Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕག་མོའི་ཟིན་ཐོ་དོན་འགྲུབ་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕག་མོའི་ཟིན་ཐོ་དོན་འགྲུབ་མ།next

རྡོ་རྗེ་ཕག་མོའི་ཟིན་ཐོ་དོན་འགྲུབ་མ།


TN02_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕག་མོའི་ཟིན་ཐོ་དོན་འགྲུབ་མ། འདི་ཉིད་རང་ནས་ཟིན་སོ་དང་གསལ་ཁ་ཆེ་བའི་དབང་དུ་བཏང་ན། བར་ཆད་ཀྱི་འདུད་དཔུང་འདུལ་བ་སྒྱུ་འཕྲུལ་ཁྲོ་བོ་དང༌། དངོས་གྲུབ་ཀྱི་ཡེ་ཤེས་འབེབས་པ་རྡོ་རྗེ་རྣལ་འབྱོར་མ་སོ་བདུན་མ་ཞེས་བྱེད་དགོས། དེའང་བརྟགས་གཉིས་ལས། བུད་མེད་མཆོག་མཐོང་ལས་བདེ་ཞིང༌། །གླུ་ཐོས་པས་ཀྱང་བདེ་བ་ཆེ། །དྲི་ཞིམ་སྣོམ་ལས་བདེ་བ་ཆེ། །སྐྱེ་གནས་རེག་ལས་ཀྱང་བདེ་ཆེ། །རོ་མཆོག་བཏུང་བ་སྦྱར་བ་ཡི། །བདེ་བ་སུས་ཀྱང་བཟློག་མི་ནུས། །ཞེས་ཕོ་ཉ་མོ་ཁྱད་པར་ཅན་རྣམས་མཐོང་ཐོས་དང་དྲི་ཚོར་སོགས་ཀྱིས་ཀྱང་བདེ་ཆེན་འགལ་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པར་འབྱུང་བར་གསུངས། ནང་གི་ཐབས་ཀྱིས་བདེ་ཆེན་དངོས་སུ་མཚོན་མི་ནུས་པའི་ལས་དང་པོ་པའི་དུས་སུའང་ཕྱག་རྒྱ་མོ་ཁྱད་པར་ཅན་དང་ཕྲད་ན་སྲོག་དྷཱུ་ཏིར་གསར་དུ་ཚུད་པའི་བདེ་ཆེན་སྟེར་ནུས་ཤིང༌། དེ་ནས་ནང་གི་ཐབས་ལ་སྦྱང་ན་ཤིན་ཏུ་སླ་བར་གསུངས། བདེ་སྟོང་གི་རྟོགས་པ་རྙེད་རྗེས་སུའང་ཕོ་ཉའི་གྲོགས་ཀྱིས་ཁྱད་པར་དུ་བྱེད་པར་མ་ཟད། གཏུམ་མོ་དང་རྡོར་བཟླས་སོགས་ནང་གི་ཐབས་ཀྱི་ནུས་པ་མཐར་སོན་པ་ལའང་ད་དུང་དེས་བོགས་དབྱུང་དུ་ཡོད་ལ། དེའང་ཕོ་ཉའི་རིགས་དང༌། འགྲོ་བ་དང༌། གྲངས་དང༌། ནུས་པའི་བྱེ་བྲག་གིས་རྣལ་འབྱོར་པ་ལ་བདེ་བའི་བྱེ་བྲག་ཏུ་འགྱུར་བ་དང༌། འཁྲིག་ཐབས་ཀྱི་སྒྱུ་རྩལ་


TN02_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཙམ་ཕུན་སུམ་ཚོགས་པ་དེ་ཙམ་དུ་བདེ་བ་འབྱོར་ཞིང་མང་བར་འགྱུར་བ་དང༌། ཕོ་ཉ་དང་འགྲོགས་ཡུན་ཅི་ཙམ་རིང་བ་དེ་ཙམ་དུ་བདེ་བའི་རྒྱུན་བརྟན་པར་འགྱུར་བ་ཡིན་ལ། བདེ་བ་ཇི་ལྟར་རྒྱས་ཤིང་བརྟན་པ་དེ་ལྟར་དེ་ཁོ་ན་ཉིད་རྟོགས་པའི་ནུས་པ་འབར་བར་འགྱུར་རོ། །ཕྱག་རྒྱ་མཆོག་རྣམས་ཀྱིས་བསྟབ་པའི་གཉིས་སྦྱོར་གྱི་བདེ་བ་ནི་རྒྱལ་བས་བསྔགས་པའི་ཡེ་ཤེས་དམ་པ་ལས་གཞན་དུ་འཕྱུགས་མི་སྲིད་པའང་ཡིན་ལ། དབང་དུས་སུ་སངས་རྒྱས་ཐམས་ཅད་སློབ་དཔོན་གྱི་ལུས་ལ་འཇུག་པར་གསུངས་པ་ལྟར་སྤྱོད་པའི་དུས་སུ་ཕོ་ཉ་མོའི་ལུས་ལ་དེ་བཞིན་གཤེགས་པ་སྲས་བཅས་ཞུགས་ནས་བདེ་བའི་མཆོད་པ་བཞེས་ཤིང༌། སྔགས་པའི་རྒྱུད་རློབ་པར་བདེ་མཆོག་རྩ་རྒྱུད་དུ་བཤད་པས་སངས་རྒྱས་ཀྱི་བྱིན་རླབས་འཇུག་པའི་ཐབས་ཀྱི་སྒོའནག་རབ་མཆོག་ཏུ་འགྱུར་རོ། །དེས་ན་དེ་ཁོ་ན་ཉིད་ལ་སེམས་བརྟན་པར་བྱེད་པ་དང༌། བློ་རྒྱས་པར་བྱེད་པའི་སྒོ་གཉིས་ཀ་ལ་ཕོ་ཉ་མཆོག་ཏུ་བསྔགས་ཏེ། ཕ་རྒྱུད་དང་མ་རྒྱུད་ཀུན་ཏུ་ལན་ཅིག་མིན་པར་རོ། །འདི་དག་གིས་ནི་གཞུང་འདིའི་ཡེ་ཤེས་ཕྲེང་བར་རྡོར་བཟླས་དང་གཏུམ་མོ་སོགས་ཕོ་ཉའི་ལམ་གྱི་གཞི་སྒྲུབ་པའམ་སྔོན་འགྲོ་ཙམ་དུ་མཛད་ནས། རིག་མའི་འདོད་ཡོན་ལ་ཆིག་དྲིལ་བྱེད་པའི་རྣལ་འབྱོར་ཉིད་དངོས་གཞིར་མཛད་པ་ལ་ངེས་པ་ཆེན་པོ་སྟེར་རོ། །ཕོ་ཉ་མོའི་མཐར་ཐུག་པ་ནི་འདིའི་དཀྱིལ་འཁོར་གྱི་ལྷ་མོ་རྣམས་ཏེ། བདེ་མཆོག་སྐོར་ན་


TN02_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྒྱས་སོ། །མངོན་བརྗོད་སེམས་འགྲེལ་གྱིས་བཀྲལ་བ་ལྟར་ན་དངོས་གྲུབ་ཀྱི་སྙིང་པོ་མི་འགྱུར་བའི་བདེ་བ་ཕྱག་རྒྱ་ཆེན་མོའི་ཆུ་སྐྱེས་ལ་རག་ལས་ཤིང༌། མངོན་བརྗོད་ལོ་དྲིལ་སོགས་ཀྱིས་བཀྲལ་བ་ལྟར་ནའང་ལམ་གྱི་སྙིང་པོ་ལྷན་སྐྱེས་ཡེ་ཤེས་བདེ་བླག་ཏུ་མཐར་ཕྱིན་པའི་སྒོ་མ་ལས་རྒྱའི་མཐར་ཐུག་ཡུལ་ཉེར་བཞིའི་ཕོ་ཉ་མོ་རྣམས་ཆེས་བསྔགས་སོ། །དེར་མ་ཟད་ཙནྡན་ལྟ་བུ་སོགས་ཀྱི་སྒྲུབ་པ་པོས་ཀྱང༌། བསྐྱེད་རིམ་ཕྲ་རགས་ཅི་རིགས་རྫོགས་པ་སྔོན་དུ་བཏང་ནས། རྩེ་དགའ་མའི་བདེ་བ་ལ་རྩེ་གཅིག་ཏུ་བསླབ་སྟེ། དེས་ལྷ་སྔགས་ཐམས་ཅད་ལ་ཡང་ཡང་རྒྱས་བཏབ་ནས་བསྒོམ་པས་སྔར་གྱི་དག་པའི་སྣང་ཞེན་གྱི་རྒྱུན་ཉིད་ཁྱད་པར་ཕུལ་བྱུང་ཅན་དུ་སོང་ནས་རིག་འཛིན་ལ་སོགས་པ་འགྲུབ་པར་བཤད། གནོད་སྦྱིན་མོ་སོགས་ལས་རྒྱའི་ཁྱད་པར་འགའ་ཞིག་དང་སྙོམས་འཇུག་བྱས་པ་ཁོ་ནས་ཐུན་མོང་གི་དངོས་གྲུབ་ཆེན་པོ་ལ་སྦྱོར་ཚུལ་ཡང་གསང་འདུས་ན་ཡོད། དངོས་གྲུབ་གཉིས་ཀ་ཕོ་ཉ་མོའི་དྲིན་གྱིས་འཐོབ་དགོས་པའི་ཚུལ་ལ་ངེས་པ་དྲང་ངོ། །དངོས་གྲུབ་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་ངོ་བོ་ཡི་དམ། དངོས་གྲུབ་ཀྱི་གྲོགས་བྱེད་མཁའ་འགྲོ་ཞེས་བྱ་མོད། །གཏེར་བདག་གླིང་པས། རྣམ་དག་གི་དབང་དུ་བྱས་ན་ཤེས་རབ་གཙོ་བོ་དང༌། ཐབས་དེའི་ཡན་ལག་ཡིན་ཅིང༌། བདག་ཉིད་ཧེ་རུ་ཀའི་རྣལ་འབྱོར་དང་མ་བྲལ་ཡང་ཕོ་ཉ་མོ་རྣམས་བདག་གི་རྡོ་རྗེ་སློབ་དཔོན་དུ་འགྱུར་


