Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགའ་སྟོན་ཚོགས་འཁོར་གྱི་གླུ་རྡོ་རྗེ་རྒྱུད་མངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousདགའ་སྟོན་ཚོགས་འཁོར་གྱི་གླུ་རྡོ་རྗེ་རྒྱུད་མངས།next

དགའ་སྟོན་ཚོགས་འཁོར་གྱི་གླུ་རྡོ་རྗེ་རྒྱུད་མངས།


TN02_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་་ཡེ། རབ་དམར་རྗེ་ཆགས་གཡོ་བའི་ཞལ་གྱི་དཀྱིལ་འཁོར། །མཐོང་བས་བདེ་ཆེན་སྦྱིན་མཛད་ཕོ་ཉའི་དབང་ཕྱུག །འབུམ་ཕྲག་དཔའ་མོའི་དབུས་ནས་དལ་གྱིས་བཞེངས་ལ། །བདེ་སྟོང་ཟླ་བའི་བདུད་རྩི་སྙིང་ལ་སྩོལ་མཛོད། །མཆོག་སྟེར་པདྨོ་ཡོ་གིའི་གསང་སྔགས་རང་


TN02_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ། །སྙན་འགྱུར་དཔའ་མོའི་རྒྱང་གླུར་ལྷུང་ལྷུང་འབབ་པ། །ཐོས་པས་ངེས་དོན་ནང་གི་ཧེ་རུ་ཀ་དཔལ། །སད་མཛད་རྡོ་རྗེའི་གླུ་གར་ཚོགས་ཁང་འདིར་མཛོད། །ཨུཏྤལ་དྲི་བསུང་འཐུལ་བའི་མཚར་སྡུག་ལང་ཚོར། །ཡང་ཡང་རབ་དགའི་ཤུགས་ཀྱིས་དབང་ཡུལ་སྐྱེ་མཆེད། །མི་ཤིགས་ནཱ་དའི་ཕྱག་རྒྱར་རོ་གཅིག་འཆིང་བའི། །ངོ་མཚར་སྒྱུ་མའི་རོལ་པ་ཅིར་ཡང་རྩེན་མཛོད། །རོ་མངར་མ་མཆུའི་བཏུང་བ་སྦྲང་རྩི་བཞིན་དུ། །པདྨ་ལྟ་བུའི་ཞལ་གྱི་སྒྲོས་ནས་འཛགས་པ། །འཐུང་བས་ལྷན་སྐྱེས་དགའ་བས་ཡིད་དབང་མྱོས་བྱེད། །བདེ་སྦྱིན་འདོད་པའི་སྒྱུ་རྩལ་བདག་ལ་སྟོན་མཛོད། །སྦས་དོན་རྡོ་རྗེའི་དབྱིངས་ཕྱུག་སྣ་རྩེའི་ཟེའུ་འབྲུར། །དུས་མེས་སྐྱིལ་ཀྲུང་འཆིང་བའི་ཐབས་མཁས་གཅིག་གིས། །རླུང་སེམས་ཟླ་ཉིའི་རྒྱུ་བ་དབྱིངས་སུ་འགོག་པའི། །ག་ཎ་ཙཀྲའི་དགའ་སྟོན་བདག་དང་རོལ་མཛོད། །མཐའ་བྲལ་སྟོང་ཉིད་དབྱིངས་སུ་རོ་མཉམ་ཞུགས་པའི། །ལྷན་སྐྱེས་བདེ་ཆེན་སྒྱུ་མའི་གར་མཁན་གཅིག་པུ། །རབ་འབྱམས་བརྟན་གཡོའི་དངོས་སྣང་ཅིར་ཡང་བརྫུ་བའི། །ཡུམ་གཅིག་རྡོ་རྗེ་ཕག་མོར་བདག་ཡིད་གྲུབ་མཛོད། །མཁའ་སྤྱོད་བདེ་བ་ཆེ་དང་ཉེར་བཞིའི་གྲོང་དུ། །འབུམ་ཕྲག་ལྷན་ཅིག་སྐྱེས་མའི་


TN02_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གྲལ་ཉུལ་བའི། །རྟེན་འབྱུང་ཤིས་པའི་དབྱངས་སྙན་གླུ་རུ་བླངས་པ། །རྡོ་རྗེའི་སྙན་དབང་དགྱེས་པའི་མཆོད་སྤྲིན་གྱུར་ཅིག །དགའ་སྟོན་ཚོགས་འཁོར་གྱི་གླུ་རྡོ་རྗེའི་རྒྱུད་མངས་ཞེས་བྱ་བ་འདི་ནི་མཁས་པའི་དབང་པོ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་བཞེད་སྐོང་དུ་འཇིགས་མེད་བསྟན་པའི་ཉི་མས་བྲིས་པ་མངྒ་ལཾ།། །།


previousདགའ་སྟོན་ཚོགས་འཁོར་གྱི་གླུ་རྡོ་རྗེ་རྒྱུད་མངས།next