Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
བསྙེན་སྒྲུབ་ལ་མཁོ་བའི་ཟིན་ཐོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousབསྙེན་སྒྲུབ་ལ་མཁོ་བའི་ཟིན་ཐོ།next

བསྙེན་སྒྲུབ་ལ་མཁོ་བའི་ཟིན་ཐོ།


TN02_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་ལ་མཁོ་བའི་ཟིན་ཐོ། བཅད་རྒྱ་དམ་པོ་མ་བྱས་ན་མཚམས་ནང་དུ་གཡེལ་ཞུད་ཀྱི་རྐྱེན་འབྱུང་ཉེན་ཆེ་བས་མཚམས་ལྷོད་པོ་མི་བྱ། བརྩོན་འགྲུས་ཀྱི་གདེངས་ཡོད་ན་མ་གཏོགས་དང་པོའི་དུས་མཚམས་སྒྲུབ་ཡུན་རིང་གི་དམ་བཅའ་དུས་གཅིག་ལ་བྱས་ན་བརྩམ་ལྡོག་གིས་མགོ་ཉེས་དོགས་ཡོད་པས་དམ་བཅའ་རིམ་གྱིས་བསྲིང༌། སྦྱོར་དངོས་ཀྱི་སྐབས་ཀུན་ཏུ་བླ་མ་དང་ཆོས་དང་ལྷ་ལ་མོས་གུས་དང༌། སེམས་ཅན་ལ་སྙིང་རྗེ་དུང་དུང་བ་དང༌། སྲིད་པའི་ཕུན་ཚོགས་ཀྱི་ཉེས་དམིགས་བསམ་ལ་ཡིད་ལོག་གི་སྒོ་ནས་རྣམ་གཡེང་ཕྱོགས་ཀྱི་ཞེན་འཁྲིས་གཅད་ཅིང་ཏིང་ངེ་འཛིན་གྱི་ཕན་ཡོན་བསམ་ལ། ཐོག་མ་མེད་པའི་དུས་ནས་ལུས་མང་པོ་བླངས་ཀྱང་དོན་མེད་དུ་སོང༌། ད་རེས་ལམ་ཟབ་མོ་འདི་ལྟ་བུ་དང་ལྷ་འདི་འདྲར་མཇལ་བ་སྐལ་བ་བཟང༌། གྲུ་འདི་ཕྱི་ནས་རྙེད་དཀའ་བས། །ཞེས་པ་ལྟར་འདི་འདྲ་རྙེད་དཀའ་བས་བསྙེན་སྒྲུབ་འདིའི་རིང་ལ་འགལ་རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་བཏང་སྙམ་ནས་སྒྲུབ་པ་མཐར་སྐྱེལ་གྱི་ཞེ་བཅད་དྲག་པོ་དང་སྙིང་སྟོབས་རླབས་བོ་ཆེ་བསྐྱེད་དེ་བསྡད་ན་བསྙེན་པ་མཐར་ཕྱིན་པའི་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ། དེའི་ངར་འདོགས་སུ་རིག་འཛིན་གོང་མས་སྒོམ་


TN02_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་དཀའ་སྤྱད་སྙིང་རུས་ཇི་ལྟ་བུ་མཛད་པ་སོགས་བསམ་ལ་སྤྲོ་སེང་བ་བྱེད། བླ་མ་མཉེས་པ་གཙོ་བོར་མ་བཟུང་བའི་བསྙེན་བསྒྲུབ་ལ་བྱིན་རླབས་མི་འབྱུང་བར་བཤད་པས། སློབ་དཔོན་ལྷ་ནི་དམ་པ་སྟེ། །ཞེས་དང༌། འདི་ནི་རང་བྱུང་བཅོམ་ལྡན་འདས། །སོགས་ལྟར་ཅི་བྱེད་བླ་མ་མཉེས་ཐབས་སུ་བསྐོར་བ་ཁོ་ན་དགོས། སེམས་ལ་བྲེལ་ཟིང་བསླད་ན་བསྙེན་སྒྲུབ་ཀྱི་རྣལ་འབྱོར་རང་མལ་ནས་ཡར་ཏེ་གཡེལ་ཞུད་འོང་བས་དེ་འདྲའི་རྐྱེན་དབང་དུ་མི་བཏང་བར་དུས་རྟག་ཏུ་བློ་ཡང་དག་འཇོག་གི་ཕྱོགས་སུ་བག་ཕབ། མཚམས་གཅོད་བྱས་ནས་ཆས་ཀའི་གཏོང་ལེན་ཡང་བསྡམ་དགོས་ཏེ། ཅིས་ཀྱང་གཏོང་ལེན་དགོས་པ་བྱུང་ན་སྲུང་འཁོར་དྲག་ཏུ་སྒོམ་པ་གལ་ཆེ། བཤམས་བཀོད་རྣམས་བག་དྲོ་ལ་བརྗིད་ཐོན་པར་བྱས་ན། བྱིན་རླབས་འཆག་པའི་རྟེན་འབྲེལ་ཡོད་གསུང༌། འདིའི་རྒྱུ་མཚན་ཡུལ་དེ་དང་སྤྲོ་ཉམས་དགའ་བའི་རྣམ་པར་རང་བབས་ཀྱིས་འཆར་བ་ཞིག་ལ་གཟི་བྱིན་དབབ་པའི་དམིགས་པའང་འཆར་སླ་ཞིང་ཡུལ་དེ་སྒྲུབ་པ་པོའི་ཡིད་དང་མ་མཐུན་ན་དེ་ལས་ལྡོག་པའི་གནད་ཀྱིས་ཡིན་པར་བླ་མ་དགོངས་འདུས་ལས་སོ། །དེས་ན་ཏིང་ངེ་འཛིན་བརྟན་པའི་སྔགས་པ་ལ་གསུངས་པ་མིན་ནོ། །བསྙེན་སྒྲུབ་ཀྱི་སྔོན་ནས་སྒྲུབ་ཁང་དུ་ཁྱི་དང་ཡུག་ས་མཛེ་ཕོ་དམེ་ཅན་དམ། ཐོག་སྟེང་དུའང་ངོ༌།


TN02_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་གདོན་ཅན་རིགས་མི་གཏོང་བསང་ཁྲུས་བྱ། ཤོར་བ་ན། དེ་དག་གི་ལག་ནས་བྱུང་བའི་བཟའ་བཏུང་ལའང་མི་སྤྱད༌། སྤྱད་ན་གཟུང་ཆུས་ཁ་བཀྲུ། རང་གི་མལ་སྟན་ལ་གཞན་མི་བསྙལ་་ཉལ་ན་་སང་ཁྲུས་བྱ། གཞན་གྱིས་ཚུར་མཐོང་ན་མཚམས་རལ་བ་དང་ཕར་མཐོང་ན་བུག་པ་ཡིན་པས་དེ་དག་སྤང༌། གནས་གཞན་དང་གཞན་དུ་བཟླས་པ་དང༌། ཐུན་ཚད་སྒྲིགས་ལ་མ་ཕབ་པར་བཟླས་པ་དང༌། རྨི་ལྟས་ངན་པ་ཞི་བ་སོགས་ཀྱི་ཆེད་དུ་བཟླས་པ་དང༌། ཐུན་མཚམས་སུ་བཟླས་པ་དང༌། སེམས་གཡེང་བཞིན་དུ་བཟླས་པ་རྣམས་ཀྱིས་བསྙེན་པའི་གོ་མི་ཆོད་གསུང༌། གཞན་ཡང་བཟླས་པའི་སྒྲ་ཆེ་བ་ཆུང་བ། མགྱོགས་པ། བུལ་བ་རྣམས་དང༌། གློ་ལུ་བ། སྦྲིད་པ། གླལ་བ། གཏམ་སྨྲ་བ། གཉིད་ལ་ཤོར་བ་རྣམས་ཀྱང་སྤང༌། ལྷག་པར་དམ་ཚིག་ཉམས་པའི་མི་དང་ཁ་འཕྲོ་སྲེ་བ་ནི་དུས་ནམ་ཡིན་ཡང་སྐྱོན་ཆེ། རླུང་ཁ་དྲག་པོ་དང་ཆུ་ཆེན་འགྲམ་དུ་མི་ཟློས། གན་རྐྱལ་དུ་ཉལ་ནས་ཕྲེང་བ་བྲང་ལ་བཞག་སྟེ་མི་བཟླ། ཞི་རྒྱས་དང་བསད་མནན་སོགས་ཀྱི་སྔགས་སྲ་སྲེར་བཟླས་ན་བཟླས་པའི་དུག་ཡིན། ཞི་རྒྱས་ཀྱི་བཟླས་པ་གྲངས་ཚད་ལས་ལྷག་ཀྱང་ཡོན་ཏན་སྐྱེད་དེ། དབང་དྲག་


TN02_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནི་ཚད་ལས་ཐལ་ན་ཉེས་དམིགས་འབྱུང་གསུང༌། ཐུན་མཚམས་ཐམས་ཅད་དུའང་ལྕེ་མཆུ་མི་སྡོད་པར་བཟླས་པ་ལ་མི་སྐྱོ་བར་འབད་ན་བཟླས་གྲངས་སུ་གཞུག་མི་རུང་ཡང་གྲོག་མཁར་དང་སྦྲང་རྩི་བཞིན་ནུས་པ་རིམ་གྱིས་སྐྱེ་ཞིང༌། བར་ཆད་སེལ་བ། སྒྲིབ་པ་བྱང་བ། སྔགས་ཀྱི་ལྷག་ཆད་སྐོང་བ། ལྷའི་ཐུགས་རྒྱུད་འཁུལ་བ་སོགས་ཕན་ཡོན་མང༌། མཚམས་ཁོང་ནས་གཞན་ལ་དབང་དང་བྱིན་རླབས་འདྲེ་བརྡུང་དང་སྲུང་བ་སོགས་མི་བྱེད། ཆོས་བཤད། ལྷ་སྔགས་སྒྲུབ་རྫས་གྲུབ་རྟགས་སོགས་མི་ལ་མི་སྨྲ། ནང་དུ་འཐབ་འཁོན་རིགས་མི་བྱ་གྲིབ་ལ་འཛེམ། བྱས་ན་བསྐང་བཤགས་བྱ། གཏོར་མ་བསྔོ་བ་དང་གཏོར་མ་བཟང་དུ་བྱེད་པ་ལ་བསྔགས་པ་ཆེ། ཚོགས་གཏོར་དང་མཆོད་པ་བཟང་མང་བྱེད་པ་འདི་ལ་ལོངས་སྤྱོད་ཀྱི་རྟེན་འབྲེལ་ཆེས་ཆེ་བའང་ཡོད། རྟེན་གཏོར་ཁྱི་ལ་ཤོར་བ། ཕྲེང་བ་མི་ལག་འགྲིམ་པ་སྒྲུབ་པའི་མལ་སྤོ་བ། འགྲིམ་ན་རུ་རྟ་དང་སྤོས་དཀར་ཆུས་བཀྲུ་པ་་གོས་གདན་ནམ་མཁར་སྤྲུགས་པ། སྐྲ་སེན་དང་སྨ་ར་འབྲེགས་པ་་བྲེགས་ན་ཡིག་བརྒྱ་བཟླ་གསུངས་ཏེ། འདིས་གཞན་འདི་དག་གི་ཉེས་པའང་ཞི་ནུས་སམ་སྙམ། སྔགས་བཟླས་པའི་མཆིལ་སྣབས་ས་ལ་འདོར་བ། མཚོན་རྩེ་ཁར་འཇུག་པ། མེ་ལ་ཕུ་འདེབས་པ། ཁ་ལག་དང་ཕོར་པ་


TN02_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུ་བ། ཟན་འཕྲོ་ཁྱི་ལ་སྟེར་བ། ཕོར་སྡེར་ཁ་ཆག་ཏུ་སྤྱོད་པ། རང་གི་གྲིབ་མ་མིས་འགོམ་པ་རྣམས་མི་རུང་བར་བཤད་པས་སྤངས། སྔགས་བཟླས་པའི་དགེ་རྩ་ལྷ་ལ་འབུལ་བ་དང༌། འདིའི་རྒྱུ་མཚན་མཆོག་ཟུང་འགྲན་དུས་ཤཱ་རིའི་བུའི་སྐུ་ཆིང་རྒྱལ་བའི་པད་གདན་ལ་བཏགས་པ་ལྟར་འབུལ་ཡུལ་གྱི་མཐུས་དགེ་རྩ་མི་གཡོ་བ་ཡིན་ནམ་སྙམ། དེ་ལྟར་ན་ཐུགས་ཡིད་བསྲེས་ཐོག་ནས་དགེ་རྩ་ལ་རྒྱལ་བའི་ཡེ་ཤེས་ཀྱི་རྒྱས་འདེབས་ཀྱི་དགོངས་གཏད་བྱས་ཀྱང་སྲུང་ངམ་སྙམ། གསོག་མིའི་ནོར་ཆུད་མི་ཟ་བ་ལྟར། སངས་རྒྱས་ཀྱིས་བདག་གིར་བཞེས་པའི་དགེ་རྩ་ཆུད་མི་ཟ་བ་ཡིན་ནམ། དེས་ཁོང་ཁྲོ་སོགས་ཀྱིས་འཇོམས་པ་ལས་སྲུང་བར་བཤད་པའང་སྣང༌། གཤང་གཅི་སོགས་ལ་འགྲོ་དུས་ཕྲེང་བ་ཁྲོ་ཞལ་དུ་བསམ་པས་སྟན་སྲུང་ཞིང་དུས་རྒྱུན་སྟན་དྲོད་དང་མ་བྲལ་བར་བྱེད། རྗེས་སྲུང་ཞག་གསུམ་བར་གནས་གཞན་དུ་མི་རྒྱུ་ཞིང་མལ་དུ་གཞན་མི་འཇུག །དེ་སྲིད་དུ་སྒོམ་བཟླས་ཐུན་ཆུང་རེ་ཡང་འཚམས་དངོས་གཞིའི་དེ་ལ་བྱེད་དོ། །སྒྲུབ་རྫས་དམ་ཚིག་ཅན་གྱི་སྔགས་གཡོག་ལྟ་བུ་ལས་གཞན་ལ་མི་སྟེར། ལར་མཚམས་ཀྱི་ཐོག་མཐའ་ལྷོད་ཅིང་དབུས་དམ་པ་ནས་འབྲུའི་དབྱིབས་འདྲ་བ་བྱ་གསུང་བསྙེན་སྒྲུབ་ཀྱི་དམིགས་པ་མི་གསལ་བ་སོགས་ཀྱི་ཚེ་ཡང་


