Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཕུར་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཕུར་པའི་ཟིན་བྲིས།next

ཕུར་པའི་ཟིན་བྲིས།


TN02_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཕུར་པ་བདུད་དཔུང་ཟིལ་གནོན་ལ་བསྙེན་སྒྲུབ་བྱེད་པར་འདོད་པས། དང་པོར་བྱིན་རླབས་ཀྱི་སྒོ་འབྱེད་བླ་མའི་རྣལ་འབྱོར་ལ་ཞག་ཉེར་གཅིག་སོགས་མ་མཐར་བྱས་པའི་བར་དུ་བརྩོན་པ་ནི་མེད་དུ་མི་རུང༌། དེ་ནས་འདི་རིག་འཛིན་ཐུགས་སྒྲུབ་ཀྱི་བྱེ་བྲག་ཡིན་པས་རྩ་སྒྲུབ་ཞི་དྲག་གཉིས་ཀྱང་སྔོན་དུ་གཏོང་ནུས་ན་ལེགས་ཤིང༌། མ་ནུས་ཀྱང་ཆད་སྐྱོན་མེད། བཅས་ཤོམ་ཐད། དཀྱིལ་འཁོར་ཡོངས་རྫོགས་བདག་ཉིད་ཅནཿ སོགས་རྐང་པ་གཉིས་བསྙེན་དུས་དང་སྦྱོར་ཞིང༌། སྒྲུབ་དུས་དཀྱིལ་འཁོར་སོགས་གསུམ་སྒྲུབ་དང་སྒྲུབ་ཆེན་གྱི་མདུན་དཀྱིལ་འགོད་ཚུལ་ཡིན། ཞི་མཆོད་དྲག་མཆོད་སོགས་ཀྱི་རྣམ་བཞག་སྤྱི་དང་འདྲ། དངོས་གཞིའི་ཏིང་འཛིན་གསུམ་གྱི་ཚིག་དོན་ནི། འཁྲུལ་སྣང་གི་སྤྲོས་པ་མཐའ་དག་འཇོམས་པའི་སྟོབས་མཐར་ཕྱིན་པའི་ཕྱིར་རྒྱལ་བའི་ཡེ་ཤེས་ཆོས་སྐུ་ནི་རྡོ་རྗེ་ཁྲོས་པ་སྟེ། དེ་བསྒོམ་པས་ཞེ་སྡང་བག་ཆགས་དང་བཅས་པ་གཅོད་དོ། །ཞེ་སྡང་གིས་ཉོན་མོངས་པ་གཞན་ཡང་མཚོན་མོད། དངོས་སུ་དེ་འབའ་ཞིག་སྨོས་པ་ནི། ལྷ་འདི་ཞེ་སྡང་གི་རིགས་ཡིན་པས་ཞེ་སྡང་སྒྲིབ་བྲལ་དུ་བྱེད་པའི་རྡོ་རྗེའི་ཏིང་ངེ་འཛིན་གྱི་ལྡོག་པ་ནས་བསྟན་ཏོ། །ཡེ་ཤེས་དེ་ལ་ཚུར་ཞེ་སྡང་སོགས་ཀྱིས་མི་བརྫི་སྟེ། ཐུགས་ཀྱི་ཡེ་ཤེས་དེ་ནི་འགྱུར་བ་མེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ཉིད་ཅེས་འབའ་ཞིག་ཏུ་ཡང་དག་པར་རམ་རྣམ་པ་ཐམས་ཅད་དུ་གྱུར་པས་ཉེས་པའི་གླགས་མེད་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྟོང་པ་ཉིད་ཀྱི་ཡེ་


TN02_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཏེ། སྟོང་ཉིད་དང་བར་དུ་སྤྲོས་པ་ཕྲ་མོས་ཀྱང་མཆོད་པས་རྣམ་པར་མི་རྟོག་པ་དང༌། དེའི་སྤྱོད་ཡུལ་ཇི་བཞིན་དུ་རྟོག་པས་མཚོན་མི་ནུས་པས་ན་རྟོག་ལས་འདས་པ་སྟེ། དེ་ལྟ་བུའི་མཉམ་བཞག་ལས་གཏན་མི་གཡོ་བའོ། །དེ་ལ་ང་རྒྱལ་བཞག་སྟེ་སྒོམ་པ་ནི་དེ་ཏིང་ངོ༌། །དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་སྙིང་རྗེས་བསྒྲལ་བའི་དམ་ཚིག་ཆེན་པོའི་ཚུལ་ནི། སེམས་ཅན་དེ་དག་བསད་ཅིང་མནན་པར་བྱའོ་སྙམ་པ་ལྟ་བུའི་རྣམ་པ་ཅན་མ་ཡིན་ཏེའམ་མིན་གྱི། དེ་དག་གི་ཕུང་སོགས་ཐ་མལ་པའི་ཆོས་ཐམས་ཅད་སྦྱང་བར་བྱའོ་སྙམ་དུ་མ་དག་པའི་ཕུང་པོ་དང་ཁམས་སོགས་གར་ཡོད་དུ་དམིགས་མེད་ཀྱི་སྙིང་རྗེ་བདེ་བ་ཆེན་པོའི་ངོ་བོར་མི་ཕྱེད་པའི་རྡོ་རྗེས་གཏམས་པ་སྟེ་ཁྱབ་པར་བྱས་ནས། དགོས་པ་དེ་སྒྲུབ་ཕྱིར་དུ་རང་གི་རྣམ་པར་ཤེས་པ་རྡོ་རྗེར་ཏེ་ཧཱུྃ་དུ་སྒོམ་ཞེས་པ་དཔག་ལྗོན་དང་བསྟུན་ནས་བཤད་ལ། ཀུན་སྣང་གི་ཏིང་ངེ་འཛིན་ཁོ་ནར་སྦྱོར་སྐབས། འགྲོ་བ་རྣམས་ཀྱི་ཕུང་པོ་སྟེ་ལུས་ནི་རྡོ་རྗེའི་དཀྱིལ་འཁོར་གྱིས་གཏམས་པ་སྟེ་ཐ་མལ་པའི་གོ་ས་ཕྲོགས་ནས། དེ་དག་གི་རྣམ་པར་ཤེས་པ་ནི་བདེ་སྟོང་གི་ཡེ་ཤེས་ཆེན་པོའི་རྡོ་རྗེར་སྦྱང་བར་བྱའོ་ཞེས་བསྒོམ་པ་ལ་བཤད་ཀྱང་རུང་ངམ་བརྟག །སྙིང་རྗེ་དེས་བསྐུལ་ཏེ། མཚོན་ཆ་ཆེན་པོ་རྡོ་རྗེའི་དེ་ཉིད་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་ཡིག་སྔོན་པོ་ཉི་མ་ལྟར་འབར་བ་ནི། ཆོས་ཀྱི་དབྱིངས་ཀྱི་ནམ་མཁའི་དཀྱིལ་ནས་ཐིགས་པ་ལྟ་བུར་རང་ཤར་རོ། །དེའང་ཡུལ་དུས་ཉི་ཚེ་ཙམ་དུ་ཤར་བ་མིན་གྱི། འཁོར་འདས་ཐམས་ཅད་ཀྱི་སྲོག་གི་གོ་རུ་ཤར་བ་སྟེ། འཁོར་འདས་ཐམས་ཅད་ཀྱི་སྲོག་ནི་སྟོང་ཉིད་ཡིན་ལ།


