Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
ཀློང་སྙིང་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཀློང་སྙིང་ལོ་རྒྱུས།next

ཀློང་སྙིང་ལོ་རྒྱུས།


TN02_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བླ་མ་བཀའ་དྲིན་འཁོར་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མདོ་སྔགས་གླིང་པའི་ཞབས་རྟེན་རིན་པོ་ཆེའི་པདྨ་ལ་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ལོ། །ཀློང་སྙིང་གི་ལོ་རྒྱུས་སྐོར་ལ། གསང་གཏམ་ཆེན་མོར་ཨོ་རྒྱན་རིན་པོ་ཆེ་དང༌། འཇམ་དཔལ་གཤེས་གཉེན་གྱིས་དབང་གནང་བར་བཤད་པ་ནི་རྟོགས་བརྗོད་ཆུ་ཟླའི། ཡུལ་སིང་ག་ལ་ཡི་ཨ་ཙརྱ། །སོགས་ཀྱི་སྐོར་ཡིན། གནད་བྱང་ལས། རིག་འཛིན་དཔའ་བོ་མཁའ་འགྲོ་ཡིཿ བསྐུལ་མ་ཐེང་གསུམ། ཞེས་པ། རིག་འཛིན་གྱི་བསྐུལ་མ་ནི། ཀུན་མཁྱེན་ཆོས་རྗེས་བརྡ་འགྲོལ་མཛད་པ་དང༌། དཔའ་བོའི་ནི་ཀོང་སྨྱོན་པྲ་ཏི་སྔགས་འཆང་གི་བསྐུལ་མ་དང༌། མཁའ་འགྲོའི་ནི་མཆིམས་ཕུར་སྨན་བཙུན་མཆེད་ལྔས་བླ་མ་སྐུ་ཁམས་མ་དང༌། ཆོས་རྔ་ཆེན་པོའི་སོགས་ཀྱིས་གསོལ་འདེབས་ཕུལ་བ་དེ་ཡིན་འདྲ། ལོ་རྒྱུས་འདི་རྗེ་བླ་མར་སྙན་སྒྲོན་ཕུལ། ཞེས་པའི་བླ་མ་ནི་དཔལ་རི་སྤྲུལ་སྐུ་ཡིན་ཞེས་དགེ་སྤྲུལ་གྱིས་བཤད་ཀྱང་རྗེ་དྲི་མེད་གླིང་པར་མངོན། ནམ་སྙིང་ཉང་བན་མཆོག་དབྱངས་དང་ཿ ལྷ་སྲས་སྤྲུལ་པས། ཞེས་པའང་པྲ་ཏི་སྔགས་འཆང༌། འཇིགས་མེད་ཀུན་གྲོལ། ཐེག་གླིང་ཞབས། རྡོ་གྲུབ་རྣམས་སུ་སྣང༌། རྣམ་ཐར་ན་ཀློང་སྙིང་གིས་ཆོས་བཀའ་འབྱུང་བའི་ལྟས་སུ་བློ་ལྡན་བྷྲ་མ་རའི་གཏམ་ཤར་བར་གསུངས་པའང་འདིའི་ལོ་རྒྱུས་སུ་སྡུད་དགོས། སྙིང་ཐིག་ཅེས་པ་ནི་རྫོགས་ཆེན་མན་ངག་སྡེའི་སྙིང་ཐིག་སྐོར་གྱི་གནད་དྲིལ་བས་ཡིན་པར་གསལ་ཏེ། དེའི་


TN02_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གཞིའང་ཡེ་ཤེས་ཀློང་གི་རྒྱུད་སོགས་རྒྱུད་ཕྱི་མ། རྒྱུད་གཉིས། ལུང་དགོངས་ཉམས། མན་གནད་གསུམ་དག །གནས་ལུགས་རྡོ་རྗེའི་ཚིག་རྐང་སོགས་སོ། །ཆོས་སྡེའི་གཙོ་བོ་དེ་རྣམས་ཡིན་ཅིང༌། རིག་འཛིན་ཞི་དྲག་གི་སྐོར་སོགས་དེའི་འཁོར་དུ་གཏོགས་པས་ན་གཙོ་བོའི་སྒོ་ནས་མཚན་བཏགས་པའོ། །དེ་ལྟར་ཡང་སྙིང་པོ་དོན་གསལ་ལས། འདི་ནི་སེམས་ཕྱོགས་ཀྱི་གྲུབ་མཐའི་སྙིང་པོ་གཙོ་བོར་འདོན་པས་ཞེས་པ་ནས། ཡེ་ཤེས་ཀློང་གི་རྒྱུད་ལ་སོགས་པས་མན་ངག་གི་ཐུས་ཀ་ཚང་ལ་མ་ནོར་བར་སྟོན་ལ། ཞེས་སོ། །རྫོགས་ཆེན་སྙིང་ཐིག་ལ། པདྨའི་བཀའ་སྲོལ་དང༌། བི་མ་ལའི་སྟེ་ཕྱོགས་འདིར་གཉིས་སུ་གྲགས་ཆེ་བ་ལས་འདི་གང་ཞེ་ན། རྣམ་ཐར་དུ། འདི་སྙིང་ཐིག་གོང་མའི་དོན་པོ་ཡིན་པར་གསུངས་པ་ལྟར་གཉིས་ཀའི་སྟེ་པདྨའི་བཀའ་སྲོལ་ཡིན་པ་ནི། རིག་འཛིན་པདྨའི་ཀློང་ཆེན་བརྡཿ མཁའ་འགྲོའི་གསང་མཛོད་ཆེན་མོ་ཡིནཿ ཞེས་ཤོག་དྲིལ་ལྔ་ཀ་པདྨའི་ཟབ་གཏེར་དུ་བཤད་པས་ཤེས་ཤིང༌། གནད་བྱང་ལས། ཟབ་དོན་སྙིང་གི་ཐིག་ལེའི་སྐོརཿ སོགས་ཀྱིས་ཀྱང་གསལ། བི་མའི་བཀའ་སྲོལ་ཡིན་པ་ནི། ཀློང་རྒྱུད་ཀྱི་བསྒྱུར་བྱང་ན་ཤིན་ཏུ་གསལ་ཞིང༌། ཀུན་མཁྱེན་ཆོས་རྗེས་བརྡ་བཀྲོལ་བར་ཡང་ཡིན་པར་གསུངས་ཤིང་ཁྱད་པར་རྒྱུད་ཕྱི་མ་ལས་བཤད་པའང༌། ལར་མཁའ་འགྲོ་སྙིང་ཏིག་གི་བདག་པོ་གཅིག་པུའང་རྒྱལ་བ་ཀློང་ཆེན་པ་ཡིན་མོད་དེ། འདིར་བཱི་མའི་བཀའ་


