Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀའི་དམིགས་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀའི་དམིགས་སྐོར།next

ཡུམ་ཀའི་དམིགས་སྐོར།


TN02_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་མ་རིག་འཛིན་ཡབ་ཀ་ཡུམ་ཀ་གང་དང་སྦྲེལ་ཡང་འབྲེལ་ཚོད་འདྲ་བར་གཏེར་བུམ་ལྷན་ཐབས་སུ་མཁའ་འགྲོའི་རྒྱལ་མོ་སྤུན་ལྔ་ཡིས་སོགས་དང་གྲུབ་རྗེས་ཆར་ཆོག་ནའང་ཡེ་ཤེས་ལྷ་འདི་དང་མ་དག་པ་ལས་ཀྱི་ལྷ་ཚེ་རིང་མར་མཛད་པ་སོགས་ཀྱིས་ཤེས། བདེ་སྙིང་གཏེར་བུམ་དུ་ལས་མཐའ་མེ་མཆོད་ལ་གཏོད་གསུངས་པ་རྣོ་འདོན་ཡིན་གྱི་མེད་མི་རུང་གིས་མ་ཁྱབ་པ་མཎྜལ་བཞི་ཆོག་གི་ལས་སྒྲུབ་བཞིན། ཕྱི་མ་འདིས་ཡེ་སེམས་མདུན་མཁར་བསྒོམ་པའི་ལས་སྒྲུབ་ཀྱང་ཐོན། རྩ་སྔགས་མཐའ་བསྐྱེད་དེ་གནས་གསུམ་མཁའ་འགྲོའི་འབོད་སྔགས་སུ་བྱ་ལུགས་བསུན་ཟློག་ལྟར། དེར་ཕྱི་ནང་གི་གནས་ཡུལ་གདོད་ནས་འདྲེས་ཚུལ་ལ་ངེས་པ་བརྟན་པར་བྱས་ནས་ཚོགས་འཁོར་བསྐོར་བས་གནས་གསུམ་གྱི་་ཚིམ་པ་ཉིད་ཀྱིས་ནང་གི་རྩ་ཁམས་ཚིམ་ནས་རྒས་རྒུད་ན་འཆི་ལས་སྐྱོབ་པའི་ཟབ་གནད་ཡོད་གསུངས་ཏེ་འདིས་ཚོགས་མཆོད་ན་སྤྱི་བོ་ཛ་ལནྡ་ར་སོགས་གསུངས་པའང་ཕྱི་རོལ་ལྟར་སྣང་བའི་འཛམ་གླིང་གི་ཡུལ་ཆེན་ཐམས་ཅད་ནང་རྩ་རླུང་ཐིག་ལེ་གསུམ་ལས་གཞན་དུ་མ་གྱུར་པར་བལྟས་ནས་མཆོད་པས་ཕྱི་རོལ་གྱི་དཔའ་བོ་མཁའ་འགྲོ་མཉེས་པ་དང་ནང་རྩ་ཁམས་བྱིན་གྱིས་རློབ་པ་ཆིག་ཆོད་དུ་འོང་བའི་གནད་ཡིན་པར་གོ་དགོས། གོང་སྨོས་འབོད་སྔགས་དེ་བསྡུ་དུས་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཐམས་ཅད་ཛྙཱ་ན་ཝ་ར་ཧིར་འདུ་ཞིང་ལུས་དཀྱིལ་ཕྲ་རགས་གཉིས་ལས་ཕྲ་བ་


TN02_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཁམས་ཀྱི་ལུས་དཀྱིལ་ཡོངས་རྫོགས་ཁྲོས་ནག་གི་ལྷ་སྔགས་འདི་ཀ་བསྙེན་པས་འགྲུབ་ལུགས་གལ་ཆེ་སྟེ་མཁའ་འགྲོ་མ་སྟོང་ཕྲག་དོན་གཉིས་ཀྱི་བརྟན་གཡོ་ཐམས་ཅད་ཕག་མོའི་ཆ་ཤས་དང་ཕག་མོ་ཁོ་ན་དེ་ཐམས་ཅད་ཀྱི་བདག་མོར་བདེ་མཆོག་ལས་སོ། །སྨོས་ཟིན་ཚོགས་འཁོར་གྱིས་ན་རྒུད་སོགས་གསོ་ཚུལ་དེ་ཛབ་དགོངས་ཀྱི་བདུད་རྩི་བཅུད་འབེབས་ལའང་སྦྱོར་ཏེ་བསྙེན་ཡིག་ལས་ཚོགས་འཁོར་སྟོང་ལས་དགའ་ཞེས་སོ། །ཕྱི་མཚོ་རྒྱལ་ནང་སྒྲོལ་མ་གསང་བ་ཁྲོས་ནག་བྱས་པ་འདི་ལས་གཞན་ཡང་ཡོད་ཀྱང་རད་གླིང་གཏེར་ཁར་སོ་སོར་དང༌། ལྔ་པའི་ལུགས་སྒྲུབ་དུས་ཀུན་འདུས་ནོར་བུ་ལུགས་དང་དབང་དུས་གནས་སྒྱུར། འདིར་སྦྲག་སྒྲུབ། དེའང་བསྙེན་དུས་ཕག་མོ་དང་སྦྲགས། ལས་ཚོགས་དུས་སྒྲོལ་མ་དང༌། དབང་དུས་གསུམ་ཀ་སྦྲགས་ཏེ། དེའི་རྒྱུ་མཚན་བདེ་སྙིང་ལས་བསྙེན་པ་དབྱིངས་ཀྱི་ཡུམ་ལ་བྱ་སོགས་དང༌། དབང་མཆོག་ཏུ་ཆོ་ག་གཅིག་གིས་བྱིན་རླབས་དང་སོགས། འོག་མིན་གྱི་ཀུན་ཏུ་བཟང་མོ་དང་མཁའ་སྤྱོད་ཀྱི་རྡོ་རྗེ་ཕག་མོ་པདྨ་རིགས་ཀྱི་ཞིང་མཆོག་བོད་ཡུལ་འདིར་ཉང་གི་ཁྲོས་ནག་དང་དམར་ཆེན་དང་མཁའ་འགྲོ་སྙིང་ཐིག་མཁའ་འགྲོ་གསང་འདུས་སོགས་ལྟར་རྟ་ཕག་པདྨའི་རིགས་ཀྱི་བཀའ་བབས་ཀྱི་རྣམ་པར་དངོས་སུ་བྱོན་ནས་གསང་བ་བླ་མེད་ཀྱི་ཆོས་ཀྱི་ཕྲིན་ལས་རྒྱུན་མི་འཆད་པར་དངོས་དང་བརྒྱུད་ནས་མཛད་པ་མཚོ་རྒྱལ་གྱི་མཚན་དང་སྐུར་སྒྲུབ་ལུགས་ཡིན་པར་ཆོས་སྐུའི་


