Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩ་གསུམ་དྲིལ་སྒྲུབ་དབང་བཤད།
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousརྩ་གསུམ་དྲིལ་སྒྲུབ་དབང་བཤད།next

རྩ་གསུམ་དྲིལ་སྒྲུབ་དབང་བཤད།


TN02_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མཐའ་གཉིས་ལ་མི་གནས་པའི་ཟུང་འཇུག་ཀུན་ཏུ་འཆང་བ་ཆེན་པོའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་ཟབ་མོ་ནོད་དེ་ལམ་རིམ་པ་གཉིས་ལ་བསླབ་པར་བགྱིའོ་སྙམ་དུ་ཐུགས་བསྐྱེད་དེ་གསན་པར་ཞུ། གང་གསན་པར་བྱ་བ་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་སྤྲུལ་པའི་སྐུ་བདེ་བ་ཆེན་པོ་པདྨ་སཾ་བྷ་བ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་འཁྲུལ་གྲོལ་གྱི་མཚན་མའི་སྤྲོས་པ་མཐའ་དག་ཤིན་ཏུ་ཞི་བའི་ཆོས་ཀྱི་དབྱིངས་སུ་ཐོག་མ་མེད་པའི་དུས་ནས་མངོན་པར་བྱང་ཆུབ་པ་བརྙེས་སུ་ཟིན་ཀྱང་གཟུང་འཛིན་གྱི་གདོན་གྱིས་བརླམས་པས་འཁྲུལ་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་རྣམས་ལ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་གཡོས་ནས་ནམ་མཁའི་མཐས་གཏུགས་པའི་གདུལ་བྱ་རྒྱ་མཚོའི་སྣང་བ་དང་མཐུན་པར་སྐུ་དང་ཞིང་ཁམས་མཚན་དང་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་སྤྲིན་རྒྱས་པར་བཀོད་དེ་རྡུལ་ཕྲ་རབ་རེ་རེའི་ཁོངས་སུའང་སེ?ས་ཅན་གཞལ་དུ་མེད་པ་གདོད་མའི་དབྱིངས་སུ་རྣམ་པར་གྲོལ་བར་མཛད་པའི་ཕྲིན་ལས་སྐད་ཅིག་ཀྱང་དུས་ལས་མི་ཡོལ་བ་རྒྱ་མཚོའི་དུས་རླབས་བཞིན་དུ་འཇུག་པ་ལས། རེ་ཞིག་འཛམ་བུའི་གླིང་ཆུང་ངུའི་འཇིག་རྟེན་འདིར་པདྨ་ལས་བརྫུས་ཏེ་བྱུང་བ་དང༌། ཨོ་ཌི་ཡ་ནའི་རྒྱལ་རིགས་སུ་མངལ་ནས་སྐྱེ་བ་སོགས་སྒྱུ་འཕྲུལ་གྱི་རོལ་མོ་


TN02_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཚད་བཟུང་ལས་འདས་པའི་ཚུལ་གྱིས་མཚན་དཔེའི་ཉིན་བྱེད་ཤར་ཏེ་པཎ་གྲུབ་རིག་འཛིན་ཆེན་པོ་རྣམས་ལས་ཆོས་ཚུལ་རྒྱ་མཚོའི་བདུད་རྩི་རྫོགས་པར་བཞེས་ཤིང༌། །གདོད་ནས་གྲུབ་པའི་དུར་ཁྲོད་ཆེན་པོ་རྣམས་སུ་བརྟུལ་ཞུགས་ཀྱི་སྤྱོད་པས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱི་རྗེ་བོར་གྱུར། དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པའི་དངོས་གྲུབ་མཐའ་དག་གི་མཛོད་ལ་དབང་བསྒྱུར། བྷཾ་ག་ལ་དང་ཨོ་རྒྱན་མ་ག་དྷ་སོགས་འཕགས་ཡུལ་ཤར་ནུབ་ལྷོ་བྱང་དང་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་ཀུན་ཏུ་སྣང་སྲིད་འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་དང་ཐམས་ཅད་མཁྱེན་པའི་ཕྲིན་ལས་རླབས་པོ་ཆེས་སྐལ་ལྡན་གྲངས་མེད་པ་སྨིན་གྲོལ་དུ་མཛད་ཅིང་བཞུགས་པའི་སྐབས་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་སྐུ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྔོན་སྨོན་སྐྱ་རེངས་གསར་པས་ཐུགས་བསྐྱེད་ཀྱི་ཤིང་རྟའི་ཁ་ལོ་དྲངས་ཏེ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ཞབས་ཟུང་བཀྲ་ཤིས་ཀྱི་འཁོར་ལོ་བཀོད། བསམ་ཡས་སོགས་མཐའ་དབུས་ཀྱི་སའི་ཆ་ཐམས་ཅད་བཏུལ་ཞིང་རྡོ་རྗེའི་གནས་ཆེན་དུ་བྱིན་གྱིས་བརླབས། སྒྲུབ་ཆེན་བཀའ་བརྒྱད་སོགས་སྨིན་གྲོལ་གྱི་ཆོས་ཆར་བསམ་ལས་འདས་པ་ཕབ་སྟེ་ལས་ཅན་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སོགས་པ་སློབ་བརྒྱུད་མཁས་གྲུབ་ཀྱི་ཕྲེང་བ་གནམ་གྱི་སྐར་མ་དང་ས་གཞིའི་རྩི་ཤིང་ཙམ་སྤེལ། དབང་རབ་ཡི་དམ་ལྷའི་རྣལ་འབྱོར་གྱིས་གྲོལ་བ་དང༌། རབ་མཆོག་བླ་མའི་ལམ་


