Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མང་པོ་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ།
   
   
   
   
   
   
   


 
no previousསངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མང་པོ་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ།next

སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མང་པོ་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ།


TN03_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མང་པོ་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ་ཞེས་བྱ་བ་བཞུགས། །


TN03_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

(༤)ན་མ་ཤཱཀྱ་མུ་ན་ཡེ། བཟོད་བཀའ་སྲིད་པའི་ཚ་གདུང་འཇིལ་བའི་སྨན། །བླ་མེད་ཡོན་ཏན་བདུད་རྩིའི་རྒྱུན་ཆགས་པ། །རྒྱལ་དབང་གྲགས་པ་ཀུན་དགའི་མེ་ཏོག་ཐོད། །གཙུག་ཏུ་བཅིངས་ནས་དོན་ལྡན་གཏམ་འདི་གླིང་། །དེ་ཡང་འཕགས་པ་ཞི་བ་ལྷས། དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་གྱི་འཇིགས་པའང་བསལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །ཞེས་གསུངས་པ་དང་ཚུལ་མཐུན་པར། །ཐུགས་རྗེ་ཆེན་པོའི་སྦྱངས་པ་རབ་ཀྱི་མཐར་ཕྱིན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སྐད་ཅིག་ཙམ་ཡང་གདུལ་བྱའི་ཁམས་ཡལ་བར་མི་འདོར་ཞིང་། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་གཞན་གྱི་དོན་ལ་གཞོལ་བས། འཕགས་པའི་སྐྱེ་བོ་དང་ཕྲད་པའི་ལས་ཡོངས་སུ་གྲུབ་པ་རྣམས་སྐུ་དངོས་ཀྱི་མཛད་པ་དང་། བསོད་ནམས་ཀྱི་ཚོང་ཟོང་ལེགས་པར་མ་བསྒྲུབས་པའི་སེམས་ཅན་གཞན་རྣམས་ཀྱང་ཐ་ན་མཚན་ལན་གཅིག་


TN03_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

(༥)རྣ་ལམ་དུ་ཐོས་པས་ཀྱང་མཐར་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ཚུན་ཆད་ཀྱི་ཕྲིན་ལས་ཚད་མེད་པས་རྗེས་སུ་འཛིན་པ་དུས་ལས་མི་ཡོལ་ལོ། །དེའི་ཕྱིར་མགོན་པོ་དེ་དག་གི་མཚན་གྱི་ཡི་གེ་འབྲུ་གཅིག་ཙམ་ཡང་རྣ་བར་ཐོས་པ་དང་། ཡིད་ལ་དྲན་པ་དང་། ངག་ཏུ་བརྗོད་པར་བྱེད་པ་ཐམས་ཅད་གཅིག་ཏུ་དགེ་ལ་དོན་ཡོད་པ་ཁོ་ན་ཡིན་ཏེ། ཆེན་པོ་རྣམས་ཀྱི་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ་སྤྲོས་པས་ཆོག་གོ །དོན་འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དུ་མར་དེ་བཞིན་གཤེགས་པའི་མཚན་མང་པོ་དང་། དེ་དག་གིས་བྱིན་གྱིས་རླབས་དང་། དེའི་རྒྱུ་མཚན་སྔོན་གྱི་ཁྱད་པར་མང་པོ་ལས་བརྩམས་ཏེ་རྒྱ་ཆེར་ཡང་དང་ཡང་དུ་བཀའ་སྩལ་པ་རྣམས་ཀྱི་ནང་ནས་རེ་ཞིག་ཆེ་ལོང་ཙམ་ཞིག་ནི་འདིར་ཡང་བཤད་པར་བྱ་བའི་ཆོས་སོ། །དེ་ནི་འདི་ལྟར་སེམས་ཅན་དགེ་བའི་རྩ་བ་ཡོངས་སུ་བསགས་པ་རྣམས་ཀྱང་གོང་ནས་གོང་དུ་ཁྱད་པར་ཆེན་པོ་


TN03_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

(༦)ལ་སྦྱོར་ཞིང་། །དགེ་རྩ་དམན་པ་རྣམས་ཀྱི་རྒྱུད་ལ་ཡང་བསོད་ནམས་ཀྱི་ཕུང་པོ་མཐའ་ཡས་པ་སྒྲུབ་པའི་ཐབས། ངལ་བ་མང་པོ་ལ་མི་ལྟོས་པས་བརྩོན་འགྲུས་ཆུང་ངུར་གྱུར་པས་ལྷུར་ལེན་པར་འགྱུར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ལས་བྱུང་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་རྒྱ་ཆེར་ཀུན་ལ་སྦྱར་ཏེ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་རྣམས་སོ། །དེ་བཞིན་གཤེགས་པ་ཡོན་ཏན་རིན་ཆེན་དཔག་ཏུ་མེད་པ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་དང་། དེ་བཞིན་གཤེགས་པ་ཡོན་ཏན་རིན་ཆེན་དཔལ་