TN02_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ན་ཀུན་བཟང་མོ་སོགས་ཀྱིས་བསྟན་ཅིང༌། བུ་མོ་ང་ནི་གནས་ཡུལ་ཉེར་བཞིའི་བདག །ཅེས་གནས་ཡུལ་གྱི་སྣོད་བཅུད་ཐམས་ཅད་དེ་ཉིད་ཀྱི་ཆ་ཤས་སུ་བྱས་ནས་སྒྲུབ་ལུགས་ཡིན་པར་བསྙེན་པའི་ཡང་ཡིག་དང་ཚོགས་མཆོད་དུ་འབྱུང་བས་པདྨོ་ཡོ་གི་ནི་ཞེས་པའི་རང་ལྡོག་ནས་ཀྱང་མཁའ་འགྲོ་མ་ཐམས་ཅད་ཀྱི་སྤྱི་དྲིལ་སྔགས་སུ་འགྱུར་ཚུལ་ཤེས་དགོས། སྐུའི་བཀོད་པ་འདི་སྔོན་བྱུང་གི་ད་ལྟ་མེད་དོ་ཞེས་མི་བསམ་སྟེ་རྔ་ཡབ་གླིང་ན་དངོས་སུ་བཞུགས་ཚུལ་དང་རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་འོང་ཞེས་དང་ལྔ་པའི་རྒྱ་ཅན་ནའང་དེ་འདྲ་ཡང་ཡང་འབྱུང་བ་སོགས་དྲན་དགོས། རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་སོགས་ནི་རིགས་བདག་ལས་དབང་བཞི་བླང་རྗེས་མཐར་ཐུག་རིག་པའི་རྩལ་དབང་དུ་གྲགས་པ་འོད་གསལ་བསམ་མི་ཁྱབ་ཀྱི་དབྱིངས་སུ་བླ་མ་མཁའ་འགྲོའི་དགོངས་ཀློང་སྲེ་བ་དགོངས་བརྒྱུད་ཀྱི་རྟོགས་པ་འཕོ་བའི་ཟབ་གནད་དེ་མོས་སློབ་ཙམ་ལའང་བྱིན་རླབས་འཇུག་ཅིང་དེའི་རྒྱུན་བརྟན་བྱེད་ཀྱི་ཁྱད་ཆེ། དེ་ལྟར་ན་གཞུང་གི་གོ་རིམ་ཡང་འགྲེལ་པར། ཛྙཱ་ན་ཝ་ར་ཧི་ཧཱུྃ། རྒྱལ་ཐབས་སྤྱི་བླུགས་སོགས་ཁ་སྒྱུར་གཞན་དུ་ཤེས་པར་དང་དེ་ནས་གདོད་ལུས་དཀྱིལ་སྔགས་འབྱུང་བ་ཤིན་ཏུ་ལེགས། གྲུབ་པ་བརྒྱད་དངོས་སུ་འགྲུབ་པར་གསུངས་ཀྱང༌། སྒྲུབ་ལུགས་ཟུར་པ་མ་གསུངས་པ་ནི་མཁའ་འགྲོ་ལས་རུང་ཆེས་ཀློང་དུ་གྱུར་པ་ན་དེ་དག་གིས་རྫས་ཀྱི་དངོས་གྲུབ་


