Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
རྟ་ཁྱུང་འབར་བའི་བསྙེལ་ཐོ་རིན་ཆེན་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousརྟ་ཁྱུང་འབར་བའི་བསྙེལ་ཐོ་རིན་ཆེན་སྒྲོན་མེ།next

རྟ་ཁྱུང་འབར་བའི་བསྙེལ་ཐོ་རིན་ཆེན་སྒྲོན་མེ།


TN02_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཁྱུང་འབར་བའི་བསྙེལ་ཐོ་རིན་ཆེན་སྒྲོན་མེ་ཞེས་བྱ་བ། ༈ །བླ་མ་བདེ་བ་ཆེན་པོ་མཆོད། །རྟ་ཁྱུང་འབར་བའི་ཟིན་ཐོ་ལ། །ཆོས་འདི་རིག་འཛིན་བླ་མ་བྱིན་རླབས་ཀྱི་སྒྲུབ་སྐོར་ཡིན་པས་བྱིན་རླབས་ཚན་ཆེ། དེ་ལ་སྐོར་ཚོ་བཞི་ལས་ཡང་གསང་དྲག་པོ་ཕྲིན་ལས་ཀྱི་སྐོར་ཡིན་པས་ཕྲིན་ལས་རྣོ་ལ་མྱུར། དེའང་གུར་དྲག་ཕལ་ཆེར་བེ་ཧར་བཏུལ་དུས་ཀྱི་ལོ་རྒྱུས་དང་འབྲེལ། འདི་ནི་གདུག་པ་ཀླུ་བཏུལ་བའི་མཛད་པ་དང་འབྲེལ་བའི་གུར་དྲག་ཡིན་ཏེ། རྫས་གཏེར་གནམ་ལྕགས་ཐོག་རྒོད་ཀྱི་ལོ་རྒྱུས་ལས། འདི་སློབ་དཔོན་ཆེན་པོས་མལ་གྲོ་བཏུལ་བའི་ཕུར་པ་ཡིན་ཟེར། ཞེས་སོགས་ཀྱིས་ཤེས་ལ། དབུ་གཙུག་ནས་རྟ་ཁྱུང་གི་ཞལ་གཉིས་ཕྱིང་བའང་གུ་རུ་ཉིད་ཀླུ་གཤེད་དུ་བཞེངས་པའི་བརྡར་སྣང་ཞིང༌། སྦྲུལ་གདན་དང་གཡོན་པའི་ཕྱག་མཚན་སོགས་ལས་ཀྱང་ཤེས་སོ། །རྫས་གཏེར་གྱི་ལོ་རྒྱུས་དེས་ཆོས་བཀའ་འདི་ཀུན་མཁྱེན་གྱི་དགུང་གྲངས་རེ་དྲུག་པའི་འཕྲང་སེལ་ཆེད་བྱུང་བ་ལས། དེ་གོང་ལྷ་སྔགས་ཀྱི་རྣམ་པ་འདི་མེད་དམ་སྙམ་པའི་དོགས་པའང་སེལ་ལོ། །གུ་རུ་རིན་པོ་ཆེ་དང་པོར་བོད་དུ་སྤྱན་འདྲེན་པའི་གླེང་གཞི་ཡང་ཀླུ་ཡིན་ཏེ། ཨཱརྱ་པ་གླིང་གི་སེ་ཕུང་ལ་གནས་པའི་ཀླུས་བོད་ཀྱི་ལྷ་འདྲེ་བསྐུལ་ནས་བསམ་ཡས་བརྩིག་ཏུ་མ་སྟེར་བའི་དབང་གིས་ས་འདུལ་ལ་སྤྱན་དྲངས་པར་བཤད་པས་སོ། །རྒྱལ་པོ་སོགས་རྒྱུད་གསུམ་འབྱུང་པོའི་ནང་ན་ཀླུ་རྒྱུད་ཚན་ཆེ་ཞིང༌། གནམ་ས་བར་སྣང་ཐམས་ཅད་ཀླུ་གཉན་ས་བདག་གསུམ་གྱིས་མ་ཁྱབ་པ་མེད་པས། འདི་ཉིད་ལས། མདོར་


TN02_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྣོད་ཀྱི་འཇིག་རྟེན་ཀུན༔ སོགས་གསུངས་ལ། མལ་གྲོའི་ལུས་ངག་དམ་ལ་ཐོགས་ཀྱང་ཡིད་མ་ཐོགས་པ་ལྟར་གདུལ་དཀའ་ཤོས་ཀྱང་ཀླུ་རྒྱུད་ཡིན་ཏེ། གླེན་པ་ཀླུ་ཞེས་ཞེ་གནག་པའི་དཔེར་གྲགས་སོ། །དེའི་ཕྱིར་འདི་ནི་ལོག་འདྲེན་འདུལ་བའི་ལྷ་སྔགས་ཀྱི་མཆོག་ཏུ་གྲུབ་ཅིང་གཙོ་བོའི་གདུལ་བྱ་ལ་བསམ་ནས་དེ་ལྟར་བཤད་ཀྱི། རྒྱལ་བསེན་དམ་སྲི་གཞན་གྱིའནག་གཉེན་པོ་སྟོབས་ཀྱི་ལྷ་ཕུལ་དུ་བྱུང་བ་སྟེ། གནོད་བྱེད་སྡེ་བརྒྱད་ཐལ་བར་བརླགཿ ཅེས་དང༌། རྫས་ཕུར་གྱི་གཏེར་འབྱུང་དུ། ཆོས་འདི་བྱིན་རླབས་ཤིན་ཏུ་མྱུར་བས་དམ་སྲིའི་བར་ཆད་བཟློག །ཚེ་འཕྲང་བསལ་ཞེས་ཆོས་འབྱུང་ཐད། དམ་སྲི་རས་གོས་ཅན་བཏུལ་བའི་ལོ་རྒྱུས་ཀྱིས་མཚོན་ནུས་ཤིང༌། ལྷག་པར་སློབ་དཔོན་རྒྱུད་ཀྱི་ལྷ་སྲུང་ཟེར་བའི་དཔེ་ལྟར་ཀུན་མཁྱེན་བླ་མ་ཉིད་ཀྱི་སྐུ་ཚེའི་གེགས་འཕྲང་བསལ་བའི་རྟེན་འབྲེལ་གྱིས་རང་ཅག་ཆོས་བརྒྱུད་འཛིན་པ་རྣམས་ལ་ཤིན་ཏུ་ཤིས་པའི་ཟབ་ཆོས་ཁྱད་པར་ཅན་ནོ། །དེའང་དམ་སྲི་འབྱུང་པོ་འདུལ་བ་ལ་སྒོས་སུ་བསྔགས་པ་ནི་རྡོ་རྗེ་ཁྲོ་ལོད་ཡིན་ལ། འདིའང་རྡོ་རྗེ་ཁྲོ་ལོད་ཀྱི་བྱེ་བྲག་ཡིན་པར། འཇིགས་བྱེད་རྡོ་རྗེ་གྲོ་བོ་ལོདཿ ལོ་ཀོཏྟར་ཟུར་ཆག་པ་སྟེ་ཁྲོ་བོ་འཇིག་རྟེན་མཆོག་ཟེར་བ་ཡིན་གསུང༌། མཆན། ཅེས་སོ། །འདིར་གུར་དྲག་སྐུ། རྟ་སྐད་གསུང༌། མཁའ་ལྡིང་ཐུགས་ཀྱི་ལྷར་བྱེད་པ་གཞུང་དུ་གསལ་ཏེ། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་ཞེས་པ་དང་ཕྱོགས་འདྲ་ཞིང༌། གུར་དྲག་རྩ་བའི་ལྷ། རྟ་མགྲིན་རིགས་བདག །བྱ་ཁྱུང་རྒྱལ་མཚན་གྱི་


