Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་གསང་རྫོགས་ལས་གསུང་པའི་ཁྱིམ་གྱི་དྲན་ཐོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་གསང་རྫོགས་ལས་གསུང་པའི་ཁྱིམ་གྱི་དྲན་ཐོ།next

བཀའ་བརྒྱད་གསང་རྫོགས་ལས་གསུང་པའི་ཁྱིམ་གྱི་དྲན་ཐོ།


TN02_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བཀའ་བརྒྱད་གསང་རྫོགས་ལས་གསུངས་པའི་ཁྱིམ་གསུམ་གྱི་དྲན་ཐོ་འདྲི་བར་གནང་བ་སྩོལ་ཅིག །རྣལ་འབྱོར་པ་ལ་གནས་ཁྱིམ་གྱིས་ལྷ་དང་སྲུང་མ་ལམ་དུ་བསླང་བའི་རིམ་པ། གཟས་པ་པོ་ལ་སྲོག་ཁྱིམ་གྱིས་གཤེད་མ་ལམ་དུ་བསླང་བའི་རིམ་པ། བདག་གཞན་གཉིས་སུ་མེད་པ་མི་འགྱུར་བ་རྡོ་རྗེའི་ཁྱིམ་གྱིས་མདོ་ཐམས་ཅད་ཐིག་ལེ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ་བར་བསྡུ་བའི་རིམ་པ་དང་གསུམ་ལས། དང་པོ་ནི། རང་གི་སྙིང་ཀ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ན་གནས་པའི་ཤ་ཁྲག་དྲོད་དབུགས་སེམས་དང་ལྔའི་དྭངས་མ་མི་ཤིགས་པའི་རླུང་ཐིག་རིག་པ་དབྱེར་མེད་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ནི། དེ་ཁོ་ན་ཉིད་རྟོགས་པའི་སྔགས་ཀྱི་ཐབས་མཁས་ཀྱིས་སྦྱངས་ན་ཧེ་རུ་ཀར་གནས་འགྱུར་ནས་འགྲོ་བས་དེའི་སྒྲུབ་གཞིའོ། །དེས་སྤྲོས་པའི་ཕོ་ཉ་ནི། ཚོགས་བརྒྱད་ཀྱི་རླུང་སེམས་རྣམས་ཏེ། དེའང་ཐོག་མེད་ཀྱི་དུས་ནས་འཇིག་ལྟས་ཚོགས་བརྒྱད་ལ་བདག་དང་བདག་གི་བའི་གདོན་དུ་ལྟ་བ་འཐས་ཡོད་ལ། དེས་རླུང་སེམས་བརྒྱད་པོ་ཤིན་ཏུ་མ་དག་པར་བསྐྱེད་པའི་དབང་གིས་དེ་བརྒྱད་པོས་ཕྱིའི་སྡེ་བརྒྱད་མ་རུངས་པ་རྣམས་ཀྱང་ཤ་རུལ་གྱིས་སྦྲང་མ་ལྟར་གསོག་པས་སྡེ་བརྒྱད་ཀྱི་བླ་རྡོར་བཤད་དོ། །ཀུན་གཞིའི་རྣམ་ཤེས་ལས་རླུང་གི་སྙིང་


TN02_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཅན་ནི་འཆི་བདག་གཤིན་རྗེ། མི་འགྱུར་བ་སྲོག་གི་སྙིང་པོ་ཡཿ མཐིང་ནག་དང་བཅས་པའི་བླ་རྡོ་དང༌། དེའི་འགྲེས་ཀྱིས། ལུས་ཤེས་རླུང་ལྡན་ནད་གཏོང་མ་མོ་མཿ སྨུག་ནག་དང་བཅས་པའི་དང༌། ཉོན་ཡིད་གདུག་པ་ཀླུ་ནཿ ཁ་དོག་གསུམ་ལྡན་དང་བཅས་པའི་དང༌། རྣ་ཤེས་ཆེ་དྲེགས་ལྷ་རཿ ཡིག་དཀར་རྒྱ་དང་བཅས་པའི་དང༌། སྣ་ཤེས་ཧུར་ཐུམ་གཟའ་དང་ཤཿ སྨུག་ནག་གི༌།ཡིད་ཤེས་དྲག་རྩལ་གནོད་སྦྱིན་དང་ཀྵཿ ལྗང་ཀུའི། ལྕེ་ཤེས་ཁྲོ་གཏུམ་སྲིན་པོ་དང་རུཿ སྨུག་ནག་གི༌།མིག་ཤེས་མུན་འཐིབ་བདུད་དང་དུཿ ནག་པོའི་བླ་རྡོར་སྦྱར་ནས་གསུངས། འདི་དག་རྣམ་པ་གཅིག་ཏུ་ན། དུས་འཁོར་ལས། ཕྱི་ནང་གི་ཆོས་ཐམས་ཅད་དགོས་པའི་དབང་གིས་ཁམས་ལྔར་བསྡུས་ནས་ས་ཁམས་པ་རྣམས་སྡེ་ཚན། ཆུ་ཁམས་པ་རྣམས་སྡེ་ཚན་སོགས་སུ་བཞག་པ་དང་ཆ་འདྲ་ཞིག་འདུག་གམ་དཔྱད་དགོས། ཚོགས་བརྒྱད་ལས་མཆེད་པའི་ཉོན་མོངས་པ་བརྒྱད་ལས་རླུང་གིས་སྦར་ནས་མི་སྲུན་པར་བྱས་པ་རྣམས་ཀྱང་སྡེ་བརྒྱད་ཀྱི་བླ་སྲོག་ཡིན་པར་བཤད་དེ། ཞེ་སྡང་དང༌། འདོད་ཆགས། གཏི་མུག །ང་རྒྱལ། ཕྲག་དོག །སེར་སྣ། རློམ་སེམས། ཐེ་ཚོམ་མམ་ཡང་ན་ལོག་ལྟ་རྣམས་སྔ་མའི་གོ་རིམ་དང་མཐུན་པར་སྦྱར་རོ། །འདི་བརྒྱད་ཀྱིས་སྡེ་བརྒྱད་མ་གཡབ་ན་སྔ་མ་