TN02_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཀྱི་ཕྱོགས་ནས་བྱིན་གྱིས་བརླབས་པ་གཙོ་ཆེ་བ་འདྲ་སྟེ། པཎ་ཆེན་བཱི་མ་ལའི་སྒྱུ་འཕྲུལ་ཞེས་སྙིང་པོ་དོན་གསལ་དུ་སྣང་བའང་དགོས་དབང་ཆེ་ཞིང༌། ཐིག་ལེའི་རྒྱ་ཅན་དུའང་བཱི་མ་ལའི་བླ་སྒྲུབ་ཏུ་སྦྱར་བ་བཞིན་ནོ། །འོན་ཀྱང་ཆུ་ཟླའི་གར་མཁན་དུ་ལྷུན་གྲུབ་ཀྱི་སྦུབས་གཟིགས་ཚུལ་ཐུན་མོང་མ་ཡིན་པ་རྣམས་ཨོ་རྒྱན་རིན་པོ་ཆེའི་བྱིན་རླབས་ཀྱི་ལག་རྗེས་ཁོ་ནར་སྦྱར་ཏེ། དབྱིངས་གཞོན་ནུ་བུམ་སྐུའི་ཞིང་ཁམས་དེ། །སོགས་གོང་འོག་ཀུན་ཏུ་འབྱུང་བས་པདྨའི་བཀའ་སྲོལ་གཙོ་ཆེའམ་སྙམ། དེ་དེའི་རྒྱུ་མཚན་དུ་འགྲོ་ལུགས་ནི། སྐབས་འདིར་གདོད་མའི་གཞི་ཀློང་དུ་བཙན་ས་ཟིན་ཚུལ་དང་གཞི་སྣང་ལ་དབང་བསྒྱུར་ཚུལ་བཤད་པ་རྣམས་ནི་ཆོས་འདིའི་དོན་བརྒྱུད་ཀྱི་བཀའ་བབས་བརྙེས་ཚུལ་བསྟན་པར་སྣང་བའི་ཕྱིར་ཏེ། གསང་གཏམ་ཆེན་མོར་དུས་དེའི་ཚེ་གཉིད་འོད་གསལ་གྱི་འཁོར་ལོར་སོགས་དང་རྟོགས་བརྗོད་ཆུ་ཟླ་བསྒྲིགས་ན་ཤེས། དེའང་དང་པོར་མནལ་ལམ་དུ་གུ་རུའི་ཞབས་རྗེས་ལས་དབང་བཞི་བླངས་པའི་རྐྱེན་གྱིས་ནང་དབྱིངས་ཁྱད་ཆོས་དྲུག་ལྡན་གྱི་གྲོལ་ས་མཐོང་བ་དང༌། དེ་རྗེས་འཇམ་དཔལ་གཤེས་གཉེན་གྱིས་བྱིན་གྱིས་རློབས་པའི་རྐྱེན་ལས། དུས་འདི་ནས་དགོངས་པའི་གསང་མཛོད་རྡོལ། སོགས་གསུངས་ཤིང༌། དེའི་ཚེ་མངའ་རིས་པཎ་ཆེན་གྱི་བག་ཆགས་གསལ་བར་སད་ཚུལ་དང༌། དེ་རྗེས་རྔ་ཡབ་གླིང་དུ་གུ་རུ་བདེ་བ་ཆེན་པོ་དང་ཐུགས་ཡིད་འདྲེས་ནས་