TN02_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་བྱས་ཀྱང་རུང་བ་འདྲ། ཡང་རྟ་མགྲིན་དང་རྡོ་རྗེ་མཁའ་ལྡིང་ནི་བསྒྲུབ་བྱའི་ལྷ་དང༌། གུ་རུ་ནི་སྒྲུབ་བྱེད་རིག་འཛིན་གྱི་ཚུལ་དུ་འཕྲུལ་པ་སྟེ། སྒྲུབ་བྱེད་ཉིད་བསྒྲུབ་བྱའི་ངོ་བོར་སོན་པ་དང༌། བསྒྲུབ་བྱ་ཉིད་སྒྲུབ་པ་པོའི་རྣམ་པར་བཞེངས་པ་ཡིན་པས། དོན་ལ་བསྒྲུབ་བྱ་སྒྲུབ་བྱེད་ཐ་མི་དད་པ་སྟེ། བསྒྲུབ་བྱའི་སྐུ་ཉི་ཟེར་རྣོན་པོ་དང༌། །སྒྲུབ་པ་པོའི་ཚུལ་བསྟན་མེ་ཤེལ་གྱི་ནོར་བུ་ལྟ་བུ། དེ་གཉིས་མཉམ་པར་སྦྱར་ནས་སྒྲུབ་པའི་དྲག་སྒྲུབ་འདི་ཉི་ཟེར་མེ་ཤེལ་ལ་བཅུག་ནས་མེ་སྒྲུབ་པ་ལྟ་བུ་སྟེ། བགེགས་ཀྱི་སྤྲ་སྐམ་སྦྱོང་བ་ལ་ཆེས་རྣོ་བ་ཡིན་ནོ། །འདི་རྩ་རྒྱུད་ཐོད་དུམ་ལ་བརྟེན་ནོ། །བཤད་ལུགས་ཀྱི་རྣམ་གྲངས་ཙམ་ཡིན་གྱི། །གུ་རུ་ཉིད་བསྒྲུབ་བྱའི་གཙོ་བོ་ཡིན་པ་ནི་བཤད་ཅི་དགོས། དུམ་བུ་དང་པོ་ལོ་རྒྱུས་ཀྱི་སྐོར་ཚོའོ། །སྒྲུབ་ཐབས་ཀྱི་ཐོག་མཐའི་ལས་གཞུང་ད་ལྟ་ཀུན་གྱི་ཁ་རྒྱུག་འདི། ཆོས་འདིའི་བཀའ་བབས་ཀྱི་སྐྱེས་བུས་མཛད་པ་ཁྱད་འཕགས་ཡིན་མོད་ཀྱི་གཏེར་གཞུང་གི་ཚིག་ཟིན་དངོས་ནི་རིག་འདུས་ཀྱི་དཀྱུས་བཞིན་བྱེད་པ་ཉིད་ཡིན་ཏེ། ཞི་ཁྲོ་ངན་སོང་སྦྱོང་བའི་ཚོགས་མཆོད་དུས། བཞེངས་ཤིག་རིག་འཛིན་འདུས་པའི་ལྷཿ སོགས་ལ་འདོན་པ་སྒྱུར་མི་དགོས་པ་རྒྱུ་མཚན་དང་བཅས་ཏེ་ཀུན་མཁྱེན་ཉིད་ཀྱིས་གསུངས་པ་ལྟར། རིག་འཛིན་ཞེས་པ་གར་བྱུང་དུ་རྟ་ཁྱུང་ཞེས་སྒྱུར་བ་སོགས་དགོས་པར་མ་གོ །བསྙེན་པ་མཚམས་བཅད་དམ་དུ་བྱཿཞེས་པ་ནི། ལུས་བཅད་རྒྱ། ངག་སྨྲ་བཅད། སེམས་གཞན་དུ་མ་ཡེངས་པ་རྣམས་ཏེ་གལ་ཆེ། གདོན་འགྲོལ་ལས། རྡོ་རྗེ་