TN02_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ་ཆེར་མི་འཁོར་བས་བླ་རྡོ་གཙོ་བོ་ནི་ཕྱི་མའོ། །ནང་གི་སྡེ་བརྒྱད་བླ་སྲོག་དེ་རྣམས་གཉུག་མའི་ཧེ་རུ་ཀ་ལ་བསྡུས་ཏེ་ཤིན་ཏུ་ཕྲ་བའི་སྒོ་གསུམ་གྱི་གཟི་བརྗིད་ལྷག་པར་སྦར་ནས། དེ་ཉིད་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་སྦྱངས་པས་ལམ་འབྲས་ཀྱི་ཧེ་རུ་ཀ་ལ་རྩལ་ཐོན་ཏེ། སྡེ་བརྒྱད་སྲོག་ཕྲོགས་པའི་རང་རིག་གི་དག་པ་ཀློང་དུ་གྱུར་པ་ན་རང་སྣང་ཡེ་ཤེས་ཀྱི་ཕོ་ཉ་མང་པོའི་བདག་པོར་འགྱུར་ཞིང༌། བསྐྱེད་རིམ་ཙམ་བརྟན་པ་ལ་ཡང༌། སྔོན་ཧེ་རུ་ཀའི་རང་རིག་གི་དག་པའི་ཆ་བརྒྱད་ལས་སྤྲུལ་པའི་དག་པའི་སྡེ་བརྒྱད་རྣམས་ཉི་མ་རྟོད་ལ་ནོན་ན་ཟེར་ངང་གིས་ཟིན་པ་བཞིན་དབང་དུ་འགྱུར་བ་འོང་ངོ༌། དཔྱད། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་གི་ཐད་དུ་རང་རིག་གི་དག་པ་དང་སྦྱར་བ་རྩ་གཞུང་ན་ཡོད་ཀྱང༌། འཇིག་རྟེན་སྡེ་བརྒྱད་ཀྱི་དཀྱིལ་འཁོར་སྐབས། ཕྱི་རོལ་གྱི་མ་གཤིན་སོགས་དེ་དག་ཚོགས་བརྒྱད་གནས་དག་གི་ལྟ་དགོངས་ཅན་ལ་བཀའི་སྲུང་མར་གནས་འགྱུར་ཚུལ་ཙམ་མ་གཏོགས་ཟིན་སོ་མི་ཆེ་བས་དཔྱད་རྟགས་ཅན་འདི་གཞུང་དངོས་ལ་མཐུན་ཚབས་ཆུང་འདྲ། དེའི་ཚེ་མ་འཁྲུལ་གཉུག་མའི་མཐུ་བྱིན་གློ་བུར་ཕྱིན་ཅི་ལོག་པའི་སྟོབས་ཀྱིས་ཡེ་མི་བཟོད་པས་འཇིག་རྟེན་གྱི་སྡེ་བརྒྱད་ལྟ། བཀའ་འོག་གི་འབངས་དང༌། མེལ་ཚེ་བྱེད་པའི་སྲུང་མར་གདོན་མི་ཟ་བར་འགྱུར་རོ། །གསང་བའི་སྙིང་པོ་ལས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། །མིང་ཙམ་འཛིན་


TN02_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ཡང༌། །ཞེས་སོགས་དང༌། ཁྱིམ་གསུམ་མན་ངག་ལས་མཆོད་བསྟོད་ཀྱི་སྐབས་སུ། འཆི་བདག་གཤིན་རྗེ་དེ་ཉིད་བཀའི་སྲུང་མར་གནས་གྱུར་ཏེ༔སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་རྣལ་འབྱོར་པ་ལ་རྟག་ཏུ་སྐྱོང་ཞིང་ཞེས་སོགས་ལྟར་སྔོན་གྱི་ཐུགས་དམ་གྱི་དབང་གིས་ཀྱང༌། ངང་ངམ་ཤུགས་ཀྱིས་ཚུར་ཕྱག་བྱེད་དོ། །དེའི་ཕྱིར་རང་སྣང་མ་དག་པའི་དུས་སུ་སྡེ་བརྒྱད་གནོད་གདུག་གི་ཚང་དུ་མཐོང་བ་ལྟར་དག་པའི་ཚེ་རང་གི་ངོས་ནས་ནད་མཚོན་གྱི་ན་བུན་གཏིབ་པའང་ཡིད་བཞིན་གྱི་སྤྲིན་དུ་འཆར་བ་བཅོམ་ལྡན་འདས་ལ་བདུད་ཀྱིས་མཚོན་གྱིས་འཕངས་པ་ལྟ་བུ་ཡིན་པར་མ་ཟད། སྡེ་བརྒྱད་ཀྱི་ངོས་ནས་ཀྱང་ཚེ་དང༌། ནོར་དང༌། དབང་ཕྱུག་དང༌། མཐུ་དང༌། རིགས་བརྒྱུད་དང༌། སྨན་དང༌། སྔགས་དང༌། ལས་སྣ་ཚོགས་ཀྱི་གཏེར་ཁ་འབུལ་བས་ཅང་ཤེས་ཀྱི་བྲན་དུལ་བར་འགྱུར་རོ། ཁྱད་པར་དུ་ཡང་དབང་ཕྱུག་ཆེན་པོ་དང་རེ་མ་ཏི་ལ་སོགས་པ་སྒྲུབ་སྡེའི་དཀྱིལ་འཁོར་ལ་བཀོད་པ་རྣམས་ནི་དཔལ་ཧེ་རུ་ཀས་དངོས་གྲུབ་མང་པོའི་བྱེད་པོར་དབང་བསྐུར་ཞིང་དམ་ཚིག་ལ་གནས་པ། རིག་སྔགས་འབུམ་ཕྲག་མང་པོའི་རྩལ་འཆང་བ་ཡིན་པས་བསམ་གྱིས་མི་ཁྱབ་པའི་འདོད་པ་སྦྱིན་པར་བྱེད་དེ། རིག་སྔགས་ལ་བརྟེན་ནས་གདོལ་བའི་བྲན་གྱིས་


TN02_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཁམས་གོང་མའི་འགྲོ་བ་ཚངས་པ་ཡང་འགུགས་ན། དེ་དག་གིས་ལྟ་ཅི་སྨོས་ཞེས་ཤེས་པར་བྱའོ། །གནས་ཁྱིམ་འདི་ཡེ་ཤེས་ལྷ་དང༌། བསྟན་སྲུང་གི་གཞུང་ཡིན་པས་ཀ་ཁ་ག་ངའི་རྟགས་ཅན་རྣམས་ཀྱང་དཀྱིལ་འཁོར་མ་མཐོང་བའི་སྡེ་བརྒྱད་ཕལ་པ་ལ་ཤས་ཆེར་གོ་ན་མི་ལེགས་འདྲ། དེ་ལྟར་གསུངས་པའི་ཤུགས་ཀྱིས། ནང་ཕྲ་བའི་ཧེ་རུ་ཀ་མ་སད་པར་རགས་པ་སྡེ་བརྒྱད་ཀྱི་བླ་རྡོ་རྣམས་ལ་རྩལ་ཐོན་ཏེ། དེའི་གཞན་དབང་དུ་སོང་བ་ན་འཇིག་རྟེན་གྱི་སྡེ་བརྒྱད་ཁ་རྒྱལ་ཏེ། དབང་ཕར་འཕྲོག་གོ །དེའང་ཞེ་སྡང་ཤས་ཆེ་བ་རྣམས་གཙོ་བོར་གཤིན་རྗེ་དང༌། འདོད་ཆགས་ཤས་ཆེ་བ་རྣམས་མ་མོས་གཙོ་བོར་དབང་བྱེད་པ་སོགས་སོ། །འདི་ནི་ར་ཧུ་ལ་སྟེ་སྒྲ་གཅན་ལ་སོགས་པའི་གཟའ་རྣམས་འཇིག་རྟེན་གྱི་ལེགས་ཉེས་མང་པོ་ལ་དབང་བྱེད་པ་དང༌། ལོ་ཟླ་སོགས་ཀྱི་ས་བདག་གིས་ཀྱང་ལེགས་ཉེས་ཀྱི་ཁྱད་པར་དེ་ལྟར་སྟོན་པ་དང༌། སྐྱེ་དགུའི་སྲོག་དབུགས་འཆི་བདག་ལས་གཤིན་གྱིས་དབང་བྱེད་པ་དང༌། འབྱུང་ལྔ་དང་དུས་བཞིའི་མངའ་བདག་སྲིད་པ་མ་མོས་བྱེད་པ་དང༌། འགོ་བའི་ལྷ་ལྔ་དང་སྐྱོབ་པའི་ལྷ་དགུ་སོགས་ཀྱིས་མིའི་འཇིག་རྟེན་ཁྱབ་པར་སྲུང་ཞིང་བསྲུང་བྱ་གཡོ་བ་དང་བརྟན་པ་སྲུང་མའི་དབང་གིས་བྱེད་པར་གསུངས་པ་ལ་སོགས་པས་ཤེས་ནུས་ཤིང༌། སྙིགས་མ་