TN03_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

(༧)བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་དང་། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་དང་། དེ་བཞིན་གཤེགས་པ་སྤོབས་པ་དཔག་མེད་བཀོད་པ་ཡང་དག་པར་སྤྱོད་པའི་བློ་དང་། དེ་བཞིན་གཤེགས་པ་འབྲུག་སྟོང་བསྒྲགས་པའི་སྒྲ་སྐད་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་མཆོག་འོད་དཔལ་དང་། དེ་བཞིན་གཤེགས་པ་གཟི་བརྗིད་ཀྱི་རྒྱལ་པོ་རྣམ་སྣང་དཔལ་སྣང་དང་། དེ་བཞིན་གཤེགས་པ་བསྐལ་པ་བྱེ་བ་གྲངས་མེད་པར་བྱང་ཆུབ་ཡང་དག་པར་བསྒྲུབས་པ་དང་། དེ་བཞིན་གཤེགས་པ་གསེར་བཟང་པོ་དང་། ནམ་མཁའ་ངེས་པར་སྒྲོགས་པ་བཀོད་པའི་འོད་དང་། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་ཚུལ་ལ་རྣམ་པར་འཕྲུལ་པའི་གཟི་བརྗིད་ཀྱི་འོད་ཅེས་བྱ་བའི་མཚན་རྣམས་ནི། བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ལས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འདུལ་བ་དང་། དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བར་པདྨོ་རབ་ཏུ་རྒྱས་པའི་སྐུ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་དང་། དེ་བཞིན་གཤེགས་པ་སེངྒེ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་འོད་


TN03_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

(༨)ཟེར་རབ་ཏུ་རྒྱས་པའི་སྐུ་དང་། །དེ་བཞིན་གཤེགས་པ་མངོན་པར་ཤེས་པ་ཐམས་ཅད་བློ་གྲོས་འོད་ཟེར་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཟླ་བའི་ཐུགས་དང་། དེ་བཞིན་གཤེགས་པ་དཔལ་བཟང་པོ་ཞེས་བྱ་བའི་མཚན་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་སོ། །དེ་བཞིན་གཤེགས་པ་ཤིན་ཏུ་ཡོངས་བསྒྲགས་དཔལ་དང་། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པ་གྲགས་མཆོག་དཔལ་དང་། དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བའི་རྩལ་དང་། དེ་བཞིན་གཤེགས་པ་ཡོན་ཏན་བཀོད་པའི་དཔལ་ཀུན་ཏུ་སྣང་བ་དང་། དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དཔལ་ཐོགས་པ་མེད་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་པདྨ་ལས་རྣམ་པར་གནོན་པས་བཞུད་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་པདྨ་ལ་རབ་ཏུ་གནས་པ་སཱ་ལའི་རྒྱལ་པོ་སྟེ་མཚན་འདི་དག་ནི་སངས་རྒྱས་བརྒྱུད་པའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པ་ལས་ཀྱང་དེ་བཞིན་གཤེགས་པའི་མཚན་བརྗོད་པར་མཛད་དེ། དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་མེ་ཏོག་གི་འོད་ཀྱི་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་དག་དང་།


TN03_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

(༩)དེ་བཞིན་གཤེགས་པ་རབ་ཏུ་ཞི་བ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་བརྩོན་འགྲུས་གྲངས་མེད་པར་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་རྣམས་སོ། །རྒྱལ་པོའི་བུ་རིན་ཆེན་ཟླ་བས་ཞུས་པ་ལས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པ་དཔལ་བཟང་པོ་དང་། དེ་བཞིན་གཤེགས་པ་ཙནྡན་དཔལ་དང་། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་པ་མེ་ཏོག་གི་དཔལ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་དང་། དེ་བཞིན་གཤེགས་པ་རིན་པོ་ཆིའི་མཆོད་སྡོང་དང་། བདེ་བཞིན་གཤེགས་པ་མེ་ཏོག་དཔལ་དང་། དེ་བཞིན་གཤེགས་པ་མངོན་པར་ཤེས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པར་རོལ་པ་དང་། དེ་བཞིན་གཤེགས་པ་སྣང་བའི་དཔལ་དང་། དེ་བཞིན་གཤེགས་པ་ནོར་དཔལ་ཞེས་བྱ་བ་རྣམས་སོ། །སངས་རྒྱས་བདུན་པའི་མདོ་ལས་ཀྱང་གསུངས་ཏེ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་གཙུག་ཏོར་ཅན་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོ་བ་དང་། དེ་བཞིན་གཤེགས་པ་འཁོར་བ་འཇིགས་དང་། དེ་བཞིན་གཤེགས་པ་གསེར་ཐུབ་དང་། དེ་བཞིན་གཤེགས་པ་འོད་སྲུང་དང་། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་རྣམས་སོ། །གཞན་ཡང་། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་དང་། དེ་བཞིན་གཤེགས་པ་པདྨ་དམ་པའི་དཔལ་དང་། དེ་བཞིན་གཤེགས་པ་ཉི་མའི་


