Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུང་པོ་གསུམ་ཆོག
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཕུང་པོ་གསུམ་ཆོགnext

ཕུང་པོ་གསུམ་ཆོག


TN02_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་རྨད་བྱུང་རྒྱལ་སྲས་སྤྱོད་པའི་གཏམ། །བསྐལ་པ་བྱེ་བ་བརྒྱར་ཡང་རྙེད་དཀའ་བ། །འགྲོ་ལ་ཐུགས་རྗེའི་དབང་གིས་སྟོན་མཛད་པ། །མཉམ་མེད་བླ་མ་མཆོག་ལ་ཕྱག་འཚལ་ལོ། །འདི་ན་ཐུབ་པའི་སྡེ་སྣོད་རིན་པོ་ཆེ། །མཚན་ཙམ་ཐོས་ཀྱང་ཆོས་སྤྱོད་རྣམ་པ་བཅུའི། །བགྱི་བ་ཕྲ་མོ་ཙམ་ཡང་མི་ནུས་པའི། །ངུར་སྨིག་རྒྱལ་མཚན་ཅན་དེ་ཤིན་ཏུ་སྨད། །དེ་སླད་དེ་དང་དེ་འདྲའི་དོན་ཕྱིར་དང༌། །བདག་ཉིད་ཐེག་ཆེན་ཆོས་ལ་དད་པའི་བློ། །མི་ཉམས་སླད་ནས་སླད་མར་འཕེལ་བྱའི་ཕྱིར། །བསོད་ནམས་བདུད་རྩིའི་སྒོ་མོ་འདི་དབྱེའོ། །འདིར་ཕུང་པོ་གསུམ་པའི་མདོ་སྡེ་རྣམ་པར་བསྡུ་བ་བྱས་ཏེ། ཀློག་བདེ་བར་འགོད་པ་ལ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ལས་བཤད་པ། བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ཐབས་ལ་མཁས་པའི་སྒོ་གསུམ་སྟེ། གསུམ་གང་ཞེ་ན། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་ཡི་རང་བ་དང༌། དེ་བཞིན་གཤེགས་པ་བསྐུལ་བའོ། །ཞེས་བསྟན་ཅིང༌། འཕགས་པ་ཞི་བ་ལྷས་བསླབ་བཏུས་སུའང་དེ་ལྟར་གསུངས་པས་ན། མཁས་པ་ལེགས་པ་འདོད་པ་རྣམས་ནི་ཅི་ནས་ཀྱང་ཚུལ་འདི་ལ་ནན་ཏན་སྙིང་པོར་མཛད་པར་རིགས་སོ་ཞེས། བྱིས་པ་བདག་ཀྱང་ཐལ་མོ་སྦྱར་ཏེ་གསོལ་ལགས་སོ། །དེ་ལ་ཆོ་ག་འདི་སྒྲུབ་པའི་ཐོག་མར་གནས་ཁང་ཕྱག་དར་བྱ་ཞིང༌། སྤོས་དང་བཟང་པོ་དྲུག་གི་ཆུས་ཆག་ཆག་གདབ། བདུག་སྤོས་སྦྱར། གཙང་ཞིང་བཀོད་པ་ལེགས་པའི་སྟེགས་བུ་དར་གྱི་སྟེང་ཁེབས་ཅན་གྱི་ཁར་མཆོད་ཡོན་


TN02_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། མེ་ཏོག་ལ་སོགས་པ་མཆོད་པའི་ཚོགས་ཤིན་ཏུ་གྱ་ནོམ་པ་བསྟར་ཞིང༌། གདུགས་དང༌། རྒྱལ་མཚན་ལ་སོགས་པ་ཁང་བཟང་གི་རྒྱན་བཀོད་པ་མཛེས་པར་བྱས་ནས། དེ་བཞིན་གཤེགས་པ་ལ་དད་པ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཉེ་བར་བཞག་སྟེ། སྟན་རན་པ་ཞིག་བླངས་པ་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་ཕབ་སྟེ། གོས་ཚག་ལེགས་པར་བཅོས་ལ། དུལ་ཞིང་དབང་པོའི་སྒོ་བསྡམས་པས་མི་ཅོར་བ་དང༌། མི་རྒོད་པ་དང༌། མི་གཡེང་བ་དང༌། དེས་པ་དང༌། བརྟན་པ་དང༌། མཐོང་ན་དགའ་བའི་སྤྱོད་ལམ་རྣམ་པར་དག་པས་གནས་ནས། དྲན་པ་མངོན་དུ་བཞག་ལ་ཆོ་གའི་ཚུལ་ཕུན་སུམ་ཚོགས་པ་འདི་བརྩམ་པར་བྱའོ། །དེ་ལ་འདིར་སྔོན་དུ་གནས་ཡོ་བྱིན་གྱིས་རློབ་པ་དང༌། ཚོགས་ཞིང་སྤྱན་དྲངས་པ་ནི་མི་དགོས་ཏེ། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི་རྣམ་འདྲེན་སྲས་དང་བཅས་པ་ལ་དམིགས་པ་ཉིད་དང༌། ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་ཁྱད་པར་གྱིས་མཆོད་པ་ཡང་དག་པར་སྒྲུབ་པ་ཉིད་དུ་འདུ་ཞིང་རྣམ་པར་དག་པའི་ཕྱིར་རོ། །དེའི་ཕྱིར་ཐོག་མར། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཟིགས་པ་རབ་རིབ་མེད་ཅིང་ཡེ་ཤེས་ཆགས་པ་མི་མངའ་བ་དེ་དག་དེང་འདིར་བདག་གི་མཆོད་པའི་ཚོགས་སྦྱར་བ་འདི་དག་བཞེས་ཤིང་བྱིན་གྱིས་རློབ་པ་དང༌། བདག་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ལ་རབ་ཏུ་གཞག་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡོངས་སུ་བསྡུ་བའི་སླད་དུ་གཟིགས་


TN02_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཁྱེན་པས་དགོངས་སུ་གསོལ། བདག་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོས་ལེགས་པར་ཐུགས་སུ་ཆུད་པའི་བློ་མངའ་བ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། ཆོས་ཀྱི་སྐུ་གཉིས་སུ་མེད་པ་ལ་རྟེན་ཅིང་གནས་པ། ནམ་མཁའི་དཀྱིལ་ཡུལ་ཏུ་གྱུར་ཅིང་ཐུག་པ་མེད་པའི་ཡེ་ཤེས་མངའ་བ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རབ་ཏུ་ཞུགས་པའི་སྐུ་དང་ལྡན་པ། ཆོས་ཀྱི་ཅོད་པན་ཆགས་པ་མེད་པ་མཆོག་དམ་པ་དྲི་མ་མེད་པས་བཅིངས་པ། སོ་སོ་ཡང་དག་པར་རིག་པ་ཆེན་པོ་རྗེས་སུ་བསྒྲགས་པས་ཤིན་ཏུ་རྣམ་པར་ཕྱེ་བའི་དབྱངས་དང་ལྡན་པ། བསོད་ནམས་མི་ཟད་པའི་མཛོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡངས་ཤིང་འོད་གསལ་བ། །ཉོན་མོངས་པ་མེད་པའི་ཆོས་ཐུགས་སུ་ཆུད་པས་མི་རྟེན་པར་གནས་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་སྐུ་དང་ལྡན་པ། བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ཡོན་ཏན་གྱི་ཆོས་ཡོངས་སུ་བརྗོད་ཀྱང་མི་ཟད་ཅིང་ཐུག་པ་མེད་པའི་ཡོན་ཏན་གྱི་བསྔགས་པ་བསྟན་པའི་ཁྱད་པར་བརྙེས་པ་དེ་དག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་སྙེད་ཀྱིས་སངས་རྒྱས་བཅོམ་


TN02_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྣམས་ལས་དེ་བཞིན་གཤེགས་པ་རེ་རེའི་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྔགས་པ་ཕུན་སུམ་ཚོགས་པ་ལས་བརྩམས་ཏེ། བསྐལ་པ་མཐའ་ཡས་པར་བསྔགས་པ་བརྗོད་ཀྱང་དེ་བཞིན་གཤེགས་པ་དེའི་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྔགས་པ་ཡང་མི་འཛད་ཅིང་དེ་བཞིན་གཤེགས་པ་དེ་དག་གི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་ཡང་ཐུག་པ་མ་མཆིས་ཏེ། དེ་ལྟར་གཞན་ཡང་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང༌། སྟོབས་དང༌། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དཔག་ཏུ་མ་མཆིས་པ་དེ་དག་ལ་མོས་པའི་མཆོག་གིས་མོས་སོ། །གཙོ་བོ་དང༌། དམ་པ་དང༌། ཁྱད་པར་དུ་འཕགས་པ་དང༌། རབ་དང༌། ཕུལ་དང༌། གྱ་ནོམ་པ་དང༌། བླ་མ་དང༌། བླ་ན་མ་མཆིས་པ་དང༌། མཉམ་པ་མ་མཆིས་པ་དང༌། མི་མཉམ་པ་དང་མཉམ་པ་དང༌། མཚུངས་པ་མ་མཆིས་པ་དང༌། སྣང་བ་མ་མཆིས་པ་དང༌། བདག་ཉིད་ཆེན་པོ་དང༌། ཟིལ་གྱིས་མི་ནོན་པ་དང༌། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་བའི་མོས་པས་ལྷག་པར་མོས་སོ། །མོས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕུ་དུད་བྱ་བ་དང༌།


TN02_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བྱ་བ་དང༌། སེམས་ཅན་ཐམས་ཅད་གཡས་ཕྱོགས་ཀྱི་ལམ་ལ་གནས་པར་བྱ་བའི་སླད་དུ་པུས་མོ་གཡས་པ་ས་ལ་ཕབ་སྟེ་ཕྱག་འཚལ་ལོ། །སེམས་ཅན་གང་དག་ལམ་ཡོན་པོ་ལ་གནས་པ་དེ་དག་འཕགས་པའི་ལམ་ལ་གནས་པར་བྱ་བའི་སླད་དུ་པུས་མོ་གཡོན་པ་ས་ལ་ཕབ་སྟེ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་བདུད་དང་ཕྱིར་རྒོལ་བ་མཐའ་དག་ལས་རྣམ་པར་རྒྱལ་ཞིང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་ཐམས་ཅད་མཁྱེན་པ་ཡོངས་སུ་རྫོགས་པར་བྱ་བའི་སླད་དུ་ལག་པ་གཡས་པ་ས་ལ་ཕབ་སྟེ་ཕྱག་འཚལ་ལོ། །སེམས་ཅན་གང་དག་བྱིས་པའི་ཆོས་ལ་གནས་ཏེ། ཡོན་པོའི་ལམ་ལ་འཛིན་ཅིང་གདུལ་བར་དཀའ་བ་དེ་དག་བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་སྡུད་པའི་སླད་དུ་ལག་པ་གཡོན་པ་ས་ལ་ཕབ་སྟེ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ང་རྒྱལ་མ་མཆིས་པས་བླ་མ་རྣམས་ལ་རིམ་གྲོ་བགྱི་བ་རྙེད་ཅིང་སྤྱི་གཙུག་བལྟར་མི་མཐོང་བ་དང༌། དགེ་བའི་ཆོས་ཐམས་ཅད་འཕགས་པར་བྱ་བའི་སླད་དུ་གདོང་དང་དཔྲལ་བ་ས་ལ་ཕབ་སྟེ་ཕྱག་འཚལ་ལོ། །དེ་ལྟར་བདག་ཡན་ལག་ལྔས་ཕྱག་འཚལ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་རྣམ་པ་ལྔ་སེལ་བར་གྱུར་ཅིག །དབང་པོ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག །འདོད་པའི་ཡོན་ཏན་ལྔ་


TN02_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཤེས་པར་གྱུར་ཅིག །མངོན་པར་ཤེས་པ་ཉམས་པ་མེད་པ་ལྔ་ཐོབ་པར་གྱུར་ཅིག །མིག་ལྔ་ཡོངས་སུ་དག་པར་གྱུར་ཅིག །སེམས་ཅན་འགྲོ་བ་ལྔར་སྐྱེས་པ་རྣམས་སྲིད་པའི་རྒྱུན་ལས་ལྡོག་པར་གྱུར་ཅིག །རྣམ་པར་གྲོལ་བའི་ཕུང་པོ་ལྔ་ཁྱད་པར་དུ་འཕགས་པ་ཐོབ་པར་གྱུར་ཅིག །གཞན་ཡང་བདག་གིས་བྱམས་པའི་ལུས་ཀྱི་ལས་དང༌། བྱམས་པའི་ངག་གི་ལས་དང༌། བྱམས་པའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང༌། ཀུན་ཏུ་བཟང་བ་དང༌། སངས་རྒྱས་ཀྱི་རྒྱན་གྱི་ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་ཀྱིས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ། །བསྟོད་དོ། །བཀུར་རོ། །བསྔགས་སོ། །རབ་ཏུ་བསྔགས་སོ། །འདུད་དོ། །རབ་ཏུ་འདུད་དོ། །ཕྱག་བགྱིའོ། །གཞོལ་ལོ། །བལྟའོ། །བརྟག་གོ །ཞེས་བརྗོད་ཅིང་སྤྲོ་ན་ཕྱག་འཚལ་བ་དང་སྦྲགས་ཏེ་ཅི་ནུས་སུ་བསྐྱར། དེ་ནས། དམིགས་པ་དཔག་ཏུ་མ་མཆིས་པ་དང་ལྡན་པའི་མེ་ཏོག་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། མར་མེ་དང༌། བཀོད་པ་དང༌། ལྷབ་ལྷུབ་དང༌། མཆོད་རྟེན་རྩིག་པ་དང༌། སྐུ་གཟུགས་བགྱི་བ་དང༌། རིན་པོ་ཆེ་དང༌། རྒྱན་དང༌། བཞོན་པ་དང༌། འཆག་ས་དང༌། གཙུག་ལག་