TN02_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཆེར་བདོ་བ་ན་སྡེ་བརྒྱད་ཁ་དར་བ་ཡང་བཤད་མ་ཐག་པའི་རྒྱུ་མཚན་གྱིས་ཡིན་ནོ། །འདི་ལྟར་ཤེས་ན་གདུལ་དཀའི་མི་དང་མི་མིན་མཐའ་དག་སྡེ་བརྒྱད་སྲོག་འདྲེན་གྱི་མན་ངག་ཁོ་ནས་བྲན་དུ་འཁོལ་ནུས་པར་གསལ་ལོ། །འཆད་འགྱུར་སྲོག་ཁྱིམ་གྱི་སྐབས་དང་འདི་དག་བསྒྲིགས་ན་གོ་རྒྱུ་ཆེ་སྟེ། པདྨ་དབང་གི་སྔགས་པ་ལ་གཅེས་ནོར་དུ་རྒྱ་རྒྱ་རྒྱ། གཉིས་པ་ལ། དགྲའི་དང༌། བགེགས་ཀྱི་སྲོག་ཁྱིམ་གཉིས་ལས། དང་པོ་ནི། དཀོན་མཆོག་གསུམ་གྱི་རྒྱུ་ལ་གནོད་པ་བྱེད་པ་རྣམས་ལ་སྡེ་བརྒྱད་གཤེད་དུ་སྐོར་བའི་ཟབ་གནད་ཡིན་ཏེ། དེ་ལ་འཁོར་བ་པའི་མིའི་སྙིང་ཀའི་འཁོར་ལོ་ལ། མི་འགྱུར་བའི་སྲོག་ནྲིཿཡིག་ལ་རིག་པ་བྱང་ཆུབ་ཀྱི་སེམས་ཏིལ་འབྲུ་སྣུམ་ཁྱབ་ལྟར་གནས། དེ་ལ་ཆོས་ཐམས་ཅད་རང་བཞིན་འོད་གསལ་བའི་བརྡར་འོད་ཚོན་གང་བ་ཆོས་འབྱུང་ལྟ་བུར་གནས། དེའི་ཕྱི་རོལ་ན། མ་རིག་བརྡར་ཧུར་སྨུག་ནག །ངར་འཛིན་གྱི་བརྡར་ཐུམ་མཐིང་ནག །བདག་འཛིན་གྱི་བརྡར་ཛཿསྔོ་སྐྱ་རྣམས་ལུས་དང་གྲིབ་མ་ལྟར་གནས། དེའི་ཕྱི་རོལ་ན་དུག་གསུམ་གྱི་རང་བཞིན་ཁྲག་གི་སྦལ་པ་བྱེའུ་ནས་ལེན་མའི་མགོ་ཙམ་ཅིག་གནས། དེའི་མདུན་དུ་ཞེ་སྡང་གི་རྩ་ལ་ལྷའི་བུའི་བདུད་ཀྱི་སྙིང་པོ་མཱ་དཀར་པོ། །གཡས་ང་རྒྱལ་གྱི་རྩ་ལ་ཕུང་པོའི་བདུད་


TN02_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙིང་པོ་ཡ་སེར་པོ། རྒྱབ་འདོད་ཆགས་ཀྱི་རྩ་ལ་ཉོན་བདུད་ཀྱི་སྙིང་པོར་དམར་པོ། །གཡོན་ཕྲག་དོག་གི་རྩ་ལ་འཆི་བདག་བདུད་ཀྱི་ས་བོན་རྦད་ལྗང་ཀུ་རྣམས་འབྱུང་བ་རང་འཁྲུངས་སུ་གནས་ལ། དེ་སློང་བའི་ཚུལ་ལ། སྤྱིར་འབྱར་རྩི་ལ་ཚོན་ཞུགས་པ་བཞིན་དུ་ཕྱིའི་ཡུལ་གྱི་རྗེས་སུ་ཆགས་སོགས་ཉོན་མོངས་པས། དྲངས་ཏེ་ཞེན་འགྲོ་བ་ནི་ནང་གཉུག་མའི་རྒྱལ་སྲིད་ཀྱི་སྟེང་དུ་རང་ས་མ་ཟིན་པར་ཡུལ་གྱིས་སེམས་ཕྲོགས་པ་ཞེས་བྱ་སྟེ། ཁྲོ་བ་དང་འཚིག་པ་དང་ཆགས་པ་དང་མྱ་ངན་དང་འཇིགས་པ་ལ་སོགས་པ་གདོན་གྱིས་བརླམ་པའི་རྒྱུ་ཐམས་ཅད་ཀྱང་སྣང་བའི་དབང་དུ་ཤེས་པ་སོགས་ལས་བྱུང་ངོ༌། །མཆན། དེ་མེད་ན་ཕྱིའི་སྡེ་བརྒྱད་ཀྱིས་དབང་འཕྲོགས་པ་དང་སྲོག་འཕྲོགས་པ་སོགས་འོང་ས་མེད་དོ། །གཉུག་མའི་སྲོག་ནི་མི་འགྱུར་བ་རྡོ་རྗེའི་སྲོག་ཅེས་གསུངས་ཏེ་བཅད་དུ་མེད་པས། གཅད་རྒྱུའི་སྲོག་ནི་གློ་བུར་གནས་སྐབས་པའི་སྲོག་ཡིན་ལ། ནྲིཿཏྲི་སོགས་ཀྱང་གཅད་རྒྱུའི་སྲོག་ཏུ་ཚེ་ཁྲུས་ཀྱི་མན་ངག་སོགས་ལས་གསལ་ལོ། །དེའང་རླུང་ལ་བཞེད་པར་མངོན་པས་སྲོག་འཛིན་གྱི་རླུང་རགས་པ་སྟེ། དེ་བཅད་པས་རགས་ལུས་དང་ཤིན་ཏུ་ཕྲ་བའི་སྲོག་གི་རྟེན་བརྟེན་པའི་འབྲེལ་བ་ཡང་བཅད་པར་འགྱུར་རོ། །གདོད་མའམ་གཉུག་མའི་སྟེང་ནས་སྲོག་འཛིན་རགས་པའི་རྩལ་ཕྱི་རོལ་དུ་མ་གཡོས་ན་ཉོན་མོངས་པའི་སྒོ་ཐ་དད་ནས་ཡུལ་ལ་རྣམ་པར་གཡེང་བའི་གཞི་མེད་པས་རླུང་དེ་ཡན་ལག་དང་


