Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
བླ་མ་དང་ཨོ་རྒྱན་དབྱེར་མེད་དུ་སྒྲུབ་ལུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousབླ་མ་དང་ཨོ་རྒྱན་དབྱེར་མེད་དུ་སྒྲུབ་ལུགས།next

བླ་མ་དང་ཨོ་རྒྱན་དབྱེར་མེད་དུ་སྒྲུབ་ལུགས།


TN02_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །གང་ཞིག་བླ་མ་དང་དཔལ་ཨོ་རྒྱན་ཆེན་པོ་ཐ་མི་དད་དུ་ཤེས་པས་གསོལ་འདེབས་ཀྱི་སྒྲུབ་ལུགས་ཉམས་སུ་བླང་བར་འདོད་པས། གནས་གཙང་མར་གུ་རུའི་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་གང་འབྱོར་བཤམས། མ་གྲུབ་ན་ཡིད་ཀྱི་ཆོ་ག་བྱ། སྔོན་དུ་བློ་ལེགས་པར་བཅོས་ཏེ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། བདག་གཞན་འཇིགས་པ་ཀུན་ལས་ཐར་བྱའི་ཕྱིར། །དཀོན་མཆོག་རྣམ་གསུམ་སྙིང་ནས་སྐྱབས་སུ་བཟུང༌། །རྣལ་འབྱོར་ཟབ་མོས་བྱང་ཆུབ་མཆོག་བསྒྲུབས་ཏེ། །མཁའ་ཁྱབ་འགྲོ་བ་སྒྲོལ་བར་སེམས་བསྐྱེད་དོ། །ལན་གསུམ། ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས། གདོད་ནས་རྣམ་དག་འོད་གསལ་སྟོང་པ་ཉིད། །ཀུན་ཁྱབ་ཀུན་ཏུ་སྣང་བའི་རོལ་པ་ལས། །ཕྱི་སྣོད་པདྨ་འོད་ཀྱི་གཞལ་མེད་ཁང༌། །ནང་བཅུད་རིག་འཛིན་མཁའ་འགྲོའི་འཁོར་ལོ་ཆེ། །དེ་དབུས་རང་ཉིད་མཚོ་རྒྱལ་རྣལ་འབྱོར་མ། །བྱུ་རུའི་མདོག་ཅན་ཞི་འཛུམ་རྗེས་ཆགས་ཉམས། །གཅེར་མོ་རུས་པའི་རྒྱན་ལྡན་གྲི་ཐོད་འཛིན། །བཞེངས་སྟབས་མོས་གུས་སྤྱན་གསུམ་ནམ་མཁར་གཟིགས། །རང་མདུན་བར་སྣང་ཡེ་ཤེས་འོད་ལྔའི་ཀློང༌། །རྩ་བའི་བླ་མ་རྗེ་བཙུན་པདྨ་འབྱུང༌། །དཀར་དམར་གཞོན་ཚུལ་མཚན་དཔེའི་དཔལ་རབ་འབར། །པཎ་ཞྭ་ཆོས་


TN02_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གོས་གསོལ་ཞིང་རྡོར་ཐོད་བསྣམས། །མཆན་ཁུང་གཡོན་ན་སྦས་ཡུམ་ཁ་ཊྭཱཾ་འཆང༌། །ཞབས་ཟུང་རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས། །འཛུམ་ཞལ་དགྱེས་པའི་ཉམས་བཅས་བདག་ལ་གཟིགས། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གསལ། །ཞེས་དམིགས་ཏེ། ཧཱུྃ། ཨོཾ་རྒྱན་ཡུལ་གྱི་སོགས་ལན་གསུམ་མམ་བདུན་གྱིས་ཡེ་ཤེས་པ་དང་བསྲེ། མ་བཅོས་སྤྲོས་བྲལ་སོགས། རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འོག་མིན་ཆོས་ཀྱི་སོགས། རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་འབུལ། གསོལ་བ་གདབ་པ་ནི། མཁྱེན་པས་ཞི་བའི་དབྱིངས་ཀྱི་དེ་ཉིད་གཟིགས། །སྙིང་རྗེས་སྲིད་པའི་འགྲོ་བ་རྗེས་སུ་འཛིན། །མཁྱེན་བརྩེས་སྲིད་ཞིའི་མཐའ་གཉིས་རིང་སྤངས་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དགོངས་པ་སངས་རྒྱས་ཀུན་དང་རྣམ་དབྱེར་མེད། །རྒྱལ་བ་ཀུན་གྱི་དམ་ཆོས་སྒྲོམ་གཅིག་པུ། །དུས་གསུམ་འཕགས་པའི་ཚོགས་རྣམས་སྐྱེད་པའི་ཡབ། །དཀོན་མཆོག་གསུམ་དངོས་ཁྱོད་ལ་གསོལ་བ་འདེབས། །བཞུགས་པའི་གནས་མཆོག་དཔལ་རི་པདྨ་འོད། །ཐུགས་རྗེའི་གདུལ་ཞིང་རིས་མེད་འཇིག་རྟེན་ཁམས། །