TN02_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དང༌། ཡོ་བྱད་ཐམས་ཅད་བཀོད་པ་རྣམ་པར་དག་པ་རྒྱ་ཆེན་པོ་འདི་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་དག་ལ་བསྟི་བསྟང་དུ་བགྱིའོ། །བཙུན་པར་བགྱིའོ། །རི་མོར་བགྱིའོ། །མཆོད་དོ། །གསོལ་ལོ། །རིམ་གྲོར་བགྱིའོ། །ཞེས་བརྗོད་ནས་འཁར་བའི་སིལ་ཁྲོལ་དང༌། རྔ་དང༌། དུང་དང༌། མཁར་རྔ་དང༌། གླིང་བུ་ལ་སོགས་པ་རོལ་མོའི་བྱེ་བྲག་དུ་མའི་སྒྲ་སྦྱར་བས་མཚམས་སྦྱར་ཏེ། མཆོད་པ་མོས་པའི་སྟོབས་ལས་ངེས་པར་བྱུང་བ། ཁམས་གསུམ་པ་ལས་ཤིན་ཏུ་འདས་པ། ཉོན་མོངས་པ་མ་མཆིས་པའི་ཆོས་ལས་བྱུང་བ། མངོན་པར་འདུ་བགྱིད་པ་མ་མཆིས་པའི་ཕྱག་རྒྱས་བཏབ་པ། ཡེ་ཤེས་སྒྱུ་མ་ལས་ཡོངས་སུ་གྲུབ་པ། ལས་སྒྱུ་མ་ལས་ཤིན་ཏུ་རྣམ་པར་ཕྱེ་བ། གནས་ཐམས་ཅད་ལས་ཤིན་ཏུ་སྤགས་པ། འཇིག་རྟེན་སྒྱུ་མ་ལས་བྱུང་བ། ངོ་བོ་ཉིད་ཀྱི་ཆོས་དང་འབྲེལ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་བའི་མཆོད་པས་དེ་བཞིན་གཤེགས་པ་དེ་དག་ལ་བསྟི་བསྟང་ནས་རིམ་གྲོར་བགྱིའོ། འི་བར་གོང་བཞིན། རོལ་མོའི་སྒྲ་སྦྱར་ཞིང༌། སྤོས་ཀྱི་དུད་པའི་སྤྲིན་ཕུང་ཆེར་སྤྲོས་ཏེ། གོང་དུ་ཡང་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྒྱུད་བསབ་པར་འཚལ་བ། སེམས་ཅན་གྱི་རྒྱུད་ཡོངས་སུ་སྨིན་པར་བགྱིད་པར་འཚལ་བ། ཞིང་གི་རྒྱུད་རྣམ་པར་སྦྱོང་བར་འཚལ་བ། །


TN02_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རྒྱུད་དང་མི་འགལ་བར་འཚལ་བ། ཆོས་ཀྱི་རྒྱུད་རབ་ཏུ་རྣམ་པར་འབྱེད་པར་འཚལ་བ། དུས་གསུམ་གྱི་རྒྱུད་ཡོངས་སུ་རྟོགས་པར་འཚལ་བ། ཕྱོགས་ཀྱི་རྒྱུད་ལ་རབ་ཏུ་འཇུག་པར་འཚལ་བ། འདོད་ཆགས་མ་མཆིས་པའི་རྒྱུད་ལ་རབ་ཏུ་འགོད་པར་འཚལ་བ། མོས་པའི་རྒྱུད་རྣམ་པར་སྦྱོང་བར་འཚལ་བ། དབང་པོའི་རྒྱུད་ལ་ལྟ་བར་འཚལ་བ། ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་རྣམ་པར་འཕྲུལ་པར་འཚལ་བ། འགྲོ་བའི་འཁོར་ལོ་ཐམས་ཅད་བསྡུ་བར་འཚལ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་པར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་བའི་མཆོད་པ། བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་ཐམས་ཅད་རབ་ཏུ་དགའ་བར་བགྱིད་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་རབ་འབྱམས་ལས་ངེས་པར་བྱུང་བ། །བྱང་ཆུབ་སེམས་པ་ཡེ་ཤེས་བླ་མ་གནས་པའི་ཡུལ་གྱི་རྗེས་སུ་ཞུགས་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱིའོ། །ཡང་འདིར་རོལ་མོའི་ཚོགས་མང་པོ་སྒྲ་འབྱིན་པས་བརྒྱན་ཏེ། དེ་བཞིན་


TN02_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བགྱི་བ་གཙུག་གི་བླ་མ་ཞེས་བགྱི་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདུག་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་འདི་ལྟ་སྟེ། །ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། མ་སྐྱེས་པའི་ཆོས་ལས་བྱུང་བ། བྱང་ཆུབ་སེམས་དཔའ་རིགས་བཙུན་པར་སྐྱེས་པའི་ཡེ་ཤེས་ཀྱི་མིག་གིས་རིག་པ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་རྒྱས་པར་འགེངས་པས་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་སུ་གཏོགས་པ་མིང་གིས་ཁྱབ་པ་མང་པོ་དག་ན་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་དང༌། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་འཇུག་གོ །དེ་བས་གོང་དུ་ཡང་མཆོད་པ་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ། དགེ་བའི་རྩ་བ་ཆེན་པོའི་ཤུགས་ཀྱིས་བསྐྱེད་པ། རྡོ་རྗེའི་དབང་པོ་སྣང་བར་བགྱིད་པ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་དུ་སྣང་བའི་མེ་ཏོག་གི་རྒྱལ་པོའི་ཡེ་ཤེས་ལས་བྱུང་བའི་མཆོད་པས་དེ་བཞིན་གཤེགས་པ་དེ་དག་ལ་བསྟི་བསྟང་དུ་བགྱིའོ་ནས་རིམ་གྲོར་བགྱིའོའི་བར། ཇི་ལྟར་བདག་གི་དོན་དུ་མཆོད་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་


TN02_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ་ཐམས་ཅད་ན་སེམས་ཅན་ཅི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ། །སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་པར་བགྱིའོ། །ཞེས་པའི་མཐར་སིལ་སྙན་ལ་སོགས་པ་རོལ་མོའི་ཚོགས་དཀྲོལ་ཞིང་སྒྲ་ཕྱུངས་པས་ལེགས་པར་སྤྲས་ཏེ་སྐབས་ཀྱི་མཇུག་བསྡུའོ། །དེ་དག་ནི་ཕུང་པོ་གསུམ་གྱི་མདུན་བསུ་བའི་སྦྱོར་བ་ཡིན་པར་ཤེས་པར་བྱ་ལ། །ཕུང་པོ་གསུམ་གྱི་ཐོག་མ་འདི་ཡིན་ཏེ། གང་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀའ་མ་སྩལ་བ་དང༌། གང་སེམས་ཅན་དམ་པ་རྣམས་ཀྱིས་རྣམ་པར་སྤངས་པ་དང༌། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨད་པ་དང༌། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྤངས་པ་དང༌། གང་འཕགས་པ་རྣམས་ཀྱིས་བཤུང་བ་དང༌། གང་མཁས་པ་རྣམས་དང་ཞེ་འགྲས་པ་དང༌། གང་རིག་པ་རྣམས་ཀྱིས་བོར་བ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་རབ་ཏུ་གཟིར་བའི་དབང་གིས་བྱུང་བའམ། །ང་རྒྱལ་དང༌། འཆབ་པ་དང༌། ཁོན་དུ་འཛིན་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། མྱ་ངན་གྱི་དབང་གིས་བྱུང་བའམ། སྒྱུ་དང་གཡོའི་དབང་གིས་བྱུང་བའམ། མངོན་པར་ཞེན་པའི་སྟོབས་ཀྱིས་བྱུང་བ་འདི་ལྟ་སྟེ། ལས་ཀྱི་སྒྲིབ་པའམ། ཆོས་ཀྱི་སྒྲིབ་པའམ། ཉོན་མོངས་པའི་སྒྲིབ་པའམ། ལྟ་བའི་སྒྲིབ་པའམ། མི་ཤེས་པའི་


TN02_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པའམ། རྣམ་པར་སྨིན་པའི་སྒྲིབ་པའམ། ཆོས་ཀྱིས་ཕོངས་པར་འགྱུར་བའི་སྒྲིབ་པའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལྡན་པའི་སྒྲིབ་པའམ། ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་སྒྲིབ་པའམ། དགེ་བའི་རྩ་བ་ཐམས་ཅད་པ་སོག་པ་ལ་གནོད་པའི་སྒྲིབ་པའམ། སྡིག་པའི་གྲོགས་པོ་དང་འདྲེ་བའི་སྒྲིབ་པའམ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བ་ལ་སྒྲིབ་པ་དང་ཆོད་པ་ཡང་རུང་སྟེ། སྒྲིབ་པའི་ལས་བགྱིས་ཤིང་བསགས་པ་སྒྲིབ་པའི་ཀུན་ནས་ལྡང་བ་གང་གིས་སེམས་ཅན་དམྱལ་བར་མཆི་བར་འགྱུར་བ་དང༌། དུད་འགྲོའི་སྐྱེ་གནས་སུ་མཆི་བར་འགྱུར་བ་དང༌། ཡི་དྭགས་ཀྱི་ཡུལ་དུ་མཆི་བར་འགྱུར་བ་དང༌། ལྷ་དབུལ་པོར་སྐྱེ་བར་འགྱུར་བ་དང༌། །སངས་རྒྱས་ལ་ལྟ་བ་ཡོངས་སུ་མི་འཛིན་པ་དང༌། ཆོས་མཉན་པ་ཡོངས་སུ་མི་ལེན་པ་དང༌། དེ་བཞིན་གཤེགས་པ་དང༌། ཆོས་དང༌། དགེ་འདུན་དཀོན་མཆོག་མངོན་པར་མི་རིག་པར་འགྱུར་བ་དང༌། བྱང་ཆུབ་སེམས་དཔའ་དང་འགྲོགས་པ་མི་ཐོབ་པར་འགྱུར་བ་དང༌། །དགེ་བའི་བཤེས་གཉེན་ཡང་དག་པས་ཡོངས་སུ་བཟུང་བ་མི་རྙེད་པར་འགྱུར་བ་དང༌། དགེ་བའི་རྩ་བ་ཆབ་འཚལ་བ་ཡོངས་སུ་འཛིན་པར་འགྱུར་བ་དང༌། །བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བ་དང༌། ཕ་རོལ་ཏུ་ཕྱིན་


TN02_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་མི་ཉམ་པར་འགྱུར་བ་དང༌། བདུད་སྡིད་ཅན་རྣམས་ཀྱིས་འཇོམས་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཆོས་ཐག་རིང་དུ་འགྱེད་པར་འགྱུར་བ་དང༌། དགེ་བའི་རྩ་བ་ཐམས་ཅད་བརྩམ་པའི་སྦྱོར་བ་ལས་རྣམ་པར་ལྡོག་པར་འགྱུར་བ་དང༌། དགེ་བའི་བཤེས་གཉེན་ལ་འཁུ་བར་འགྱུར་བ་དང༌། བསམ་པ་ཡོངས་སུ་དག་པ་མི་འཐོབ་པ་དང༌། དྲན་པ་བརྗེད་པ་མ་མཆིས་པ་མི་འཐོབ་པ་དང༌། ཆོས་ལ་ལྟ་བ་མི་འཐོབ་པ་དང༌། སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་ལ་མི་མོས་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡིད་གཉིས་འཚལ་བར་འགྱུར་བ་དང༌། ཏིང་ངེ་འཛིན་གྱི་སྒོ་ཁོང་དུ་མི་ཆུད་པ་དང༌། ས་ནས་སར་གནོན་པ་མི་འཐོབ་པ་དང༌། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བའི་ལས་བྱས་པ་དང་ལྡན་པ་ཁོང་དུ་མི་ཆུད་པ་དང༌། སྨོན་ལམ་ཆེན་པོ་ལས་ནུར་བར་འགྱུར་བ་དང༌། སྤྱོད་པ་ཡོངས་སུ་དག་པ་མི་འཐོབ་པ་དང༌། སྤར་མར། བྱང་ཆུབ་སེམས་དཔའ་དང་འགྲོགས་པ་མི་འཐོབ་པ་དང༌། ཞེས་སྣང་མཆན། གཟུངས་ཀྱི་རྒྱན་གྱི་སྣང་བ་མི་འཐོབ་པ་དང༌། སྤོབས་པའི་རྒྱན་གྱི་སྣང་བ་ཁོང་དུ་མི་ཆུད་པ་དང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལ་ཡོངས་སུ་འདྲིས་པར་བགྱི་བ་ཁོང་དུ་མི་ཆུད་པ་དང༌། ཆོས་མཉམ་པ་ཉིད་མི་རྟོགས་པ་དང༌། བསོད་ནམས་མཉམ་པ་ཉིད་མི་སྐྱེད་པ་དང༌།