TN02_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་མཆོག་འདོད་རྣམས་ཀྱིས་ཡི་དམ་ལྷའི་གཙོ་བོ་རྡོ་རྗེ་རྣལ་འབྱོར་མ་ལ་བྱེད་པར་རིགས། ཞེས་གསུངས་པ་ལྟར་རྡོ་རྗེ་བཙུན་མོ་ནི་དངོས་གྲུབ་ཀྱི་ངོ་བོ་དང་གྲོགས་གཉིས་ཀ་བླ་ན་མེད་པའི་ཕུལ་ཕྱིན་ཡིན་ནོ། །འཛམ་བུའི་གླིང་འདི་ཉིད་ཀྱི་ཡུལ་ཉེར་བཞི་སོགས་ན་དཔའ་མོའི་དབང་ཕྱུག་མའི་སྤྲུལ་པའི་དཀྱིལ་འཁོར་ད་དུང་ཡང་བཞུགས་པས། ནུས་པ་དང་ཡོན་ཏན་ཐམས་ཅད་མྱུར་དུ་འཐོབ་ཅིང༌། དུས་ཀྱི་མཐར་ཡང་ནུས་པ་མི་ཉམས་པར་ཐོགས་པ་མེད་པར་འབྱུང་བའི་ཕྱིར། བྱིན་རླབས་ཅན་དུ་གྲགས་པ་ནི་རྗེ་བཙུན་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་དང་སྔགས་དང་རྣལ་འབྱོར་ཉིད་ཡིན་པར་གསུངས་ཏེ། ཡེ་ཤེས་མཁའ་འགྲོ་གཞན་ལས་ཀྱང་འཕགས་པའི་རླབས་ཀྱི་གཏེར། དངོས་གྲུབ་རིན་པོ་ཆེའི་རྒྱ་མཚོའོ། །རྡོ་རྗེ་ཕག་མོའི་མཆུ་ཡི་སྦྲང་ཆང་བཏུང་བས་རང་སེམས་ནི། །བདེ་སྟོང་གཉུག་མའི་རྒྱལ་སར་ངལ་སོས་པ་ཡི་འབྱོར་བ་གང༌། །རི་སྲས་མཛེས་མས་དམ་འཁྱུད་དྲག་པོའི་འབྱོར་པ་ཕུན་ཚོགས་དང༌། །ཚངས་པའི་བསམ་གཏན་བདེ་བ་རྒྱ་ཆེན་རྣམས་ཀྱིས་མཚོན་བྱ་མིན། །དམྱལ་བའི༴དགའ་ལོངས་སྤྱོད་ཚོགས་དང་རྣམ་པར་གྲོལ་བ་བཞིན་དུ་གནས། །གཙོ་མོའི་དག་དྲན་ནི། སྐུ་མདོག་དམར་བ་ནི་སེམས་ཅན་ལ་རྗེས་སུ་ཆགས་པ། གཅེར་བུ་ནི་ཆོས་ཉིད་སྟོང་པར་རྟོགས་པས་


TN02_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཉམ་ང་མེད་པ། ཕག་ཞལ་གཡས་སུ་ལྟ་བ་ནི་དོན་དམ་འགྱུར་བ་མེད་པ། རྩ་ཞལ་ཁྲོ་མོར་སྣང་བ་ནི་ཀུན་རྫོབ་འགྲོ་དོན་བྱེད་པ། སྐྲ་གྲོལ་བ་ནི་མཚན་མས་མ་བཅིངས་པ། ཁ་ཊྭཱཾ་ཀ་ནི་ཐབས་དང་མ་བྲལ་བ། གྲི་གུག་ནི་དུག་གསུམ་གཅོད་པ་སྟོང་ཉིད། ཐོད་པ་ནི་བདེ་བ་ཆེན་པོ་སྐྱོང་བ། རོ་གདན་ནི་རྟོག་པ་དང་བྲལ་བ། ཉི་མ་ནི་ཤེས་རབ། པདྨ་ནི་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པ། ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པ་ནི་བདེ་སྟོང་དབྱེར་མེད་པ། ཐོད་སྐམ་ལྔ་ནི་རིགས་ལྔ་ཡེ་ཤེས་ལྔ། རུས་པའི་ཕྱག་རྒྱ་ལྔ་ནི་འདོད་ཡོན་མ་སྤངས་པ། མེ་དཔུང་འབར་བ་ནི་ཡེ་ཤེས་ཀྱི་སྣང་བས་དུག་ལྔ་སྲེག་པ། ཞེས་ཉང་གཏེར་ཞལ་གཉིས་མར་བཤད། ཚེས་བཅུའི་རྟོག་པ་དང༌། དེ་ཁོ་ན་ཉིད་བཤད་པ་སོགས་ལས་དེ་དང་མི་འདྲ་བ་དང་གཞན་མང་པོ་བཤད་དེ་མ་བྲིས། དམ་ཚིག་སྐུ་གསུང་ཐུགས་དང་བདེ་བ་ཆེན་པོའི་འཁོར་ལོ་རྣམས་ཀྱི་བཤད་པ་སོགས་བདེ་མཆོག་ལས་ཤེས་པར་བྱ། འཁོར་ལོ་གསུམ་གྱི་རྩིབས་རྣམས་གནས་ཉེར་བཞི་དང༌། དེ་དག་ཏུ་བསྐྱེད་པའི་ལྷ་མོ་རྣམས་གདོད་ནས་གྲུབ་པའི་མཁའ་འགྲོའི་དབང་ཕྱུག་མ་རྣམས་དངོས་ཡིན་སྙམ་པའི་བློའི་འཇོག་ཚུལ་གལ་ཆེ། མ་མོ་བཅུ་གཉིས་ལའང་ཚུལ་འདི་འདྲ། ལུས་དཀྱིལ་དངོས་མ་བསྟན་ཡང༌། སྙན་རྒྱུད་ཡང་དག་ཏུ། གཽ་རི་ལ་སོགས་ལྷ་མོ་བརྒྱདཿ གཡས་


TN02_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཞལ་དང་ཕྱག་ལ་རྫོགསཿ ཞེས་པ་དང་ཕྱོགས་འདྲ་བར། འདིར་ཡང་རང་གི་རྩ་ཐིག་རླུང་གསུམ་ལ། བདེ་སྟོང་གི་ཡེ་ཤེས་ལྷར་ཤར་བ་དང༌། ལྷ་སོ་བདུན་རྩ་རླུང་ཐིག་ལེའི་ཆ་དེ་དང་དེར་ཤར་བའི་ཞེན་འཛིན་དྲག་པོ་འཇོག་པ་ནི་དགོས་ཏེ། ནང་གི་ཚོགས་མཆོད་དུ། ལྷུན་གྲུབ་རྡོ་རྗེ་ཕུང་པོའི་གྲོང་ཿ སོགས་ཕག་དཀར་ལས། སྙིང་དབུས་མི་ཤིགས་ཐིག་ལེ་ཆེཿ སྟོང་གསལ་འདུས་མ་བྱས་པའི་ཀློང་ཿ དབྱིངས་ཀྱི་ཕོ་ཉ་འདུ་འབྲལ་མེདཿ ཡེ་ཤེས་མཁའ་འགྲོ་སྤྲིན་ལྟར་འཕྲོཿ སྤྱི་བོ་ཛ་ལནྡྷ་ར་སོགསཿ རྩ་ཁམས་གནས་ཡུལ་དུར་ཁྲོད་དུཿ འགྲོ་འོང་རླུང་གིས་ལས་ཀུན་བྱེདཿ བདེ་སྟོང་དཀར་དམར་ཐིག་ལེའི་གཟུགསཿ དཔའ་བོ་དང་ནི་རྣལ་འབྱོར་མཿ འབུམ་ཕྲག་ཡངས་པའི་ཚོགས་དང་བཅསཿ ཏིལ་གྱི་གོང་བུ་ཁ་བྱེ་ལྟརཿ སྣང་སྟོང་འོད་སྐུར་ཤིགས་སེ་ཤིགསཿ ཅེས་པ་ཇི་ལྟ་བར་འབྱུང་བའི་ཕྱིར་རོ། །དེའང་མི་ཕྱེད་མ་སོགས་རྩ་ཉེར་བཞི་ཡུལ་ཉེར་བཞི་དང༌། དེ་དག་ན་གནས་པའི་ཁམས་དཀར་དམར་རྣམས་དཔའ་བོ་ཡབ་ཡུམ་ཉེར་བཞི། དེ་དག་ལས་གྱེས་པའི་རྩ་སྟོང་ཕྲག་དོན་གཉིས་ཀྱི་ཐིག་ལེ་རྣམས་འབུམ་ཕྲག་ཡངས་པའི་མཁའ་འགྲོ། ལྟེ་བའི་ཏི་ལ་ཀ་སྙིང་གའི་པ་སནྟ་དང་འདྲེས་པ་གཙོ་མོ་ཡབ་བཅས། འབྱུང་བ་བཞིའི་རྩ་ཐིག་སྙིང་པོའི་རྣལ་འབྱོར་མ་དབང་པོའི་སྒོ་བརྒྱད་ཀྱི་རྩ་དུར་ད་བརྒྱད། ཐིག་ལེ་མ་མོ་བརྒྱད་དུ་བྱེད་དམ་སྙམ། གཞན་དུ་


