Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ།
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་ཚེ་སྒྲུབ།next

ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ།


TN02_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ་ནི། །རང་འཕགས་པར་གསལ་བའི་སྤྱི་བོའི་རིགས་བདག་འོད་དཔག་མེད་དེ་ཚེ་དཔག་མེད་ལོངས་སྐུའི་རྣམ་པ་ཅན་དུ་བསྒྱུར་ལ། རང་གི་སྙིང་གའི་ཡིག་དྲུག་གི་སྔགས་འཁོར་ལས་འོད་ཟེར་འཕྲོས། སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ལི་ཁྲིའི་ཁ་དོག་ཅན་དཔག་ཏུ་མེད་པ་སྤྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་དང༌། འཆི་མེད་ཚེ། ནད་མེད་བདེ་བ། རྒས་མེད་ལང་ཚོ། མི་བརྫི་བའི་སྟོབས། མི་འགྱུར་བའི་ཡེ་ཤེས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བསྡུས། །ཡང་འཕྲོས་ལྷ་ཀླུ་གནོད་སྦྱིན་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ། ཚེ་བསྐལ་པ་ཐུབ་པའི་དྲང་སྲོང་ལ་སོགས་པ་རྣམས་ཀྱི་ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད། སྨན་དང་ནོར་བུ་ཉི་ཟླ་དང་གྲུབ་པའི་བཅུད་ལེན་ལ་སོགས་པའི་དྭངས་བཅུད་ནུས་


TN02_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་བསྡུས། ཡང་འཕྲོས་འཆི་བདག་ལས་ཀྱི་གཤིན་རྗེའི་གཙོས་གཟའ་ཀླུ་རྒྱལ་པོ་སོགས་སྡེ་བརྒྱད་མ་རུངས་པ་རྣམས་ཀྱིས་རང་གི་བླ་ཚེ་བརྐུས་པ་དང་ཕྲོགས་པ། །གཞན་ཡང་སྔངས་སྐྲག་དང་ཞེ་སྡང་དྲག་པོ་དང་མྱ་ངན་ལ་སོགས་པའི་རྐྱེན་གྱིས་བླ་ཡར་བ་འཐོར་བ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་དྲང་བ་ལྟར་རང་དབང་མེད་པར་འུབས་ཀྱིས་བསྡུས། དེ་ཐམས་ཅད་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པའི་ནང་དུ་འཆི་མེད་ཀྱི་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་འོད་ཟེར་སྣུམ་བཀྲག་ཤིགས་སེ་བའི་རྣམ་པར་འཁྱིལ། དེ་ནས་མགོན་པོ་ཚེ་དཔག་མེད་ཀྱིས་རང་ཉིད་ལ་རྡོ་རྗེའི་ཚེ་དབང་སྩོལ་བར་ཐུགས་དགོངས་གཏད་མ་ཐག་ཏུ་ཚེ་བཅུད་དེ་དག་ཕྱག་གི་བུམ་པའི་ཁ་ནས་ཕྱུར། རིམ་བཞིན་མར་བབས། རང་འཕགས་པའི་ཐོར་ཚུགས་ནས་བརྒྱུད། །ལུས་ཀྱི་ནང་དུ་ཞུགས། །རང་གི་ཚེ་སྲོག་གི་ངོ་བོ་སྙིང་གའི་ཧྲཱིཿཡིག་ལ་སིབ་ཀྱིས་ཐིམ་པས་ཧྲཱིཿཡིག་དང༌། དེར་མ་ཟད་རང་གི་སྐུ་ཐམས་ཅད་ཉི་མ་བརྒྱ་ལྟར་གཟི་བརྗིད་ལྷག་པར་འབར། ནམ་དུ་ཡང་རྒ་ཤིའི་སྡུག་བསྔལ་གྱིས་མི་བརྫི་བའི་ཚེ་སྲོག་རྡོ་རྗེ་ལྟ་བུ། །འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཚེ་དང་དབྱེར་མི་ཕྱེད་པ་ཐོབ་བྱུང་སྙམ་དུ་ཐེ་ཚོམ་མེད་པའི་ངེས་ཤེས་བསྐྱེད་ལ་མ་ཎི་རྩེ་གཅིག་ཏུ་འདོན། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་མན་ངག་གི་བདུད་རྩི་རེད། འོན་ཀྱང་རང་