TN02_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་དེ་དང་རོ་གཅིག་པའི་བདེ་ཆེན་ཡང་སྟོང་པས་གར་ཁྱབ་ཏུ་འཇུག་ཅིང༌། བདེ་ཆེན་དེ་ཉིད་ཧཱུྃ་དུ་ཤར་བ་ཡིན་པས་སོ། །དེ་ལྟར་ཤར་བ་དང༌། དེའི་རྩ་བའི་རྒྱུ་གང་ཡིན་ཞེ་ན། སྔར་དེ་ཏིང་སྐབས་རང་གི་ཕུང་ཁམས་ཐམས་ཅད་སྙིང་གའི་ཐིག་ལེར་བསྡུས་ཤིང༌། ཐིག་ལེ་དེ་ཐུགས་རྡོ་རྗེའི་ཡེ་ཤེས་ནམ་མཁའ་ལྟ་བུར་བསྐྱེད་ནས། དེ་ཉིད་སླར་ཡང་ཧཱུྃ་དུ་བསྒོམ་པ་ཡིན་པའི་ཕྱིར། སྙིང་གི་གོ་རུ་བསྒོམ་པར་བྱ། ཞེས་འཆད་དམ་སྙམ། འོན་ཀྱང་སྒྲུབ་ཐབས་ལྗོན་ཤིང་དང་བཀོལ་དུམ་ལྟར་ན་རྒྱུ་ཏིང་ལ་ཡིག་འབྲུ་བཞག་ནས། ཀུན་རྫོབ་བྱང་སེམས་རྡོ་རྗེའི་བདག་ཉིད་དུ་བསྐྱེད་པ་ཞེས་པ། ཧཱུྃ་བྱམས་དང་སྙིང་རྗེ་དགའ་བ་དང་ཿ སོགས་ཀྱི་སྐབས་སུ་ཡིག་འབྲུ་ཕྱག་མཚན་དུ་བསྒྱུར་བ་འདྲ་ལ། གཞུང་འདིར། མཚོན་ཆེན་ཐུགས་ཀྱི་རྡོ་རྗེ་ནིཿ ཡིག་འབྲུས་མཚན་པ་རྒྱུ་ཡིན་ནོཿ ཞེས་ཀུན་སྣང་གི་འོག་ཏུ་ཧཱུྃ་ཡིག་གིས་མཚན་པའི་རྡོ་རྗེ་སྒོམ་པ་དང༌། དེ་ཉིད་རྒྱུ་ཏིང་དུ་མཛད་པར་མངོན་པས་ཅུང་ཟད་མི་འདྲ་བར་སྣང༌། ཡིག་འབྲུས་མཚན་པའི་ཕྱག་མཚན་ལས་ལྷ་བསྐྱེད་པ་ཡིན་ན་སྔོན་དུ་ས་བོན་གྱི་ཡི་གེ་མ་བསྐྱེད་ཀྱང་ཆོ་ག་གསུམ་སྐྱེད་དུ་འགྲོ་བ་མི་འགལ་བར་འོག་མིན་བགྲོད་པ་ལས་གསུངས་པས་འདིར་བཤད་པའང་ཆོ་ག་གསུམ་བསྐྱེད་དུ་བྱར་རུང་ངོ༌། །དེ་ལྟར་ན་མཚོན་ཆེན་སྔོན་པོ་འབར་བ་ཞེས་པའང་ཡིག་འབྲུ་རྐྱང་པ་ལ་མི་གཟུང་ངོ༌། །བདག་སྲས་གཞན་སྲས་སྐབས། རྡོ་རྗེའི་ཆོ་ག་གསུམ་གྱིས་ཞི་བ་ལོངས་སྐུ་རྡོར་སེམས་དང༌། དེ་ཉིད་སྤྲུལ་སྐུའི་ཁྲོ་བོར་བསྐྱེད་པ་ནི། སྔོན་གྱི་སངས་རྒྱས་རྣམས་ཆོས་


TN02_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལས་རྡོ་རྗེ་གསུམ་གྱི་ཁྱབ་བདག་ལོངས་སྤྱོད་རྫོགས་སྐུ་དང༌། དེ་ལས་སྤྲུལ་སྐུ་ཞེ་སྡང་རྡོ་རྗེ་ཤིན་ཏུ་ཁྲོས་པར་གྱུར་པ་དང་རྗེས་སུ་མཐུན་པའི་ཆོ་གས་རང་ཉིད་ཧེ་རུ་ཀར་བྱ་བ་ཡིན་པས་ན་གཞན་གྱི་སྲས་སུ་བདག་བྱ་བ་དང༌། རང་ཉིད་འབྲས་བུའི་ཧེ་རུ་ཀར་བྱས་པའི་སྟེང་ནས་སངས་རྒྱས་ཐམས་ཅད་ཀཱི་ལ་ཡ་རིགས་ལྔའི་རྣམ་པར་སྲས་སུ་སྐྱེད་པ་ནི་བདག་གི་སྲས་སུ་གཞན་བྱ་བ་སྟེ། བརྡ་དང་བརྡ་ལན་གྱིས་བསྐུལ་ནསཿ ཞེས་སོགས་སུ་ཕྱོགས་བཅུའི་རྒྱལ་བ་རྣམས་བདེ་བའི་འོད་ཀྱིས་འགུགས་པ་མི་གསལ་ཡང་དཔག་ལྗོན་ལྟར་དགོས་པ་འདྲ་སྟེ། དེ་གཞན་སྲས་ཀྱི་གོ་དོན་ཡིན་པས་སོ། །ཕུར་སྲུང་དགོད་པའི་མུ་རན་ནི་དཀྱིལ་འཁོར་ཕྱི་རོལ་གྱི་དེ་ཡིན་གྱི་ནང་ཁྱམས་མིན་ནོ། །གནས་གསུམ་བྱིན་རླབས་ནི། ཡིག་འབྲུ་གསུམ་གྱིས་མཚན་པའི་ཕྱག་མཚན་བསྐྱེད་པ་ཙམ་གྱིས་མི་ཆོག་གི༌།དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གསུམ་གྱི་ལྷར་བསྒོམ་པ་དཔག་ལྗོན་དང་བཀོལ་དུམ་ལྟར་དགོས་ཏེ། ཧཱཾཨུ་ཨཱཿཨོཾ་གྱིས་མཚན་པ་ལསཿ ཞེས་པས་སོ། །དེ་ནས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་ཀྱིས་དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་དང༌། དཀྱིལ་འཁོར་གསུམ་གྱིས་ཁམས་གསུམ་གྱི་སྲོག་ལ་དང༌། ཡེ་ཤེས་སེམས་དཔའི་སྲོག་ལ་ལྷན་སྐྱེས་ཡེ་ཤེས་ཆེན་པོའི་དབང་བསྐུར་བ་གསུམ་གྱི་དམིགས་གནད་དཔག་བསམ་ལྗོན་པ་ལྟར་ཤེས་པར་བྱ། རྐྟ་ཚར་གསུམ་ནི་དམ་ཅན་ལྕམ་དྲལ་ལ་མངོན་སྤྱོད་ཀྱི་ཕྲིན་ལས་མཛད་ཆེད་གཟི་བྱིན་སྐྱེད་པའི་ཆོ་ག་ཡིན་པས་དམ་ཅན་ཉེ་བསྙེན་དང་ངན་