TN02_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་སྟེར་བའི་གཞན་སྟོབས་ཀྱིས་ཡོན་ཏན་བརྒྱད་འཐོབ་པའང་ཡོད་མོད་དེ་གཙོ་བོ་ནི་དེ་དག་དང་སྙོམས་འཇུག་བྱས་པ་ཉིད་ཀྱིས་མཁའ་སྤྱོད་དང་འཆི་མེད་སོགས་སྦྱིན་པ་སྟེ་སྒྱུ་འཕྲུལ་ལས་མཁའ་འགྲོ་གསལ་འབར་ཚེ་ལ་སོགས་ཞེས་པ་ལྟ་བུར་སྣང༌། ༈ །ཚེ་དང་ལང་ཚོ་ངག་ནུས་སྟོབས་དང་བདེ་བ་གཟུངས་དྲན་ཤེས་རབ་སོགས་སྒོ་གསུམ་གྱི་ཡོན་ཏན་ཐམས་ཅད་དྭངས་མ་ཟུངས་སུ་སྨིན་པ་ལས་བྱུང་བ་དང༌། ཕྱི་རོལ་གྱི་བཅུད་ཀྱིས་ནང་གི་དྭངས་མའི་ཡོན་ཏན་གྱི་ནུས་པ་གསོ་བ་དང༌། བཅུད་ཀྱི་མཐར་ཐུག་ཤིན་ཏུ་རྣམ་དག་གི་བདེ་བའི་བདུད་རྩི་ཁོ་ན་ཡིན་པ་དང༌། དེ་དབང་བྱེད་ཀྱི་ལྕགས་ཀྱུ་མཐར་ཐུག་ལྷ་མོ་རྣམས་ཁོ་ནར་ངེས་པ་དང༌། ཡང་བླ་མ་ཧེ་རུ་ཀ་དཔྱིད་ཀྱི་རང་བཞིན་དང༌། རྣལ་འབྱོར་མ་ཐིག་ལེ་ཡིན་པའི་གནད་སོགས་དང་བྱིན་འབེབས་དང་དངོས་གྲུབ་ལེན་ཆོག་ཀུན་ཏུ་བདེ་འོད་ཀྱི་བདུད་རྩི་འབེབས་པ་ཁོ་ན་བསྔགས་པ་སོགས་ཀྱིས་རང་དོན་བདུད་རྩི་སྒྲུབ་པ་དང་ཡེ་ཤེས་འབེབས་དམིགས་ལ་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་སོགས་ལས་ཟབ་པ་མེད་དོ། །འདི་ཉིད་མཁའ་སྤྱོད་སྒྲུབ་བྱེད་དུ་འགྲོ་ལུགས་ཞིག་ཟུར་བྲིས་དོན་གྲུབ་མར་ཡོད་པ་ལྟོས། ༈ །ཨ་ཞེས་དབྱིངས་རིག་བསྲེས་ཐོག །སྣང་བ་ཐམས་ཅད་ཅེས་ཕྱི་སྣོད། སྲིད་པ་ཐམས་ཅད་ཅེས་ནང་བཅུད་དེ་དག་པ་རབ་འབྱམས་སྤྱིར་གསལ་བཏབ། དེའི་རྣམ་པ་ཇི་ལྟ་བུ་སྙམ་ན་རྒྱུ་རྐྱེན་ལས་འདས་མན་ཆད་ཀྱིས་བྱེ་བྲག་ཏུ་བདེ་ཆེན་མཚོ་རྒྱལ་


TN02_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞིང་སྐུར་སྤུ་རིས་འབྱེད་པ། དེའང་རྒྱུ་རྐྱེན་ཞེས་པ་རྒྱུ་བྷྲཱུཾ་ཡིག་སོགས་ས་བོན་དང༌། རྐྱེན་བི་ཤ་བི་ཤུདྡྷེ་སོགས་བསྐྱེད་སྔགས་ཀྱིས་བསྐྱེད་པ་ལས་འདས་པ་སྟེ་དྲན་པས་རྫོགས་པ་ལ་རྭ་ཊིཀ་ཏུ་བཤད། ༈ །གོང་གི་ཆོས་སྐུའི་ཀློང་ན་ཀུན་བཟང་མོ་སོགས་བཤད་པ་དེས་མཁའ་འགྲོ་མའི་ནང་ན་རྡོ་རྗེ་ཕག་མོ་བྱིན་རླབས་ཆེ་མྱུར་དུ་བདེ་མཆོག་ལས་གསུངས་པ་ལྟར་ལས་ཕག་མོའི་སྒྲུབ་ལུགས་གཞན་ལས་ཀྱང་བོད་འདིར་བོད་མོ་རང་དུ་མཛད་པ་མཚོ་རྒྱལ་ཉིད་སྒྲུབ་ཐག་ཉེ་བར་རྟོགས་ནུས། ༈ །ཕྱི་གནས་ཆེན་ཉེར་བཞི་དང་ནང་རྩ་ཐིག་ཉེར་བཞི་གདོད་ནས་གཉིས་མེད་དུ་བཞུགས་ལུགས་ལ་ངེས་པ་བརྟན་པས་རྩ་ཁམས་བླ་མ་ཧེ་རུ་ཀའི་བདེ་བཅུད་ཀྱིས་ཚིམ་པའི་ང་རྒྱལ་བརྟན་ན་དེ་ཀ་རང་གིས་ཕྱི་རོལ་གྱི་ཡུལ་ཆེན་ན་བཞུགས་པའི་དཔའ་བོ་ཌཱ་ཀི་རྣམས་ཚིམ་ཞིང་མཉེས་ནས་བྱིན་གྱིས་རློབས་ཤིང་དངོས་གྲུབ་སྟེར་ཞེས་པ་གོང་སྨོས་ཀྱི་དོན་ཐང་བཅད་པའོ། ༈ །རྡོ་རྗེ་ཕག་མོ་ཉེན་གནས་ཡུལ་གྱི་མཁའ་འགྲོ་མ་ཐམས་ཅད་ཀྱིས་བྱིན་རློབ་པའི་རྒྱུ་མཚན་ལ། སྤྲུལ་པ་སྤྲུལ་གཞི་ལ་འདུ་བས་དང༌། གཙོ་མོ་གར་བཞུགས་སུ་སྤྲུལ་འཁོར་ངང་གིས་འདུ་བའི་གནད་གཉིས། ཡང་ཀུན་ཏུ་བཟང་མོ་རགས་པ་ཕུང་ཁམས་ཀྱི་ལུས་དཀྱིལ་འདུས་མདོའི་དམ་པ་རིགས་བརྒྱའི་འཆར་གཞི། ཕག་མོ་ཕྲ་བ་རྩ་ཁམས་ཀྱི་ལུས་དཀྱིལ་བདེ་མཆོག་གི་རྣལ་འབྱོར་རམ་འཆར་གཞི། མཚོ་རྒྱལ་


