་བའི་བཀའ་སྡོད་འདི་རྣམས་དམག་དཔོན་རིན་པོ་ཆེ་ལྟར་དྲག་པོའི་མཐུ་དཔུང་གི་སྒོ་ནས་ཆོས་ཀྱི་རྒྱལ་སྲིད་སྲུང་བའི་ཕྲིན་ལས་ཀྱི་ལྷ་སྟེ། བསྟན་སྲུང་ཞེས་པའི་སྒྲའི་དོན་ཡང་དེ་ཡིན་ནོ། །ལྷག་པར་མགོན་པོ་མངོན་འབྱུང་གི་སྐབས་ལས་ཚུལ་འདི་རྒྱས་པར་ཤེས་ཏེ་སྔར་བཤད་ཟིན་ཏོ། །དེའི་ཕྱིར་དྲག་སྔགས་ཁོ་ན་དང་འབྲེལ་བར་སྟོན་ལ། དྲག་སྔགས་ལའང་དབྱེ་བསྐྲད་རྨོངས་རེངས་སོགས་ཀྱིས་དབྱེ་བས་སྤྱིར་མཐའ་ཡས་ཀྱང་། འདིར་ནི་སྲུང་བའི་གོ་བགོ་བ་དང་། དྲག་པོའི་གཡུལ་འགྱེད་པ་གཉིས། ཕྱི་མ་ལའང་། གཡུལ་བསྲེས་པའི་དགྲ་རྣམས་མཚོན་ཆས་འཇོམས་པ་དང་། མ་བསྲེས་པར་ཐག་རིང་ན་བཤམས་པའི་དཔུང་རྣམས་ཕྱིར་ཟློག་པའི་ཚུལ་དུ་བསད་བཟློག་གཉིས་ཏེ་གསུམ་དང་། སྲུང་བ་དང་བྱེད་ལས་མཐུན་པ་མནན་པའི་ལས་ཀྱིས་དགྲ་བཙོན་དུ་བཟུང་བ། ཟློག་


TN01_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཐུན་པ་རླུང་ལ་སྐུར་བ་ཟོར་ལས་ཀྱིས་དགྲ་དཔུང་གཏོར་བ། བསད་པ་དང་མཐུན་པ་མེའི་ལས་ཀྱིས་ཕས་རྒོལ་ཐལ་བར་བྱེད་པ་སྟེ། རྩ་བ་སྲུང་ཟློག་བསད་གསུམ། མཐའ་སྡུད་མནན་སྲེག་འཕང་གསུམ་དུ་དབྱེ་ཞིང་། གཡུལ་འགྱེད་ཀྱི་དང་པོར་དམག་དཔུང་བསྡུ་ཞིང་ལས་ལ་མངག་པ་དགོས་པ་ལྟར་བསད་བཟློག་གཉིས་ཀའི་སྔོན་དུ་འབོད་རྦད་འགྲོ་བས་དེ་ལྟར་བརྒྱད་དོ། །དེ་ལ་སྔགས་གཙོ་བོ་ཡིན་པས་དཀྱུས་སུ་དེ་ཙམ་ལས་མ་སྨོས་ཀྱང་། དེ་བཟླ་ཐབས་སུ་ཏིང་ངེ་འཛིན་མེད་ན་ཕྲིན་ལས་ཀྱི་དགོས་པ་བྱེད་མི་ནུས་པས་སྔགས་དང་དགོངས་པ་སྦྲེལ་ནས་བརྗོད་ན། དགོངས་པ་ལ། ལས་ཀུན་ལ་མཐུན་མོང་དུ་འཇུག་པ་དང་། སོ་སོའི་སྒོས་ཀྱི་ཏིང་ངེ་འཛིན་གཉིས་ལས་སྔ་མ་ནི། གནས་ལུགས་ཟབ་མོ་རྟོགས་པ་ལྟ་བའི་རྫོང་དང་། ཡི་དམ་ལྷའི་སྣང་ཞེན་བརྟན་པ་སྒོམ་པའི་འཕྲང་གཉིས་སོ། །ཕྱི་མ་ནི་རང་རང་གི་ཐད་དུ་འཆད་དེ། དེའང་འབོད་པའི་སྔགས་ནི་བསྙེན་པའི་སྐབས་སུ་བཤད་ཟིན་ཏེ། འདི་ལ་འབོད་སྔགས་ཀྱིས་དང་པོར་བསྙེན་པ་དང་། སླར་རྦད་བསད་ཀྱི་ཆེད་དུ་འབོད་པ་གཉིས་པོའི