TN02_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་གཅུར་བའི་སྙིང་རུས་ཕུར་བཙུགས་པ་མི་བྱ་ཞིང༌། སྣང་ཞེན་ཇི་ལྟར་གསལ་བཏབ་པ་ལྟར་འཆར་བཏུབ་པ་སོགས་བྱུང་ཡང་ཧ་ཅང་ཙིར་བཟུང་མི་བྱ། དེ་དག་ལ་ཞུམ་པ་དང་མངོན་རློམ་ཡང་མ་ཞུགས་པར་ཐང་ལྷོད་རན་ལ་འཚམས་པ་གཞུའམ་པི་ཝཾ་གི་རྒྱུད་འདྲ་བ་བྱ་སྟེ། བསྙེན་ཡིག་ཏུ་འཆད་རྒྱུའི་གཙོ་བོ་ལྷ་སྒོམ་ཚུལ་དང༌། སྔགས་བཟླ་ཚུལ་གཉིས་ཡིན་པས་འདི་སྐོར་འབྲིར་མ་ལང་བ་རྣམས་ཞིབ་པར་ཤེས་དགོས། ༈ །གོང་བཤད་ཆས་ཀའི་གཏོར་ལེན་སྐབས། དེ་དང་སྨན་པ་སོགས་མཚམས་རྒྱའི་རིང་ལ་མི་འཛུད་ཀ་མེད་ཡོད་རིགས་རྣམས། དང་པོ་ནས་དམིགས་འོག་ཏུ་གཞུག་པ་གལ་ཆེ་སོགས་བཤད་དགོས་ཕྲན་ཚེགས་ཡོད། དེའང་སང་ཙམ་ཡོང་རྒྱུའི་དེ་རིང་ནས་ཤེས་པ་འཚུབས་ཤིང་ཉོག་པ་གཉིད་ཡར་བ་སོགས་བྱུང་ན་དེའི་འགྲུལ་སྣ་ཡིན་པས་སྲུང་འཁོར་དྲག་ཏུ་སྒོམ། སྔོན་ལ་མ་བྱུང་བར་རྟིང་ལ་བྱུང་ན་སྒྲིབ་ལྷོད་ཡིན་པས་ཡིག་བརྒྱ་མང་དུ་བཟླ། རྫས་དེ་དག་ཀྱང་སྒྲུབ་ཏུ་རུང་ན་ཞག་མ་ལོན་པར་ལོངས་མི་སྤྱོད། ཐུན་ཇི་ལྟར་ཐུང་ཡང་ཡིག་འབྲུ་བཅོ་ལྔ་ཚུན་གྱི་ལྡབས་གྲངས་སྟོང་མ་སོང་བ་དང༌། ཐུན་མཚམས་ཇི་ལྟར་རིང་ཡང་ཐུན་གྱི་བཞི་ཆའི་ཚོད་ལས་ལྷག་པ་མི་མི་བྱ་ཞེས་བཤད། དགེའོ།། ༈ །།བསྙེན་འཚམས་སྐབས། སྔོན་དུ་དཀོན་མཆོག་ལ་མཆོད་པ། སྡིག་ལྟུང་སྤྱི་དང་ཁྱད་པར་ཉམས་ཆག་བཤགས་སྦྱང༌།


TN02_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་སྒྲོགས་པ། སཙྪ་གདབ་པ། སྲོག་བསླུ། ལམ་འཕྲང་འཆོས་པ། ཆ་གསུམ་དང་ཆུ་གཏོར་སོགས་གཏོར་མའི་རྣལ་འབྱོར་གྱིས་མཚོན་དགེ་བའི་དཔུང་ཅི་འགྲུབ་བསྐྱེད་ན་རྒྱུད་འབྱོངས་ཤིང་བར་ཆད་མི་འཇུག་པ་དང་དངོས་གྲུབ་མྱུར་དུ་འཐོབ་པར་བཤད་དེ། མ་གྲུབ་ཀྱང་ཆད་སྐྱོན་དུ་མི་འགྱུར། དེ་ནས་གནས་ཁང་བྱི་དོར་བྱ་ཞིང༌། སྟན་འོག་ཏུ་འབྲས་སམ་ས་དཀར་པོས་གཡུང་དྲུང་གཡས་སྐོར་འབྲི། ཀུ་ཤའི་གདིང་བ་བཀྲམ། སྔར་སྔོན་འགྲོའི་བསགས་སྦྱང་མ་སོང་བའམ། སོང་ཡང་ཁ་གསོའི་ཚུལ་དུ་བྱེད་ན། དུས་བཟང་པོའི་དགོང་མོ་བདག་བསྐྱེད་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཟླས་པའི་བར་གྱི་མཐར། བསྡུ་ལྡང་བྱས་ཏེ། ཕྱོགས་སྐྱོང་གཞི་བདག་སོགས་དཀར་ཕྱོགས་པ་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་ལ་བགེགས་གཏོར་བྱིན་ནས་བཀའ་བསྒོ་སྔགས་ཐུན་སོགས་ཀྱིས་བསྐྲད། སྲུང་འཁོར་སྒོམ། དེ་ནས་བློ་ལྡོག་རྣམ་བཞི་ཅི་ནུས་སུ་བསྒོམ་པས་རྒྱུད་བསྐུལ་ཏེ། ཐུན་རེ་བཞིན་སྔོན་འགྲོའི་ངག་འདོན་ཚང་མ་རེ་བཏང་བའི། །སོ་སོའི་ཐད་དུ། སྐྱབས་སེམས་ཡིག་བརྒྱ། མཎྜལ་རྣམས་དང༌། བླ་རྣམ་གྱི་ཡན་ལག་བཅུ་པ། གསོལ་


TN02_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། སིདྡྷི་རྣམས་ཤར་སྒོམ་གྱི་ཚུལ་དུ་ཅི་འགྲུབ་བྱ་ཞིང༌། ཐུན་མཚམས་རྣམས་སུའང་དེ་དག་གི་ཉམས་ལེན་དང༌། ཆོས་འདི་དང་བརྒྱུད་པའི་བླ་མ་རྣམས་ཀྱི་ཡོན་ཏན་སོགས་བསམ་ནས་དད་པ་དང་སྤྲོ་བ་མང་དུ་བསླབ། དེ་ལྟར་ཞག་བདུན་ནམ་ཉེར་གཅིག་སོགས་འབད་དེ་རྫོགས་པ་ན། སླར་ཡང་བདག་བསྐྱེད། དཀར་གཏོར། བགེགས་བསྐྲད་རྣམས་སྔར་བཞིན་བཏང་རྗེས། རྒྱལ་ཐོའི་ཆོ་གས་ཐོ་བཙུག །སྲུང་འཁོར་རྒྱས་པར་སྒོམ། འདི་ནས་བཟུང་སྟེ་སྔར་དམིགས་འོག་ཏུ་མ་བཅུག་པའི་ངོ་གསར་དང་མི་འཕྲད་ཅིང༌། ཆས་ཀའི་གཏོང་ལེན་ཀྱང་སྤང༌། དེ་ནས་བཤམས་བཀོད་གཙང་དག་བྱ། དེ་ཀའི་དགོང་མོ་ལས་གཞུང་མི་སྲོང་ན། བྱིན་འབེབས་དང༌། མཆོད་རློབ། ཞལ་ནས་གསུངས་པའི་ཤིས་བརྗོད་ཀྱང་བྱས་ན་ལེགས་ཏེ། དེའང་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་སོ། །བྱུར་དང་ཉམ་གྲིབ་སྦྱང་ཕྱིར་རྡོར་སེམས་སམ་དམེ་བརྩེགས་ལྟ་བུའི་ཁྲུས་བུམ་བསྒྲུབས་ཏེ་འཐོར་འཐུང་བྱ་ཞིང༌། དེ་ལ་ནངས་རེ་བཞིན་བསྐྱེད་བཟླས་ཁྱུག་ཙམ་རེ་བཅས་ཁྲུས་་འཐོར་འཐུང་ནར་མར་མཛད་པའི་ཕྱག་བཞེས་ཀྱང་སྣང༌། སྔོན་འགྲོ་ཞེས་བརྗོད་པའི་རྒྱུ་མཚན་ནི་རང་གཞུང་དུ། མེད་དུ་མི་རུང་ལམ་སྟེགས་སོཿ ཞེས་


TN02_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའི་ལམ་སྟེགས་སུ་བཤད་པ་ལྟར་ཏེ། འདིར་དེ་ལྟར་གསུངས་པ་དེའི་རྗེས་སུ་འབྲངས་པའི་སེམས་ཀྱིས། དང་པོ་དལ་འབྱོར་རྙེད་དཀའ་སྒོམ་དུས་ཀྱང་ཆོས་འདིའི་དངོས་གཞིའི་ལམ་ཐམས་ཅད་མཚན་ཉིད་ཡོངས་སུ་རྫོགས་པར་སྐྱེ་བའི་ཆེད་དུ་དམིགས་ནས་བྱེད་པ་དང༌། སྐྱབས་འགྲོའི་ཐད་དུའང་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་འདི་ཉིད་ཀྱི་རྩ་བ་གསུམ་དུ་ཞལ་བསྒྱུར་ནས། སྐྱབས་འགྲོའི་ཉམས་ལེན་འབྱོང་བར་བྱེད་པ་དང༌། སེམས་བསྐྱེད་དུའང་འདིའི་རྩ་གསུམ་རང་མཐར་ཐུག་གི་ཐོབ་བྱར་བཟུང་སྟེ། དེ་ལ་དམིགས་ཕུག་པའི་འཕེན་སྨོན་སྦྱོང་བ་དང༌། རྡོར་སེམས་སྒོམ་བཟླས་སུའང༌། ཆོས་འདི་སྟོན་པའི་བླ་མའི་སྐུ་ལ་བསྡོ་བ། གསུང་བཅག་པ། ཐུགས་དཀྲུགས་པ། ཆོས་འདི་ལ་ཐེ་ཚོམ་ཟོས་པ། མ་གུས་པ། སྣོད་མིན་ལ་བསྟན་པ། བཤད་སྒྲུབ་ཀྱི་ཕྲིན་ལས་ལ་གེགས་བྱས་པ། འདིའི་རྣལ་འབྱོར་འཆང་བ་གཞན་ལ་ཁྲོས་ཤིང༌། ལོག་སྒྲུབ་བྱས་པ་སོགས་ཀྱིས་ཐོག་དྲངས་པའི་སྡིག་ལྟུང་བཤགས་བསྡམ་དང༌། མཎྜལ་དུའང་ཆོས་འདིའི་ཕྱིར་དུ་གཅེས་འཛིན་གྱི་གཞི་ཐམས་ཅད་གཏོང་བ་སྟེ། འདི་ལྟར་རང་གི་ལུས་ལོངས་སྤྱོད་དགེ་


TN02_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་རྣམ་པར་སྤྲུལ་ཏེ་འདིའི་རྩ་གསུམ་ཚོགས་ཞིང་དུ་བཟུང་བའི་སྤྱན་སྔར་འདིའི་ལམ་གྱི་རྟོགས་པ་དང་དངོས་གྲུབ་ཀྱི་དོན་དུ་འབུལ་བ་དང༌། ཁྱད་པར་དུ་བླ་རྣམ་སྐབས། འདི་ཉིད་ཀྱི་བྱིན་རླབས་དབང་བཞི་བླང་བ་ལ་ཡང་ཡང་བརྩོན་པར་བྱས་པས། སྒོ་དུ་མ་ཞིག་ནས་བླ་མ་དང་ཆོས་ཀྱི་བྱིན་རླབས་ཞུགས་ནས། ཆོས་འདིའི་སྒོ་ནས་རང་གཞན་གྱི་དོན་ཆེན་པོ་ཐོགས་པ་མེད་པར་འགྲུབ་པའི་སྐལ་པ་ཅན་དུ་བྱེད་པ་ཡིན་ནོ། །དེ་ལྟར་ཤེས་དགོས་པའང་དཔེར་ན་མདོ་སྡེ་ཀློག་པ་སོགས་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་སུ་ཤས་ཆེར་འགྲོ་བ་ལ། དེ་རྣམས་སྡིག་པ་འདག་ཆེད་དུ་དམིགས་ནས་བྱས་པ་དགོས་པར་གསུངས་པ་བཞིན་ཡིན་པས་གལ་ཆེའོ། །སྔོན་འགྲོ་འདི་རྣམས་ལམ་གྱི་གོ་རིམ་གྱི་འབྲེལ་གྱི་དབང་གི་དངོས་གཞི་ལ་ཕན་འདོགས་པར་ཡང་མ་ཟད་དེ། འདིའི་རིག་སྔགས་བདེ་བླག་ཏུ་འགྲུབ་པའི་སྒོར་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དྲི་མ་མེད་པ་རང་གིས་བྱིན་གྱིས་བརླབས་པ་ཡིན་པར། ལས་ཕྲེང་ལས་སྐྱབས་སེམས་དང་བསགས་སྦྱང་སྒྲུབ་ཐབས་ཀྱི་ཡན་ལག་ཏུ་བཤད་པ་སོགས་ཀྱིས་འགྲུབ་པས་རི་མོ་ལེགས་པོ་འདྲི་ན་ཞལ་བ་གཙང་ཤ་ཐོན་པ་ལ་འབད་པར་བྱའོ། །མཆན། སྔོན་འགྲོའི་ཁྲིད་སྦྱང་དང་དངོས་གཞི་གཉིས་མཚམས་ཁོངས་གཅིག་ཏུ་བྱེད་པ་འདི་རྣམ་གཡེངས་གཞན་གྱིས་བར་དུ་མ་བཅད་པའི་རྒྱུ་མཚན་གྱིས་ཤིན་


TN02_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ལེགས་པར་སྣང༌། ༈ །ཡང༌། སྐུ་ཕྱག་རྒྱ། གསུང་བཟླས་པ། ཐུགས་ཉེར་བསྡུའི་རྣལ་འབྱོར་རྣམས་ལའང་སྐུ་གསུམ་ལམ་ཁྱེར་དུ་འཇོག་ཚུལ་ཉང་གཏེར་ཁྲོས་མ་སོགས་ན་ཡོད། དེ་གསུམ་ནི་ཐུན་ནང་དུ་བྱ་བའི་དང༌། ཆད་མཐའ་བསལ་བའི་ལྷར་ལྡང་ནས་ཐུན་མཚམས་ཀྱི་རྣལ་འབྱོར་ཡིན་ཏེ། དཔེར་ན་སྣོད་བཅུད་ཀྱི་འཇིག་རྟེན་དང་པོར་འཆགས་པ་ནས། འཇིག་ཅིང་སྟོང་པའི་བར་ནི་བསྐལ་པ་གཅིག་པོ་དེ་ཉིད་ཡིན་ཅིང༌། དེ་ནས་སྣོད་བཅུད་གསར་པ་གྲུབ་པ་ན་གཞན་ཡིན་པ་ལྟར། རྟེན་དང་བརྟེན་པའི་སྣང་བ་གྲུབ་ཐེང་གཅིག་པོ་དེའི་ཆགས་གནས་འཇིག་སྟོང་ཐུན་གཅིག་གི་དངོས་གཞིར་འཐད་དོ། ༈ །ཡུལ་གསུམ་གྱང་དུ་གྱུར་པ་ཞེས་པ་ནི། ཡུལ་གསུམ་སྟོབས་སུ་གྱུར་པའི་དོན་ཏེ། གསུམ་པོའི་ངོས་འཛིན་ཡོངས་གྲགས་ནི་དེར་བས། གཏེར་བདག་གླིང་པ་ནི། དང་པོར་ལྷ་སྐུ་ཡིད་ངོར་ལམ་མེར་གསལ་བ་ནི་ཡིད་ཡུལ་དུ་དང༌། དེ་ནས་རེག་མཐོང་བཏུབ་པ་ལྟ་བུར་འཆར་བ་ནི་དབང་ཡུལ་དུ་དང༌། དེས་དག་པའི་ང་རྒྱལ་ཤུགས་ཅན་སྐྱེས་ཏེ་ཡིད་ཐ་མལ་པའི་སྣང་ཞེན་ལ་ཡེ་མི་འཇུག་པར་ཐུན་འཁྱོང་བ་སོགས་བྱུང་ན་ཞེན་པའི་ཡུལ་དུ་གསལ་བ་ཞེས་བཞེད་པ་འདྲ།