TN02_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་གཞོན་ནུ་བུམ་སྐུའི་ཞིང་གཟིགས་པར་གསུངས་པ་རྣམས་ནི། ཆོས་འདིའི་དོན་བརྒྱུད་ཀྱི་དགོངས་པ་ཇི་ལྟར་བབས་པ་དང༌། དེ་ལ་བརྟེན་ནས་རྣམ་ཐར་དོ་ཧའི་རྒྱན་དུ། རྩ་ཁམས་ཀྱི་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས་དམ་པའི་ཆོས་ཀྱི་རོལ་མོར་འཁྲོལ་བར་བཤད་པ་ལྟར་ཆོས་གཏེར་འདི་བྱང་ཚུལ་བཤད་པ་སྟེ། གསང་གཏམ་དང་ཆུ་ཟླ་སྦྱར་ན་གསལ་པོ་ཡོད། འདིར་ཞལ་གཟིགས་དང་ལུང་བསྟན་བྱུང་རབས་སོགས་རྩལ་དུ་བཏོན་ནས་མ་བཤད་པར། འོད་གསལ་བསམ་གྱིས་མི་ཁྱབ་པའི་དགོངས་པ་ལ་དབང་ཐོབ་ཚུལ་དང༌། དེའི་རང་རྩལ་ལས་མཁའ་འགྲོའི་བརྡའི་གསང་མཛོད་རང་ཤར་དུ་རྙེད་ཚུལ་རྒྱ་ཆེར་བསྟན་པ་འདི་ནི་ནང་ཟབ་མོ་དགོངས་པའི་གཏེར་གྱི་ལོ་རྒྱུས་ཁྱད་པར་བ་ཡིན་ཞེས་བཤད་ན་བློའི་མིག་ཅན་རྣམས་ངོ་མཚར་བར་བྱེད་དོ། །དེས་ན་འདིར་ནི་ཞལ་གཟིགས་སོགས་ཀྱང་དགོངས་པ་དེའི་སད་རྐྱེན་དུ་སྦྱར་ནས་བཤད་པ་ཤས་ཆེའོ། །དེའང་དཔེ་རྒྱུད་སྔོན་ལ་རྙེད་དེ་སླར་ཞལ་གཟིགས་ཀྱི་སྟེང་ནས་སྙན་རྒྱུད་བླང་བའི་ཕྱོགས་དང་མི་འདྲ་བར། དཔེ་རྒྱུད་རྙེད་དུས་དོན་བརྒྱུད་ཀྱང་རྫོགས་པར་བརྙེད་ཟིན་པའི་ལུགས་སུ་བྱུང་བ་སྟེ། དེ་དག་གཉིས་ཀའང་སྐུ་ཚེ་འདིར་ཆོས་འདིའི་བྱིན་བརྒྱུད་གསལ་བར་ཐོབ་ཚུལ་གྱི་སྟེང་ནས་ཁྱད་བཤད་ཀྱི། གཏེར་བརྒྱུད་དངོས་སྔོན་གྱི་བག་ཆགས་སད་པའི་སྟེང་ནས་འཇོག་པར་ནི་འདྲའོ། །དེ་དག་ནི་གཏེར་སྟོན་རང་ཉིད་


TN02_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆོས་འདི་རྙེད་ཚུལ་ཡིན་ཅིང༌། དེ་ནས་སྤྲེལ་ལོ་སྤྲེལ་ཟླར་བསམ་ལྷུན་ཚེས་བཅུའི་ཆོ་གའི་དུས་ཨོ་རྒྱན་རིན་པོ་ཆེ་མཇལ་བས་བར་ཆད་བསལ་ཞིང་བྱིན་གྱིས་བརླབས་པར་བཤད་པ་དང༌། གཡུ་སྒྲོན་མས་རྣམ་དཀར་གྱི་འབུལ་བ་བཅས་གསོལ་འདེབས་ཀྱི་གདུང་དབྱངས་བྱས་པ་དང༌། གོང་སྨོས་བསྐུལ་མ་ཐེང་གསུམ། སྔགས་སྲུང་མ་ཤ་ཟ་མོ་གཞོན་ནུའི་རྣམ་པས་སྙོམས་འཇུག་གི་བདེ་ཆེན་བསྟབས་ནས་སྐུ་ཚེ་དང་ཕྲིན་ལས་ཀྱི་རྟེན་འབྲེལ་གསོས་བཏབ་པ་སོགས་ནི་གཞན་དོན་དུ་ཆོས་གཏེར་ཆེན་པོ་འདི་འཆར་སྤེལ་གྱི་ཕྲིན་ལས་ཁྱབ་གདལ་དུ་སྐྱོང་བའི་སྒོ་ཕྱེ་ཚུལ་ཡིན་ཏེ། འདི་ལྟར་དམིགས་ཕྱེད་པ་ཡང་ཞིབ་ཏུ་བལྟས་ན་སླའོ། ༈ །ཆོས་འདིའི་སྒོ་འབྱེད་ཀྱི་དབང་ལ། དང་པོར་ཞི་ཁྲོ་དང་དཔལ་ཆེན་གང་རུང་གི་དབང་སྐུར་དགོས་པར་སྙིང་པོ་དོན་གསལ་ལས་ཏེ། སྔར་དབང་མ་ཐོབ་པ་ལ་ཕྱི་ནང་གི་འཇུག་པ་དང༌། སྡོམ་བཟུང་གཉིས་སོགས་མེད་པའི་ནུས་དབང་ཙམ་གྱིས་བསྐུར་མི་རུང་བས། དང་པོ་ནས་རྒྱལ་ཐབས་སྤྱི་བླུགས་སོགས་བསྐུར་བ་མི་འཐད་མོད། རྒྱལ་ཐབས་སྤྱི་བླུགས་ལྟ་བུར་ཡང་འཇུག་པ་གཉིས་དང་སློབ་མའི་དབང་ལྔ་སོགས་རྒྱས་པར་མན་ངག་གིས་བསྐངས་ཏེ་བསྐུར་ན་ནི་དང་པོའི་དབང་ཆོག་ཏུ་བྱ་རུང་བར་རྡོ་གྲུབ་སོགས་བཞེད་པ་འདྲ་སྟེ་ལེགས་པར་མཐོང༌། ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལ་བཟླས་པ་འབུམ་ཕྲག་བརྒྱ་གཏོང་མི་ནུས་ན་ཡང༌། གསང་གཏམ་ཆེན་མོར། འབྲུ་


TN02_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གཏོང་བ་ཉི་ཤུ་རྩ་གྲངས་བྱུང༌། །ཞེས་དང༌། རྣམ་ཐར་དུ། འབུམ་ཐེར་ནས། འབུམ་ཕྲག་བརྒྱའི་བར་གསོག་པའི་ལམ་སྲོལ་ཚུགས། ཞེས་པ་ལྟར་འབུམ་ཡན་ཆད་ཅིས་ཀྱང་གསོག་དགོས། གལ་ཏེ་བླ་མ་ཕྱི་སྒྲུབ་འདི་ཀའི་སྟེང་ནས་ཚོགས་བསགས་རྒྱས་པ་དང༌། བསྐང་བཤགས་སོགས་དང༌། བསྙེན་པ་འཁྱོལ་རྗེས་བདག་འཇུག་ཀྱང་བྱེད་པར་སྤྲོ་ན་བླ་མཆོད་དངོས་གྲུབ་རྒྱ་མཚོ་ལྟར་བྱ་སྟེ། དེ་ཉིད་འདིའི་རྒྱས་བཤད་ཡིན་པའི་ཕྱིར་ཏེ། ཤིན་ཏུ་གསལ། ཚེ་སྒྲུབ་དབང་བཤད་ཞལ་གསུང་མར། དགོངས་འདུས་གཏེར་ལུང་དྲངས་ནས། ཞེས་སྙིང་ཐིག་གི་རྫོགས་རིམ་དང༌། རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་རིག་འཛིན་རྣམ་པ་བཞིར་སྦྱོར་བའི་ལམ་སྟོན་དུ་བསྔགས་པའི་ཕྱིར། ཞེས་གསུངས་པ་ལྟར་འདིའི་བསྐྱེད་རིམ་ཆོས་སྐོར་གྱི་རྩ་བ་ནི་རིག་འཛིན་བླ་མའི་སྒྲུབ་པ་ཡིན་ཅིང༌། དེ་ལ་དཔལ་འདུས་ཀྱང་རིག་འཛིན་ཞི་དྲག་ཟེར་དུས་ཀྱི་གུར་དྲག་ཡིན་པས་གུར་དྲག་བཀའ་བརྒྱད་ཡིན་པ་ཤིན་ཏུ་སླ། འོན་ཀྱང༌། ཕྱི་ལྟར་བྱང་སེམས་ནང་རིག་འཛིནཿ ཞེས་སོགས་སྐབས་དཔལ་འདུས་རང་གསང་བ་སྒྲུབ་སྡེ་བརྒྱད་ལྟར་སྒྲུབ་པ་དང༌། ནང་རིག་འཛིན་ལྟར་སྒྲུབ་པ་ལ་རིག་འདུས་བཞག་དགོས་པས་རིག་འཛིན་རྩ་སྒྲུབ་ནི་ནང་སྒྲུབ་རིག་འདུས་ཏེ། མདོར་ན་འདིར་རྩ་གསུམ་ཀུན་གྱི་གཙོ་བོ་རིགས་འདུས་ཡིན་ནོ། །དེ་ལ་དགོངས་ནས་ཀུན་མཁྱེན་བླ་མ་ཉིད་སྒྲུབ་སྡེའི་ནང་ཚན་རིག་འཛིན་བླ་མའི་བཀའ་བབས་སུ་ཞལ་གྱིས་བཞེས་པ་