TN02_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་སོགས་ལུས་ཀྱི་ཆ་ཉེར་བཞི་ཡུལ་ཉེར་བཞི། རྩ་རྣམས་དཔའ་མོ། ཐིག་ལེ་དཔའ་བོར་མཛད་པ་སོགས་དང་མི་འདྲ་ཡང༌། སྒྲིབ་བྲལ་གྱི་རྩ་ཐིག་རོ་མཉམ་ཡིན་པ་དང༌། ཤིན་ཏུ་རྣམ་དག་གི་སྣོད་བཅུད་ངོ་བོ་གཅིག་པ་སོགས་ཀྱིས་མི་འགལ་རྡོ་རྗེ་ཕག་མོ་ཡང་རྩ་དབུ་མ་དང་སྦྱར་བ་དང༌། གཏུམ་མོ་དང་སྦྱར་བ་གཉིས་ཀ་སྣང་བ་བཞིན་ནོའམ་དཔྱད། དེ་ལྟར་བྱས་པའི་སྟེང་ནས། ཛབ་དགོངས་སུ། རྩ་ཁམས་རླུང་ལ་བྱིན་བརླབས་བསམཿ ཞེས་སོགས་ཀྱིས་བསྟན་པའི་བཟླས་སྒོམ་ལ་བརྩོན་པས། རྡོ་རྗེའི་ཡུལ་ཆེན་ན་བཞུགས་པའི་མཁའ་འགྲོའི་གཙོ་མོ་རྣམས་ཀྱིས། འདི་ཀུན་འདོད་པའི་གཟུགས་ཅན་ཏེཿ ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིནཿ ཞེས་པ་ལྟར་རྩ་ཁམས་རླུང་གསུམ་ལ་ཞུགས་ནས་མྱུར་དུ་བྱིན་གྱིས་བརླབས་པའི་སྒོ་ནས། ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་སྟེ་འབར་བ་གསུམ་གྱི་དངོས་གྲུབ་འབྱུང་ཞིང༌། དཔྱིད་ཀྱི་དགའ་བ་སད་པའི་འོད་གསལ་ཁོར་ཡུག་གི་རྣལ་འབྱོར། དེ་ནས་གཡེང་བས་མ་ཁྱེར་བར་རྟོགས་པ་དེའི་རྒྱུན་མཉམ་རྗེས་ཐམས་ཅད་དུ་བསྐྱང་བ་ལ་བརྩོན་པར་བྱ་སྟེ། དེའི་ཚེ་གྲུབ་པའི་ཞིང་གི་རྣལ་འབྱོར་མ་དེ་དག་གི་རིགས་ཀྱི་སྔགས་སྐྱེས་ཀྱི་ཕོ་ཉ་མོ་ཁྱད་པར་ཅན་ནི་བོད་དང་བོད་ཆེན་པོ་དང་རྒྱ་ནག་སོགས་ཀྱི་མི་མོའི་ནང་ནའང་མང་དུ་འབྱུང་བས་ཐོག་མར་དེ་དག་དང་འདུ་བ་འཐོབ་སྟེ། འདིའང་ཉིན་པར་མི། ནུབ་མོ་མཁའ་འགྲོ་རྡོ་རྗེ་མཁའ་འགྲོ་


TN02_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །རྟག་ཏུ་མཚན་མོར་སྤྱོད་པ་དང༌། །རྟག་ཏུ་མཚན་མོ་འདུ་བར་བྱེད། །མཁའ་ལ་སྤྱོད་པ་རྙེད་དཀའ་བའི། །དངོས་གྲུབ་ཆེན་པོ་སྟེར་བར་འགྱུར། །ཞེས་གསུངས་ཏེ། །གཡོན་པའི་ཀུན་སྤྱོད་དང་རྒྱུ་མཚན་གཅིག་གོ །ནང་ནུབ་ཏུ་ཟས་ནོར་འདུ་བ་སྟེ་འདུ་བ་གསུམ་གྱི་དངོས་གྲུབ་ཀྱི་ཁྱད་པར་རོ། །དེ་ནས་ནི་སྔགས་སྐྱེས་ཀྱི་མཐུས་ཞིང་སྐྱེས་དང་དེ་ལ་བརྟེན་ལྷན་སྐྱེས་ཀྱི་ཕོ་ཉ་མོ་མཆོག་རྣམས་དང་འདུ་བའི་ནུས་པའང་རྙེད་དེ། རིམ་གྱིས་རྡོ་རྗེའི་གནས་ཀྱི་དཔའ་བོའི་དབང་ཕྱུག་རྣམས་དང་མཉམ་པར་འགྱུར་བ་ཡིན་ནོ། །དེ་ལྟར་རྣལ་འབྱོར་མ་ཆེན་མོ་རྣམས་རྩ་ཁམས་ལ་ཞུགས་ནས་རྒྱུད་བྱིན་གྱིས་རློབ་པ་ནི་དེ་དག་སྔགས་པ་དང་ཐུགས་ཡིད་འདྲེས་པ་སྟེ། དེ་ནི་རྡོ་རྗེ་ཕོ་ཉ་མོ་རྣམས་དང་ཐུགས་འདྲིས་ཚུལ་མཐར་ཐུག་དང་ཐུན་མིན་ཡིན་ལ། ཐུགས་འདྲིས་ན་སྐུ་ཡང་ཉེ་ཞིང་ངང་གིས་འཁོར་བས་རིང་པོར་མི་ཐོགས་པར་དགྱེས་ཞལ་དངོས་སུ་མཐོང་བ་དང་སྙོམས་འཇུག་གི་རྩེ་དགའ་ལ་དབང་སྒྱུར་ཏེ། དེ་རྣམས་ཀྱིས་དགོངས་པ་གཏད་པ་ཙམ་རེས་དངོས་གྲུབ་ཀྱི་དོན་མང་པོ་ཐོགས་པ་མེད་པར་བྱེད་ནུས་པས་གྲུབ་པ་བརྒྱད་སོགས་གང་འདོད་མ་བསྒྲིམ་པར་ཡང་སྟེར་ལ། མཆོག་དངོས་ཀྱང་ལག་མཐིལ་ན་འདུས་སྟེ། ཤིན་ཏུ་གསང་བའི་གཏམ་མོ། །ཉང་གི་ཁྲོས་ནག་ཏུའང༌། ཐུགས་རྟགས་སྔོན་དང༌། སྐུ་རྟགས་ཕྱིས་འབྱུང་བར་གསུངས། འདི་ཞིབ་པར་ཤེས་ན་ཕོ་ཉ་མོའི་སྒྲུབ་ལུགས་ཀྱི་གནད་


TN02_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་བ་ཡིན་ནོ། །ནང་དུ་འབར་བ་གསུམ་ཐོབ་པ་ན། དེའི་རྟེན་འབྲེལ་གྱིས་ཕྱི་རོལ་དུ་འདུ་བ་གསུམ་འབྱུང་བ་འདི་ནི་སྲིད་ཞི་ཐམས་ཅད་ལྷན་སྐྱེས་ཀྱི་རྩེ་དགའ་གཅིག་པུས་སྡོམ་པའི་རྡོ་རྗེ་རྣལ་འབྱོར་མའི་དངོས་གྲུབ་ཀྱི་གནད་ཡིན། དེའི་འདུ་བ་གསུམ་གྱི་ཁོག་ནས་རྡོ་རྗེའི་ལམ་གྱི་བགྲོད་པ་ཡོངས་རྫོགས་འཇོག་པ་ནི་དངོས་གྲུབ་དེའི་འགངས་ཡིན་ཏེ། མཁས་པའི་ཡིད་འཕྲོགས་པར་སྣང་བས། རྡོར་བཟླས་ཀྱིས་རྩ་མདུད་འགྲོལ་བ། གཏུམ་མོས་ཞུ་བདེ་འདྲེན་པ། བསམ་གཏན་གཉིས་ཀྱིས་རླུང་སྡུད་པ་སོགས་སོ་སོ་སོ་སོའི་ཐད་དུ་ཕོ་ཉས་ཀྱང་དེ་འདྲ་བའི་ལག་རྗེས་རེ་འཇོག་ཚུལ་ཡོད་པ་རྣམས་ཤེས་དགོས། འདུ་བ་གསུམ་གྱི་གོ་དོན། ཉིན་མོ་སྐྱེ་བོའི་ཚོགས་ལ་ཆོས་ཀྱིས་ཕན་འདོགས་པའི་དོན་དུ་མིའི་འདུ་བ། མཚན་མོ་རྣལ་འབྱོར་པ་རང་གི་ཡེ་ཤེས་འཕེལ་བའི་དོན་དུ་་ནིའི་འདུ་བ། ནང་ནུབ་ཏུ་བདེ་བའི་རྟེན་གྱི་ལུས་རྒྱས་པའི་དོན་དུ་ཟས་འདུ་བ་སྟེ། དེ་ལས་ལྷག་པར་ཡང་མཁའ་འགྲོའི་འདུ་བ་འགངས་ཆེ་བ་ཡིན་ནོ། །མཚན་མོ་ཤེས་རབ་ཀྱི་ཕྱོགས་ཡིན་པས་འདིར་དེའི་དངོས་གྲུབ་གཙོ་བོར་ལས་བྱེད་དོ། །སྒྲུབ་སྔགས་ཨོཾ་གསུམ་མའི་སྐབས། མངོན་བརྗོད་ཉུང་ངུར། དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་ཀུན་གྱི་དགེ་བ་གང༌། །སྙིང་པོ་རྣལ་འབྱོར་མ་ཀུན་གྱི། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་གཡོ་བྱེད་ཅིང༌། །རྗེས་སུ་དྲན་པ་ཙམ་གྱིས་ཀྱང༌། །ཡང་དག་དངོས་གྲུབ་རིམ་གྱིས་སོ། །