TN03_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

(༡༠)དཀྱིལ་འཁོར་སྣང་བ་དམ་པའི་དཔལ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་གཅིག་པ་དམ་པ་དང་། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་དམ་པ་རྣམ་པར་གནོན་པའི་དཔལ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་དཀྱིལ་འཁོར་གཟི་བརྗིད་ཀྱིས་མངོན་པར་འཕགས་པའི་རྒྱལ་པོའི་དཔལ་དང་། དེ་བཞིན་གཤེགས་པ་རིན་ཆེན་མེ་ཏོག་ཀུན་ཏུ་སྣང་བའི་དཔལ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དང་། དེ་བཞིན་གཤེགས་པ་གོ་འཕང་མཐའ་ཡས་རྣམ་པར་གནོན་དང་། དེ་བཞིན་གཤེགས་པ་སྤོས་མཆོག་མཐའ་ཡས་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་ཆེན་དམ་པ་དང་། དེ་བཞིན་གཤེགས་པ་མཐུ་སྣང་ཆེ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དམ་པ་སྟེ་འདི་དག་ནི་མདོ་སྡེ་སངས་རྒྱས་ཀྱི་དབུ་རྒྱན་ལས་སྨོས་པ་རྣམས་སོ། །ཡང་དེ་བཞིན་གཤེགས་པ་ནམ་མཁའི་དཔལ་དྲི་མེད་རྡུལ་སེལ་རབ་མཛེས་ཡོན་ཏན་གྱི་ཏོག་གི་འོད་མེ་ཏོག་པདྨ་བཻཌཱུརྱའི་འོད་ཟེར་རིན་པོ་ཆེའི་གཟུགས་ལྟ་བུའི་སྐུ་དང་ལྡན་པ་སྤོས་མཆོག་དམ་པའི་མཆོད་པ་སྐུ་རྣམ་པར་སྤྲས་ཤིང་ལེགས་པར་བརྒྱན་པ་གཙུག་ཏོར་གྱི་གཙུག་ནས་ཉི་མའི་འོད་ཟེར་དཔག་མེད་ཟླ་འོད་སྨོན་ལམ་གྱིས་བརྒྱན་པ་རབ་སྤྲུལ་བཀོད་པ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མངོན་འཕགས་ཆགས་མེད་རིན་ཆེན་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཆུ་ལྷ་གཞོན་ནུ་ཉི་མའི་སྒྲོན་མ་ཟླ་བའི་མེ་ཏོག་རིན་ཆེན་པདྨ་གསེར་སྡུག་ནམ་མཁའ་ལྟ་བུའི་སྐུ་ལྡན་རྣམ་པར་སྣང་མཛད་འོད་ཟེར་རབ་