TN02_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་དང་པོ་ནི་གསལ་སྣང་ཡོད་ཀྱང་བློ་དེ་ཀའི་ངོར་ཡང་དབང་མངོན་གྱི་སྤྱོད་ཡུལ་དུ་ཡོད་པ་ལྟར་མི་འཆར་བ་དང༌། གཉིས་པར་དེ་ལྟར་འཆར་བས་མིང་འདོགས་གཉིས་པོའི་ཁྱད་ཤེས་ཏེ། དེ་དག་ནི་ལྷར་སྣང་གི་སྟེང་ནས་ཕྱེའོ། །སྣང་བ་གྲོགས་དང༌། ཞེན་པ་གཙོ་བོ་ཡིན་པས་སྣང་བ་དེས་ལྷར་ཞེན་སྟོབས་སུ་གྱུར་ཏེ་ཐ་མལ་བའི་ཞེན་པ་ལྷའི་ང་རྒྱལ་དུ་གོ་འཕོས་པ་ནི་དག་པའི་སྣང་བ་ལ་ཞེན་པ་སྲོག་ཏུ་ཞུགས་པ་སྟེ་གསུམ་པའོ། ༈ །མཚམས་གྲོལ་ཁའི་ཐུན་མཐར་ཡིག་བརྒྱ་མང་དུ་བཟླ་བར་སྨིན་གཏེར་རྗེས་གསུངས་ཏེ། ལྷག་ཆད་སྐོང་ཞིང་བྱིན་རླབས་བརྟན་པའི་ཆེད་དོ། ༈ །རྗེས་ལ་ཡིག་བརྒྱ་མང་དུ་བཟླས་ན་ལྷ་གཟི་བྱིན་སྐྱེད་པ་དང༌། སྦྱིན་སྲེག་མ་གྲུབ་ན་དེ་བྱ་བར་རབ་གནས་དགེ་འཇོ་ལས་གསུངས། ༈ ཁ་སྐོང་གི་སྦྱིན་སྲེག་མ་གྲུབ་ན་ཁ་སྐོང་གི་བཟླས་པས་དོན་འགྲུབ་པ་ལའང་ཁུངས་ཡོད་ཅེས་སྨིན་གཏེར་རིན་པོ་ཆེས་སོ། ༈ །དབང་དང་རབ་གནས་སྐབས། སྔར་བསྙེན་པ་སོང་ཟིན་ཡང༌། སླར་ཁ་གསོའི་བསྙེན་པ་བྱས་ཏེ། གདོད་བརྩམས་པར་གསུངས་ལ་རིལ་སྒྲུབ་སོགས་ལའང་དེ་ལྟར་གྲུབ་ན་ཆེས་ལེགས་སོ། ༈ །གཏོར་ཟློག་གི་དུས། སྔོན་དུ་ལྷ་སྲུང་མཆོད་གཏོར་གྱིས་མཉེས་པ་དང༌། འབྱུང་པོ་


TN02_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མས་བརྔན་པ་གལ་ཆེ་བར་གསང་རྫོགས་གཏོར་ཟློག་ཏུ་བཤད་དེ། དེའང་དཀྱིལ་འཁོར་པ་ཐུགས་དམ་སྐོང་དགོས་ཚུལ་ལས་ཟུར་དུ་བཤད། ལར་ཡང་སྲུང་མ་ལ་གཏོར་མ་མི་སྦྱིན་པ་དང༌། བྱིན་ཡང་ཆུང་ཞིང་ངན་པ་དང༌། ཁྱད་པར་དུ་གཏོར་མ་མེད་པར་ལས་བཅོལ་ནན་གྱིས་བྱས་ན་སྔགས་པ་ལྟོགས་ཤིང་དབུལ་ཕོངས་འོང་བར་བཤད། ཆར་འབེབས་ལའང་དང་པོར་ཀླུ་གཏོར་བཟང་མང་གཙང་སྦྲ་ཐོན་པ་རེ་བསྔོས་ན་ཆར་མོད་པ་དང་མཐའ་བཟང་བའི་གནད་ཡོད་པ་འདྲ་སྟེ། ཀླུ་དབུལ་པོ་ལ་ཆར་སློང་བྱས་ན་ཕེབས་ཀྱང་མང་པོ་མི་འབྱུང་ཞིང༌། དེ་ལ་ཆར་ཕྱུང་ཆེས་ན་ཀླུ་རྒུད་ནས་ཡུལ་གྱི་ས་བཅུད་ལ་གནོད་པར་བཤད་ཡོད། ཀླུ་བུམ་འཇུག་པའང་ཀླུ་ཕྱུག་པོར་བཏང་ཐབས་དང༌། ཀླུ་གསོ་བའི་ཆོ་གར་སྣང༌། ཁ་ཅིག་གཡང་ཆོག་ལ་རྫས་དང་བསེ་རག་བཀར་བ་སོགས་གཟབ་ནས་བྱེད་ཀྱང་སྦྱིན་བདག་སོགས་སླར་དབུལ་དུ་འགྲོ་བར་སྣང་བའང་གཏོར་ཚོགས་ཞན་པས་ཡིན་ནམ་སྙམ། ༈ །པདྨ་གསུང་གི་སློབ་དཔོན་ལ། ཐབས་མཁས་པ་ཕུན་སུམ་ཚོགས་པ་དང༌། བཟླས་བརྗོད་ལ་རྟག་ཏུ་དགའ་ཞིང་བརྩོན་པ་དང༌། སྤྱོད་ལམ་ཐམས་ཅད་དུ་སེང་གེ་ལྟར་སྤྱོད་པ་དང༌།


TN02_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་གར་རོལ་མོ་རྣམས་ལ་དགའ་ཞིང༌། མཆོད་པའི་བྱེ་བྲག་ལ་མཁས་པ་དང༌། ལྷ་དང་བླ་མའི་བཀའ་བཞིན་དུ་བྱེད་པ་ལས་མི་འདའ་བ་དང༌། སྤུན་ལ་གདུང་ཞིང་སེམས་ཅན་ལ་འདུད་པ་དགོས་པ་དང༌། དེའི་སློབ་མ་ལའང༌། འགྲོ་བའི་སེམས་མི་དབྱུང་བ་དང༌། གླུ་གར་རོལ་མོ་སྣ་ཚོགས་ལ་བརྩོན་ཞིང་མཁས་པ་སོགས་དགོས་པར་ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས་གསུངས་ཏེ། རང་ཉིད་པདྨའི་སློབ་དཔོན་དུ་བྱ་བ་དང༌། རིགས་དེའི་སློབ་མ་ངོ་ཤེས་པ་ལ་མཁོའོ། ༈ །བླ་མ་དགོངས་འདུས་ཀྱི་ཆིངས་ལྔ་ལས། ཆོས་ལོ་ལེགས་པའི་སྙེ་མ་མཐོང་བའམ་བུ་ཆུང་མེ་ཏོག་གི་ཚལ་དུ་སླེབ་པ་ལྟར་གང་བྱས་ན་དྲག་གམ་གང་ཉམས་སུ་བླངས་ན་དྲག་གམ་སྙམ་ནས་འདམ་རིས་ཀྱི་ངང་དུ་མི་ཚེ་བུད་པ་མ་ཚོར་བ་འབྱུང་སྲིད་པས་དེ་ལྟར་མ་ཡིན་པར་རང་ཉམས་དང་བསྟུན་པར་ཆོས་གང་དད་པ་ཞིག་གི་ཕུ་ཐག་བཅད་དེ་སྤང་ལེན་ཐང་ལྷོད་རེ་དོགས་གཉིས་འཛིན་མེད་པར་རྩེ་གཅིག་ཏུ་ཉམས་སུ་བླང་༔ དེ་ལྟར་བསྐྱེད་རྫོགས་ལ་སོགས་གང་ཡིན་གཅིག་ལ་བརྟན་པ་ཐོབ་ཕན་ཆད་ཆོས་ཐམས་ཅད་ཀྱི་དགོངས་པ་ལོན་ནས་གཅིག་ཤེས་ཀུན་ལ་མཁས་པར་འགྱུར་རོ། །ཞེས་གསུངས་ཏེ། པདྨའི་གསང་སྔགས་ལམ་རིམ་གྱི་རང་འགྲེལ་ལས་ཀྱང་འདི་ཁོ་ན་བཞིན་ནན་ཏན་དུ་གདམས་སོ། །


TN02_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི། སྐྱབས་རྗེ་གཏེར་ཆེན་བླ་མ་རྣམ་པ་གཉིས་ཀས་ཡང་དང་ཡང་དུ་གདམས་པར་མཛད་ཅིང༌། སྔོན་གྱི་མཁས་གྲུབ་ཆེན་པོ་ཐམས་ཅད་ཀྱི་སྤྱི་ལུགས་གལ་པོ་ཆེར་སྣང་ངོ༌། །དཔལ་རྟ་མགྲིན་སྒྲུབ་པའི་དམ་ཚིག་ཏུ། འདིའི་ལྷ་སྔགས་ལ་ཡི་དམ་བྱེད་པ་གཞན་གྱིས་མི་ཤེས་པར་བྱ། ཆོ་ག་དང་ལྷ་གཞན་གཅིག་བྱེད་པ་སྐད་བྱ། དཔལ་གྱི་བྲིས་སྐུ་དང་དཀྱིལ་འཁོར་སོགས་མི་ལ་མི་བསྟན། ཀུན་ལ་སྙིང་རྗེ་བསྐྱེད། ཕོངས་ཤིང་ཉོན་མོངས་པ་རྣམས་ཀྱི་མགོན་སྐྱབས་བྱ། རྒྱུན་དུ་བགྲང་ཕྲེང་དང་མི་འབྲལ་བར་བྱེད། རྟ་མཆོག་གི་བཟླས་པ་ལ་སྤྱོད་ལམ་ཐམས་ཅད་དུ་བརྩོན། འདིའི་རིག་སྔགས་འཆང་བ་གཞན་ལ་མི་བསྡིག །མ་ཉེས་པའི་ཀླུ་སོགས་འདྲེ་གདོན་ཉེས་མེད་མི་གཟིར། གླུ་བྲོའི་བརྟུལ་ཞུགས་ལ་སློབ། འདི་རྣམས་རྟ་མགྲིན་ཡང་གསང་གི་སྤྱོད་པའི་མན་ངག་ལས་བཤད་དེ་ངེས་པ་འདྲོངས་ངོ་ཤེས་པར་སྣང༌། ཕུར་པ་སྤུ་གྲིའི་རང་དོན་བྱང་ཆུབ་ནར་མའི་སྒྲུབ་པ་ལས། བསྙེན་པའི་བསླབ་བྱ་ནི༔ བི་ཏོ་ལས༔ མི་བཀོལ་མི་བཤད་གཞན་མི་བསམ༔ ཞེས་པས་བསྙེན་པའི་མཚན་རྟགས་མ་ཐོན་བར་དུ་ལྷ་ཉིད་མི་བཀོལ་ཏེ༔ གཞན་གྱི་གནོད་པ་གདོན་ཅན་ཀུན་ལ་ལྷ་དེའི་སྒོ་ནས་


TN02_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་མི་བྱ༔ བྱས་ན་བོ་ཟག་མཚན་མ་འགྲིབ་པས་སོ༔ ཟས་གོས་ཀྱང་རང་དབང་རྫས་ལ་བརྟེན་པ་འགྲུབ་ཉེའོ༔ སྙིང་པོའང་སྒྲུབ་པའི་དུས་མ་ཡིན་པ་གཞན་ལ་མི་བཤད་དོ༔ མི་བསམ་ཞེས་པས་སེམས་རྩེ་གཅིག་ཏུ་ཡི་དམ་གྱི་ལྷ་ལ་དམིགས་པ་མ་གཏོགས་པ་བཟང་ཡང་རྟོག་ཚོགས་གང་ཡང་ཡིད་ལ་མི་བྱ༔ ཐ་ན་ལྟ་རྟོགས་ཡི་གེ་ལ་སོགས་པ་གཡེང་བ་སྤངས་ཏེ་ས་སྡེ་གཟུག་པར་བྱའོ༔ ཞེས་གསུངས། ལྕེའི་ཤ་དང་མཚེར་པ། སྒོག་པ་དང་ལན་ཚ་སོགས་སྔགས་ཀྱི་ནུས་པ་ཉམས་པར་བྱེད་པའི་ཟས་ཟོས་ན་གཉེན་པོའི་སྔགས་ཨ་ལི་ཀ་ལི་ཅི་ནུས་བཟླ་ཞེས་བཀའ་བརྒྱད་རང་ཤར་གྱི་ཐེམ་ལས་གསུངས་ཏེ། དེའང་ཐོ་རང་དུས་བཟླས་ན་ཁྱད་ཆེ་བར་གསལ། སེམས་ཉིད་ངལ་གསོ་རྩ་བའི་ཕྲིན་ལས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྙིང་པོ་ཡི་གེ་བརྒྱ་པ་ཡང་༔ ཐུན་མཚམས་རྣམས་སུ་ཉེ་བར་བཟླ༔ འདི་གཡེལ་ཞུད་སྐོར་སྲུང་བ་ལ་ཟབ་པར་དེ་ཉིད་བསྡུས་པ་ལས་གསུངས། སྒྲིབ་དག་ནུས་པ་མཆོག་ཏུ་འགྱུར༔ ཞེས་གསུངས་ཤིང༌། གཞན་དུ་མར་ཡང་ཡིག་བརྒྱས་ཆད་ལྷག་གི་ཉེས་པ་ཞི་བ་དང༌། བྱིན་རླབས་བརྟན་པར་བྱེད་པར་གསུངས་པས་ཐུན་མཚམས་སུ་བཟླ་བ་གཅེས་སོ། །རང་གི་ཡི་དམ་གྱི་ལྷ་དང་


TN02_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གདམ་ངག་ལ་གཉིས་འཛིན་མི་བྱ་བར་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བློ་ཧྲིལ་གཏོད་པ་ནི་སྲོག་ལྟར་གཅེས་སོ། ༈ །བོད་ཀྱི་གྲུབ་ཐོབ་ཚེམ་བུ་པས། ཡི་དམ་སྒྲུབ་དུས་ཕྱི་སྣོད་གཞལ་ཡས་ཁང་དྭངས་གསལ། མནན་ནེམ་བཏེགས་སྤར་སོགས་སུ་བསྒོམ་པས་འབྲས་དུས་ཞིང་ཁམས་རྣམ་དག་དང༌། རང་ལུས་ཕྱི་ནང་གི་སྲིན་འབུ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་འཕགས་པའི་སྐུར་སྒོམ་པས་སངས་རྒྱས་དུས་འཁོར་ཡོངས་དག་འགྲུབ་གསུངས་ཏེ། དེ་དག་མ་ཐོབ་བར་དུའང་གནས་དང་འཁོར་ཕུན་ཚོགས་འཐོབ་པའི་རྒྱུར་འགྱུར་ལ། དེའི་རིགས་པས་མཆོད་པ་དང་འོད་ཟེར་སྤྲོ་བསྡུའི་དམིགས་པས་ཡོ་བྱད་དང་མཛད་ཕྲིན་སྒྲུབ་པར་ཡང་འགྲེ། ཡང་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་སྤྱན་དྲངས་ནས་རང་ལ་བསྟིམ་པས་རང་ཡི་དམ་ཀུན་འདུས་སུ་སྒོམ། ཡི་དམ་གྱི་ལྷ་གཅིག་ལ་ཡི་དམ་ཐམས་ཅད་འདུས་པར་བསྒོམ་པས་ཡི་དམ་གྱི་ལྷ་ཐམས་ཅད་ཞལ་མྱུར་དུ་མཐོང་ཞིང་དངོས་གྲུབ་འབྱུང་བ་ཡིན་གྱི། འགའ་ཞིག་ལྷ་ཡང་བསྒོམ་ཡང་བཤིག་མང་པོ་བྱེད་པར་འདུག་སྟེ། དེ་ལ་ཞལ་མཐོང་དུས་མི་ཡོང་ལ། དངོས་གྲུབ་ཀྱང་མི་འབྱུང་སྟེ། ཡི་དམ་ལ་འདོར་ལེན་དུ་སོང་བ་ཡིན་གསུངས། ཁོང་གི་ལུགས་