TN02_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ཆོ་འཕྲུལ་ཕྱོགས་དུས་ཀུན་ཏུ་ཁྱབ། །སྤྱོད་ཡུལ་ཚད་མེད་ཁྱོད་ལ་གསོལ་བ་འདེབས། །བདག་འདྲ་ཤུགས་དྲག་ཉོན་མོངས་ཆུ་བོས་ཁྱེར། །ལས་ཀྱི་དབང་གིས་སྙིགས་མའི་འདམ་དུ་བྱིང༌། །ཕྱི་ནང་འགལ་རྐྱེན་རླུང་མར་བཞིན་དུ་འཚུབས། །ཐར་བར་འདོད་ཀྱང་ཕྱི་ཕྱིར་འོག་ཏུ་ལྟུང༌། །འཇིག་རྟེན་བླ་མའི་ཉིན་བྱེད་ཆོས་དབྱིངས་མནལ། །བསྟན་འཛིན་ཕལ་ཆེར་དེ་ཡི་ཕྱི་བཞིན་ནུབ། །སྐྱབས་མེད་མགོན་མེད་ལྔ་བདོའི་གཅོང་རོང་དུ། །འོ་དོད་འབོད་པ་བདག་ལ་ཐུགས་རྗེས་གཟིགས། ཁྱོད་ནི་སངས་རྒྱས་གདུལ་བྱའི་ལྷག་མ་རྣམས། །ལྷག་པར་སྒྲོལ་ལ་སྲས་བཅས་རྒྱལ་བ་ཡིས། །དབང་བསྐུར་ནོར་བུའི་ཅོད་པན་དབུ་ལ་གསོལ། །ཉམ་ཐག་སྐྱོབ་ནུས་སེང་གེའི་སྒྲ་ཡང་སྒྲོག །དེ་ཕྱིར་བདག་ནི་ཁྱོད་ལ་མགོ་གཏད་ཅིང༌། ཁྱོད་མིན་རེ་ས་གཞན་དུ་མི་ཚོལ་གྱིས། །ཡེ་ཤེས་པདྨའི་སྤྱན་གྱིས་ལེགས་གཟིགས་ནས། །ཐུགས་རྗེའི་ཕྱག་ཡངས་རྒྱས་པས་རྗེས་སུ་ཟུངས། ཁྱོད་ཞལ་རྗེས་དྲན་ཁྱོད་ཀྱི་རྣམ་ཐར་སེམས། ཁྱོད་མཚན་གསང་སྔགས་རྒྱལ་པོ་ཟློ་བྱེད་པ། །བདག་ལ་མཐུ་རྩལ་ཅི་མཆིས་འདིར་ཟད་པས། །རྗེ་ཁྱོད་དགོངས་པའི་དུས་ནི་འདི་ལགས་སོ། །


TN02_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་བྱང་ཆུབ་བར་གྱི་ཚེ་རབས་ཀུན། །མགོན་ཁྱོད་བདག་གི་བླ་མར་འགྱུར་བ་དང༌། །བསམ་སྦྱོར་དག་པས་ཁྱོད་ཐུགས་མཉེས་བྱས་ནས། །བཀའ་དྲིན་འདུད་རྩིས་འཚོ་བར་བྱིན་གྱིས་རློབས། །སྲིད་པའི་བདེ་འབྱོར་དཔལ་ལ་མི་ཆགས་པར། །གཏན་འདུན་ཆོས་ཀྱི་བདེ་བས་ཡིད་དྲངས་ཏེ། །འཇིག་རྟེན་འདྲེན་པའི་བསྟན་ལ་རབ་འབྱུང་ཞིང༌། །ཚུལ་ཁྲིམས་སྲོག་ལྟར་བསྲུང་བར་བྱིན་གྱིས་རློབས། ཁྱད་པར་ཐེག་མཆོག་བསྟན་པའི་གནད་ཀྱི་མཐིལ། །རླབས་ཆེན་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང༌། །སྤྱོད་པ་རྒྱ་མཚོའི་དཔུང་དང་ལྡན་པ་ཡི། །ངེས་དོན་ལམ་བཟང་རྙེད་པར༴ དབང་གིས་རྒྱུད་སྨིན་དམ་ཚིག་སྲོག་ཏུ་བཙའ། །བསྐྱེད་པའི་རིམ་པས་ལམ་བཟང་གཞི་ཚུགས་ཤིང༌། །རྫོགས་རིམ་ཟབ་མོས་སྐྱེ་འཆི་བར་དོ་ཡི། །སྣང་ཞེན་ལམ་དུ་ལོངས་པར༴ འཁྲུལ་པའི་ན་བུན་ཆོས་དབྱིངས་མཁའ་ལ་དྭངས། །འོད་གསལ་ཉི་མ་མཐའ་དབུས་མེད་པར་ཤར། །སྣང་སྤྱོད་མ་ལུས་དག་པ་རབ་འབྱམས་ཀྱི། །དཀྱིལ་འཁོར་གཅིག་ཏུ་འབར་བར༴ མཐར་ཐུག་དག་པ་གཉིས་ལྡན་དབྱིངས་ཀྱི་རྒྱན། །ཡེ་ཤེས་ཐིག་ལེ་གཅིག་པུའི་རང་འོད་ཀྱིས། །འགྲོ་བའི་ཡིད་མུན་མ་