TN02_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བའི་གུར་གྱིས་དཀྲིགསཿ ཞེས་དང༌། ལས་གཞུང་གི་མཚམས་གཅོད་ལྟར་སྲུང་གུར་གྱི་དམིགས་པ་དང་དོན་དམ་པའི་སྲུང་བ་རྒྱུན་དུ་གཅེས། སྤྱིར་འདི་ལས་སྒྲུབ་ཀྱི་ལྷའི་བྱེ་བྲག་ཏུ་སྣང་ཡང༌། སྒྲུབ་ཐབས་འདི་ལ་འཆི་སྲིད་ཆོས་སྐུར་སྦྱོང་བྱེད་དེ་ཏིང་དང༌། བར་དོ་ལོངས་སྐུར་སྦྱོང་བྱེད་ཀུན་སྣང༌། སྐྱེ་བ་སྤྲུལ་སྐུར་སྦྱོང་བྱེད་ཕྱག་རྒྱ་ཕྲ་རགས་ཀྱི་ཏིང་ངེ་འཛིན་ཏེ་མཆོག་སྒྲུབ་ཀྱི་གནད་ཆེ་བ་རྣམས་ཚང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའང་བྱར་ཡོད། །ལྷ་སྐུའི་རྣམ་པ་ནི། ཐུགས་རྗེས་སེམས་ཅན་ལ་ཆགས་པས་སྐུ་མདོག་དམར་པོ། ཐིག་ལེ་ཉག་གཅིག་གི་རང་བཞིན་རྩ་བའི་ཞལ་གཅིག །གོང་སྨོས་ལྟར་རམ། དབང་དྲག་གི་ལས་གཉིས་མཛད་པས་རྟ་ཁྱུང་གི་ཞལ་གཉིས་ཕྱུང་བ། དུས་གསུམ་གཟིགས་པས་སྤྱན་གསུམ། སྐྱེ་ཤི་རྩད་གཅོད་མཆེ་བ་གཙིགས་པ། །སྣང་སྲིད་ཟིལ་གྱིས་གནོན་པས་གསང་གོས་དང་ཕོད་ཆེན། །ཕ་རོལ་ཕྱིན་དྲུག་རྫོགས་པས་རུས་རྒྱན། རྡོ་རྗེའི་ང་རྒྱལ་གྱིས་དཔའ་བས་སྟག་ཤམ། སེམས་བྱུང་ལྔ་བཅུ་སྲོག་བྲལ་དུ་གྱུར་པས་མགོ་ཕྲེང་མནབས་པ། འདིར་གསང་ཕོད་ཀྱི་སྟེང་ན་སྟག་ཤམ་རུས་རྒྱན་སོགས་གསོལ་བ་མཛེས་འདྲ། བྲིས་ཆ་རྙིང་པ་འགར་ནི་གསང་ཕོད་ཀྱི་ནང་དུ་མནབས་པ་བྱས་སྣང༌། ཡེ་ཤེས་ལྔའི་ཐོད་སྐམ་གྱིས་དབུ་རྒྱན་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རལ་པ་གྱེན་དུ་བརྫེས་པ། འཁྲུལ་སྣང་གི་བྲག་རི་འཇོམས་པས་ཕྱག་མཚན་རྡོ་རྗེ། གུར་དྲག་ཁ་ཅིག་ལ་ཕྱག་མཚན་གསེར་རྡོར་བྱེད་ཀྱང༌། འདིར་གནམ་ལྕགས་ཀྱིར་རྡོ་གྲུབ་དབང་


TN02_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དུ་འབྱུང་ཞིང༌། རྭ་དགུ་པར་ཡང་དེས་བཤད་དེ། རྭ་གདངས་མེ་འབར་བྱའོ། །ཕྲིན་ལས་ཐོགས་པ་མེད་པའི་བརྡར་གཡོན་མེ་ཁྱུང༌། །དེའང་བསྡིགས་མཛུབ་ཕྱིར་བསྟན་གྱི་རྩེར་ཁྲ་ཐབས་སུ་འགྱེད་པར་ཟིན་བྲིས་རྙིང་པ་ཞིག་ཏུ་བཤད། སྣང་སྟོང་གི་མཐའ་གནོན་པས་ཞབས་གཉིས་གཡོན་བརྐྱང་གིས་བགྲད་པ། རྣམ་རྟོག་གི་མཚོན་ཆ་ལས་རྒྱལ་བས་ཁྱུང་གི་གོ་ཚགས། འདི་རྟ་མགྲིན་གསང་སྒྲུབ་ལྟར་མགྲིན་པ་ནས་ལོང་བུའི་བར་ལ་བྱས་ན་བདེ། བཟོད་པར་དཀའ་བའི་ཡེ་ཤེས་ཀྱི་སྣང་བ་རྣོན་པོ་སྤྲོ་བས། སྟོབས་ཀྱི་འོད་ཟེར་མེ་རུ་འབརཿཞེས་པ་ལྟར་མེ་ཕུང་གི་ཀློང་ན་བརྗིད་པ། ལུང་འདིས་རྡོ་རྗེ་མེའི་ཏིང་ངེ་འཛིན་གྱིས་རང་གི་སྒོ་གསུམ་ལ་ནུས་པ་སྐྱེད་ཚུལ་ཤེས། རིག་པ་ཡེ་ཤེས་ཀྱི་ཁྲོ་བོས་གཏི་མུག་ལས་གྱུར་བའི་རྟེན་འབྲེལ་ཡན་ལག་རྣམས་ལྡང་བའི་གོ་སྐབས་བཅོམ་པས་སྦྲུལ་གདན་ལ་འགྱིང་བ། སྦྲུལ་རྣམས་ཀྱི་མཇུག་མ་ནང་དང༌། མགོ་བོ་ཕྱིར་བསྟན་དུ་བསྣོལ་བའི་མགོ་རྣམས་ཞབས་ཀྱིས་བརྫིས་པར་ཡིག་རྙིང་ཞིག་ཏུ་སྣང་བ་བདེ་བར་མངོན་ཡང༌། རྡོ་གྲུབ་དབང་ཆོག་ལས་མགོ་བོ་ནང་དུ་བསྣོལ་བར་བཤད་པས་དཔྱད། འཁོར་བའི་སྐྱོན་གྱིས་མ་གོས་ཐབས་ཤེས་འབྲེལཿ ཞེས་པས་པདྨ་ཉི་ཟླའི་གདན་ནོ། །ཚོགས་བརྒྱད་ལས་གྱུར་མ་རིག་གདོནཿ ཀླུ་ཆེན་བརྒྱད་པོ་ཞེས་པ་ཕྱོགས་མཚམས་སུ་འགོད་ལུགས་དང༌། སྐུ་མདོག་སོགས་ཀླུ་ཆོག་སྤྱིའི་སྐབས་དང་འདྲའམ་སྙམ་ལ། ཐམས་ཅད་ཀྱང་ཐལ་སྦྱར་ཅན་དུ་བཤད་དོ། །དེའང་ཀུན་གཞིའི་རྨོངས་ཆ་ལས་མཆེད་


