Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
རྡོ་བསང་གཏོང་ཚུལ་ཉམས་དགའ་བྱིས་པའི་རྩེད་མོ།
   
   
   
   


 
previousརྡོ་བསང་གཏོང་ཚུལ་ཉམས་དགའ་བྱིས་པའི་རྩེད་མོ།next

རྡོ་བསང་གཏོང་ཚུལ་ཉམས་དགའ་བྱིས་པའི་རྩེད་མོ།


TN02_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་བསང་གཏོང་ཚུལ་ཉམས་དགའ་བྱིས་པའི་རྩེད་མོ་རྡོ་ཡུལ་དགའ་བའི་རྒྱན། དང་པོར་མཛད་བཅུ་དང་གུ་རུའི་རྣམ་ཐར་བཀླག །ཆ་གསུམ་བཏང་ཡང་ལེགས། དེ་ནས་གུ་རུ་ཞི་དྲག་དང་རྟ་མགྲིན་གང་རུང་གི་བདག་བསྐྱེད་སྒོམ། བསང་དངོས་ལ། བསང་སྟེགས་དཀར་ཟླུམ་སྟེང༌། གདོལ་བཤན་སོགས་མིན་པ་གཙང་མའི་ཁྱིམ་ལྟ་བུ་ནས་བླང་བའི་མེ་དང༌། བཟང་ཤིང་སོགས་བསང་གཞུང་རྣམས་ལས་འབྱུང་བ་ལྟར་འདུ་བྱ། དཀར་དམར་གྱི་གཏོར་མ་དང་ཀླུ་གཏོར་རྣམས་སོ་སོའི་རྫས་ཀྱིས་བརྒྱན་པ་བཤམས། རིན་པོ་ཆེའི་སྣོད་དུ་འབྲས་སམ་ནས་གཙང་མ་ལ་སིདྡྷི་དང་རྟེན་སྙིང་སྤེལ་བ་བརྒྱ་རྩ་ཡན་ཆད་ཀྱིས་བསྔགས་ཏེ་རྒྱལ་བའི་བཀའ་རྟགས་རྡོ་རྗེའི་སྲུང་བ་དམ་པོར་བྱིན་གྱིས་བརླབས་ལ་སྟེགས་མཐོ་བར་བཀོད། ལྷའི་ང་རྒྱལ་བརྟན་པོས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་མཐུ་ཡིས། །ཡུལ་འདིར་རྟག་ཆགས་ལྷ་མགོན་རྣམས། །གནས་ནས་ཕྱུངས་ཏེ་ཤུལ་འཛིན་ཞིང༌། །ནད་མུག་འཁྲུགས་རྩོད་སློང་བ་དང༌། །རྒྱ་འདྲེ་འགོང་པོའི་སྣ་འཁྲིད་པའི། །ནག་ཕྱོགས་མི་མིན་གདུག་པ་རྣམས། །སྐད་ཅིག་ཤིང་ལོ་རླུང་ཁྱེར་བཞིན། །རང་དབང་མེད་པར་འདིར་ཁུག་ཅིག །རིལ་བུ་དང༌། ཆང་བུ་ཉེར་གཅིག །ཤ་ཆང་ལ་ཕུག་སོགས་ཚོགས་པའི་གཏོར་མ། ཨོཾ་ཨཱཿཧཱཾཨུ་གསུམ་དང༌། སཾ་བྷ་ར་ཉེར་གཅིག །མཚན་བཞི་ལན་གསུམ་གྱིས་བསྔོས་ནས། ཡུལ་འདིར་རྟག་ཆགས་


