Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
གནོད་སྦྱིན་ཡང་ལེ་བེར་གྱི་བསང་མཆོད་མདོར་བསྡུས།
   
   
   
   
   
   
   
   
   
   


 
previousགནོད་སྦྱིན་ཡང་ལེ་བེར་གྱི་བསང་མཆོད་མདོར་བསྡུས།next

གནོད་སྦྱིན་ཡང་ལེ་བེར་གྱི་བསང་མཆོད་མདོར་བསྡུས།


TN02_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་ཡང་ལེ་བེར་གྱི་བསང་མཆོད་མདོར་བསྡུས་ན། བསང་རྫས་གཙང་མ་དྲི་བསུང་རོ་བཅུད་དང་ལྡན་པ་རྣམས་ཤིང་གི་མེ་ལ་བསྲེག་ཅིང༌། བདག་གི་རྣལ་འབྱོར་སྔོན་འགྲོས། རཾ་ཡཾ་ཁཾ། རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་རླུང་ཆུ་རྣམས་སྤྲོས་ཏེ་མེ་ཐབ་བསང་རྫས་དང་བཅས་པའི་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་སྦྱངས། སྟོང་པའི་ངང་ལས་ཞི་བའི་མེ་ཐབ་ཡངས་ཤིང་རྒྱ་ཆེ་བར་ཤིས་པའི་མེ་འོད་འབར་ཞིང་འཕྲོ་བའི་དབྱིངས་སུ་བསང་རྫས་འདོད་ཡོན་གྱི་རོལ་པ་ལྷ་སྲུང་དགྱེས་པའི་དུད་སྤྲིན་ཕྱོགས་བརྒྱར་སྤྲོ་བས་འདོད་དགུའི་ལོངས་སྤྱོད་མི་ཟད་པའི་ཆར་དུ་འབེབ་པར་གྱུར་བར་བསམ་ལ། སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་བྱ། དེ་ནས་མགྲོན་སྤྱན་དྲང་བ་ནི། རྔ་བརྡུང་ཞིང༌། ཀྱེ། རྒྱལ་ཀུན་གསུང་མཆོག་རྡོ་རྗེ་གར་དགུའི་ཉམས། །དབང་ཆེན་རྟ་སྐད་རྔམས་བཞད་ཧེ་རུ་ཀའི། །རྡོ་རྗེའི་བཀའ་ཉན་བསྟན་སྲུང་དྲེགས་པའི་རྗེ། །ཆེ་བཙན་མྱུར་མགྱོགས་མཐུ་སྟོབས་རྫུ་འཕྲུལ་བདག །རྗེ་ཡི་དགྲ་ལྷ་རྣལ་འབྱོར་སྐྱོང་བའི་གཉེན། །ཆོས་འཁོར་གཉན་པོའི་སྲུང་མ་གནོད་སྦྱིན་གཙོ། །འཇིགས་བྱེད་རོལ་པ་སྐྱ་བདུན་འཁོར་དང་བཅས། །བདུད་རྩི་བསང་མཆོད་མགྲོན་ལ་ཐོགས་མེད་གཤེགས། །ཡཀྵ་མ་ཧཱ་རཱ་ཛ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛཿ བསྟོད་དེ་འབུལ་བ་དངོས་ནི། ཀྱེ། སྔོན་ཚེ་རང་བྱུང་པདྨ་འབྱུང་གནས་དང༌། །རྗེ་འབངས་སྤྲུལ་པའི་ལོ་པཎ་ཚོགས་རྣམས་ཀྱིས། །བོད་ཡུལ་ཆོས་ཀྱི་སྣང་ཆེན་བདལ་བའི་ཚེ། །གངས་ཅན་མཐའ་