TN02_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཕྲོག་བྱེད་པ། ཁྱོད་དང་རྣམ་ཐར་དབྱེར་མེད་བྱིན་གྱིས་རློབས། །སྤྲོ་ན་བླ་མ་སྐུ་གསུམ་མའི་གསོལ་འདེབས་སོགས་ཀྱང་བྱ། ཨོཾ་ཨཱཿཧཱཾཨུ་ཞེས་འབྲུ་གསུམ་དང༌། གུ་རུ་སིདྡྷི་བཟླ། མཐར། གུ་རུའི་གནས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསུམ་མཆོག་ཡི་གེའི་གཟུགས་སྣང་བ། །ཨོཾ་ཨཱཿཧཱཾཨུ་གསུམ་དཀར་དམར་མཐིང་ཀའི་མདོག །རང་རང་རིགས་ཀྱི་འོད་ཟེར་འབར་བས་མཚན། །དེ་དག་འོད་ཀྱིས་བདག་གི་གནས་གསུམ་ཁེངས། །སྒོ་གསུམ་སྒྲིབ་སྦྱང་རྡོ་རྗེ་གསུམ་གྱི་ལམ། །སྐྱེ་བརྟན་འཕེལ་བའི་རྟེན་འབྲེལ་ལེགས་བསྒྲིགས་ཤིང༌། །སྐུ་གསུམ་གོ་འཕང་འགྲུབ་པའི་ནུས་ལྡན་བྱས། །སླར་ཡང་འོད་ཟེར་གསུམ་གྱི་བདུད་རྩིའི་རྒྱུན། །གཅིག་ཏུ་འདྲེས་ནས་རང་གི་གནས་གསུམ་ཞུགས། །ཆ་མཉམ་སྒྲིབ་སྦྱངས་བཞི་པའི་དབང་དོན་རྟོགས། །ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག །ཅེས་དབང་བླང༌། དེ་མཐར་བླ་མ་རང་སེམས་འོད་གསལ་དབྱིངས། །རོ་གཅིག་རྣམ་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །གདོད་ནས་རྣམ་དག་དང་པོའི་མགོན་པོའི་ཞལ། །སྨྲ་བསམ་བརྗོད་བྲལ་ངང་དུ་ལྷག་པར་མཐོང༌། །ཞེས་ཐུགས་ཡིད་བསྲེ། སླར་ཡང་ལྷའི་སྣང་ཞེན་གསལ་བཏབ་ལ། དོང་སྤྲུགས་སྨོན་ལམ་སོགས་ཀྱི་བསྔོ་བ་


TN02_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཞེས་པའང་སྡོམ་བརྩོན་ཤྲིའི་མིང་ཅན་གྱི་ངོར། །བསྟན་ཉིས་བྲིས་པ་དགེ །བཀྲ་ཤིས།། ༈ །།ན་མོ་གུ་རུ་བྷྱཿ གང་གིས་བླ་མ་སྒྲུབ་འདོད་པས། །སློབ་དཔོན་རིགས་རྣམས་ཀུན་འདུས་ཉིད། །དད་པའི་ཡུལ་དུ་རབ་བྱས་ཏེ། །རྣལ་འབྱོར་འདི་ལ་སྙིང་པོར་བྱ། །གང་ཞིག་དྲན་པས་ཡེ་ཤེས་མཆོག་སྟེར་བ། །སློབ་དཔོན་སངས་རྒྱས་ཀུན་དངོས་རིགས་ཀུན་བདག །དེ་ལ་མི་ཕྱེད་གུས་པས་སྐྱབས་མཆི་ཞིང༌། །གཞན་ཕན་རླབས་ཆེན་བསྒྲུབ་ཕྱིར་ཁྱོད་བསྒོམ་བྱ། །ལན་གསུམ། ཨོཾ་སྭ་བྷ་ཝ་སོགས། །སྲིད་དང་ཞི་བའི་ཆོས་རྣམས་མ་ལུས་པ། །རང་བཞིན་གདོད་ནས་མི་དམིགས་མཉམ་པ་ཆེའི། །རྩལ་སྣང་རྟེན་འབྱུང་རོལ་མོ་འཕྲུལ་པའི་གར། །མདུན་གྱི་ནམ་མཁར་སེང་ཆེན་ནོར་བུའི་ཁྲིར། །དཔལ་ལྡན་བླ་མ་འཁོར་ལོའི་དབང་ཕྱུག་ནི། །མཚན་དཔེའི་ཞལ་བཟང་ལྟ་བས་མི་ངོམས་ཤིང༌། །ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་མཛད། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གདན་ལ་བཞུགས། །སྐུ་ལ་ངུར་སྨྲིག་རྡུལ་གཟན་མཐང་གོས་མནབ། །པན་ཞྭ་དམར་སེར་མདངས་ལྡན་དབུ་ལ་གསོལ། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ངོ་བོ་ཉིད། །ཕུལ་བྱུང་ཡེ་ཤེས་མཆོག་གི་སྐུ་རུ་གསལ། །


TN02_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད། །ཇི་སྙེད་སུ་དག་སོགས། །ཡན་ལག་བདུན་པ་བྱ་ཞིང་ཕྱག་འཚལ། །དེ་མཐར་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། འཇིགས་མེད་ཐེག་མཆོག་ཆོས་ཀྱི་སེང་གེའི་སྒྲས། །ཚུལ་གཉིས་བསྟན་པའི་རྒྱལ་མཚན་སྒྲེང་མཛད་པ། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་རྒྱུད་འཕགས་པའི་ལམ་དུ་བསྒྱུར་བྱིན་རློབས། །ཞེས་མང་དུ་བརྗོད་ཅིང་བསམ། སྤྲོ་ན་རྒྱང་འབོད་རྐང་པ་བཅུ་དྲུག་པ་བྱ་སྟེ། མཁྱེན་ནོ་མཁྱེན་ནོ་དྲིན་ཅན་གྱི་བླ་མ། །གཟིགས་ཤིག་གཟིགས་ཤིག་ཐུགས་རྗེ་ཡི་མངའ་བདག །དག་པ་གཉིས་ལྡན་ཆོས་ཉིད་ཀྱི་ཀློང་ནས། །ཡེ་ཤེས་སྒྱུ་མའི་རྣམ་རོལ་གྱིས་བཞེངས་ཤོག །བདེ་གཤེགས་ཀུན་དངོས་དཔལ་ལྡན་གྱི་བླ་མ། །ཐར་ལམ་སྟོན་མཛད་བྱང་ཆུབ་ཀྱི་ས་མཁན། །ཐུགས་རྗེས་སྐྱོངས་ཤོག་ཁམས་གསུམ་གྱི་འདྲེན་པ། །བྱིན་རླབས་སྩོལ་ཤོག་དྲིན་ཆེན་གྱི་ཆོས་རྗེ། །བཀའ་དྲིན་འཁོར་མེད་རྗེ་བཙུན་གྱི་བླ་མ། །སྐྱོབ་པ་མཚུངས་མེད་སྲིད་ཞི་ཡི་གདུང་སེལ། །ཐུགས་རྗེས་དགོངས་ཤིག་དྲན་ཆོག་གི་སྐྱབས་གཅིག །བྱིན་རླབས་མཆོག་སྩོལ་རིགས་ཀུན་གྱི་སྤྱི་གཟུགས། །ཡང་ཡང་དྲན་ནོ་དྲིན་ཆེན་གྱི་བླ་མ། །སྙིང་ནས་