TN02_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མགོན་རྣམས། །གནས་ནས་ཕྱུངས་ཏེ་ཤུལ་འཛིན་ཞིང༌། །ནད་མུག་འཁྲུགས་རྩོད་སློང་བ་དང༌། །རྒྱ་འདྲེ་འགོང་པོའི་སྣ་འཁྲིད་པའི། །ནག་ཕྱོགས་མི་མིན་གདུག་པ་རྣམས། །མཆོད་སྦྱིན་གཏོར་མས་ཚིམ་བྱོས་ལ། །ཐག་རིང་རྒྱ་མཚོའི་ཕ་མཐར་སོངས། །གལ་ཏེ་མི་ཉན་འཚེ་བྱེད་ན། །དཀོན་མཆོག་བདེན་མཐུའི་ཞགས་པས་བཅིང༌། །རིག་སྔགས་དྲག་པོའི་མཚོན་ཆར་དབབ། །སྟོང་པ་ཤེས་པའི་མེ་ཡིས་སྦྱང༌། །མིང་ཡང་མེད་པར་བརླག་པར་འགྱུར། །དྲག་སྔགས་རྡོ་ཐུན་དང་བཅས་པས་བསྐྲད། སྲུང་གུར་སྒོམ། དེ་ནས་བསང་རྫས་རྣམས་སྔགས་དྲུག་ཕྱག་དྲུག་དང༌། བདག་གི་བསམ་པའི་སོགས་གསུམ་གྱིས་བརླབ། ཀྱེ། ཛམ་གླིང་བོད་ཀྱི་ས་ཆའི་སྨད། །མདོ་ཁམས་རྡོ་ཡུལ་ཞེས་གྲགས་པ། །ས་གཞི་སྣུམ་ལ་བསིལ་དྲོད་སྙོམ། །འབྲོག་ས་དྭངས་ལ་རོང་ཡུལ་གཤིན། །སྤེན་ལ་བག་དྲོ་ཕུན་སུམ་ཚོགས། །དེ་ལ་གནས་སུ་འདུ་ཤེས་ཏེ། །མཆོད་ན་འགོ་ཞིང་བསྟེན་ན་ཉེ། །སྦུ་གུ་མི་ཡི་མགོན་བྱེད་ཅིང༌། །ཕན་གནོད་ལས་ལ་དབང་ཆེ་བ། །རྡོ་སྟོད་རལ་པ་རྩེ་དགུ་དང༌། །རྡོ་སྙིང་མཐོན་པོ་མན་ཆད་ནས། །རྡོ་གཞུང་ཐང་ཡག་མགར་དམར་དང༌། །རྡོ་གཞུག་ཁྲོ་ཆེན་རྟིང་པ་ཡིན། །གཞི་ལ་བདག་ཏུ་བཟུང་སྔ་ཞིང༌། །སྲིད་སྡེར་བྱས་པ་མང་བ་ཡིས། །སྡེ་བརྒྱད་ཕོ་མོ་མ་ནིང་རིགས། །ཆེ་རྒྱུད་ཆུང་རྒྱུད་