TN02_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དཀྱིལ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་རྩ་བའོ། །གསུམ་པའི་འཁོར་འདིར་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མ་མོ་ཐམས་ཅད་སྒོམ་རྒྱུ་ཡིན་པར་ཚངས་མ་ཆེན་མོ་འབུམ་ཕྲག་སོགས་བསྙེན་པའི་ཡང་ཡིག་གིས་ཤེས། དེས་ན་དབང་མོ་དང་བརྟན་མ་སོགས་ཡོད་པའང་དེས་ཤེས། གཏེར་བུམ་ལྷན་ཐབས་ལྟར་བདེ་རྒྱལ་མཁན་པོས་མ་མོའི་གསོལ་ཁ་གཏོང་བ་འབྲེལ་ཚུལ་ཡང་དེས་ཤེས། ཉང་གཏེར་ཁྲོས་ནག་ཏུ་བཤད་ཚད་ཀྱི་མཁའ་འགྲོ་མ་མཐའ་དག་ཕྱི་དཀྱིལ་འདིར་འགོད་པའང་དབང་རྟེན་མེ་ལོང་དང་བསུན་བཟློག་གི་ཧ་རི་ནི་སའི་སྔགས་ཀྱིས་ཤེས། ལས་ཡེ་འཇིག་རྟེན་ཟེར་བ་སྙིང་མར་གྲགས་ཆེ། ཞིང་སྔགས་ལྷན་སྐྱེས་གསར་མར་གྲགས་ཆེ་སྟེ་ཆོས་སྐད་ཙམ་མོ། །ལས་སྣ་ཚོགས་རྩལ་འདོན་བྱེད་ན་འདུས་མདོའི་མ་མོ་དང༌། བདེ་ཆེན་མྱུར་ལམ་གཙོར་འདོན་ཁྲོས་ནག་དང་བདེ་མཆོག་གི་རྣལ་འབྱོར་མ་རྣམས་རྩལ་འདོན་བྱའམ་སྟེ་དྲན་ཚད་བྲིས་པར་ཟད་ཀྱི་ཡིད་རྟོན་མེད། རྣལ་འབྱོར་མ་གང་འདྲ་ཞིག་བསྟེན་འདོད་པ་དེ་དམིགས་ཕུག་སྟེ་ཕྱི་དཀྱིལ་དུ་འབུར་དོད་སྒོམ་ལ་དམིགས་པ་གཏོད། ཡིད་རྟོན་མེད་ཅེས་སྨོས་མ་ཐག་པའང༌། རྩ་བ་གསུམ་འདྲེན་དུས་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་ཞེས་བླ་མ་ཡི་དམ་གྱིས་བྱིན་རླབས་དངོས་གྲུབ་སྩོལ། མཁའ་འགྲོས་བར་ཆད་སེལ་བར་བཤད་པ་དང༌། ཁྲོས་ནག་ཏུ་རྩ་གསུམ་འདྲེན་དུས་ལེགས་པར་བྱིན་


TN02_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རློབ་མཁའ་འགྲོ་མ་ཞེས་འབྱུང་བ་དང་ཡང་ཅུང་ཟད་འགྲིགས་འགྲིགས་ལྟར་ནི་སྣང་ངོ༌། །མཆོག་གྲུབ་ཀྱི་ལྷ་མང་བ་དང༌། ལས་སྒྲུབ་ཀྱི་ལྷ་མང་བའི་ཁྱད་པར་ཡང་དྲན་དགོས། ༈ །ངག་ལ་མཐུ་སྐྱེད་པ་ལའང་འདི་ཟབ་སྟེ། སྒོས་ཆོས་འབར་བ་གསུམ་དུ་ངག་ལ་ནུས་པ་འབར། །ཞེས་སོ། ༈ །འདིའི་ལུས་དཀྱིལ་ལྷ་ནི་ཞི་ཁྲོ་ངན་སོང་སྦྱོང་བའི་ལྷ་སྔགས་བཅུད་བསྡུས་ཡིན་ཏེ། ཀུན་མཁྱེན་ཉིད་ཀྱི་ཕྱག་ཐོར་ཡུམ་ཀ་འདི་ངན་སོང་སྦྱོང་བ་དང་སྦྲག་ཚུལ་རྒྱུ་མཚན་བཅས་གསུངས་པ་དང༌། འདིར་ལུས་དཀྱིལ་ཨ་ནུའི་མདོ་ལུང་ཞེས་གསུང་ལ། སྙིང་པོ་དོན་གསལ་དུ། དག་པའི་སྣོད་བཅུད་ཀྱང་འཕོ་མེད་སོགས་ནས་རིགས་བརྒྱ་དང་རིག་འཛིན་གྱི་བསྐྱེད་རྫོགས་ཞེས་པ་སྒྲིགས་དང་གོ །དེ་ལྟར་བྱས་ནས་འདིའི་ལུས་དཀྱིལ་དང་ཀུན་ཏུ་བཟང་མོའི་སྒོས་མཛད་ཀྱི་དངོས་གྲུབ་ཀྱང་རྟོག་སྒྲིབ་ཉམས་ཆག་སྦྱོང༌། དམ་ཚིག་གསོ་ཞིང་སྐོང༌། ངན་སོང་དང་སྙིགས་མའི་དུས་ཀྱི་སྡུག་བསྔལ་གཏིང་སྤྲུགས་པ་སོགས་དང༌། ཉམས་རྟོགས་ཁྱད་པར་ཅན་སྐྱེ་ཞིང་བརྟན་པའོ། །དེ་བཞིན་དུ་ཕག་མོའི་དངོས་གྲུབ་ཡུལ་རྣལ་འབྱོར་མ་རྣམས་ཀྱིས་རྩ་ཁམས་བྱིན་གྱིས་རློབས་ཤིང༌། དེ་དག་གི་རིགས་ཀྱི་སྔགས་སྐྱེས་དང་མཇལ་ནས་དངོས་གྲུབ་ཀྱི་དགའ་སྟོན་སྩོལ་བ་དང༌། རྡོ་རྗེའི་ཡུལ་ཆེན་བརྟུལ་ཞུགས་ཀྱི་བགྲོད་པའི་ནུས་པ་རྙེད་པ་དང༌། མཚོ་རྒྱལ་གྱི་