་ཆ་བྱེད་དགོས་སོ། །རྣལ་འབྱོར་རང་བསྲུང་གི་གསང་སྔགས་ནི་མ་མ་རྐྵ་སོགས་ཏེ། བཟླ་ཐབས་ཀྱི་ཏིང་ངེ་འཛིན་ནི། མགོན་པོའི་ལྷ་ཚོགས་རྣམས་ཀྱིས་བདག་འཁོར་ཡོ་བྱད་ཐམས་ཅད་སྲུང་སྐྱོབ་གཡེལ་མེད་དུ་མཛད་པས་འཇིགས་པ་གང་གིས་ཀྱང་གླགས་མི་རྙེད་པར་བསམ་པ་སྟེ། འདི་


TN01_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱད་པར་གྱི་སྲུང་དམིགས་ཆེས་ཟབ་པའང་ཡོད་དོ། །ནག་པོ་ལས་ལ་རྦད་པའི་སྔགས་ནི། ༀ་མ་ཧཱ་ཀཱ་ལ་དགྲ་ལ་བྷྱོ་སོགས་ཏེ། ཏིང་འཛིན་ནི། བདག་གི་འོད་ཀྱིས་མགོན་པོ་འཁོར་བཅས་བསྐུལ་བས་དེ་རྣམས་ཤིན་ཏུ་རྔམས་ཤིང་འཁྲུགས་ཏེ། ཆོ་འཕྲུལ་ཀྱི་འོད་དང་། ལས་བྱེད་སྤྲུལ་པའི་ཕོ་ཉ་གྲངས་མེད་པ་སྤྲོས། དགྲ་བགེགས་གང་ཡིན་རང་དབང་མེད་པར་བཀུག་ནས་འཆོར་བའི་སྐབས་མེད་པར་བསམ་པ་སྟེ། འདིའི་སྐབས་སུ་དམིགས་པའི་འབེན་བཅའ་བ་གཅེས་སོ། །དེ་ལྟར་ནན་ཏན་དུ་བཟླས་པས་དམག་དང་ཆོམ་རྐུན་ལིང་པ་ཆས་པ་སོགས་སྲུང་མ་ལས་བྱེད་པའི་རྟགས་དང་། སྲོག་ཆགས་སྙིས་བཟུང་བ་དང་། ར་བར་བཅུག་པ་སོགས་བླ་ཁུག་པའི་རྟགས་མཐོང་བ་ན་བསད་ལས་ལ་འཇུག་པ་ཡིན་ནོ། །མི་མཐུན་འགལ་རྐྱེན་བཟློག་པའི་སྔགས་ནི། མཱ་ར་ཐུན་བྷྱོ་སོགས་ཏེ་ཤིན་ཏུ་གསང་བའི་སྔགས་ཉིད་དོ། །ཏིང་འཛིན་ནི་མགོན་པོ་གཙོ་འཁོར་ལས་སྤྲུལ་པའི་ཁྲོ་བོའི་དམག་དཔུང་དང་། མཚོན་ཆ་སྣ་ཚོགས་ཀྱི་བུ་ཡུག་ཕྱོགས་བཅུར་སྤྲོས་ཏེ། གནོད་བྱེད་ཐམས་ཅད་འཐོར་རླུང་ཆེན་པོ་ཕོག་པས་ན་བུན་རྗེས་མེད་དུ་ཡལ་བ་ལྟར་ཕྱིར་ཟློག་གི་ཕྲིན་ལས་མཛད་པར་བསམ་པའོ། །དྲག་སྔགས་ཀྱི་གཙོ་བོ་བསད་པ་ལས་ཀྱི་སྔགས་ནི། ༀ་མ་ཧཱ་ཀཱ་ལ་དགྲ་བོའི་སྙིང་འབྱིན་སོགས་ཏེ། སྔགས་འདིའི་ཆེ་བ་ནི། ནག་པོ་དགྲ་བོའི་གཤེད་དེ་མངོན་སྤྱོད་ཀྱི་དོན་དུ་གཟུགས་