TN02_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེས་ན་རྩ་རྒྱུད་ཐོད་དུམ་ལས། །འདི་ནི་རིག་འཛིན་རྡོ་རྗེ་ཆོསཿ ཞེས་པ་ནས། མངའ་བདག་རྒྱལ་པོའི་ཆོས་སྐལ་ཡིནཿ ཞེས་སོ། གསང་སྔགས་སྔ་འགྱུར་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། སྒྲུབ་སྡེའི་རིང་ལུགས་འཛིན་ན་གདམ་ཕྲན་གྱིས་ས་ཆོད་ཆུང་བས་ཁོག་ཆེ་ཤོས་བཀའ་བརྒྱད་ཀྱི་ལུགས་སྲོལ་ཞིག་འཛིན་དགོས་ལ། དེ་ལ་བཀའ་སྲོལ་མི་འདྲ་བ་མང་བ་ལས། འདི་ནི་བླ་མ་བཀའ་བརྒྱད་ཅེས་རིག་འཛིན་ཡོངས་འདུས་དང༌། གྲོལ་ཐིག་ལམ་རྒྱས་པའི་སྙིང་པོའི་ཡང་ཞུན་ལྟ་བུར་མངོན་ཏེ། རྩ་རྒྱུད་ཐོད་དུམ་ལས། རིག་འཛིན་ལྟར་དུ་འདི་ལྟ་སྟེཿ །ཞེས་སོགས་དོན་འདི་ཤིན་ཏུ་གསལ་ལ་རྒྱས་པར་བཤད་དོ། །ཆོས་འདི་འབྱུང་བའི་ལྟས་སུ་མངའ་རིས་པཎ་ཆེན་གྱི་བག་ཆགས་སད་དེ་སྐྱེ་བ་འཕོས་པ་ལྟ་བུར་སོང་ཚུལ་བཤད་པའང༌། བླ་མ་བཀའ་བརྒྱད་ས་གཏེར་གྱི་བབས་སོ་ཆེ་ཤོས་མངའ་རིས་པཎ་ཆེན་ཡིན་པས། དེའི་ཟབ་གཏེར་གྱི་ཡང་སྙིང་སླར་ཡང་དགོངས་གཏེར་དུ་དབང་སྒྱུར་བའི་རྟེན་འབྲེལ་གྱི་ཁྱད་ཡིན་ནམ་སྙམ། གུ་རུ་ཞི་བའི་ཐུགས་སྲོག་ཧྲཱིཿཡིག་ལ་མཛད་པ་ཤས་ཆེས་མོད། འདིར་ཧཱུྃ་དུ་བྱེད་པའང་བཀའ་བརྒྱད་ཀྱི་གཙོ་བོའི་ཐུགས་སྲོག་དང་གཅིག་པར་མཛད་པའོ། །འདིར་བསྐྱེད་ཆོག་ལ་ཏིང་འཛིན་རྣམ་གསུམ་རིམ་འཇུག་མེད་པར་བསྙེན་ཡིག་ཏུ་གསུངས་ཤིང༌། དེར་གཞུང་གི་ཚིག་དོན་ཆེ་ལོང་དུ་བཀྲལ་བའི་འགངས་ལ་བརྟགས་ན། གཙོ་བོ་ས་བོན་གྱི་ཡི་གེ་ལས་


TN02_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མི་བསྐྱེད་ཙམ་མ་གཏོགས་ཡུམ་ཀའི། ཨཿ སྣང་བ་ཐམས་ཅད་ཡུམ་ལྔའི་ཀློང་ཿ སོགས་དང་འགྲོས་མཐུན་པར་གསལ་ལོ། །འདིའི་ལུགས་ཀྱིས། གཙོ་བོའི་སྔགས་ཀྱི་བཟླས་པ་དང༌། གཙོ་འཁོར་ཡོངས་རྫོགས་ཀྱི་སེམས་འཛིན་སོགས་ཀྱིས་བསྙེན་པ་དང་གཙོ་འཁོར་ཡོངས་རྫོགས་ཀྱི་བཟླས་པ་དང༌། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཆོས་བསྐྱེད་པ་བསྣན་ནས་དོ་ལིའི་དམིགས་པས་བདེ་ཆེན་གྱི་ཡེ་ཤེས་སྤོར་བའི་བསམ་གཏན་གྱི་ལྡེ་ཁ་འདོགས་པ་ནི་སྒྲུབ་པ་ཡིན། ལས་སྦྱོར་ནི་ཚེ་སྒྲུབ་ཙམ་ལས་ཟུར་པ་མ་བསྟན་སྣང༌། བསྙེན་སྒྲུབ་ཀྱི་གོ་དོན་ནི་འདིའི་བསྙེན་པའི་ཐད་དུ། རིག་འཛིན་རྒྱ་མཚོས་བྱིན་གྱིས་རློབཿ སོགས་ཙམ་ལས་མ་གསུངས་ཏེ། སྒྲུབ་པའི་ཐད་དུ། འབུམ་ཕྲག་བཅུ་ཡིས་དངོས་གྲུབ་ཐོབཿ ཅེས་པ་དང༌། བསྒྲིགས་པས་འདི་ལྟར་མངོན་ཏེ། སྒྲུབ་པས་རིག་འཛིན་བཞིར་སྦྱོར་ནུས་ཀྱི་རྟོགས་པ་ཁྱད་པར་ཅན་གྱི་དངོས་གྲུབ་དངོས་སུ་འཐོབ་ལ། དེ་ལ་སྔོན་དུ་སྒྲུབ་པ་པོའི་རྒྱུད་ལྷ་སྔགས་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་དེ་འདྲའི་དངོས་གྲུབ་ཀྱི་སྣོད་ཁྱད་པར་ཅན་དུ་གྱུར་པ་དགོས་པས་དེ་ལྟར་སྒྲུབ་བྱེད་དུ་བསྙེན་པའི་རྣལ་འབྱོར་བཞག་པ་སྟེ། འདི་ནི་སྒོམ་ཕྱོགས་དྲིས་ལན་དུ། དཔེར་ན་སོ་ནམ་བྱེད་པ་ལ། །སོགས་དང་ཡང་ཤིན་ཏུ་འགྲིགས་སོ། །སྨིན་སློབ་ཀྱི་དབང་དུ་བྱས་ཀྱི་ལས་རུང་ལ་ནི་དེ་དང་དེའི་རྟེན་འབྲེལ་ཙམ་བསྒྲིགས་པར་ཟད་དོ། །བློའི་མུན་སེལ་དུ་བཤད་པ་རྣམས་