TN03_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

(༡༡)བརྒྱན་ཐོགས་མེད་འཁོར་ལོའི་དཀྱིལ་འཁོར་ཕྱོགས་བཅུར་འོད་ཟེར་རབ་འབྱིན་འཇིག་རྟེན་ཁམས་ཀུན་ཏུ་སྣང་བྱེད་ཏོག་གི་རྒྱལ་མཚན་རྒྱལ་པོ་དང་། དེ་བཞིན་གཤེགས་པ་བཀོད་པ་ཐམས་ཅད་དྲི་མེད་འོད་དང་། །དེ་བཞིན་གཤེགས་པ་སྤོབས་པའི་རྒྱན་ལ་དགོངས་པ་དང་། དེ་བཞིན་གཤེགས་པ་དྲི་མེད་ཟླ་བའི་ཏོག་གི་རྒྱལ་པོ་གྲགས་ལྡན་དང་། དེ་བཞིན་གཤེགས་པ་མེ་ཏོག་གི་བཀོད་པ་སྣང་བར་མཛད་པ་དང་། དེ་བཞིན་གཤེགས་པ་འོད་མཛད་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་མཆོག་གི་ཏོག་གྲགས་ལྡན་དང་། དེ་བཞིན་གཤེགས་པ་འཇིགས་མེད་རྣམ་པར་གཟིགས་དང་། དེ་བཞིན་གཤེགས་པ་འཇིགས་བྲལ་བག་ཚ་བ་མི་མངའ་སྤུ་ཟིང་མི་བྱེད་དང་། དེ་བཞིན་གཤེགས་པ་སེངྒེ་བསྒྱིངས་པའི་མིད་པ་དང་། དེ་བཞིན་གཤེགས་པ་གསེར་འོད་གཟི་བརྗིད་འཇིགས་བྲལ་རྒྱལ་པོ་ཞེས་བྱ་བ་རྣམས་ནི་སངས་རྒྱས་བཅུ་གཉིས་པའི་མདོ་སྡེ་ལས་གསུངས་སོ། །དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ནི་འཕགས་པ་དཀོན་མཆོག་འབྱུང་གནས་ལས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་གསེར་འོད་སེངྒེ་རྣམ་པར་རོལ་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཡོན་ཏན་ཤིན་ཏུ་གནས་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བ་རྣམས་ནི་འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་གསུངས་སོ། །དེ་བཞིན་གཤེགས་པ་ཀུན་ཏུ་


TN03_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

(༡༢)གཟིགས་པའི་མཚན་ནི་འཇམ་དཔལ་གྱི་ཞིང་ཁམས་བཀོད་པ་ལས་གསུངས་སོ། །དེ་བཞིན་གཤེགས་པ་དྲི་མ་མེད་པར་འབར་བ་རིན་ཆེན་གསེར་གྱི་འོད་ཟེར་སྣང་བའི་ཏོག་དང་། དེ་བཞིན་གཤེགས་པ་འཛམ་བུ་གསེར་གྱི་རྒྱལ་མཚན་གསེར་དུ་སྣང་བ་དང་། དེ་བཞིན་གཤེགས་པ་གསེར་དུ་སྣང་བའི་སྙིང་པོ་དང་། དེ་བཞིན་གཤེགས་པ་ཉི་མ་བརྒྱའི་འོད་ཟེར་སྣང་བའི་སྙིང་པོ་དང་། དེ་བཞིན་གཤེགས་པ་གསེར་རི་རིན་ཆེན་འབྱུང་གནས་གདུགས་བརྩེགས་དང་། དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་འབར་བའི་འོད་ཟེར་གྱི་ཏོག་དང་། དེ་བཞིན་གཤེགས་པ་སྒྲོན་མ་ཆེན་པོ་དང་། །དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་དང་། དེ་བཞིན་གཤེགས་པ་རྔ་སྒྲ་ལ་སོགས་པ་ནི་གསེར་འོད་དམ་པའི་མདོ་སྡེ་ལས་གསུངས་སོ། །དེ་ནས་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ་ཡང་བརྗོད་པར་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་རྗེས་སྤྱོད་དང་། དེ་བཞིན་གཤེགས་པ་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་པ་དང་བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཁོན་དང་རྒྱགས་པ་རྣམ་པར་གནོན་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་གཟུགས་བཀོད་འོད་གནོན་དང་། དེ་བཞིན་གཤེགས་པ་བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་གནོན་དང་། དེ་བཞིན་གཤེགས་པ་སེམས་དང་པོ་བསྐྱེད་པས་ཕྱིར་མི་ལྡོག་པའི་འཁོར་