TN01_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བཞེངས་པ་ཡིན་པས་བསད་སྔགས་འདི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་རྣམས་ལ་དམིགས་ནས་རྒྱུན་དུ་ཅུང་ཟད་རེ་བཟླས་ན་མགོན་པོ་ཉེ་ཞིང་ཕྲིན་ལས་མྱུར་ཏེ། མི་རྣམས་རང་གི་རིགས་ཆོས་ཀྱི་ལས་ལ་ལྷག་པར་དགའ་བ་བཞིན་ཏེ། རྒྱུད་ལས། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །བསོད་ལ་རྟག་ཏུ་བརྩོན་པ་རྣམས། །གྲུབ་པ་མཆོག་གི་ཆོས་ཅན་ལ། །གསོད་པའི་དོན་གྱིས་གྲུབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཏིང་ངེ་འཛིན་ནི། སྤྱིར་ཁུ་རྡུལ་རླུང་གསུམ་ལ་གཙོ་ཕལ་མང་དུ་ཡོད་པ་ལས་སེམས་ཀྱི་རྟེན་བྱེད་པའི་གནད་ཆེ་ཤོས་རྣམས་ཚེ་རྟེན་དང་། དེ་རྣམས་ཕན་ཚུན་ཕན་འདོགས་པའི་ནུས་པ་མ་ཉམས་པས་རྣམ་ཤེས་དང་ཚོགས་པ་གཅིག་ཏུ་གནས་པའི་ཆ་ལ་ཚེ་ཞེས་བཏགས་པ་དང་། ཚེ་རྟེན་གྱི་ནུས་པ་འཛིན་ཅིང་སྐྱེད་སྡུད་བྱེད་པའི་སྲོག་འཛིན་གྱི་རླུང་སོགས་སྲོག་དང་། ལུས་སྟོད་སྨད་ན་གནས་པའི་ཁམས་ཀྱི་ཆ་རྣམས་ལ་འགྲོ་འོང་གི་ཚུལ་དུ་ནུས་པ་འཕོ་བའི་བླ་དང་། དེའི་གཟུགས་བརྙན་གྱི་ཚུལ་དུ་ལྷན་ཅིག་སྐྱེས་པའི་ལྷ་གཡག་དང་ཤ་བ་ལ་སོགས་པར་སྤྲུལ་པ་ཡང་བླ་ཆགས་ཤིང་སྦེད་པའི་རྟེན་ཕུར་ཡིན་པས་བླ་ཞེས་འདོགས་ཏེ། དེ་དག་ལ་སྒྲུབ་པ་པོས་དྲག་སྔགས་ཀྱི་མཚོན་ཆས་གཟིར་ཞིང་བསྣུན་པ་ན་བླའི་རྟེན་མཁར་བཅོམ། ཚེ་རྟེན་དང་སྲོག་གི་གནད་བཅད། དབང་ཡུལ་ཤེས་གསུམ་གྱི་འབྲེལ་བ་བཀུམ། རྣམ་ཤེས་དབྱིངས་


TN01_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྒྲལ་ཏེ། ཚེའི་འཁྲུལ་འཁོར་རང་དབང་མེད་པར་བཤེགས་ནས་ལས་ངན་གྱི་རྒྱུན་བསྟུང་བར་བྱེད་པའི་རྣམ་བཞག་ལེགས་པར་ཤེས་པས། མགོན་པོའི་ལྷ་དམག་རྣམས་ལས་གྲི་གུག །དགྲ་སྟྭ། རྩེ་གསུམ། ཐོ་ཕུར་སོགས་སྤྲུལ་པའི་མཚོན་ཆ་སྣ་ཚོགས་ཀྱི་ཆར་བབས་པས་དགྲ་བགེགས་ཀྱི་བླ་སྲོག་བྲག་རུལ་ལ་ཐོག་བརྒྱབ་པ་ལྟར་ཐལ་བྱུང་དུ་བརླགས་པར་བསམ་པའོ། །བསད་རྟགས་ནི། སྲོག་ཆགས་བསད་པ་དང་། རི་བྲག་བཤིགས་པ་སོགས་སོ། །འབོད་པས་དམ་ཅན་འདུ་བའི་རྟགས་མ་མཐོང་བར་ལས་ལ་རྦད་ན་ཁྱི་མེད་པར་ཤ་བ་ལ་འགྱེད་པ་ལྟ་བུ་དང་། རྦད་པས་བླ་ཁུག་པའི་རྟགས་མ་མཐོང་བར་བསད་ལས་བྱེད་ན་རི་དྭགས་མེད་པར་མདའ་འཕེན་པ་ལྟ་བུ་ཡིན་ཞིང་། འབོད་རྦད་ཀྱི་རྟགས་རྫོགས་ཀྱང་བསད་ལས་བཏང་སྙོམས་སུ་ལུས་པ་དང་། བསད་རྟགས་ཐོན་ཡང་ལས་ཀྱི་འཕྲོ་མི་བརྟུལ་བར་ཕུར་ཚུགས་ཕྱེད་པའང་ལྷ་དང་འཁོན་འཇུག་ཅིང་རང་ལ་ལྡོག་པར་བཤད་པས་མཚམས་ལེགས་པར་ཟིན་པ་གལ་ཆེ་ལ། རྟགས་ཚད་མེད་ཀྱང་འབོད་རྦད་བསད་གསུམ་ཆུ་བབས་སུ་བྱེད་པ་ནི་ལས་སྦྱོར་གྱི་འདྲ་འབག་ཙམ་མོ། །ལས་སྔགས་འདི་དག་གི་ནང་ན་ལྷག་པར་རྙེད་དཀའ་བ་ནི་སྲུང་ཟློག་གི་སྔགས་གཉིས་ཏེ། འབོད་རྦད་སོགས་ནི། ཚོགས་བདག་མཁན་པོ་སྤྱི་ལ་རླུང་ལྟར་གྲགས་ཤིང་། འདིའི་ལས་གཞུང་དུ་ཡང་གསལ་བར་བསྟན་ཀྱང་། འདི་གཉིས་སྦས་ནས་མ་བཤད་པས་ཤིན་


TN01_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསང་བས་རང་ཉམས་སུ་བླང་བར་བྱ་སྟེ། འཆོལ་བར་བྱིན་ན་རྣོ་ནུས་ཆུང་དུ་འགྲོ་བ་ཡིན་ནོ། །དགྲ་བོ་བསད་པའི་ལས་སྒྲུབ་ན་ཡན་ལག་ཏུ་ཟོར་སྒྲུབ་ཀྱི་སྔགས་འདི་ཡང་འདྲེན་དགོས་ཏེ། ཤྲཱི་ནག་པོ་ཁ་ཐུན་སོགས་སོ། །ཏིང་ངེ་འཛིན་ནི། ཟོར་ཐུན་རྣམས་གདུག་པ་ཚར་གཅོད་རེག་ཕུང་གི་མཚོན་སྣ་ཚོགས་སུ་བལྟ་བའོ། །གཞན་ཡང་དྲག་སྔགས་སྤུ་གྲི་དམར་པོ་ཞེས་བྱ་བ་ཡོད་དེ། འདི་ནི་དགྲ་བོའི་སྲོག་གཤེད་དོ། །དེའང་། ༀ་ནས། མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་སྟེ། འདི་ནི་བསད་སྔགས་ཀྱི་སྙིང་པོ་ལྟ་བུར་སྣང་ཞིང་། དགྲའི་སེམས་འཕྲོག་པ་ལ་ལྷག་པར་མཐུ་ཆེ་བ་ཐུགས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་འཇོམས་བྱེད་ཆེན་པོའི་ཡི་གེར་སྣང་བ་ཧཱུྃ་རྣོ་སོར་ཡོད་པས་ཁྱད་པར་དུ་འཕགས་ཏེ། ཚོགས་ལས་སུ་འདི་ཉིད་སྲོག་ཕུར་འདེབས་པའི་སྔགས་དང་། བསང་སྔགས་གོང་མ་སྒྲོལ་གྲིས་ལིངྒ་གཏུབ་པའི་སྔགས་སུ་གསུངས་པས་དགྲ་སྲོག་གི་གནད་གཅོད་པ་དང་། རྟེན་གཞིའི་ཕུང་པོ་སྒྲོལ་བའི་སྔགས་ཀྱི་ཁྱད་པར་དུ་མཛད་ལ། མནན་གཞུང་ལྟར་ན། གོང་མ་བསད་མཐུན་སྒྲུབ་པའི་སྔགས་དང་། འདི་ཉིད་ཐུན་གྱིས་བསད་པའི་སྔགས་ཏེ་གང་ལྟར་ཡང་དགྲ་སྲོག་འཕྲོག་པའི་སྔགས་དངོས་འདི་ལ་བྱེད་པར་མཐུན་ནོ། །དགྲ་བོ་ལྡང་མེད་མནན་པའི་ལས་བྱེད་ན། དེའི་སྔགས་ནི། ༀ་ནས། སྟྭཾ་བྷ་ཡ་ནན། ཞེས་པ་སྟེ། ཏིང་ངེ་འཛིན་ནི། མནན་སྣོད་རྣམས་ལྕགས་འབར་བའི་ཁང་