TN02_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ནོ་བྱིན་རླབས་ཀྱི་གཏེར་ཆེན། །ཚེ་རབས་ཀུན་ཏུ་ཐུགས་རྗེ་ཡིས་བཟུང་ནས། །དངོས་གྲུབ་མཆོག་གི་ཆར་ཆེན་ཞིག་ཕོབ་ཤོག །ཅེས་བརྗོད། འདི་སྐབས་འབྲུ་གསུམ་བཟླས་པ་བྱས་མཐར། བླ་མའི་སྐུ་ལས་སྣ་ཚོགས་འོད་ཀྱི་སྤྲིན། །དཔག་མེད་བདག་གི་སྙིང་དབུས་ཞུགས་པའི་མོད། །ཇི་སྙེད་སྒྲིབ་པའི་ཚོགས་རྣམས་ཡོངས་སྦྱངས་ཏེ། །ཟག་མེད་ཡེ་ཤེས་སྣང་བ་རྒྱས་པར་གྱུར། །དེ་མཐར་བླ་མ་མཆོག་གི་ཡེ་ཤེས་སྐུ། །འོད་ཞུ་བདག་དང་རོ་གཅིག་འདྲེས་གྱུར་ནས། །སྤྲོས་མེད་མཉམ་པ་ཆེན་པོའི་གཞི་དབྱིངས་སུ། །གཉིས་མེད་ཡེ་ཤེས་ཞི་བར་མཉམ་པར་བཞག །ཅེས་རྟོགས་པར་བསྐྱེད། །རྒྱལ་བ་ཀུན་གྱི་སོགས་ཀྱིས་བསྔོ་སྨོན་བྱའོ། །ཞེས་པའང་དགེ་བའི་བཤེས་གཉེན་པདྨ་བདེ་ཆེན་གྱི་ངོར་སྤྲང་སྨྱོན་འཇིགས་མེད་པས་བྲིས་པ་དགེ། ༈ །།དཔལ་ལྡན་གྲུ་འཛིན་དབང་པོའི་ཐུགས་ཀ་ནས། །ཟླ་མདོག་འོད་ཀྱི་འཁྲི་ཤིང་རིང་པོའི་རྩེར། །རྗེ་བཙུན་བླ་མ་དམིགས་མེད་བརྩེ་བའི་གཏེར། །རྒྱལ་བའི་ཅོད་པན་འཆང་བ་གཤེགས་སུ་གསོལ། །རང་མདུན་ནམ་མཁར་སེང་ཁྲི་པདྨ་དང༌། །ཆ་རྫོགས་ཟླ་བ་གསར་པའི་དཀྱིལ་འཁོར་སྟེང༌། །བདག་གི་བསོད་ནམས་མྱུ་གུ་སྤེལ་བའི་ཕྱིར། །འཆི་མེད་སྤྲིན་གྱི་བ་གམ་བརྩེགས་ལྟར་བཞུགས། །རྒྱལ་བ་ཀུན་དངོས་


TN02_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་ལ། །གུས་པས་ཕྱག་འཚལ་མཆོད་སྤྲིན་དུ་མས་མཆོད། །སྡིག་ལྟུང་མ་ལུས་གནོང་འགྱོད་དྲག་པོས་བཤགས། །རང་གཞན་དགེ་ཚོགས་ཀུན་ལ་རྗེས་ཡི་རང༌། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་བསམ་ཡས་པ། །གདུལ་བྱའི་སྐལ་པ་ཇི་བཞིན་སྣང་མཛད་ཅིང༌། །བསྟན་འགྲོའི་ཉེར་འཚོར་བཞུགས་པར་གསོལ་བ་འདེབས། །བསོད་ནམས་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ལན་གསུམ། །ཐེག་མཆོག་ཆོས་ཚུལ་ལ་མཁས་འཇམ་པའི་དབྱངས། །འགྲོ་ལ་ཕན་བདེའི་དཔལ་སྟེར་སྤྱན་རས་གཟིགས། །བསོད་ནམས་ཞིང་དུ་སྲས་བཅས་རྒྱལ་རྣམས་དང༌། །དབྱེར་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །ཅི་ནུས། དཔལ་ལྡན་བླ་མ་ཁྱོད་ཀྱི་བཀའ་དྲིན་ནི། །སྤེལ་ལེགས་ནོར་བུའི་ཐེམ་སྐས་ལ་འཛེགས་ནས། །རྒྱལ་བའི་ལུང་རྟོགས་འཆི་མེད་དགའ་ཚལ་དུ། །བདག་སོགས་འགྲོ་རྣམས་རྟག་ཏུ་རོལ་པར་ཤོག །བསྔོ་བ་གཞན་ཡང་བྱའོ། །ཆོས་གྲགས་ཀྱི་གསུང་མ་བཅག་ཙམ་དུ། །སྤྲོ་བ་མེད་བཞིན་སྨྱོ་གཏམ་ཅལ་ཅོལ་བྲིས། མངྒ་ལམ།། ༈ །།བླ་མ་ལ་ཕྱག་འཚལ་ལོ། །གང་ཞིག་གིས་བླ་མའི་རྣལ་འབྱོར་ལ་བརྩོན་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་ལ། ཨོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་


TN02_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །མི་དམིགས་སྟོང་པའི་རང་གདངས་འགགས་མེད་པ། །ཀུན་སྣང་དག་ཆེན་རོལ་མོར་འཆར་བའི་གཟུགས། །མདུན་གྱི་ནམ་མཁར་རིན་ཆེན་སེང་གེའི་ཁྲིར། །རྗེ་བཙུན་བླ་མ་དགྱེས་པའི་འཛུམ་མདངས་ཅན། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་མཛད། །ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། །སྐུ་ལ་ངུར་སྨྲིག་བགོ་བས་མཛེས་པར་ཀླུབས། །དབུ་ལ་པཎ་ཞུ་དམར་པོ་ལེགས་པར་མནབས། །རྩ་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་བཞུགས། །ཞེས་གསལ་བཏབ། རྒྱལ་ཀུན་སྤྱི་གཟུགས་རྗེ་བཙུན་བླ་མ་ལ། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་བསྐུལ་མྱ་ངན་མི་འདར་གསོལ། །དགེ་ཚོགས་བླ་མེད་བྱང་ཆུབ་སྙིང་པོར་བསྔོ། །ཞེས་ཚོགས་བསགས། དཔལ་ལྡན་བླ་མ་སངས་རྒྱས་ཀུན་དངོས་ལ། །རྩེ་གཅིག་མི་ཕྱེད་གུས་པས་གསོལ་བ་འདེབས། །བདག་བློ་དམ་པའི་ཆོས་སུ་འདྲེས་ནས་ཀྱང༌། །ཡེ་ཤེས་སྣང་བ་རྒྱས་པར་བྱིན་གྱིས་རློབས། །ཞེས་ཕུར་ཚུགས་སུ་གསོལ་བ་གདབ། ཨོཾ་ཨཱཿམ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཞེས་བཟླ། ཐུན་མཐར། བླ་མའི་གནས་


TN02_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡི་གེ་འབྲུ་གསུམ་ལས། །འོད་འཕྲོས་རང་གི་སྤྱི་མགྲིན་སྙིང་གར་ཐིམ། །སྒྲིབ་པ་བཞི་སྦྱངས་དབང་བཞི་རྫོགས་པར་ཐོབ། །སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་གྱུར། །དེ་མཐར་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་ཀུན་བཟང་ཆོས་སྐུའི་ཞལ། །མངོན་གྱུར་ཁྱད་ཆོས་དྲུག་གིས་གདོད་མའི་དབྱིངས། །དག་པ་གཉིས་ལྡན་ཆེན་པོར་རོ་གཅིག་གྱུར། །ཅེས་མཉམ་པར་བཞག །ཐུན་མཇུག་དགེ་བསྔོ་སོགས་བྱའོ། །ཅེས་པའང་དད་ལྡན་མགོན་པོ་རྡོ་རྗེའི་ངོར་འཇིགས་མེད་པས་སོ།། ༈ །།གང་ཞིག་གིས་བླ་མ་སྒྲུབ་པར་འདོད་པས་སྐྱབས་སེམས་དང་སྭ་བྷ་ཝ་སྔོན་དུ་སོང་རྗེས། སྤྲོས་བྲལ་ཟབ་མོའི་གནས་ལུགས་དེ་བཞིན་ཉིད། །འགགས་མེད་སྒྱུ་འཕྲུལ་རོལ་མོར་སྣང་བའི་གར། །རྒྱལ་ཀུན་སྤྱི་གཟུགས་དཔལ་ལྡན་བླ་མ་མཆོག །ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་མཛད། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གདན་ཁར་བརྗིད། །སྐུ་ལ་དུར་སྨྲིག་བགོ་བས་རབ་མཛེས་ཤིང༌། །མཐོང་ན་མི་མཐུན་ཞི་བའི་ཡེ་ཤེས་སྐུ། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ངོ་བོར་བཞུགས། །ཞེས་གསལ་བཏབ། སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་ལ། །རྩེ་གཅིག་གུས་པའི་


TN02_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་ཕྱག་འཚལ་ཞིང༌། །མི་ཟད་མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད། །སྡིག་ལྟུང་གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས། །དུས་གསུམ་དགེ་ཚོགས་ཀུན་ལ་རྗེས་ཡི་རང༌། །ཚུལ་གཉིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་བའི་དོན་དུ་བསྐལ་བརྒྱར་བཞུགས་གསོལ་འདེབས། །དགེ་ཚོགས་བྱང་ཆུབ་སྙིང་པོའི་ས་ལ་བསྔོ། །ཞེས་ཚོགས་བསགས། འཇིགས་མེད་ཡེ་ཤེས་དམ་པའི་རལ་གྲི་ཡིས། །ལོག་རྟོག་དྲྭ་བ་སྟུག་པོ་གཅོད་མཛད་པ། །བླ་མ་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །བདག་རྒྱུད་དམ་པའི་ཆོས་སུ་འདྲེས་བྱིན་རློབས། །ཞེས་གསོལ་བ་ཡང་ཡང་གདབ། ཨོཾ་ཨཱཿམ་ཧཱ་གུརྦྦ་བྷྱ་་སིདྡྷི་ཧཱུྃ། ཅི་ནུས་བཟླས། ཐུན་མཐར། བླ་མའི་སྐུ་ལས་འོད་ཟེར་དཔག་མེད་འཕྲོས། །བདག་གི་གནས་གསུམ་ཐིམ་པའི་མོད་ཉིད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་སྟེ། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་གྱུར། །ཅེས་བརྗོད་ཅིང་བླ་མ་རང་ལ་བསྟིམ་ཞིང་མཉམ་པར་བཞག །དགེ་བ་འདི་ཡིས་མཁའ་ཁྱབ་ཡིད་ཅན་ཀུན། །རྨད་བྱུང་ཟབ་མོའི་ལམ་དང་མི་འབྲལ་ཞིང༌། །རྣམ་འདྲེན་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །ཐེག་ཆེན་ལམ་གྱི་བགྲོད་པ་