TN02_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཉེ་བསྙེན་གྱི་གཞི་སྒྲུབ་པར་ཡང་འགྲོ་སྟེ། འདིའི་དགོས་དབང་སྐབས་ཀྱང༌། སྨད་ལས་སྒྲོལ་དབང་ལ་ཕུར་བུ་གཏད་ཅིང་ལས་དྲུག་གི་རྣམ་དབྱེ་བཤད་ནས་རྐྟ་ཚར་གསུམ་འབུལ་དུ་གཞུག་པ་ཁོ་ན་ལས་གཞན་མི་འབྱུང་བ་བཞིན་ནོ། །དེས་ན་ཚར་དང་པོའི་འབུལ་ཚིག་གི་དོན་ལ་ལས་དྲུག་གི་རྣམ་དབྱེ་ཚང་ཚུལ་སྨད་ལས་སྤུ་གྲི་རླུང་འཁོར་ལྟར་ཤེས་དགོས། རྐྟ་ཚར་གསུམ་ཕུར་པའི་སྒོས་ཆོས་སུ་བཤད་པའང༌། ཕོ་ཉ་ལ་བཀའ་བསྒོ་བའི་དོན་དུ་འབུལ་བ་སོགས་གསུམ་ལ་བྱེད་དགོས་ཀྱི། ཚར་གསུམ་ཙམ་ལ་མི་རུང་སྟེ། དེ་སྒྱུ་འཕྲུལ་ཁྲོ་བོ་ལའང་མཐོང་བའི་ཕྱིར་རོ། །བཟླས་པའི་དུས་འཛབ་བསྐུལ་ནི་མདུན་བསྐྱེད་མེད་ན་མི་དགོས། བསྙེན་སྒྲུབ་ཀྱི་ཛབ་དགོངས་སྐོར་རྒྱུད་ཕུར་ལྟར་བྱ་སྟེ་བསྙེན་པའི་དམར་བྱང་དང་ཡང་ཤིན་ཏུ་མཐུན། བསྙེན་པའི་སྐབས་ཛབ་ཁང་དབྱེ་བ་དང༌། སྔགས་ཕྲེང་ལས་རང་འདྲ་སོགས་དོ་ལིའི་དམིགས་རིམ་བྱུང༌། སྒྲུབ་ཐབས་དཔག་ལྗོན་ལས་དེ་གཉིས་བསྙེན་དམིགས་ཀྱི་ཐོག་མར་སྨོས་པ་ནི་སྒྲུབ་ཆེན་གྱི་སྐབས་སུ་བསྙེན་སྒྲུབ་བཞི་རྫོགས་པར་བྱེད་པའི་སྐབས་ལ་དགོངས་པར་རིག་འཛིན་གཞུང་ལམ་ལས་སོ། །ཉེར་སྒྲུབ་སྐབས། བདག་བསྐྱེད་ཀྱི་བཟླས་པ་འོད་ཟེར་སྤྲོ་བསྡུའི་མཐར་ཐུག་པར་བྱས་ནས། གཙོ་བོ་དང་རྣམ་རྒྱལ་གྱི་བར་དུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་ཉིད་ཅན་གྱི་སྲས་མཆོག་བསྐྱེད་པ་དང༌། དེ་ལས་འོད་ཟེར་སྤྲོ་བསྡུས་ཁམས་གསུམ་རྡོ་རྗེ་ཕུར་བུའི་ངོ་བོ་ཉིད་གཅིག་ཏུ་སྒྲུབ་


TN02_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དེ་ཉིད་ལ་དམིགས་ནས་སྐབས་ཅི་རིགས་པར་དོ་ལིའི་བཟླས་པའང་སྐྱེལ་ཚུལ་རྣམས་རིག་འཛིན་གཞུང་ལམ་ལྟར་བྱ། སྔོན་དུ་སྲས་མཆོག་ལྔ་བསྐྱེད་དུས་ནས་དེ་དག་རྫས་ཕུར་དང་དབྱེར་མེད་དུ་བལྟ་བ་ཙམ་ཡོད་ཀྱང༌། འདིར་ནི་བསྙེན་ཕུར་བསྒྲུབ་གཞིར་བྱས་ནས་སྲས་མཆོག་ཏུ་བསྐྱེད་པས་ཁྱད་ཆེ་ཞིང༌། བསྙེན་ཕུར་གཅིག་པོ་དེ་སྔ་ནས་རིགས་ལྔ་དང་དབྱེར་མེད་དུ་མོས་ཟིན་ན། འདིར་བསྒྲུབ་གཞི་མི་རྙེད་དོ་སྙམ་དུ་ཡང་མི་བསམ་སྟེ། དཔེར་ན་ཕྱོགས་གཞན་དུ་ལུས་རྟེན་གྱི་དཀྱིལ་འཁོར་དུ་སྔར་བསྒོམས་ནས། སླར་ཡང་བརྟེན་པའི་ལུས་དཀྱིལ་སྒོམ་པ་བཞིན་ནོ། །རིག་འཛིན་གཞུང་ལམ་གྱི་སྒྲུབ་པའི་ཐད་དུ་ཡང༌། རྣམ་པར་རྒྱལ་བ་དང་གཙོ་བོའི་བར་དུ་མདུན་བསྐྱེད་སྒོམ་པ་ཞིག་བཤད་ཀྱང༌། དེ་ནི་ཉེ་སྒྲུབ་སྐབས་དང་སྒོམ་ཚུལ་ཡེ་མི་གཅིག་སྟེ། དེའི་གོང་དུ་མདུན་རྟེན་ལ་ལྷ་ཕུར་རྒྱས་པར་དགོད་པ་དང༌། སྦམ་ཕུར་འཇོག་པའི་ཕྱོགས་གཉིས་བཤད་ནས་སྒྲུབ་དུས་མདུན་བསྐྱེད་སྒོམ་ཚུལ་བཤད་མ་ཐག་པ་དང༌། སྒྲུབ་ཐབས་ཆེ་འབྲིང་ལས་བཤད་པ་གཉིས་གང་བྱས་ཀྱང་རུང་བར་གསུངས་པ་ལས། སོ་སོར་མ་སྦྱར་བས། དེ་འདྲའི་མདུན་བསྐྱེད་སྒོམ་ཚུལ་དེ་ལྷ་ཕུར་ཚང་བར་བཀོད་པ་ལ་ཡང་སྦྱོར་རུང་བར་གསལ་ལ་དེའི་ཚེ་ཉེ་སྒྲུབ་སྐབས་ལྟར་ཕྱི་དབྱིབས་ཀྱི་སྲས་མཆོག་གཅིག་ལས་མི་བསྐྱེད་ན་ཕུར་བུ་ལྷ་གྲངས་བཀོད་པ་དོན་མེད་པའི་ཕྱིར་དང༌། མདུན་བསྐྱེད་དེ་ལྟར་བསྒོམ་པ་ན་ཆོ་ག་གཅིག་གིས་བདག་མདུན་མེ་ལོང་གཉིས་ལ་གཟུགས་བརྙན་དུས་གཅིག་ཏུ་ཤར་བ་ལྟར་