TN01_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོམ་དུ་དགྲ་བོ་ཚུད་པ་ལ། བྷྲཱུཾ་ཧཱུྃ་མཾ་ཏེ་སོ་སོའི་ཡི་གེ་ལས་བྱུང་བའི་འཁོར་ལོ་ནག་པོ་རྩིབས་བརྒྱད་པ་དང་། རྡོ་རྗེ་རྒྱ་གྲམ་གྱིས་སྟེང་ནས་མནན། བསྐལ་པའི་མུན་པས་གཡོགས་པས་ཐར་བའི་སྐབས་མེད་པར་བསམ་པའོ། །འབར་བ་མེའི་ལས་ཀྱི་དྲག་སྔགས་ནི། ༀ་ནས། ཛྭ་ལ་རཾ་མཱ་ར་ཡ་ཕཊ་ཅེས་པ་སྟེ། ཏིང་ངེ་འཛིན་ནི། དྲག་པོའི་མེ་ལྷའི་ལྟོ་བར་མགོན་པོ་འཁོར་བཅས་བསྐྱེད་དེ། གང་ལ་བྱ་བའི་དགྲ་བགེགས་དངོས་སུ་བཀུག་ནས། གསོན་པོར་མ་ཧཱ་ཀཱ་ལའི་ཞལ་དུ་སོང་བས་རྩ་སྦུར་མེ་ནང་དུ་བཅུག་པ་ལྟ་བུར་བསམ་པའོ། །སྔགས་འདི་དག་ལེགས་སྦྱར་ཁོ་ནར་མ་ངེས་པ་ནི། ནག་པོ་ཆེན་པོ་ཉིད་ཡུལ་སྣ་ཚོགས་ན་བསྟན་པའི་དོན་བྱེད་ཅིང་བཞུགས་པ་ལྟར། དྲག་སྔགས་ཀྱང་ཡུལ་སྣ་ཚོགས་ཀྱི་སྐད་དུ་བྱིན་གྱིས་བརླབས་པ་ཡོད་པས། འདིར་ཡང་ལྷ་རང་གི་རྩ་བའི་སྐད་ལེགས་སྦྱར་དང་། གདུལ་བྱ་ཉེ་བ་བོད་ཡུལ་པའི་སྐད་གཉིས་འདྲེས་མར་བསྟན་པ་ཡིན་ནམ་སྙམ་སྟེ། མང་དུ་སྤྲོས་པས་ཆོག་གོ་།ཇི་སྐད་སྨོས་པའི་དྲག་སྔགས་དེ་རྣམས་ལ་བརྟེན་ནས་སོ་སོའི་ལས་སྒྲུབ་ཚུལ་མན་ངག་གིས་རྒྱས་པར་ཕྱེ་བ་ནི་ཚོགས་ལས་དང་གཏོར་ཆོག་སོགས་སྙན་བརྒྱུད་འདིའི་རྒྱས་བཤད་ཀྱི་ཡི་གེ་ལོགས་སུ་བཞུགས་པ་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ནི། དྲག་སྔགས་ཀྱི་བྱེ་བྲག་དེ་ལྟར་ཅུང་ཟད་ཕྱེ་སྟེ་བཤད་མོད་ཀྱི། ཐམས་ཅད་ཀྱི་རྩ་བ་ཡིག་འབྲུ་བརྒྱད་པའི་སྔགས་གཅིག་ཉིད་གང་ལ་གང་དགོས་སུ་སྤྲོ་བསྡུའི་དམིགས་