TN02_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཉམ་པ་ཉིད་ཁོང་དུ་མི་ཆུད་པ་དང༌། །འཁོར་བའི་ཆོས་རྣམས་ཀྱིས་ཀུན་ཏུ་གཞོམ་པར་འགྱུར་བའི་སྒྲིབ་པ་དེ་ལྟ་བུ་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། ཡོན་ཏན་གྱི་ཆོས་ཐམས་ཅད་ཀུན་སྒྲུབ་པ་ལ་མི་ཕྱོགས་པར་འགྱུར་བའི་སྒྲིབ་པའི་འགེབས་པ་གྲངས་མ་མཆིས་པ་འབུམ་ཕྲག་བཅུ་པོ་དེ་དག་དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འདུས་པ། ཡེ་ཤེས་གཟིགས་པ་སྒྲིབ་པ་མི་མངའ་བ། ཆགས་པ་མ་མཆིས་པའི་མིག་གི་ཡུལ་བརྙེས་པ། མཉམ་པ་ཉིད་ཀྱི་རྗེས་སུ་ཞུགས་པའི་སྐུ་དང་ལྡན་པ། ཆོས་ཀྱི་དབྱིངས་མུན་པ་མ་མཆིས་པར་ཞུགས་པའི་ཡེ་ཤེས་ཀྱི་སྤྱན་བརྙེས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔར་བདག་མངོན་སུམ་དུ་གྱུར་པར་མོས་ནས། དེ་བཞིན་གཤེགས་པའི་ཡུལ་ཚད་མེད་པར་བརྟགས་ཏེ། སྐྲའི་རྩེ་མོའི་ཆ་ཤས་བཞག་པའི་ཁྱོན་ཙམ་རེ་རེ་ལ་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་དེ་སྙེད་དུ་ལྷག་པར་མོས་སོ། །སྐྲའི་རྩེ་མོའི་ཆ་ཤས་གཅིག་བཞག་པའི་ཁྱོན་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་སྙེད་དུ་ལྷག་པར་མོས་སོ། །དེ་བཞིན་གཤེགས་པ་རེ་རེ་ལའང་ལུས་ཐོབ་པ་འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་སྐད་ཅིག་སྙེད་ཀྱིས་ཞབས་པདྨ་


TN02_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ལོ། །ལུས་ཐོབ་པ་རེ་རེ་ལ་ཡང་མགོ་ངག་གི་ལམ་གྱི་ངེས་པའི་ཚིག་ཇི་སྙེད་པ་དེ་སྙེད་དུ་ལྷག་པར་མོས་སོ། །མགོ་རེ་རེ་ལ་ཡང་ཁའི་སྒོ་ཞིང་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཏུ་དབྱེ་བ་སྙེད་ལྷག་པར་མོས་སོ། ཁའི་སྒོ་རེ་རེ་ལ་ཡང་ལྕེའི་རྩེ་མོ་ཞིང་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཏུ་དབྱེ་བ་སྙེད་དུ་ལྷག་པར་མོས་སོ། །ལྕེའི་རྩེ་མོའི་དཀྱིལ་འཁོར་རེ་རེ་ལ་ཡང་ངེས་པའི་ཚིག་གི་སྒྲར་བཏགས་པའི་ཐ་སྙད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་བ། འགྲོ་བ་ཐམས་ཅད་ཀྱི་ཚིག་གི་སྤྱོད་པ་དང་མཉམ་པས་སྒྲིབ་པ་མ་མཆིས་པའི་དཀྱིལ་འཁོར་དང་འཐུན་པར་གྱུར་ནས་ལྷག་པའི་བསམ་པ་ཉོན་མོངས་པའི་རི་ཆེན་པོ་རྣམ་པར་འཐོར་བ་ལས་བྱུང་བའི་སྒྲིབ་པར་འགྱུར་བའི་ལས་དེ་དག་འཆགས་སོ། །མི་འཆབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཚལ་བར་འགྱུར་བའི་བཤགས་པས་འཆགས་སོ། །བསལ་ལོ། །རྣམ་པར་གཞིག་གོ །རབ་ཏུ་གཞོམ་མོ། །སྤང་ངོ༌། །གདོན་ཏོ། །ལས་ལ་དབང་བས་དབང་བགྱིའོ། །སྟོབས་བསྐྱེད་པ་བརྙེས་པ་རྣམས་ཀྱི་བདེ་བ་ཉེ་བར་བསྟན་པའི་སླད་དུ་ཡོངས་སུ་བསྔོའོ། །གལ་ཏེ་རྒྱས་པར་སྤྲོ་བ་དང༌། དེ་ཁོ་ན་ཉིད་ལ་བལྟ་ཉེས་པའི་དབང་གིས་ཆད་པའི་ལྟ་བར་ལྟུང་སྟེ། དགེ་བའི་རྩ་བ་འཆད་པར་འགྱུར་བའི་དོགས་པ་མེད་པ་ཞིག་ཡིན་ན་ནི་འདི་དག་ཀྱང་རྣམ་པར་འཇོག་གོ །ཡང་བདག་གིས་འཁོར་བ་ཐོག་


TN02_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མཐའི་མུ་ནས་བཟུང་སྟེ། ཡང་དག་པའི་མཐའ་དང༌། བདག་གི་མཐའ་མ་འཚལ་བས། ཆོས་མ་ལགས་པ་ལ་ཆོས་སུ་འདུ་ཤེས་བསྐྱེད་པ་དང༌། འདུལ་བ་མ་ལགས་པ་ལ་འདུལ་བར་འདུ་ཤེས་བསྐྱེད་པ་དང༌། སྦྱིན་གནས་མ་ལགས་པ་ལ་སྦྱིན་གནས་སུ་འདུ་ཤེས་བསྐྱེད་པ་དང༌། མི་དགེ་བ་ལ་དགེ་བར་འདུ་ཤེས་བསྐྱེད་པ་དང༌། ཕྱིན་ཅི་ལོག་པའི་སེམས་ཀྱིས་བདག་གི་ལུས་སུ་ལྟ་བས་ཡོངས་སུ་དཀྲིས་པ་དང༌། དགེ་བའི་ཆོས་གང་ཡང་སངས་རྒྱས་ཀྱིས་བཀའ་མ་སྩལ་བ་མངོན་པར་འདུས་བགྱིས་པ་དང༌། བགྱིད་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་གང་ཅི་མཆིས་པ་དེ་དག་འཆགས་སོ། །དམིགས་པ་ལ་གནས་ཏེ། བདག་གིས་སེམས་ཅན་མ་མཆིས་པ་ལ་སེམས་ཅན་དུ་འདུ་ཤེས་པ་དང༌། སེམས་སྒྱུ་མ་ལྟ་བུར་མ་འཚལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ལགས་པ་དེ་ཐམས་ཅད་འཆགས་སོ། །བདག་གིས་མངོན་པར་འདུ་བགྱིད་པ་མ་མཆིས་པར་མ་འཚལ་ནས་ལུས་དང༌། ངག་དང༌། ཡིད་ཀྱིས་ཆོས་དགེ་བ་དང༌། མི་དགེ་བ་མངོན་པར་འདུ་བགྱིད་པ་དང༌། མངོན་པར་འདུས་བགྱིས་པ་གང་ལགས་པ་དེ་འཆགས་སོ། །བདག་གིས་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌།


TN02_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མཉམ་པ་ཉིད་དུ་མ་འཚལ་ནས་དམིགས་པར་ལྷུང་བས་སྦྱིན་པ་བྱིན་པ་དང༌། ཚུལ་ཁྲིམས་མཆོག་ཏུ་འཛིན་པས་ཚུལ་ཁྲིམས་བསྲུངས་པ་དང༌། བདག་དང་གཞན་དུ་འདུ་ཤེས་པས་བཟོད་པ་བསྒོམས་པ་དང༌། ལུས་དང་སེམས་ལ་གནས་ཏེ་བརྩོན་འགྲུས་བརྩམས་པ་དང༌། འདུ་ཤེས་དང་དམིགས་པ་ལ་གནས་ཏེ་བསམ་གཏན་བསྐྱེད་པ་དང༌། ཀུན་ཏུ་རྟོག་པ་དང༌། རྣམ་པར་རྟོག་པ་རབ་ཏུ་འཇུག་པ་ལ་མངོན་པར་དགའ་བས་ཤེས་རབ་རྣམ་པར་དཔྱད་པ་གང་ལགས་པ་དེ་འཆགས་སོ། །བདག་གིས་དོན་དམ་པའི་མཆོད་པ་མ་འཚལ་ནས་གཟུགས་དང༌། རྒྱན་དང་མཚན་ལ་མངོན་པར་ཞེན་པས་སངས་རྒྱས་ལ་མཆོད་པ་བགྱིས་པ་གང་ལགས་པ་དེ་འཆགས་སོ། །བདག་ཆོས་ཀྱི་དབྱིངས་ཐ་མི་དད་པའི་ཡེ་ཤེས་ལ་མ་ཞུགས་ཀྱི། ཆོས་ཐ་དད་པ་ལ་གནས་ཏེ། ཆོས་མཉན་པའམ། བཤད་པའམ། རབ་ཏུ་བསམ་པར་གྱུར་པ་གང་ལགས་པ་དེ་དག་འཆགས་སོ། །བདག་གིས་ཆོས་འདུས་མ་བྱས་སུ་མ་འཚལ་ཏེ། དགེ་འདུན་ལ་མངོན་པར་འདུ་ཤེས་ནས། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་གང་ལགས་པ་དེ་དག་འཆགས་སོ། །བདག་གིས་དགོན་པ་མ་འཚལ་ནས་དགོན་པའི་གནས་བསྟེན་ཏེ། འདོད་པ་ཉུང་ཞིང་ཆོག་ཤེས་པ་ལ་


TN02_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཞེན་པ་གང་ལགས་པ་དེ་དག་འཆགས་སོ། །བདག་གིས་ཆོས་ཉིད་གནས་པར་མ་འཚལ་ནས་འབྱུང་བ་དང་འཇིག་པ་ལ་གནས་ཏེ། སངས་རྒྱས་ཀྱི་ཡོན་ཏན་བླང་བར་ཞུགས་པ་གང་ལགས་པ་དེ་དག་འཆགས་སོ། །བདག་གིས་ཆོས་ཀྱི་དབྱིངས་ཡོངས་སུ་བཟུང་བ་མ་མཆིས་པར་མ་འཚལ་མ་ཞུགས་ཀྱི། སེམས་ཅན་བསྡུ་བར་འཚལ་བའི་བསྡུ་བས་སེམས་ཅན་དག་བསྡུས་པ་གང་ལགས་པ་དེ་དག་འཆགས་སོ། །བདག་གིས་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་རང་བཞིན་མ་འཚལ་ནས་ལྟ་བ་ལ་ཡོངས་སུ་ཞེན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་པ་གང་ལགས་པ་དེ་དག་འཆགས་སོ། །བདག་གིས་དགེ་སྦྱོང་གི་ལམ་ཞི་བ་མ་འཚལ་ནས་རབ་ཏུ་བྱུང་བ་བསྙེན་པར་རྫོགས་ཏེ། དགེ་སྦྱོང་གི་དངོས་པོ་བསྐྱེད་པ་གང་ལགས་པ་དེ་དག་འཆགས་སོ། །ཀུན་རྫོབ་ལ་འཇུག་པའི་དགེ་བའི་རྩ་བ་གཞན་གང་དག་བསགས་པ་དང༌། དགེ་བའི་རྩ་བ་གང་དག་གིས་འདུས་བྱས་ཀྱི་བདེ་བར་གྱུར་ཏེ། འདུས་མ་བྱས་ལས་ཤིན་ཏུ་རིང་བར་གྱུར་པ་གང་ལགས་པ་དེ་དག་འཆགས་སོ། །འདི་དག་ནི་བྱིས་པའི་སྐྱེ་བོ་སུ་ཞིག་བདེན་པ་གཉིས་ཕྱིན་ཅི་ལོག་ཏུ་ཞེན་པ་རྣམས་ཀྱིས་དཔྱད་པར་བྱ་བ་མ་ཡིན་གྱིས། ཆོས་སྤོང་བར་འགྱུར་ཏ་རེ། དེ་ལྟ་བས་ན་དེ་དག་གིས་ཀྱང་དད་པ་ཙམ་ཉེ་


TN02_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཞག་སྟེ། དེ་ཁོ་ན་ཉིད་ལ་སྐྱི་གཡའ་བ་དང༌། དགེ་བའི་རྩ་བ་ཁྱད་དུ་གསོད་པའི་འདུ་ཤེས་སྤང་བར་བྱའོ། །རྒྱས་པའམ་བསྡུ་བར་མོས་ཀྱང་རུང་སྟེ། འདི་དག་བརྗོད་པར་བྱའོ། །གོང་དུ་ཡང་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བགྱིད་པར་འཚལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་སྦྱོང་བར་འཚལ་བ། བྱང་ཆུབ་སེམས་དཔའ་རྣམ་པར་བཞག་པ་ཐམས་ཅད་ལས་འདའ་བར་འཚལ་བ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པར་འཚལ་བ། བྱང་ཆུབ་སེམས་དཔའི་གཏེར་ཐམས་ཅད་ཐོབ་པར་འཚལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་པར་འཚལ་བ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པར་འཚལ་བ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་འཚལ་བ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་ཐམས་ཅད་རྟོགས་པར་འཚལ་བ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བ་རྟོགས་པར་འཚལ་བ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་