TN02_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གློ་བུར་ཚོགས་བརྒྱད་ཀྱི་རླུང་སེམས་མཐའ་དག་ཟང་ཐལ་རིག་པའི་ཁྲོ་བོའི་བཀའ་འབངས་སམ་གཞན་དབང་དུ་གྱུར་པའི་བརྡ་རྟགས་སོ། །གནས་གསུམ་བྱིན་རླབས་ཀྱི་ལྷ་རྣམས་རིགས་དང་སྐུ་མདོག་གི་ཁྱད་མིན་པ་འདྲའམ་བརྟག །འཇམ་དཔལ་གྱི་སྤྱི་བོར་ཨོཾ། པདྨའི་མགྲིན་པར་ཨཱཿ ཡང་དག་གི་ཐུགས་ཀར་ཧཱུཾ། ཆོས་རྒྱ་ཡི་གེ་དེ་གསུམ། ཡེ་རྒྱ་རྔ་ཡབ་གླིང་སོགས་སྐུ་གསུམ་གྱི་ཞིང་ན་བཞུགས་པའི་ཡེ་ཤེས་སེམས་དཔའ། ལས་རྒྱ་ལྕགས་ཀྱུ་སོགས་ཚད་མེད་བཞིའི་ཕྱག་རྒྱའི་རྣམ་པ་ཅན་གྱི་འོད་ཟེར། དམ་རྒྱ་དམ་ཚིག་པའོ། །མཆོད་པའི་ཚིག་རྐང་དང་པོས་འདོད་ཡོན་དྲུག་དང༌། གཉིས་པས་དེ་རྣམས་བདེ་བའི་རོལ་པར་བལྟ་བ་བསྟན་ཞིང༌། བཞི་པའི་དོན་ལ་བདེ་ཆེན་རིག་མའི་འདོད་ཡོན་སྤྲོས་ནས་སྙོམ་འཇུག་གི་མཆོད་པ་འབུལ་བ་ཡང་ཡོད་པར་མངོན་པས་དེའི་དུས་སུ་བདེ་བའི་ཐབས་བྱས་པའི་ལྷན་སྐྱེས་ཀྱི་དེ་ཁོ་ན་ཉིད་ལ་བློ་བཞག་ཅིང༌། དེ་ཉིད་དག་པའི་སྣོད་བཅུད་དུ་ཤར་བའི་ང་རྒྱལ་སྐྱོང་བ་ནི་བསྐྱེད་རིམ་གྱི་ལམ་གནད་ཟབ་པ་ཞིག་སྟེ། ལས་སྒྲུབ་ལའང་འདི་ཡོད་ན་ཁྱད་ཆེའོ། །དུམ་བུ་གཉིས་པ་ལྷ་བསྐྱེད་ལ་སོགས་པའི་སྐོར་ཚོའོ། །ཐུགས་ཀའི་སྔགས་ཕྲེང་ཞལ་ནང་བསྟན་དུ་དབང་ཆོག་རྡོ་རྗེ་ཕ་ལམ་ལས་ཏེ། ཞལ་ནི་དང་པོ་གང་ནས་ཀློག་པའི་ཕྱོགས་ལ་བསྟན་པ་དེ་ཡིན་གྱི་ལེབ་ངོས་མིན་ནོ། །བསྙེན་ཡིག་ཏུ་སྔགས་འཁོར་གྱི་གཟུགས་སྒྲ་ལ་དམིགས་པ་གཙོ་བོར་གསུངས་ཏེ། དེ་དག་ལ་སེམས་ཅི་ཙམ་གོམས་པ་དེ་ཙམ་དུ་གསང་སྔགས་


TN02_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱིན་རླབས་རླུང་སེམས་ལ་ཞུགས་ནས་བཟླས་བརྗོད་ཀྱི་ནུས་པ་སྐྱེ་བས་ཐོག་མར་དེ་ལ་བསླབ་དགོས་ཏེ། སྔགས་འཁོར་དང་ལྷ་ལ་སྣང་ཞེན་སྦྱོང་བ་རྫིང་དུ་ཆུ་བསྐྱིལ་བ་ལྟ་བུ། འོད་ཟེར་སྤྲོ་བསྡུས་ལས་སྒྲུབ་པ་རྫིང་ཆུ་ཡུར་བར་འདྲེན་པ་ལྟ་བུ། སྔ་མ་ལ་རྩལ་མ་ཐོན་པར་ཕྱི་མ་གཙོ་བོར་བྱས་ཀྱང་རྫིང་ན་མེད་པ་ཡུར་བ་འདྲེན་པ་ལྟ་བུར་འགྱུར་བའི་ཕྱིར་རོ། །ལྷ་སྔགས་ངོ་བོ་དབྱེར་མེད་དུ་ལྟ་བའང་ཤིན་ཏུ་གནད་ཆེ། དེ་ནས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་སྤྱི་མཛད་ལ་རྩལ་སྦྱང་བ་དང༌། སྒོས་མཛད་ཀླུ་འདུལ་གྱི་དགོངས་པ་ལ་བསླབ་པ་གཉིས་ལས། དང་པོ་ནི་སྔགས་འཁོར་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། ཁྱད་པར་ཟངས་མདོག་དཔལ་རིར་གུ་རུ་རིན་པོ་ཆེ་རིག་འཛིན་ཌཱ་ཀྐིའི་ཚོགས་དང་བཅས་པ་བཞུགས་པའི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་འོད་ཟེར་གྱི་རྣམ་པར་བསྡུས་ནས་བདག་དོན་ཡེ་ཤེས་འབེབས་པ་དང༌། ཡང་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་རྣམས་ཀྱི་གཟུང་འཛིན་འཁྲུལ་པའི་ཟུག་རྔུ་མཐའ་དག་བསལ། སྣོད་བཅུད་ཐམས་ཅད་རིག་འཛིན་དྲག་པོའི་དཀྱིལ་འཁོར་དུ་སྦྱང་བར་བསམ་ནས་གཞན་དོན་ཕྲིན་ལས་ཀྱི་རྟེན་འབྲེལ་བསྒྲིགས་པ་སྟེ། བསྙེན་པའི་གནད་བྱང་ལས། འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱསཿ ཞེས་རྩ་ཐོ་ཡོད་པས་ཆད་དུ་མི་རུང༌། ཀླུ་གདོན་སོགས་ཀྱི་སྡུག་བསྔལ་དང་གནོད་སེམས་ཞི་བའི་དམིགས་པ་འབུར་དོད་བྱེད་ནའང་ཕྱི་མ་