TN02_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་མཛད་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་ལས་སོགས་སྔོན་འགྲོའི་ཁྲིད་ཡིག་ནང་བཞུགས་པ་ལྟར། འདི་གང་གི་རྒྱུད་ལ་ཞུགས་པ་དེ་ལ་ཆེད་དུ་སྤྱན་མ་དྲང་ཡང་གུ་རུ་རིན་པོ་ཆེ་རིག་འཛིན་དཔའ་བོའི་ཚོགས་བཅས་པདྨའི་མཚོ་ལ་ངང་པའི་ཕང་ཕུང་ལྟར་ངང་གིས་སམ་རང་བཞིན་ཤུགས་ཀྱིས་འདུས་ནས་བདེ་བ་ཆེན་པོའི་མྱུར་ལམ་དང་དེ་ལས་བྱུང་བའི་མཆོག་ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་དཀའ་བ་མང་པོ་བདེ་བླག་ཏུ་སྩོལ་བ་དང༌། གཏེར་ཆོས་ཀྱི་དངོས་གྲུབ་ཐམས་ཅད་རྣོ་ལ་ངར་བཏགས་བཞིན་དུ་སྦར་ནས་མྱུར་ལ་ཚན་ཆེར་བྱེད་པ་དང༌། ཚེ་འདིའམ་བར་དོར་པདྨ་འོད་དུ་རིག་འཛིན་གྱི་གྲལ་དུ་དབུགས་འབྱིན་པ་སོགས་ཏེ། བླ་མ་གསང་འདུས་སུ། ཨོ་རྒྱན་ལོངས་སྐུར་སུས་བསྒྲུབ་པ་སོགས་སྐུ་གསུམ་གྱི་དངོས་གྲུབ་སོ་སོར་བཤད་པའི་འགྲེས་སྦྱར་ཞིང༌། མཁའ་འགྲོ་ང་བསྒྲུབ་སྐུ་གསུམ་དངོས་གྲུབ་ཐོབ་ཅེས་པ་ལ་གཞི་བླང་བའོ། །ཡང་ན་རྐང་པ་དེའི་དོན། རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོའི་དོན་མཐར་ཐུག་རང་བཞིན་གྱི་ལྷན་སྐྱེས་འོད་གསལ་བསམ་མི་ཁྱབ་ཀྱི་རྟོགས་པའི་དངོས་གྲུབ་གཅིག་པོ་དེ་ཉིད། འདིའི་སྐུ་གསུམ་གའི་དངོས་གྲུབ་ཡིན་ཏེ། དེ་འདྲའི་དངོས་གྲུབ་དེ་ཀུན་ཏུ་བཟང་མོ་དང་ཕག་མོས་ཚན་ཆེར་འབེབས། མཚོ་རྒྱལ་གྱིས་ཆུའི་འཁྲུལ་འཁོར་གྱིས་ཆུ་འདྲེན་པ་ལྟར་དངོས་གྲུབ་དེ་ཚེགས་མེད་དུ་མྱུར་པོར་འདྲེན་པས་སོ། །དེ་ཐམས་ཅད་སྤྱི་སྐད་ལྟར་མ་