TN02_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་དྲེགས་པ་དབང་བསྡུས་ནས། །བསྟན་པ་སྐྱོང་བའི་ཕྲིན་ལས་གཉེར་དུ་གཏད། །བདག་ནི་རིག་འཛིན་དེ་ཡི་ཆོས་ཀྱི་གདུང༌། ཁྱོད་ཀྱང་ཕྲིན་ལས་དེ་ཡི་གཉེར་ལེན་ཏེ། །སྔོན་གྱི་ཐ་ཚིག་ཞལ་བཞེས་བསྐུལ་བ་དང༌། །མ་འོངས་ལས་བཅོལ་གཞུང་དུ་སྲོང་བ་དང༌། །ད་ལྟ་རྣལ་འབྱོར་གཡར་དམ་སྲེ་བའི་ཕྱིར། །བཀྲ་ཤིས་ཡིད་འོད་གཙང་མའི་གནས་མཆོག་འདིར། །དྲག་རྩལ་མྱུར་མགྱོགས་དགྲ་ལྷ་ཁྱོད་བོས་ནས། །དགེ་མཚན་བདུད་རྩི་ཅན་གྱི་ཤིང་སྣའི་ཚོགས། །གཙང་ཞིང་གཙང་མར་སྦྱར་བའི་བདུག་སྤོས་དང༌། །དཀར་མངར་ཤ་ཁྲག་དབང་པོའི་རྣམ་ལྔའི་གསུར། །གཟི་འབར་བྱིན་ཟའི་ཞལ་དང་མཉམ་སྦྱར་ཏེ། །མ་དག་དངོས་སྣང་སྟོང་ཆེན་ཐིག་ལེར་སྦྱངས། །དག་པའི་ཡེ་ཤེས་མིག་འཕྲུལ་རོལ་པ་ལྟའི། །རྣམ་འགྱུར་ཅིར་ཡང་འཆར་བ་ཆུ་ཟླའི་གར། །རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ། །འདོད་ཡོན་སྒྱུ་མའི་སྤྲིན་ཕུང་འབྱམས་ཀླས་པར། །བྱིན་གྱིས་བརླབས་པའི་བསང་མཆོད་བདུད་རྩི་འདིས། །སྲིད་ན་ཆེ་བཙན་དབང་དྲག་ལས་ཀྱི་ལྷ། །སྙན་བརྗིད་གྲགས་པ་རླུང་གི་ཤེ་མོང་ཅན། །བཙན་རྒོད་ཡང་ལེ་བེར་གྱི་དགྱེས་པ་བསྐང༌། །གནོད་སྦྱིན་ཆེན་པོའི་སྐུ་ཡི་རྣམ་འཕྲུལ་བ། །གདུག་བྱེད་འབར་བ་མཆེད་དྲུག་དགྱེས་པ་བསྐང༌། །ཐུགས་འཛིན་འཕྲུལ་གྱི་བཙུན་མོ་བརྒྱ་ཕྲག་དང༌། །བཀའ་ཡི་བློན་འཁོར་སྡེ་བརྒྱད་དྲེགས་པའི་ཚོགས། །བཙན་དམག་བྱེ་བ་འབུམ་སྡེའི་དཔུང་དང་


TN02_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །མ་ལུས་ལུས་མེད་ཐམས་ཅད་དགྱེས་པ་བསྐང༌། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །སྒོ་གསུམ་མི་ཤེས་བག་མེད་དབང་གྱུར་ནས། །དམ་ཅན་གཡེལ་དང་ཞུད་ཅིང་ཆད་པའི་ལས། །བགྱིས་དང་བགྱིད་སྩལ་ནོངས་པ་ཐོལ་ཞིང་བཤགས། །སྲུང་མའི་དགྱེས་ཞལ་ཟླ་ལྟར་འཛུམ་པ་དང༌། །མཐུ་སྟོབས་གཟི་བྱིན་ཉི་མའི་བཀྲག་འབར་བས། །བདག་ཅག་དཔོན་སློབ་མི་ནོར་ཡོན་མཆོད་ཀུན། །སྲུང་སྐྱོབས་ར་གུར་མཚམས་ལས་མི་འདོར་ཞིང༌། །གཞི་ལ་བཀྲ་ཤིས་བྱེས་སུ་གང་བསམ་འགྲུབ། །ཆོས་དང་སྲིད་ཀྱི་ལེགས་ཚོགས་གོང་འཕེལ་བས། །གནས་སྐབས་བསྟན་འགྲོའི་དོན་ཆེན་འགྲུབ་པ་དང༌། །མཐར་ཐུག་བདུད་འདུལ་གར་དབང་ཧེ་རུ་ཀའི། །གོ་འཕང་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཡིག་བརྒྱ་བརྗོད། ཁྱེད་ཀྱི་སོགས། ཤིས་བརྗོད་བྱའོ། །ཁུངས་མེད་ཀྱི་སྨྱོ་གཏམ་འབྲི་འདུན་མེད་ཀྱང༌། ཤྲཱིའི་ངོ་མ་ཆོག་པར་རྡོ་སྟོང་སྨྱོན་པས་སྐད་ཅིག་ལ་བྱུང་རྒྱལ་བྲིས། །


previousགནོད་སྦྱིན་ཡང་ལེ་བེར་གྱི་བསང་མཆོད་མདོར་བསྡུས།next