TN02_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་སྭཱ་ཊ་ཕ་ཧཱཾཨུ་ཧཱཾཨུ་ཡེ་ནྲི་རྞབ་ཛྲབ་ཡེ་ནཱི་ཀི་ཌཱ་དྷ་བུ་རྦས་ཨོཾ། སྔགས་འདི་བཀླགས་པས་འགྲུབ་པ་སྟེ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །མཁའ་འགྲོ་རྣལ་འབྱོར་མ་རྣམས་དང༌། ཁཎྜ་རོ་ཧ་ལཱ་མ་སོགས། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། །སྔགས་ནི་འདི་ཉིད་ཡིན་པར་གྲགས། །ས་འོག་ཡང་ན་མཐོ་རིས་སམ། །དེ་བཞིན་མི་ཡུལ་དག་ཏུ་ཡང༌། །ལས་ནི་གང་དག་ཡོད་པ་དག །སྔགས་ཀྱིས་དེ་དག་ཐམས་ཅད་བསྒྲུབ། །དངོས་གྲུབ་ཀུན་བྱེད་དགེ་བ་ཡིན། །དངོས་གྲུབ་ཐམས་ཅད་རབ་སྩོལ་བ། །འདི་ལས་ཤིན་ཏུ་མཆོག་གྱུར་གང༌། །འཇིག་རྟེན་གསུམ་ན་ཅི་ཡང་མེད། །གང་ཕྱིར་འདི་ནི་བླ་ན་མེད། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་གསུངས། དེའི་ཐད་ཀྱི་སྦས་དོན་ཀུན་གསལ་དུ། གཞན་ཡང་བཤད་པར་བྱའོ། །དེ་གང་ཞེ་ན། རྡོ་རྗེ་ཕག་མོ་ལ་སོགས་པའི་མཁའ་འགྲོ་མ་ཀུན་གྱི་སྙིང་པོའི་སྔགས། སྒྲུབ་པ་པོ་གང་དགེ་བར་བྱེད་པ། རྣམ་འབྱོར་མ་ཀུན་གྱིས་སྒྲུབ་པ་པོའི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་བཞིན་དུ་སྦགས་དང་ལྷ་གང་ཞིག་བསྙེན་པའི་རྗེས་སུ་ཡིད་ལ་དྲན་ནས་བཟླས་པ་ཙམ་གྱིས་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་པོ་གཡོ་བར་བྱེད་ཅིང༌། སྦྱིན་སྲེག་སོགས་ལ་མི་ལྟོས་པར་རྒྱས་སུ་དྲན་པ་ཙམ་གྱིས་རྣལ་འབྱོར་མ་རྣམས་ཀྱི་བསྙེན་པ་ལ་འཇུག་པའི་རིམ་པས། གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུ་འཕྱན་ན་དེའི་མཁའ་འགྲོ་མ་


TN02_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བྱིན་གྱིས་རློབས་ཤིང༌། ཡང་དག་པའི་དངོས་གྲུབ་བདེ་མཆོག་གི་གོ་འཕང་རིམ་གྱིས་འཐོབ་པ་དེ་བཤད་པར་བྱའོ། །སྔགས་སྟོན་པ་ན་ཧཱ་སྭཱ་སོགས་ལུགས་བཟློག་ཏུ་གསུངས་པ་ནི་རྒྱུད་ལ་རང་དགར་འཇུག་པ་དགག་པའི་ཕྱིར་རོ། །དེ་ལ་ཨོཾ་ནི་ཕྱག་འཚལ་བའོ། །གང་གི་ཆེད་དུ་ན། སརྦ་བུདྡྷ་ཌཱ་ཀི་ནྲི་ཡེ་སྟེ་སངས་རྒྱས་མཁའ་འགྲོ་མ་ཐམས་ཅད་དང༌། བཛྲ་བརྞ་ནི་ཡེ་རྡོ་རྗེ་རབ་བསྔགས་མ་སྟེ། དེའི་ཆེད་དུའོ། །ཧཱུྃ་གཉིས་ནི་སྐབས་ཀྱི་དོན་གང་ཡིན་ལ་དམིགས་པ། ཕཊ་ནི་དེ་གསལ་བར་བྱེད་པ། སྭཱ་ཧཱ་ནི་དབུགས་འབྱིན་པའོ། །སྔགས་འདི་བཀླགས་པས་གྲུབ་པ་ཞེས་པ་ནི་སྔོན་བསོད་ནམས་བསགས་པ་དག་གིས་ནི་སྔོན་དུ་བསྙེན་པ་སོགས་ལ་མི་ལྟོས་པར་ལས་རྣམས་ཀུན་བྱེད་ཅིང་དགེ་བར་བྱེད་པ་ཡིན་ནོ། །དེ་དག་ལས་གཞན་གྱིས་ནི་སྔོན་གྱི་བསྙེན་པ་སོགས་ལ་ལྟོས་པ་ཁོ་ནའོ། །སྔགས་དེ་གང་གི་ཡིན་ཞེ་ན། མཁའ་འགྲོ་མ་ནི་མདོར་བསྟན་པའོ། །རྣལ་འབྱོར་མ་ནི་དེ་འཆད་པའོ། །དེ་ཡང་གང་ཞེ་ན། དུམ་སྐྱེས་མ་དང་ལཱ་མ་དང་སོགས་ཀྱིས་ནི་གཞལ་ཡས་ཁང་ན་བཞུགས་པ་ཐམས་ཅད་གཟུང་ངོ༌། །དེ་ལྟ་བུའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ནི་སངས་རྒྱས་མཁའ་འགྲོ་མའི་སྔགས་འདི་ཉིད་ཡིན་པར་གྲགས་སོ། །སྔགས་དེའི་ཆེ་བ་ནི་ས་འོག་དང་ཡང་ན་མཐོ་རིས་ཏེ་ས་བླ་ལྷའི་ཡུལ་དང༌། དེ་བཞིན་ས་སྟེང་མིའི་ཡུལ་དག་ཏུ་ཡང་སྟེ་འཇིག་རྟེན་གསུམ་ན་ཡོད་པ་


TN02_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནི་སོགས་ཀྱི་ལས་ནི་གང་དག་ཡོད་པ་རྣམས་སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་དེ་དག་ཐམས་ཅད་འགྲུབ་ཅིང༌། དངོས་གྲུབ་ཀུན་འགྲུབ་པར་བྱེད་པས་དགེ་བར་བྱེད་པ་ཡིན་ནོ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་བའི་སྔགས་འདི་ལས་ཆེས་ཤིན་ཏུ་མཆོག་ཏུ་གྱུར་པའི་སྔགས་གཞན་མེད་དེ་རྒྱུ་མཚན་གང་གི་ཕྱིར་ན་སྔགས་འདི་ནི་བླ་ན་མེད་པའི་དངོས་གྲུབ་ཀྱི་ཐབས་བཟང་པོར་ནི་བསྟན་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས། གཞན་ཡང་རྩ་རྒྱུད་ཀྱི་ལེའུར། སྔགས་དེ་ལ་བརྟེན་ནས་རིགས་ཐམས་དབང་དུ་བྱེད་པ་དང༌། ཚེ་རིང་བ་སོགས་ཀྱི་དཔལ་ཆེན་པོ་སྟེ་ཕུན་ཚོགས་ཐམས་ཅད་སྐྱེད་པ་དང༌། རྒྱལ་པོའམ་དེའི་བློན་པོ་དབང་དུ་བྱ་བ་དང༌། དགུག་པ་དང༌། མཚན་དང་འགྲོ་བ་དང་རྫས་དང་བསམ་པ་དང་གཟུགས་དང་བདག་པོ་གཞན་དུ་བསྒྱུར་བ་དང༌། མངོན་སྤྱོད་ཀྱི་ལས་མང་པོ་གསུངས་སོ། །ལེའུ་ལྔ་བཅུ་པར། བེ་རོ་ཙ་ནཱིའི་སྔགས་ལ་བརྟེན་ནས་ས་གསུམ་གྱི་འགྲོ་བ་རང་གི་དབང་དུ་བྱ་བ་དང༌། བསྒྲུབ་བྱ་འགུགས་པ་དང༌། བགེགས་ཞི་བ་དང༌། རིགས་རྒྱུད་ཀྱི་དབུལ་བ་འཇིག་པ་དང༌། ས་མ་ལུས་པ་ལ་ལོངས་སྤྱོད་པའི་རྒྱལ་སྲིད་སྒྲུབ་པ་དང༌། མཁའ་སྤྱོད་སྒྲུབ་པ་དང༌། ཡུལ་འཁོར་ཆེན་པོ་འགུགས་པ་དང༌། འདོད་པའི་དབང་གིས་འཆི་བ་དང་སྐྱེ་བར་འགྱུར་ཞིང་ལྷ་ལ་སོགས་པ་སྣ་ཚོགས་པའི་གཟུགས་སྐུར་འཛིན་ཅིང་འདོད་པ་ལ་རོལ་བར་བྱེད་པ་དང༌། ཡང་


