མགར་དམར་བསང་མཆོད།
ཟོ་དོར་ཆེན་པོ་རྡོའི་མགར་དམར་ལ་བསང་མཆོད་འབུལ་བར་འདོད་པས། གཙང་ཕྱེ་ཨ་མྲྀ་ཏའི་བྲན་པ་དང༌། འོ་ཞོ་ཇ་ཆང་གི་སྐྱེམས་ཅི་རིགས་བསགས་ལ། རཾ་ཡཾ་ཁཾ། བསང་རྫས་འདོད་དགུའི་ཡོན་ཏན་མི་ཟད་པའི་གཏེར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཞིན་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་ཨཱཿཧཱུཾ། ལན་གྲངས་ཅི་ནུས་བརྗོད་ལ། ཀྱཻ། མི་ཤིགས་བརྗོད་བྲལ་འདུས་མ་བྱས་པའི་ཀློང༌། །སྤྲོས་བྲལ་རྡོ་རྗེའི་རང་གདངས་འགགས་མེད་གཟུགས། །རྒྱལ་ཀུན་མཐུ་སྟོབས་དབང་ཕྱུག་གསང་བའི་བདག །བཛྲ་པ་ཎིའི་སྒྱུ་འཕྲུལ་རོལ་པའི་གར། །འཇིག་རྟེན་སྲིད་པའི་སྡེ་དཔོན་ཆེན་པོའི་ཚུལ། །ཡོངས་ཤར་ཐང་ཡག་དམ་ཅན་མགར་དམར་ནི། །རེས་འགའ་ཞི་བ་དགེ་བསྙེན་ལྷ་ཡི་ཆས། །བ་དན་ནོར་བུ་འཛིན་ཅིང་ཤ་བ་ཞོན། །རེས་འགའ་གནོད་སྦྱིན་ཁྲོས་པ་མ་རུངས་པས། །རལ་གྲི་ཐོ་བ་འཛིན་ཅིང་རླུང་ལ་བཅིབས། །རྫུ་འཕྲུལ་མཐུ་སྟོབས་ཆེ་བཙན་འགྲན་ཟླ་མེད། །རྣལ་འབྱོར་བདག་དང་ཁྱོད་གཉིས་གཡར་དམ་གཅིག །དེ་ཕྱིར་ཏིང་འཛིན་དག་པས་ཁྱོད་འབོད་ན། །མ་ཐོགས་ཡུད་ཀྱིས་གནས་འདིར་གཤེགས་སུ་གསོལ། །དཔག་ཡས་ཏིང་ངེ་འཛིན་གྱིས་བྱིན་བརླབས་པའི། །བསང་རྫས་ཐབས་ཀྱི་རང་བཞིན་བསྲེགས་ཟའི་ཞལ། །སྟོང་ཆེན་ཤེས་རབ་དབྱིངས་དང་མཉམ་སྦྱོར་ལས། །བྱུང་བའི་དུད་སྤྲིན་ཟག་མེད་འདོད་དགུའི་རྫས། །མི་ཟད་ནམ་
མཁའ་མཛོད་དུ་བྱིན་བརླབས་པས། །དྲེགས་པའི་གཙོ་བོ་དམ་ཅན་ཆེན་པོ་བསང༌། །དགྱེས་ཡུམ་སྨན་མོ་ཁྲག་གི་རལ་པ་བསང༌། །ཕོ་ཉ་མངག་གཞུག་སྲིན་མོ་ཁྲག་མིག་བསང༌། །ཤན་པ་འབུམ་སྡེའི་གཙོ་བོ་མྱུར་མགྱོགས་བསང༌། །གནོད་སྦྱིན་བྱེ་བ་འབུམ་སྡེའི་འཁོར་ཚོགས་བསང༌། །ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ་བསང༌། །དེ་ལྟར་བསང་ཞིང་མཆོད་པའི་བྱིན་ནུས་ཀྱིས། །གསང་ཆེན་བསྟན་པ་ཕྱོགས་མཐར་རྒྱས་པ་དང༌། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་གོང་འཕེལ་མཐུས། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུགས་རྩོད་ཞི། །ཚེ་དང་བསོད་ནམས་གོང་ནས་གོང་དུ་འཕེལ། །སྲིད་པའི་འདོད་ཡོན་མི་ཟད་ཆར་དུ་བསྙིལ། །ལོག་ལྟའི་དམ་ཉམས་དམ་སྲི་མྱུར་དུ་སྒྲོལ། །མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང༌། །དགྲ་ཇག་ཆོམ་རྐུན་གཅན་སྤྱང་འཇིགས་པ་སྐྱོབས། །བསམ་པའི་དོན་ཀུན་མ་ལུས་ལྷུན་གྲུབ་མཛོད། །ཅེས་པའང་རྡོའི་ཟོ་དོར་ཆེན་པོ་ཐང་ཡག་དམ་ཅན་མགར་དམར་ལ་བསང་མཆོད་དགོས་ཞེས་རིག་དཔོན་མདོ་སྔགས་ནས་བསྐུལ་ངོར། རྡོ་སྤྲུལ་གཟུགས་དེས་སོ། །