TN02_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་ཤོག །ཅེས་པའང་བཙུན་པ་གསང་སྔགས་ཀྱི་ངོར་འཇིགས་མེད་པས་སོ།། ༈ །།བླ་མ་ལ་ན་མོ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ། ཚིག་རྐང་བདུན་པའི་བཀླག་ཐབས་མདོར་བསྡུས་པ་ནི། སྐྱབས་སེམས་སྔོན་དུ་བཏང་ལ། མདུན་གྱི་ནམ་མཁར་རིན་ཆེན་སེང་གེའི་ཁྲིར། །སྣ་ཚོགས་པདྨ་ཉི་མའི་གདན་སྟེང་དུ། །རྩ་བའི་བླ་མ་མཚོ་སྐྱེས་ཐོད་ཕྲེང་རྩལ། །སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་ཐོད་བུམ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །སྐུ་ལ་ཟ་འོག་བེར་སྨུག་བརྗིད་ལྡན་གསོལ། །མཐོང་གྲོལ་འདབ་ལྡན་རིགས་ལྔའི་ཞྭ་ཐོད་ཅན། །ཟུང་འཇུག་བདེ་སྟོང་ཕྱག་རྒྱའི་འཁོར་ལོར་བཞུགས། །སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང་དབང་དང༌། །དབྱེར་མེད་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེའི། །ཡོན་ཏན་ཡིད་ལ་དྲན་པའི་མོས་གུས་ཀྱིས། །བསྔགས་བརྗོད་རྒྱུད་མངས་འཁྲོལ་བའི་མཆོད་སྤྲིན་སྤྲོ། །ཞེས་པའི་མཐར། ཧཱུྃཿ ཨོ་རྒྱན་ཡུལ་གྱི་སོགས། ཅི་མང་བཟླ། མཐར། བླ་མའི་གནས་གསུམ་ཡི་གེའི་འོད་ཟེར་གྱིས། །བདག་རྒྱུད་སྒོ་གསུམ་འཁྲུལ་པའི་ཁམས་སྦྱངས་ཏེ། །མཐར་ནི་བླ་མ་འོད་ཞུ་རང་


TN02_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། །ཐུགས་ཡིད་རོ་གཅིག་འདྲེས་པའི་ངང་ལ་བལྟ། །ཞེས་མཉམ་པར་བཞག །བསྔོ་སྨོན་བྱའོ། །ཞེས་པའང་སྲས་ལྷ་དབང་ངོར་སྤྲང་རྒན་འཇིགས་མེད་པས་སོ།། ༈ །།ཨེ་མ་ཧོ། །ཀ་དག་སྐྱེ་མེད་རྡོ་རྗེའི་ཕོ་བྲང་ནས། །ལྷུན་གྲུབ་བདེ་བའི་སྐུ་ཅན་པདྨ་འབྱུང༌། །རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་སྤྱི་དཔལ་ཆེ། །གངས་ཅན་བསྟན་འགྲོའི་མགོན་པོ་ད་བཞེངས་ཤིག །མཐའ་དམག་དམ་སྲིའི་རུ་མཚོན་གཟིངས་པའི་ཚེ། །རིག་འཛིན་མཁའ་འགྲོའི་གཙོ་མཆོག་པདྨ་འབྱུང༌། །ཐུགས་རྗེའི་ཐུགས་དམ་མ་གཡེལ་དུས་ལ་བབས། །བདུད་འདུལ་གར་དགུའི་མཐུ་བྱིན་ད་བསྐྱེད་ཅིག །བསྟན་ཞབས་ཀླ་ཀློས་སྡུད་ལ་རིངས་པའི་ཚེ། །བདེ་མཆོག་གྲུབ་པའི་དཔའ་བོ་པདྨ་འབྱུང༌། །མངོན་སྤྱོད་ལས་ལ་དགྱེས་པའི་དུས་ཡིན་གྱི། །དཔའ་གཏུམ་རྡོ་རྗེའི་གཟུགས་སྐུར་ད་བཞེངས་ཤིག །བོད་ཁམས་མཐའ་འཁོབ་སྐྱེ་བོས་འཇིག་པའི་ཚེ། །འཇིགས་མེད་བརྟུལ་ཞུགས་མཆོག་གྲུབ་པདྨ་འབྱུང༌། །ཕས་རྒོལ་ལྷག་མར་མཛད་པའི་དུས་ལ་བབས། །དྲག་ཤུལ་རལ་གྲིའི་རྣོ་དབལ་ད་ཕྱུངས་ཤིག །དུས་འཁྲུགས་མཚོན་ཆའི་རུ་འཛིང་རྔོམས་པའི་ཚེ། །འཇིགས་མཛད་ཧེ་རུ་ཀ་དཔལ་