TN02_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བདག་རྣམ་ཐོས་བུ་དང་ནོར་མཉམ་པ་སྒྲུབ་པ་དང༌། ཚེ་ཟད་པ་ཡང་ཚེ་དཔག་ཏུ་མེད་པར་བྱ་བ་དང༌། བསྒྲུབ་བྱའི་ཁ་འཆིང་བ་རྣམས་གསུངས་སོ། །བཤད་རྒྱུད་མངོན་བརྗོད་ལས་ལན་དུ་མ་དང༌། རྡོ་རྗེ་མཁའ་འགྲོར་ཡང་སྔགས་གཉིས་ཀ་ཚང་བར་འབྱུང༌། ཀུན་སྤྱོད་དུའང་གཉིས་ཀ་ཚིག་ཟིན་ལ་ཡོད། སྡོམ་འབྱུང་དུ། བཻ་རོ་ཙ་ནྲིའི་སྔགས་གསུངས་ནས། འཇིག་རྟེན་དངོས་གྲུབ་ཐམས་ཅད་དང༌། །དེ་བཞིན་མཁའ་སྤྱོད་དངོས་གྲུབ་བོ། །ཞེས་བསྔགས། མཁའ་འགྲོ་རྒྱ་མཚོའི་ལྔ་པར་ཉེ་སྙིང་ཚང་བ་འབྱུང༌། དངོས་གྲུབ་ཀྱི་རྩ་བ་ཡིན་པས་རྩ་སྔགས་དང༌། དེའི་སྙིང་པོ་ཡིན་པས་སྙིང་པོའི་སྔགས་ཞེས་དང༌། བེ་རོ་ཙ་ནྲིའི་སྔགས་ལ་གྲུབ་ཆེན་ཁ་ཅིག་སྙིང་པོ་དང་ཁ་ཅིག་ཉེ་སྙིང་དུ་མཛད་པ་ཕྱོགས་རེ་ནས་གང་ལྟར་ཡང་བཤད་ཆོག་ཅེས་སྤྲས་གསལ་ལས་སོ། །ཨོཾ་གསུམ་མ་དངོས་ནི་ཨིནྡྲ་བྷུ་ཏིའི་གཞུང་གཉིས་སུ་རྒྱ་ཆེར་གསུངས་ཤིང༌། དེ་ཉིད་ཚེས་བཅུའི་རྟོག་པའི། སྔགས་ཀྱི་ཡི་གེས་ལེགས་པར་གང༌། །ཞེས་པའི་འགྲེལ་པར་རྩ་སྔགས་སུ་གསུངས་ལ། འདི་རྩ་སྙིང་ཉེ་གསུམ་གྱི་ཟླས་ཕྱེ་བའི་རྩ་སྔགས་སུ་བཤད་པའི་རྒྱ་གཞུང་གཞན་ཡང་ཡོད་དོ། །སཾ་བྷུ་ཊིའི་བརྟགས་པ་ཕྱི་མའི་རབ་བྱེད་བརྒྱུད་པར། ཨོཾ་བཛྲ་བེ་རོ་ཙ་ནྲི་ཡེ་བུདྡྷ་ཌཱ་ཀི་ནྲི་ཡེ༌། ཡི་གེ་བཅུ་དྲུག་པ་འདི་ནི། མཁའ་འགྲོ་མ་ཡི་རྩ་བའི་སྔགས། །ཞེས་རྣམ་སྣང་མ་དང་སངས་རྒྱས་མཁའ་འགྲོ་མའི་


TN02_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྦྱར་ནས། དེ་རྩ་སྔགས་སུ་བཤད་དེ། སྙེ་མ་བཅུ་གཉིས་པར་ཡང་རྩ་སྙིང་གི་ནང་གི་རྩ་སྔགས་སུ་བཞེད་པར་སྣང་བས་སྙིང་པོ་ཉེ་སྙིང་གཉིས་ལས་སྟོབས་ཆེ་བར་གསལ་ལོ། །དེ་ཁོ་ན་ཉིད་གྲུབ་པར་ཨོཾ་གསུམ་མ་བཏུ་ཚུལ་སོགས་བཤད་པའི་མཐར། གང་ཞིག་སྙིང་ཀར་འཁོར་ལོའི་གསང་སྔགས་ནི། །བསྒོམ་ནས་འགོག་པའི་ཚིག་གིས་ཟློས་བྱེད་དེས། །དངོས་གྲུབ་བརྒྱད་པོ་རྣམས་དང་མངོན་ཤེས་ལྔ། །དེ་བཞིན་ཡོན་ཏན་བརྒྱ་པོ་ཐོབ་པར་འགྱུར། །ཞེས་དང༌། འཁོར་ལོ་དང་བཅས་ཕག་ཞལ་ཅན་འདི་གང་ཞིག་སྒོམ་བྱེད་པ། །དེ་ལ་བུད་མེད་རྣམས་དང་རིགས་པ་སྣ་ཚོགས་གོས་དང་ནི། །བཟའ་བཏུང་སྣ་ཚོགས་ནོར་འབྲུ་ས་གཞི་དང་ནི་ཁང་བཟང་དང༌། །ལྷ་རྫས་ཀྱི་ནི་མལ་སྟན་དག་དང་སྒྲུབ་བྱེད་རྣམས་ཀྱང་འབྱུང་ཞེས་གསུངས་ཏེ། འཁོར་ལོ་ནི་ཆོས་འབྱུང་ཨོཾ་གསུམ་མས་མཚན་པ། དངོས་གྲུབ་བརྒྱད་ནི་རི་ལུ་མིག་སྨན་སོགས། ཡོན་ཏན་བརྒྱ་ནི་སྟོབས་དང་མི་འཇིགས་པ་སོགས། སྒྲུབ་བྱེད་ནི་རྟ་དང་གླང་པོ་སོགས་མཁོ་བའི་ཡོ་བྱད་རྣམས་ཡིན་པར་དེ་ཁོ་ན་ཉིད་བཤད་པ་ལས་སོ། །ཡེ་ཤེས་འབེབས་སྔགས་སྐབས། སྤྱིར་ཉང་གི་མཁའ་འགྲོ་ཆེན་མོར་ཨོཾ་གསུམ་མའི་བྱིན་བེབས་བཤད་ཚུལ་ཟུར་ཐོ་ལྟར་དང༌། ཁྲོས་ནག་ཏུའང༌། ཨ་བེ་ཤ་ཡ། ཞེས་འབེབས་སྔགས་རྩལ་དུ་བཏོན་ཅིང༌། དེར་མ་ཟད། བདེ་བ་འབྱུང་བ་སྐུའི་ཡི་གེ་བཞི། ནུས་པ་