TN02_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བཤད་ཅིང༌། དེའི་མདུན་བསྐྱེད་ལ་སྲས་མཆོག་གཅིག་ལས་མི་འཇོག་ན་བདག་མདུན་བསྐྱེད་ཆོག་གཅིག་ཏུ་བྱར་མི་བཏུབ་པའི་ཕྱིར་རོ། །དེས་ན་འདི་ལྟར་ཡིན་ཏེ། རྡོ་རྗེ་ཕུར་བའི་སྒོས་ཆོས་གཙོ་བོ་ནི། ཕུར་པ་ཕྲིན་ལས་ཀྱི་སྒྲུབ་སྡེ་ཞེས་གྲགས་པ་ལྟར་ཐལ་འབྱིན་གྱི་ཕྲིན་ལས་ཡིན་ལ། དེ་སྒྲུབ་པ་ལ་དཀྱིལ་འཁོར་གསུམ་གྱི་ནང་ནས་ཀྱང་ཁྱད་པར་དུ་བསྔགས་པ་ནི་སྲས་མཆོག་ཡིན་ཏེ། ཐོགས་པ་མེད་པའི་ལས་མཛད་འདུས་པ་ལྔཿ ཞེས་གསུངས་པའི་ཕྱིར་ཏེ། ཐོགས་པ་མེད་པའི་ཕྲིན་ལས་དང་ཐལ་འབྱིན་གྱི་ཕྲིན་ལས་སྐབས་འདིར་དོན་འདྲའོ། །དེའི་ཕྱིར་དང་པོར་སྲས་མཆོག་རྫས་ཀྱི་དཀྱིལ་འཁོར་ལ་མཐིལ་གཏད་ནས་དངོས་གྲུབ་ཀྱི་ནུས་པ་སྐྱེད་པའི་ཆེད་དུ་ཉེ་སྒྲུབ་བྱེད་ལ། དེ་ནས་དཀྱིལ་འཁོར་གསུམ་གྱི་ལྷ་ཡོངས་རྫོགས་ལ་བརྟེན་ནས་དངོས་གྲུབ་བླང་བའི་དོན་དུ་ནི་སྒྲུབ་པ་བྱེད་དེ། རིམ་བཞིན་སྒྲུབ་སྡེ་འདིའི་རྩ་བའི་དངོས་གྲུབ་སྒྲུབ་པ་དང༌། དེའི་ནུས་པ་སྒོ་ཐམས་ཅད་ནས་སྐྱེད་པའི་ཆེད་དོ། །ཉེ་སྒྲུབ་འདི་སྲས་མཆོག་ལ་ལྟོས་ནས་སྒྲུབ་པ་དང༌། དཀྱིལ་འཁོར་གསུམ་ཡོངས་རྫོགས་ལ་ལྟོས་ནས་བསྙེན་པ་ཙམ་དུ་འགྱུར་བའང་དེས་ཤེས་སོ། །དེའང་རྫས་ཕུར་ལ་བརྟེན་ནས་བསྒྲུབ་པར་ཁྱད་མེད་ཀྱང་རྣལ་འབྱོར་པའི་བློ་རྩེ་གཏོད་ཚུལ་གྱི་ཁྱད་པར་ལས། ཕྱི་ཡུལ་སྣང་ཆར་དགྲ་བགེགས་གཉིས་ལ་ཐེབས། །ཞེས་དང༌། ནང་དུ་རང་རྒྱུད་ཉོན་མོངས་དུག་ལྔར་ཐེབས། །ཅེས་སོགས་ལྟར་ཐལ་འབྱིན་གྱི་ནུས་པ་ཐོན་


TN02_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མི་འདྲ་བ་དུ་མ་འོང་བར་སྣང་ངོ༌། །དེ་ལྟར་ན་བསྙེན་སྒྲུབ་གསུམ་ལ་བདག་བསྐྱེད་ཙམ་དང༌། མདུན་བསྐྱེད་སྲས་མཆོག་དང༌། དཀྱིལ་འཁོར་གསུམ་ཡོངས་རྫོགས་ལ་བརྟེན་པའི་ལྷའི་ཁྱད་པར་དང༌། འབྲུ་དགུ་དང༌། འབྲུ་བཅུ་བཞི་པ་དང༌། བཅུ་བདུན་པ་ལ་བརྟེན་པའི་སྔགས་ཀྱི་ཁྱད་པར་ཆེན་པོ་ཡོད་ལ། གལ་ཏེ་མདུན་བསྐྱེད་ཀྱི་རིམ་པའི་དབྱེ་བ་དེ་ལྟར་མི་འབྱེད་ན་ནི། སྒྲུབ་ཐབས་བཀོལ་བའི་དུམ་བུ་ལྟར། ཉེ་བསྙེན་གྱི་དུས་ནས་སྒྲུབ་པའི་སྐབས་བཞིན་འཛབ་ཁང་ཕྱེ་སྟེ། མདུན་བསྐྱེད་དཀྱིལ་འཁོར་ཡོངས་རྫོགས་ལ་བརྟེན་ནས། དོ་ལིའི་དམིགས་བཟླས་བྱ་སྟེ། འདི་ལ་ནི་སྒྲུབ་པ་དང་ཉེ་བསྙེན་གྱི་ཁྱད་པར་ཛབ་ལ་དངོས་གྲུབ་བསྡུ་བའི་སྔགས་ཤམ་ཡོད་མེད་ཙམ་གྱིས་འབྱེད་དོ། །དེ་ཡང་ཛཿ ཞེས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་ཀྱི་དངོས་གྲུབ་མདུན་བསྐྱེད་སྔགས་ཀྱི་ལྷ་ལ་སྡུད། ཧཱཾཨུ་གིས་དེ་ཡང་བསྐུལ་ཏེ་རང་ཉིད་ལ་སྡུད། ཨཱཿས་སྔགས་ཀྱི་དངོས་གྲུབ་དང་སྒྲུབ་པ་པོའི་རྒྱུད་འབྲལ་མི་རུང་དུ་བརྟན་པར་བྱེད་པར་གསུངས་པའི་སྟེང་ནས་དངོས་གྲུབ་བསྡུ་སྔགས་ལ་འབྲུ་བཅུ་བདུན་པ་འཇོག་པའི་དོན་ཤེས་དགོས་སོ། །སྒྲུབ་ཐབས་དཔག་བསམ་ལྗོན་པའི་དངོས་བསྟན་གྱི་བསྙེན་སྒྲུབ་གསུམ་ཡང༌། ཆོས་ཉིད་དང་སྦྱར་ཏེ་བཟླ་བ་བསྙེན་པ། ལྷ་དང་སྦྱར་བ་ཉེ་བསྙེན་སོགས་ཀྱི་བཤད་པའང་ཡོད་མོད་ཀྱི། གཙོ་བོ་ནི་བཟླ་བྱའི་སྔགས་མི་འདྲ་བའི་སྒོ་ནས་ཁྱད་པར་བསྟན་ཚུལ་འདི་དང་འདྲ་བར་གསལ་ལོ། །འབྲུ་བཅུ་བདུན་པ་འདི་རྒྱུད་ཀྱི་དངོས་བསྟན་ལ་མི་གསལ་བར་རིག་འཛིན་གཞུང་ལམ་ལས་གསུངས་ཤིང༌།