TN02_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལྟ་བུས་སྒྲིབ་པར་འགྱུར་བའི་ལས་བཤགས་པར་བགྱི་བ་དེ་བཞིན་དུ་ཅི་ནས་ཀྱང་བདག་གིས་བཤགས་པས་ལེགས་པར་བཤགས་པར་འགྱུར་བ་དང༌། ཡང་དག་པར་འགྱུར་བ་དང༌། འོད་གསལ་བར་འགྱུར་བ་དང༌། ཁ་ན་མ་ཐོ་བ་མ་མཆིས་པར་འགྱུར་བ་དང༌། གསལ་བར་འགྱུར་བ་དང༌། དུག་མ་མཆིས་པར་འགྱུར་བ་དང༌། སྒྲིབ་པ་མ་མཆིས་པར་འགྱུར་བ་དང༌། །བར་དུ་གཅོད་པ་མ་མཆིས་པར་འགྱུར་བ་དང༌། ཡོན་ཏན་གྱི་ཆོས་ཐམས་ཅད་སྒྲུབ་པར་འགྱུར་བ་དེ་ལྟ་བུར་སྒྲིབ་པར་འགྱུར་བའི་ལས་ཀྱི་ཉེས་པ་ཐམས་ཅད་འཆགས་སོ། །ཇི་ལྟར་བདག་གི་དོན་དུ་བཤགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཅི་ཙམ་སེམས་ཅན་གྱི་རིས་ན་མཆིས་པ་སེམས་ཅན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་སྒྲིབ་པར་འགྱུར་བའི་ལས་ཀྱི་ཉེས་པ་ཐམས་ཅད་འཆགས་སོ། །དེ་ནས་ཕུང་པོ་རྣམ་པ་གཉིས་པ་ནི་འདི་ཡིན་ཏེ། དེ་ལྟར་བདག་གི་ལས་ཀྱི་ཉེས་པ་སྒྲིབ་པར་འགྱུར་བ་ཐམས་ཅད་སོ་སོར་བཤགས་ནས་སྒྲིབ་པ་མ་མཆིས་པ་རྣམ་པར་དག་པའི་དཀྱིལ་འཁོར་ལ་གནས་ཏེ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ངོ༌། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ངན་སོང་དབུལ་པོ་ཡི་


TN02_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་ཀྱི་མི་ཁོམ་པར་མཆི་བ་དང༌། དུད་འགྲོའི་སྐྱེ་གནས་ཀྱི་མི་ཁོམ་པར་མཆི་བ་དང༌། སེམས་ཅན་དམྱལ་བའི་མི་ཁོམ་པར་མཆི་བ་ཐམས་ཅད་རྣམ་པར་བཟློག་པ་དེ་ལ་རྗེས་སུ་ཡི་རང་བར་བགྱིའོ། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ལྷ་དང་མིར་སྐྱེ་བ་ཡོངས་སུ་འཛིན་པ་དང༌། བསམ་གཏན་གྱི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བ་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ༌། །དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་འཁོར་བ་ལ་ཡིད་འབྱུང་བའི་སེམས་ཐོབ་པ་དང༌། དགེ་བའི་བཤེས་གཉེན་ཡང་དག་པས་ཡོངས་སུ་བཟུང་བ་དང༌། དགེ་བའི་བཤེས་གཉེན་རྣམས་ལ་གུས་པའི་སེམས་རྙེད་པ་དང༌། སངས་རྒྱས་འབྱུང་བ་མཉེས་པར་བགྱིད་ཅིང་མཉེས་ནས་མི་མཉེས་པར་མི་འགྱུར་བ་དང༌། དེ་བཞིན་གཤེགས་པ་ལས་ཆོས་བསྟན་པ་མངོན་སུམ་དུ་ཉན་ཅིང་ཐོས་ནས་སོམ་ཉི་དང་ཡིད་གཉིས་བཟློག་པ་དང༌། འཇིག་རྟེན་གསུམ་པོ་ཐམས་ཅད་ནས་འབྱུང་བ་རྟོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྟོན་པའི་སེམས་བསྐྱེད་པ་རྙེད་པ་དང༌། འགྲོ་བ་ཐམས་ཅད་ཐོགས་པ་མ་མཆིས་པའི་མིག་ཐོབ་པ་དང༌། ངོས་མཉམ་པའི་རྗེས་སུ་མཆི་བ་སྨོན་ལམ་ཆེན་པོ་ཡོངས་སུ་དག་པར་བགྱིད་པ་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ༌། །


TN02_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བའི་ཚོགས་ཀྱི་ཁྱད་པར་གང་གིས་ལུས་མཚན་དང༌། དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་ཐོབ་པ་དང༌། ཡོན་ཏན་ཐམས་ཅད་རྣམ་པར་དག་པའི་རྒྱན་ཡོངས་སུ་དག་པ་ཐོབ་པ་དང༌། སྟོབས་བཅུས་བརྒྱན་པའི་སེམས་རིན་པོ་ཆེ་ཐོབ་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤུགས་ལས་ཕྱིར་མི་ལྡོག་པ་ཐོབ་པ་དང༌། གཟུངས་ཀྱི་རིགས་ཁོང་དུ་ཆུད་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཁོང་དུ་ཆུད་པ་དང༌། རྣམ་པར་སྨིན་པ་མི་ཟད་པ་ལ་གནས་ཏེ་མངོན་པར་ཤེས་པ་ཐོབ་པ་དང༌། སངས་རྒྱས་ཀྱི་ཞིང་གི་རྒྱན་བསྒྲུབ་པ་ཁོང་དུ་ཆུད་པ་དང༌། བདུད་ཀྱི་རྩོད་པའི་དམག་ཚོགས་ཐམས་ཅད་རབ་ཏུ་བཅོམ་ནས་ཁྱུ་མཆོག་ཏུ་གྱུར་པ་ཁོང་དུ་ཆུད་པ་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ༌། །དགེ་བའི་རྩ་བ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ལས་སྐྱེས་པའི་རིག་པ་དང༌། རྣམ་པར་གྲོལ་བ་དང༌། འདོད་ཆགས་དང་བྲལ་བ་དང༌། ཟག་པ་མ་མཆིས་པ་དང་ལྡན་པ་གང་ལགས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་ལྡན་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་པ་དང་ལྡན་པའི་བར་


TN02_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དགེ་བའི་རྩ་བ་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ༌། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ། དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོར་བགྱི་བ་བྱང་ཆུབ་སེམས་དཔའ་དབང་བསྐུར་བ་རྣམས་ཀྱི་ཁྱད་པར་དུ་འགྲོ་བ་དང༌། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་མཆོག་ན་གནས་པ་རྣམས་ཀྱི་ཁྱད་པར་དུ་འགྲོ་བ་དང༌། བྱང་ཆུབ་སེམས་དཔའ་མངལ་ན་གནས་པ་རྣམས་ཀྱི་བསོད་ནམས་ཀྱི་མེ་ཏོག་རྒྱས་པའི་སྙིང་པོ་སྣང་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ན་གནས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་གཙུག་གི་བླ་མ་ཞེས་བགྱི་བ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་འཇུག་པ་གང་ལགས་པ་དེ་དག་རྣམས་ལའང་རྗེས་སུ་ཡི་རང་ངོ༌། །ཡང་དག་པར་རྫོགས་པའི་སངས་རྒྱས་དུས་གསུམ་དུ་གཤེགས་པ་རྣམས་ཀྱིས་དགེ་བའི་རྩ་བ་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་པ་དང་ལྡན་པ་གང་ལགས་པ་དེ་ལ་ཡང་རྗེས་སུ་ཡི་རང་ངོ༌། །གལ་ཏེ་རྒྱ་ཆེར་སྤྲོ་ན་ནི། ཚིག་གི་སྦྱོར་བ་གཞན་དང་ཚུལ་གྱི་རྣམ་གྲངས་གཞན་ལས་བརྩམས་ཏེ་འདི་དག་ཀྱང་བཀླག་ཅིང་རྗེས་སུ་དྲན་པར་བྱའོ། །གང་ཡང་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་


TN02_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་ལྡན་པ་རྣམས་ཀྱི་བར་དེའི་དགེ་བའི་རྩ་བ་གང་ཅི་ཡང་རུང༌། སངས་རྒྱས་ཀྱིས་བཀའ་སྩལ་པ། །རྩ་བ་མ་མཆིས་ཤིང་རྟེན་མ་མཆིས་པ། གཏོང་བ་མ་མཆིས་པས་གཏོང་བ་རྣམ་པར་དག་པ་དང༌། རང་བཞིན་གྱི་ཚུལ་ཁྲིམས་མི་ཟད་མི་སྐྱེ་བ་དང༌། སེམས་ཅན་མ་མཆིས་པའི་བཟོད་པ་དང༌། དམིགས་པ་ལས་དབེན་པའི་བརྩོན་འགྲུས་དང༌། སེམས་ཀྱི་ངོ་བོ་ཉིད་ལ་ངེས་པར་སེམས་པའི་བསམ་གཏན་དང༌། ཚུ་རོལ་དང་ཕ་རོལ་གྱི་མཐར་ལྟ་བ་རྣམ་པར་སྤངས་པའི་ཤེས་རབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ལ་འཇུག་པ་དང༌། སྟོང་པ་ཉིད་ཀྱི་རྣམ་པའི་བྱམས་པ་དང༌། རྣམ་པའི་རྣམ་པ་མ་མཆིས་པའི་སྙིང་རྗེ་དང༌། ཆོས་ལ་ཀུན་ཏུ་མི་འབྱུང་བའི་དགའ་བ་དང༌། ཡལ་བར་དོར་བ་མ་ལགས་པའི་བཏང་སྙོམས་གང་ལགས་པ་དེ་དག་ལ་རྗེས་སུ་ཡི་རང་ངོ༌། ཁྱིམ་གྱི་དངོས་པོ་ཐམས་ཅད་བཟུང་བ་མ་མཆིས་ཤིང་གང་ཡོངས་སུ་མ་བཟུང་བ། རྩ་བ་མ་མཆིས་ཤིང་རྟེན་པ་མ་མཆིས་པའི་དགེ་བའི་རྩ་བ་མ་དྲན་པ་དྲན་པར་གྱུར་པའི་དྲན་པ་ཉེ་བར་བཞག་པ་རྣམས་དང༌། མ་འགགས་པ་དང་མ་སྐྱེས་


TN02_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡང་དག་པར་སྤོང་བ་རྣམས་དང༌། ལུས་དང༌། སེམས་དང༌། བརྩོན་འགྲུས་དང༌། འདུན་པ་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་ལྔ་མཚན་ཉིད་མ་མཆིས་པའི་དབང་པོ་རྣམས་དང༌། ནམ་མཁའ་ལྟར་མི་ཐུལ་བའི་སྟོབས་རྣམས་དང༌། དོན་དམ་པ་ཡང་དག་པར་རྟོགས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། མི་གཉིས་པའི་ལམ་དང་ལྡན་པའི་ལམ་དང༌། ཞི་བའི་ཞི་གནས་ཐོབ་པ་དང༌། རེག་པ་དང་རྣམ་པར་གྲོལ་བ་དང་འཐུན་པའི་ལྷག་མཐོང་དང༌། མངོན་པར་ཤེས་པའི་ཡེ་ཤེས་སྔོན་དུ་འགྲོ་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །ཐོག་མའི་མཐའ་ནས་ལུས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པ་དང༌། །བརྗོད་དུ་མ་མཆིས་པའི་ངག་རྣམ་པར་དག་པ་དང༌། སངས་རྒྱས་ལ་རིམ་གྲོ་བགྱི་བ་བསྙེན་བཀུར་བགྱིས་པ་མ་མཆིས་པ་དང༌། ཆོས་ལ་རིམ་གྲོ་བགྱི་བ་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པ་དང༌། དགེ་འདུན་ལ་རིམ་གྲོ་བགྱི་བ་ཚོགས་པ་མ་མཆིས་ཤིང་ཡོན་ཏན་མ་མཆིས་པ་དང༌། སྤྱོད་ལམ་ཐམས་ཅད་རྣམ་པར་མ་བརྟགས་པའི་སྡོམ་པ་སྤྱོད་པ་དང༌། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བྱང་ཆུབ་སེམས་དཔར་གྱུར་པ་དེ་དག་གི་ཆོས་སྤྱོད་པ། ཡང་དག་པའི་སྡོམ་པ། བདུད་


TN02_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་མི་ཤིགས་པ། འཇིག་རྟེན་ཐམས་ཅད་དང་མ་འདྲེས་པ། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་སར་མ་ངེས་པ། བྱང་ཆུབ་སེམས་དཔའི་ལམ་དང་མཐུན་པ། དགེ་བའི་རྩ་བ་བཟང་པོ། ལས་དཀར་པོ་མ་ལགས་པ་འགག་པར་འགྱུར་བ་གཞན་གང་ཅི་མཆིས་པ་དང༌། དགེ་བའི་རྩ་བ་བཟང་པོ། འོད་གསལ་བའི་ལས་གང་གིས་བྱང་ཆུབ་སེམས་དཔའ་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པ་དང༌། འཐོབ་པ་དང༌། འཐོབ་པར་འགྱུར་བ་དེ་དག་ལ་བདག་རྗེས་སུ་ཡི་རང་ངོ༌། །འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་བརྙེས་པ་དེ་དག་གི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཟག་པ་མ་མཆིས་པ་དང༌། སྟོབས་མི་ཐུལ་བ་རྣམས་དང༌། མི་འཇིགས་པ་ཕྱིར་མི་ལྡོག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་ཆགས་པ་མ་མཆིས་པ་རྣམས་དང༌། ཀུན་ཏུ་མི་འབྱུང་བའི་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་གཞན་གྱི་དྲིང་ལ་མི་འཇོག་པ་དང༌། སྤྱི་གཙུག་བལྟར་མི་མཐོང་བ་ནམ་མཁའ་དང་མཚུངས་པ་གང་ལགས་པ་དང༌། གཉིས་སུ་མ་མཆིས་པའི་བསོད་ནམས་རྣམ་