TN03_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

(༡༣)ལོ་འབྱུང་བའི་དཔལ་དང་། དེ་བཞིན་གཤེགས་པ་རིན་ཆེན་གདུགས་འཕགས་སྣང་དང་། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་འདུལ་བ་དང་། དེ་བཞིན་གཤེགས་པ་སྐྲག་མེད་མུན་བྲལ་ཏིང་ངེ་འཛིན་མངོན་འཕགས་རྒྱལ་པོ་དང་། དེ་བཞིན་གཤེགས་པ་དང་པོ་སེམས་བསྐྱེད་ཐེ་ཚོམ་གཅོད་མཛད་ཉོན་མོངས་བསྐྱོད་ཅེས་བྱ་བ་དག་གོ །འཕགས་པ་བཀྲ་ཤིས་བརྒྱད་པ་ལས་ཀྱང་བཀའ་སྩལ་པ་ནི། དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རྩལ་བརྟན་དོན་གྲུབ་དགོངས་པ་དང་། དེ་བཞིན་གཤེགས་པ་ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན་དང་། དེ་བཞིན་གཤེགས་པ་བྱམས་པའི་རྒྱན་གྱི་དཔལ་དང་། དེ་བཞིན་གཤེགས་པ་དགེ་བར་གྲགས་པ་དཔལ་དམ་པ་དང་། དེ་བཞིན་གཤེགས་པ་ལྷུན་པོ་ལྟར་འཕགས་པ་རྩལ་རབ་གྲགས་པའི་དཔལ་དང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་དགོངས་པ་གྲགས་པའི་དཔལ་དང་། དེ་བཞིན་གཤེགས་པ་ཡིད་ཚིམ་པར་མཛད་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་རྣམས་སོ། །དེ་དག་ཀྱང་བརྗོད་བྱའི་གཙོ་བོ་ཙམ་ཞིག་སྨོས་པ་ཡིན་གྱི་རྣམ་པ་གཞན་དུ་ན། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གཞན་གྱིས་མི་ཐུབ་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ་ཞབས་རིང་བ་བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་མེད་པ་དང་


TN03_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤)བཅས་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་མདོ་སྡེ་ལས་འབྱུང་བ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་མཚན་དེ་ལྟར་བཤད་ནས། སླར་ཡང་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་འགའ་ཞིག་གི་མཚན་བརྗོད་པ་ལ་འཇུག་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཞེས་རྒྱ་ཆེར་ཀུན་ལ་སྦྱར་ཏེ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམས་ནི་དཀྱིལ་འཁོར་བརྒྱད་པའི་ཆོས་ཀྱི་རྣམས་གྲངས་ལས་བཀའ་སྩལ་ཞིང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚད་མེད་པ་རྣམས་སུ་བསྔགས་པ་རྒྱ་ཆེར་གསུངས་པ་དག་གོ །བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མ་དང་། བྱང་ཆུབ་སེམས་དཔའ་ཞི་བའི་དབང་པོ་དང་། བྱང་ཆུབ་སེམས་དཔའ་སྨོན་ལམ་བློ་གྲོས་ཞེས་བྱ་བ་རྣམས་ནི་འཇམ་དཔལ་གྱི་ཞིང་བཀོད་པ་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་ཁྱད་པར་ཅན་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་


TN03_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥)དག་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་ཡང་དག་འཕགས་དང་། བྱང་ཆུབ་སེམས་དཔའ་སང་སང་པོའི་དབྱངས་ལ་སོགས་པའི་བསྔགས་པ་ནི་དམ་པའི་ཆོས་པདྨ་དཀར་པོ་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་དང་། བྱང་ཆུབ་སེམས་དཔའ་གསེར་འོད་དམ་པ་དང་། བྱང་ཆུབ་སེམས་དཔའ་གསེར་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཞེས་བྱ་བའི་མཚན་རྣམས་ནི་གསེར་འོད་དམ་པ་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྡུལ་མེད་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་པདྨ་དང་། བྱང་ཆུབ་སེམས་དཔའ་ཉི་འོད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་དབུ་རྒྱན་ལས་གསུངས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བའི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ཟབ་མོའི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་དཔལ་གྱི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་སྤྲིན་སྒྲ་ཟབ་མོ་རྣམ་པ་ཐ་དད་པའི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་མི་ཕྱེད་པའི་གཙུག་གི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ངག་གི་ལམ་མི་གཡོ་བར་ཀུན་ཏུ་འགྲོ་བའི་འོད་ཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་དང་།


TN03_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦)བྱང་ཆུབ་སེམས་དཔའ་གྲགས་པ་སྙན་པ་ཀུན་ཏུ་རྣམ་པར་གྲགས་པའི་འོད་ཀྱི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་རིའི་རྒྱལ་པོ་མི་གཡོ་བའི་འོད་ཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ཀུན་ནས་བལྟ་བའི་གཟུགས་རྣམ་པར་དམིགས་པའི་འོད་ཟེར་གྱི་རྒྱལ་པོ་སྣང་བའི་གཟི་བརྗིད་ཀྱི་སྙིང་པོས་བྱུང་བ་དང་། བྱང་ཆུབ་སེམས་དཔའ་སྟོབས་བཅུ་རྣམ་པར་དག་པ་ཐུབ་པ་མེད་པའི་འོད་ཟེར་སྣང་བའི་གཟི་བརྗིད་ཀྱི་སྙིང་པོས་བྱུང་བ་སྟེ་འདི་དག་ནི་ཀུན་ཏུ་བཟང་པོས་བསྟན་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སྣོད་ལས་གསུངས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་གཙུག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་བཟང་པོའི་དཔལ་དང་། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་བློ་གྲོས་མངོན་སུམ་དང་། བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བ་དང་། བྱང་ཆུབ་