TN02_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ལ་འཇམ་དབྱངས་ཕྱག་རྡོར་སོགས་སོ་སོའི་རྣམ་པར་རང་ཐུགས་རྗེ་ཆེན་པོར་གསལ་བ་ལ་བསྡུས་པས་ཐམས་ཅད་མ་འདྲེས་པར་ཏིལ་གྱི་གང་བུ་ལྟར་གནས་པར་བསམ་པ་ཡིན་སྣང་ཡང༌། དེ་འདྲའི་ཡི་དམ་གྲངས་མེད་པ་ཐུགས་རྗེ་ཆེན་པོའི་རྣམ་པར་རང་ལ་བསྲེ་བ་ལའང་གནད་ཚང་འདྲ། ཡང་སྙིང་གར་ཡིག་དྲུག་བཀོད་ལ་དེ་ཀློག་པའི་ཚུལ་དུ་བསམ་ཏེ་བཟླ་གསུང༌། ཡང་རང་དང༌། སྤྱི་བོའི་རིགས་བདག་དང༌། སེམས་ཅན་ཐམས་ཅད། ཐ་ན་རང་ལུས་ཀྱི་སྲིན་འབུ་ཡན་ཆད་ལྷར་བསྒོམ་པ་རྣམས་ཀྱིས་བཟླས་པའི་གྲོགས་བྱེད་པར་བསམ་ལ་སྔགས་བཟླ། ད་ལྟ་ཕལ་ཆེར་སྔགས་རྡོག་པོ་རེ་ལ་ཕྲེང་བ་རྡོག་པོ་རེ་བསྐྱུར་ནས་བཟླས་པ་བྱེད་དེ། དེ་ལྟ་བུས་བསྙེན་པ་འཁྱོལ་དུས་མི་ཡོང༌། ཚེ་གཅིག་ལ་སངས་རྒྱས་ཐོབ་པར་བྱེད་པ་ལ། འདི་ལྟ་བུའི་བཟླས་པ་བྱེད་པ་ནི་དཔག་ཏུ་མེད་པས་ཚད་མེད་པར་འགྱུར་བའི་བཟླས་པ་ཡིན་གསུང༌། ཁོང་རང་ཕྲེང་བ་ཧབ་བསྐྱུར་མཛད་ཅིང༌། འདི་ལྟ་བུའི་སྟེང་ནས་ཐུགས་དམ་མཛད་པ་ཡིན་སྐད། རྗེ་བཙུན་ཙོང་ཁ་པ་ཆེན་པོ་ནི། དེ་འདྲའི་འགྱུར་ཁྱད་ལ་ཕྲེང་བ་བགྲང་མི་བཏུབ་ཀྱང༌། སྤྱིར་ནུས་པ་སྐྱེ་བ་ལ་ཁྱད་ཤིན་ཏུ་ཆེ་གསུང༌། ༈ །བཟླས་པ་ཁ་གསོ་ཆག་མེད་ཡུན་སྲིང་ཐད།


TN02_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གྲོག་མཁར་དང་སྦྲང་རྩིས་ཆུ་ཡི་ཐིགས་པ་བསགས་པས་ཀྱང་སྣོད་ཆེན་སོགས། རྟག་ཏུ་བབས་ན་ཆུ་རྒྱུན་འཇམ་པོས་རྡོ་འབིགས་སོགས་རྫིང་མ་བཅུས་ན་སྐམ་པས་རྒྱུན་དུ་འཆུ་དགོས། མཁར་ཁར་རྡེའུ་འཇོག་འཕྲོ་མ་བཅད་པར་ཡུན་བསྲིང་ན་མཐོན་པོར་འོང༌། བྱིས་པ་དང་ལྗོན་ཤིང་གི་སྐྱེད་འཕེལ་ཚུལ། ཉལ་བསྡད་ན་བང་མགྱོགས་ཡིན་རུང་ཞག་བརྒྱའི་མཐར་ཡང་རང་མལ། སོང་ན་ཞ་ནུད་བྱས་ཀྱང་ཉི་མ་གཅིག་གིས་རི་རྩེར་སླེབ་འགྲོ། ཉིན་རེ་གོམ་རེ་སོང་ཡང་ཇེ་མཐོ། སེ་མོ་གྲུབ་དང་བྱང་བའི་ར་མདའ། འཕགས་ཡུལ་མ་ག་དྷར་འགྲོ་ཡང་མིག་རྡོག་སྣེར་ལྟ་དགོས། ཆེ་ལ་མ་རྔམ་ཆུང་ལ་མ་བརྙས་བླ་མ་ཡི་དམ་སོགས་ཐུགས་རྗེ་དང་སྨོན་ལམ་དང་ཐབས་མཁས་མཐུ་ཆེ་བས་ཆུ་ཐིགས་རྒྱ་མཚོར་བཞག་པ་དང་ལྗོན་ཤིང་ཆེན་པོ་ལ་འཁྲི་ཤིང་བརྟེན་པ་ལྟར་བཟླས་སྒོམ་གྱི་འབྲེལ་བ་ཕྲ་མོས་ཀྱང་ནྱ་་ས་བོན་གྱི་དཔེ་ལྟར་འབྲས་བུ་རྒྱ་ཆེན་སྐྱེད་ནུས་ཏེ་ཞིང་གི་མཐུ་ཕུལ་བྱུང་ཟེར་རྒྱུ་དེ་རེད། གཞི་བསྙེན་དང་རྒྱུན་ཁྱེར་གཉིས་ཀྱི་ཕྱི་མས་སྔ་མ་ནུས་པ་ཁ་གསོ་ཞིང་གོང་འཕེལ་དུ་བྱེད་པ་ལྡུམ་ར་ཆུས་ཡང་ཡང་བཅུས་པ་ལྟ་བུ། སྔ་མས་ཕྱི་མ་ནུས་པ་སྤོར་བ་ཉི་ཟེར་མེ་ཤེལ་ལ་བཅུག་པ་ལྟ་བུ།


TN02_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱི་ཁ་གཏིང་འདྲེས་པ་རླན་སར་ཆུ་ཕོ་བ་ལྟ་བུ། ཕྱི་མས་སྔ་མ་སྤོར་བ་ལ་ཚེགས་མེད་པ་སོ་བརྡར་གྱི་རལ་གྲི་ཁ་བླང་བ་ལྟ་བུ། ཕྱི་མ་བར་མ་ཆད་ན་བཟང་བ་ཀློག་སྦྱོང་བ་དང་རོལ་མོ་བཞག་ལྐུག་ལ་མི་བཏང་བ་ལྟ་བུ། སྔགས་གྲངས་བདུན་ནམ་ཉེར་གཅིག་ཙམ་རེ་ཆག་མེད་རྒྱུན་ཁྱེར་བྱས་ཀྱང་སྔ་མའི་སྟོབས་སྤོར་བ་སྣུམ་ནག་བསྐོལ་བའི་ནང་དུ་ཛ་གད་ཀྱི་ཐིགས་པ་གཅིག་སོང་བ་ལྟ་བུ། བསྙེན་པ་མ་བྱས་པས་ཕྲེང་སྐོར་མང་པོ་བཟླས་པ་ལས་བསྙེན་སོང་གིས་རེ་ཟུང་བཟླས་པ་མཐུ་ཆེ་བ་རྩལ་མེད་ཀྱིས་མདའ་བརྒྱ་འཕང་བ་བས་སྐྱེན་པོས་མདའ་གཅིག་འཕང་བ་ཕོག་དང་གཅོད་ཚབས་ཆེ་བའམ་ཤིང་ཐུར་བརྒྱས་མི་ཕིགས་པ་ཁབ་གཅིག་གིས་ཕིགས་པ་ལྟ་བུ། ༈ །བླ་མ་དགོངས་འདུས་བལྟ་དུས་འདི་ལྟར་གོ །ལྷའི་གནས་གསུམ་གྱི་འབྲུ་གསུམ་ལ་དམིགས་ཤིང་རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་དུ་ཤེས་ནས་དེ་ལ་ཡིད་གཏད། འདི་ནི་ཕྲེང་བ་མེད་པའི་སྔགས་བཟླས། བླ་མ་ཨོཾ། ཡི་དམ་ཨཱཿ མཁའ་འགྲོ་ཧཱུཾ། ཡང་དེ་དག་གི་སྐུ་ཨོཾ་སོགས་གསུམ། དེས་ན་བྱིན་རླབས། དངོས་གྲུབ། ཕྲིན་ལས་ཐམས་ཅད་ཀྱི་རྩ་བ་སྟེ། སྔགས་ཐམས་ཅད་ཀྱི་མགོ་འདྲེན་དང་རྒྱས་འདེབས་སུ་འབྱུང་བའི་གནད་ཀྱང་དེ་ཡིན།


TN02_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། གཉུག་མའི་རང་བཞིན་ལ་སྒོ་གསུམ་རྣམ་དག་དྲི་བྲལ་གཞོམ་གཞིག་ལས་འདས་པར་ཡེ་ནས་ཡོད་ཀྱང༌། ཀུན་རྟོག་རགས་པའི་རྩ་ཁམས་བཅས་ཕྱིར་སྤྲོས། གཉུག་མའི་ཆ་གསེབ་ཏུ་བག་ལ་ཞ་བའམ་ནང་དུ་ལུས། གློ་བུར་བའི་སྣང་ཞེན་གྱི་སྟོབས་བདོ། དེ་འདྲའི་སྣང་ཞེན་གྱི་དབང་དུ་ཕར་ཤོར་བ་ལ་རང་སྣང་དབང་དུ་མ་འདུས་པ་ཞེས་བྱ་སྟེ། དེ་ལྟར་གཉུག་མའི་ཡོན་ཏན་དང་རང་གི་བར་དུ་དབྱེན་སྦྱོར་བྱེད་མཁན་ནི་ཀུན་རྟོག་སྤྲོ་སྡུད་ཀྱི་བྱེད་པོ་ལས་རླུང་ཁོ་ན་ཡིན། དེའང་ངོ་ཤེས་ན་དག་པ་སངས་རྒྱས་ཀྱི་རྡོ་རྗེ་གསུམ་སྔགས་འབྲུ་གསུམ་གྱི་རང་བཞིན་ལས་མ་འདས་ཀྱང༌། རང་གི་རླུང་གི་དེ་ཉིད་རང་གིས་ངོ་མ་ཤེས་པར་གོལ་ཏེ་ཉེས་པ་བརྒྱ་ཕྲག་གི་འབྱུང་གནས་སུ་སོང་བ་ཡིན་པས། ད་དེ་ངོ་ཤེས་ནས་མ་ཡེང་བར་སྒོམ་པ་མ་གཏོགས་ཛབ་དབྱངས་བགྲང་ཕྲེང་སོགས་ཅི་ཡང་མི་དགོས། མཚན་མ་གཏན་ལ་ཕེབས་ཡོང༌། དེ་ལྟར་རང་གི་ལས་རླུང་ལ་སངས་རྒྱས་ཀྱི་རྡོ་རྗེ་གསང་གསུམ་གྱི་བྱིན་དྲོད་ཕེབས་ཚེ་ལས་རླུང་ཡེ་ཤེས་ཀྱི་རླུང་དུ་འགྱུར། སེམས་ཡེ་ཤེས་སུ་འཕོ། སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་དུ་འཆར་ཞིང༌། དབྱེན་སྦྱོར་མཁན་གྱི་ལྕེ་ཆད་པས་ཐ་མལ་པའམ་མ་དག་པ་ཞེས་པའི་ཐ་སྙད་


TN02_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་དེ་དངོས་གྲུབ་ཀྱི་གཏེར་ཁ་ཕྱེ་ཡོང་བ་རེད། ལས་རླུང་གསུང་རྡོ་རྗེའི་སྙིང་པོ་འབྲུ་གསུམ་དུ་ངོ་སྤྲོད་ལུགས་འདིའང་སྣང་བ་ལྷར་སྒྲུབ་ཀྱི་སྟེང་ནས་འགྲོ་དགོས། རྒྱུད་རྡོ་རྗེ་ཕྲེང་བར་ཡང་སེམས་ཅན་རྣམས་ཀྱིས་རྟག་ཏུ་གསང་སྔགས་རྒྱལ་པོ་ཟློ་ཡང་ངོ་མི་ཤེས་པར་གསུངས་ཀྱང་གསར་རྙིང་གི་འགྲེལ་ལུགས་ཅུང་མི་འདྲ། ཐ་མལ་པའི་རྣམ་རྟོག་གི་སྲོག་ཏུ་གྱུར་པའི་རླུང་ཁམས་སྔགས་སུ་སྦྱང་བས་དག་པའི་རྣལ་འབྱོར་ལ་བདེ་བླག་ཏུ་དབང་འབྱོར་རྙེད་པའི་ཚུལ་འདི་ཧ་ལམ་བློ་སྦྱོང་མཁན་པོས་གཏོང་ལེན་རླུང་ལ་བསྐྱོན་པའི་གནད་སོགས་དང་ཡང་ཕྱོགས་ཙམ་མཐུན་མདོག་ཁ་བོ། ༈ །སྒྲུབ་དུས་དམག་འཁྲུགས་འུར་ཞོག་སོགས་གཞན་རྐྱེན་གྱིས་སྒྲུབ་པ་ཞུད་པ་བྱུང་ན། དང་པོ་ནས་ལེ་ལོ་སྙོམ་ལས་ཀྱིས་སྒྲུབ་མཚམས་གཡེལ་ཞིང་ལྷོད་པ་དང༌། སྲུང་འཁོར་སྒོམ་པ་ལྷོད་པས་ལན་ཕྱིར་སྒྲུབ་པ་ཇེ་དམ་དུ་བཏང་ལ། སྲུང་འཁོར་ཧུར་ཐག་གིས་སྒོམ། བསྐྱར་ཞིང་སྤོགས། ལྟས་ངན་གཡང་དུ་སློང་ཐབས་ལ་འབད་གསུངས་ཏེ། ཕྱི་མ་ནི་རྐྱེན་སྣང་དགེ་སྦྱོར་གྱི་རྩལ་སྦྱོང་དུ་འཁྱེར་བའོ། །ནང་འཐབ་སོགས་བྱུང་ན་འཐབ་ཟླ་མཚམས་འོག་ཏུ་ཆུད་པ་ཡིན་ཕྱིན་ཕྱིར་མི་འདོན་པ་བསྐང་བཤགས་ཡིག་བརྒྱ་སྦྱོང་ཁྲུས་སོགས་ལ་འབད་གསུངས། ༈ །ཆགས་