TN02_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཁོངས་སུ་བཅུག་པས་འགྲུབ། གཉིས་པ་ནི། སྔགས་ཀྱི་འོད་ཟེར་མེ་སྟག་ལྟ་བུ་དང༌། སྐུའི་ཆ་ཐམས་ཅད་ནས་ཁྱུང་གི་ཚོགས་འཕྲོས་པའི་འོད་ཀྱིས་གནོད་བྱེད་ཐམས་ཅད་རྫས་ལ་མེ་མཆེད་ལྟར་ཚིག་པར་བསམ་པར་གཏེར་གཞུང་གི་མཆན་བུར་གསུངས་ཏེ། འདིའི་དོན་སྔགས་ལས་འབར་བའི་འོད་ཟེར་དང་ཁྱུང་གི་ཚ་ཚ་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་སྦྱངས་ཏེ། བ་སྤུའི་སྒོ་ནས་ཕྱིར་སྤྲོས། ལོག་འདྲེན་རྣམས་ཀྱི་ལུས་གོང་བཞིན་བསྲེག་པར་བསམ་ཞེས་ཟིན་བྲིས་རྙིང་པར་འབྱུང་བ། མེ་དམིགས་ཀྱིས་དང་པོར་ལུས་གདོན། དེ་ནས་གནས་གདོན། མཐར་སྟོང་གསུམ་གྱི་བར་གྱི་བགེགས་སྦྱང་བའི་མེ་དམིགས་སྐོར་གསུམ་གཏེར་ཁ་གཞན་དུ་ཡང་འབྱུང་བས་ལེགས་ཆ་ཡོད་ཀྱང༌། མཆན་བུའི་སྐུའི་ཆ་ཐམས་ཅད་ལས་ཞེས་པ་ལས་གཞུང་གི༌།བ་སྤུའི་བུ་ག་ཐམས་ཅད་ཀྱང་ཿ ཁྱུང་གི་ཚ་ཚས་གཏམས་ཤིང་འཕྲོཿཞེས་པ་ལྟར་བྱ་རྒྱུར་མངོན་པས། དོགས་པ་ཕྲེའུ་ཡོད། །འདིར་སྟེང་ཞལ། གོ་ཆ། ཕྱག་མཚན་བཅས་བྱ་ཁྱུང་གིས་མཛད་ཅིང༌། ལྷག་པར་སྒོས་མཛད་གཙོ་བོ་དེས་བསྒྲུབས་པས་ཁྱུང་གི་དམིགས་པ་ལ་རྩལ་འདོན་པར་སྣང་སྟེ། འཇིག་རྟེན་ན་སྨན་སྔགས་ཀྱིས་སྦྱོང་སྒྱུར་སོགས་ལ་མི་ལྟོས་པར་ཀླུའི་དུག་ལ་རྗེན་ཟས་ནུས་པའི་མཆོག་ནམ་མཁའ་ལྡིང་ཡིན་པས་དེ་དང་སྒོ་བསྟུན་པ་སྟེ། རྟ་མགྲིན་ཁམས་གསུམ་རོལ་པའི་གཏོར་ཟློག་ཏུ། བྱ་ཁྱུང་འབར་


TN02_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཀླུ་གཉན་རྒུམ་བུར་འཐུཿ ཞེས་སོ། ཁྱུང་གི་ཁ་དོག་ལ་གཡོན་པའི་ཕྱག་མཚན་ཐད། མེ་ཁྱུང་དམར་པོ་ཞེས་བསྙེན་ཡིག་ཏུ་གསུངས་ལ། གདོན་འགྲོལ་ལས། བྱ་ཁྱུང་ནག་པོའི་ཁྲ་ཐབས་གཏོང་ཿ ཞེས་འབྱུང་བས། རྒྱ་རོང་རིན་པོ་ཆེས། སྲེག་བྱེད་ཁྲོ་ཆུ་ཞུན་མའི་ལུས་ཅན། ཞེས་གསུངས་པ་ལྟར་མཐིང་དམར་ལྕགས་སྲེག་གི་མདོག་ལྟ་བུར་བྱས་ན་འགྲིགས་པར་མངོན། སླར་ཡང་དབུ་གཙུག་རྟ་ཞལ་གྱིས་འཚེར་སྐད་དྲག་པོ་བྱུང་བས་སྲིད་པ་གསུམ་གྱི་འབྱུང་པོའི་གནས་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་བྱེད་ཅིང༌། ཕྱོགས་སྐྱོང་བཅུ་སྡེ་རིས་དང་བཅས་པའི་ལུས་སེམས་ཆེར་གཡོས། སྙིང་རྩ་བསྒུལ། དཔའ་ཟིལ་ཆག །དྲན་པ་མྱོས། བྱ་སྤུ་རླུང་ཁྱེར་ལྟར་རང་དབང་བརྟན་པ་དང་བྲལ་ཏེ། དབང་གི་འོད་དམར་ལྕགས་ཀྱུས་ཞབས་འོག་ཏུ་བཀུག་ནས་འགུལ་མི་ནུས་པར་བསམ་ལ་གཟིར། དེའང་གནོད་བྱེད་དངོས་བྱ་ཁྱུང་གིས་བསད་སྲེག་བྱེད་ཅིང༌། དེ་དག་གི་གབ་ཁུང་ལྟ་བུའི་བསྡོང་ཟླ་དང་རྒྱབ་རྟེན་ཕྱོགས་གཏོགས་རྣམས་རྟ་མགྲིན་གྱིས་དབང་དུ་སྡུད་པའི་དབང་དྲག་སྦྲགས་མ་ཡིན་ནམ་སྙམ། འདི་ལྟར་ན་རྣམ་སྣང་མངོན་བྱང་འགྲེལ་པར། ཁྲོ་གཉེར་ཅན་གྱི་རྒྱབ་ཏུ་མཐུ་ཆེན་ཐོབ་འགོད་པ་ནི་དཔུང་བྱ་བའི་ཕྱིར་རོ་ཞེས་པའི་རིགས་པ་ལྟར། ཀླུ་འདུལ་གྱི་ལས་བྱེད་དངོས་བྱ་ཁྱུང་དང༌། དེའི་དཔུང་གྲོགས་རྟ་མགྲིན། གུར་དྲག་དེ་གཉིས་ཀྱི་རྩ་བའི་ལྷར་བྱེད་དམ་དཔྱད། གདོན་འགྲོལ་དུས། བཟླས་པའི་ཚེ་ཁྱུང་