TN02_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བར་མའི་རྒྱུད། །རིགས་དང་ཀུན་སྤྱོད་ཐ་དད་དང༌། །རྣམ་འགྱུར་ཆ་བྱད་སྣ་ཚོགས་ལ། །མིང་དང་མཚན་ནས་ཕྱུང་ཙ་ན། །སྟོང་སྡེས་ཤེས་དང་མི་ཤེས་པ། །ཐམས་ཅད་སྦྱིན་པའི་ཞིང་བསྡུས་ཏེ། །མགྲོན་ལ་འབོད་ཀྱིས་ད་ཚུར་སྤྱོན། །ཆེ་སྟེ་མངའ་ཐང་བརྒྱང་ཡང་བརྒྱང༌། །ང་ཆེ་ཟེར་ཞིང་འགྱིང་མ་བསྐྱེད། །ཆུང་སྟེ་རེང་བུར་འཛུམ་ཡང་འཛུམ། །ཞན་ནོ་སྙམ་ནས་བག་མ་འཁུམ། །ཀུན་ཀྱང་མོས་དུང་གུས་པ་ཡིས། །དཀོན་མཆོག་བདེན་པའི་བཀའ་ལ་ཉོན། །དབང་དྲག་པདྨའི་དམ་ལ་ཞུགས། །སྔགས་ཀྱི་ཕམ་ཕབ་ཟ་རུ་འདུས། །བཀའ་རྟགས་སྲུང་བ་ལེན་དུ་ཤོག །གཙང་མ་བསང་གི་མཆོད་པ་འདི། །བདུད་རྩི་ཅན་གྱི་ཤིང་སྣ་སྦྱར། །བཀྲ་ཤིས་མཐུན་པའི་མེ་ལ་བཞུས། །དག་བྱེད་ཆབ་ཀྱི་ཟེར་མས་བྲན། །ཏིང་འཛིན་སྔགས་རྒྱས་བྱིན་གྱིས་བརླབས། །རྟེན་འབྲེལ་བཟང་པོའི་སྒྱུ་མས་སྤྲུལ། །དྲི་ཞིམ་དུད་པའི་ན་བུན་འཁྲིགས། །མཛེས་པའི་མེ་སྟག་གློག་ཕྲེང་འགྱུ། །འདོད་ཡོན་ལོངས་སྤྱོད་ཆར་ཆེན་འབེབས། །ལྷ་འདྲེའི་མིག་སྔར་ལྟད་མོ་ཆེ། །རླུང་སེམས་ལུས་ལ་བདུད་རྩི་འདྲ། །དྲི་ཚོར་སྣང་བ་དགའ་བདེར་འཆར། །ཕྱོགས་རིས་མེད་དེ་ནམ་མཁའ་ཁྱབ། །འཐེན་ཁྱེར་མི་དགོས་སྙོམས་པར་བརྡལ། །སྔགས་ཀྱི་ནུས་པས་ཟད་མི་ཤེས། །གང་ལྟར་


TN02_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་དེ་ལྟར་སྣང༌། །ཅི་འདོད་འབྱུང་བའི་ཡིད་བཞིན་སྤྲིན། །ཕུད་ཀྱིས་དཀོན་མཆོག་རྣམ་གསུམ་མཆོད། །བདེ་གཤེགས་ལྷག་མ་བྱིན་རླབས་ཆེ། །སངས་རྒྱས་བཞེས་འཕྲོ་བསོད་ནམས་ཞིང༌། །འཕགས་པའི་ཕམ་ཕབ་དངོས་གྲུབ་རྫས། །འདི་ལྟར་ཡ་མཚན་ཆེ་བ་ཡི། །བསང་མཆོད་བདུད་རྩི་ཁྱད་འཕགས་པས། །རྡོ་གཞུང་མཐིལ་ན་མིང་ཆེ་བ། །རིག་འཛིན་སྔགས་པའི་ཉེ་དུ་ཆེ། །ཐང་ཡག་དམ་ཅན་མགར་བ་དམར། །སྐུ་འཁོར་གཡོག་དང་བཅས་རྣམས་བསང༌། །རྡོ་སྟོད་ཕུ་ཡི་ཁ་འཛིན་པ། །གཏེར་བདག་རྡོ་སྙིང་འཐོན་པོ་དང༌། །རལ་པ་རྩེ་དགུའི་གཞི་བདག་བསང༌། །རྡོ་རོང་གཤམ་གྱི་ས་སྲུང་བ། །སྐུ་བླ་གཉན་རྩེ་ཞེས་གྲགས་པའི། །དྲག་རྩལ་ཤུགས་ལྡན་དཔའ་བོ་བསང༌། །གཞན་ཡང་རྡོ་ཡུལ་སྟོད་སྨད་ཀྱི། །སྤུང་བ་རི་དང་བདལ་བ་ཐང༌། །དྲོ་བ་ཉིན་དང་བསིལ་བ་སྲིབ། །སྐྱེས་པ་ཤིང་དང་ཟུག་པ་བྲག །རྒྱུ་ལམ་བཞི་མདོར་གནས་པ་ཡི། །གཞི་བདག་རིགས་སུ་གྱུར་རྣམས་བསང༌། །བསང་ངོ་མཆོད་དོ་དགྱེས་པ་བསྐང༌། །གྲིབ་ཀྱི་གཉིད་འཐིབ་དབྱིངས་སུ་སང༌། །བྱུར་གྱི་བག་རྡུལ་རྩད་ནས་ཐོན། །མི་ཤིས་དྲི་ང་རང་སར་དེངས། །ཐམས་ཅད་ངོམས་ཤིང་ཚིམ་གྱུར་ཏེ། །སྐུ་ལུས་བདེ་ཞིང་ཉམས་སྟོབས་འཕེལ། །ཐུགས་བག་ཕེབས་ལ་མཆོག་ཏུ་སྤྲོ། །