TN02_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡང་ཁོག་གཅིག་པར་སྣང་ངོ༌། །དེ་ལྟར་ན་དངོས་གྲུབ་དངོས་སུ་སྒྲུབ་པའི་ནུས་པ་སྐྱེད་བྱེད་དུ་བསྟན་པའི་སྔགས་ནི་སྒྲུབ་སྔགས་ཡིན་ལ། དངོས་གྲུབ་ཀྱི་མཐུ་མ་ཐོབ་པར་རྒྱུད་བྱིན་གྱི་བརླབས་པ་ཙམ་གྱིས་དངོས་གྲུབ་ཀྱི་ལས་ལ་དངོས་སུ་སྦྱོར་མི་བཏུབ་པས། ལས་སྦྱོར་གྱི་ཁྱད་པར་ཚེ་སྒྲུབ་ནི་སྒྲུབ་པའི་རྗེས་འབྲེལ་དུ་གཏོགས་ཀྱི། བསྙེན་པ་ཙམ་གྱི་རྗེས་འབྲེལ་མིན་པས་ཚེ་སྔགས་ཀྱང་བསྙེན་སྔགས་ཤམ་ལྡན་ལ་མ་མཛད་པར། སྒྲུབ་སྔགས་ཤམ་ལྡན་ལ་མཛད་པ་ཡིན་ནོ། །དེས་ན་རྡོ་གྲུབ་ཀྱིས་བསྙེན་སྒྲུབ་ཀྱི་སྔགས་གཉིས་ཀྱི་རིགས་རེ་བཟླས་ནས་གདོད་ཚེ་སྔགས་ཀྱི་བཟླས་སྒོམས་ལ་འཇུག་པར་ཆོ་ཆོག་ལྗགས་སྒྲིགས་ལས་གསུངས་པའང་ཤིན་ཏུ་ལེགས་སོ། །ཡང་ན་ཚེ་སྔགས་རིག་འཛིན་སྤྱི་ཛབ་ཤམ་ལྡན་ལ་མཛད་པ་ནི་འདིའི་ལུགས་ཀྱིས། རིགས་ལྔའི་རིག་འཛིན་ལ་བརྟེན་ནས་འབྱུང་ལྔའི་སོགས་དང༌། དྷཱ་ན་སཾ་སྐྲི་ལ་བརྟེན་ནས་སོགས་ལྟར་གཙོ་འཁོར་ཡོངས་རྫོགས་ལ་བརྟེན་ནས། ཚེ་སྒྲུབ་པའི་གནད་ཀྱིས་ཡིན་ཟེར་དགོས་ཏེ། བསྐྱང་བདེ་བ་ལ་འདི་འཐད་དམ་སྙམ། ཕྱི་མ་འདི་ལྟར་ནའང༌། འདིའི་ཚེ་སྒྲུབ་ཚད་ལྡན་བྱེད་ན་གཙོ་སྔགས་ཀྱི་བཟླས་པ་ཙམ་འཁྱོལ་བས་མི་ཆོག་གི༌།སྤྱི་ཛབ་ཀྱི་བཟླས་གྲངས་ཡང་ཐེམ་དགོས་ཏེ། སྤྱི་ཛབ་ཀྱི་མཐའ་སྒྱུར་ཡིན་པའི་ཕྱིར་རོ། །བཀའ་བརྒྱད་གཞན་ལས་བླ་མ་བཀའ་བརྒྱད་བྱིན་རླབས་མྱུར་བ་ནི། སྒྲུབ་སྡེ་ཆེན་པོ་བརྒྱད་


TN02_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཙོ་བོ་རྣམས་རིག་འཛིན་བརྒྱད་དུ་བཞེངས་པའི་རྒྱུ་མཚན་ཅི་ཡིན་ལས་ཤེས་ཏེ། གསང་རྫོགས་སུ་བལྟའོ། །འདིའི་ཁ་སྐོང་སྦྱིན་སྲེག་ནི་ཡེ་ཤེས་མེ་ལྕེ་ལྟར་དང༌། འདིའི་སྒོས་ཀྱི་རྫོགས་རིམ་ནི་སྙན་རྒྱུད་ཤོག་དྲིལ་དང༌། ཐབས་ལམ་མ་བསྒོམ་སངས་རྒྱས་ཏེ། དེའི་ཕྱི་ལུས་ཀྱི་སྟོང་རར་ལྷ་བསྐྱེད་པའང་སྐུ་མདོག་དང་བཞུགས་སྟབས་བསྒྱུར་བ་ཙམ་མ་གཏོགས་འདིའི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཆོས་རང་ཡིན་ནོ། ༈ །ཡང་བསྙེན་པ་ཨོ་རྒྱན་རིན་པོ་ཆེ་ཉིད་ལ་བྱས་ན་ཉེ་བའམ་མྱུར་ཏེ། བོད་ཀྱི་བླ་མའི་སྐལ་བ་ཞེས་སོ། །སྒྲུབ་པ་རིག་འཛིན་སྤྱི་ཛབ་ལ་བྱས་ན་ཚན་ཆེ་སྟེ་རྡོ་རྗེ་འཆང་གི་གྲལ་བརྙེས་སོ་ཅོག་གི་རིག་འཛིན་རྩལ་འཆང་ཐམས་ཅད་དངོས་གྲུབ་སྩོལ་བ་ལ་དགོངས་པ་གཅིག་པར་དྲིལ་ནས་བསྒྲུབ་པས་ཏེ། བློ་ངོ་ལ་ལྟོས་སོ། །བཀའ་བརྒྱད་བདེ་གསང་གཉིས་སུ་ཡང་རིག་འཛིན་སློབ་དཔོན་ཡོངས་རྫོགས་ཀྱི་སྙིང་པོ་འབྲུ་གསུམ་དང་མ་ཧཱ་གུ་རུའི་སྔགས་འདི་ཉིད་དུ་བཤད་ཅིང༌། རིག་འཛིན་ཡོངས་འདུས་དང༌། གྲོལ་ཐིག་ལམ་རྒྱས་པར་ཡང་སྔགས་འདི་འབྱུང་ངོ༌། ༈ །སྐུ་གསུམ་ལམ་ཁྱེར་སྐབས། གཞི་ལ་འཆི་བར་གཉིས་རིམ་གྱིས་ཁོ་ནར་འབྱུང་ཡང༌། འདིར་འཆི་སྲིད་དག་པའི་འོད་གསལ་གྱི་རང་མདངས་བར་དོ་དང་སྐྱེ་སྲིད་རྣམ་པར་དག་པའི་སྣང་ཆར་ཤར་བར་བསླབ་པས་སྦྱོང་བར་བཞེད་འདྲ་སྟེ། འཆི་སྲིད་དུ་འོང་རྒྱུའི་འོད་གསལ་སྒྲིབ་བྲལ་དུ་དག་པའི་ཆོས་སྐུ་དང༌། འཆི་སྲིད་