TN02_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨིན་པའི་མཚན་ཉིད་དང༌། ལུས་དང་ངག་དང་སེམས་ཀྱི་རྒྱུད་བཅོས་མ་མ་ལགས་པ་ནམ་མཁའ་ལྟར་ཡོངས་སུ་དག་པ་དང༌། བརྒྱ་བྱིན་དང་ཚངས་པ་ཐམས་ཅད་ཀྱིས་བསྐུལ་བའི་ཆོས་ཀྱི་འཁོར་ལོ་དང༌། བརྗོད་པ་མ་མཆིས་པ་དང་ལྡན་པའི་ཆོས་བསྟན་པ་དང༌། སེམས་ཅན་ཐམས་ཅད་ལ་ཤེས་པ་སྣང་བ་རྣམ་པར་ཤེས་པ་ལས་གཞན་མ་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་སླད་དུ་ཐབས་མཁས་པའི་གནས་ལ་གནས་པ་དག་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་རུང་སྟེ། དམ་པའི་ཆོས་ནུབ་ཀྱི་བར་དུ་དེ་དག་ལ་མཆོད་པ་བགྱིས་པ་དང༌། བགྱིད་པ་དང༌། བགྱིད་པར་འགྱུར་བ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་ངོ༌། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ཉན་ཐོས་འདུས་པ་སེམས་ཅན་ཐམས་ཅད་ལས་ཡང་དག་པར་འདས་པ་རྣམས་དང༌། དད་པས་རྗེས་སུ་འབྲང་བ་རྣམས་དང༌། ཆོས་ཀྱི་དབྱིངས་ལ་ཞུགས་པ་རྣམས་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང༌། ལོག་པ་བརྒྱད་ལས་ཡང་དག་


TN02_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདས་པའི་བརྒྱད་པ་རྣམས་དང༌། ཆགས་པ་མེད་པའི་རིགས་ལ་གནས་པའི་རིགས་ཀྱིས་པ་རྣམས་དང༌། རྒྱུན་དུ་ཞུགས་པ་རྒྱུན་ལས་བཟློག་སྟེ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་གང་དུ་ཡང་མི་འགྲོ་བ་རྣམས་དང༌། ཕྱིར་མི་འོང་བ་འདི་ནས་ཤི་འཕོས་ནས་དེར་གནས་པར་འགྱུར་བ་རྣམས་དང༌། དགྲ་བཅོམ་པ་གྲངས་མ་མཆིས་ཤིང་སྐྱེ་བ་མ་མཆིས་པས་རབ་ཏུ་ཕྱེ་བ་རྣམས་དང༌། རང་སངས་རྒྱས་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་ཡེ་ཤེས་མངོན་སུམ་དུ་རྟོགས་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་ས་དང་མཚུངས་པའི་སེམས་དང་པོ་བསྐྱེད་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་སྤྱོད་པ་ལ་ཞུགས་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་འཁོར་བའི་ཆོས་ལས་འདས་ཤིང་སངས་རྒྱས་ཀྱི་ཆོས་ཐོབ་པ་ཕྱིར་མི་ལྡོག་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་སྐྱེ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ་རྟེན་པ་མ་མཆིས་པ་གང་ལགས་པ་དེ་དག་དང༌། འདུས་བྱས་ལས་ཡོངས་སུ་རྒལ་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །འདས་


TN02_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ཀྱི་སེམས་ཅན་རྣམས་ལ་སྨིན་པའི་བསོད་ནམས་བགྱི་བའི་དངོས་པོ་དང༌། ཚུལ་ཁྲིམས་ཀྱི་བསོད་ནམས་བགྱི་བའི་དངོས་པོ་དང༌། བསྒོམ་པ་དངོས་པོ་མ་མཆིས་པའི་དངོས་པོར་གྱུར་པའི་བསོད་ནམས་བགྱི་བའི་དངོས་པོ་སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་པ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །ཞེས་བསམས་ཤིང་རྫོགས་པར་བཀླག་གོ །སྤྲོས་ཏེ་རྒྱ་ཆེར་བྱེད་འདོད་ཀྱང་རུང་མི་འདོད་ཀྱང་རུང་སྟེ། མཇུག་ཏུ། གོང་དུ་ཡང་བྱང་ཆུབ་སེམས་དཔའ་བདུད་ཀྱི་རྩོད་པའི་དམག་ཚོགས་ཐམས་ཅད་རབ་ཏུ་གདུལ་བར་འཚལ་བ། ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པར་འཚལ་བ། མ་རིག་པའི་མུན་པ་མུན་གནག་དང༌། རབ་རིབ་ཀྱི་ལིང་ཏོག་མང་པོ་སེལ་བར་འཚལ་བ། ངན་སོང་དང་མི་ཁོམས་པ་དང་ངན་འགྲོའི་ལམ་ཐམས་ཅད་གཅོད་པར་འཚལ་བ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་སྦྱོང་བར་འཚལ་བ། ཆོས་ཐམས་ཅད་སྣང་བ་ཐོབ་པར་འཚལ་བ། ཀུན་ཏུ་བཟང་པོའི་ལུས་ཁྱུ་མཆོག་ཏུ་གྱུར་པ་ཐོབ་པར་འཚལ་བ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བགྱིད་པའི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ཐོབ་པར་འཚལ་བ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པར་བགྱི་བའི་


TN02_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ་ཡེ་ཤེས་ཀྱི་མིག་རྣམ་པར་སྦྱོང་བར་འཚལ་བ། འཁོར་བའི་འཁོར་ལོ་བཟློག་པར་འཚལ་བ། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བར་འཚལ་བ། སྟོབས་བཅུའི་ཡེ་ཤེས་ཀྱིས་ནོན་པར་འཚལ་བ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་དགེ་བའི་རྩ་བའི་ཚོགས་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱི་བ་དེ་བཞིན་དུ་བདག་ཀྱང་རྗེས་སུ་ཡི་རང་བའི་མཆོག་དང༌། མ་ཆད་པ་དང༌། མ་ལྷག་པ་དང༌། ནམ་མཁའ་ལྟར་རྣམ་པར་དག་པ་དང༌། ཤེས་རབ་དང་ཡེ་ཤེས་ཀྱིས་རྟོགས་པ་དང༌། གཞན་ཡང་ངེས་པའི་དོན་གྱི་ཆོས་དང་ལྡན་པ་དང༌། བླ་ན་མ་མཆིས་པ་དང༌། ནམ་མཁའ་དང་མཉམ་པ་དང༌། མྱ་ངན་ལས་འདས་པ་དང་མཉམ་པ་དང༌། མི་མཉམ་པ་དང་མཉམ་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ༌། །གཙོ་བོ་དང༌། དམ་པ་དང༌། ཁྱད་པར་འཕགས་པ་དང༌། རབ་དང་སོགས་ཕྱག་འཚལ་སྐབས་ལྟར། བཀའ་སྩལ་བའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ༌། །ཇི་ལྟར་བདག་གི་དོན་དུ་རྗེས་སུ་ཡི་རང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་ཙམ་སོགས་གོང་


TN02_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཆེད་དུ་ཡང་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །དེ་ནས་བསོད་ནམས་ཀྱི་ཕུང་པོ་གསུམ་པའི་དབང་དུ་བྱས་ནས་བསྐུལ་བ་དང་གསོལ་བ་གདབ་པ་གཉིས་སུ་མཆིས་པའི་དང་པོ་ནི། སིལ་སྙན་གྱི་སྒྲ་སྦྱར་བས་མདུན་བསུས་ཏེ། འདི་སྐད་དུ། དེ་ལྟར་བདག་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ནས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསྐུལ་ལོ། །དེ་ལྟར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཕྱོགས་བཅུའི་མུ་ཐུག་ཡོངས་སུ་རྗེ་བར་འཇུག་པ། །འཇིག་རྟེན་གྱི་ཁམས་ཐམས་ཅད་གཞི་ཕྱལ་བའི་རྗེས་སུ་འགྲོ་ཞིང་འཇུག་པ། སྟེང་གཡོགས་མེད་པའི་རྒྱུད་ཀྱི་ཕྱོགས་ཡོངས་སུ་རྗེ་བར་བཤད་པ། འཆོལ་བའི་རྒྱུད་ཀྱི་འཇིག་རྟེན་གྱི་ཁམས་མངོན་དུ་སྒྲུབ་པ། རྣམ་པར་དབྱེ་བའི་མིག་འཕྲུལ་ལྟ་བུ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བདུད་ཀྱི་རྩོད་པའི་དམག་ཚོགས་ཐམས་ཅད་མངོན་པར་བཏུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་ཉིད་བརྙེས་པ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་པ། ཆོས་ཀྱི་ཚུལ་གཡོ་བ་མ་མཆིས་པའི་རང་བཞིན་དུ་གྱུར་པ།


TN02_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་རབ་ཏུ་ཞི་བར་ལྡན་པ་དག་འདི་ལྟ་སྟེ། ཆོས་གཟུང་བར་མཛད་པའི་སླད་དུ་འཇིག་རྟེན་ཐམས་ཅད་ན་བསྐུལ་བའི་ས་ལ་གཞེས་ཏེ། ཐུགས་ལས་ཆུང་ངུར་གཞོལ་བ། ཅང་མི་གསུང་བ་ལ་དགྱེས་པ། བྱང་ཆུབ་ཀྱི་ཤིང་ལ་གཟིགས་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱིས་མངོན་པར་བསྟོད་དེ། དགྱེས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་གིས་བླ་མ་ལ་རི་མོ་གུས་པར་བགྱི་བ་ཆེན་པོས་ལུས་བཏུད་དེ་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བར་བསྐུལ་གྱིས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་འགྲུབ་པར་བགྱི་བ་དང༌། འགྲོ་བ་ཐམས་ཅད་བསྐྱབ་པ་དང༌། ཉོན་མོངས་པ་ཐམས་ཅད་རྣམ་པར་བྱང་བར་བགྱི་བ་དང༌། སོམ་ཉི་ཐམས་ཅད་ཡང་དག་པར་གཞོམ་པ་དང༌། ཐེ་ཚོམ་ཐམས་ཅད་ཀུན་ཏུ་གཅད་པ་དང༌། སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་རབ་ཏུ་བསྒྲག་པ་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་འབྱུང་བ་རྒྱུན་མི་འཆད་པར་བགྱི་བའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་ཐམས་ཅད་ཤིན་ཏུ་


TN02_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྦྱངས་པ། ཕྱིར་མི་ལྡོག་པ། སྟོབས་བཅུ་ཟིལ་གྱིས་མི་ནོན་པ། འཁོར་བའི་འཁོར་ལོ་རབ་ཏུ་འཇོམས་པ། ལྟ་བར་གྱུར་པ་དང༌། ཉོན་མོངས་པ་ཐམས་ཅད་རབ་ཏུ་འཇིག་པ། སོ་སོ་ཡང་དག་པར་རིག་པ་བཞི་རྗེས་སུ་བསྒྲགས་པ། ཤིན་ཏུ་རྣམ་པར་ཕྱེ་བའི་སྒྲ་དང་ལྡན་པ། འཕགས་པའི་བདེན་པ་བཞིའི་ཚུལ་ངེས་པར་བརྟགས་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་གསོལ་ལོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་འཁོར་ལོ་ལ་འདི་ལྟ་སྟེ། ཆོས་ཀྱི་འཁོར་ལོ་མི་འཇུག་པའི་ཆོས་ཀྱི་འཁོར་ལོ་དང་མངོན་པར་མི་འགྲུབ་པའི་འཁོར་ལོ་དང༌། ཚུ་རོལ་དང་ཕ་རོལ་ཡོངས་སུ་གཅོད་པའི་འཁོར་ལོ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་འཁོར་ལོ་དང༌། བདུད་དང་ཕྱིར་རྒོལ་བ་ཆོམས་པའི་འཁོར་ལོ་སྐོར་དུ་གསོལ། བརྗོད་དུ་མ་མཆིས་པའི་རྔ་རྡུང་དུ་གསོལ། སྒྲ་མ་མཆིས་པའི་དུང་འབུད་དུ་གསོལ། ཆོས་ཤེས་པའི་རྒྱལ་མཚན་དང་ཏོག་བསྒྲེང་དུ་གསོལ། ཤེས་རབ་དང་ཡེ་ཤེས་དང་རྣམ་པར་གྲོལ་བའི་སྒྲོན་མ་འབར་བར་མཛད་དུ་གསོལ། ཐུགས་རྗེ་ཆེན་པོའི་སྤྲིན་བསྡུ་བར་གསོལ། ཆོས་ཆེན་པོའི་ཆར་པའི་ཆུ་རྒྱུན་གྱིས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་


TN02_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཏོག་རྣམ་པར་སྤེལ་དུ་གསོལ། །འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་ནོར་གྱིས་སེམས་ཅན་ཐམས་ཅད་ཚིམ་པར་མཛད་དུ་གསོལ་ལོ། །སྙིང་རྗེ་ཆེན་པོའི་སྟོབས་ལ་ལྷག་པར་དམིགས་པར་བགྱི་བ་དང༌། རང་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅད་པར་བགྱི་བ་དང༌། བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ཡོངས་སུ་སྦྱང་བའི་སླད་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་བདག་སྐུལ་ལོ། །སྙིང་རྗེ་ཆེན་པོའི་སྟོབས་ལ་ལྷག་པར་དམིགས་པར་བགྱི་བའི་སླད་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡང་བདག་སྐུལ་ལོ། །མི་དགེ་བའི་ཆོས་ཐམས་ཅད་རྣམ་པར་བཟློག་པ་དང༌། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་སེམས་ཅན་ཐམས་ཅད་ལ་ཡང་བདག་སྐུལ་ལོ། །སླར་ཡང་རོལ་མོ་སྣ་ཚོགས་རྣམ་པར་སྦིར་བ་དང་སྤོས་བཏུལ་བའི་སྤྲིན་གྱིས་རྒྱ་ཆེར་དཀྲིགས་ཏེ། གོང་དུ་ཡང་བྱང་ཆུབ་སེམས་དཔའ་བསྐུལ་བའི་ཕུང་པོ་དང་ལྡན་པ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་སངས་རྒྱས་ཐམས་ཅད་དང༌། བྱང་ཆུབ་སེམས་