TN01_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྡེ་ཁ་བསྒྱུར་ན་ཡང་བཟླས་སྒོམ་གྱི་ནུས་པ་ཆེར་སོན་པའི་སྔགས་པས་ལས་དེ་ཐམས་ཅད་དང་། དེར་མ་ཟད་ཞི་རྒྱས་སོགས་གཞན་ཡང་ཅི་འདོད་ཀྱི་ལས་ཀུན་འགྲུབ་པར་འགྱུར་ཏེ། སྲོག་སྡོམ་གཟེར་བཞིའི་འཕྲོ་འདུའི་གཟེར་གྱི་སྐབས་སུ། འཕྲོ་འདུའི་གཟེར་ནི་དམིགས་པ་ཡི། །སྒྱུར་ཁ་ཤེས་ན་འདོད་དགུར་འགྲུབ། །ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས། །སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ། །གང་ལྟར་བསམ་པ་དེ་ལྟར་སྣང་། །དཔེར་ན་ནོར་བུ་གཅིག་ཉིད་ལ། །མཆོད་གསོལ་རྐྱེན་གྱིས་བྱེ་བྲག་ཏུ། །ཇི་ལྟར་འདོད་པ་སོ་སོར་སྐོང་། །ཞེས་སོགས་གསང་རྫོགས་རང་ཤར་གཉིས་ཀ་ལས་གསུངས་པ་བཞིན་ནོ། །རྩ་བའི་སྔགས་སུ་འཇོག་ཚུལ་ལ། །སྤྱིར་གསང་བ་སྒྱུ་འཕྲུལ་ལས། རྒྱུ་མ་ནོར་བ་རྩ་བའི་སྔགས། །ཞེས་གསུངས་པ་ལྟ་བུ་གཞན་ཡང་ཡོད་ཀྱང་། འདིར་དྲག་སྔགས་གཞན་ཐམས་ཅད་ཀྱི་མཐུ་དང་བྱེད་ལས་སྔགས་འདི་ལ་འདུས་ཤིང་། འདི་གཞིར་བཟུང་སྟེ། དེའི་བྱེད་ལས་ཀྱི་ཆ་ཤས་རེ་རྩལ་དུ་བཏོན་ནས་སོ་སོར་ནུས་པ་འབྱིན་པ་ལ་གཞན་རྣམས་གྱེས་པས། འདི་ལ་བཟླས་པ་མ་འཁྱོལ་བར་གཞན་བཟླས་ཀྱང་དངོས་གྲུབ་ཀྱི་ལས་མི་བྱེད་ལ། འདི་ལེགས་པར་གྲུབ་པ་ཉིད་ཀྱིས་འདིར་བསྟན་དྲག་སྔགས་ལྷག་མ་ཐམས་ཅད་ཀྱང་འབད་མེད་དུ་འགྲུབ་པས་བཞག་པར་མངོན་ནོ། །གསུམ་པ་མཇུག་དོན་གཏད་རྒྱ་ལ། དངོས་དང་། ཞར་བྱུང་ངོ་། །དང་


TN01_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། འདི་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་སངས་རྒྱས་གཉིས་པ་ལྟ་བུའི་རྒྱ་བོད་ཀྱི་པཎ་གྲུབ་གནམ་གྱི་སྐར་ཚོགས་ལྟར་མང་བ་ཞལ་དངོས་སུ་བཞུགས་པས་བསིལ་ལྗོངས་སྐལ་བར་ལྡན་པའི་དུས་སུ་སྔགས་པ་རྔ་རྡུང་ཕྲེང་ཐོགས་ཀྱི་རྒྱལ་པོར་ཡོངས་སུ་གྲགས་པ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་སྙན་བརྒྱུད་ལས་དཔེ་ལ་མ་བཀོད་པར་མཛོད་སྦུགས་ཀྱི་གཅེས་ནོར་བཞིན་དུ་སྙིང་ལ་འཆང་བའི་མན་ངག་ཡིན་པས་ཕྱི་རབས་ཀྱི་སྐལ་ལྡན་རྣམས་ཀྱིས་ཡལ་བར་མ་འདོར་བར་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