TN02_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བར་སྲིད་དུ་ལྡང་རྒྱུའི་རླུང་སེམས་དག་པའི་ལོངས་སྐུ་ཧཱུྃ་ཡིག་གཉིས་དུས་མཉམ་ཅིག་ཅར་དུ་སྐྱེད་པ་ནི་འབྲས་བུ་དང་བསྟུན་པ་སྟེ། འབྲས་དུས་སུ་ནི་བར་སྲིད་དག་པའི་ལོངས་སྐུ་དེ་འཆི་སྲིད་དག་པའི་འོད་གསལ་ལས་མ་གཡོས་བཞིན་དུ་འོད་གསལ་དེའི་རང་སྣང་མདངས་ལ་བཞག་པར་ཟད་པས་སོ། །ཧཱུྃ་དང་གཙོ་བོ་གཉིས་སྔ་ཕྱི་རིམ་ཅན་དུ་སྒོམ་པ་ནི་འབྲས་དུས་སུ་གདུལ་བྱ་ལ་སྣང་བ་སྟོན་ཚུལ་དང་གཞི་ལ་བར་སྐྱེའི་གོ་རིམ་གཉིས་ཀར་བསྟུན་ཆོག །འཆི་སྲིད་དག་པའི་འོད་གསལ་དང༌། བར་དོ་དག་པའི་ལོངས་སྐུར་མོས་པའི་མི་རྟོག་པ་དང་ཧཱུྃ་ཡིག་མཉམ་བསྐྱེད་བྱས་པའི་མི་རྟོག་པ་དེས་བསྐྱེད་རིམ་པའི་འཆི་བ་ཆོས་སྐུའི་ལམ་ཁྱེར་གྱི་གོ་མི་ཆོད་དེ། སྐབས་འདིར་བཅོས་མའི་ཚུལ་གྱིས་འོད་གསལ་གྱིས་སྟོང་ཉིད་སྒོམ་པའི་ཚུལ་ལ་རྩེ་གཅིག་ཏུ་དམིགས་ནས་སྒོམ་པ་ཞིག་མེད་ན། དེ་འདྲའི་འལ་འོལ་ཙམ་གྱིས་ད་གཟོད་རྫོགས་རིམ་དུས་འོད་གསལ་སྟོང་པ་དང་བསྲེས་ནས་ཐ་མལ་པའི་འཆི་སྲིད་སྦྱོང་བའི་སྨིན་བྱེད་དུ་མི་འགྱུར་བས་སོ་ཞེ་ན། གསར་མའི་ལུགས་བཞིན་བྱས་ན་ཤིན་ཏུ་བདེན་མོད། འདི་པའི་ལུགས་ཀྱིས། སྒྲུབ་ཐབས་ཀྱི་སྔོན་འགྲོའི་ཆོས་བདུན་རྫོགས་ནས། དངོས་གཞིའི་རྣལ་འབྱོར་ལ། སྐུ་གསུམ་གྱིའམ། རྡོ་རྗེ་གསུམ་གྱི་རྣལ་འབྱོར་གསུམ་ལས། དང་པོར་སྐུ་ཕྱག་རྒྱའི་རྣལ་འབྱོར་དང༌། གཉིས་པར་གསུང་བཟླས་པའི་དང༌། གསུམ་པར་ཐུགས་ཉེར་བསྡུའི་རྣལ་འབྱོར་ཏེ། རགས་