TN02_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པར་སྤྲུལ་གཞི་ལ་ཆོས་སྐུ། དེས་སྤྲུལ་པ་དང༌། དེས་སྤྲུལ་པ་ལོངས་སྤྲུལ་དུ་བྱས་ནས་ཆོས་སྐུའི་ཀློང་ན་སོགས་ལས་བྱང་གི་ཚིག་ལ་བསྟུན་པའོ། །ཡང་ན་སྐུ་གསུམ་ཉིད་དངོས་གྲུབ་བོ། །ཡང་ན་མཆོག་ལ་དགོངས་པ་གཡོ་འགུལ་མེད་ཅེས་པ་ཆོས་སྐུའི་དང༌། ཇི་སྙེད་མཁྱེན་པའི་སོགས་ཆོས་ཀྱི་དངོས་གྲུབ་སྐོར་ལོངས་སྐུའི་དང༌། གྲུབ་པ་བརྒྱད་སོགས་སྣ་ཚོགས་རྫུ་འཕྲུལ་སྐོར་སྤྲུལ་སྐུའི་དངོས་གྲུབ་ཅེས་འཆད་དམ་སྟེ། འདི་ཨ་མཚར་དཔྱད་ཐོ་ཙམ་ལས་ངེས་འདྲོད་མི་འདུག་པས་སྔ་མ་ཅུང་དྲག་གམ་སྙམ། ༈ །གོང་སྨོས་ལྟར་འདི་དང་རིག་འཛིན་ཡབ་ཀ་ཨ་ནུ་ཡོ་གར་སྡེ་ཚན་གཅིག་རེད་ལ། དེའི་ཕྱིར་འདིའི་ལམ་གྱི་འགྲོས་ཀྱང་རིག་འཛིན་གབ་བྱང་ལྟར་དགོས་སམ་སྙམ་པས་རྫོགས་རིམ་གྱི་མགོ་སྙན་རྒྱུད་ཤོག་དྲིལ་ཡིད་ནོར་ལྟར། དེ་རྗེས་གཟོད་རྫོགས་ཆེན་ལ་འཇུག་པར་མངོན། འདི་དང་ཞི་ཁྲོ་ཨ་ནུ་ཡིན་ཞེས་པའང་ལྷ་སྔགས་བྱིངས་ལ་བསམ་དགོས་ཀྱི་རྣམ་པ་ཀུན་ནས་ངེས་པ་མིན་ཏེ། བཞི་པ་བསྐྱེད་རིམ་ཨ་ཏིར་སྒོམ་ཞེས་དང༌། དེ་ལས་རྣམ་པར་འདས་པ་མན་ངག་སྡེའི། །སོགས་ལྟར། ༈ །བདེ་རྒྱལ་འདི་རྡོ་རྗེ་ཕག་མོ་ཡིན་ན་མཚན་དང་རྣམ་འགྱུར་ཐ་དད་དུ་འདོད་པ་དང་འགལ། མཚོ་རྒྱལ་ཡིན་ན་བོད་མོའི་ཆས་བྱེད་རིགས་པ་ལ། མི་མོའི་རྣམ་ཅན་སྤངས་ནས་ལྷའི་རྣམ་པར་སྣང་བ་ཅི་ཞེ་ན། ཨོ་རྒྱན་རྒྱལ་པོའི་སྲས་པདྨ་


TN02_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ར་གུར་དྲག་གི་སྐུར་བཞེངས་པ་ཇི་ལྟ་བ་བཞིན་རེད། དགོངས་འདུས་པདྨ་བཛྲ་ཡུམ་མནྡྷར་བ་དམར་མོ་ཡང་དེ་འདྲ། དེའང་མིའི་རྣམ་ཅན་ལས་ལྷའི་རྣམ་ཅན་དེ་སྤྲུལ་པ་མིན་གྱི། མིའི་རྣམ་ཅན་དེ་ཉིད་དེར་བསྒྱུར་བ་རེད་པས་ཡང་སྤྲུལ་སུམ་སྤྲུལ་སོགས་དང་ཡེ་མི་འདྲ་སྟེ། སྤྲུལ་བསྒྱུར་གཉིས་ཁྱད་ཆེ་བས་སོ། །དེའང་མཐུན་སྣང་ལ་བོད་དུ་བཞུགས་དུས་ཐ་མལ་བོད་མོའི་ཆས་སུ་ཡོད་ལ། ཟངས་མདོག་དཔལ་རིར་ཕེབས་ནས་དག་པའི་ལྷའི་རྣམ་པར་བཞུགས་ཏེ་དེ་ཡང་དུས་འཁོར་ལས། དམ་པ་རྣམས་ལ་ཞི་བར་ཡོངས་སྣང༌། ཞེས་སོགས་ལྟར། བདེ་ཆེན་མྱུར་ལམ་གྱི་དགའ་སྟོན་ལ་རོལ་པའི་རིག་འཛིན་ཌཀྐིའི་གཙོ་མོར་འདི་བཞིན་བཞུགས་ཤིང༌། སྲིན་ཡུལ་གྱི་གདུལ་བྱ་འདུལ་དཀའ་སོགས་ལ་མཐིང་འོད་འབར་མ་དྲག་མོའི་རྣམ་པ་སོགས། སྲིན་པོ་འདུལ་བའི་ཆོ་འཕྲུལ་ཅི་ཡང་སྟོན། །ཞེས་པ་ལྟར་སྟོན་ནོ། །ཐ་ན་རང་རེ་ལྟ་བུས་ཀྱང་ཚེ་འདིར་མཁའ་སྤྱོད་གྲུབ་ན། མཁའ་སྤྱོད་དུ་སླེབས་ནས་ཀྱང་ད་ལྟའི་རགས་ལུས་གདོས་བཅས་འདི་འདྲར་ཡོད་པ་མིན་གྱི། རིག་འཛིན་གྱི་ལུས་གཞོན་ནུ་ཕྲ་ཡང་སོགས་ཀྱི་ཡོན་ཏན་ལྡན་པར་འགྱུར་ངེས་པ་དང་ཚུལ་མཐུན་པར་གོ །ཕྱིས་སུ་སྐལ་ལྡན་འགས་བོད་མོའི་རྣམ་པར་མཇལ་བ་ནི། འདི་ཀུན་འདོད་པའི་གཟུགས་ཅན་ཏེ། ལྷར་འདོད་དགུར་བསྒྱུར་བའི་གཟུགས་ཅན་ཡིན་པས་སྔོན་གྱི་སྐུ་དང་ཆ་བྱད་ཇི་ལྟ་བ་