TN02_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་གསུང་གི་ཡི་གེ་བཞི་སོགས་བཟླས་སྔགས་རིལ་བྱིན་འབེབས་ལ་སྦྱར་ནས་ཀྱང་རྒྱས་པར་བཤད་དེ། འདི་གཙོ་བོར་བྱེད་པ་ནི་ཕག་མོའི་སྒོས་ཆོས་སོ། །དེ་ལ་བདེ་ཆེན་ཡེ་ཤེས་ཀྱི་དངོས་གྲུབ་ནི་དངོས་གྲུབ་གཞན་ཐམས་ཅད་ལ་དབང་སྒྱུར་བས་ན་དངོས་གྲུབ་ཀྱི་རྒྱལ་པོའམ། དངོས་གྲུབ་བྱེ་བ་ཁྲག་ཁྲིག་རྗེས་སུ་འབྲང་བ་ཡིན་ནོ། །བདེ་ཆེན་ཡེ་ཤེས་འབེབས་པ་ལ་ཕག་མོ་བསྔགས་ཚུལ་ནི་སྔར་བཤད་ཟིན། བདེ་ཆེན་གྱིས་དངོས་གྲུབ་ཐམས་ཅད་ལ་དབང་སྒྱུར་ལུགས་ནི། ལམ་གཞན་གང་གི་མཐར་ཡང་ཡེ་ཤེས་འདི་བརྒྱུད་དགོས་ཤིང༌། འདི་ཉིད་ནི་ལམ་གཞན་བསྣན་པ་ལ་མི་ལྟོས་པར་མཆོག་གི་དངོས་གྲུབ་སངས་རྒྱས་སྟེར་བ་དང༌། དེའང་ཚེ་ཐུང་འདིར་སྟེར་བ་དང༌། བདེ་བླག་ཏུའམ་ཚེགས་མེད་པ་ཁོ་ནར་འགྲུབ་པ་དང༌། མཚམས་མེད་བྱས་པ་སོགས་ཀྱིས་ཀྱང་བདེ་མྱུར་དུ་འགྲུབ་པ་དང༌། ཐ་ན་བསྐྱེད་རིམ་པའི་ལྷན་སྐྱེས་ཙམ་གྱིས་ཀྱང༌། རྒྱུད་སྡེ་འོག་མར་སྒྲུབ་མི་ནུས་པ་དང༌། ནུས་ཀྱང་ཚོགས་ཆེན་པོས་ཡུན་རིང་དུ་སྒྲུབ་དགོས་པའི་དངོས་གྲུབ་མང་པོ་ཆེས་ཡུན་ཐུང་ངུར་ཚེགས་མེད་དུ། མཚན་ཉིད་ཡོངས་སུ་རྫོགས་པར་འགྲུབ་ནུས་པ་སྟེ། དེའི་རྒྱུ་མཚན་ཡང༌། ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་ཀྱི་གཏིང་ཕིགས་པ་འདྲ་བ་སེམས་གཞན་གྱིས་ཕིགས་མི་ནུས་པ་དང༌། ཐ་མལ་གྱི་སྣང་ཞེན་ཡང་དེས་བཤིགས་པ་འདྲ་བ་གཞན་གྱིས་བཤིགས་


TN02_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་པ་དང༌། དག་པའི་སྣང་ཞེན་ཡང་དེས་བསྐྱེད་པ་འདྲ་བ་གཞན་གྱིས་བསྐྱེད་མི་ནུས་པའི་དབང་གིས་ཡིན་ནོ། །འབུར་དོད་འགའ་ཞིག་བཤད་ན། ལས་སྦྱོར་འདི་ནི་ནང་གི་མཁའ་སྤྱོད་སྒྲུབ་པའི་རྣལ་འབྱོར་ཁྱད་པར་ཅན་ཏེ། ནང་གི་མཁའ་སྤྱོད་དེ་ལའང་རིམ་པ་བཞི་པའི་དང༌། ཟུང་འཇུག་གི་འོད་གསལ་ལ་མཁའ་སྤྱོད་དུ་བྱས་པ་གཉིས་དང་ཕྱི་མ་ལའང༌། གཞུང་འདིའི་དངོས་བསྟན་གཙོ་བོ་དེ་ལྟར་སྣང༌། སྤྱིར་ནང་གི་མཁའ་སྤྱོད་ལ་དཔེའི་ལྷན་སྐྱེས་ཀྱང་ཡོད། སློབ་མི་སློབ་ཀྱི་གཉིས་ཡོད་དེ་སྒྱུ་འཕྲུལ་ལུགས་ལའང་དེའི་དོད་ཡོད། ནྲིའི་སྒྲ་བཤད་དུས། སྟོང་པ་ཉིད་ཀྱི་ནམ་མཁའ་ལ་གྱ་གྱུར་འགྲོ་བ་ཞེས་སོགས་ལྟར་མཁའ་སྤྱོད་འདི་ཤེར་ཕྱོགས་ཀྱི་དངོས་གྲུབ་ཡིན་ཅིང༌། དྲང་དོན་གྱི་མཁའ་སྤྱོད་ཀྱི་དེ་ཉིད་ཀྱང་ངེས་དོན་གྱི་དེ་ཡིན་པའི་གནད་ཀྱིས་དྲང་དོན་གྱི་དེའང་ཤེར་ཕྱོགས་སུ་འགྲོའམ་སྙམ། དེ་ལྟར་དྲང་དོན་ཕྱིའི་མཁའ་སྤྱོད་དེ་ཉིད་ངེས་དོན་ནང་གི་མཁའ་སྤྱོད་ཀྱི་ཆ་ལས་སྤྲུལ་པའི་གཟུགས་བརྙན་དུ་ཟད་པའི་རྒྱུ་མཚན་འདིས། ནང་མཁའ་སྤྱོད་ཀྱི་ཡེ་ཤེས་ཕབ་པའི་སྒོ་ནས་ཕྱི་མཁའ་སྤྱོད་ཀྱི་གནས་ལ་དབང་སྒྱུར་བའི་ཚུལ་ཡང་ཡོད་པར་མངོན་ཏེ། ལས་སྦྱོར་འདི་ཕྱིའི་མཁའ་སྤྱོད་སྒྲུབ་པར་འགྲོ་ལུགས་བཤད་པའོ། །དེའང་དེར་བྱས་ན་དེ་ལྟར་འགྱུར་བའི་དོན་ཏོ། །ཡང་འབེབས་ཆོག་འདི་ཤེས་རབ་བློ་འཕེལ་ཐུན་མིན་དུ་བྱས་ནའང་དེར་འགྲོ་བ་ནི། སྤྱིར་མ་ནི་ཤེས་རབ་ཕ་ནི་ཐབས། །


TN02_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། ཤེས་རབ་ནི། སངས་རྒྱས་ཆོས་སྐྱེད་མ་དང༌། ཞེས་གསུངས་ཤིང༌། ཀླུ་སྒྲུབ་ཞབས་ཀྱིས་ཤེར་ཕྱིན་ལ་བསྟོད་པར་ཡང༌། དེ་བུད་མེད་མཆོག་ལྟར་བྱས་ནས། གྲགས་ལྡན་མ་ཁྱོད་བཟང་མོ་ལགས། །ཞེས་སོགས་གསུངས། སྔགས་ཕྱི་རྒྱུད་དུའང་རིག་སྔགས་དང་གཟུངས་སྔགས་གཉིས་ལྷ་མོའི་རྣམ་པར་བཤད་དེ། གཟུངས་དང་རིག་པ་ནི་ཤེར་ཕྱོགས་སུ་ཤེས་སླ། བདེ་མཆོག་ཏུ། ཤིན་ཏུ་དག་པའི་ལྷག་མཐོང་གི་སྣང་བ་དང་ལྡན་པས་བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། ཞེས་དང༌། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་སོགས་སུ་མཚན་མོ་དང་སྦྱར་བ་སོགས་མདོར་ན་སྤྲོས་པའི་རབ་རིབ་དང་བྲལ་བའི་བདེ་སྟོང་ཤེར་ཕྱིན་ལ་ལྷ་མོའི་དེ་ཉིད་དུ་མང་དུ་བཤད་པས་འདི་ནི་མཐར་ཐུག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དེས་ན་འདིའི་ཡེ་ཤེས་འབེབས་པའི་ལས་སྦྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཡེ་ཤེས་མཐར་ཐུག་པ་དབབ་པའི་ཆོ་གའོ། །མ་རྒྱུད་ལ་ཤེས་རབ་ཀྱི་མདོ་ཞེས་ཀླུ་བྱང་གསུངས་པ་ལྟར། ལུགས་འདིར་ཤེས་རབ་ཐུན་མིན་ཅིག་དང་ཤེས་རབ་སྒྲུབ་ལུགས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ཞིག་རྩལ་དུ་འདོན་ཞིང༌། བདེ་མཆོག་པའི་ཤེས་རབ་སྒྲུབ་ལུགས་ཀྱི་ཁྱད་ཆོས་ཆེས་ཆེ་བའང་ཕོ་ཉ་མོ་མཆོག་དང་འདུ་བའི་སྟེང་ན་ཡོད་པར་གསུངས་སོ། །ཐུན་མོང་ཐེག་པར་ཡང༌། ཤེས་རབ་ཀྱི་གསལ་སྣང་