TN02_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཞིང་བྱམས་པའི་ཡིད་ལྡན་ནས། །འཇིག་རྟེན་བདེ་ལེགས་བྱེད་པར་ཤོག །ཅེས་བརྗོད། སླར་ཡང་བསང་ཁ་གསོས་ཏེ། ཨོཾ་ཨཱཿཧཱུཾ། ལན་གསུམ། གཞན་ཡང་བསང་མཆོད་འབུལ་བ་ནི། །སྣ་ཚོགས་རྩི་སྨན་ལས་སྐྱེས་པའི། །བསང་དུད་སྦྲུལ་སྔོན་ཞི་བའི་གཟུགས། །འབྲུ་གསུམ་སྔགས་ཀྱི་སྲོག་དང་ལྡན། །བཅུད་ལྡན་བཟང་ཤིང་ཁུ་བས་འགྲང༌། །འཁྱིལ་ཞིང་བདུད་རྩིའི་ན་བུན་གཏིབས། །འཁྱུག་ཅིང་རྩི་བཅུད་ཞུན་དུ་སྐྱུག །འཕྱོ་ཞིང་ནམ་མཁའ་སྨན་དྲིས་འགེང༌། །གྲིབ་དང་སྡུག་བསྔལ་བལྡག་ཅིང་སེལ། །དབང་པོ་ཡན་ལག་ཟུག་ཅིང་གསོ། །ཀླུ་ལ་འོས་ཤིང་ཀླུ་དང་འཚམས། །ཀླུ་ཡི་རྒྱུད་ལ་མ་བཞིན་བརྩེ། །རྡོ་ཆུ་སྔོན་མོས་གཙོ་བྱས་པའི། །ཆུ་ཀླུང་ཆུ་ཕྲན་ལུ་མ་དང༌། །ལྟེང་ཀ་མཚེའུ་ལ་སོགས་པ། །འབྱུང་བ་ཆུ་ལ་དབང་བསྒྱུར་བའི། །ཆུ་བདག་གཞི་བདག་ཐམས་ཅད་ལ། །སོ་སོར་དགྱེས་པའི་རྫས་སུ་འབུལ། །སྡུག་བསྔལ་ཞི་བའི་སྨན་དུ་སྟེར། །ལུས་སེམས་གསོ་བའི་ཟུངས་སུ་བསྔོ། །བསང་ངོ་མཆོད་དོ་དགྱེས་པ་བསྐང༌། །གྲིབ་ཀྱི་གཉིད་འཐིབ་དབྱིངས་སུ་སང༌། །གྱུར་གྱི་བག་རྡུལ་རྩད་ནས་ཐོན། །མི་ཤིས་དྲི་ང་རང་སར་དེངས། །ཐམས་ཅད་ངོམས་ཤིང་ཚིམ་གྱུར་ཏེ། །སྐུ་ལུས་བདེ་ཞིང་ཉམས་སྟོབས་འཕེལ། །ཐུགས་


TN02_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཕེབས་ལ་མཆོག་ཏུ་སྤྲོ། །ཞི་ཞིང་བྱམས་པའི་ཡིད་ལྡན་ནས། །འཇིག་རྟེན་བདེ་ལེགས་བྱེད་པར་ཤོག །དཀར་གཏོར་འབྲུ་གསུམ་གྱིས་བརླབ། ཨ་ཀཱ་རོས་བསྔོ། གཞི་བདག་གཙང་མ་ཟ་བ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དམར་གཏོར་འབྲུ་གསུམ་གྱིས་བརླབ། ཨ་ཀཱ་རོས་བསྔོ། གཞི་བདག་དམར་ལ་དགའ་བ་རྣམས། །མཆོད་སྦྱིན་གཏོར་མ་སོགས་འགྲེས། ཀླུ་གཏོར་འབྲུ་གསུམ་བྱིན་བརླབ། ཨ་ཀཱ་རོས་བསྔོ། ཀླུ་གཉན་ས་བདག་ཕོ་མོ་རྣམས། །མཆོད་སྦྱིན་གཏོར་མ་འདི་སོགས། །ཀླུ་གཏོར་བསྔོ་ཚུལ་དེ་ལས་སྤྲོ་ན་གཞན་ནས་འབྱུང་བ་སྦྱར། དེ་ནས་ཆོས་བཤད་དམ་བཞག་ནི།