TN02_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མི་བྱེད་པར་རྟ་སྐད་ཀྱིས་འཇིག་རྟེན་གཡོ་ཞིང་སྒུལ་བ་དང༌། འོད་ཟེར་གྱིས་ཀླུ་གདོན་ཞབས་འོག་ཏུ་དྲངས་ཏེ་ཟིལ་གྱིས་གནོན་པ་ཙམ་བྱེད་པ་དབུའི་ཡིག་ཆུང་གི་དོན་དུ་མངོན་པས་དཀྱུས་དང་མི་འདྲ་ཡང༌། དེ་ནི། ཞི་བས་བརྔན་དང་དྲག་པོས་གཟིརཿ ཞེས་སོགས་ལྟར་ཀླུ་གསོ་བ་དང༌། འཁོན་བཅུག་སྦྱོང་བའི་ལས་རིམ་དང་འབྲེལ་བས་དང་པོ་ནས་བསད་སྲེག་མི་བྱེད་པ་ཡིན་པར་གསལ་ཏེ། སྤྱིར་བཏང་དམིགས་བསལ་ལྟ་བུའི་ཁྱད་དོ། །རྒྱལ་བསེན་ལྟ་བུ་སྒོས་སུ་འདུལ་ན། ཁྱུང་གི་ཚ་ཚས་ལོག་འདྲེན་སྲེགཿ ཞེས་པའི་ལོག་འདྲེན་གྱི་མཚན་གཞིར་རྒྱལ་བསེན་བཞག་པ་རང་གིས་ཆོག་སྟེ། སྲི་ཀེགས། ཐེལ་འགོང༌། རྦད་འདྲེ་སོགས་གཞན་ལའང་དེས་འདྲེས་སྦྱོར་ཞིང༌། སྟེང་གདོན་འདུལ་དམིགས་བསྙེན་ཡིག་གི་མཆན་དུ་བལྟའོ། །བགེགས་རྣམས་བསྲེགས་གཟིར་བྱས་ཏེ་ས་གསུམ་ལས་རྣམ་པར་རྒྱལ་བའི་ང་རྒྱལ་ཡུན་རིང་དུ་བཟུང་བའི་མཐར། གནོད་ཡུལ་གནོད་བྱེད་གཉེན་པོར་སྣང་བའི་སྤྲོས་པ་ཐམས་ཅད་རྨི་ལམ་གཉིད་ཀྱི་ཀློང་དུ་རང་གྲོལ་བ་བཞིན་གདོད་ནས་རྣམ་དག་རིག་པའི་ཀློང་དུ་བསྲེས་ཏེ། དེའི་ངང་ལ་མཉམ་པར་བཞག་ཅིང༌། དེ་ཉིད་ཀྱི་རང་མདངས་རིག་འཛིན་བླ་མ་དྲག་པོའི་དཀྱིལ་འཁོར་དུ་ལམ་མེ་བའི་རྒྱུན་སྐྱོང་བ་ནི་ལྷུན་གྲུབ་རིག་འཛིན་གྱི་དགོངས་པ་དམར་འབྱིན་བྱེད་ཚུལ་ཡིན་ཏེ། ལས་གཞུང་གི༌།སྣོད་བཅུད་སྦྱངས་ནས་སོགས་དང༌། བསྙེན་ཡིག་གི༌།གདོན་ཀྱང་རང་སེམས་འཁྲུལ་བའི་རྩལཿ སོགས་རྩ་འགྲེལ་དུ་སྦྱར་བའི་


TN02_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སོ། །དེ་ལྟར་ནད་གདོན་སོགས་མ་དག་པའི་དངོས་སྣང་དངོས་འཛིན་ཐམས་ཅད་ཆོས་དབྱིངས་ཞི་བ་ཆེན་པོའི་ཀློང་དུ་ན་བུན་ཡལ་བ་ལྟར་དེང་ནས་ཀ་དག་གི་རིག་པ་གཅེར་བུར་སོང་བ་ཉིད་ཧུར་ཕྱུང་སྟེ་སྒོམ་པ་ནི་གནས་ལུགས་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་ཞལ་བལྟ་ཚུལ་དང༌། རྟ་སྐད་ཐེང་གཅིག་གི་དགོངས་པ་དང༌། རྡོ་རྗེ་ནམ་མཁའ་ལྡིང་གི་ངེས་དོན་མཐར་ཐུག་པ་ཡིན་ཞིང༌། གཞོམ་མེད་ཀྱི་བཙན་རྫོང་འཛིན་ཚུལ་ཟབ་པའང་ཡིན་ནོ། །བཟླས་སྔགས་ཀྱི་ཨ་རྩིག་ནི་ཤིན་ཏུ་ཁྲོས་པ། ནི་རྩིག་ནི་རབ་ཏུ་ཁྲོས་པ་ཞེས་དགོངས་འདུས་རྣམ་བཤད་ལས་གསུངས། རྟ་གུར་ཁྱུང་གསུམ་དྲིལ་བའི་སྔགས་དངོས་ནི། ཨོཾ་ཧྲཱི་ཧཱཾཨུ་ཁྲོཾ་ཕཊ་ཅེས་པ་ལ་ངོས་བཟུང་དགོས་ཏེ། གདོན་འགྲོལ་དུ་ཡང་ཡང་འབྱུང༌། ལྷག་མ་གུ་རུ་དྲག་པོའི་སྔགས་སོ། །དེ་རྣམས་ལ་སྲོག་སྡོམ་གཟེར་བཞི་བརྩི་ཚུལ་ཡང་ཤེས་པར་བྱ་སྟེ་སླའོ། །དུམ་བུ་གསུམ་པ་ཛབ་དགོངས་ཀྱི་སྐོར་ཚོའོ། །དུས་ནམ་ཡང་གུ་རུ་རིན་པོ་ཆེ་མཁྱེན་སྙམ་པའི་མོས་གུས་དུང་ངེ་བ་དང༌། རིག་འཛིན་ཧེ་རུ་ཀའི་ཞིང་སྐུའི་སྣང་ཞེན་མི་འབྲལ་བ་སྲོག་ལྟར་གཅེས། སྐབས་ཅི་རིགས་པར་འདི་ཉིད་ཀྱི་ཐུགས་དམ་སྐུལ་བའི་གསོལ་འདེབས་གྲངས་གསོག་བྱེད་ན་དབང་གི་གནད་ཡིག་ལྟར་ཚིག་བདུན་གསོལ་འདེབས་ལ་བྱ་ཞིང༌། བསམ་པ་མྱུར་འགྲུབ་ཀྱང་ཤིན་ཏུ་འཚམས། ཐུན་མཚམས་སུ་ཡང་མེ་དམིགས་རྒྱུན་མི་གཅོད་པར་ཡང་ཡང་གསོ་བ་ལ་སློབ་ཞེས་མཁས་གྲུབ་གཏེར་སྟོན་ཆེན་པོ་དག་གསུངས་ཏེ། མངའ་རིས་མཆན། ཕྱིར་གཙུབ་ཤིང་གི་མེ་སྒྲུབ་པ་ལ་ངལ་བསོ་མེད་པའི་