TN02_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས། ངག་ནུས་འདོད་ན་མཚམས་ཀྱི་རིང་སྔགས་ཀྱིས་མ་བརླབས་པའི་ཆུས་ཁ་མི་བཤལ་ཞིང་ལུས་མི་བཀྲུ། ཚོགས་འཁོར་དུ་མ་བརླབས་པའི་ཤ་ཆང་ལ་ཕུག་སྒོག་རིགས་མི་ཟ་གསུངས་ཏེ། ལར་ཡང་བཟའ་བཏུང་བྱིན་རླབས་མ་བྱས་པར་མི་སྤྱོད་པ་འདི་ལ་བུ་ལོན་བྱང་བ་སོགས་ཀྱི་ཕན་ཡོན་དུ་མ་ཟད། ངག་ནུས་མི་ཉམས་པའི་གནད་ཀྱང་ཆེ་བར་གསལ། ༈ །བསོ་ཆོས་རྗེའི་སྦྱོར་དྲུག་ཁྲིད་ཡིག་ལས། སྔར་བཤད་པ་ལྟ་བུའི་རྟེན་གྱི་གང་ཟག་མཚན་ཉིད་དང་ལྡན་པ་དེས་རྫོགས་རིམ་གྱི་སྨིན་བྱེད་དུ་གྱུར་པའི་བསྐྱེད་རིམ་ཕྲ་ཐིག་གི་རྣལ་འབྱོར་ཡན་ཆད་དཔྱད་སྒོམ་གྱི་ཚུལ་དུ་བྱས་ནས། དེའི་འོག་ཏུ་གསལ་སྣང་འདོན་པའི་ཕྱིར་འཇོག་བསྒོམས་བྱེད་པ་ནི་བསྐྱེད་རིམ་གྱི་སྤང་བྱ་ཐ་མལ་གྱི་སྣང་ཞེན་གཉིས་ཡིན་ལ། ཐ་མལ་གྱི་སྣང་བ་དཀྱིལ་འཁོར་གྱི་རྣམ་པ་གསལ་བར་སྣང་བས་སྤོང་ཞིང༌། ཐ་མལ་གྱི་ཞེན་པ་རྟེན་བརྟེན་པའི་དཀྱིལ་འཁོར་ལ་ང་རྒྱལ་འཕོས་པས་སྤོང་བ་ཡིན་ནོ། །དེ་ཡང་ཐ་མལ་གྱི་ཞེན་པ་ཉིད་སྤང་བྱའི་གཙོ་བོ་ཡིན་པས། ང་རྒྱལ་བརྟན་པ་ལ་གཙོ་བོར་བསླབ་དགོས་ཤིང༌། དེའི་སློབ་ཚུལ་ནི། ད་ལྟའི་མ་དག་པའི་ཕུང་སོགས་འདི་ལ་བརྟེན་ནས་བཏགས་པའི་ང་ཐ་མལ་པ་འདི་དམིགས་ཡུལ་དུ་བྱས་ནས་ང་


TN02_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ངོ་སྙམ་དུ་བསྒོམ་པ་རྣམ་པ་ཐམས་ཅད་དུ་མི་རུང་སྟེ། དེ་ལྟ་བུའི་ལོག་ཤེས་སངས་རྒྱས་ཀྱི་རྒྱུར་མི་འགྱུར་བའི་ཕྱིར། དཔེར་ན་ཐག་པ་ཁྲ་བོ་སྦྲུལ་དུ་བཟུང་བས་སྦྲུལ་ཐོབ་པར་མི་འགྱུར་བཞིན་ནོ། །རང་ཉིད་ལམ་བསྒོམས་པའི་མཐར་སངས་རྒྱས་པའི་རྡོ་རྗེ་འཆང་དེ་ངའོ་སྙམ་དུ་བསྒོམ་པ་ཡང་མ་ཡིན་ཏེ། དེ་ལྟར་བསྒོམས་པས་ད་ལྟའི་ཐ་མལ་གྱི་སྣང་ཞེན་འགོག་པ་ལ་མི་ཕན་པའི་ཕྱིར། དེས་ན་ད་ལྟའི་དུས་དང༌། མ་འོངས་པའི་དུས་ལ་སོགས་པའི་ཁྱད་པར་དུ་བྱས་ནས་འཛིན་སྟངས་ཀྱི་ཡུལ་དུ་མི་བྱེད་པར། དང་པོར་ཤུནྱ་ཏ་ལ་སོགས་པའི་སྔགས་དོན་དྲན་པར་བྱས་ནས་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ངོ་བོར་སྐྱེ་བར་མོས་ཏེ་ཆོས་ཀྱི་སྐུའི་རང་བཞིན་དུ་གྱུར་སྙམ་དུ་ཆོས་སྐུ་ལ་ང་རྒྱལ་འཇོག །དེའི་ངང་ནས་བདེ་སྟོང་གི་ཡེ་ཤེས་དེའི་གཟུང་རྣམ་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་ལངས་པའི་རྣམ་པ་གསལ་བ་དང༌། དེ་ཉིད་གདགས་གཞིར་བྱས་ནས་ངའོ་སྙམ་དུ་ཞེན་ཅིང༌། དེ་ལྟ་བུའི་ང་དེ་ཞེན་གཞིར་བྱས་ནས་ང་རྡོ་རྗེ་འཆང་ངོ་སྙམ་དུ་སྒོམ་པ་ཡིན་ཏེ། དཔེར་ན། སྦྱང་གཞི་ལ་མ་དག་པའི་ཕུང་སོགས་གདགས་གཞིར་བྱས་པའི་སྟེང་དུ། དུས་ཀྱི་ཁྱད་པར་དུ་མ་བྱས་པར་ངའོ་སྙམ་པའི་བློ་


TN02_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཞིང༌། དེ་ལྟ་བུའི་ང་དེ་ཞེན་གཞིར་བྱས་ནས། ང་ལྷ་སྦྱིན་ནོ་སྙམ་པའི་བློ་སྐྱེ་བར་འགྱུར་བ་བཞིན་དུ། དེ་ཉིད་འགོག་པའི་དག་པའི་སྣང་ཞེན་དུ་འཕོ་ཚུལ་ཡང་དེ་ལྟར་བཞེད་པ་ཡིན་ལ། རྗེ་ཡབ་སྲས་གསུམ་ཀ་ཡང་དེ་ལྟར་བཞེད་པ་ལ་མི་མཐུན་པ་ཅུང་ཟད་ཀྱང་མེད་པས། རྒྱལ་ཚབ་དམ་པའི་དགོངས་པ་དེ་ལས་གཞན་དུ་འཆད་པ་ནི་རང་གི་བློའི་དྲི་མས་དམ་པའི་ལེགས་བཤད་ཉམས་པར་བྱེད་པ་ཡིན་ནོ། །དེས་ན་གཟུ་བོར་གནས་པའི་བློས་ལེགས་པར་དཔྱད་ནས་སྔར་བཤད་པ་ལྟ་བུའི་བསྒོམ་ཚུལ་ལ་མཁས་པར་བྱས་ཏེ། ཐོག་མར་དཔྱད་བསྒོམ་བྱས་པའི་མཇུག་ཏུ་ལྷ་ཐམས་ཅད་ལ་གསལ་སྣང་འཆར་དཀའ་ན་དང་པོ་ཞལ་གཅིག་ཕྱག་གཉིས་པ་ལྟ་བུ་ལ་བསླབ། དེ་ཡང་ཞལ་ཕྱག་རྫོགས་པ་འཆར་དཀའ་ན། སྔོན་དུ་རྩ་ཞལ་ལྟ་བུ་གཅིག་ལ་སེམས་འཛིན། དེ་གོམས་ནས་སྔ་མའི་གསལ་སྣང་མ་ཤོར་བའི་སྟེང་དུ་ཞལ་གཞན་རེ་རེ་ནས་བསྣན་པ་ལ་སེམས་འཛིན། དེའི་སྟེང་དུ་ཕྱག་ཞབས་སོགས་སྐུའི་ཆ་ཤས་རེ་རེ་ནས་བསྣན་ཅིང་སེམས་བཟུང་བས་གཙོ་བོའི་སྐུའི་ཆ་ཤས་རྒྱན་དང་བཅས་པ་དུས་གཅིག་ཏུ་གསལ་བར་སྣང་བ་དང༌། དེ་ལ་ང་རྒྱལ་བརྟན་པ་ན། ཡུམ་དང་འཁོར་ལ་སོགས་པ་རེ་རེ་བསྣན་ཅིང་སྔར་ལྟར་བསྒོམས་པས།


TN02_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་གསལ་བར་སྣང་ཞིང༌། དེ་ལ་ང་རྒྱལ་འཕོས་པས། མཉམ་གཞག་དེའི་རིང་ལ་ཐ་མལ་གྱི་སྣང་ཞེན་གང་ཡང་མི་འབྱུང་ཞིང༌། ཡུན་རིང་པོར་མཉམ་པར་འཇོག་ནུས་ཞེས་སོ། ༈ །ཧཱུྃ་བསྙེན་ཟིན་བྲིས། ༈ །དང་པོ་གསོལ་འདེབས་དུས་ནས་ཡོངས་རྫོགས་རེ་བཏང་ཡང་རྩལ་འདོན་ཕྱོགས་ཀྱི་ཁྱད་ཙམ། དངོས་གཞིའི་བཟླས་པའི་ཡང་བར་སྐབས་ནམ་འདོད་དུ་ཡང་གསོལ་འདེབས་སྔར་ལྟར་བཏང་ལ་ཐུགས་ཡིད་བསྲེས་ངང་བཟླ། ལས་སྦྱོར་གྱི་ཛབ་ཀྱང་བསྐྱེད་བཟླས་ཚད་ལ་མ་ཕེབས་གོང་ནས་ཐུན་རེ་བཞིན་མཇུག་ཏུ་མཚོན་ཙམ་རེ་གཏོང༌། མགོའི་གསོལ་འདེབས་དུས་གདུང་ཤུགས་སྐྱེད་ཚུལ་ཐུགས་རྗེ་ལྡན་པའི་རྒྱལ་བ་ཁྱེད་ལྟ་བུས་ཞེས་སོགས་ལྟར་མ་ཕྱི་རོལ་དུ་སོང་བའི་ཤུལ་དུ་བུ་ཆུང་གདུང་ཡུས་ཀྱིས་ངུ་བ་སླར་མ་དང་ཕྲད་མ་ཐག་ཡུས་ཆེ་བྱེད་པ་ལྟར་བྱེད། ཕྱག་མཚན་ཡང་ཕུལ། སུམ་སྦྲེལ་རྡོ་རྗེ་གསུམ་མམ། རྩ་བ་གསུམ་གྱི་སྲོག་གཅིག་དྲིལ་གྱི་ངོ་བོར་མཚོན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སོགས་ཀྱང་ངོ༌། །ཐུན་མཇུག་དབྱངས་གསལ་ཡིག་བརྒྱ་སོགས་མི་མཛད། བསྙེན་ཚད་རྒྱས་པ་བྱེ་ཆུང༌།


TN02_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ལྔ་འབུམ། བསྡུས་པ་སུམ་འབུམ། ཡང་ན་རབ་ཀྱིས་སུམ་འབུམ། འབྲིང་གིས་ལྔ་འབུམ། ཐ་མས་བྱེ་ཆུང༌། དེའང་སུམ་སྦྲེལ་རེ་ལ་ཕྲེང་བ་རེ་བསྐྱུར། གསང་རྒྱ་དམ་པ་གལ་ཆེ། དྲག་སྲེག་དུས་དམིགས་པ་ཤིན་ཏུ་གསལ་པོས་དགྲ་བགེགས་རྫས་ལ་བཀུག་བསྟིམ་བྱས་ཀྱི་བདེན་བརྗོད་སོགས་ཅང་མ་བྱས། རྨ་བྱ་འདིར་སྨོས་ནི་རྩ་རྨ་བྱ་ཡིན། དེ་རྣམས་ཞལ་གསུང་དངོས་སོ། །ཉིས་སྦྲེལ་ནི་དབྱིངས་རིག་གཉིས་ཏེ། དབྱིངས་ལས་རང་ཤར་རིག་པའི་སྐུ། །ཞེས་པའོ་སྙམ་པ་ལྟར་རུང་གསུངས། དགུ་རོང་དུ་ཁང་པར་གུ་རུ་བཞུགས་ཟེར་མཇལ་ཕེབས་རྡོ་གྲུབ་སྒྲུབ་གཏོར་རེད་ཟེར་དཔལ་གཏོར་ཧྱ་གདོང་ཅན་མཐོང་གུ་རུའི་ཐུགས་ཡེ་ཤེས་ཆོས་སྐུ་ཡིན་ཟེར་སྤྲིན་སྒྲས་བརྟན་གཡོ་གང་བྱུང་བའང་ད་རེས་འདིར་འདྲ་ཆགས་གསུང༌། འདིས་རྒྱལ་གདོན་དུ་མ་ཟད་ལྷ་སྲིན་སྡེ་བརྒྱད་གང་འདུལ་ཡང་འདྲ་ངེས་གསུང་བས་ཀླུ་དང་སྲི་རིགས་དང་འགོང་པོ་སོགས་ལ་གཟས་ཀྱང་རྣོ་བར་སྣང༌། འདི་ནི་བླ་སྒྲུབ་ཡིན་པ་དྲག་སྒྲུབ་ཡིན་པ། བཀྲ་ཤིས། སྲོག་དམར་འབྱིན་དུ་སྒྲུབ་པ་ཡིན་པ་གསུམ་གྱིས་རྣོ་ལ་མྱུར། གཉན། ཐང་ཡིག་ཏུ། རྒྱ་བོད་ལྷ་འདྲེ་གདུག་པ་འདུལ་བར་དགོངསཿསོགས། བཀའ་གདམ་དུ་སྤྲུལ་པ་གཅིག་ནི་ལྷ་འདྲེ་འདུལ།