TN03_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧)སེམས་དཔའ་སྤོས་ཀྱི་གླང་པོ་དང་། བྱང་ཆུབ་སེམས་དཔའ་ཉི་མ་ལྟར་སྣང་བྱེད་དང་། བྱང་ཆུབ་སེམས་དཔའ་ཟླ་བ་ལྟར་གསལ་བྱེད་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་ཕྱིན་དང་། བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་སོར་མོའི་ཕྲེང་བ་དང་། བྱང་ཆུབ་སེམས་དཔའ་དྲྭ་བ་ཅན་གྱི་འོད་དང་། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། བྱང་ཆུབ་སེམས་དཔའ་ནོར་བཟང་དང་། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པ་ལ་སོགས་པ་གཞན་ཡང་རྒྱལ་བའི་སྲས་ཀྱི་འདུས་པའི་ནང་ན་གཙོ་བོར་སྨོས་པ་རྣམས་མདོ་སྡེའི་གླེང་གཞི་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་འདུས་པའི་དགའ་སྟོན་ལ་རྩེ་བའི་སྐབས་རྣམས་སུ་ཤེས་པར་བྱ་སྟེ་འདིར་ནི་ཕྱོགས་ཙམ་ཞིག་བཤད་དོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་རིན་ཐང་མེད་པའི་རིན་པོ་ཆེའི་མཆོག་འདི་དག་ལ་བརྟེན་ནས། བསོད་ནམས་ཀྱི་འབྱོར་པ་རྒྱ་ཆེན་པོ་སྒྲུབ་པའི་ཚུལ་ཡང་ཇི་ལྟ་བུ་ཞེ་ན། མཚན་དེ་དག་ཐོས་ནས་ལེན་ཅིང་འཛིན་ལ་ཀློག་ཅིང་ཀུན་ཆུབ་པར་བྱེད་དེ་འཇུག་པར་བྱེད་ཅིང་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན་ཞེས་མདོ་སྡེ་ལས་གསུངས་ཤིང་། དེ་མ་ཟད་མཚན་དེ་དག་ཐོས་པ་ཙམ་དང་བརྗོད་པ་ཙམ་ལའང་སྦྱར་ནས་ཕན་ཡོན་རྒྱ་ཆེར་གསུངས་སོ། །དེས་ན་ཡན་ལག་གི་བྱ་བ་མང་པོ་དང་མ་འབྲེལ་ན་ཡང་མཚན་ཙམ་བརྗོད་པས་དགོས་པ་མི་འགྲུབ་པ་མིན་མོད། ཕྱག་མཆོད་ལ་