་གཅིག་པུ་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དོན་གྱི་སླད་དུ་ཉམས་སུ་ལོངས་ཤིག་ཅེས་གདམས་པའོ། །གཉིས་པ་ནི། ལེའུ་གསུམ་པ་སྟེ། ལེགས་པར་བཤད་ཟིན་ཏོ། །སྤྲུལ་པའི་གཏེར་སྟོན་ལས་རབ་གླིང་པས་བོད་ཀྱི་རྡོ་རྗེ་གདན་དཔལ་ར་ས་འཕྲུལ་སྣང་གི་ཉེ་འཁོར་ཕོ་བྲང་ཆེན་པོ་པོ་ཏ་ལར། སྔོན་གུ་རུ་རིན་པོ་ཆེའི་སྤྱན་སྔར་སྨོན་ལམ་གཏད་རྒྱ་ཐུན་མོང་མ་ཡིན་པ་ཐོབ་པའི་རྒྱུ་དང་། འདིར་ངེས་དོན་མ་ཧཱ་ཀཱ་ལ་དངོས་སུ་མཇལ་ཞིང་། རང་བྱུང་འཕགས་པ་ལོ་ཀི་ཤྭ་རའི་བྱིན་གྱིས་བརླབས་པའི་རྐྱེན་ལ་བརྟེན་ནས་ཟབ་མོའི་དགོངས་པའི་གཏེར་དུ་བྱུང་བ་ལྟར་ལྷག་ཆད་འཁྲུལ་པའི་ཉེས་པས་མ་སྦགས་པར་བྲིས་པ་དགེ་ལེགས་ཀྱི་འབྱོར་པ་ཚད་མེད་པ་འབྱུང་བའི་རྒྱུར་གྱུར་ཅིག་པའོ། །རྗོད་བྱེད་བོང་ཐུང་བརྗོད་བྱ་སྦོམ་ལ་རྒྱགས། །དྲག་པོ་སྔགས་ཀྱི་ལག་སྟོབས་ཤིན་ཏུ་བརླིང་། །བྱིན་རླབས་གཟི་ཆེན་


TN01_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་མན་ངག་གི། །གྱད་འདིས་ཐུབ་བསྟན་རྒྱལ་ཁབ་སྲུང་བར་ནུས། །ཚུལ་འདིར་བདག་གིས་ཇི་བཞིན་མིན་བཤད་པའི། །དྲི་མས་སྦགས་རྣམས་འཕགས་མཆོག་སྤྱན་སྔར་འཆགས། །བསོད་ནམས་གང་ཐོབ་སྟོབས་བཅུ་མངའ་བ་ཡི། །ཆོས་ཚུལ་འཛིན་དང་སྲུང་བའི་རྒྱུ་རུ་བསྔོ། །ནག་པོ་ཆེན་པོའི་མན་ངག་སྙན་བརྒྱུད་ལུང་གི་སྙིང་པོའི་དོན་ཅུང་ཟད་བཤད་པ་བདུད་དཔུང་བྱེར་འཐག་རྡོ་རྗེ་འབར་བའི་འཁྲུལ་འཁོར་ཞེས་བྱ་བ། གཏེར་ཆེན་བླ་མ་ཉིད་ཀྱི་བཀས་གནང་བ་ཐོབ་པ་ལ་བརྟེན་ཏེ། འཇིགས་མེད་བསྟན་པའི་ཉི་མས་ཆུ་གླང་དབོ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ་དམག་དཔོན་གཡུལ་ལས་རྒྱལ་བའི་འཕྲོད་སྦྱོར་བཟང་པོའི་སྔ་དྲོ་ལ་རྫོགས་པར་བྱས་པ་མཆོག་ཏུ་དགེ་བར་གྱུར་ཅིག་སརྦ་དཱ་མངྒ་ལཾ།


previousནག་པོ་ཆེན་པོའི་མན་ངག་སྙན་བརྒྱུད་ལུང་གི་སྙིང་པོའི་དོན་ཅུང་ཟད་བཤད་པ་བདུད་དཔུང་བྱེར་འཐག་རྡོ་རྗེ་འབར་བའི་འཁྲུལ་འཁོར།no next