TN02_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ལ་བསྐུལ་བར་བགྱི་བ་དེ་བཞིན་དུ་བདག་ཀྱང་བསྐུལ་བའི་མཆོག་དང་སོགས་གོང་བཞིན་ལ། བཀའ་སྩལ་བའི་བསྐུལ་བས་ཡང་དག་པར་བསྐུལ་བར་བགྱིའོ། །ཇི་ལྟར་བདག་གི་དོན་དུ་བསྐུལ་བ་དེ་བཞིན་དུ་འཇིག་རྟེན་སོགས་གོང་བཞིན་ཏེ། དེ་དག་ཐམས་ཅད་ཀྱི་ཆེད་དུ་ཡང་བསྐུལ་བར་བགྱིའོ། །ཞེས་རོལ་མོའི་སྒྲ་དབྱངས་སྙན་པར་འབྱུང་བའི་གླུའི་འགྱུར་བ་དང་སྦྲགས་ཏེ། །ཡང་འདིར་གཉིས་པ་བྱ་སྟེ། །གང་ཡང་ཕྱོགས་བཅུ་རྣམ་པར་དབྱེ་བའི་ཚུལ་རྒྱ་མཚོ་མཐའ་དབུས་མེད་པའི་ཁོངས་སུ་ཆུད་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་འཁོར་ལོ་དག་ཤིན་ཏུ་བསྐོར་བ། གདུལ་བ་དག་ཤིན་ཏུ་བཏུལ་བ། ཟམ་པ་དག་ཤིན་ཏུ་བཏགས་པ། བསྟན་པ་དག་ཤིན་ཏུ་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་དག་ཤིན་ཏུ་ལུང་བསྟན་པ། སངས་རྒྱས་ཀྱི་མཛད་པ་དག་ཤིན་ཏུ་མཛད་པ། ཕས་ཀྱི་རྒོལ་བའི་ཕྱོགས་ཐམས་ཅད་ཤིན་ཏུ་ཚར་བཅད་པ། །རྗེས་སུ་བསྟན་པ་རྣམས་ཤིན་ཏུ་འཕགས་པ། །ཞིང་ཐམས་ཅད་དུ་བསྒྲགས་པ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དག་པའི་གནས་ཆེན་


TN02_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྱུར་པ་དེ་དག་ཞིང་དེ་དང་དེ་དག་དང༌། འཇིག་རྟེན་གྱི་ཁམས་རབ་འབྱམས་དེ་དང་དེ་དག་དང༌། སེམས་ཅན་གྱི་རིས་དེ་དང་དེ་དག་ན་སེམས་ཅན་རབ་འབྱམས་མ་གུས་པར་གྱུར་པ། །དབང་པོ་ཡོངས་སུ་སྐྱོ་བ། སྣོད་དུ་མ་གྱུར་པ། །དེ་བཞིན་གཤེགས་པ་ལ་ལྟ་བའི་རྒྱུན་བཅད་པ། རྟག་ཏུ་ཆགས་པ། ཡུལ་ལ་མངོན་པར་དགའ་བ། འདུས་བྱས་ཀྱི་སྒྲིབ་པས་ཟིན་པ། འདོད་པའི་ཡོན་ཏན་ལྔ་ལ་སྲེད་པའི་དབང་དུ་མཆིས་པ་དེ་དང་དེ་དག་ལ་ཡུལ་ཐམས་ཅད་ལ་བདག་མེད་པར་ཡང་དག་པར་སྟོན་ཅིང་སེམས་ཅན་འཁོར་བ་ལ་མངོན་པར་དགའ་བ་རྣམས་ཡིད་འབྱུང་བ་བསྐྱེད་པའི་ཆེད་དང༌། འདུ་བྱེད་ཐམས་ཅད་མི་རྟག་པར་རབ་ཏུ་བསྟན་པའི་ཆེད་དུ་འབྱོར་བ་ཐམས་ཅད་མཐར་རྒུད་པའི་སྒོར་ཡང་དག་པར་སྟོན་ལ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞི་བར་ཡང་དག་པར་བསྟན་པའི་ཆེད་དུ་སྲོག་གི་དབང་པོ་ཐམས་ཅད་མཐར་འཆི་བར་ཡང་དག་པར་སྟོན་ཅིང་དེ་བཞིན་གཤེགས་པ་འཕོས་ཏེ། ཤིན་ཏུ་བྲལ་ནས་འཇིག་རྟེན་དུ་མི་དགའ་བ་ཆེན་པོ་སྟོན་ལ། ལྷ་དང༌། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མདུན་དུ་ཡོངས་སུ་མྱ་


TN02_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པ་ཆེན་པོ་སྟོན་ཏེ། ལྷའི་དབང་པོ་ཐམས་ཅད་དུ་བ་དང༌། །ཀླུའི་དབང་པོ་ཐམས་ཅད་མྱ་ངན་བགྱིད་པ་དང༌། གནོད་སྦྱིན་གྱི་དབང་པོ་ཐམས་ཅད་སྨྲེ་སྔགས་འདོན་པ་དང༌། འགྲོ་བའི་དབང་པོ་ཐམས་ཅད་རབ་ཏུ་མི་དགའ་བའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་མཛད་པ་ན་བདག་གིས་བླ་མ་ལ་རིམ་གྲོ་གུས་པ་ཆེན་པོས་ལུས་བཏུད་པ་བགྱིས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་སྐུ་ཚེ་བསྲིང་བ་དང༌། རིང་དུ་བཞུགས་པར་གསོལ་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་ལས་བཟློག་པ་དང༌། སེམས་ཅན་ཐམས་ཅད་རབ་ཏུ་བདེ་བ་ལ་འགོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དབུལ་པོའི་ལམ་རྣམ་པར་གཅད་པ་དང༌། སེམས་ཅན་ཐམས་ཅད་འཁོར་བའི་འབྲོག་དགོན་པ་ཆེན་པོ་ལས་བསྒྲལ་བ་དང༌། འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་ཡུལ་སྒྲིབ་པ་མ་མཆིས་པ་ལ་གནས་པ་ལ་དགོད་པ་དང༌། འགྲོ་བ་ཐམས་ཅད་ཆོས་དཀོན་མཆོག་གིས་ཚིམ་པར་བགྱི་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྦྱང་བ་དང༌། འགྲོ་བ་ཐམས་ཅད་གདུལ་བ་མཐར་ཐུག་པ་དང༌། བྱང་ཆུབ་སེམས་དཔའ་


TN02_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡོངས་སུ་གཟུང་བའི་སླད་དུ་བསྐལ་པ་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་བཞུགས་སུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་མངོན་པར་གསོལ་བའི་མཆོག་གིས་མངོན་པར་གསོལ་ལོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་གནས་པའི་ཚུལ་གྱིས་ཇི་ལྟར་དེ་དག་མི་སྐྱེ་ཞིང༌། །མ་སྐྱེས་པ་དེ་བཞིན་དུ། མ་འགག་མི་འགག །འགག་པར་མི་འགྱུར་བ་དེ་ལྟར་བཞུགས་སུ་གསོལ་ལོ། །གཙོ་བོ་དང་སོགས་གོང་བཞིན་བྱས་ཏེ། །བཀའ་སྩལ་བའི་མངོན་པར་གསོལ་བས་གསོལ་ལོ། །གོང་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་དག་གིས་ཇི་ལྟར་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གུས་པ་དེ་ལྟ་བུ་དང༌། ལུས་བཏུད་པ་དེ་ལྟ་བུ་དང༌། ངག་གི་ལས་འབྱུང་བ་དེ་ལྟ་བུ་དང༌། ཡིད་ཀྱི་ལས་སྒྲུབ་པ་དེ་ལྟ་བུས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་ཕྱོགས་པར་དགོངས་པ་ལ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་བར་སྐུ་ཚེ་ཡོངས་སུ་བསྐྱང་བར་མངོན་པར་གསོལ་བར་བགྱི་བ་དེ་བཞིན་དུ་བདག་ཀྱང་གསོལ་


TN02_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཇི་ལྟར་བདག་གི་དོན་དུ་གསོལ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་སོགས་གོང་བཞིན། ཆེད་དུ་ཡང་མངོན་པར་གསོལ་ལོ། ཞེས་ཡུན་རིང་ཞིག་ཏུ་དྲན་པ་ཉེ་བར་བཞག་ལ་གནས་པར་བྱའོ། །དེ་དག་གིས་ནི་བསོད་ནམས་བྱ་བའི་ཕུང་པོ་རྣམ་པ་གསུམ་མཐར་ཕྱིན་ཏེ། ད་ནི་ཕུང་པོ་གསུམ་པའི་བསྔོ་བ་བརྗོད་པར་བྱའོ། །དེ་ལ་དགེ་བའི་རྩ་བ་མངོན་དུ་བྱ་བ་དང༌། དེ་ཉིད་འདུན་པ་ལས་རབ་ཏུ་བསྒྱུར་བའི་ཆོ་ག་བསྟན་པ་སྟེ་གཉིས་ཤིག་ཡོད་པ་ལས། ཕྱོགས་སྔ་མའི་དབང་དུ་བྱས་ནས། དེ་ལྟར་བདག་དེ་བཞིན་གཤེགས་པ་ལ་མངོན་པར་གསོལ་བའི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ཐོབ་པར་གྱུར། བསམ་པ་དང་ལྷག་པའི་བསམ་པའི་སྟོབས་ཀྱིས་བརྟན་པར་གྱུར། དད་པ་དང་མོས་པའི་སྟོབས་ལ་ཤིན་ཏུ་གནས་པར་གྱུར་ནས་ལྷག་པའི་བསམ་པའི་སྣོད་ཡངས་པ་ཡང་དག་པར་བསྐྱེད་དེ། དགེ་བའི་རྩ་བ་རབ་འབྱམས་ཐམས་ཅད་ཡང་དག་པར་གཟུང་ངོ༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་ན་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་སྒྲིབ་པ་མ་མཆིས་པ་ལ་བརྩོན་པ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རྗེས་སུ་དྲན་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་སེམས་


TN02_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ། དགེ་བའི་རྩ་བའི་ཚོགས་ཆེན་པོ་བླང་བར་རབ་ཏུ་བརྩོན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྩོལ་བས་རྩོལ་བ། གོ་ཆ་ཆེན་པོ་བགོས་པ། སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པ། དགེ་བའི་རྩོམ་པ་རྒྱ་ཆེན་པོ་ལ་རབ་ཏུ་བརྩོན་པ། ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་དཀྱིལ་འཁོར་དུ་རབ་ཏུ་སྦྱོར་བ། ཡོན་ཏན་གྱི་ས་ཐམས་ཅད་རྣམ་པར་སྦྱོང་བར་འཚལ་བ། མཐའ་དང་དབུས་མེད་པའི་ས་ལ་གནས་པར་འཚལ་བ། འགྲོ་བ་ཐམས་ཅད་ཀྱི་ས་ཡོངས་སུ་རྫོགས་པར་འཚལ་བ། སེམས་ཀྱི་འཁྲི་ཤིང་རྣམ་པར་སྦྱོང་བར་འཚལ་བ། ཆོས་ཀྱི་སྒོ་ཉེ་བར་སྟོན་པར་འཚལ་བ། དགེ་བའི་རྩ་བ་ཆེན་པོའི་ཤུགས་རྣམ་པར་སྤེལ་བར་འཚལ་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་སྟོབས་བཅུ་རྣམ་པར་དག་པའི་མཐར་གཏུགས་པ་དང༌། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་རིམ་གྲོར་བགྱི་བའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་ལ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྱེད་པ་དང༌། སྐྱེད་པར་འགྱུར་བ་དང༌། སྐྱེད་པ་དེ་དག་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་གཅིག་པུ་ལ་བཏང་བ་རྣམས་དང༌། ཡང་དགེ་བའི་རྩ་བ་གང་དག་བྱང་ཆུབ་སེམས་དཔའི་ས་ནས་སར་འཕར་བའི་མོད་ལས་


TN02_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་རྣམས་དང༌། དགེ་བའི་རྩ་བ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པ་ལས་བྱུང་བ་རྣམས་དང༌། བྱང་ཆུབ་སེམས་དཔའི་ས་འཕྲུལ་བ་དང་ལྡན་པ་ལ་ཞུགས་པ་རྣམས་དང༌། ཆོས་ཐམས་ཅད་ཀྱི་དོན་མཐོང་བ་རྗེས་སུ་ཐོབ་པ། ཆགས་པ་མེད་པའི་ཡེ་ཤེས་ཀྱི་སའི་སྙིང་པོ་རྡོ་རྗེ་ལྟར་སྲ་བ། མི་ཤིགས་པའི་སེམས་བསྐྱེད་པ་རྣམས་ཀྱི་དགེ་བའི་རྩ་བའི་ཚོགས་ཀུན་ནས་སྒོ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་གྱུར་པ། ལས་ཀྱི་ཤུགས་ཀུན་ནས་ངོས་ཡེ་ཤེས་འཕགས་པ་ཞེས་བགྱི་བས་བསྐྱེད་པ། སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བགྱི་བར་འཇུག་སྟེ། དེ་དག་འཇུག་པ་དང༌། དགེ་བའི་རྩ་བའི་རྒྱུ་མཐུན་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་མེད་པའི་རྐྱེན་རྣམས་ཀྱིས་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་མངོན་པར་འགེབས་ཤིང་ཇི་ཙམ་དུ་ཐབས་ཀྱི་ཚུལ་བརྗོད་པ་ལ་འཇུག་པ་དཔག་ཏུ་མ་མཆིས་པ་དག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པ་ཉིད་ཀྱང་ཡང་དག་པར་འགྲུབ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དགེ་བའི་རྩ་བའི་ཤུགས་དེ་དག་ཐམས་ཅད་རྒྱུན་མི་འཆད་པར་