TN02_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འབྱུང༌། ཁམས་གསུམ་སྟོབས་ཀྱིས་གནོན་པའི་དུས་ལ་བབས། །བདེ་ཆེན་རྡོ་རྗེའི་མཐུ་ནུས་ད་སྤོར་ཅིང༌། །དབྱིངས་ནས་དག་ཆེན་མཉམ་པའི་ཡེ་ཤེས་ཆེ། །གཏུམ་རྔམ་ཨ་ལ་ཧ་ལའི་གད་རྒྱང་དང༌། །ལྷན་ཅིག་ཁྲོ་ལ་ཁྲོས་པའི་སྐུར་སྟོན་ཞིང༌། །བདུད་སྲིན་དམ་སྲིའི་སྙིང་ཁྲག་ད་རོལ་ཅིག །མཉམ་ཉིད་ཞི་བ་ཆེན་པོ་ཆོས་སྐུའི་ཐུགས། ཁྲག་འཐུང་ཁྲོས་པའི་གཟུགས་སྐུར་མངོན་བཞེངས་ལ། །མཐའ་དམག་དུས་ཀྱི་འཁྲུག་རྩོད་ཞི་བ་དང༌། །བོད་ཁམས་བདེ་ལ་འགོད་པའི་ཕྲིན་ལས་མཛོད། །ཅེས་པའང་མཐའ་དམག་དུ་རུ་ཀའི་བྱ་མ་རྟ་ཁྲག་ཚོས་ནམ་མཁའ་བཞིན་རས་སུ་བྱུག་པའི་ཚེ། སྤྲང་སྨྱོན་འཇིགས་མེད་པས་བྲིས་པ་ཀླ་ཀློའི་འདུན་གྲོས་འཇིག་པའི་ཐོ་ལུམ་དུ་གྱུར་ཅིག། ༈ །།བླ་མ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ཚིག་བདུན་མ་ཁ་ཏོན་བྱེད་དུས་ཀྱི་དམིགས་རིམ་ཤིན་ཏུ་ཉུང་ལ་གོ་སླ་བར་བརྗོད་ན། གྲུབ་ན་གུ་རུ་རིན་པོ་ཆེའི་སྣང་བརྙན་སོགས་རྟེན་གསུམ་གྱི་དྲུང་དུ་མཆོད་པ་ཅི་འབྱོར་བཤམས། ཁ་ལྷོ་ནུབ་ཏུ་བལྟས་ཏེ། ལེའུ་བདུན་མར། ཁྱེའུས་ཕ་མར་འབོད་འདྲའི་གདུང་དབྱངས་ལ༔ པི་ཝཾ་གླིང་བུའི་གདངས་ལྟར་སྙན་པ་


TN02_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས༔ ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ༔ ཅེས་གསུངས་པ་ལྟར་སེམས་རྩེ་གཅིག་ཏུ་གཏད་དེ་གདུང་བའི་དབྱངས་སུ་འདོན་པར་བྱའོ། །དེའང་ཚིག་བདུན་ཉིད་ཀྱི་འབྲུ་ནོན་རག་རིམ་ཞིག་བྱས་ན་སྐབས་དོན་འགྲུབ་པས་དེ་ལ་ཧཱུྃ་ཞེས་པས་གསོལ་འདེབས་ཀྱི་བྱང་དྲངས་ཏེ་སྙན་གསན་ཕབ་ལ། ཨོ་རྒྱན་གྱི་ཡུལ་གྱི་ནུབ་བྱང་མཚམས་ན་དྷ་ན་ཀོ་ཤའི་མཚོ་ཆེན་པོ་ཡོད་པའི་གླིང་དུ་མེ་ཏོག་པདྨ་ཆེན་པོ་གེ་སར་ཏེ་ཟེའུ་འབྲུ་ཤིན་ཏུ་རྒྱས་པའི་སྡོང་པོ་ལ་བརྫུས་ཏེ་འཁྲུངས་ཤིང་འཁྲུངས་དུས་ཉིད་ནས་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་མཁའ་འགྲོ་མ་རྣམས་ཀྱིས་མཆོད་བསྟོད་ཕུལ་བ་ལ་སོགས་པའི་ཡ་མཚན་པ་སྟེ་ངོ་མཚར་དང་ལྡན་པ། སྔར་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོར་མཆོག་གི་དངོས་གྲུབ་བརྙེས་པའམ་ཐོབ་ཟིན་ནས་འཛམ་བུའི་གླིང་མཐའ་དབུས་ཀྱི་གདུལ་བྱ་གདུལ་བའི་ཆེད་དུ་བསྟན་པའི་སྤྲུལ་པའི་སྐུ་པདྨའི་རིགས་ཡིན་པ་དང་པདྨ་ལས་འཁྲུངས་པའི་ཆ་ནས་པདྨ་འབྱུང་གནས་ཞེས་སུ་དཔའ་བོ་མཁའ་འགྲོའི་ཞིང་ཁམས་ཐམས་ཅད་ན་ཡོངས་སུ་གྲགས་པ་དེ། དང་པོ་རྒྱ་གར་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷོ་དྷི་སོགས་རྒྱལ་ཆེན་མང་པོ་དང་རྗེ་བཙུན་དམ་པ་སངས་རྒྱས་


TN02_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཛོ་ཀི་ལྷ་ལྕམ་མནྡྷ་ར་བ་སོགས་རིགས་ལྡན་གྱི་བུད་མེད་ལ་སོགས་པ་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད། བར་དུ་བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་རྩ་བ་ཐོག་མར་བཙུགས་ཤིང་མི་དང་མི་མིན་གྱི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། །སྙིགས་དུས་ཀྱི་རྒུད་པ་ཞི་བའི་ཆེད་དུ་གཏེར་ཁ་བྱེ་བ་ཕྲག་བརྒྱ་བསམ་གྱིས་མི་ཁྱབ་པ་སྦས། ཐ་མ་འགྲོ་ལྡིང་གི་ཡུལ་དུ་རྫུ་འཕྲུལ་དང་གདམས་ངག་གི་སྒོ་ནས་ཕྲ་མེན་རྣམས་དམ་ལ་བཏགས་ཤིང་མིའི་འགྲོ་བ་མང་པོའི་དོན་མཛད་དེ་མཐར་རྔ་ཡབ་སྲིན་པོའི་གླིང་གི་ལྟེ་བ་མཐིང་ཞུན་གྱི་རྒྱ་མཚོའི་དབུས་ཟངས་མདོག་དཔལ་གྱི་རི་བོའི་རྩེ་དག་པའི་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ནང༌། པདྨ་འོད་ཀྱི་གཞལ་མེད་ཁང་ཁྲ་ཕུང་ངེ་བ་ན་འཁོར་དུ་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་སྟེ་དཔའ་བོ་དང་མཁའ་འགྲོ་མ་མང་པོས་བསྐོར་ནས་རྡོ་རྗེ་ལྟ་བུའི་སྐུ་ད་ལྟ་ཡང་སྐྱེ་འཆི་བགྲེས་རྒུད་དང་བྲལ་བར་བཞུགས་ཡོད་ཚུལ་ཞིབ་ཏུ་བསམ་ནས་ཆེ་བའི་ཡོན་ཏན་གྱིས་ཡིད་རང་དབང་མེད་པར་འཕྲོགས་པའི་དད་པ་འདྲེན་ངེས་བྱ། དེ་ནས་གུ་རུ་རིན་པོ་ཆེ་ཁྱེད་ཀྱི་རྗེས་སུ་བདག་ཞུགས་ནས་བསྐྱེད་རྫོགས་ཀྱི་ལམ་མཐོན་པོ་ཚོ་རེ་ཞིག་ཉམས་