TN02_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་པར་འཕྲུལ་པ་ཙམ་མོ། །རཏྣའི་མཚོ་རྒྱལ་དབང་བཤད་དུའང༌། ལང་ཀའི་ཡུལ་དུ་མཐིང་འོད་འབར་མ། པདྨ་འོད་ཀྱི་གཞལ་མེད་ཁང་དུ་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ་ཞེས་ཀོང་སྤྲུལ་ཚང་གིས་བཀོད་འདུག ༈ །སྲུང་གུར་སྒོམ་ནའང་ཐུན་མགོར་སྲུང་འཁོར་སྒོམ་པ་ར་ཊིཀ་ན་ཡོད་ཅིང༌། གྲུབ་རྗེས་དེ་སྐྱབས་སེམས་ཀྱི་སྔོན་དུ་བྱ་གསུངས་པས་ཁུངས་ལྡན་ཡིན་ཏེ། དེ་དག་ནི་དངོས་གཞིའི་བཟླས་སྒོམ་གྱི་བར་ཆད་སྲུང་ཆེད་ཡིན་པས་སོ། ༈ །ཐོད་ཌར་བཤད་པ་དགོངས་འདུས་རྣམ་བཤད་དུ་རྒྱས། གཡོན་གྲི་གུག་གིས་སྣང་གསུམ་གྱི་བག་ཆགས་དང་དེའི་རྩ་བ་ཅན་གྱི་སྡུག་བསྔལ་ཕྲ་རགས་ཚོར་བ་གྲུ་གུ་འཛིང་བ་ལྟ་བུ་དབང་མེད་དུ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་ཐོགས་མེད་དུ་གཅོད་པའི་ཤེར་ཕྱིན། ཌ་རུས་གུ་རུ་རིན་པོ་ཆེའི་ཐུགས་རྒྱུད་དངོས་གྲུབ་ཀྱི་དོན་དུ་བསྐུལ་ནས་དངོས་གྲུབ་ཀྱི་ཡེ་ཤེས་བྱིན་ཆེན་འབེབས་པ་སྟེ། མདོར་ན་བདེ་སྟོང་ལྷན་སྐྱེས་ཀྱི་ཤེར་ཕྱིན་གཅིག་པོ་དེ་བདུད་བཞི་གཅོད་པ་དང༌། དངོས་གྲུབ་སྡུད་པའི་བྱེད་ལས་ཐ་དད་ཀྱིས་མཚོན་ཚུལ་གཉིས་སུ་བྱའམ་དཔྱད། འོད་ཀྱང་ཌ་རུའི་དེ་ཉིད་ལ་ལྷན་སྐྱེས་ཀྱི་བདེ་བའི་ཐབས་དང༌། གྲི་གུག་གི་དེ་ཉིད་ལ་ཐབས་བྱུང་ཤེས་རབ་གཙོ་འདྲ། ༈ །རྭ་ཊིཀ་ཏུ་རྟ་བྲོར་ཐུགས་ཀའི་ཕག་མོའི་ཁ་ཊཾ་ལས་རྟ་མགྲིན་གྱི་དམག་དཔུང་སྤྲོས་ཏེ་བྲོ་རྡུང་བར་དམིགས་པར་བཤད་པས་ཕག་མོ་ཁ་ཊཾ་མཆན་


TN02_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་དང༌། ཁ་ཊཾ་དེ་རྟ་མཆོག་གི་ངོ་བོར་སྒོམ་པ་འཐོན་ལ། ཕག་མོ་ལ་ནང་གསེས་མང་ཡང་ཡེ་སེམས་འདི་པདྨ་གསུང་གི་རིགས་ཡུམ་དུའང་དེས་ཤེས། ༈ །རྒྱལ་ཐབས་སྤྱི་བླུགས་ཞེས་སོགས་རིག་པ་དབྱིངས་མལ་དུ་བརྟན་ནས་རང་སྣང་རང་རྩལ་གྱི་ཆོས་ཐམས་ཅད་ལ་འདོད་དགུར་དབང་བསྒྱུར་ཞིང་ཚུར་རྐྱེན་སྣང་གང་གིས་ཀྱང་མི་བརྫི་བ་ནི་གདོད་མའི་རྒྱལ་ཐབས་བརྙེས་པ་རེད། དེའི་རྟེན་འབྲེལ་བསྒྲིགས་པ་ནི་རྒྱལ་སྲིད་ལ་དབང་བསྐུར་བ། གཤིས་ལ་སྣང་སྲིད་ཐམས་ཅད་ཡེ་ནས་འོད་གསལ་ཁོ་ནའི་གཞན་དབང་དུ་སོང་ཡོད་པས། རྒྱལ་བུ་རྐང་འཁྱམ་རྒྱལ་སར་བཞག་པ་ལྟ་བུར་བརྗོད་པའང་རྐང་འཁྱམས་དུས་ནས་རྒྱལ་ས་ལས་གཡོ་མ་མྱོང་སྟེ། རྩལ་ཐོག་ཏུ་ཅི་ཙམ་འཁྱམས་ཤིང་འཁྲུལ་ཡང་རིག་པ་རང་གི་ངང་ལས་འདའ་མི་སྲིད་པ་རྨི་ལམ་གཉིད་ལས་ཕྱིར་མ་གྱུར་པ་བཞིན་ཏེ། འདི་ལ་བསྐུར་ཐོབ་མེད་པའི་ཆོས་ཉིད་གསུངས། ཚིག་རྐང་གསུམ་འདི་འདིའི་རྫོགས་རིམ་རྩ་ཚིག་རེད། ༈ །བླ་མའི་ཡེ་ཤེས་འཕོ་བའི་དགོངས་པ་འདི་ནི་རྣམ་ཤེས་ལུས་ལས་མ་བཏོན་ཡང་དཔལ་རིའི་ཞིང་གཙོའི་ཐུགས་དབྱིངས་ཡེ་རིག་པ་གསུམ་འདུ་འབྲལ་མེད་པའི་ཀློང་དུ་རང་སེམས་སྲེ་འཕོའི་གནད་ཟབ་རེད་ལ། དེ་གསུམ་ནི་དཔལ་རིའི་ཞིང༌། ཕོ་བྲང༌། སྐུ་སྟེ་གསུམ་པོའི་འཆར་གཞི་མཐར་ཐུག་རེད་པས་དེ་ལྟར་རྟོགས་ནས་དེ་གསུམ་ལ་དབང་ཐོབ་པར་བྱས་ན་དེ་ལས་སྤྲུལ་པའི་