TN02_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་གཏེར་གཞུང་འདིར་ཡང་ཚིག་ཟིན་མ་བྱུང་མོད། འོན་ཀྱང་རྒྱུད་ཕུར་དུ་མན་ངག་གིས་ཁ་བསྐང་བ་ལྟར། འདིར་ཡང་བསྣན་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བར་སེམས། ཚོགས་མཆོད་ནི་བསྙེན་པའི་དུས་སུ་ཡང་མ་ཆག་ན་བསོད་ནམས་ཆེ་བས་ལེགས་པ་ཡིན་ཏེ། རིག་འཛིན་གཞུང་ལམ་ལས། ཐུན་ཐ་མ་ལ་ཚོགས་མཆོད་རེ་གྲུབ་ན་ལེགས་ཤིང་ཞེས་སོ། །ལྷག་པར་སྒྲུབ་པའི་སྐབས་སུ་ནི་ཉིན་རེ་བཞིན་ཚོགས་མཆོད་རྒྱ་གང་ཆེར་བྱ་བ་ངེས་པར་དགོས་ཏེ། དེ་ཉིད་ལས། སྲོད་ཐུན་ལ་ཚོགས་མཆོད་རྒྱས་པ་རེ་བྱ་ཞིང༌། བྱེ་བྲག་པ་ཚོགས་ཀྱི་འཁོར་ལོའི་ཐ་སྙད་སྨོས་ན། ཞེས་སོགས་གསུངས་པའི་ཕྱིར་རོ། །ཕྱོགས་འདིར་ཕུར་པའི་དེ་ཉིད་ལེགས་པར་ཤེས་ནས་དེས་སྣང་སྤྱོད་ཐམས་ཅད་ལ་རྒྱས་བཏབ་སྟེ་སྒོམ་པ་ནི་ལམ་གྱི་སྲོག་ཏུ་སྣང་བས། དེའི་ཚུལ་ནི། སྤྱི་ཆིངས་དྲྭ་བ་སྡོམ་པར་རྒྱུད་ཀྱི་ལུང་དྲངས་པ་ལས། དེ་ལ་ཕུར་པའི་ལྟ་བ་ནི་སོགས་དང༌། བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །སྲིད་གསུམ་འཁོར་བ་གདར་ཤ་གཅོད། །མ་བཏབ་བཞིན་དུ་ལྷུན་གྱིས་རྫོགས། །ཞེས་དང༌། བསྙེན་སྒྲུབ་མཛོད་ཁང་དུའང༌། དེ་ལ་ཆོས་ཉིད་ཕུར་པ་ནི། །ཞེས་སོགས་དྲངས་པ་ལྟར་དབྱིངས་སྟོང་པ་ཉིད་དང༌། རིག་པ་ཡེ་ཤེས་དབྱེར་མེད་པའི་འོད་གསལ་བྱང་ཆུབ་ཀྱི་སེམས་ནི་གཟུང་འཛིན་གྱི་འཁྲུལ་པ་ཐལ་མར་འབིགས་ཤིང་གཅོད་པས་ན་ཕུར་བུ་སྟེ། ཟབ་པའི་ཕྱོགས་སོ། །སྲིད་པ་གསུམ་གྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་དེ་ལས་མི་གཞན་པ་


TN02_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རིག་པ་དེ་ཉིད་ཧེ་རུ་ཀའི་དཀྱིལ་འཁོར་འབའ་ཞིག་ཏུ་འཆར་བའི་རྣལ་འབྱོར་ནི། སྲིད་གསུམ་ཐ་མལ་དུ་སྣང་ཞིང་ཞེན་པའི་མཐུ་འཕྲོགས་པར་བྱེད་པས་ན་ཕུར་བུ་སྟེ། སྣང་ཕྱོགས་སོ། །འདི་ཡང་སྤྱི་ཆིངས་དྲྭ་བ་སྡོམ་པར། སྲིད་པ་གསུམ་པོ་ལྷ་སྔགས་ཡེ་ཤེས་ཀྱི་ཕུར་བུར་སྒྲུབ་ཚུལ་བཤད་པ་སོགས་དང་བསྒྲིགས་ནས་ཤེས་པར་བྱའོ། །དེ་ལ་གཏེར་གཞུང་འདིའི་ལུགས་ཀྱི་གཙོ་བོའི་ཕྱག་མཚན་ཕུར་པ་སྤུ་གྲི་སོགས་དང་མཐུན་ཡང༌། སྨད་ལས་ཀྱི་བསྙེན་པ་ནི་སྤུ་གྲིལ་བསྟེན་པའི་ཕྱོགས་མིན་པར་བསྙེན་པའི་དམར་བྱང་ལས་ཤེས་པས། རྒྱུད་ཕུར་ཇི་བཞིན་དུ་བྱ་དགོས་སོ། །དེར་དམ་ཅན་ཉེ་བསྙེན་གྱི་ལས་བྱང་གཉིས་འབྱུང་བ་ནི། བཞི་སྙིང་དྲིལ་བའི་སྟེང་ནས་སྨད་ལས་ཀྱི་ཁོག་སྲོང་ཚུལ་རྒྱས་པར་སྟོན་པ་ལ་སྨད་ལས་ཀྱི་སྲོག་ཤིང་དང༌། གཙོ་བོར་གསོལ་ཁའི་ལས་རིམ་རྒྱས་པར་སྟོན་པའི་དབང་དུ་བཏང་སྟེ་མ་མོ་མཁའ་འགྲོའི་ཞལ་ལུང་མཛད་ལ། དེ་གཉིས་ཀྱི་བཟླས་སྔགས་མི་འདྲ་བ་ནི། ཕྱི་དྷ་ཏི་དང༌། གསང་བ་བསྡུ་ཡིག་ལ་བརྟེན་པའི་ཁྱད་ཡིན་པར་གནད་ཡིག་དང་མཁའ་འགྲོའི་ཞལ་ལུང་བསྒྲིགས་ན་ཤེས་ཤིང༌། གནད་ཡིག་ན་ནང་འདུས་པ་ལ་བརྟེན་པའི་ངོས་འཛིན་ཡང་ཡོད་དོ། །བཞི་སྙིང་གི་ངོས་འཛིན་གོ་སླར་བྱས་ན། གོ་གནོན་བསྙེན་སྔགས་དང་གཅིག་ཐམས་ཅད་འདུས་པ་རི་རབ་དང་གཉིས། དམ་ཅན་འདུས་པ་དང་གསུམ། མཇུག་སྡུད་ཁྲོ་བོ་འདུས་པའམ་སྒྲུབ་སྔགས་དང་བཞི་སྟེ། དེའི་ནང་ནས་གཉིས་པར་ཕྱག་རྒྱ་བཞིའི་ཡི་གེ་རྐྱང་པ་ལས་མེད་སྐབས། དམིགས་བྱ་རྟེན་ལ་