TN02_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བ་དེ་ཙམ་དུ་བདག་གིས་ལྷག་པའི་བསམ་པའི་སྣོད་ལ་མོས་པའི་ལམ་ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་བསྐྱེད་ནས་དགེ་བའི་རྩ་བའི་ཤུགས་དེ་དག་ཐམས་ཅད་ཡང་དག་པར་མནོད་དོ། །ཡང་དག་པར་གཟུང་ངོ༌། །བདག་གིར་བགྱིའོ། །བླང་ངོ༌། །ལྷག་པར་མོས་སོ། །ཀུན་གྱི་རྗེས་སུ་ཞུགས་པར་བགྱིའོ། །བདག་གིར་བགྱི་བ་མཆོག་དང༌། གཙོ་བོ་དང་སོགས་བྱ། གོང་བཞིན། བཀའ་སྩལ་བའི་བདག་གིར་བགྱི་བས་བདག་གིར་བགྱིའོ། །གོང་དུ་ཡང་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཚོགས་ཡང་དག་པར་འཚལ་བ། ཡོན་ཏན་གྱི་་སྣང་བ་མི་མཆིས་པ་ཟེར་བ་དེ་སྣང་བ་མ་མཆིས་པ་ཞེས་བཅོས་རྒྱུ་ཡིན་ནམ་སྙམ་སྟེ་དཔྱད་དགོས་སོ། །མཆན། ཚོགས་སྒྲུབ་པར་འཚལ་བ། སྒྲིབ་པ་མ་མཆིས་པའི་ཡུལ་ལ་འཇུག་པར་འཚལ་བ། ཆགས་པ་མ་མཆིས་པའི་མཐའ་ལ་གནས་པར་འཚལ་བ། དུས་གསུམ་ཐམས་ཅད་དུ་འཇུག་པར་འཚལ་བ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་དགེ་བའི་རྩ་བ་ཐམས་ཅད་བདག་གིར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་བདག་གིར་བགྱིའོ། །ཇི་ལྟར་བདག་གི་དོན་དུ་བདག་


TN02_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གིར་བགྱི་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་སོགས་གོང་བཞིན་ལ། ཆེད་དུ་ཡང་བདག་གིར་བགྱིའོ། །བདག་གི་མོས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷག་པར་མཆོད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། མོས་པའི་སྟོབས་ལས་ངེས་པར་བྱུང་བའི་མཆོད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། སྒྲིབ་པར་འགྱུར་བ་ཐམས་ཅད་སེལ་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། སངས་རྒྱས་ཐམས་ཅད་ལ་བསྐུལ་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་མངོན་པར་གསོལ་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གི་དགེ་བའི་རྩ་བ་རབ་འབྱམས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཤིན་ཏུ་ཕུལ་ནས་བདག་གིར་བགྱི་བ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གི་དགེ་བའི་རྩ་བ་ཐོག་མ་དང་པོ་མ་མཆིས་པའི་ཚེ་རབས་ནས་བགྱིས་པ་ཐམས་ཅད་མཁྱེན་པར་ཡོངས་སུ་མ་བསྔོས་པ་གང་ལགས་པ་དང༌། དགེ་


TN02_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་བ་འདུས་བྱས་ཀྱིས་ཡོ་བྱད་འཚལ་བས་མངོན་པར་བསྒྲུབས་པ་གང་ལགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱིས་མངོན་པར་བསྒྲུབས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གི་དགེ་བའི་རྩ་བ་ལས་ཀྱིས་མངོན་པར་བསྒྲུབས་པ། དུས་ཐམས་ཅད་དུ་བསགས་པ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུའོ། །བཟླུམ་མོ། །བསྡུ་བར་བགྱིའོ། །གོང་དུ་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པར་འཚལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་པར་འཚལ་བ་རྣམས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དག་གིས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྡུ་བར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྡུའོ། །བསྡུས་ནས་ཀྱང་འདི་ལྟ་སྟེ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པའི་ལས་དང༌། མཚན་རྒྱས་པར་བགྱི་བ་དང༌། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བ་དང༌། སྟོབས་བཅུ་དང་བྱང་ཆུབ་ཀྱི་ཕྱོགས་མྱུར་དུ་ཁོང་དུ་ཆུད་པར་བགྱི་བའི་སླད་དུ་སེམས་ཅན་


TN02_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྩལ་ཏོ། །གཏོང་ངོ༌། །ཡོངས་སུ་གཏོང་ངོ༌། །རྣམ་པར་གཏོང་ངོ༌། །ངེས་པར་གཏོང་ངོ༌། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་དབུལ་ལོ། །གཏང་ངོ་སོགས་ནས་ངེས་པར་གཏང་ངོ༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་དབུལ་ལོ། །གཏོང་ངོ་སོགས་སངས་རྒྱས་ཐམས་ཅད་ལ་ཡང་དབུལ་ལོ་སོགས། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་མཆོད་པའི་ལས་ཀྱི་སླད་དུ་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་ཐུགས་ངེས་པ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་ཚད་ཙམ་རྣམས་སུ་མཆོད་པ་བཀོད་པའི་རྒྱན་ཐམས་ཅད་ཀྱིས་ཀུན་ཏུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱིས་ཁེབས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག་ཅེས་གཞན་ལའང་སྦྱར་ཏེ། མེ་ཏོག་ཐམས་ཅད་ཀྱི་བླ་རེ་བྲེས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་མཚན་བསྒྲེང་བའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་དྲྭ་བ་བྲེས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་ན་བཟས་གཡོགས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་


TN02_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་གྱུར་ཅིག །གཞལ་དུ་མི་སྤྱོད་པའི་གོས་ཀྱི་སྤྲིན་གྱི་ཆར་དང་རིན་པོ་ཆེ་ཐམས་ཅད་ཀྱིས་སངས་རྒྱས་ལ་མཆོད་པ་བཀོད་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །སྙིང་པོའི་སྤོས་ཐམས་ཅད་ཀྱི་བདུགས་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །རྒྱན་གྱི་དམིགས་པ་ཐམས་ཅད་ལ་ཆགས་པ་ལས་གྲོལ་བའི་སིལ་སྙན་འཁྲོལ་བ་དང་ལྡན་པའི་དབྱངས་ཀྱི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །རིན་པོ་ཆེ་ཐམས་ཅད་ཀྱི་པདྨ་བཀྲམ་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །ཆོས་རྒྱ་མཚོ་ཐམས་ཅད་ཀྱི་རྗེས་སུ་སྒྲོགས་པའི་སྤྲིན་གྱི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །རོལ་མོའི་སྒྲ་སྣ་ཚོགས་ཉེ་བར་སྦྱར་བས་མཚམས་བརྒྱན་ཏེ། རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་སྣང་བ་རབ་ཏུ་འབྱེད་པའི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །ལྷའི་ཡོ་བྱད་ཐམས་ཅད་ལས་ཤིན་ཏུ་འདས་པ་རིན་པོ་ཆེའི་ཅོད་པན་སྣ་ཚོགས་པའི་སྤྲིན་གྱི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་གནས་པར་གྱུར་ཅིག །དེ་ལྟར་དགེ་བའི་རྩ་བའི་སྒོ་ཉེ་བར་སྒྲུབ་པ་འདིས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་མཆོད་པ་ཐམས་ཅད་དང་ལྡན་པས་འཇུག་པ་དེ་བཞིན་དུ་


TN02_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་དགེ་བའི་རྩ་བའི་སྒོ་ཉེ་བར་སྒྲུབ་པ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དེ་ལྟར་དཔག་ཏུ་མ་མཆིས་པའི་མཆོད་པ་ཕྱི་མའི་མཐའི་མུར་ཐུག་པར་བྱིན་གྱིས་རློབ་པ་ལ་འཇུག་པར་གྱུར་ཅིག །དེ་ལྟར་བདག་དགེ་བའི་ཚོགས་ཆེན་པོའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པས་བརྟན་པར་གྱུར་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་དང༌། ཁྱུ་མཆོག་དང༌། ཚེ་དཔག་མེད་པ་དང༌། མི་འཁྲུགས་པ་དང༌། བྱང་ཆུབ་སེམས་དཔའ་བྱམས་པ་དང༌། བློ་གྲོས་རྒྱ་མཚོ་དང༌། ནམ་མཁའ་མཛོད་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་དང༌། ཀུན་ཏུ་བཟང་པོ་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱས་ཤིང༌། དགེ་བའི་རྩ་བ་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ་བདག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །མཆོག་དམ་པ་ང་རྒྱལ་ཞི་བ་སེམས་མ་ལགས་པའི་སེམས་དང༌། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་དང༌། བྱང་ཆུབ་ཀྱི་


TN02_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དེས་ཁྱབ་པར་མ་གྱུར་པའི་ཆོས་ཀྱི་དབྱིངས་དེ་གང་ཡང་མ་མཆིས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བའི་ཚོགས་དེས་དུས་གསུམ་དུ་མ་ཁྱབ་པ་ཅུང་ཟད་ཀྱང་མ་མཆིས་སོ། །སངས་རྒྱས་ཐམས་ཅད་མཉེས་པར་བགྱིད་པའི་སེམས་དང༌། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་དགའ་བར་བགྱིད་པའི་སེམས་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་རྗེས་སུ་ཡི་རང་བའི་སེམས་དང་སེམས་བསྐྱེད་པ་དེས་ཡོངས་སུ་ཟིན་པར་མ་གྱུར་པའི་སེམས་ཅན་དེ་གང་ཡང་མ་མཆིས་སོ། །མཆོད་པར་མ་གྱུར་པའི་དེ་བཞིན་གཤེགས་པ་དེ་གང་ཡང་མི་བཞུགས་སོ། །གང་ཡང་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བ་དང༌། འཇིག་རྟེན་སྐྱོང་བ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་སུ་གྱུར་པ་རྣམས་ཀྱི་བསོད་ནམས་ཡོངས་སུ་གྲུབ་པ་ནི་ཆེས་ཉུང་གི༌།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐོག་མར་གྱུར་པ་ཡང་དེ་ལྟ་མ་ཡིན་ནོ། །དེ་ལྟར་བདག་གིས་བསོད་ནམས་ཀྱི་ཕུང་པོ་མངོན་པར་བསྒྲུབས་པ་དང༌། དགེ་བའི་རྩ་བ་མཐའ་ཡས་པ་ཡོངས་སུ་སྦྱང་བ་ཇི་སྙེད་ཅིག་དེ་བཞིན་གཤེགས་པའི་ཡེ་ཤེས་


TN02_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཁྱེན་པ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུའོ། །ད་ནི་ཕྱོགས་ཕྱི་མས་བརྟེན་པ་ཉིད་ཀྱི་དབང་དུ་བྱས་ནས། བསྡུས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །བདག་གི་དགེ་བའི་རྩ་བ་འདི་དག་གིས་སངས་རྒྱས་ཐམས་ཅད་མཉེས་པར་བགྱིད་ཅིང་དགྱེས་པར་བགྱིད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག །དགེ་བའི་བཤེས་གཉེན་ཐམས་ཅད་དང༌། ཆོས་སྨྲ་བ་ཐམས་ཅད་མགུ་བར་བགྱིད་ཅིང་དགའ་བར་བགྱིད་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་ཅིང་བསྲུང་བ་དང་ཡོངས་སུ་སྐྱོང་བར་གྱུར་ཅིག །སྒྲིབ་པའི་ལིང་ཏོག་ཐམས་ཅད་རྣམ་པར་སྦྱོང་བར་གྱུར་ཅིག །བདུད་ཀྱི་རྩོད་པའི་དམག་ཚོགས་ཐམས་ཅད་རབ་ཏུ་འདུལ་བར་གྱུར་ཅིག །སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག །ཏིང་ངེ་འཛིན་ཐམས་ཅད་དང༌། དབང་ཐམས་ཅད་ཐོབ་པ་དང༌། མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་རྩེན་པ་དང༌། རྣམ་པར་ཐར་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པར་གྱུར་ཅིག །ཅི་ནས་ཀྱང་འཁོར་བ་ན་མི་འབྲལ་ཞིང་ཚེ་རབས་གཞན་དུ་བརྗེས་པ་ན་ཆབ་འཚལ་