TN02_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ནི་ལྷག་མཐོང་གི་སྣང་བ་ཡིན་ཅིང༌། དེའང་ཤིན་སྦྱང་གི་བདེ་བའི་གནད་ལ་ལྟོས་མོད། གཉུག་མའི་ཤེས་རབ་ཀྱི་མིག་རླུང་སེམས་གློ་བུར་བའི་རབ་རིབ་ཀྱིས་གཡོགས་པ་ལྷན་སྐྱེས་ཀྱི་བདེ་བའི་མིག་སྨན་རྣོན་པོས་སྦྱངས་ཤིང་གཟི་མདངས་ཕྱུངས་ཏེ་ཤེས་བྱའི་དེ་ཉིད་བལྟ་བ་ནི་རྣལ་འབྱོར་བླ་མེད་མིན་པ་ལ་གཏན་མ་གྲགས་པ་སྟེ། ཤེས་ཕྱིན་མཆོག་ལ་མ་ཧཱ་སུ་ཁ་ཛྙཱ་ན་ཞེས་གསུངས་པའི་གནད་ནི་དེའོ། །འདི་དག་གིས་བདུད་རྩི་རིལ་བུའི་ཆོ་ག་ལའང་མཁའ་སྤྱོད་ཀྱི་རྫས་སྒྲུབ་དང༌། བློ་འཕེལ་གྱི་རྫས་སྒྲུབ་ཏུ་འགྲོ་ལུགས་ཡོད་པ་ཤེས་སོ། །འདིར་ཡེ་ཤེས་དབབ་ཚུལ་ནི། ཐོག་མེད་ནས་གྲུབ་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་བྱང་སེམས་ཀྱི་བདུད་རྩི་དགུག་པའི་ཐབས་ཀྱིས་རང་གི་རྩ་ཁམས་བྱིན་གྱིས་རློབ་པའི་སྒོ་ནས་བྱེད་དེ། ཀུན་མཁྱེན་བླ་མས། མ་རྒྱུད་དུ་བདེ་བ་གཙོ་བོར་བྱེད་ལ་བདེ་བའི་གནད་ཁམས་བདུད་རྩིའི་དཀྱིལ་འཁོར་ཡིན་པས་ཐིག་ལེ་བྱང་སེམས་ཀྱི་རྫོགས་རིམ་གཙོ་བོར་བྱེད་པ་ཡིན་ཞེས་བཤད་པའི་རིགས་པས་སོ། །དེ་ཉིད་སླར་ཡང་རྒྱས་པར་ཕྱེ་བ་ནི། ཕྱི་རོལ་རྫས་ཀྱི་བདུད་རྩིའི་རིལ་བུ་དངོས་སུ་བསྒྲུབ་ནས། བདུད་རྩི་མྱང་བའི་ཆོ་གས་ཆན་ལ་ཕབ་དང༌། འོ་མ་ལ་སྐྱུར་གཏའ་འཇུག་པའི་ཚུལ་གྱིས་རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས་ཏེ་བདེ་ཆེན་སྤོར་བ་བདུད་རྩི་རིལ་བུའི་ཆོ་གའོ། །འདི་ནི་ལས་སྦྱོར་སྔ་ཕྱིར་གསུངས་པ་གཉིས་ཀྱི་


TN02_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་སྒྲིགས་ཡིན་ལ། བློའི་མུན་སེལ་དུ་ཡང་ལྟོས། མཆོག་གི་མཛེས་མའི་སྐུ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་སྐུལ་བ་དང༌། འདིར་བདུད་རྩི་ནི་ཟླ་བ་སྟེ། དེ་གཅིག་པུ་ལ་ཁམས་ལྔའི་བཅུད་འདུས་པས་རིགས་ལྔའི་རང་བཞིན་དུ་གནས་ཚུལ་བརྟགས་གཉིས་སུ་ཡོད། ཆོས་འབྱུང་གི་གནས་སུ་དགུག་པ་དང༌། དེ་ཉིད་ལས་སྲས་དང་ར་ས་ཡ་ན་ལ་སོགས་པའི་རྣམ་པར་འགྲོ་བའི་དོན་དུ་སྤྲོ་བ་ལ་ལྷག་པའི་ཕྲིན་ལས་ཅན་ཏེ། ནང་ལྟར་ན། སྤྱི་བོ་ནས་བདུད་རྩི་ཞུས་ཏེ་སྡུད་པ་དང༌། དེ་ཉིད་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་སྤྲོས་ཏེ་ཕུང་ཁམས་ཐམས་ཅད་ཚིམ་པར་བྱེད་མཁན་ནི་ཙནྜ་ལིའི་མེ་ཡིན་ནོ། །དེས་ན་བདུད་རྩིའི་སྒྲུབ་པ་ནི་རྡོ་རྗེ་ཕག་མོའི་སྒྲུབ་གཞུང་དང་ཤིན་ཏུ་འབྲེལ་ཆགས་སོ། །བདུད་རྩིའི་གདམ་ངག་གི་ཁོག་བདུད་རྩི་རྣམ་བཞིའི་སྟེང་ནས་འབུབ་ཚུལ་ནི། བདེ་འདུས་དང་བདུད་རྩིའི་མཆོག་ཏིག་སོགས་དང་འདི་དག་ཅུང་ཟད་མི་འདྲ་བར་སྣང་བས་སྨན་མཆོད་དང་དབང་ཚིག་རང་ལ་བརྟེན་ན། རྫས་བདུད་རྩི་ནི། བདུད་རྩི་ནི་ལྔ་དང༌། དེའི་སྐྱོབ་དང་འཕྲད་དུ་གྱུར་པའི་རྩི་རྣམས་དང༌། དེ་རྣམས་སྦྱར་བའི་རིལ་བུ་སྟེ། མ་བསྒྲུབ་གོང་ནས་བདུད་རྩིའི་ཡོན་ཏན་གྱི་ཆ་ཅི་རིགས་ཡོད་པའོ། །ལྕགས་ཀྱུ་དང་སྒྲོན་མ་གཙོ་བོར་གྱུར་པའི་རྫས་དྲི་རོ་མདོག་གསུམ་གྱི་སྤྱང་ཀི་མ་ཞུགས་པར་སྦྱར་བའི་རིལ་བུ་སྟེ། སྒྲུབ་པའི་གཞིའོ། །རྟགས་བདུད་རྩི་ནི་རིགས་ལྔའི་སངས་རྒྱས་དང༌། མཁའ་འགྲོ་མ་སོགས་ཏེ། བསྒྲུབ་བྱའི་


TN02_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའོ། །དོན་བདུད་རྩི་ནི། ལྷ་དེ་དག་གི་དེ་ཉིད་ཡེ་ཤེས་ལྔ་སྟེ། དེས་རྫས་བདུད་རྩི་ལ་རྒྱས་འདེབས་པའི་ཆེད་དོ། །ཡང་ན་གང་གི་དོན་དུ་སྒྲུབ་པའི་དངོས་གྲུབ་ཀྱི་ཁྱད་པར་ཏེ། བདེ་བ་ཆེན་པོའི་ཡེ་ཤེས་སོ། །འོན་ཀྱང་དེ་གཉིས་གནད་འདྲའོ། །ཆོས་བདུད་རྩི་ནི། སྒྲུབ་གཞི་དེ་བསྒྲུབ་བྱ་དེའི་ངོ་བོར་སྒྲུབ་པར་བྱེད་པའི་ཐབས་ཏེ། རིལ་བུ་དེ་སྔགས་ཀྱིས་བསྒྲུབ་རྗེས་སུ་བདུད་རྩི་བཞིའི་གང་ཡིན་ཞེ་ན། ཆོས་བདུད་རྩི་ཡིན་ཏེ། རྒྱུ་མིང་འབྲས་བུ་ལ་བཏགས་ནས་ཆོས་སྨན་ཞེས་ཀྱང་རྗོད་དོ། བཟླས་བརྗོད་དང༌། ཏིང་ངེ་འཛིན་སོགས་སོ། །འདི་དག་དགོངས་པར་སོང་མ་སོང་དཔྱོད། དེ་ལྟར་བདུད་རྩིའི་ཆོ་ག་འདི་ནི་མཁའ་འགྲོ་དབང་སྡུད་ཀྱི་མན་ངག་ཏུ་ཡང་ཆེས་ཟབ་སྟེ། ཇི་ལྟར་རའི་ལྕེ་སྔགས་ཀྱིས་མ་བསྒྲུབ་པར་ཅི་ཙམ་བཅངས་ཀྱང་ལྷ་ཡུལ་གྱི་དཔལ་ལ་རོལ་བའི་མཐུ་མེད་ལ། དེ་སྔགས་ཀྱིས་བསྒྲུབས་ནས་གྲུབ་པའི་རལ་གྲིར་སོང་བ་ན་ནི་མཐུ་དེ་དམིགས་པ་བཞིན་དུ། ཐ་མལ་པའི་རྩ་ཁམས་རླུང་གསུམ་ནི་ཇི་ལྟར་དར་ཡང་རྡོ་རྗེ་ཕོ་ཉ་མོ་ཁྱད་པར་ཅན་རྣམས་དབང་དུ་བྱ་བའི་མཐུ་མེད་ལ། ནམ་རྩ་ཁམས་དེ་དག་ལ་དེ་བཞིན་གཤེགས་པའི་ཤིན་ཏུ་རྣམ་དག་གི་བདུད་རྩིའི་བྱིན་རླབས་བབས་ཤིང་བདེ་བའི་གཟི་བརྗིད་ཐོབ་པ་དེའི་ཚེ་ནི་གྲུབ་པའི་ཞིང་གི་ཕོ་ཉ་མོ་དངོས་གྲུབ་རིན་པོ་ཆེའི་གཏེར་ཡོན་ཏན་གྱི་ཕུང་པོ་རྣམས་པདྨའི་མཚོ་ལ་ངང་པའི་ཕང་ཕུང་ལྟར་ཐུགས་ཆགས་ཤིང་དབང་དུ་འདུས་ནས་བྱིན་གྱིས་རློབས་ཤིང་རིམ་གྱིས་