TN02_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འབད་སྩོལ་དགོས་པ་བཞིན་དུ་ནང་བསམ་གཏན་གྱི་མེ་ལའང་འདྲ་བས་གནད་ཆེ་བར་གོ །ནད་གདོན་མར་ལྟ་བུ་འགའ་ཞིག་བཟླས་བརྗོད་ཀྱི་མེ་མཐུ་ཆུང་དང་ཡུན་ཐུང་གིས་ཀྱང་བཞུ་བར་ནུས་མོད། ལྕགས་ལྟ་བུ་འགའ་ཞིག་བཞུ་བ་ལ་སྟོབས་ལྡན་དང་ཡུན་བསྲིང་བ་དགོས་པས་ངང་ཐུང་མི་བྱ། གདོན་དང་པོར་བསླང་རྟགས། བར་དུ་ཆུམ་རྟགས། ཐ་མ་ཐུལ་རྟགས་སོ་སོར་འོང་བར་བཤད་པའི་རྣམ་དབྱེའནག་ཕྱེད་དགོས། རེ་དོགས་མང་ན་བགེགས་འཇུག་ཅིང༌། གདོན་བྱིངས་ཆེན་རྟགས་མཚན་ཕྱིན་ཅི་ལོག་གིས་མགོ་སྐོར་འོང་བ་ཡང་བཤད་པས་རྟགས་བཟང་ངན་ཅི་བྱུང་ཡང་རེ་དོགས་དང་དགའ་བྲོད་འཇིགས་ཞུམ་གང་ཡང་མ་ཤོར་བར་ནམ་མཁའ་མདུང་བསྐོར་ལྟར་བྱ། ཉམ་ང་རྣམ་རྟོག་ཆེར་ཟ་དུས། གོང་དུ་དྲངས་པའི། གདོན་ཀྱང་རང་སེམས་འཁྲུལ་པའི་རྩལཿ སོགས་ལྟར། གང་ཤར་རིག་པའི་རང་རྩལ་དང༌། རང་སྣང་ཡེ་ཤེས་ཀྱི་འཁོར་ལོར་རྩལ་སྦྱང་བྱ་ཞིང༌། ཐོག་རྫིས་ཀྱི་བརྟུལ་ཞུགས་ཀྱང་རྒྱགས། དེ་ཙམ་དུ་མ་ཟད། དངོས་འཛིན་གྱི་མེ་རོ་སྐད་ཅིག་ཀྱང་མི་སློང་བར་སྤྱོད་ཡུལ་ཐམས་ཅད་སྒྱུ་མར་ཤེས་པའི་རྣལ་འབྱོར་གྱིས་ཟིལ་གྱིས་གནོན་པ་ནི་འོག་མིན་བགྲོད་པར་ལམ་ཁྱེར་ཤེས་པ་བཅུ་གསུངས་པའི་གནད་དོན་ཡིན། རིག་འཛིན་བསྙེན་ཡིག་ཏུ་མཚམས་ཀྱི་ཀུན་སྤྱོད་ཕ་རོལ་ཕྱིན་དྲུག་དང་སྦྱར་ནས་གསུངས་པ་དང༌། གབ་བྱང་ལས་ཀུན་བཟང་སྤྱོད་པ་ལྔས་བསྙེན་སྒྲུབ་ཀྱི་གནས་དང་ཡོ་བྱད་སྔགས་གཡོག་དམ་ཚིག་སོགས་བསྟན་ཅིང༌། འོག་མིན་བགྲོད་པར་ལྷ་སྔགས་དང་སྒྲུབ་ཐབས་


TN02_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་བའི་བླ་མ་ལ་མོས་གདུང་རྒྱུན་མི་གཅོད་པ་དང༌། སྣོད་མིན་ལ་གསང་བ་མི་སྟོན་པ་སོགས་དམ་ཚིག་དྲུག་གསུངས་པས་མཚོན་བསྙེན་དུས་ཀྱི་སྤང་བླང་སྟོན་པའི་སྐོར་རྣམས་ལ་བཤར་སྦྱང་གཏོང༌། ཁ་སྐོང་གི་སྦྱིན་སྲེག་བྱེད་ན་ཡེ་ཤེས་མེ་ལྕེ་སྦྱོར། ལྷ་སྔགས་ལས་རུང་གི་དྲོད་ཚད་རྙེད་པ་ལ་རྟག་འགྲུས་གཉིས་པོ་འཛོམ་དགོས་པས་བསྙེན་མཚམས་བསྡམས་པ་ངེས་པར་དགོས་ཤིང༌། ཕྱིས་སུའང་ལྷའི་ཐུགས་རྒྱུད་འཁུལ་བ་དང༌། བྱིན་རླབས་ཀྱི་རྒྱུན་གསོ་ཞིང་གོང་དུ་འཕེལ་བ་སོགས་ཀྱི་ཆེད་དུ་འཆག་མེད་ཀྱི་དམ་བཅའ་བཟུང༌། དེར་མ་ཟད་གདོན་ཐུལ་རྟགས་དང༌། ལྷ་ཉེ་བའི་མཚན་མ་ཅི་རིགས་མཐོང་ནས་རང་ལ་བར་ཆད་ཀྱིས་མི་ཚུགས་སྙམ་པ་ཡོད་དེ། གཡུལ་དུ་མཚོན་ཆས་མི་ཆོམ་པ་ལ་གོ་ཆ་ཡོད་པས་མི་ཆོག །ལུས་ལ་གྱོན་དགོས་པ་ལྟར་བཟླས་སྒོམ་མི་གཡེལ་བ་གལ་ཆེ། བསྙེན་པ་རྫོགས་ནས་གསང་རྫོགས་ཀྱི་རྒྱུད་ལས་གསུངས་པ་ལྟར་འོད་ཟེར་སྤྲོ་བསྡུས་ལྡེ་ཁ་སྒྱུར་ཚུལ་དང༌། སྔགས་ལ་སྤེལ་ཚིག་གང་འདོད་སྦྱར་བ་ཙམ་གྱིས་ལས་སྣ་ཚོགས་ཤིག་འགྲུབ་ལ། ལྷག་བསམ་དག་པས་དེ་ལྟ་བུའི་ཚུལ་གྱིས་བསྟན་འགྲོའི་དོན་རྒྱ་ཆེར་སྤྱོད་པའང་ཨོ་རྒྱན་རིན་པོ་ཆེའི་མཛད་ཕྲིན་གྱི་འཕྲོ་བསྐྱང་བར་འགྱུར་བས་ལེགས་མོད་ཀྱི། སྐལ་ལྡན་མཆོག་ནི་ཚེ་ཐུང་འདིར་ལས་སྒྲུབ་ཀྱི་ནང་དུ་མགོ་མི་འཁོར་བར་མཐོང་བའི་ཆོས་ལ་རིག་འཛིན་་བསྐྱེད་རིམ་བརྟན་པས་སྤྲིང་ཡིག་བྱེད་ན་ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིང་བ་ལྷ་མ་ཡིན་གྱི་གཙུག་ཏོར་སྦྱར་ན་འཐད་དོ། །མཆན།