TN02_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་འབའ་ཞིག་གིས་གྲོལ་བ་གཉིས་ལས་གཙོ་བོ་ཕྱི་མའི་དོན་དུ་དགོངས་ཏེ་གུ་རུ་རིན་པོ་ཆེ་ཉིད་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་མཐའ་ཡས་པ་ཞིག་གདམས་ཤིང་བཀས་གཏད། ཕལ་ཆེར་ཞིག་མ་འོངས་པའི་དུས་ཀྱི་གདུལ་བྱའི་དོན་དུ་སྙན་བརྒྱུད་རྗེ་འབངས་རིག་འཛིན་སོ་སོའི་འོད་གསལ་དགོངས་པའི་ཀློང་མཛོད་དུ་རྒྱས་བཏབ་ཅིང་དཔེ་བརྒྱུད་གངས་བྲག་མཚོ་གསུམ་སོགས་གཏེར་གནས་སོ་སོར་མི་འཇིག་པའི་སྒྲོམ་བུར་སྩལ་ནས་སྦས་ཤིང་དམ་ཅན་སྲུང་མའི་ཚོགས་ལ་གཉེར་དུ་གཏད། དེ་རྣམས་རང་རང་སོ་སོའི་དུས་རྟགས་དང་མཐུན་པར་གཏེར་སྟོན་གྲུབ་ཐོབ་གློ་བུར་བ་རེ་བྱོན་ནས་རྟེན་འབྲེལ་གནད་ཀྱི་ལྡེ་མིག་གིས་ལེགས་པར་ཕྱེས་ཏེ་རིས་ཆད་དང་རིས་བྲལ་གྱི་འགྲོ་བ་དུ་མའི་ལོངས་སྤྱོད་ཀྱི་སྐལ་བར་བཀྱེ་བའི་བཀའ་དྲིན་མཛད་པ་ལས་འདིར་སྐབས་སུ་བབས་པ་ནི་ཐང་ཡིག་ལས། གློ་བོ་དགེ་སྐར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང་༔ ཞེས་ལུང་བསྟན་པ་ལྟར་བོད་ཡུལ་འདིར་འགྲོ་འདུལ་གཏེར་སྟོན་བྱོན་པ་རྣམས་ཀྱི་ཐོག་མ་རྒྱལ་སྲས་ལྷ་རྗེའི་ཡང་སྲིད་གཏེར་སྟོན་སངས་རྒྱས་བླ་མས་མངའ་རིའི་གློ་བོ་དགེ་སྐར་གྱི་གཙུག་ལག་ཁང་དང་ཉེ་བའི་བྲག་རྟ་མགྲིན་མགུལ་ནས་སྤྱན་དྲངས་པའི་ཟབ་ཆོས་རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་བརྟན་གཟིགས་ཀྱི་སྐོར་རྣམས་


TN02_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྐབས་སུ་གཏེར་དཔེ་དབྱིངས་ཀྱི་མཁའ་འགྲོས་ཕྱིར་བསྡུས་ཏེ་ཡང་གཏེར་དུ་བསྡམས་པ། སླད་ནས་རབ་བྱུང་བཅུ་བཞི་པར་རྒྱལ་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པ། །དུས་གསུམ་གཏེར་སྟོན་རྒྱ་མཚོའི་སྤྱི་རྗེ་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་རང་བྱུང་སྤྲུལ་པའི་སྐྱེས་མཆོག་པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་མཚན་གྱི་རྔ་སྒྲ་ཕྱོགས་མཐར་གསལ་བ་དེས་ངོ་མཚར་བཀའ་བབས་ཀྱི་འཁོར་ལོ་རྣམ་པ་བདུན་གྱིས་རྡོ་རྗེ་ཐེག་པའི་གསང་མཛོད་རབ་འབྱམས་ལ་དབང་བསྐུར་བར་མཛད་པའི་བཀའ་བབས་གསུམ་པ་ཡང་གཏེར་གྱི་མཛོད་ནས་བྱོན་པ། རྨད་བྱུང་བྱིན་རླབས་ཀྱི་གཟི་བརྗིད་མཚུངས་པ་མེད་པའི་ཆོས་བཀའ་ཟབ་མོ་ལ་བརྟེན་ནས་སྨིན་བྱེད་ཀྱི་དབང་བསྐུར་བ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་དང་སོགས་སྦྲེལ་ལོ།། །།


previousརྩ་གསུམ་དྲིལ་སྒྲུབ་དབང་བཤད།next