TN02_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དང་པོར་མཆེད་པ་ནི་ཡུལ་གྱི་དགྲ་ཐོག་མར་དཀྲོགས་པ་པོ་ཡིན་ཅིང༌། དེ་གཡོ་ཚུལ་ཡང༌། ཞེ་སྡང་ཤས་ཆེ་བའི་རྒྱུད་ཀྱི་སྲོག་འཛིན་རགས་པ་ཞེ་སྡང་གི་གྲོགས་སུ་ལྷག་པར་འགྱུར་བར་ཞེ་སྡང་བཞོན་བཅས་ཉིད་ཀྱིས་དབང་བྱས་ནས་འཇུག་པ་སོགས་ཐེ་ཚོམ་ཤས་ཆེ་བའི་བར་དུ་སྦྱར་བར་བྱ་སྟེ། རང་གཤེད་ཀྱི་རྩ་བ་རང་སྲོག་ཉིད་ཀྱིས་བྱེད་པའི་ཚུལ་ལོ། །འདིར་གཞུང་ལས། མི་ཤིགས་གཉུག་མའི་སྲོག་ལས་ལས་རླུང་གི་རང་བཞིན་ཅན་གྱི་མ་རིག་པ་དང༌། དེ་ལས་ནང་དང་ཕྱིའི་དངོས་པོ་ལ་བདག་ཏུ་འཛིན་པ་དང༌། དེ་ལས་ཡུལ་སྡུག་མི་སྡུག་བར་མ་གསུམ་ལ་ཆགས་སྡང་གཏི་མུག་གསུམ་དང༌། དེས་ལས་བསགས་པ་ལས་གདོས་བཅས་ཀྱི་ཕུང་པོར་སྨིན་ཏེ། རྣམ་པར་ཤེས་པའི་ཚོགས་བརྒྱད་ཤར་ཚུལ་གསུངས་པ་ནི། ནང་གི་ཧེ་རུ་ཀ་ལས་ནང་གི་མ་ནིང་ནག་པོ་དང༌། དེ་ལས་ནང་གི་ལྷ་མགོན་ཕོ་མོ། །དེ་ལས་ནང་གི་ཕོ་མོ་ཀླུའི་རྒྱུད་གསུམ། དེ་ལས་ནང་གི་དྲེགས་པ་སྡེ་བརྒྱད་དུ་སྤྲུལ་ཞིང་གྱེས་ཚུལ་དང༌། དེ་དག་གི་རྩལ་ལས་ཕྱིའི་མ་ནིང་ནས་སྡེ་བརྒྱད་ཀྱི་བར་དུ་བྱུང་ཚུལ་བསྟན་ནས་ཐ་མལ་པ་ལ་སྡེ་བརྒྱད་གཤེད་དུ་འབབ་པའི་རྒྱུ་མཚན་གྱི་རྩ་བ་བསྟན་པ་ཡིན་ནོ། །སྡེ་བརྒྱད་གཤེད་དུ་འཇུག་ཚུལ་དངོས་ནི། ཞེ་སྡང་གིས་སྔོན་ཞེ་སྡང་ལ་བརྟེན་ནས་འབྱུང་བ་གཡོ་འཁྲུགས་ཀྱི་


TN02_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་རྒྱུ་བསྒྲུབ་པའི་ལས་ངན་གྱི་ནུས་པ་བསླང་བ་དང་བསྡོངས་ནས། ལས་གཤིན་གྱིས་འབྱུང་བཞིའི་དྭངས་མ་འཕྲོགས་ཤིང༌། སྙིང་ཀའི་འཕྲོགས་བྱེད་ཀྱི་ཡི་གེ་གསུམ་སྐུལ་བར་བྱེད་དེ། དེས་སྙིང་ཀའི་བདུད་བཞི་བསྐུལ་ནས་རང་སྲོག་རང་གིས་གཅོད་དོ། །དེ་བཞིན་དུ། ཤས་ཆེར་འདོད་ཆགས་རགས་ལ་རྒོད་པའི་སེམས་ཅན་རྣམས་ལ་འདོད་ཆགས་དེ་ཉིད་ཀྱིས་རང་དང་བྱེད་ལས་མཐུན་པ་ཕྱིའི་མ་མོ་གཤེད་དུ་བསྐུལ་ནས། དེས་ནད་ཡམ་འབྱུང་བའི་སྔོན་ལས་ཀྱི་ནུས་པ་བསླང་བའི་སྒོ་ནས་འདུ་བ་རྣམ་བཞིའི་ནད་བཏང་སྟེ་སྙིང་ཀའི་འཕྲོགས་བྱེད་དང་བདུད་བཞིའི་སྟོབས་གསལ་བར་ཕྱུངས་ནས་སྲོག་གི་རྟེན་བཤིགས་པར་བྱེད་དོ། །ཚུལ་དེས་གཏི་མུག་ཤས་ཆེ་བ་ནས་ཐེ་ཚོམ་ཤས་ཆེ་བའི་བར་གྱི་གདུལ་བྱ་ལ་ཡང་སྔོན་ཉོན་མོངས་པ་དེ་དང་དེས་དུག་བཞི་ལ་སོགས་པའི་གནོད་པ་སོ་སོར་འབྱུང་བའི་ལས་བསགས་པ་སླར་ཡང་དེ་དང་དེའི་རིགས་ཀྱི་ཉོན་མོངས་པས་ལྷོངས་པ་དང་ལྷན་ཅིག །དེ་འདྲའི་ཉོན་མོངས་སོ་སོས་ཀླུ་སོགས་སྡེ་བརྒྱད་སོ་སོར་གཤེད་དུ་ཕབ་སྟེ། ཀླུས་དུག་བཞི། ལྷས་བརྒྱལ་ནད་སྨྱོ་འབོགས། གཟས་གློ་བུར་ཚ་གྲང་གི་ནད། གནོད་སྦྱིན་གྱིས་གྲི་རྒོད་གཏབ་བསྣོལ་དང་དམེ་འཁྲུགས།


TN02_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་པོས་རྦབ་གྲི་དང་གཡང་གྲིའི་ཡེ་འདྲོགས། བདུད་ཀྱིས་འབྱུང་བ་དྭངས་སྙིགས་འབྱེད་བཟློག་གི་རྐྱེན་སོ་སོར་བཏང་ནས་སྙིང་གའི་གཤེད་ཡིག་སད་པར་བྱས་ཏེ་སྲོག་གཅོད་དོ། །གཤིན་རྗེའི་ཁྲམ་ཤིང༌། གཟའི་ཐོག་སེར། བདུད་ཀྱི་ཁྲམ་ནག་སོགས་སུ་བཤད་པའང་ཡོད་དོ། །དེ་ལྟར་ན་གཤིན་རྗེའི་ཁྲམ་ཤིང་དང༌། མ་མོའི་ནད་རྐྱལ་སོགས་ཀྱང་འགྲོ་བ་སྤྱི་མཐུན་གྱི་ལས་ཉོན་མི་བཟད་པའི་དབང་དང༌། སྡེ་བརྒྱད་ཁོ་རང་ཚོའི་ལས་མཐུ་ཆེན་གཉིས་ཆར་ལས་བྱུང་བར་མངོན་ནོ། །འདི་དག་གི་ཐད་ཀྱི་གཞུང་ལས། རྣ་བའི་རྣམ་པར་ཤེས་པ་ང་རྒྱལ་དུ་ཤར་བ་ལས༔ མི་འགྱུར་བ་སྲོག་གི་སྙིང་པོར་དཀར་སྐྱ་འོད་འབར་བ་དེ་ཆེ་དྲེགས་ལྷ་མྱོས་ཤིང་འཐིབ་པར་བྱེད་པར་གྱུར་ནས༔ ཞེས་དང༌། སྣའི་རྣམ་པར་ཤེས་པ་ཕྲག་དོག་ཏུ་ཤར་བ་ལས༔ ཞེས་སོགས་གསུངས་པ་ནི། སྤྱིར་ནི་ལས་ཀྱི་ཁྱད་པར་གྱིས་ལག་རྗེས་བཞག་པའི་རྣ་ཤེས་རླུང་ལྡན་སོགས་ཀྱི་དབང་གིས་འདུ་བ་བཞིའི་ནད་ཀྱིས་ལྷག་པར་འཚེ་བ་ལ་སོགས་པ་ཡང་མི་འགལ་ཏེ། རྟེན་འབྲེལ་གྱི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། ལག་རིས་ཀྱི་མཚན་བཟང་ངན་ལས་འབྲས་བུ་བཟང་ངན་འབྱིན་ཚུལ་བཞིན་ནོ། །དེ་ལྟར་བྱས་ན་རྣ་ཤེས་མ་དག་པའི་ངན་རྩལ་ང་རྒྱལ་ལ་ཞུགས་