TN02_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འགྱུར་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་བསྐྱུད་པར་མི་འགྱུར་བ་དང༌། བྱིས་པ་སོ་སོའི་སྐྱེ་བོ་དང་འདྲེ་བས་སྒྲིབ་པའི་ཆ་དང་འཐུན་པར་མི་འགྱུར་བ་དེ་ལྟ་བུར་བདག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་མངོན་སུམ་དུ་བཞུགས་པའི་འཇིག་རྟེན་གྱི་ཁམས་གཞན་དུ་སངས་རྒྱས་དེ་དག་ལ་མཆོད་པ་བཀོད་པའི་རྒྱན་གྱིས་བརྒྱན་པར་བགྱིད་དུ་མཆི་བ་དང༌། སངས་རྒྱས་ལ་མཆོད་པ་བཀོད་པའི་རྒྱན་དེའི་ཐ་མའི་སེམས་བསྐྱེད་པ་ཐོབ་པ་ཡོངས་སུ་རྫོགས་པར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། བདག་གི་སྤྱི་བོར་འཇོག་པར་གྱུར་ཅིག །ཅི་ནས་བདག་དངོས་པོ་ཐམས་ཅད་ལ་མི་ལྟ་བ་བཀོད་པ་རྒྱུན་ཐོགས་པ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པའི་སེམས་དང༌། ཚོར་བ་ཐམས་ཅད་རྒྱུན་ཆད་པའི་སེམས་ཀྱིས་འཆི་བའི་དུས་བགྱིད་པར་གྱུར་ཅིག །དད་པ་གྲངས་མ་མཆིས་པ་དང༌། རི་མོ་གུས་པར་བགྱི་བ་གྲངས་མ་མཆིས་པ་དང༌། དགའ་བ་དང་དད་པ་གྲངས་མ་མཆིས་


TN02_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ལྟ་ཞིང་རྟོག་ལ་ཀུན་ཏུ་སྨྲ་ཞིང་ཡང་དག་པར་སྨྲ་བཞིན་དུ་འཆི་སོགས། མཆོད་པ་ཡིད་དུ་འོང་བས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ཅིང༌། མེ་ཏོག་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དཔག་ཏུ་མ་མཆིས་པ་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ཅིང་བལྟ་ལ་རྟོག་བཞིན་དུ་འཆི་བའི་དུས་བགྱིད་པར་གྱུར་ཅིག །བདག་གི་དགེ་བའི་རྩ་བ་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ལྷ་དབུལ་པོ་ཐམས་ཅད་དང༌། མི་དབུལ་པོ་ཐམས་ཅད་དང༌། སེར་སྣ་ཐམས་ཅད་དང༌། འཆལ་བའི་ཚུལ་ཁྲིམས་ཐམས་ཅད་དང༌། གནོད་སེམས་ཐམས་ཅད་དང༌། ལེ་ལོ་ཐམས་ཅད་དང༌། རྣམ་པར་གཡེང་བ་ཐམས་ཅད་དང༌། འཆལ་བའི་ཤེས་རབ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སངས་རྒྱས་ལ་བལྟ་བ་དང༌། དམ་པའི་ཆོས་མཉན་པ་དང༌། དགེ་བའི་བཤེས་གཉེན་དང་འགྲོགས་པ་དང་མི་འབྲལ་བར་གྱུར་ཅིག །དགེ་བའི་རྩ་བ་འདིས་


TN02_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་ལུས་མཉམ་པར་གྱུར་ཅིག །ངག་མཉམ་པ་དང༌། སེམས་མཉམ་པ་དང༌། ཡེ་ཤེས་མཉམ་པར་གྱུར་ཅིག །ཇི་ལྟར་གོང་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་དག་གིས་ཇི་ལྟར་སངས་རྒྱས་ཀྱི་མཁྱེན་པ་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བས་མཁྱེན་ཅིང་རབ་ཏུ་མཁྱེན་པ་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་བ་དེ་བཞིན་དུ་བདག་གིས་ཀྱང་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་མཆོག་གིས་ཡོངས་སུ་བསྔོའོ། །དེ་གལ་ཏེ་རྒྱས་པར་སྤྲོ་ན་འདི་ཡང་བཀླག་པར་བྱ་སྟེ། དེ་ལྟར་བདག་གིས་དགེ་བའི་རྩ་བའི་ཤུགས་རྒྱས་པར་བྱས་པ་དང༌། བསོད་ནམས་ཀྱི་ཚོགས་ཡོངས་སུ་བཟླུམ་པར་བགྱིས་པ་གང་ལགས་པ་དེ་དག་ཐམས་ཅད་གཟོད་མ་ཉིད་ནས་རང་བཞིན་གྱིས་མ་སྐྱེས་པ། མ་བྱུང་བ། ལེན་པ་མ་མཆིས་པ། འདུས་མ་བགྱིས་པ། དེ་བཞིན་དུ་བྱང་ཆུབ་ཀྱང་ལེན་པ་མ་མཆིས་ཤིང༌། འདུས་མ་བགྱིས་པ་སྟེ། ཆོས་ཉིད་དེ་དང་མ་ཆད་པ་དང༌། མི་ལྷག་པ་དང༌། མ་སླད་པ་དང༌། མཉམ་པ་མ་མཆིས་


TN02_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མ་མཐོ་བ་དང༌། མ་དམའ་བའི་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པར་ཡོངས་སུ་བསྔོའོ། །འདི་ལྟར་མིག་ནི་གཟུགས་རྣམས་ལ་མི་འཇུག་སྟེ། གཟུགས་ཀྱང་མིག་ལ་མ་ཡིན་མོད་ཀྱི་འོན་ཀྱང་དམིགས་པའི་རྒྱུ་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་སྟེ། རྣམ་པར་ཤེས་པ་དེ་ཡང་མིག་ལས་མ་བྱུང༌། གཟུགས་ལས་ཀྱང་མ་ཡིན་ཏེ། བྱུང་ནས་ཀྱང་ཞིག་ཅིང་མེད་དེ་མི་གནས་སོ། །དེ་བཞིན་དུ་རྣ་བ་དང༌། སྒྲ་དང༌། སྣ་དང༌། དྲི་དང༌། ལྕེ་དང༌། རོ་དང༌། ལུས་དང༌། རེག་བྱ་དང༌། ཡིད་དང༌། ཆོས་རྣམས་ལ་མི་འཇུག་མོད་ཀྱི། འོན་ཀྱང་དམིགས་པའི་རྒྱུ་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་སྟེ། དེ་ཡང་གཟུང་བ་ལས་ཀྱང་མ་བྱུང༌། འཛིན་པའི་བདག་པོའི་རྐྱེན་ལས་ཀྱང་མ་བྱུང་སྟེ། བྱུང་ནས་ཀྱང་ཞིག་ཅིང་མེད་དེ་མི་གནས་སོ། །དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ལ་མི་འཇུག །བྱང་ཆུབ་ཀྱང་དགེ་བའི་རྩ་བ་ལ་མི་འཇུག་མོད་ཀྱི། འོན་ཀྱང་བྱང་ཆུབ་ཀྱི་རྒྱུ་རྐྱེན་གྱི་དགེ་བའི་རྩ་བ་ལ་དམིགས་པའི་སེམས་བསྐྱེད་པ་རྣམས་ཀྱིས་སྐྱེའོ། །དེ་ཡང་མི་གནས་པ་སྟེ། སྐྱེས་ནས་ཞིག་ཅིང་མེད་དོ། །དེ་ལ་སེམས་གང་གིས་དགེ་


TN02_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་བ་མངོན་པར་འདུས་བྱས་པ་དང༌། སེམས་གང་གིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སེམས་བསྐྱེད་པ་དེ་དག་ཕན་ཚུན་དུ་འབྲེལ་བ་མི་བྱེད་དོ། །འདི་ལྟ་སྟེ་དཔེར་ན། མེ་ནི་གང་ནས་མ་འོངས་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་མེ་ཡང་གང་ནས་ཀྱང་མ་འོངས་མོད་ཀྱི། འོན་ཀྱང་དགེ་བའི་རྩ་བ་ལ་བརྟེན་ནས་འབར་ཏེ་བྱུང་ནས་ཞིག་ཅིང་མེད་དོ། །ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པ་ཆོས་རྣམ་པར་འབྱེད་པ་དེ་ལྟ་བུ་དག་ལ་བློ་རྣམ་པར་མི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བའོ། །ཇི་ལྟར་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་ཐབས་ལ་མཁས་པ་དང་ལྡན་པ་གང་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དང༌། ལུང་བསྟན་པ་དང༌། བཟོད་པ་སྣང་བའི་ཡེ་ཤེས་ཐོབ་པ་རྣམས་ཀྱི་ཡོངས་སུ་བསྔོ་བ་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་གྱུར་ཅིང༌། སྟོབས་བཅུ་མངའ་བ་རྣམས་དབང་དུ་གྱུར་པ་དེ་བཞིན་དུ་བདག་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །རྒྱས་པར་བགྱི་བའམ་བསྡུ་ཡང་རུང་སྟེ། མཇུག་བསྡུ་བའི་སླད་དུ། གཙོ་བོ་དང༌། དམ་པ་དང་སོགས་གོང་བཞིན་ལ།


TN02_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་བའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོའོ། །ཇི་ལྟར་བདག་གི་དོན་དུ་ཡོངས་སུ་བསྔོས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་སོགས་གོང་བཞིན་ལས། ཐམས་ཅད་ཀྱི་ཆེད་དུ་ཡང་བསྔོའོ། །ཇི་ལྟར་བདག་གིས་དགེ་བའི་རྩ་བ་ཡོངས་སུ་བསྡུས་ཏེ་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དེ་བཞིན་དུ་ཡོངས་སུ་འགྲུབ་པར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བདེན་ཚིག་ལྷའི་རྔ་སྒྲ་དབྱངས་སུ་སྒྲོག་ཅིང༌། ཤིས་བརྗོད་མེ་ཏོག་གི་ཆར་ཆེན་འབུམ་དུ་སྙོལ་བས་དགེ་ལེགས་ཀྱི་དུས་སྟོན་ཀུན་ནས་རྒྱས་པའི་བྱིན་རླབས་སྣང་བ་དཀར་པོས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་ཁྱབ་པར་གྱུར་ཅིག །དེ་ལྟར་བརྗོད་ཅིང་དུས་གསུམ་དུ་རྫོགས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིད་ལ་བྱ་ཞིང་ཐབས་ལ་མཁས་པའི་འཇུག་པ་ཟད་མི་ཤེས་པ་འདི་ཉིད་ནན་ཏན་ཆེན་པོས་བསླབ་པར་བྱ་བའི་རིགས་སོ། །སྨྲས་པ། གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཉིད་དང༌། །མཐུན་པར་སྨྲ་བའི་ངག་གི་སྦྱོར་བ་གཅིག །གླེང་བར་མི་འཇིགས་སྤོབས་པ་གང་ཐོབ་པ། །དེ་ཀུན་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ཡིན། །དེ་སླད་འདི་ལ་རྒྱུ་མཚན་ཤེས་པ་དང༌། །མོས་པ་ཙམ་གྱིས་འཇུག་པར་འདོད་པའང་རུང༌། །དེ་དག་རྨད་བྱུང་སྤྱོད་པའི་གཏམ་གྱི་སྐྱེས། །བསོད་ནམས་ནོར་བུའི་གཏེར་ཆེན་འདི་ལོངས་ཤིག །གང་


TN02_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དག་གྲགས་པ་ཙམ་གྱིས་རྗེས་འབྲངས་ནས། །བདག་གི་ལེགས་པར་བཤད་པ་མི་བཞེད་ཀྱང༌། །ཐུབ་པའི་ལེགས་གསུངས་མདོ་སྡེ་ལྟོས་ཤིག་དང༌། །འདི་ལ་ཕུལ་བྱུང་ངེས་པ་སྐྱེ་ཡང་སྲིད། །གལ་ཏེ་དེ་དག་ཚུལ་འདིར་མི་དགྱེས་ཀྱང༌། །ཕྱོགས་རེའི་མིག་ཅན་རྣམས་ཀྱི་སྤྱན་སྔར་འཆགས། །བློ་མིག་ཡངས་པོར་ཕྱེས་པའི་མཁས་པ་དང༌། །འཕགས་པའི་སྐྱེ་བོ་དགྱེས་པའི་མཆོད་སྤྲིན་ཡིན། །དེ་དགེ་དྲི་མེད་པདྨའི་རྩ་བ་ལྟར། །རྣམ་དཀར་སྣང་བ་གང་ཞིག་ཉེར་ཐོབ་པ། །དེ་ཡིས་འཇིག་རྟེན་ཀུན་ལ་ཕན་བྱེད་ཅིང༌། །འགྲོ་ཀུན་བྱང་ཆུབ་ཞི་བའི་མཆོག་བརྙེས་ཤོག །འཕགས་པ་ཕུང་པོ་གསུམ་པའི་མདོ་སྡེ་བཀླག་ཆོག་ཏུ་བཀོད་པ་བསོད་ནམས་ཡིད་བཞིན་རིན་པོ་ཆེའི་སྤྲིན་ཞེས་བྱ་བ་ཡུལ་རྡོ་རོང་གི་སྤྲང་འཁྱམས་གཞོན་ནུ་འཇིགས་མེད་བསྟན་པའི་རྒྱལ་མཚན་ནམ། མིང་གཞན་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་གྲགས་སྐམ་གྱི་སྐ་རགས་བཅིངས་པའི་བན་དེ་སྙོམ་ལས་པས་སུག་བྲིས་སུ་བགྱིས་པ་འདིས་ཀྱང་སྟོན་པ་ཕན་བཞེད་མཚུངས་པ་མ་མཆིས་པའི་བསྟན་པ་རིན་པོ་ཆེ་ཆོས་མཛོད་ནོར་བུའི་ཁང་བཟང་ཚེ་རབས་ཐམས་ཅད་དུ་རྫོགས་པར་འཛིན་པའི་སྨོན་ལམ་གྱི་མཐུ་ཡོངས་སུ་གྲུབ་པའི་རྒྱུར་གྱུར་ཅིག །སྭ་སྟི་བི་ཛ་ཡནྟུ།། །།


previousཕུང་པོ་གསུམ་ཆོགnext