TN03_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨)སོགས་པའི་ཚོགས་བསགས་དང་སྦྲེལ་ནས་བརྗོད་ན་སྟོབས་ཆེ་སྟེ། སངས་རྒྱས་བཅུ་གཉིས་པ་དང་། དཔང་ཀོང་ཕྱག་རྒྱ་པ་ལ་སོགས་པ་མཐོང་བ་ལས་ཤེས་སོ། །འཇུག་པ་བདེ་བར་སྨོས་ན། བཟང་པོ་སྤྱོད་པའི་ཕྱག་འཚལ་གྱི་ཚིགས་སུ་བཅད་པ་བཞིའི་རྗེས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ཐོག་མ་དང་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ་ཞེས་ཐ་མར་སྦྱར་ཏེ་ལན་བདུན་ལ་སོགས་པ་བརྗོད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་རིགས་པ་བགྲེ། དེ་ནས་མཆོད་པ་ནས་བརྩམས་ཏེ་འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག་ཅེས་པའི་མཐར་ཐུག་གི་བར་དུ་བརྗོད་ཅིང་དོན་ཡིད་ལ་དྲན་པར་བྱའོ། །དེའང་སྔ་དྲོ་ལ་སོགས་པའི་དུས་གསུམ་དུ་བྱ་བར་རིན་ཆེན་ཟླ་བས་ཞུས་པ་ལས་གསུངས་ཤིང་། སངས་རྒྱས་བཅུ་གཉིས་པའི་མདོ་ལས། ཉིན་ཞག་བདུན་དུ་ཚང་བར་ནི། །མཚན་རྣམས་འདི་དག་འཛིན་བྱེད་ན། །གང་གིས་འདྲེན་རྣམས་མཐོང་འགྱུར་བའི། །རྒྱ་ཆེན་མིག་ནི་སྦྱང་བར་འགྱུར། །ཞེས་ཉིན་ཞག་གི་གྲངས་ཚད་ཀྱང་གསུངས་སོ། །འདིར་ཕན་ཡོན་གྱི་རིམ་པ་ནི། མདོ་སྡེ་བརྒྱད་བརྒྱ་པར་དེ་བཞིན་གཤེགས་པ་བདུན་གྱི་ཁྱད་པར་བཞི་བཅུ་རྩ་བཞི་གསུངས་པ་དང་། ལི་ཙ་བིས་ཞུས་པར། གང་གིས་སྐྱོབ་པའི་མཚན་ནི་བཟུང་བྱས་ན། །དེ་ལ་བྱང་ཆུབ་དམ་པ་རྙེད་སླ་ཞིང་། །བདེ་བར་གཤེགས་པའི་ཡོན་ཏན་གཞན་རྣམས་དང་། །ཡོན་ཏན་དྲི་མེད་འདི་དག་མིས་འཐོབ་འགྱུར། ཞེས་སོགས་གཙོ་བོའི་ཡོན་ཏན་ངེས་ལེགས་དང་དེའི་ཆ་ལག་ཏུ། རྒྱལ་བ་དེའི་མཚན་ནི་སུས་བཟུང་བ། །མེ་དང་ཆུ་དང་དུག་གིས་མི་འཆི་ཞིང་། །འདི་ལ་མཚོན་གྱིས་མི་ཚུགས་མཁས་པ་དག །མངལ་དུ་མི་སྐྱེ་གཟུངས་རྣམས་མི་དེས་འཐོབ། །ཅེས་སོགས་


TN03_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩)མངོན་མཐོའི་ཡོན་ཏན་ལས་བརྩམས་ཏེ་རྒྱ་ཆེར་བཀའ་སྩལ་པ་དང་། བསམ་གྱིས་མི་ཁྱབ་པའི་རྒྱལ་པོའི་མདོར། མཚན་འདི་དག་ཐོས་པའི་བྱང་ཆུབ་སེམས་དཔའ་འཆི་བའི་ཚེ་ན་རབ་འབྱམས་རྒྱ་མཚོའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མདུན་ན་མངོན་སུམ་དུ་བཞུགས་པ་མཐོང་བར་གསུངས་པ་དང་། སངས་རྒྱས་བརྒྱད་པའི་ཆོས་ཀྱི་རྣམས་གྲངས་ལས། འཇིག་རྟེན་མགོན་པོ་དེ་དག་གི །མཚན་རྣམས་འཛིན་པར་བྱེད་པ་ནི། །མི་ཁོམས་ཐམས་ཅད་ཡོངས་སྤངས་ནས། །མྱུར་དུ་བཟང་འགྲོར་འགྲོ་བར་འགྱུར། །ཞེས་པ་ནས། གྲགས་ལྡན་རྣམས་ཀྱི་མཚན་ཐོས་ནས། །དེ་དག་དཔའ་ཞིང་ཤེས་རབ་ཆེ། །འཇིག་རྟེན་མི་མཆོག་སངས་རྒྱས་འགྱུར། །ཞེས་པའི་བར་དུ་གསུངས་པ་དང་། །རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པར་གསུངས་པའི་ཕན་ཡོན་ཀྱང་མདོར་བསྡུ་ན་གང་ཐོས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དང་། ཚེ་རབས་དྲན་པ་དང་། སེར་སྣའི་སེམས་དང་ལྷན་ཅིག་མི་གནས་པ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱིས་མཛེས་པ་དང་། ཡོན་ཏན་གྲངས་མེད་པ་མང་པོས་ཀྱང་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཐམས་ཅད་དགྱེས་པར་བགྱིད་པ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བགྱིད་པ་དང་། བདུད་ཐམས་ཅད་སྐྲག་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྦྱོང་བ་དང་། སེམས་ཅན་ཐམས་ཅད་སེམས་ཀྱི་དྲི་མ་སེལ་ཞིང་། དེ་དག་ཆོས་དཀར་པོ་རྣམས་ལ་འཇོག་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་རྣམས་ཀྱིས་སྲུང་བ་མཛད་པ་ལ་སོགས་པར་འགྱུར་བའི་དེ་བཞིན་གཤེགས་པའི་མཚན་དེ་དག་གང་ལགས་ཞེས་དྲིས་ནས་སྟོན་པས་སྔར་བཤད་པ་རྣམས་ཀྱི་སྒོ་ནས་ལན་བཏབ་པ་ཡིན་པར་ཤེས་པར་སྣང་བ་དང་།