TN02_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་འཆིང་བསྡམས་ནས། དྲིལ་བུའི་སྒྲའི་དེ་ཉིད་ཤེར་ཕྱིན་གྱི་ནུས་པས་ལས་ཉོན་སྡུག་བསྔལ་གྱི་རྣམ་རྟོག་ལྡང་བའི་གོ་སྐབས་བཅོམ་ནས་སྟོང་པའི་དབྱིངས་སུ་བརྒྱལ་ཞིང་མྱོས་པར་བྱེད་པ་ཉིད་ལ་སྨད་ལས་ཀྱི་ཟབ་གནད་འཛིན་པ་སྟོང་པར་སྒྲོལ་བའི་གོ་དོན། རང་རང་འཛིན་པ་ཀུན་བཅོམ་ནས། །དངོས་མེད་ནམ་མཁའི་རང་བཞིན་གནས། །ཞེས་པ་ལེགས་པར་ཚང་བས་ཐམས་ཅད་འདུས་པར་འགྲོ་ཞིང༌། རི་རབ་ཀྱི་དོན་ཚང་བ་ནི་སླའོ། །ཐམས་ཅད་འདུས་པའི་དོན་དངོས་མི་ཚང་ཡང་སྤྱི་མིང་ཕྱོགས་གཅིག་ལ་བཏགས་ཞེས་སམ་ཐམས་ཅད་འདུས་དང་རི་རབ་དང་ཞེས་པའི་དང་སྒྲ་སྔ་མས་དེ་གཉིས་གང་རུང་གི་དོན་ཡོད་ན་ཆོག་པའི་གདམ་ངར་བསྟན་ཅེས་བྱས་ཀྱང་ཟེར་རྒྱུས་མ་ཕོངས་ཙམ་འོང་བར་སྣང་སྟེ། སྔ་མ་བཟང་བར་སེམས་སོ། །བཞི་སྙིང་གི་འབྲེལ་འསྒྲིག་ན། ཚར་བཅད་ཀྱིས་འདུལ་བའི་ཡུལ་རྣམས་དང་པོར་ཡེ་ཤེས་ལྷའི་ཕྱག་རྒྱས་མནན་པས་བྱིན་རླབས་ཆེ་ཞིང༌། དེ་ནས་དམ་ཅན་ཕོ་ཉའི་ཚོགས་ལ་དྲག་པོའི་ལས་ཀྱི་གཉེར་གཏད་པས་ཕྲིན་ལས་མྱུར་བ་ཡིན་ནམ་སྙམ། སྨད་ལས་སྲོག་ཤིང་གི་དམ་ཅན་འདུས་པ་ནི། ཀ་ཏཾ་ཀ་ཡེ་ལུས་སྒྲོལ་བྱེད་སྐུའི་སྙིང་པོ། །ཛ་ཡ་བི་ཛ་ཡེ་ངག་སྒྲོལ་བྱེད་གསུང་གི་སྙིང་པོ་སོགས་ནས། ཏ་ན་ཡེ་མིང་པོ་གསུམ་དང་སྦྱར་བའི་བར་དུ་སྔགས་དོན་གྱི་བཤད་པས་ངེས་པར་བྱེད་ཚུལ་གནད་ཡིག་ཏུ་རྒྱུད་དྲངས་པས་སྟོན་ལ། སྲོག་ཤིང་རང་གི་ཉིན་མོ་གཏོར་ཏེ་བཟླ་བའི་རྦད་བསད་ཀྱི་ཐད་ན་ཀ་ཏཾ་སོགས་ཤྭ་ན་


TN02_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ། ཛ་ཡེ་སོགས་བསེ་མོ། ཨ་ཛི་ཏེ་སོགས་བདག་ཉིད་མ། མ་ར་སོགས་མིང་པོ་དང་སྦྱར་ཏེ། མཁའ་འགྲོའི་ཞལ་ལུང་གི་དྷ་ཏི་འབྲིང་པོ་ལ་དེ་འདྲའི་བཤད་པ་གསལ་པོ་གཞུང་འདིར་མི་སྣང༌། ལས་གཞུང་སྲོང་ཚུལ་སྐབས་གནད་ཡིག་ཏུ་ནག་མོ་བཞིའི་སྒོས་སྒྲུབ་སྟོན་པའི་རྒྱུད་ཀྱི་ལུང༌། རྒྱན་དང་ལྡན་པར་རབ་ཏུ་བསྐྱེད། །རང་བཞིན་སྤྱན་དྲངས་མཆོད་པ་འབུལ། །བསྟོད་དང་སྨོན་ལམ་ལེགས་པར་བྱ། །དེ་ནས་བདག་ཉིད་སྔགས་དང་ནི། །མཆེད་བཞིའི་གསང་སྔགས་སྭཱ་ཧཱ་ཅན། །བར་བཅུག་བར་བཟླས་སྲོག་སྙིང་དཔོག །ནུས་པ་དག་དང་ལྡན་པར་བྱ། །བར་བར་མཆོད་བསྟོད་གནད་ལ་དབབ། །རང་རང་དམ་རྫས་ལེགས་པར་བསྟབས། །ཞེས་དྲངས་པའི་རྐང་པ་སྔ་མ་གསུམ་དང་མཐུན་པར་ལས་རིམ་སྤྲོ་བའི་ཚུལ་ནི་མཁའ་འགྲོའི་ཞལ་ལུང་ལས་གསུངས་ཤིང༌། ཐ་མ་གཉིས་ལྟར་བར་སྐབས་སུ་གཏོར་མ་འབུལ་བ་ནི་སྨད་ལས་སྲོག་ཤིང་དུ་བཤད་དེ། དེས་མཚོན་ནས་མཁའ་འགྲོའི་ཞལ་ལུང་ལ་རྐང་པ་ཕྱི་མ་གཉིས་ཀྱི་དོན་དང༌། སྨད་ལས་སྲོག་ཤིང་ལ་རྐང་པ་སྔ་མ་གསུམ་ལྟར་སྦྱོར་བའང་ཤེས་པར་བྱ་མོད། སྨད་ལས་སྲོག་ཤིང་གི་དགོངས་པས་སྔོན་དུ་སྤྱན་འདྲེན་མཆོད་བསྟོད་ཟུར་པ་མི་དགོས་པར་མངོན་ཏེ། མན་ངག་གིས་སྤྲོ་བསྡུ་བྱེད་ཚུལ་བསྟན་པ་འདྲའོ། །དེ་བཞིན་དུ་མཁའ་འགྲོའི་ཞལ་ལུང་ལ། སྨད་ལས་སྲོག་ཤིང་ནས་བཤད་པའི་འབོད་པའི་དུས་ཀྱི་བཟླས་དམིགས་ཀྱང་ངེས་པར་སྦྱོར་དགོས་པ་སོགས་ཤེས་སླ། སྲོག་ཤིང་གི་ཤོམ་གྱི་ཐད་ན། མི་བཟད་ཕུར་པ་དྲུག་རྣམས་