TN02_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོགས། ཏཱ་ར་ན་ཐས། སློབ་དཔོན་འདི་ནི་གཙོ་བོར་མི་མ་ཡིན་གྱི་འཇིག་རྟེན་འདུལ་བའི་ཕྲིན་ལས་ཅན་ཡིན་སོགས། སྨིན་གླིང་དྲག་དམར་དུ། ཁྱད་པར་བྱིན་རླབ་དངོས་གྲུབ་མྱུར་འདོད་ན་སོགས། དང་པོ་ནི། སེམས་ཅན་ཕན་བཏགས་དམིགས་ནས་ནི། སོགས། བོད་ཀྱི་བླ་མའི་སྐལ་བ་སོགས། ལྔ་བརྒྱ་ཐ་མ་རྩོད་དུས་སྙིགས་མ་ལཿསོགས། གཉིས་པ་ནི། སྒྱུ་འཕྲུལ་ཞི་བ་ལས་ཁྲོ་བོ་མྱུར་བའི་རྒྱུ་མཚན་སྐབས་དང༌། སྙིགས་མའི་དབང་གིས་དངོས་གྲུབ་འགྲུབ་དཀའ་བའི་ཉེས་པ་ཐམས་ཅད་བཙན་ཐབས་དྲག་པོས་ལྕགས་བསྲེག་གིས་སྤུ་རྡུལ་དང༌། མེས་མེ་རྫས་གཞོམ་པ་ལྟར་བསྲེག་ནས་སྒྲུབ་པོའི་དངོས་གྲུབ་ཀྱི་དོན་མཛད་པ་ལ་ལྷག་པར་དགོངས་ནས་དེར་བཞེངས་པའི་ལྷ་སྟེ། ཉི་མའི་འོད་ཟེར་གྱིས་དྲོས་དཀའ་བའི་རྫས་རྣམས་དེའི་གདུང་བྱེད་ཀྱིས་རེག་ན་ཐལ་བར་འགྲོ་བ་བཞིན་ཏེ། ལྷ་ཞི་བའི་དེ་ཉིད་ཉི་འོད་དང༌། ཁྲོ་བོའི་དེ་ཉིད་ཀྱི་ལྡོག་ཆ་གདུང་བྱེད་ལྟ་བུར་གདུལ་དཀའ་འདུལ་བ་ལ་ཁྱད་ཆེ་སྟེ། གདུལ་དཀའ་ཞེས་པ་ནི་དགྲ་འདྲེ་ཁོ་ནར་མི་གཟུང་གི་སྙིགས་མའི་ལས་ཉོན་སྡུག་བསྔལ་ཐམས་ཅད་དུ་སྦྱོར་ལ། དེའི་དབང་གིས་ལྷ་ཞི་ཁྲོ་ལའང་ཁྱད་ཆེའོ། །དེའི་དབང་གིས་སྙིགས་མའི་ཤན་ཐམས་ཅད་ཐོགས་རྡུགས་མེད་པར་ཐལ་


TN02_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཕྱུངས་ཏེ་དངོས་གྲུབ་ཀྱི་གཏིང་ལ་སྦྱོར་བའོ། །སྒོས་སུ་གུར་དྲག་དང་གྲོ་ལོད་བོད་འདིར་བསྔགས་ཚུལ་སོགས། ལྷའི་སྒོས་མཛད་གཅིག་པོའི་སྣེ་ནས་ཐེན་ན་ལྷ་དེའི་དངོས་གྲུབ་གཞན་ཡང་གཡོ་འོང་ལ། དུས་མཐར་དྲག་ལས་འགྲུབ་སླ་བར་འཇམ་དཔལ་རྩ་རྒྱུད་ལས་ཏེ། དེས་ན་སྒོས་མཛད་དྲག་ལས་ཡིན་པ་རྣམས་དེང་སང་མྱུར་རམ་སྙམ། ཞི་བའི་ལས་ལ་རྩལ་ཐོན་དཀའ། ཐུགས་རྗེ་ཆེན་པོ་ལྟ་བུའི་དམིགས་བསལ་སྐབས་མ་གཏོགས། དྲག་ལས་ལ་རྩལ་ཐོན་སླ་ཞེས་པའོ། །གསུམ་པ་ནི། རྡོར་གཙུག་ལས་ཤིན་ཏུ་མྱུར་ཤོས་མཐར་ཐུག་ཡིན་པར་བཤད། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཟེར་བ་ལྟར་ཐུགས་ཀྱི་དངོས་གྲུབ་ཉམས་རྟོགས་ཁྱད་པར་ཅན་སྐྱེད་པ་ལ་ཟབ། ༈ །ལས་སྦྱོར་ཐད། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མི་ཤིགས་པའི་ཧཱུྃ་ཡིག་པདྨ་རཱ་ག་ལྟར་དྭངས་ཤིང་དག་པ་རེ་ཡོད་ལ། ལྷ་འདྲེ་རང་སེམས་སུ་ཤེས་པའམ་གཉུག་མའི་སྟོང་སྲོག་འཕྲོག་པ་རེད། དེ་དག་གི་རང་གཤིས་བཅོས་བསླད་བྲལ་བའི་དབང་དུ་བདག་རྣལ་འབྱོར་བའི་ཐུགས་རང་རིག་གི་ཧཱུྃ་དང་ཆོས་ཉིད་ཀྱི་དབྱིངས་སུ་རོ་གཅིག་ལས་འབྲལ་མི་ཤེས་ཤིང༌། སོ་སོ་མ་ཡིན་ཐ་མི་དད་དུ་གནས་པས། དེའི་དབང་དུ་བཏང་ནས་


TN02_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་སྟེ། དེའང་བདག་གི་ཐུགས་ལས་སྤྲོས་པའི་ཧཱུྃ་གི་སྒྲ་གཟུགས་རྣམས་ཀྱིས་སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་གི་ཧཱུྃ་རྣམས་བསྐུལ་བས་བདག་གི་ཧཱུྃ་རྣམས་དང་གཅིག་ཏུ་ཕྲོག །དེ་ནས་མ་རིག་གཟུང་འཛིན་འཁོར་བའི་སྡེ་བརྒྱད་ཀྱི་སྒོ་གསུམ་གྱི་ཆ་ཐམས་ཅད་མར་མེ་གར་སོང་དུ་འོད་འགྲོ་བ་ལྟར་བདག་གི་དབང་དུ་རང་དབང་མེད་པར་འདུས་པར་བསམ་པ་དབང༌། རིག་རྩལ་མ་རིག་པར་ལོག་པའི་དགྲ་བགེགས་ཀྱི་ལྔ་ཕུང་ཕུར་བུ་སོགས་མཚོན་ཆས་བརླག་པ་དྲག་པོ་རེད་བསམ་སྟེ། མདོར་ན་རིག་པའི་ཧཱུྃ་སྲེ་བར་ཁྱད་མེད་ཀྱང༌། ཀུན་གཞིའི་རང་རྩལ་གྱི་ཆ་ལ་ཕུར་བུས་འདེབས་པ་དང༌། དབང་དུ་བྱེད་པའི་ཁྱད་རེད་སྙམ་པ་དཔྱོད། ལས་སྦྱོར་གཉིས་པོ་འདི་དབང་དྲག་འབར་བ་ཞེས་པའི་མཚན་དང་མཐུན་པར་སྣང༌། གོང་དུ་ཕྱོགས་ཙམ་གསལ་བར་བསླང་ཞེས་པ་ལས་བདག་རྣལ་འབྱོར་བའི་ངོར་ཤིན་ཏུ་གསལ་བར་བསླང་བའམ་སད་བྱས་ན་བདེའམ་སྟེ། གཟུགས་ཀྱི་དག་པ་འབྲས་བུས་དག་པར་སོགས་དང་རིགས་པ་ཕྱོགས་འདྲ། ལས་སྦྱོར་མིག་ཕུག་མ་གཏོགས་པའི་སྤྱིར་བཏང་ལ་དབང་སྡུད་ཀྱི་བཟླས་པ་ཉུང་ཙམ་དང༌། དྲག་བཟླས་དེ་ལས་ཀྱང་ཉུང་ཙམ་བྱ་གསུང༌། དེའང་སྡེ་བརྒྱད་ཆེ་ཕྲ་དཀྱུས་མ་རྣམས་དབང་


TN02_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྡུ་དམིགས་དང༌། དེས་མི་ཐུལ་བའི་གདུག་པ་རྣམས་དྲག་པོའི་བསྒོམ་བཟླས་ཀྱིས་ཚར་གཅོད་པ་རེད་པས་འདི་གཉིས་གང་ལ་བྱ་བའི་ཡུལ་ཐ་དད་ཡིན་གསུང༌། འདིའི་བཟླས་སྒོམ་དུས་རིག་པ་ངར་ཆ་བསྐྱེད་དེ་བྱས་པས་དྲག་སྒྲུབ་རྣོ་ངར་ཐོགས་པའི་གནད་ཆེ་སྟེ། དགོངས་འདུས་ཧཱུྃ་སྒྲུབ་ཀྱི་ལས་སྦྱོར་ཐད་ཤེས། གུར་དྲག་ཞལ་གཅིག་ཕྱག་གཉིས་རྣམས་ལས་ཞལ་ཕྱག་སྤྲོས་པ་འདི་ཚན་ཆེའམ་སྟེ། རྐྴ་ཐོད་ཕྲེང་གསུམ་ལས་དབུ་འབུམ་ཕྱག་འབུམ་མཆོག་ཏུ་རྣོ་བ་དང༌། བཅུ་གཅིག་ཞལ་ལ་སྙིང་རྗེའི་ལག་པ་སྟོང་གིས་འཛིན་པ་ཞེས་ཁྱད་པར་འཕགས་ཆོས་སུ་གསུངས་པ་ལྟ་བུ་ནད་ཞི་བར་གཟས་ཚེ་སྒོ་འབྱེད་ཕྱག་རྡོར། སྒྲོལ་མའི་གསང་སྒྲུབ། ཐུགས་དམ་ཕུར་གཅིག །གུ་རུ་སྨན་བླ། ཧཱུྃ་སྒྲུབ་རྣམས་གང་དྲག་བརྟགས་སྒྲིལ་དོན་གཉེར་ཞུས་པར། ཧཱུྃ་སྒྲུབ་ལས་དྲག་པ་མེད། འདི་ནི་བྱིན་ཆེན་རྩིས་པོ་ཆེ་ཡིན་ཞེས་ཡང་ཡང་གསུང༌། འདི་ལ་གཏེར་ཆེན་ཉིད་ཀྱིས་ཀྱང་ཐུགས་དམ་དུ་མཛད་ནས་བསྙེན་སྒྲུབ་སོགས་སྣང་བས་བྱིན་ཆེ། རྡོ་རྗེ་ནི་རྟོགས་པས་བདག་སྒྲོལ། ཕུར་བུ་ཐུགས་རྗེས་གཞན་སྒྲོལ་གྱི་མཚོན་ཆ་ཟེར་ཆོག་གམ་སྙམ། སྤྱིར་གུར་དྲག་ཕལ་ཆེར་ལ་ཧཱུྃ་སྒྲུབ་


TN02_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཡོད། ཡང་སྒྲུབ་ལུགས་འདི་རིག་འཛིན་བླ་མ་བྱིན་རླབས་ཀྱི་སྒྲུབ་པ་ཡིན་པས་མོས་གུས་ལྷག་པར་གལ་ཆེ། མོས་གུས་ཅི་སྐྱེ་ཁོ་ན་བྱ་ཞེས་གསུངས་ཏེ་གསོལ་འདེབས་ཀྱི་ཕུར་པ་གུ་རུའི་དགོངས་ཀློང་དུ་བཙུགས་ནས་མོས་གུས་ཀྱི་རྡོ་ཐོས་གཏིང་དུ་བསྣུན་ཞིང་བརྡེག་དགོས། གྲུབ་རྟགས་ཀྱང་མོས་གུས་ཇེ་ཆེར་སོང་བ་ལ་བཞེད་སྣང༌། ༈ །ལྷར་ལྡང་དུས་ཞལ་ཕྱག་བསྡུས་པ་བྱས་ན་བདེའམ་འདི་གཟོད་མཇལ་དུས་འདྲི་དགོས། ༈ །མོས་གུས་ཀྱིས་དགོངས་བརྒྱུད་ཀྱི་རྟོགས་པ་འཕོ་ལུགས་དངོས་ནི། དད་པ་དང་མོས་གུས་ལ་ཤ་ལྤགས་རུས་བབས་གསུམ་ལས་ཕྱི་མ་ལྟ་བུའི་སྐབས། ཀུན་མཁྱེན་ཕྱི་མས་མོས་གུས་ཀྱིས་བརྒྱལ་བ་ཙམ་གྱི་ངང༌། ཞེས་དང༌། དྲན་པ་འཐོར་འགྲོ་བ་ལྟ་བུའི་མོས་གུས། ཞེས་གསུངས་ལྟར། ནང་དུ་མོས་གུས་ཀྱི་འུར་ལང་བའམ་ཤུགས་རྒྱས་པའམ། རྩལ་འབར་བས་སྣང་སོགས་ཀྱི་ཆ་གཞན་ཐམས་ཅད་ཕྲོགས་པ་སྟེ། མོས་གུས་ཁོ་ནས་མྱོས་ཏེ། རྣམ་རྟོག་གཞན་ཐམས་ཅད་མོས་གུས་དེས་དབང་མེད་དུ་བཅད་ཅིང༌། དབང་ཤེས་ཀྱི་དེ་མ་ཐག་རྐྱེན་ཕྲོགས་པས་ཕྱི་རོལ་གྱི་ཡུལ་སྣང་ཡང་བཅད། དར་ཅིག་བརྒྱལ་བ་ལྟ་བུ་དང༌། དེའི་སྟེང་ནས་བརྗོད་བྲལ་ཟང་ཐལ་གྱི་རིག་ཆ་ལྷང་གིས་ངེས་


TN02_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་འོང༌། འདི་ནི་ཡོན་ཏན་བརྒྱ་ཞེ་བཞི་སོགས་ལ་དམིགས་ནས་མོས་གུས་བྱས་པ་ལྟ་བུས་འོང་དཀའ་འམ་སྙམ་ལ། བླ་མའི་སྤྲོས་བྲལ་འོད་གསལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཁོ་ན་ལ། རང་གི་མོས་གུས་སྲེ་ཅི་ཐུབ་བྱས་པའི་ལག་རྗེས་ལ་འོང་སྙམ་སྟེ་དམིགས་རྣམ་མཐུན་ཅིང་གཅིག་པའི་ཕྱིར་རོ། །དེ་ཙམ་མ་བྱུང་ཡང་མོས་གུས་ཀྱི་ཉམས་ཅུང་ཟད་རེ་འུར་ཐུབ་པ་བྱུང་ཡང༌། ཀུན་རྟོག་གི་ཆ་མང་པོ་བཅད་ནས། རིག་ཆ་ཐད་ཀར་ལུས་པའི་འོད་གསལ་སྲབ་ཤོས་རེ་ངོས་ཟིན་སྲིད། འདི་དག་དཔེར་ན་ཡེ་ཤེས་འབེབས་དུས། སློབ་མའི་སེམས་སྙིང་ཀའི་དགའ་འཁྱིལ་སོགས་ཡེ་ཤེས་འབེབས་པ་རང་གི་དམིགས་པ་ལ་ཆེར་གཏད་པའི་རྐྱེན་ལས་དར་ཅིག་དྲན་མེད་དུ་སོང་བའི་གླག་དང་ཕྲད་ནས་བླ་མའི་ནུས་པས་འཕགས་པའི་ཡེ་ཤེས་འབབ་པ་དང་འདྲའོ། །མོས་གུས་ཀྱིས་དྲན་མེད་དུ་སོང་བའི་དྲན་མེད་ནི་དྲན་མེད་ཁྱད་པར་བ་སྟེ། བླ་མའི་ཐུགས་འོད་གསལ་གྱི་རིག་པ་ལ་གཏིང་རིང་དུ་ཟུག་པའི་མོས་གུས་ཀྱི་རྩི་དང་མ་བྲལ་བའི་དབང་གིས་འོད་གསལ་གྱི་དྲན་པ་དེ་མ་ཐག་རྙེད་མ་རག་ཏུ་ཡོད་པའི་ཕྱིར་རོ། ༈ །ནད་གདོན་ཞི་བར་ཁྲོ་བོ་ཆར་འབེབས་ཀྱི་དམིགས་པ་བྱ་བར་འདོད་བུམ་ལྕགས་རལ་ཅན་དུ་བཤད་པའི་