TN02_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བགྲོད་པའམ། དེ་མ་བྱུང་ཡང་ཕྱི་མ་ཟངས་མདོག་དཔལ་རིར་ཐོགས་མེད་དུ་འགྲོ་བའི་གསང་ལམ་དམ་པར་བཟུང་ནས་དངོས་གྲུབ་མཆོག་གི་འབྱོར་པ་རྒྱས་པར་བྱེད་དོ། །དུམ་བུ་བཞིའི་རྗེས་སྤྱོད་སོགས་ཀྱི་སྐོར་ཚོའོ། །ལར་ཀློང་ཆེན་སྔ་ཕྱིའི་ཆོས་འདི་དག་དགོངས་གཏེར་གྱི་རྒྱལ་པོ་ཡིན་ཏེ། སྔ་མ་གཞན་དུ་ཤེས། ཕྱི་མ་ཆོས་ཀྱི་བབས་ལུགས་ཀྱི་སྒྲོམ་ནས་འོད་གསལ་སྙིང་ཐིག་གི་ལམ་གནད་ལ་མི་འཕྱུག་པའི་གཟེར་བུ་ཐེབས་ངེས་པ་རྟོགས་བརྗོད་ཆུ་ཟླ་ན་བཞུགས་ཏེ་བལྟ་ཤེས་ན་ཡ་མཚན་པ་ཡོད། གཏེར་ཁ་སོ་སོར་བཀའ་བབས་ཀྱི་སྒོས་ཁྱད་རེ་ཡོད་པ་ལས། ཀུན་མཁྱེན་ཕྱི་མ་འདི་རྫོགས་ཆེན་སྙིང་ཐིག་དང་རིག་འཛིན་བླ་མའི་སྒྲུབ་སྐོར་གྱི་བཀའ་བབས་སུ་ལུང་བསྟན་བཀའ་རྒྱས་བསྟན་པར་རང་ཉིད་ཀྱིས་གསུངས་ཏེ། འདིའི་ཐུགས་རྗེ་ཆེན་པོ་དང༌། བཀའ་བརྒྱད། སེང་གདོང་སོགས་ལ་བླ་མའི་གསང་སྒྲུབ། རིག་འཛིན་ཐུགས་སྒྲུབ། རིག་འཛིན་ཡུམ་ཀའི་གསང་སྒྲུབ་སོགས་ཟེར་བ་དེ་ཡིན་ནོ། །ཡང་རྗེ་འདིས་དགོངས་རྣམ་རྩོལ་དུས་དབུ་གཙུག་ནས་རྟ་སྐད་འཚེར་བ། གུ་རུ་རིན་པོ་ཆེས་པདྨ་དབང་ཆེན་ཞེས་མཚན་བཏགས་པ། །མཐེ་བོང་ཐུགས་སྲོག་ཧྱ་ཡིས་མཚནཿ ཞེས་པ་མཁའ་འགྲོས་ངོ་སྤྲད་པ། རྟ་མགྲིན་གྱི་རྣལ་འབྱོར་ལ་བརྩོན་པའི་སྐབས་སུ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཉིད་ཀྱི་བདེན་དོན་གཟིགས་པར་གསུངས་པ་སོགས་ཀྱི་རྒྱུ་མཚན་ལས་རྟ་མགྲིན་གྲུབ་པའི་དཔའ་བོར་ཤེས་སོ། །ཀློང་སྙིང་འདིར་གུར་དྲག་མཐིང་དམར་གཉིས་གསུངས་པའི་དྲག་མཐིང་བླ་མ་བཀའ་བརྒྱད་དུ་བྱས་ནས་དང༌།


TN02_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་དམར་རྟ་ཁྱུང་གཉིས་དང་སྦྲགས་ནས་གསུངས་ལ། བྱ་སླ་ཁྱེར་བདེ་བྱིན་རླབས་ཆེཿ ཞེས་པ་ལྟ་བུ་ནི་ཕྱི་མ་སྟེ། པདྨ་གསུང་ལ་རྩལ་འདོན་ན་ལྷག་པར་ཡང་དེ་ཟབ་བོ། །དེ་ལྟར་ན་རིག་འཛིན་ཆེན་པོ་འདིའི་དགོངས་གཏེར་གྱི་བླ་མ་རིག་འཛིན་རྟ་མགྲིན་དང་སྦྲགས་པའི་སྒྲུབ་གཞུང་ཞིག་ཉམས་སུ་ལེན་རྒྱུ་བྱུང་ན་རྣོ་ནུས་གཞན་དང་མི་འདྲ་ཞིང༌། རྟ་མགྲིན་ཁམས་གསུམ་རོལ་པ་སོགས་ཀྱང་རིག་འཛིན་ཐུགས་སྒྲུབ་ཀྱི་སྐོར་ཡིན་ཡང༌། དེ་ལ་གུ་རུ་ཞི་དྲག་གང་གིའང་མིང་འདོགས་མི་བྱེད་ཀྱི། ཁྱད་པར་དེ་རྣམས་རྫོགས་པ་ལ་རྟ་ཁྱུང་འབར་བ་འདི་རང་ཕུལ་དུ་བྱུང་བར་མཐོང་ངོ༌། །དེས་ན་ལས་གཞུང་དང་གནད་ཡིག་གཉིས་ཀར། ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེརཿ ཞེས་གུ་རུ་ཉིད་ཀྱིས་ཟབ་པར་བསྔགས་པས། ཕ་མེས་ཀྱི་རྡོ་ལག་བརྒྱུད་ཙམ་མ་ཡིན་པར་བརྒྱུད་པ་དང་ཆོས་ཀྱི་རྒྱུས་ལ་བྱང་བར་བྱས་ན་དད་པས་ཁམས་སོས་པར་འགྱུར་རོ། །རྗེ་བཙུན་བོད་འབངས་འགྲོ་ལ་དུས་ཀུན་བརྩེ། །ད་དུང་བོད་འདིར་གདུལ་བྱའི་ལྷག་མ་མཆིས། །འདི་ལྟར་སྤྱན་འདྲེན་སྦྱོར་བ་བཤམས་ནུས་ན། །པདྨའི་འཛུམ་ཞལ་མྱུར་དུ་མཇལ་བར་ངེས། །རྟ་ཁྱུང་འབར་བའི་བསྙེལ་ཐོ་རིན་ཆེན་སྒྲོན་མེ་ཞེས་བྱ་བ། བྱ་རྒན་འཚོགས་པའི་ནགས་རྒན་མར། རྡོ་རྒན་གྱིས་བྲིས་པ། སྔགས་རྒན་མང་པོས་བརྡུང་རྒྱུའི་རྔ་རྒན་དུ་གྱུར་ཅིག །ལྕགས་ཕག་ཁྲུམས་ཟླར་བྱས། སྤྲིང་ཡིག་བྱེད་ན། སྟེང་དུ་ཕྱག་རྟགས། འོག་ཏུ་སྤྲིང་ཡིག་འབྲི། ཕྱག་རྟགས་ནི་ཕྱག་མཚན་གཉིས་སམ། བསྡུ་ན་རྡོ་རྗེ་རྭ་གདངས་མེ་འབར་གཅིག་པུ་བྱ། སྒོ་གོང་ངམ་གནོད་པའི་ཕྱོགས་སུ་བསྟན་ནོ།། །།


previousརྟ་ཁྱུང་འབར་བའི་བསྙེལ་ཐོ་རིན་ཆེན་སྒྲོན་མེ།next