TN02_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཞེས་པ་ལ་སོགས་པར་འཆད་དམ་དགོངས་པ་ཟབ་པས་དཔྱད་པར་བྱའོ། །འདི་དག་འཐད་པར་མི་མངོན་ཏེ་ཟུར་དུ་བཀོད་ཡོད། །འོན་ཀྱང་ལག་རིས་ཀྱི་མཚན་དང་ཇི་བཞིན་སྦྱར་ན་ཚེ་རིང་བའི་ལག་རིས་ཅན་ལ་མངོན་སྤྱོད་མི་འཇུག་པར་ཐལ་བས་འཐད་པར་དཀའ་འོ། །གཉིས་པ་ནི། སྙིང་ཀའི་གཤེད་ཡིག་སོགས་གོང་དང་འདྲ་བ་ལས། དུག་ལྔ་འདྲེས་པའི་དྲེགས་པ་སྤྱི་ལ། མི་འགྱུར་བ་སྲོག་གི་སྙིང་པོ་ཨེ་སྔོ་སྐྱ། ཆོས་འབྱུང་དང༌། ཧུར་ཐུམ་ཛའི་ཕྱི་རོལ་ན་དུག་གསུམ་གྱི་རང་བཞིན་གྲུ་གསུམ་མཐིང་ནག་སྲིད་པ་གསུམ་གྱི་བཙོན་ཁང་ལྟ་བུ་གནས། གོང་གི་ཁྲག་གི་སྦལ་པ་ཞེས་པའི་ཚབ་ཏུ། གཏི་མུག་ལས་གྱུར་པའི་དྲེགས་པ་རྣམས་ལ་གཏི་མུག་གི་རང་བཞིན་གསེར་གྱི་ཉ་མོས་རྒྱབ་ཏུ་ལྟ་བ་ལྟར་རླང་པ་དཀྱིལ་ན་གནས། དཔྱད། ཞེ་སྡང་ལས་གྱུར་པའི་དྲེགས་པ་རྣམས་ལ། ཞེ་སྡང་གི་རང་བཞིན་ལྕགས་ཀྱི་སྤྱང་མོ་ཐུར་ལ་རྒྱུག་པ་ལྟར་སྙིང་གི་དཀྱིལ་དུ་གནས། ང་རྒྱལ་ལས་གྱུར་པའི་དྲེགས་པ་རྣམས་ལ། ང་རྒྱལ་གྱི་རང་བཞིན་དུང་གི་བྱ་རྒོད་ནམ་མཁའ་ལ་འཕུར་བ་ལྟར་མགྲིན་པ་ལ་གནས། འདོད་ཆགས་ལས་གྱུར་པའི་དྲེགས་པ་རྣམས་ལ། འདོད་ཆགས་ཀྱི་རང་བཞིན་ཁྲག་གི་དྲེད་མོ་སྦར་ཤད་


TN02_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལྟར་གྲེབ་ན་གནས། ཕྲག་དོག་ལས་གྱུར་པའི་དྲེགས་པ་རྣམས་ལ། ཕྲག་དོག་གི་རང་བཞིན་ལྕགས་ཀྱི་སྡིག་པ་ཁ་དགུ་པ་བྲག་ལ་འཛེགས་པ་ལྟར་ལྟག་པ་ན་གནས། དེའི་ཕྱིར་རོལ་དུ་བདུད་བཞི་སོགས་སོ། །འཕྲོགས་བྱེད་ཀྱི་ཡི་གེ་གསུམ་གྱི་སྐབས་སུ་བཤད་པའི་མ་རིག་པ་ནི་འཁྲུལ་སྣང་རང་རྒྱུད་པར་འཆར་བའི་བག་ཆགས་དང༌། ངར་འཛིན་ནི་བདག་འཛིན་གྱི་འཇིག་ལྟ་དང༌། བདག་འཛིན་ནི་ཡུལ་ལ་བདག་གིར་འཛིན་པ་ལ་བཞེད་པར་གསལ་བས། མ་རིག་པའི་དབང་གིས་ང་བདག་གིས་བདུད་བཞི་བསྐུལ་ནས། ཞེས་གསུངས་པ་རྣམས་ཀྱང་བདུད་བཞིའི་རྩ་ཡིག་སད་བྱེད་དུ་འཁྲུལ་སྣང་བདག་འཛིན་དང་བཅས་པའི་བག་ཆགས་ཀྱི་སྙིང་པོ་ཅན་གྱི་ལས་རླུང་གི་རྩལ་གཡོ་བ་ལ་བྱའོ། །རྡོ་རྗེ་གཙུག་ལག་ལས། དྲེགས་པ་རྣམས་ལ་སྤྱི་སྲོག་དང་སྒོས་སྲོག་གཉིས་བཤད་ཅིང༌། དེ་གཉིས་ཀའི་གནས་སྙིང་ཀ་ཡིན་པར་བཤད་དེ། སྤྱི་སྲོག་ནི། མ་རིག་པའི་རླུང་སེམས་ཨ་མཐིང་ཁ། ཞེ་སྡང་གི་འགྲེང་བུ་དམར་པོ། འདོད་ཆགས་ཀྱི་འ་ནག་པོ། དུས་གསུམ་གྱི་རླུང་སེམས་དེ་དག་གཅིག་གྲོགས་སུ་གཅིག་གྱུར་ཏེ་འདྲེས་པ་ཨཱེ་སྟེ། མདོར་ན་ཨཱེ་འོ། །དགོས་སྲོག་ནི། གཤིན་རྗེའི་


TN02_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཡཿདང༌། མ་མོའི་མཿཡིག་སོགས་ཏེ། དེའང་དྲེགས་པ་དེ་དང་དེ་དགོས་སུ་སྐྱེད་བྱེད་ཀྱི་ལས་དང་ཉོན་མོངས་པའི་ཁྱད་པར་དེ་དང་དེས་མདངས་བསྒྱུར་བའི་སྲོག་འཛིན་ལ་བྱེད་པ་འདྲ་བས་སྤྱི་དགོས་ཀྱི་སྲོག་མི་འགལ་ལོ། །སྲོག་དེ་དག་བསད་ན་རྩ་བ་བྲེགས་ན་ཡལ་འདབ་རང་སྐམ་པ་ལྟར་གཤིན་རྗེའི་རྒྱལ་པོའང་སྒྲོལ་ནུས་ཞེས་ལེའུ་བཅུ་བཞི་པར་བཤད་དོ། །ད་དུང་མན་ངག་སྙིང་གཟེར་དང་རྡོར་གཙུག་ལས་གསུང་པའི་སྲོག་ཁྱིམ་གཞན་མང་དུ་ཡོད་དེ་འདིར་མ་བཀོད་དོ། །གསུམ་པ་ནི། གླང་པོ་ཆེ་མཆོག་ལ་ཞོན་ནས་མི་འཇིགས་པའི་ཕྱོགས་སུ་རྒྱུ་བ་དང༌། གླང་པོའི་སྣ་ཤལ་ལ་རལ་གྲིའི་འཁོར་ལོ་བཏགས་ཏེ་གཡུལ་གྱི་ནང་དུ་འགྱེད་པ་གང་ལ་ཡང༌། སྡེ་བརྒྱད་ཀྱི་སྲོག་དབང་དུ་གྱུར་པ་ཞིག་རྩ་བར་དགོས་པས། དེའི་གཅེས་གནད་མཐར་ཐུག་པ་བཤད་ན། ཉོན་མོངས་པའི་རང་རྩལ་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་བསྡུ་ན། ཁམས་ཆེན་དྲེགས་པ་བཅོ་བརྒྱད་དུ་འདུ། དེ་སྐྱེ་མཆེད་དྲེགས་ཆེན་བཅུ་གཉིས་སུ། དེ་ཚོགས་བརྒྱད་དྲེགས་པ་སྡེ་བརྒྱད་དུ། དེ་ཁམས་ལྔའི་བདག་པོ་དྲེགས་པ་སྡེ་ལྔར། དེ་དུག་ལྔའི་ཕོ་ཉ་བདུད་བཞིར། དེ་དུག་