TN02_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ། ཁྲི་གདུགས་ཉི་མ་གླིང་བཞིའི་གོས། །དྲོ་འཇམ་འོད་ལ་མི་འདེ་ན། །གླིང་བཞིར་བསྡད་ཀྱང་རྒྱབ་མི་དྲོས། །ལྷོ་སྤྲིན་ཕྱུག་མོ་ཞིང་བའི་འབྲི། །ཆར་བཅུད་ནུ་ཞོ་མི་དགོས་ན། །བཞོ་འབྲིའི་བརྩི་མཐོང་ཅི་ལ་བྱེད། །སངས་རྒྱས་འཇིག་རྟེན་བསིལ་བའི་གདུགས། །རྗེས་བརྩེའི་བཀའ་འོག་མི་གནས་ན། །སྡུག་བསྔལ་ཚ་གདུངས་ཅི་ཡིས་སེལ། །བོད་ཀྱི་རྣམ་འདྲེན་གུ་རུ་རྗེ། །དམ་ཚིག་འབྲེལ་བ་མ་བཏགས་ན། །པད་འབྱུང་ཐུགས་རྗེས་གང་ནས་འདྲོང༌། །བརྒྱ་བྱིན་ཚངས་པ་མན་ཆད་ཀྱི། །ཆེ་དགུའི་མགོ་གཏད་ཆོས་ལ་བྱས། ཁོང་རྣམས་སྐྱིད་པ་ཆོས་ཀྱི་མཐུ། །ཁྱེད་ཀྱང་ཆོས་ལ་བརྟེན་ན་འཚེང༌། །རྒྱལ་པོའི་རྒྱབ་ཏུ་དཔུང་ཞིག་དགོས། །བྱ་འཕུར་གཤོག་པ་རླུང་ལ་ལྟོས། །འཁྲི་ཤིང་རིང་བ་སྐྱེ་ཡའི་དྲིན། །ལྷ་འདྲེ་ཆེ་ཡང་མགོན་སྐྱབས་དགོས། །སྐྱབས་གནས་བཟང་པོའི་བཀའ་དྲིན་ལས། །སྒྲ་གཅན་ཁ་ཡི་ཟླ་བ་ཐར། །ཆོས་ལ་གནས་པའི་གཟི་བྱིན་གྱིས། །སྲེག་པའི་ཕྲུ་གུས་ནགས་མེ་བཟློག །དུས་ངན་སྙིགས་མའི་དགུན་མཇུག་ལ། །ཆེ་བཙན་མར་མེ་འཁྱག་གིས་འཛིན། །སྐྱབས་གནས་ཉི་མ་འདྲ་བ་དེ། །བསླུ་མེད་དཀོན་མཆོག་རྣམ་གསུམ་ཡིན། །དེ་ཕྱིར་མཆོག་གསུམ་སྐྱབས་སུ་བསྟེན། །བདེན་དང་མི་འཚེ་ཤེད་དུ་ཁུར། །གདུང་བའི་དབྱངས་