TN02_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་ལོངས་ཀྱང་གསོལ་འདེབས་དང་མོས་གུས་ཀྱི་གདུང་བ་དྲག་པོས་རྩེ་གཅིག་ཏུ་སྒྲུབ་པར་བྱེད་ཀྱི། གུ་རུའི་སྐུ་སྲིན་ཡུལ་ན་བཞུགས་ཀྱང་ཐུགས་རྗེ་ཉེ་རིང་མེད་ཅིང་མཁྱེན་པ་ཆགས་ཐོགས་མི་མངའ་བར་འཇུག་པས་ན། བདག་ཅག་གི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་སོགས་མངོན་མཐོ་དང་ངེས་ལེགས་ཀྱི་ཕུན་ཚོགས་ལ་བར་དུ་གཅོད་པ་ཐམས་ཅད་སྐད་ཅིག་ཉིད་ལ་ཞི་བ་དང༌། ཚེ་བསོད་དཔལ་འབྱོར་ལུང་དང་རྟོགས་པའི་ཡོན་ཏན་མཐུན་པའི་རྐྱེན་དང་བཅས་པ་ཐམས་ཅད་འབད་མེད་དུ་འགྲུབ་པར་བྱིན་གྱིས་བརླབ་པའི་ཕྱིར་དུ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཆེན་པོའི་སྟབས་སུ་གཤེགས་སུ་གསོལ་ལོ་ཞེས་འདོད་དོན་ལ་ཐུགས་རྗེ་བསྐུལ་ཞིང་སྤྱན་འདྲེན་པའི་གསོལ་འདེབས་ཕུར་ཚུགས་སུ་བྱ་ཞིང་གསོལ་འདེབས་ཀྱི་དོན་བསྡུས་པ་བླ་ན་མེད་པའི་ཡོན་ཏན་གྱི་ཁུར་གྱིས་ལྕི་བས་གུ་རུ་སྟེ་བླ་མར་བྱ་བའི་ཁྱད་ཆོས་ཅན། པདྨའི་རིགས་གཙོ་བོ་པདྨ་ལས་འཁྲུངས་པའི་མཚན་ཡང་པདྨ་ཞེས་བོས་ཏེ་བདག་ལ་མཆོག་དང་ཐུན་མོང་གི་སིདྡྷི་སྟེ་དངོས་གྲུབ་མ་ལུས་པ་ཧཱུྃ་ཞེས་སྩོལ་ཅིག་པར་བསྐུལ་བའི་སྔགས་ཀྱང་སྦྲེལ་ལ་ཐུན་རེར་སྟོང་ཕྲག་ལ་སོགས་པར་དག་


TN02_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གསལ་བའི་ངག་གིས་མི་ཚིག་དང་མ་འདྲེས་པར་འདོན། ཨོ་རྒྱན་རིན་པོ་ཆེ་ཟངས་མདོག་དཔལ་རི་ན་བཞུགས་པའི་ད་ལྟའི་གནས་ཚོད་དེ་ཉིད་ཚོགས་ཞིང་དུ་བྱས་ནས་གསོལ་བ་འདེབས་པ་ཡིན་པས་རྗེས་ལ་བསྡུ་རིམ་སོགས་མི་དགོས། ཐུན་མཐར་བསམ་པ་མྱུར་འགྲུབ་དང་དགེ་བསྔོ་བྱ། དེ་ལྟར་ཉམས་སུ་བླང་བའི་ཕན་ཡོན་ཡང་གཏེར་གཞུང་ཉིད་ལས། འདི་ལྟར་གསོལ་བ་བཏབ་པའི་བུ༔ ང་ཡིས་སྐྱོབ་པ་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བའི་སྲས་སུ་འགྱུར༔ ཞེས་སུ་གསུངས་ཏེ་གུ་རུས་ནམ་ཡང་རྫུན་མི་གསུངས་པ་ལ་ངེས་ཤེས་སྐྱེད་དེ་ཐེ་ཚོམ་མེད་པའི་ཡིད་ཀྱིས་ཉམས་སུ་ལེན་པ་གཅེས་སོ། །ཞེས་པའང་རིགས་དབོན་བསོད་ནམས་དཔལ་ལྡན་གྱི་བརྗེད་ཐོར་བསྟན་པའི་ཉི་མས་སྨྲས་རིམ་མ་ཏི་བྷ་བྲས་བྲིས་པ་དགེ། །།


previousབླ་མ་དང་ཨོ་རྒྱན་དབྱེར་མེད་དུ་སྒྲུབ་ལུགས།next