Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕག་མོའི་བསྐང་གསོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕག་མོའི་བསྐང་གསོ།next

རྡོ་རྗེ་ཕག་མོའི་བསྐང་གསོ།


TN02_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོགས་བྱེད་ཞལ་ཅན་མའི་ཕྲིན་ལས་ཀྱི་བྱང་བུའི་ཡན་ལག་ཏུ་ཐུགས་དམ་བསྐང་བ་སྦྲེལ་བ། བསྐང་རྫས་བྱིན་རླབ་སྔོན་འགྲོས། ཧཱུྃ། རྒྱལ་བའི་ཡུམ་གྱུར་བཛྲ་ཝཱ་ར་ཧི། །བདུད་དཔུང་འདུལ་ཕྱིར་འབར་བའི་སྐུར་བསྟན་ནས། །བདག་མེད་སེངྒེའི་ང་རོ་བཞད་པ་མོ། །དཀྱིལ་འཁོར་དབང་ཕྱུག་ཆེན་མོའི་ཐུགས་དམ་བསྐང༌། །དེ་ཡི་རྡོ་རྗེ་སྐྱེ་མཆེད་སྒྱུ་མའི་འཕྲུལ། །བདེ་སྟོང་འདོད་དགུར་སྒྱུར་བའི་ཞལ་བརྙན་ཅན། །གཟུང་འཛིན་འཁྲུལ་པ་ལས་བྱུང་བདུད་ཀྱི་དགྲ། །ཕྲ་མེན་རྡོ་རྗེ་མ་དྲུག་ཐུགས་དམ་བསྐང༌། །གནས་ཡུལ་དུར་ཁྲོད་སྤྲུལ་པའི་ཞིང་རྣམས་སུ། །གང་འདུལ་དེར་སྣང་སྒྱུ་མའི་རོལ་པ་ཡིས། །གསང་ཆེན་སྙིང་པོའི་ཆོས་མཛོད་ལེགས་སྐྱོང་བ། །མཁའ་


TN02_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གིང་ཆེན་རྣམས་ཀྱི་ཐུགས་དམ་བསྐང༌། །གཞན་ཡང་ལྷན་སྐྱེས་གཉུག་མའི་ཕག་མོ་ཉིད། །མི་འདྲའི་རྣམ་འགྱུར་བསམ་ཡས་གཟུགས་བཟུང་སྟེ། །སྒྲུབ་པའི་རེ་སྐོང་དངོས་གྲུབ་སྩོལ་མཛད་པའི། །རྩ་གསུམ་སྲུང་མར་བཅས་རྣམས་ཐུགས་དམ་བསྐང༌། ཁམས་གསུམ་ཕྱི་ནང་སྣང་བའི་འཁོར་ལོ་ཀུན། །གཟོད་ནས་འོད་གསལ་དབྱིངས་ལས་མ་གཡོས་ཕྱིར། །ཀུན་ཀྱང་རྡོ་རྗེ་ཁྲོས་མའི་དཀྱིལ་འཁོར་དུ། །མཉམ་རྫོགས་དག་པ་རབ་འབྱམས་ཐུགས་དམ་བསྐང༌། །ཕྱི་ལྟར་ལྷ་རྫས་ཉེར་སྤྱོད་མཆོད་པ་དང༌། །ནང་ལྟར་ཞིང་ཆེན་ལས་བྱུང་མེ་ཏོག་སོགས། །ཐུན་མོང་ལྷ་དང་མེ་ཡི་འདོད་ཡོན་སྤྲིན། ཁྱད་པར་བདེ་ཆེན་རིག་མའི་ལོངས་སྤྱོད་དང༌། །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་མཆོག་དང༌། །གཏོར་མའི་དམ་ཚིག་རྡོ་རྗེའི་བཟའ་བ་དང༌། །དམར་གྱི་ཆུ་གཏེར་རྦ་ཀློང་གཡོ་བ་སོགས། །རྣལ་འབྱོར་སྣང་བ་བདེ་བར་ཤར་བ་ལས། །སྣང་གྲགས་མ་ལུས་ཀུན་བཟང་འབྱོར་ཚོགས་སུ། །གསལ་འབར་ཡིད་བཞིན་སྤྲིན་གྱིས་ཐུགས་དམ་བསྐང༌། །རང་སྣང་རིས་མེད་ཆེན་པོར་ཐུགས་དམ་བསྐང༌། །དུས་གསུམ་རྒྱུན་གྱི་འཁོར་ལོར་ཐུགས་དམ་བསྐང༌། །ཐུགས་དམ་བསྐངས་གྱུར་ཉམས་ཆག་ཚངས་པར་མཛོད། །དབང་བསྐུར་བྱིན་


TN02_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རློབས་རྡོ་རྗེའི་ཡེ་ཤེས་སྩོལ། །བྱད་ཕུར་ནད་གདོན་དུས་མིན་འཆི་བ་ཀུན། །ཐོགས་མེད་རྡོ་རྗེ་གྲི་གུག་འབར་བས་ཆོད། །བདུད་བཞིའི་ཁྲག་ཆེན་བཏུང་བའི་བཅུད་ལེན་གྱིས། །ཚེ་བསོད་ཡེ་ཤེས་གཟི་བྱིན་རྒྱས་པར་མཛོད། །མཐར་ཐུག་རྡུལ་བྲལ་ནམ་མཁའི་སྐུ་ཐོབ་ནས། །རོལ་པའི་སེང་སྐད་སྲིད་ཞི་འགེངས་པར་ཤོག །ཅེས་པའང་སྨྱུག་འཛིན་པ་ཙནྡྲ་བྷ་དྲའི་ངོར་བསྟན་ཉིས་བྲིས། བཀྲ་ཤིས་ཁ་དྲོ།། །།རང་ཉིད་སྐད་ཅིག་གིས་བདུད་འདུལ་དྲག་མོ་གཟི་བྱིན་བསྐལ་མེ་ལྟར་འབར་ཞིང༌། །སེང་སྐད་ཀྱི་ང་རོས་ཁམས་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར། །ཅེས་དང༌། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། འདི་ཡང་འཇིགས་མེད་པས་བྲིས།། །།


previousརྡོ་རྗེ་ཕག་མོའི་བསྐང་གསོ།next