TN02_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

སུ་པད་འབྱུང་བོས། །གུམ་གུམ་ཆུམ་ཆུམ་དམ་ལ་སྡོད། །ས་མ་ཡ༌། སྲུང་རྟགས་སྦྱིན་པ་ནི། ད་ནི་ཁྱེད་རྣམས་དཀར་པོའི་ཕྱོགས། །རང་བྱུང་པདྨ་འབྱུང་གནས་སོགས། །སྲས་བཅས་རྒྱལ་བ་རྣམས་ཀྱིས་ཀྱང༌། ཁྱོད་ཅག་ཆོས་ཀྱི་འབངས་སུ་དགོངས། །ཚངས་དང་དབང་པོ་ཉེ་དབང་དང༌། །འཇིག་རྟེན་སྐྱོང་བ་སྡེ་བཞིས་ཀྱང༌། །ཁྱོད་ཅག་སྐྱབས་གནས་གཅིག་པ་དང༌། །བརྟུལ་ཞུགས་གཅིག་ལ་གནས་པར་ཤེས། །ཁྱོད་ཀྱི་ཆབ་སྲིད་བརྟན་པ་དང༌། །ནག་པོའི་གཡུལ་གྱིས་མི་ཕམ་ཕྱིར། །སངས་རྒྱས་ཕྱག་རྟགས་མེ་ཏོག་འདི། །དམག་མིའི་མདའ་བྱང་བཞིན་དུ་ཟུངས། །ཞེས་བརྗོད་དེ་སྔར་བྱིན་གྱིས་བརླབས་པའི་མེ་ཏོག་རྣམས་ཞལ་ནས་གསུངས་པའི་ཤིས་བརྗོད་འདོན་བཞིན་བསང་དཀྱིལ་དུ་འཐོར། དེ་ནས་དར་ཕྱར་དུང་འབུད་རོལ་མོ་ཆེར་སྦིར་བས་དཔའ་ཤུགས་གཟི་མདངས་ཕྱུངས་ལ། ཕྲིན་བཅོལ་བྱ་བ་ནི། ཀྱེ། ཁྱོད་ལ་ཕྲིན་ལས་འཆོལ་བ་ནི། །གཞི་བདག་གཞི་ཡི་ཆུས་ཚུགས་ཟུངས། །ཡུལ་སྐྱོང་ཡུལ་གྱི་སོ་ནམ་མཛོད། །རང་རང་བསྐོས་པའི་ལས་སྐལ་ལགས། །དགེ་བཅུ་འཛོམ་པའི་རྡོ་ཡུལ་འདི། །ཡུལ་གྱི་སྙིང་པོ་སྦས་པའི་གཏེར། །གཏེར་རྒྱ་དགྲ་ཡིས་མི་ཤིགས་པའི། །རིམ་དགུའི་རྒྱ་མདུད་ཁྱོད་ཀྱིས་གྱིས། །ཆུང་ལ་འོད་ལྡན་ས་ཆ་འདི། །ཕག་ནོར་གསེར་གྱི་སྦྲམ་བུ་ཡིན། །གསེར་སྦྲམ་