TN02_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཞེས་ཡོད་ཀྱང་དེ་དག་ལྷ་གང་དུ་བསྐྱེད་པ་དེ་རང་ན་མི་གསལ། འོན་ཀྱང་སྤུ་གྲི་རླུང་འཁོར་ལས་སྲས་མཆོག་གི་ངོ་བོ་མི་བཟད་པའི་ཕུར་པ་དྲུག་ཅེས་བཤད་པ་དང་འདྲ་བར་གསལ་བས་སྲས་མཆོག་བདུན་དུ་བྱས་པ་ཡིན་པ་འདྲ་ཞིང༌། དེ་གང་དུ་བསྐྱེད་པའི་གནས་ནི་རྩ་དཀྱིལ་གྱི་ཕྱིའི་མུ་རན་ལ་སྲས་མཆོག་དམ་ཅན་དང་བཅས་པའི་ལས་དཀྱིལ་སྒོམ་པ་ཡིན་ནམ་སྙམ་སྟེ། སྲས་མཆོག་ཡིན་ཡང་རྩ་དཀྱིལ་གྱི་ཕྱི་རོལ་དུ་སྒོམ་པ་མི་འགལ་བ་ནི་སྔ་འགྱུར་བཀའ་མའི་གཞུང་མང་པོར་ལྷག་མའི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པ་རིགས་ལྔ་འགོད་པ་བཞིན་ནོ། །དེའང་རྫས་ཕུར་ལ་བརྟེན་ནས་གཏོར་དྲིལ་གྱི་བཟླས་པ་ཐམས་ཅད་ཚང་བར་བྱེད་ན་སྨད་ལས་སྲོག་ཤིང་ལྟར་དང༌། རྫས་ཕུར་ལ་བརྟེན་ཡང་དྲིལ་ཏེ་བཟླས་པའི་བསྙེན་པ་རྐྱང་པའི་མཐར་བསྐུལ་དང་གདབ་ཁ་ཙམ་བྱེད་པ་ཡིན་ན་མཁའ་འགྲོའི་ཞལ་ལུང་ལྟར་བསྙེན་པ་བསྐྱལ་ན་དངོས་བསྟན་དང་འབྱོར་བས་ལེགས། གལ་ཏེ་གཏོར་མ་དང་མཐུན་རྫས་ཙམ་ལ་བརྟེན་ནས་དམ་ཅན་ཉེ་བསྙེན་བསྡུས་པ་བྱེད་ན་ནི། བསྙེན་སྒྲུབ་མཛོད་ཁང་ལྟར་ཤེས་དགོས་ཏེ། དེའི་ཤོམ་ལ། བྲུབ་ཁུང་དུ་ཟན་ལིང་བཅུག་པའི་ཁར་མཉྫི་ལ་དམ་ཅན་སྤུང་གཏོར་འགོད། བསེ་ཡི་ལྷ་མོའི་རྫས་རྣམས་ནི། །ཞེས་སོགས་སྨད་ལས་སྲོག་ཤིང་དུ་དྲང་བ་ལྟར་གྱི་མཐུན་རྫས་གང་འབྱོར་བཤམས། དེ་དག་སྔགས་པ་རང་ལས་དམའ་བར་བཤམས་དགོས་ཏེ། དམ་ཅན་བཀའ་འོག་ཏུ་འདུ་བའི་རྟེན་འབྲེལ་ཡོད། དེ་ནས་


TN02_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་ཚུལ་དངོས་ལ། སྨད་ལས་སྲོག་ཤིང་ན་གཏོར་མ་དང་མཐུན་རྫས་ཙམ་ལ་བརྟེན་ནས་གཞུང་དེ་རང་དུ་བསྟན་པའི་བཞི་སྙིང་དྲིལ་བ་གཞིར་བཞག་གི་སྒྲུབ་པའི་ཚིག་ཟིན་ཡོད་ཅིང༌། བསྙེན་སྒྲུབ་མཛོད་ཁང་གི་དགོངས་པ་ཡང༌། སྔོན་དུ་སྤྱན་འདྲེན་མཆོད་བསྟོད་ཟུར་པ་སོགས་མེད་པའི་སྲོག་ཤིང་ལུགས་དང་ཉེ་བར་མངོན་པས། སྨད་ལས་སྲོག་ཤིང་གི་དྲིལ་ཏེ་བཟླས་པའི་བསྙེན་པ་ཁོལ་འདོན་བྱས་ལ། བསྙེན་སྒྲུབ་མཛོད་ཁང་རང་གི༌།དཀྱིལ་འཁོར་གྱི་མུ་རན་ལ་བཀའ་སྡོད་ལྟར་སོགས་དང་ལྟོ་སྦྱར་ཏེ་ཉམས་སུ་བླང་ངོ༌། །འདིར་གཏོར་མ་ལྷར་ཤེས་པས་དམ་ཅན་ལྕམ་དྲལ་གསལ་བཏབ་སྟེ་བཟླས་པ་བྱེད་ཅིང༌། སླར་ཡང་གཏོར་མ་ཁ་གསོས་ཏེ་མཆོད་པར་ཤེས་ནས་བར་སྐབས་སུ་གཏོར་འབུལ་བྱེད་པ་འདྲ། འདིའི་ཐད་ཀྱི་བསྙེན་སྒྲུབ་མཛོད་ཁང་དུ། གཏོར་མ་ལ་ཤེས་པ་གསུམ་དང་ལྡན་པ་ལས། ཞེས་དང༌། དེའི་ཚེ་སྔོན་གྱི་ཕུར་པ་མཁན་པོ་རྣམས་ལ་གྲགས་པའི་ཤེས་པ་གསུམ་གྱི་མན་ངག་ལས། ཞེས་ཤེས་པ་གསུམ་གོང་འོག་གཉིས་བཤད་པ་ནི་དོན་མི་གཅིག་པར་མཐོང་སྟེ། འོག་མ་དེ་ལ་ནི་གཏོར་མ་ཤེས་ཚུལ་ཅང་མི་སྣང་བས། རུ་ལུ་ཤེས་པ་བཅུ་ཟེར་བ་ལྟར་བཞི་སྙིང་དྲིལ་བ་ཤེས་ཚུལ་དུ་མངོན་ནོ། །ཡང་བསྙེན་ཕུར་དང་སྒྲུབ་ཕུར་དང་གཙོ་ཕུར་དུ་གྲགས་པ་དེ་དག་གཅིག་གམ། མི་གཅིག །དེ་དག་གདབ་ལས་ལ་འཇུག་ཏུ་རུང་མི་རུང་ཡང་ཇི་ལྟ་བུ་ཞེ་ན། འདི་ལ་སྤུ་གྲི་རླུང་འཁོར་ལས། བསྙེན་ཕུར་ནི་སྲས་ཕུར་ཉིད་ལ་བྱེད་པ་དང༌། སྔགས་པ་འགྲོ་ན་སྐེད་