TN02_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ནས་ཕྲ་རིམ་ལ་འཇུག་པ་ཡིན་ལ། དེ་ལས་སྐབས་འདིར་དང་པོ་སྐུ་ཕྱག་རྒྱའི་ཏིང་འཛིན་སྐབས་ཡིན་པས་འཆི་སྲིད་ལམ་ཁྱེར་ཡང་དམིགས་འོག་ཏུ་བཅུག་ནས་སྒོམ་པ་ཙམ་ལས་གཙོ་བོར་འདོན་པ་མཐའ་གཅིག་ཏུ་མི་དགོས་པས་རྫོགས་རིམ་པའི་འཆི་སྲིད་ལམ་ཁྱེར་གྱི་དགེ་རྩ་སྨིན་བྱེད་ཙམ་དུ་སོང་ན་དེས་ཆོག་གི༌།དགེ་རྩ་དེ་རྫོགས་པར་སྨིན་བྱེད་ཙམ་དུ་རྩལ་འདོན་མི་དགོས། སླར་ས་བཅད་གསུམ་པ་རྟག་མཐའ་འམ་སྲིད་མཐའ་སྦྱོང་བྱེད་ཐུགས་ཉེར་བསྡུ་འོད་གསལ་གྱི་རྣལ་འབྱོར་དུས་རྩལ་འདོན་བྱེད་དོ། །རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་ཿ མན་ཆད་མཇུག་ཐུན་མཚམས་ཀྱི་རྣལ་འབྱོར་ཏེ་རྗེས་ཐོབ་ཅེས་པ་འདིས་མཚམས་བཟུང་བས་སོ། །དེས་ན་འདིར་སྐྱེ་བ་སྦྱོང་བྱེད་ཀྱི་དགེ་རྩ་རྫོགས་པར་སྨིན་པ་ལ་འབད་དགོས་ཤིང༌། གཉིས་པའི་ཐད་དུ་བར་དོར་འོང་རྒྱུའི་རླུང་སེམས་སྔགས་སུ་འཆར་བ་དང་སྔགས་དང་ལྷ་དབྱེར་མེད་དང་ཟུང་འཇུག་ཏུ་བལྟ་བ་ལ་སྦྱངས་ནས་བར་དོའི་སྦྱོང་བྱེད་ལ་རྩལ་ཐོན་པ་གལ་ཆེ་སྟེ། ཉང་གི་ཁྲོས་ནག་གི་སྐུ་གསུམ་ལམ་ཁྱེར་དང་ཤིན་ཏུ་འགྲིགས་སོ། །དེ་གཞི་ལ་འཆི་སྲིད་ལས་བར་དོར་དང་དེ་ལས་སྐྱེ་སྲིད་དུ་འགྲོ་བ་དང༌། འབྲས་དུས་སུ་འཆར་གཞི་ཆོས་སྐུ་ལས་ལོངས་སྐུར་སྣང་ཞིང་དེས་སྤྲུལ་སྐུ་འཛིན་པའི་གོ་རིམ་དང་མི་མཐུན་ཞེ་ན། འདི་ལ་བརྟགས་པ་ཞིབ་དགོས། འདི་རྣམས་ཡུམ་ཀར་ཡང་མཁོ་སྟེ། བསྙེལ་ཐོར་སྟོང་པ་སྔོན་དུ་བསྒོམ་ནས་གདོད་དཀྱིལ་འཁོར་བསྒོམ་བྱས་པ་ལྟར་ན། འོག་མིན་བགྲོད་པར། དྲོད་གཤེར་སྦྱོང་ཐད། རིམ་


TN02_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་གྱིས་ཞུགས་ནས་ནི། །ཞེས་དྲངས་པ་དེར་འགྱུར་པས། འོག་མིན་བགྲོད་པའི་རྫུས་སྐྱེས་སྦྱོང་ཐད་ན་ཤིན་ཏུ་གསལ་བ་ལྟར་སྣང་སྟོང་གི་ཕྱོགས་གཉིས་དུས་གཅིག་ཏུ་རྫོགས་པའི་ཚུལ་དུ་མོས་དགོས་ཏེ། རང་བཞིན་ཡོངས་གྲུབ་ཀྱི་བསྐྱེད་རིམ་ཟེར། ཕྱི་ཁྱམས་དཔལ་མགོན་བདུན་ཅུ་དང་ཿ ཞེས་པའི་ཁྱམས་ནི་གཞལ་ཡས་ཁང་གི་ཕྱིའི་བཀའ་སྡོད་ཀྱི་སྣམ་བུ་ཡིན་གྱི། རྩིག་པའི་ནང་གི་ཁྱམས་ཡིན་ན་བར་ཁྱམས་ཞེས་བཤད་རིགས་པར་འགྱུར་རོ། །སྙིང་པོ་དོན་གསལ་གྱི་ཐིག་ཡིག་དེའང་རིག་འདུས་ཀྱི་ཡིན་པར་གྲགས་པས་དེ་ལ་ནི། ཟླུམ་སྐོར་ཕྱི་མ་རྩིག་པ་ལ་གཏུགས་སྣང་སྟེ། གྲྭ་ཕྱོགས་མདོག་ཅེས་པས་ཤེས་སོ། །དེས་ན་བར་ཁྱམས་མེད་དོ། ༈ །བླ་རྣམ་སྐབས་ཀླུ་སྒྲུབ་དང་འཇམ་དཔལ་བཤེས་གཉེན་བི་མ་སོགས་རིག་འཛིན་བརྒྱད་དང༌། དགའ་རབ་རྡོ་རྗེ། ཀློང་ཆེན། རྒྱལ་བ་མཆོག་དབྱངས་སོགས་འཁོར་གྱི་རིག་འཛིན་རྣམས་ཀྱི་གསལ་འདེབས་སྔགས་ཀྱང་བཟླ་བར་མོས་ན། བླ་མ་མཆོད་པའི། །མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་སོགས་ཅན་དེ་བཟླ་སྟེ་རྒྱུ་མཚན་སྔར་བཞིན་ཡིན་པས་སོ། །རིག་འཛིན་བརྒྱད་སྤྱན་གཉིས་པ་དང༌། ཡུམ་ཅན་བྲིས་འདུག


previousཀློང་སྙིང་ལོ་རྒྱུས།next