TN02_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མིས་མི་འཁྱེར་བའི། །མི་སྣང་སྒྲིབ་ཤིང་ཁྱོད་ཀྱིས་གྱིས། །པདྨའི་གདུལ་ཞིང་དུམ་བུ་འདི། །ཡང་གབ་ཆོས་ཀྱི་ལས་སྒོ་སྟེ། །སྒོ་རྩ་མཐའ་འདྲེས་མི་གནོན་པའི། །ལྷ་སྲུང་ལྕགས་རི་ཁྱོད་ཀྱིས་གྱིས། །ལྕགས་རིས་མི་ཐུབ་དགྲ་བྱུང་ན། །སངས་རྒྱས་ཕྱག་རྟགས་ཡིད་བཞིན་ནོར། །རྒྱལ་མཚན་རྩེ་མོར་མཆོད་ལ་ཕྱོར། །མཆོག་གསུམ་བདེན་པའི་རྔ་སྒྲ་སྐུལ། །མི་སེམས་དཀར་པོའི་ཆོས་ལ་སྒྱུར། །ལྷ་དཔུང་མི་ཡིས་བརླིང་བ་དང༌། །མི་མགོ་ལྷ་ཡིས་ཐོན་པ་ཡི། །ཐབས་འཕྲུལ་མཁས་པའི་མཐའ་རྒྱ་སྐྱེད། །རང་གི་ཡུལ་ཁམས་སྐྱིད་དལ་སྤྲོད། །སྐྱིད་ཀྱི་སྙིང་པོ་ཆོས་ལ་སྒྲིལ། །གཞན་སྡེའི་དམག་ལ་བྲེལ་བ་སློང༌། །བྲེལ་བརྒྱའི་འཇའ་ཡིས་འདུན་མ་གཏོར། །སྙིང་གཏོད་མི་ལ་མཛའ་གཞུང་གཅེས། །ཡུལ་མི་བྱམས་པའི་གོ་འོག་ཆུག །བསླུ་བྲིད་དགྲ་ལ་ཁོང་ཟོན་དགོས། །མཐའ་བཞིའི་འདྲེ་དང་བློ་མ་བསྟུན། །སྔ་རབས་སྐྱེས་ཤིང་བློ་གྲོས་རྒན། །སྤྱོད་ཡུལ་བཟང་བའི་ལྷ་ཀླུ་རྣམས། །གཙོ་བོར་བསྐོས་ཀྱིས་སྔ་སྲོལ་ཟུངས། །གསར་སྐྱེས་བག་མེད་འཆལ་བར་སྤྱོད། །ནག་ཕྱོགས་དགའ་བའི་འབྱུང་པོ་རྣམས། །མགོ་འཕང་མ་མཐོ་གྲལ་ཞབས་བཞག །ལྷ་མིའི་བར་དུ་དབྱེན་སྦྱོར་ཞིང༌། །སྡེ་བརྒྱད་ནང་ལ་འཁྲུགས་རྩོད་སློང༌། །


TN02_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཆགས་སྲུང་མ་ཁྱད་བསད་ནས། །གློ་བུར་རྒྱ་འདྲེ་འབོད་པའི་གདོན། །རྒྱལ་ཁམས་ཡོས་ལྟར་རྔོད་པ་རྣམས། །བདུད་འདུལ་ཐུབ་པའི་ཕྱག་རྒྱས་མནན། །དཀོན་མཆོག་མཐུ་ལ་རྒྱབ་བཅོལ་ནས། །དཀར་པོའི་གདན་ཁྲི་དེ་ལྟར་བརྩིགས། །ནག་ཕྱོགས་གོང་བ་དེ་ལྟར་བཅད། །ད་ནི་རང་སྲིད་ཆོས་ཀྱིས་སྐྱོངས། །རྡོ་རྩེ་དགུང་ལ་སྙེག་པ་ཡིས། །བདེ་སྐྱིད་ཉི་ཟླ་སྔ་བར་མཛོད། །རྡོ་གཞུང་ཡངས་ལ་སྙོམ་པ་ཡིས། །ཡུལ་མི་འདུག་ཉམས་དགའ་བར་མཛོད། །རྡོ་མཐའ་བྲག་གིས་བཟུང་བ་ཡིས། །འགོང་པོའི་རྒྱུ་ལམ་ཆད་པར་མཛོད། །རྡོ་མདངས་སྣུམ་ལ་བཀྲག་པ་ཡིས། །གཡང་ཞག་ན་བུན་འཁོར་བར་མཛོད། །ཕྱི་ན་གྲུག་མེད་ནང་གས་མེད། །ཕྱི་ནང་སྲིན་གྱིས་མ་ཟོས་པར། །ལྗིད་ལྡན་གསེར་གྱི་ཕ་བོང་བཞིན། །རྡོ་ཡུལ་འཕོ་འཆུག་མེད་པར་མཛོད། །དོན་དམིགས་བསལ་ཡོད་ན་དཔེར་བརྗོད་ཙམ་དུ། །སྐྱབས་མེད་མགོན་མེད་རི་དྭགས་རྣམས། །ཁྱེད་ཀྱི་ཡུལ་ན་སྐྱིད་དུ་རེ། །གནས་གཅིག་དུང་ཞིང་ཡིད་ཕེབས་པས། །ཁྱིམ་གཅིག་ནང་གི་གཅེས་ཕྲུག་འདྲ། །གཅེས་ཕྲུག་མིག་མཛེས་ཞི་བའི་ཁྱུ། །རྔོན་པའི་བསང་མཆོད་ཁྱི་ཤའི་གཡོས། །བརྗེ་ལེན་བྱེད་ན་འཆལ་བ་ཡིན། །ཡ་རབས་འཇིག་རྟེན་སྤྱོད་སྲོལ་ལྟོས། །ལྷ་རིས་མཐོ་ཡང་རྒྱན་ཆ་དགོས། །གཞི་བདག་ཕྱུག་ཀྱང་