TN02_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་ཞིང་སྐུ་ཕོ་བྲང་རྣམས་ལའང་ཐོགས་མེད་དུ་འཇུག་ཅིང་དབང་སྒྱུར་ནུས། དཔལ་རིའི་ཞིང་དུ་བགྲོད་པའི་ས་སྤྱོད་ཀྱི་དངོས་གྲུབ་འདི་ནི་ལྷ་འདིའི་ཁྱད་པར་གྱི་དངོས་གྲུབ་སྟེ། ཆོས་གླིང་ཁྲོས་མ་དང་རྣམ་ཐར་དུ། མཁའ་སྤྱོད་དབུ་མའི་ལམ་ལ་བཙན་ཐབས་སུ་འཁྲིད་པའི། །ང་ཡི་ཡེ་ཤེས་མཚོ་རྒྱལ་སོགས། བླ་རྣམ་གྱི། ནམ་ཞིག་ཚེ་ཡི་སོགས་ཀྱང་འཕོ་ཡུལ་མཁའ་སྤྱོད་ས་སྤྱོད་ཀྱི་ཁྱད་དང་རྣལ་འབྱོར་མ་དང་བླ་མའི་ལྷ་སྔགས་ལ་རྩལ་འདོན་ཕྱོགས་ཙམ་ལས་ན་རོ་མཁའ་སྤྱོད་ཀྱི་བསམ་མི་ཁྱབ་ཐུན་མིན་དང་གནད་ཆེས་མཐུན། རང་གར་ཐུགས་ཡིད་བསྲེས་ནས་རིག་ངོ་བསྐྱང་བ་དང༌། བདེ་རྒྱལ་དུ་ང་རྒྱལ་བཞག་ཐོག་ནས་སྔ་མ་ལྟར་བསྐྱང་བ་ཁྱད་ཆེ་བའང་བླ་རྣམ་གྱི་འདི་དང་བསྒྲིག་ན་ཤེས། ད་དུང་རྡོར་ཐོལ་གྱི། སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར་དང༌། ཞིང་སྨོན་ལས། གཞི་དབྱིངས་པདྨ་འོད་དུ་གྲོལ་བར་ཤོགཿ སོགས་ཀྱང་རྒྱབ་སྐྱོར་ཡོད། ༈ །བསྙེན་དུས་མཚོ་རྒྱལ་ཉིད་ཀྱང་ཕག་མོའི་ངོ་བོར་བལྟ་བ་ལ་རྩལ་ཕྱུང་ཞིང༌། པདྨོ་ཡོ་གིའི་སྔགས་ཀྱང་ཕག་མོ་རགས་ཕྲ་གཉིས་ཀྱི་དྲིལ་སྔགས་སུ་བྱ། སྔོན་ནས་གྲུབ་པ་སྤྲུལ་གཞིའི་ཕག་མོ་དང༌། སླད་ནས་དེ་ཉིད་ཀྱིས་ལྗོངས་འདིར་སྐྱེ་བ་བཟུང་བ་སྒྲུབ་པའི་ཕག་མོ་གཉིས་དྲིལ་བའི་སྔགས། ལས་སྦྱོར་སྐབས་མཚོ་རྒྱལ་ཉིད་ཀྱང༌། ལྟོས་དང་བུ་མོ་སྔོ་ལྗང་མཚར་སྡུག་ང༌། སོགས་ལྟར་སྒྲོལ་མའི་རྣམ་འགྱུར་དུ་གཙོ་བོར་ལྟ་ཞིང༌། སྔགས་ཀྱང་


TN02_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ཕྱི་ནང་གི་དྲིལ་སྔགས་སུ་བྱ་སྟེ། དེའང་སྒྲོལ་མ་གང་གི་བཟླས་སྒོམ་སྐབས་སུ་བབས་པ་དེ་དང་བསྟུན་ན་རྣོ་སྙམ། ༈ །ས་རློག་ཞལ་ཅན་གྱི་ལྷ་སྔགས་ཀྱི་ངོ་བོར་ཤེས་པས་གཏད་སྤྲུགས། སེང་གདོང་ཕྲོག་བྱེད་ཞལ་ཅན་དུ་ཤེས་པས་བྱད་འགྲོལ།


previousཡུམ་ཀའི་དམིགས་སྐོར།next