TN02_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཀྱང་གསང་སྔགས་ཆར་འབེབས་འདིར་ཚང༌། ༈ །རྒྱལ་གདོན་འདུལ་དུས། སྡིག་པས་ཁོའི་སྙིང་ཁྲག་འཇིབ་པས་ཁྲག་གིས་ལྷག་པར་ངར་སྐྱེས་ནས་སྤྲུལ་པའི་ཚོགས་བཅས་ཀྱིས་རོ་ལྷག་མ་མེད་པར་བཏང་བར་བསམ་ན་གཞན་དང་ཡང་འདྲ། སྡིག་པས་སྙིང་ཁྲག་དྲང་བ་འདི་ལ་ཀུན་གཞིའི་གནད་གཅོད་པ་དང༌། སེམས་ཀྱི་དབྱིངས་ཕྱུང་བ་སོགས་ཚངས་པས་ཚེ་ཁྲུས་གནས་གསུམ་གྱི་དོད་ཐུབ་སྟེ། སྲས་ཕུར་གདབ་པའི་དོད། དེ་ནས་སྡིག་དམག་གིས་ཤ་རུས་སོགས་རོལ་པ་ནི་སྐྱེ་བའི་སྒོ་དགག་པ་གཡག་རོ་ལ་ཚབ་བྱེད་པ་ལྟ་བུའི་ཕུར་གདབ་ཀྱི་དོད་དུ་སྣང༌། ༈ །བར་ཆད་ཀུན་སེལ་གྱི་གྲོ་ལོད་ཧཱུྃ་སྒྲུབ་སོགས་ལས། དབུགས་འཇུག་གནས་ལྡང་བ་ཧཱུྃ་ཁོ་ནར་སྦྱར་བའི་བཟླས་པའང་གསུངས་ཏེ། དགོངས་པ་ལུང་སྟོན་དུ་འཇུག་ལྡང་གཉིས་ཧཱུྃ་ཧོ་གཉིས་ལ་སྦྱར་ནས་གནས་པ་ཟུར་དུ་མ་གསུངས་པ་ལྟར་འབྱུང་འཇུག་གཉིས་ཙམ་ལ་སྦྱར་ཡང་རུང་ངམ་སྙམ། དེ་ལྟར་ན་བླ་མ་དགོངས་འདུས་ཀྱི་བགྲང་ཕྲེང་མེད་པའི་བཟླས་བརྗོད་ཐད་ལྟར་འདིའི་མཚམས་ལ་སྡོད་དུས་ལྟ་བུར་ཚུལ་འདི་བར་མཚམས་མེད་པར་བསྐྱང་ན་བྱིན་རླབས་ཆེ་སྙམ། ༈ །བྱིན་འབེབས་སམ་ཡེ་ཤེས་འབེབས་དུས། སྐུ་གསུམ་གྱི་ཞིང་ནས་རྩ་གསུམ་


TN02_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་ཧཱུྃ་དམར་རྣམ་ཅན་གྱིས་གནམ་ས་བར་སྣང་ཐམས་ཅད་གང༌། སྙན་བརྗིད་རྒྱུན་ཆགས་ཟབ་མོའི་སྤྲིན་སྒྲ་སྒྲོགས་པ། དེ་དག་གི་སྒྲ་དབྱངས་ཀྱིས་འཁོར་འདས་བརྟན་གཡོ་ཐམས་ཅད་མེར་མེར་ཤིག་ཤིག་གུལ་གུལ་ཡོམ་ཡོམ་བྱེད་ཅིང༌། བཟོད་པར་དཀའ་བའི་བརྗིད་ཟིལ་གྱིས་སྣང་སྲིད་ཐམས་ཅད་ཆོས་དབྱིངས་བདེ་བ་ཆེན་པོར་མྱོས་ཤིང་ཟིལ་གྱིས་གནོན་པར་བསྒོམ། དབང་གི་ལས་སྦྱོར་དུས་ཀྱང༌། སྤྲུལ་པའི་ཧཱུྃ་རྣམས་ཀྱི་རང་སྒྲས་སྟོང་ཁམས་ཐམས་ཅད་རླུང་ཚུབ་ཀྱིས་རྩ་སྦུར་བསྡུས་པ་བཞིན་འཕར་ལྡེག་གིས་བརྟན་པ་མེད་པར་སོ་སོའི་གནས་ནས་བསྐྱོད་དེ་དབང་དུ་སྡུད་པར་དགོངས་པ་ཡང་ཟབ་ཏུ་འབྱུང་བས་དགོངས་པ་དངོས་དེ་ཀ་ཡིན་འདྲ་སྙམ། དྲག་པོའི་ལས་སྦྱོར་དུས་ཀྱི་ཁྲོ་བོའི་དམག་ནི་གཙོ་བོར་མེད་པ་ལ་སྨུག་ནག་གཡས་ཐོ་བའམ་ཕུར་བུ། གཡོན་ལྕགས་ཀྱུ་མེ་ཞགས་ཐོགས་པར་བྱས་ན་བདེའམ། ཁྲོ་མོའང་བཤད་པས་དཔྱད། ༈ །ཧཱུྃ་སྒྲུབ་ལ། ལྷ་གཅིག །སྔགས་གཅིག་དགོངས་པ་གཅིག་ཅེས་འབྱུང་བའི་ཕྱི་མ་ནི། རིག་པ་འོད་གསལ་ཐིག་ལེ་ཉག་གཅིག་ཁོ་ན་པདྨ་ཐོད་ཕྲེང་རྩལ་དུ་ངོ་སྤྲོད་ལུགས་འབྲི་གུང་དགོངས་ཟབ་ཏུ་གསུངས་པ་ལྟར་ཡིན་ཏེ། ཧཱུྃ་


TN02_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་གཞུང་ཆེན་ཐམས་ཅད་ན་ཡོད་གསུངས། ༈ །མེ་རླུང་འུར་སྒྲས་འབྱུང་པོའི་དཀྱིལ་འཁོར་བྱེར། །ཚ་ཚ་རབ་འཁྲུགས་བགེགས་ལ་ཐོག་ལྟར་འབབ། །མེ་ལྕེ་རིང་འཕྲོ་བདུད་དཔུང་གཞོབ་ཏུ་རློག །དེ་དབུས་གདུང་བྱེད་དཀྱིལ་ན་ཉི་མ་འདྲ། །འདིའི་སྣང་ཞེན་རྩལ་དུ་བཏོན་ན་ནུས་པ་སྐྱེད། །མྱུར་དུ་འགྲུབ། བར་ཆད་ཀྱིས་མི་ཚུགས། བྱིན་ཟིལ་ཆེ། རྒྱ་འདྲེ་སོགས་ཉེ་མི་ཐུབ། རྔ་ཡབ་གླིང་ནས་གུ་རུ་རིན་པོ་ཆེ་ཧཱུྃ་དམར་གྱི་རྣམ་པར་དབྱར་ཀའི་གློག་དམར་ལྟར་འཁྱུག་ཅིང༌། དགུན་གྱི་བུ་ཡུག་ལྟར་འཚུབས། དཔྱིད་ཀྱི་ན་བུན་ལྟར་གཏིབས་ཤིང་བྱོན་པ་ནི་སྔགས་ནུས་སྐྱེད་པ་ལ་ཁྲོ་བོ་ཆར་འབེབས་ལས་ཀྱང་མྱུར་ཏེ། མན་ཏྲ་སྟེ་ཡིད་སྐྱོབ་སྔགས་ཀྱི་དྲན་པ་གསོ་བ་ལ་སྐུ་ལས་ཡིག་འབྲུ་གསལ་ཞིར་མྱུར་བའི་ཕྱིར་སྙམ། ༈ །གཟོད་མཇལ་དུས་འདྲི་དགོས་ཞེས་གོང་བྲིས་དེ་ལ། རང་གཏེར་གསོལ་ཁ་འགའི་ཐོག་མར། གུར་དྲག་འདི་ཉིད་ཇི་ལྟ་བ་ལ་ཞལ་གཅིག་ཕྱག་གཉིས་་རྡོ་རྗེ་རྩེ་དགུ་པ་་པ་དབུ་གཙུག་ནས་རྟ་གདོང་འབར་བ་ཕྱུངས་པའི་རྟ་སྐད་ཀྱིས་ལྷ་སྲིན་སྡེ་བརྒྱད་སྤྱི་དང༌། བྱེ་བྲག་བཀའ་སྲུང་དམ་ཅན་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུད་པར་བསྒོམས་ནས་ཧཱུྃ་ཅི་རིགས་བཟླ་བར་


TN02_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་འདུག་པ་དེ་ནི་འདི་ཉིད་ཀྱི་ཐུན་མཚམས་ཀྱི་ལྷའི་དབང་དུ་བཏང་བ་འདྲ་བས་ཞལ་ཕྱག་བསྡུས་པར་ལངས་པ་འཐད་གསུང་ཞིང༌། དེ་ལྟར་ཐུན་མཚམས་ཀྱི་ལྷ་ལ་རྟ་མགོ་བཤད་པ་འདིས་ཐུན་ནང་དུ་བསྒོམ་པའི་ལྷ་ལ་རྟ་ཞལ་མ་བཤད་པའང་སྦས་ནས་མ་བསྟན་པར་གོ་ནུས་པ་འདྲ་གསུངས་ཏེ། དེའི་དོན་ཡང་ཐུན་ནང་དུའང་རྟ་མགོ་ཅན་དུ་སྒོམ་རྒྱུ་ཡིན་ཡང་གབ་དོན་དུ་མཛད་ནས་ཚིག་ཟིན་མ་བྱུང་བ་ཡིན་ནམ་ཞེས་གསུངས་ཏེ་ཞལ་གསུང་དངོས་ནི་དེ་རྣམས་སོ། ཁོ་བོས་དེ་ལ་དགོངས་པ་བླང་ན། གུར་དྲག་འདི་རྟ་མགྲིན་གྱི་ངོ་བོ་ཡིན་པས་འདིའི་ཞལ་རྟ་གདོང་གི་ངོ་བོར་བཞུགས་ཀྱང་ཐུན་དང་ཐུན་མཚམས་གཞན་གྱི་ཚེ་རྟ་མགོའི་རྣམ་པ་སྦས་ནས་བཞུགས་པ་ཞལ་ཕྱག་བསྡུས་པའི་ཚེ་ཞལ་བརྒྱད་དང༌། ཕྱག་བཅུ་དྲུག་སྦས་པའམ་བསྡུས་པ་ལྟར་རྟ་གདོང་རྩ་ཞལ་ལ་བསྡུས་ནས་བཞུགས་པ་ཡིན་ལ། དྲེགས་པ་དབང་སྡུད་སོགས་དུས་གསལ་བར་ཕྱུངས་པ་སྟེ། དཔེར་ན་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་བརྟན་མ་མཆོད་པར་རང་གུར་དྲག་ཏུ་གསལ་བའི་དབུ་དགུ་ནས་རྟ་མགོ་ཕྱུངས་ཏེ་རྟ་སྐད་བསྒྲགས་པས་མ་མོ་རྣམས་དབང་དུ་བསྡུ་བར་བཤད་པ་ལྟ་བུའོ། ༈ །


TN02_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཡེ་སྲེ་བ་ནི། དང་པོ་ནས་དམ་ཡེ་དབྱེར་མེད་དུ་བྱས་ཀྱང་རུང་ཡང༌། ཧཱུྃ་ཛབ་དམིགས་རིམ་དུས་རྩ་གསུམ་དྲངས་བསྟིམ་ཡོད་པ་དེ་ལ་ངོས་བཟུང་ན་ལེགས་གསུང༌། ༈ །རིག་ངོ་བསྐྱང་བ་ཙམ་གྱིས་བླ་མ་ཡི་དམ་གྱི་སྒྲུབ་པར་ཨེ་འགྲོ་ཞེ་ན། འགྲོ་དཀའ་མོད། དང་པོར་རང་གི་རིག་པ་སྐད་ཅིག་མ་འདི་ཀ་བླ་མ་ཡི་དམ་དེ་དང་དེའི་རང་བཞིན་དུ་སེམས་ཐོག་ནས་གཏན་ལ་ཕབ་སྟེ། རྩ་བ་གསུམ་དང་དེའི་བྱིན་རླབས་དངོས་གྲུབ་རིག་ཐོག་ཏུ་སེམས་ཀྱིས་ཁྲིད་ནས། གདོད་དེ་དང་བར་མ་ཆད་དུ་རིག་ངོ་བསྐྱང་ན་རྩ་གསུམ་སྒྲུབ་པའི་རྒྱལ་པོར་འགྱུར་སྙམ་མོ། །གོམས་ཚེ་སྔོན་དུ་དྲན་པ་ཙམ་གྱིས་དང༌། ཆེར་གོམས་ནས་ཆེད་དུ་མ་དྲན་རུང་ཆོག །སེམས་ཅན་ཐ་མལ་བ་ལ་འོད་གསལ་ཤར་རུང་ངེས་དོན་གྱི་ལྷར་མི་འཇོག་ལ། བསྐྱེད་རིམ་སྔོན་སོང་གི་འོད་གསལ་སྒོམ་སྟོབས་ཀྱིས་ཤར་བ་ལ་འཇོག་པའང་འདི་འདྲ་ཡིན་ངེས། གཡས་པའི་རྡོ་རྗེ་གསེར་རྡོར་བྱེད་པ་ནི་གསེར་མི་འགྱུར་བའི་དཔེར་བྱེད་པས་མི་འགྱུར་བའི་བདེ་ཆེན། རྭ་ལྔ་ནི་ཡེ་ཤེས་ལྔ་སྟེ། དབང་ཆོག་ལས། བདེ་ཆེན་མི་འགྱུར་ཡེ་ཤེས་ལྔ༔ ཞེས་སོ། །ཕུར་བུ་ནི་གནད་ལ་བཏབ་ནས་ཐལ་མར་བྱེད་པ་སྟེ།


TN02_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གནད་མིན་ས་ཆེར་བཅད་ཀྱང་སླར་འཚོ་ལ། གནད་ཆེན་པོ་ཐལ་མར་ཕྱུང་ན་མི་འཚོ་བས་འཁོར་བའི་རྩ་བ་མ་རིག་པའི་གནད་སྲོག་བཅད་ནས་མི་ལྡོག་པར་བྱེད་པ་སྟེ། སྔ་མར། འཁོར་བའི་རྩ་བ་གཅད་བྱའི་ཕྱིར༔ཞེས་སོ། ༈ །མགོན་དཀར་སྨ་ར་སྨིན་མ་དམར་སེར། འདི་ངོ་བོ་གླང་པོ་གདོང་རེད་གསུང༌། རལ་པ་དམར་སེར་གྱེན་བརྫེས། བཞད་ཁྲོ། ཤ་རྒྱས་པ། གེལ་བའི་འདུག་སྟངས། ཞབས་པད་ཉིར་གནས་ཤིང༌། གཏེར་བུམ་ལ་སྐུ་རྒྱབ་བརྟེན་པ། ཕྱག་གི་བུམ་པའི་ཁ་རྒྱན་ནོར་བུ། ༈ །དབང་ཕྱུག་ཐོར་ཚུགས་ལ་ཟླ་ཚེས་སོགས་སྨིན་ལུགས་ལྟར། གཡོན་ཞགས་པ་ནི་རླུང་ཞགས་དམར་པོ་སྟེ་གློག་ཞགས་ལྟ་བུ། ཨུ་མ་དང་ཕོ་ཉ་བཞི་ཡང་ཀྱོ་ཞགས། ཐམས་ཅད་སྐུ་མདོག་དམར་མོ། ཕོ་ཉ་མོ་བཞི་ནི་ཕྱོགས་ཐམས་ཅད་ནས་འདོད་དོན་འགུགས་བྱེད་ཡིན་ཏེ། མཚམས་བཞི་ཕྱོགས་བཞི་ལ་དང༌། སྟེང་ཤར་དང༌། འོག་ནུབ་ཏུ་བསྡུས། བརྟན་གཡོའི་དྭངས་བཅུད་སྤྱི་དང་འདོད་དོན་གང་ཡིན་ཨུ་མ་བཞིས་འོད་དམར་གྱི་རྣམ་པར་དྲང་ནས་རང་གུར་དྲག་གི་ཐུགས་སྲོག་ལ་བསྟིམ་སྟེ་རིག་ཀློང་དུ་བསྲེ། ཆོས་སྐྱོང་བསྐུལ་གྱི་དང༌། ཕུར་པ་གདབ་ཁའི་རང་བཞིན་