TN02_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཟིགས་གཅེས། །གར་ཡང་དགོས་པའི་རི་དྭགས་ཁྱུ། །ཡལ་བར་མ་དོར་བུ་བཞིན་སྲུང༌། །ཞེས་པ་ལྟ་བུའོ། །ཀྱེ། དེ་རིང་བྱམས་པའི་རྣལ་འབྱོར་གྱིས། །ནམ་མཁའ་རླུང་གི་རྒྱལ་བའི་ནང༌། །ཤིང་མཆོག་དུ་བའི་སྨན་སྣས་གཏམས། །ལྷ་ཀླུ་དགའ་བའི་བདུད་རྩིར་སྤར། །བཀའ་རྟགས་རྡོ་རྗེའི་སྲུང་བར་བཅས། །ཁྱེད་ལ་སྐྱེས་སུ་བསྟབས་པ་འདི། །བྱུར་དུ་མ་བསམ་དཔལ་དུ་སོམས། །འཁོན་དུ་མ་ལྟ་དྲིན་དུ་ལྟོས། །དྲིན་གྱི་ནང་ནས་དམ་པར་ལྟོས། །དེ་རིང་གདུགས་ཀྱི་ཤར་ཞབས་ཕན། །རྡོ་ཡུལ་སྟོད་སྨད་བར་གསུམ་གྱི། །ས་བདག་ཆུ་བདག་ཆེ་ཕྲ་ཀུན། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །བསམ་པ་ཞི་ཞིང་སྦྱོར་བ་འཇམ། །རང་བཞིན་བཟང་ལ་རྣམ་པ་མཉེན། །འཛུམ་པའི་བཞིན་ལ་དགའ་བའི་ཡིད། །བརྩེ་དུང་མོས་པར་ལྡན་པ་ཡིས། །དུས་རྣམས་ཀུན་ཏུ་ཕྲིན་ལས་སྒྲུབ། །ས་གཞི་མི་འགྱུར་རྡོ་རྗེའི་གདན། །ཆུ་བསིལ་འཆི་མེད་བདུད་རྩིའི་སྐྱེམས། །རྩི་ཐོག་འདུ་བའི་ནད་སེལ་སོགས། །དགེ་བཅུའི་རྟེན་འབྲེལ་ལེགས་ཕྱོགས་བསྒྱུར། །ཕྱི་སྣོད་དངོས་གྲུབ་མེ་ཏོག་བཞད། །ནང་བཅུད་རྣལ་འབྱོར་བུང་བ་ཚིམ། །དགའ་སྐྱིད་བདེ་བའི་གླུ་དབྱངས་ཀྱིས། །འཇིག་རྟེན་ཁྱབ་པའི་བཀྲ་ཤིས་སྩོལ། །ཅེས་


TN02_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་སུ་བསམ་པ་མྱུར་འགྲུབ་ཀྱང་འདོན་ནོ། །ཞེས་པ་རྡོ་པ་བླ་མའི་མིང་བཏགས་ཁ་མང་ལག་མང་ཞེས་བྱ་བས་གནམ་ལོ་ཆུ་བྱི་འཆར་ལ་ཉེ་བའི་ཚེ་འཆི་མེད་ཐང་སྟོང་རྒྱལ་པོའི་གཞལ་མེད་ཁང་པར་སྦྱར་བའོ།། །།


previousརྡོ་བསང་གཏོང་ཚུལ་ཉམས་དགའ་བྱིས་པའི་རྩེད་མོ།next