TN02_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་མི་བསྒོམ་པར་མདུན་མཁར་འཕགས་པ་བསྒོམས་ནས་གསོལ་འདེབས་ཀྱི་ཚུལ་དུ་མ་ཎི་འདོན་པ་ལ་དགའ་ན། མདུན་གྱི་འཕགས་པའི་རིགས་བདག་ཏུ་ཚེ་དཔག་མེད་སྔར་བཞིན་བསྒོམ། དེ་ནས་འཕགས་པ་ལ་མོས་གུས་ཤུགས་དྲག་པོས་མ་ལ་བུ་འབོད་ཀྱི་ཚུལ་དུ་ཡིག་དྲུག་བཟླ་ཞིང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང༌། སྤྱོད་པ་ཕར་ཕྱིན་དྲུག་གི་ཡོན་ཏན་མཐའ་དག་རང་རྒྱུད་ལ་སྐྱེ་བ་དང༌། དེ་ཉིད་གོང་འཕེལ་དུ་འགྲོ་བ་དང༌། དེའི་ཆེད་དུ་བླ་མ་སྤྱན་རས་གཟིགས་དང་མི་འབྲལ་བའི་གསོལ་བ་རྩེ་གཅིག་ཏུ་གདབ་པ་ནི་རྒྱུན་དུ་བྱ་དགོས་པའི་གལ་པོ་ཆེའོ། །དེ་ལས་ཚེ་སྒྲུབ་ཏུ་ཁ་བསྒྱུར་ཚུལ་ནི། ཐུན་མགོ་ལ་དེ་ལྟར་བྱས་ཏེ་མཚམས་ཤིག་ནས་བདག་ལ་ཚེའི་དངོས་གྲུབ་སྩལ་དུ་གསོལ་སྙམ་དུ་མང་ཙམ་བསམ་པའི་རྐྱེན་གྱིས་འཕགས་པའི་ཐུགས་རྗེ་ཤུགས་གཡོས་ཏེ་ཐུགས་ཀ་ནས་འོད་ཟེར་འཕྲོས། དབུ་གཙུག་ཚེ་དཔག་མེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་འཕྲོས། གོང་དུ་བཤད་པ་ལྟར་ཚེ་བཅུད་བསྡུས། །ཕྱག་གི་བུམ་པར་ཞུགས། སླར་ཕྱུར། ཤར་ཕྱོགས་ནས་ཟླ་བ་ཤར་བ་འོད་ནུབ་ཕྱོགས་ཀྱི་རི་རྩེར་འབབ་པ་བཞིན་དུ་རང་གི་སྤྱི་བོར་བབས། ལུས་ཀྱི་ནང་གང་བས་ཚེ་ཉམས་པ་གསོས། གནས་པ་སྤེལ། འཕེལ་བ་བརྟན་ཅིང་ནུས་ལྡན་དུ་གྱུར་པར་བསྒོམ་ནའང་ཨི་མི་ཆོག་


TN02_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ། དགེ་ཞིང་བཀྲ་ཤིས། ༈ །སྡུག་བསྔལ་རང་གྲོལ་འདྲ་བཏོན་ན་ནི་སྒྲོལ་དཀར་ཚེ་སྒྲུབ་ཀྱང་ཡོད་པ་རེད་དེ། མ་ཎིའི་བཟླས་གྲངས་ལ་མི་གནོད་ཆེད་འདི་ལྟར་བྱས་ན་དགའ་འམ་སྙམ། ཚེ་སྒྲུབ་ཀྱི་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ཡིན་ཞིང༌། འཕགས་པ་ཐུགས་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ལྷ་ཡིན་པས་འཆི་མེད་ཚེ་ཡི་ལྷ་གཅིག་ལ་འདི་ཉིད་རང་བྱིན་རླབས་ཆེའོ། །དཔེ་ཚན་གཉིས་པོ་འཇམ་མགོན་རྡོ་རྗེ་འཆང་ཨ་བྷཱ་ཡའི་གསུང་ངོ༌།། །།
བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ། །འཇིག་རྟེན་གསུམ་གྱི་མགོན་པོ། །བོད་ཁ་བ་ཅན་པའི་ལྷ་གཅིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །སྙིང་རྗེའི་གཏེར། མགོན་མེད་ཀྱི་འགྲོ་བ་ལ་ལྷག་པར་བརྩེ་བ། མཚན་ཐོས་པ་ཙམ་གྱིས་མདུན་དུ་འབྱོན་པ། གསོལ་བ་བཏབ་མ་ཐག་ཏུ་བྱིན་རླབས་འཇུག་པ། གཅིག་ཆོག་སྐྱབས་ཀྱི་དམ་པ། དགོས་འདོད་ཐམས་ཅད་སྩལ་བ་ཡིད་བཞིན་ནོར་བུའི་མཆོག་ལ་ཕྱག་འཚལ་ལོ། །ཉིན་མཚན་ནང་ནུབ། སྐྱིད་སྡུག་ལེགས་ཉེས། གཞི་བྱེས་འགྲོ་འདུག །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ་འབྲལ་བ་མེད་པར་ཐུགས་རྗེའི་སྤྱན་རས་ཀྱིས་གཟིགས་སུ་གསོལ། ཞེས་དད་པ་རྩེ་གཅིག་གིས་མ་ཎི་བགྲང༌། མཐར། དུས་འདི་ནས་བཟུང་སྟེ། བྱང་ཆུབ་བར་དུ་འཕགས་པ་ཐུགས་


TN02_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོས་མངོན་སུམ་དུ་རྗེས་སུ་འཛིན་ཅིང༌། འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པ་དང༌། ཕན་བདེའི་ལེགས་ཚོགས་ཐམས་ཅད་གོང་འཕེལ་དུ་འགྲོ་བ་དང༌། ཁྱད་པར་དད་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་གཉིས་ཀྱི་རྟོགས་པ་མ་ནོར་བ་རྒྱུད་ལ་སྐྱེ་ཞིང༌། སྐྱེས་པ་མི་ཉམས་པར་འཕེལ་རྒྱས་འབྱུང་བར་བྱིན་གྱིས་རླབ་ཏུ་གསོལ། འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་ཀྱིས་བསྔོ་བ་བྱའོ། །ཁྱི་མོ་ཐར་གྱི་ངོར་བྲིས་པ་དགེ། །།


previousཐུགས་རྗེ་ཆེན་པོའི་ཚེ་སྒྲུབ།next