TN02_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕོ་མོ་ཀླུ་གསུམ་གྱི་རྒྱུད་གསུམ་དུ། དེ་གཟུང་འཛིན་ལྷ་མགོན་ཕོ་མོར། དེ་བདག་འཛིན་མ་ནིང་ནག་པོ་གཅིག་པུ་ལ་འདུ་བས། འདི་ནི་དྲེགས་པ་རྒྱུད་གསུམ་པོའང་གཅིག་ཏུ་དྲིལ་ན་ཀླུ་རྒྱུད་ཁོ་ནར་གནས་པར་འཆད་བྱེད་ཡིན་པས་རྟ་མགྲིན་འདི་ཀའི་སྤྲུལ་གདན་ལ་ངེས་པ་ཆེར་སྟེར་རོ། །དེའང་ཀླུ་རྒྱུད་ཉིད་དྲེགས་པ་སྡེ་བརྒྱད་དུ་ཤར་བ་ཡིན་པས་སྦྲུལ་ལ་བརྒྱད་དུ་དབྱེ་བའང་འཐད་དོ། །དེ་བཅོམ་ན་ནང་གི་གདོན་ཐམས་ཅད་རང་ཞིར་འགྲོའོ། །ནང་གི་སྡེ་བརྒྱད་མ་དག་བར་དུ་ཕྱིའི་སྡེ་བརྒྱད་ལའང་དེའི་ངན་མདངས་ཤར་ནས། ཞི་དུལ་སོགས་དག་པའི་རྣམ་པར་འཆར་དུ་མི་སྟེར་ལ། བདག་འཛིན་དེ་བདེ་སྟོང་གཉུག་མའི་ཧེ་རུ་ཀས་ཟོས་ནས་མ་དག་སྡེ་བརྒྱད་ཀྱི་སྟོབས་རྣམས་དག་པ་ཧེ་རུ་ཀའི་སྟོབས་སུ་གོ་འཕོས་པ་ན། ཕྱིའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་ཧེ་རུ་ཀ་དེ་ཉིད་ཀྱི་རྣམ་འཕྲུལ་འབའ་ཞིག་ཏུ་ཤར་ནས་ཆེས་ལས་རུང་དུ་འགྱུར་རོ། །དེའང་ལམ་མཐོན་པོ་ཞིག་ཏུ་དེ་འདྲ་འོང་བྱས་པ་ཙམ་མིན་གྱི། མཉམ་བཞག་ཏུ་ཕྱི་དང་ནང་གི་སྡེ་བརྒྱད་ཀྱི་སྤྲོས་པའི་འཁོར་ལོ་མཐའ་དག་རང་སེམས་དབྱིངས་རིག་དབྱེར་མེད་ཐིག་ལེ་ཉག་གཅིག་གི་ཀློང་དུ་ལ་བཟླ་ཞིང༌། དེ་ལས་ལངས་པ་ན་ཡང་སྡེ་བརྒྱད་ཀྱི་གནས་ལུས་ལོངས་སྤྱོད་རིགས་དང་བྲན་འཁོར་མཐུ་


TN02_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྫུ་འཕྲུལ་སོགས་ཐམས་ཅད་ལ་ངེས་དོན་གྱི་ཧེ་རུ་ཀའི་རྒྱས་བཏབ་སྟེ་ཆེད་དུ་སྒོམ་པར་བྱེད། དེའི་སྟེང་ནས་སླར་ཡང་དེ་ཐམས་ཅད་ཧེ་རུ་ཀའི་གཟི་བརྗིད་ཀྱིས་དྲངས་ཏེ་རང་གི་སྲོག་ཀློང་དུ་ཚུར་སྲེ་བའི་མཉམ་རྗེས་ཟོ་ཆུན་གྱི་འཁྲུལ་འཁོར་ལྟ་བུ་ལ་སློབ་སྟེ། འདི་ལ་མོས་སྒོམ་ཙམ་གྱིས་ཀྱང་སྦྱངས་པར་བྱའོ། །འདི་ནི་རྫོང་འཕྲང་དང༌། བདེ་འདུས་སྒྲུབ་ལུང་གི་བཀའ་སྒོ། གསང་སྔགས་ལུང་གི་བཀའ་སྒོ་སོགས་ཆེས་མང་པོར་སྲོག་འཕྲོགས་པའི་མན་ངག་མཐར་ཐུག་ཏུ་བཤད་དོ། །འདི་རྟ་སྐད་ཀྱི་དགོངས་པ་དང་སྦྱར་ནས་བསམ་ན་དགའ་བ་རྒྱས་པར་བྱེད་དོ། །རྣམ་པ་གཞན་དུ་ན། ཁྱིམ་གསུམ་གྱི་གཞུང་རྣམས་ཀྱིས། གནས་སྐབས་སུ་ལྷ་སྲུང་གི་མཁར་རྩིགས་ཤིང༌། རྒྱ་ཁྲ་གཟན་འགྱེད་ཀྱི་གནད་ཀྱིས་གདུལ་དཀའ་ཚར་གཅོད་པ་དང༌། མཐར་ཐུག །བདག་ཕུར་འབེན་གསུམ་གྲུབ་མཐའ་གཅིག༔ ཅེས་གསུངས་པ་ལྟར། བསྲུང་བྱ་རང་དང་འཁོར། བསྒྲལ་ཡུལ་དགྲ་དང་བགེགས། ལས་བྱེད་སྡེ་བརྒྱད་ཀྱི་ཕོ་ཉ་དང་བཅས་པ་ཆོས་དབྱིངས་བདེ་བ་ཆེན་པོར་སྲེ་བ་རྣམས་བསྟན་ཏོ། །གསུང་རྡོ་རྗེ་པདྨ་སམ་བྷ་བས་ཇོ་མོ་མཁར་ཆེན་བཟའ་ལ་