TN02_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རྒྱུ་དེ་རེད་པས་རྒྱུན་ཁྱེར་དུའང་འདི་སྒོམ་དགོས་གསུང༌། གསང་རྒྱ་ཤིན་ཏུ་གལ་ཆེ་གསུང༌། འདི་རྣམས་ལ་དམ་ཚིག་པ་བསྐྱེད་མི་དགོས། གར་བཞུགས་ཀྱི་གནས་ནས་སྤྱན་འདྲེན་པ་རེད་གསུང༌། ༈ །གཟའ་ལ། བཟླས་སྔགས་དགྲ་བོ་མཱ་ར་ཡ་ཕཊ་བཏགས་པ་མགོར་གསུམ། མཐར་གསུམ་བརྗོད། བར་གྱི་རྣམས་ལ་དེ་མི་གདགས་གསུངས་ཏེ་རྒྱུན་བཟླས་དང་སྒྲུབ་དུས་ལ་དགོངས་ཀྱི་དྲག་ལས་དངོས་སུ་སྒྲུབ་དུས་ཤམ་འདོགས་ཅན་ཁོ་ན་བཟླའམ་སྙམ། ༈ །མཚོ་རྒྱལ་ལས་ཚོགས་བཅུ་གསུམ་པར། ཇོ་མོའི་སྒྲུབ་ཐབས་གང་དང་སྦྲེལ་བ་དེའི་འཛབ་དགོངས་ལྟར་ལས་ཛབ་དམིགས་ཟུར་པ་མི་དགོས། རང་རྐྱང་དུ་སྒྲུབ་ན་སྐུ་རྟེན་མཁའ་འགྲོ་དངོས་སུ་གསལ་བ་ལ་མོས་གུས་ཀྱིས་སེམས་རྩེ་གཅིག་ཏུ་གཏད་ནས་བཟླས་པ་ཉིད་ཀྱིས་ཆོག་སྟེ། འདི་མཁའ་འགྲོ་མའི་སྲོག་འདྲེན་ལ་རྩལ་ཕྱུང་བའི་སྔགས་ཀྱི་རྣོ་ནུས་ཤེད་ཁུར་བྱས་ཏེ་བཟླས་བརྗོད་ཁོ་ནས་འགྲུབ་པའི་ལུགས་ཡིན་པས་འཛབ་དགོངས་གཞན་མེད་གསུངས། འོན་ཀྱང་སྐུ་རྟེན་འཆང་བ་དང་ཚེས་བཅུའི་མཆོད་པ་སོགས་དམ་ཚིག་གཞུང་གསལ་གལ་ཆེ་གསུངས། ༈ །གབ་རྒྱའི་མཚོ་རྒྱལ་གཡས་རྡོ་རྗེ་ཐུགས་ཀའི་ཐད་དུ་ཐུགས་ཀར་མ་རེག་པར་


TN02_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དེ་འཛིན་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན། ཐུགས་ཀའི་ཨ་མཐར་སྔགས་ཕྲེང་ནང་ནས་ཀློག་ཕྱོགས་སུ་བཀོད་པའི་གཡས་སྐོར་འཁོར་རྒྱུ་མིན་གསུང༌། ༈ །ཐུགས་སྒྲུབ་ཤེལ་བྲག་མ་འདི་ལ་རིག་འཛིན་རྩ་སྒྲུབ་དང་མཁན་སློབ་ཆོས་གསུམ་རྨ་རྒྱལ་གཏེར་བྱོན་གུ་རུའི་ཟབ་སྒྲུབ་སོགས་ཀྱིས་མི་མཚོན་པའི་བྱིན་རླབས་ཡོད་དེ། འདི་འདོན་དུས་བླ་མ་དགོངས་འདུས་དང་རད་གླིང་གཏེར་ཁ་སོགས་དང་འདྲ་བའི་བྱིན་རླབས་ཅན་སྣང༌། དེས་ཀྱང་རིག་འཛིན་འདུས་པ་ལ་མི་མཚོན་ཏེ། འདི་ནི་རང་གཏེར་ཀུན་གྱི་གཙོ་བོར་འདུག །དེའི་འོག་ནས་ཕུར་པ་ཡང་གསང་ཁྲོས་པ་འདི་བྱིན་རླབས་ཀྱི་བཀའ་བབས་ཆེ་འདུག །རིག་འདུས་སྐོར་རྣམས་ཀྱི་རྩ་བ་ལྟ་བུ་དེ་གབ་རྒྱའི་རྩ་གསུམ་འདི་ཡིན་པར་སྣང་ཞེས་ཤེལ་བྲག་མའི་མཚོ་རྒྱལ་ལས་ཀྱང་གབ་རྒྱའི་མཚོ་རྒྱལ་འགྲུབ་ཐག་ཉེ་བ་ལས་འཕྲོས་ཏེ་གསུང༌། ༈ །ཧཱཾཨུ་སྒྲུབ་ཞབས་མནན་ཐམས་ཅད་མགོ་ཕྱིར་བསྟན། གཡས་འོག་ལྷ་བརྒྱད། གཡོན་འོག་ཀླུ་བརྒྱད། རང་རང་མདོག །ཐམས་ཅད་ཁ་སྦུབ། ལག་ཆ་ཤོར་བ། ༈ །དབང་ལས་རང་དོན་དམིགས་ཕུག་ལའང་སྦྱར་དགོས་ཀྱི། སྤྱི་ཐོག་ཁོ་ནར་མི་སྦྱོར་ཏེ། ལས་འབྱམས་འགྲོ་གསུངས།


TN02_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་གཙོར་འདོན་ཚེ་ནོར་གྲོགས་སོགས་སོ་སོའི་རྣམ་པ་མི་སྒྱུར། རྫོགས་རིམ་གཙོར་བྱེད་འོད་དམར་རྣམ་པར་བསྡུ། གང་ལྟར་ཡང་དབང་སྡུད་ཀྱི་སྲོག་རྩ་ནི་སེམས་ཅན་དང་དེ་མིན་གྱི་ཡོ་བྱད་གང་ཡིན་དེ་རྗེས་སུ་ཆགས་པའི་བདེ་བ་བཟོད་མེད་ཀྱི་རྣམ་པར་བཀུག་སྟེ། རང་ལ་ཤིན་ཏུ་ཆགས་པས་མྱོས་པའི་ན་ཆུང་སྙིང་སྡུག་ལང་ཚོ་ཅན་མདུན་དུ་བྱུང་བ་ལྟ་བུར་བལྟ། དེས་མེ་འབར་ཤིང་བསྣན་ལྟར་རང་གི་ཞུ་བདེའི་གསོས་བྱས་ནས། ཕྱི་རོལ་གྱི་བདེ་བའི་སྣང་ཆ་དེ་ཐམས་ཅད་ནང་གི་བདེ་བའི་དབང་དུ་གྱུར་པར་སྒོམ་པ་འདི་རྣོ་མྱུར་མཐར་ཐུག་ཡིན་གསུང༌། གུར་དྲག་གི་ཕུར་བུ་མེ་དབལ་དུ་བསྐྱེད་རྒྱུར་དྲག་དམར་གཞན་དུ་གསལ། མེ་དབལ་ལྕགས་སྡིག་དང་གཅིག་པར་ཡང་མང་དུ་བཤད་པས་གཡོན་གྱི་ཕུར་བུ་འདི་ལྕགས་སྡིག་ཀྱང་ཡིན། སྡིག་པའི་སྒོམ་བཟླས་ཟུར་གསལ་འདི་བགེགས་ལ་ཕུར་བུས་འདེབས་པའི་ལས་སྦྱོར་དང་གནད་གཅིག་པར་ཡང་དེས་གོ །རྡོ་རྗེ་གཞོན་ནུ་རྡོ་རྗེ་གནོད་སྦྱིན་ཡཀྴ་མེ་དབལ་རྣམས་ངོ་བོ་གཅིག་པས་སྔར་བཤད་དང་མི་འགལ། རྒྱལ་གདོན་འདུལ་ཐབས་ལ་ལྷའི་ངོ་བོ་གཅིག་ཀྱང་རྣམ་པའི་ཆ་ལ་ཕུར་བུ་ལས་ལྕགས་སྡིག་ཟབ་པའི་རྒྱུ་མཚན་ནི་གནའ་བྲིས་དེར་སྣང༌། སྡེ་བརྒྱད་གདུག་པ་སྤྱིར་ཁྲོ་བོའི་ཕོ་


TN02_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་འགྱེད་ཚུལ་དཀྱུས་གསལ། བྱེ་བྲག་ཏུ་དམ་སྲི་རྒྱལ་འགོང་ལ་སྡིག་དམག་འགྱེད་ཚུལ་ཟུར་གསལ། དམ་འགོང་ལ་ཁྲོ་དམག་ལས་ཀྱང་སྡིག་དམག་གི་རྣམ་པ་རྣོ་ལ་ཟབ་པའི་རྒྱུ་མཚན་གནའ་བྲིས་ལྟར། གུར་དྲག་གི་ཕྱག་མཚན་ལ་སྡིག་པ་འབྱུང་བའང་དམ་སྲི་འགོང་པོ་འདུལ་བ་ལ་ཁྱད་པར་དུ་བསྔགས་པའི་ལྷ་ཡིན་རྟགས་རེད། ཡང་དབང་ཕྱུག་ཐད། རང་གི་མདུན་དུ་ལྷ་ཆེན་རང་དང་ཞལ་སྤྲོད། ལྷ་ཆེན་གྱི་རྒྱབ་ཕྱོགས་སུ་དམིགས་བྱ་བསམ། རང་གི་ཐུགས་ཀའི་འོད་ཀྱིས་ལྷ་ཆེན་གྱི་སྲོག་བསྐུལ་བས། དེ་དབང་གི་ཕྲིན་ལས་ལ་འཁུལ་ཏེ། ཞལ་གཡས་སྐོར་ཚུལ་གྱིས་ཕར་ལ་གྱུ་སྟེ། དབང་དང་ཟིལ་གནོན་གྱི་ལྟ་སྟངས་ཀྱིས་དམིགས་བྱ་ལ་གཟིགས་ཤིང་གཟིར། ཕོ་ཉ་བཞི་སྤྲོས། ཁོའི་སྲོག་བཅུད་བླངས་ཏེ་བདག་གི་ཐུགས་སྲོག་ལ་བསྟིམ་པ་མང་དུ་བྱ། གནད་ལ་བཙུགས་ནས་སྒོམ་དགོས། ཐུན་མཐར་མངག་པ་ལས་ཀྱི་ལྷ་བདག་ལ་ཚུར་ཞལ་གྱུ་ནས་དམིགས་བྱ་བཀུག་ནས་བདག་ལ་སྔར་ལྟར་བསྟིམ། རྒྱལ་པོའི་ཕོ་ཉ་ལས་དོན་བསྒྲུབས་ནས་རྒྱལ་པོའི་སྤྱན་སྔར་ངོ་སོ་དང་བཅས་འོང་བ་ལྟར་བཞུགས་པ་ལ་གཏོར་འབུལ་སོགས་བྱ། དབང་ཕྱུག་ཏུ་མ་ཟད་ཆོས་སྐྱོང་གཞན་གྱི་དབང་


TN02_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་གི་ལས་ཀྱི་བཟླས་དམིགས་ལའང་གཏེར་གསར་འདིའི་ལུགས་ནི་དེ་ལྟར་རེད་གསུང༌། འདི་དག་རྗེ་ཉིད་ནས་ཟིན་ཐོ་ལྟ་བུར་བཏབ་ཡོད་པ་རྣམས་གཞན་དུ་འཁྱར་གྱི་དོགས་ནས་རྗེས་འཇུག་འགའ་ཞིག་གིས་གཅིག་ཏུ་བསྒྲིག་ཁུར་བྱས་ཏེ་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ། ༈ །འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུབྷཾ་མསྟུ་སརྦ་ཛ་ག་ཏཾ།། །།


TN02_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། །རང་རིག་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང༌། །ལྷུན་གྲུབ་འགགས་མེད་ལོངས་སྐུ་རྡོ་རྗེ་སེམས། །ཟུང་འཇུག་སྤྲུལ་པའི་རྣམ་རོལ་དགའ་རབ་རྗེ། །སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །རྫོགས་ཆེན་བསྟན་པའི་མངའ་བདག་འཇམ་དཔལ་བཤེས། །གྲུབ་གཞིས་ནོར་གྱི་བང་མཛོད་ཤྲཱི་སིང༌། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང༌། །མཚུངས་བྲལ་བླ་མ་རྣམས་ལ་གསོལ་བ་འདེབས། །ཐུབ་བསྟན་ཉིན་མོར་བྱེད་པོ་ཀུན་མཁྱེན་རྗེ། །རིག་འཛིན་ཡོངས་ཀྱི་སྤྱི་རྗེ་འཇིགས་མེད་གླིང༌། །དམ་ཆོས་མི་ནུབ་རྒྱལ་མཚན་བོ་དྷིའི་མཚན། །རིག་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། །ཟླ་མེད་རྒྱལ་བ་གཉིས་པ་ཛྙཱ་ནའི་ཞབས། །བཀའ་གཏེར་ཆོས་ཀྱི་མཛོད་འཛིན་ཕུན་ཚོགས་འབྱུང༌། །ལམ་འདིར་མོས་པ་ཐོབ་པ་རཏྣའི་མཚན། །དྲིན་ཆེན་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས། །བདག་ཅག་རྡོ་རྗེ་རིག་འཛིན་ཚོམ་བུ་ཡིས། །དབང་བཞིས་རྒྱུད་སྨིན་སྒྲིབ་བཞི་ཡོངས་སྦྱངས་ཤིང༌། །རིག་འཛིན་བཞི་ཐོབ་སྐུ་བཞིའི་འབྲས་སྨིན་ཏེ། །ཡེ་ཤེས་བླ་མའི་ས་མཆོག་ཐོབ་པར་ཤོག །ཅེས་པའང་ཚུལ་ལྡན་གྱི་དགེ་སློང་དམ་ཆོས་འོད་ཟེར་གྱི་ངོར་རྟགས་་སྲས་པོའི་གཟུགས་བརྙན་འཛིན་ལ་དོན་གཡོ་སྒྱུའི་ནོར་གྱིས་མངོན་པར་འབྱོར་བ། འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་སོ། །དགེའོ།། ༈ །།


previousབསྙེན་སྒྲུབ་ལ་མཁོ་བའི་ཟིན་ཐོ།next