TN02_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འདུག་ན་སྔས་སུ་མི་འབྲལ་རྒྱུའི་ཕུར་བུའང་དེ་ལ་བྱེད་པ་དང༌། ཕུར་བུ་གཞན་ལས་བསྒྲལ་བའི་རྣམ་དག་མི་རྫོགས་པས་གདབ་ཕུར་ཉེར་ལྔའི་གཙོ་བོར་འཇོག་རྒྱུའནག་དེ་ཡིན་པ་དང༌། སྒྲུབ་ཕུར་རམ་ལྷ་ཕུར་ནི་གདབ་ལས་ལ་མི་འཇུག་པས་བསྙེན་སྒྲུབ་ཀྱི་རྫས་ཕུར་ཐ་དད་ཡིན་པ་དང༌། དེས་ན་སྒྲུབ་ཕུར་ཡིན་ཡང་གཙོ་ཕུར་ཡིན་མི་དགོས་པ་འཁོར་གྱི་ལྷ་ཕུར་གྱིས་ཤེས་ཤིང༌། བསྙེན་ཕུར་ལའང་གཙོ་ཕུར་གྱི་ཐ་སྙད་ཙམ་ཡོད་ཀྱང༌། ལྷ་ཕུར་གྱི་གཙོ་བོ་དང་མི་གཅིག་པར་བཤད་པས་དེར་ཞིབ་ཏུ་བལྟ་སྟེ། འབྲལ་སྤང་གི་ཕུར་བུ་སྲས་མཆོག་ལ་འཇོག་པ་འདི་དང༌། སྔར་ཉེ་སྒྲུབ་ཀྱི་ཐད་དུ་བཤད་པ་གཉིས་བསྒྲིགས་ཤེས་ན་ངེས་པ་སྟེར་རོ། །འོན་ཀྱང་བསྙེན་སྒྲུབ་ཀྱི་ཕུར་བུ་གཅིག་ལས་མེད་ན། ཕྱིས་ངན་སྔགས་ཉེ་བསྙེན་དུས་སྲས་ཕུར་དུ་བྱས་ནས་འདེབས་པ་ལ་ནི་ཉེས་པ་མེད་དམ་དཔྱད་པར་བྱའོ། །སྟོད་ལས་སྨད་ལས་ཚང་བར་བསྙེན་པ་མདོར་བསྡུས་བྱེད་ཚུལ་ནི། བསྙེན་ཕུར་དང༌། སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན་ནས། ཅི་ཙམ་སྒྲུབ་པའི་དུས་ཀྱི་སུམ་ཆ་དང་པོར་བསྙེན་དམིགས་རྐྱང་པ་དང༌། ཕྱི་མ་གཉིས་ལ་ཉེ་སྒྲུབ་ཀྱི་དམིགས་རིམ་དང་སྦྲགས། གསུམ་གར་ཡིག་འབྲུ་བཅུ་བཞི་པའི་བཟླས་པ་ཁོ་ན་བྱ་ཞིང༌། མཐར་ཞག་བདུན་སོགས་སུ་བཞི་སྙིང་དྲིལ་བའི་བཟླས་བརྗོད་དང༌། གཏོར་བསྔོ་བྱས་པས་འགྲུབ་པར་བསྙེན་སྒྲུབ་མཛོད་ཁང་ལས། གལ་ཏེ་སྙིགས་མ་ལྔ་ཡི་སོགས་ནས། གཏོར་བསྔོ་བྱེད་པ་དམ་ཚིག་གོ་ཞེས་པའི་བར་


TN02_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྟན་ཏོ། །ཡིག་འབྲུ་བཅུ་བཞི་པའི་གྲངས་འདྲེན་ནི། བཛྲ་དང༌། སརྦ་གཉིས་རེ་རེར་བགྲང༌། གཞན་རྣམས་སོ་སོར་བརྩིས་པ་སྟེ། ཨོཾ་ནི་དཔལ་ཆེན་ཡབ་ཡིན་ཏེཿསོགས་རྐང་པ་བཅུ་བཞི་པོ་ལྟར་ཡིན་ནོ། །ད་དུང་བློ་ལྡན་རྣམས་ཀྱིས་གུས་པས་ལེགས་པར་དཔྱད་ན་པདྨའི་རིང་ལུགས་འབྲས་ལྡན་དུས་ཀྱི་ཉི་མ་ལྟར་གཟི་བརྗིད་ཇེ་གསལ་དུ་འོང་ངོ༌། །ཕུར་ཐོགས་མགྲིན་པའི་རྒྱན་ཞེས་བྱ་བ་ཕུར་བུའི་ལུགས་སྲོལ་གཞན་དང་མ་འདྲེས་པར་རང་གཞུང་རྐྱང་པ་ལ་བརྟེན་ནས་ཅུང་ཟད་དཔྱད་པའི་ཟིན་ཐོ། རབ་ཚེས་ཤིང་འབྲུག་ལོའི་སྔགས་པ་ཟོར་འཕེན་གྱི་ཟླ་༡༡་བའི་ཟད་མཐར་བྲིས་པ། བདུད་སྡེ་ནག་ཕྱོགས་ཀྱི་ཟླ་བ་ལྟར་ཟད་དེ། རྒྱལ་བའི་བསྟན་པ་རྒྱལ་ཟླའི་ཡར་ངོ་ལྟར་འཕེལ་རྒྱས་འབྱུང་བའི་རྒྱུར་གྱུར་ཅིག། ༈ །།འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།


previousཕུར་པའི་ཟིན་བྲིས།next