TN02_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་འཇུག་གི་བདེ་བའི་དགའ་སྟོན་ལ་སྦྱོར་བ་ཡིན་ནོ། །སངས་རྒྱས་ཀྱིས་རྗེས་སུ་འཛིན་པའི་ཚུལ་དཔག་ཏུ་མེད་པ་ཞིག་ཡོད་ན། ལང་ཚོ་མའི་སྐྱེ་གནས་ཀྱི་དགའ་བའི་སྒོ་ནས་རྗེས་སུ་འཛིན་པ་ཁོ་ན་ཆེད་ཆེར་བྱེད་པ་ཅི་ཞེ་ན། སྔར་ཡང་བཤད་མོད། དེ་བཞིན་གཤེགས་པ་ཐམས་ཅད་དང༌། གྲངས་མེད་པའི་རྡོ་རྗེ་འཛིན་པ་རྣམས་ཡུམ་གྱི་ཆོས་འབྱུང་གི་གནས་སུ་དངོས་གྲུབ་བརྙེས་པས་ན་འདི་ནི་བྱང་ཆུབ་སྙིང་པོའི་གྲོང་ཁྱེར་རོ། །འདི་ལྟར་རྣལ་འབྱོར་བླ་མེད་དུ་དབང་དང་མངོན་ཤེས་དང་གཟུངས་དང་ཏིང་ངེ་འཛིན་དང་བྱང་ཆུབ་ཀྱི་ཡན་ལག་དང་སོ་སོ་ཡང་དག་པར་རིག་པ་ནས་སྟོབས་དང་མི་འཇིགས་པའི་བར་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས་བྱུང་བའི་ཡོན་ཏན་ཐམས་ཅད་ལྷན་སྐྱེས་ཀྱི་ཡེ་ཤེས་གཅིག་པུ་དེ་ལས་འཐོབ་དགོས་ཤིང༌། ལམ་གཞན་གྱིས་མི་རྙེད་པའི་མཚན་དཔེ་མཐར་ཐུག་སོགས་ཀྱང་བདེ་ཆེན་དེ་ཉིད་ལས་འཐོབ་པས། དེ་བཞིན་གཤེགས་པའི་དངོས་གྲུབ་མ་ལུས་པའི་གསང་མཛོད་ཕུལ་དུ་ཕྱིན་པ་ནི་ཆུ་སྐྱེས་ཀྱི་ཁང་བཟང་ངོ༌། །མཁའ་འགྲོ་རྒྱ་མཚོའི་བཅུ་བཞི་པར། །རྣལ་འབྱོར་མ་རྣམས་དང་མཇལ་བ། །བསོད་ནམས་དབང་གིས་བརྒྱ་ལམ་འཐོབ། །དེ་རྣམས་དང་བྱས་དགའ་ཆེན་པོ། །མྱངས་པས་འཆི་བ་སླུ་བ་ཡིན། །དེ་ཕྱིར་རྣལ་འབྱོར་མ་རྣམས་ཀྱི། །མཆོད་པ་རྣལ་འབྱོར་པ་ཡིས་བྱ། །རྡོ་རྗེ་འཆང་ཆེན་གོ་འཕང་ནི། །དེ་རྣམས་མཉེས་པས་འཐོབ་པར་འགྱུར། །ཞེས་ཕྱག་རྒྱས་འཆི་བ་སླུ་བ་སོགས་གསུངས་སོ། །མདོ་སྡེ་དང་འདུལ་མངོན་དང་རྒྱུད་སྡེ་དང་རིག་སྔགས་ལ་སོགས་པ་ལུང་


TN02_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆོས་ཐམས་ཅད་ཀྱང་མཐར་གཏུགས་ན་མི་ཤིགས་ནཱ་དའི་རོལ་མོ་བདེ་སྟོང་དེའི་ངོ་བོར་སྒྲིབ་བྲལ་དུ་དག་པ་ལས་བྱུང་བ་ཁོ་ན་ཡིན་པས་སྡེ་སྣོད་དང་རྒྱུད་སྡེའི་འབྱུང་གནས་ཕུ་ཐུག་པའང་ཆུ་སྐྱེས་ཀྱི་གན་དྷོ་ལ་དེ་ཉིད་དོ། །དེས་ན་རྡོ་རྗེ་བཙུན་མོས་ཆོས་འབྱུང་གི་གཞལ་མེད་ཁང་དུ་རྩེ་དགའི་བདེ་བ་བྱིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཛོད་གཏད་པ་དང༌། དཀོན་མཆོག་གསུམ་གྱི་རྒྱལ་སྲིད་གཏད་པ་དངོས་རང་ཡིན་ནོ། །ཐུན་མཚམས་ཀྱི་རྣལ་འབྱོར་ཐད། འདིའི་ཟིན་ཐོ་ཞལ་དཔོད་དུ། ཤོམ་གྱི་ཚེ། མཆོད་པ་གཡོན་སྐོར་བྱེད་པར་གསུངས་པ་ནི་གཡོན་པ་གཙོ་བོར་བྱེད་པ་མ་རྒྱུད་ཀྱི་ལུགས་ཡིན་པ་ལ་དགོངས་པ་འདྲ་བས། གཡོན་པའི་ཀུན་སྤྱོད་གཞན་ཡང་མཚོན་ཏེ། དེ་ལ་ནི་བདེ་མཆོག་རྩ་རྒྱུད་དུ། བུད་མེད་ལ་གཡོན་པ་ཞེས་ཡང་ཡང་འབྱུང་བ་ལྟར་རིགས་ལྡན་མ་ལ་བརྟེན་ནས་ལམ་བགྲོད་པའི་རྟེན་འབྲེལ་ཆེ་ཞིང༌། གནད་རྒྱས་པར་རྒྱུད་འགྲེལ་ལྟར་རོ། །དེས་ན་ཨིནྡྲ་བྷུ་ཏིས་ཞལ་གཉིས་མའི་སྒྲུབ་ཐབས་སུ། ཁམས་གསུམ་བརྟན་དང་གཡོ་བ་ཡི། །འགྲོ་བ་ཐམས་ཅད་གཡོན་ནས་འབྱུང༌། །རྣལ་འབྱོར་རྟག་ཏུ་གཡོན་པས་སྤྱོད། །རྐང་པ་གཡོན་པ་སྔོན་དུ་དོར། །མཆོད་པ་ལག་པ་གཡོན་གྱིས་ཏེ། །གཡོན་གྱིས་བསྟབས་ཤིང་བཟའ་བར་བྱ། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་བརྟགས་པར་བྱ། །བཟའ་དང་བཟའ་མིན་དེ་བཞིན་བཏུང༌། །གཙང་སྨེ་ངོ་ཚ་


TN02_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྤངས། །ཀུན་རྟོག་ཀུན་ལས་ངེས་གྲོལ་བས། །གཉིས་པ་ཐམས་ཅད་རྣམ་པར་སྤང༌། །རྣལ་འབྱོར་དྲ་བའི་སྡོམ་པ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །ཅེས་སོགས་གསུངས་པ་གལ་ཆེ། །ཚེས་བཅུའི་མཆོད་པ་ལ་འབད་པར་གཞུང་ལས་གསུངས་པའི་རྒྱས་བཤད་ཚེས་བཅུའི་རྟོག་པ་ལྟར། མེ་མཆོད་བྱེད་ན། ཡར་ངོའི་ཚེས་བཅུར་ཚོགས་མཆོད། མར་ངོའི་ཚེས་བཅུར་མེ་མཆོད་བྱ་བར་ཚེས་བཅུའི་རྟོག་པ་ལས་གསུངས། དངོས་གྲུབ་ཀྱི་ཡེ་ཤེས་འབྱུང་བར་ངེས། ཐུན་གྱི་ཐོག་མ་རྣམས་སུ་བྱིན་གྱི་བརླབས་པའི་མ་དཱ་ན་བདུད་རྩི་རིལ་བུ་དང་སྦྱར་བས་ཁ་དག་པར་བྱ་སྟེ། ཉམས་ཆག་སྐོང་ཞིང་གྲིབ་རིགས་སེལ་བ་དང༌། བགེགས་སྲུང་བ་དང༌། ངག་ནུས་ལྡན་དུ་བྱིན་གྱིས་རློབ་པ་སོགས་ཕན་ཡོན་ཤིན་ཏུ་ཆེའོ། མཁའ་འགྲོ་མའི་དམ་ཚིག་གི་རྫས་མཆོག་ཡིན་པས་རྣལ་འབྱོར་མ་རྣམས་དགྱེས་ཤིང་འདུ་བ། །སྒྲོལ་མའི་ཟབ་ཏིག་གི་རྡོ་རྗེ་ཕག་མོའི་བདུད་རྩི་རིལ་བུའི་ཆོ་གར། འོད་དང་སྒྲ་དང་དྲི་བཟང་དང་ཿ འཕེལ་དང་གཡོ་ན་གྲུབ་པའི་རྟགསཿ མཐོང་བས་ལུས་སེམས་སྡུག་བསྔལ་ཞིཿ འཆང་ན་སྲུང་བ་ཀུན་གྱི་མཆོགཿ མྱང་བས་ནད་གདོན་སྡིག་སྒྲིབ་འདགཿ ཡུན་དུ་བསྟེན་ན་འཆི་མེད་ཅིང་ཿ བདེ་ཆེན་རབ་འབར་མཁའ་སྤྱོད་འགྲུབཿ ཅེས་སོ། །འདི་ཡང་རྗེ་ཉིད་ཀྱི་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་སྐྲུན་པ་དགེ་ལེགས་


TN02_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། ༈ །འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།


previousརྡོ་རྗེ་ཕག་མོའི་ཟིན་ཐོ་དོན་འགྲུབ་མ།next