TN02_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པར་གདམས་པ། གསང་སྔགས་རྙིང་མའི་སྔགས་བརྒྱུད་འཛིན་ན་མེད་མི་རུང་དུ་མཐོང་སྟེ། སྲོག་གཟེར་རཏྣའི་རྒྱ་ཅན་དང༌། ཁྱིམ་གསུམ་གྱི་གཞུང་ལ་ཞིབ་ཏུ་བལྟས་ནས་དགོངས་དོན་ལ་མི་རེག་པའི་ལུགས་གཞན་དང་སྲ་སྲེ་མ་བྱས་པར་རློམ་པའི་ཚུལ་དུ་རང་ཁོ་ནའི་བློ་རྟེན་གྱི་ཕྱིར་དུ་བྲིས་པ། བདུད་དཔུང་རྒྱ་མཚོ་གདུང་བྱེད་རྟ་མཆོག་མེ་ལྕེའི་དཀྱིལ་འཁོར་ཞེས་བྱ་བ་སྭ་སྟི་སིདྡྷི་ཀུ་རུ། ༈ །འདོད་ཆགས་ཀྱི་སྙིགས་མ་བདོ་བའི་སེམས་ཅན་སྤྱི་མཐུན་གྱི་ལས་དབང་གིས་ནད་གཏོང་མ་མོ་བྱུང་བ་ནི། གཟའ་སྐར་དང་དུས་སྦྱོར་བཞིན་ནོ། །དེའང་ལས་ཀྱི་ཚུལ་དང་མཐུ་བསམ་གྱིས་མི་ཁྱབ་པས། མ་མོ་བསམ་མི་ཁྱབ་ཀྱི་མཐུ་ཅན་སྲིད་ལ། འཁོར་སྒྱུར་གྱི་ལས་ཅན་འཁོར་སྒྱུར་འཐོབ་པ་སྤྱི་མཐུན་རྫོགས་ལྡན་གྱི་དུས་ལ་ལྟོས་པ་བཞིན་དུ་དེ་འཇིག་རྟེན་སྤྱིའི་ལས་ཤུགས་ལ་ལྟོས་པའང་འཐད། ཕྱིའི་མ་མོའི་རྒྱུད་ཀྱི་མ་སྨུག་ནག་གི་ངོ་བོའི་རླུང་སེམས་དེ་ནང་དུ་མ་མོའི་བླ་རྟེན་དར་བའི་སྐྱེ་དགུ་ཐམས་ཅད་ཀྱི་རླུང་སེམས་ཀྱི་ལྕགས་འདྲེན་པ་ལ་ཁབ་ལེན་ལྟ་བུར་གནས་པ་སོགས་ཀྱང་འཐད་དེ། ཕལ་པོ་ཆེ་ལས། རྒྱ་མཚོའི་ལྷ་མོ་སྒྲ་ལྡན་སྟོང་གསུམ་གྱི་སྒྲ་སྐད་ཐམས་ཅད་ལ་དབང་བྱེད་པར་ལས་བསམ་མི་ཁྱབ་ཀྱི་རིགས་པས་གསུངས་པ་ལ་སོགས་


TN02_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འདྲའོ། །ཆེར་རློམ་གྱི་མི་སུ་འདུལ་ཡང་དང་པོར་ལྷ་མགོན་ཆམ་ལ་ཕབ་ན་དེ་ནས་ངང་གིས་བསྙིལ་འོང་བ་ནི། འདུལ་བ་ལུང་ལས། མི་རྣམས་གཡུལ་འགྱེད་པའི་སྔོན་དུ་ལྷ་སྲུང་གཉིས་གཡུལ་སྤྲོད་དེ། དེ་དག་རྒྱལ་ཕམ་ཇི་ལྟར་སོང་བ་བཞིན། དེའི་འོག་ཏུ་མིའི་རྒྱལ་ཕམ་འབྱུང་བར་གསུངས་པ་དང༌། སྔོན་གྱི་དམ་པ་དག་གིས་གཏོར་མའི་མཆོད་སྦྱིན་གྱིས་མི་ལ་འགོ་བའི་ལྷ་རྣམས་དགའ་ན་འགོ་ཡུལ་གྱི་མི་རྣམས་དབང་དུ་འདུ་བར་བཤད་པ་དང་ཚུལ་འདྲའོ། །སྔར་ལག་རིས་ཀྱི་དཔེ་དོན་སྐབས། ལུས་ཤེས་ལ་འདོད་ཆགས་ཀྱི་ལས་ཀྱིས་ལག་རྗེས་བཞག་པའི་ནུས་པ་ཡོད་ཕན་ཆད། དེ་ཉིད་ཡམ་ནད་འོང་བ་དང་རྗེས་སུ་མཐུན་པའི་མཚན་མར་འགྲོ་བ་ལས། དལ་ཡམ་ཚེ་དེར་འབྱུང་བའི་ནུས་པ་ཟུར་དུ་མི་དགོས་སམ་དཔྱད་དཀའ། རྣམ་འགྲེལ་སྐོར་ན། བྲམ་ཟེ་གསོད་པའི་ལུང་ནན་ཏན་བྱས་པ་ལས་ཡུལ་རྙེད་པ་ལ་སོགས་པའི་དཔེས་ལྷན་ཅིག་བྱེད་རྐྱེན་སྐྱེས་བུའི་མཐུ་ཕུལ་དུ་བྱུང་བར་བཤད་པ་དང༌། བྱ་གྲུབ་ལེགས་གྲུབ་སོགས་ལས་ཀྱང་གཞན་དུ་ཆེར་མྱོང་འགྱུར། འདིར་ཆུང་དུས་རྫོགས་པར་བྱེད་པ་མངོན་སྤྱོད་ཀྱི་ཆེ་བར་བཤད་པ་དྲན་པར་བྱའོ། །མ་མོ་ལ་བཤད་པ་


TN02_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྷག་མ་ཐམས་ཅད་ལ་འགྲེའོ།། ༈ །ཁྱིམ་གསུམ་དཀའ་གནད་མདུད་འགྲོལ། མ་མོ་ལྟ་བུའི་དྲེགས་པ་གཅིག་ཀྱང་རྣལ་འབྱོར་པ་ལ་སྲུང་མ་དང༌། དགྲ་ལ་གཤེད་དུ་འཁོར་བའི་ཚུལ་ནི། རྣལ་འབྱོར་པ་ནི་ཡོངས་གྲུབ་དག་པ་རབ་འབྱམས་ཀྱི་ཏིང་ངེ་འཛིན་བརྟན་པའི་མཐུས། བཀའ་སྡོད་དྲེགས་པ་རྣམས་ཀྱིས་ཀྱང་དེ་ཧེ་རུ་ཀའི་གདུང་འཚོབ་པར་མཐོང་ནས་འབངས་སུ་མཆི་ཞིང་དག་པའི་དབང་དུ་བྱས་པའི་དངོས་གྲུབ་ཇི་ལྟར་འོས་པ་བཞིན་སྟོབ་ལ། འཇིག་རྟེན་ཕལ་པ་ནི་མ་དག་ཐ་མལ་པ་དང་བདེན་དངོས་ཁོ་ནར་ཞེན་པའི་དབང་གིས་སྡེ་བརྒྱད་ཀྱིས་ཀྱང་མ་དག་འཁོར་བའི་དབང་དུ་བྱས་པའི་བདེ་སྡུག་ཇི་ལྟར་འོས་པ་བཞིན་སྟེར་ཏེ། འཇིག་རྟེན་སྐྱོང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཐ་མལ་པ་ལ་ནི་རྐྱེན་དང་བསྡོངས་ནས་ཆད་པ་མི་བཟད་པའང་གཅོད་དོ། །དེའང་ཕྱི་ནང་གི་ཆོས་ལ་ཐ་མལ་དང་བདེན་དངོས་སུ་ཞེན་པ་སྐྲང་ལྟ་བུ་དེ་ལྷག་པར་མི་སྲུན་པར་བྱེད་པའི་སྒོ་ཐབ་གཉན་ཤོར་བ་ལྟ་བུ་ནི་ཉོན་མོངས་པ་བརྒྱད་ཡིན་ཏེ། དེ་ལས་འདོད་ཆགས་ཤས་ཆེ་བའི་སེམས་ཅན་རྣམས་ནི་འདོད་ཆགས་རྒྱུན་དུ་དང་ཚབས་ཆེར་དང་སྒོ་སྣ་ཚོགས་ནས་སྤྱོད་པ་ལྟར་ཉོན་མོངས་གཞན་དེའི་ཚོད་ཙམ་མི་སྤྱོད་པས། འདོད་ཆགས་ཀྱི་ལམ་


TN02_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དངོས་པོ་ལ་ཐ་མལ་དང་བདེན་པར་ཞེན་པ་ཤུགས་དྲག་ཏུ་གཡོ་བ་ནི་དེའི་རྒྱུད་ཀྱི་ཐ་མལ་གྱི་ཞེན་པའི་ནང་ནའང་གཡུལ་ངོའི་ཐོག་མ་པའི་དཔའ་བོ་ལྟར་ཡོད་དོ། །དེས་ན། ཉེ་བ་གང་དང་གོམས་པ་གང༌། །ཟེར་བ་ལྟར་ནང་སྔོན་ལས་ཀྱི་ནང་ནས་འདོད་ཆགས་ཀྱི་ལས་རྣམས་ལྷག་པར་མང་དུ་གསོ་ཞིང་སྐུལ་བར་བྱེད་པས་ན། ཕྱི་སྡེ་བརྒྱད་ཀྱི་ཆད་པ་ལས་ཀྱང་མ་མོའི་འཚེ་བ་ཉེ་ཚབས་ཆེ་བ་ཡིན་ཏེ། དེས་ན་དེ་འདྲ་བ་ལ་ཁོའི་འདོད་ཆགས་ཀྱི་རླུང་སེམས་གཤེད་དུ་བསྐུལ་བའི་སྒོ་ནས་མངོན་སྤྱོད་ཀྱི་སྒོ་བཏོད་ན་ཚེགས་མེད་དུ་འགྲུབ་པ་ནི་མན་ངག་གོ །དེས་འགྲེའོ། ཁྱིམ་དང་པོ་གཉིས་སུ། ལུས་ཤེས་དང༌། འདོད་ཆགས། མ་མོའི་སྡེ། མ་ཡིག་རྣམས་སྦྱར་བ་སོགས་སྡེ་ཚན་སོ་སོར་ངེས་བཟུང་མཛད་པའི་རྒྱུ་མཚན་ནི། སྡེ་བརྒྱད་རང་རིག་གི་སྟེང་གི་རྣམ་དག་གི་ལྡོག་ཆ་བརྒྱད་དང་སྦྱོར་བ་ན་སྦྱོར་ཚུལ་ཡང་རྒྱུད་ལུང་མན་ངག་གི་ངེས་པ་དང་སྦྱར་རྒྱུ་ཞིག་ཡོད་དགོས་ཏེ། ལྷ་དང་ཕུང་ཁམས་ཀྱི་དག་པ་སྦྱོར་ཚུལ་བཞིན་ནོ། །དགྲ་ལ་སྡེ་བརྒྱད་གཤེད་འབེབས་ཀྱི་ཚེ་ཡང་རང་གཤེད་ཀྱི་ཡི་གེ་རང་ལ་གནས་ཟེར་བ་ལྟར་སྡེ་བརྒྱད་དགྲ་ཁོ་རང་ལ་རང་ཆས་སུ་ཡོད་ཡོད་པའི་ཆོས་ཤིག་གཤེད་འབེབས་ཀྱི་རྐྱེན་དུ་བསྐོར་ནས་བྱེད་པ་ནི་ཟབ་ཁྱད་ཡིན་ལ། དགྲ་འདོད་ཆགས་ཤས་ཆེ་བ་ལྟ་བུར་ཡང་སྡེ་རིས་བརྒྱད་ཀ་གཤེད་དུ་ཕབ་དགོས་ཏེ། མ་མོ་གཤེད་དུ་འཁོར་སར་གཞན་བདུན་གྱིས་ཀྱང་སྲུང་སྐྱོབ་མི་བྱེད་ཅིང་དམག་རོགས་བྱེད་པ་དགོས་པས་སོ། །མཆན། དེའང་


TN02_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཁོའི་ཆོས་སོ་སོ་སོ་སོར། གཤིན་རྗེ་གཤེད་དུ་འབེབས་བྱེད་དང༌། མ་མོ་གཤེད་དུ་འབེབས་བྱེད་སོགས་རྒྱས་པར་སྦྱར་ནས་བྱེད་པ་ཚན་ཆེ། དེ་ལའང་གང་བྱས་ཀྱང་ཁྱད་མེད་ཅེས་གང་དྲན་བཞིན་སྦྱར་བ་ལ་སྣང་ཞེན་མཐུ་ཆེན་སྐྱེ་དགའ་བས། རིག་པ་རྩལ་གྱི་དབང་རྫོགས་པས་སྣང་སྲིད་ཀྱི་སྟོང་སྲོག་ཐོབ་པའི་རྒྱལ་བ་རིག་འཛིན་གྱིས་ངེས་པ་ཅན་དུ་སྦྱར་ནས་བཞག་པ་ཅིག་གི་སྟེང་ནས་བྱས་ན། དེ་དག་གི་དེ་གཙོ་བོའི་མཐུ། །ཞེས་པ་ལྟར་དང་པོར་སྦྱོར་བ་པོའི་མཐུའི་ཁྱད་པར་ལས་ཇི་ལྟར་དམིགས་པ་བཞིན་འགྲུབ་སླའོ། །ལུས་ཤེས་ཀྱི་མ་ཡིག་གཅིག་པོ་དེ་མ་མོའི་སྡེ་དབང་བྱེད་ཀྱི་བླ་རྡོར་བལྟས་ན་དེ་ཀ་ལྟར་དང༌། གཤེད་འབེབས་ཀྱི་ངན་སྔགས་སུ་བལྟས་ན་དེ་ཀ་ལྟར་འགྱུར་བ་ནི། དགྲ་བོའི་ཚོགས་བརྒྱད་ཀྱི་རླུང་སེམས་སྡེ་བརྒྱད་མིན་ཡང་དེར་མོས་ནས་དེ་དག་གིས་ཁོའི་བདུད་བཞིའི་རྩ་ཡིག་སྐུལ་བར་བསམ་པ་ནི་མོས་ཚུལ་ཙམ་ཡིན་པས་འགལ་བ་མེད་དོ། །བསམ་པ་གང་དང་གང་གིས་ནི། །ཞེས་པ་ནས། སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ལྟར་དག་མ་དག་བློའི་ཞེན་ཚུལ་ལས་བྱུང་བའི་གནད་ཀྱིས་ཡིན་ནོ། །འདིར་དགྲ་བོའི་རླུང་སེམས་བརྒྱད་པོ་ངན་སྔགས་སུ་འགྱུར་པ་ལ། རྣལ་འབྱོར་པས་དེ་ལྟར་མོས་པ་ནི་ལྷན་ཅིག་བྱེད་རྐྱེན་ཙམ་ཡིན་གྱི། རྩ་བའི་གནད་ནི་དགྲ་ཁོ་རང་གི་རླུང་སེམས་དེ་དག་གི་སྟེང་གི་ཐ་མལ་སྣང་ཞེན་གྱི་རླུང་སེམས་ཀྱི་ཆ་རྣམས་རང་ཕུང་ངན་སྔགས་ཀྱི་རིགས་སུ་གནས་ཤིང༌། ཁྱད་པར་དུ་དེ་དག་ལས་ངན་གྱི་ནུས་པ་དང༌། གསོས་འདེབས་ཉོན་མོངས་པ་མཐུ་ཆེན་དང་ཚོགས་པ་ལས་ཤིན་ཏུ་


TN02_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟད་པར་འགྱུར་རོ། །མཆན། སྔར་ལག་རིས་ཀྱི་དཔེས་བཤད་པ་ནི་བཞད་གད་དུ་སྣང་ངོ༌། །འདི་ཡང་རྗེ་ཉིད་ཀྱི་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ།། །།


previousབཀའ་བརྒྱད་གསང་རྫོགས་ལས་གསུང་པའི་ཁྱིམ་གྱི་དྲན་ཐོ།next