TN03_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠)རིན་ཆེན་ཟླ་བས་ཞུས་པ་ལས། འཇིག་རྟེན་མགོན་པོ་དེ་རྣམས་ཀྱི། །མཚན་ནི་གང་ཞིག་འཛིན་བྱེད་པ། །མ་འོངས་དུས་ན་དེ་དག་ཀུན། །རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །ཞེས་སོགས་མཐར་ཐུག་གི་ཡོན་ཏན་དང་། གང་ཞིག་སྐྱོབ་པ་དེ་དག་གི །མཚན་འདི་དག་ནི་འཛིན་འདི་ལ། །མེ་དང་ཆོམ་རྐུན་དུག་རྣམས་དང་། །མཚན་གྱིས་ཚུགས་པར་མི་འགྱུར་རོ། །ཞེས་སོགས་གནས་སྐབས་ཀྱི་ཡོན་ཏན་ལས་བརྩམས་ཏེ་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་མཚན་ཐོས་པའི་ཡོན་ཏན་གསེར་འོད་དམ་པའི་མདོ་སྡེར་གསུངས་པ་དང་། སྟོན་པ་ཤཱཀྱ་ཐུབ་པའི་མཚན་ཐོས་པའི་ཡོན་ཏན་སྙིང་རྗེ་པད་དཀར་ནས་གསུངས་པ་དང་། དེ་བཞིན་གཤེགས་པ་བདུན་པོ་དེའི་མཆོད་རྟེན་གྱི་ཡོན་ཏན་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཇི་ལྟར་བསྟན་པ་སོགས་དང་སྒྲུབ་ཚུལ་གཅིག་པའི་སྒོ་ནས་རྟོགས་ནུས་པ་དང་། སངས་རྒྱས་ཀྱི་དབུ་རྒྱན་ལས། འཇིག་རྟེན་འདི་ནི་གངྒཱའི་བྱེ་སྙེད་ཀྱིས། །རིན་ཆེན་གསེར་གྱི་མདོག་གིས་བཀང་འབུལ་བས། །གང་ཞིག་སངས་རྒྱས་མཆོག་གི་མཚན་ཐོས་ནས། །སྦྱིན་ཕུང་དེ་ཡིས་བརྒྱ་ཡི་ཆར་མི་ཕོད། །གང་གིས་སངས་རྒྱས་མཚན་འདི་ཐོས་ནས་འཛིན། །དེ་དག་རིམ་གྱུར་མཆོག་ནི་ལེགས་པར་རྙེད། །དེ་མིའི་འཇིག་རྟེན་དབྱངས་ཀྱི་ཡན་ལག་ལྡན། །རབ་ཏུ་འབྱུང་བ་ལེགས་རྙེད་ཟས་ལེགས་སྤྱད། །ཅེས་འབྱུང་བ་དང་། སངས་རྒྱས་བཅུ་གཉིས་པའི་ཆོས་ཀྱི་རྣམ་གྲངས་ལས། གཟུགས་དང་མཚན་ནི་ཕུན་སུམ་ཚོགས། །ཞེས་དང་། སྤོས་ངད་དེ་ཡི་ཁ་ནས་འབྱུང་། །སོགས་ལུས་ཀྱི་ཡོན་ཏན་དང་། ཚངས་པའི་དབྱངས་ནི་ལྡན་པར་འགྱུར། །སོགས་དག་གི་ཡོན་ཏན་དང་། མོས་བྱེད་ཤེས་རབ་འཆལ་མི་འགྱུར། །སོགས་ཡིད་ཀྱི་ཡོན་


TN03_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡)ཏན་དང་། ནོར་ཆེན་ཁྱིམ་དུ་སྐྱེ་བར་འགྱུར། །ཞེས་དང་། དད་པ་བླ་ན་མེད་པ་འཐོབ། །ཅེས་ཟང་ཟིང་དང་ཆོས་ཀྱི་ལོངས་སྤྱོད་དང་། ལྷ་དང་དྲི་ཟ་ཀླུ་དབང་དང་། །མཁའ་ལྡིང་ལྷ་མིན་གསང་བ་པ། །རྟག་ཏུ་དེ་ལ་སྲུང་བ་བྱེད། །ཅེས་ཐུབ་པར་དཀའ་བའི་ཡོན་ཏན་ལ་སོགས་པ་མང་དུ་འབྱུང་བ་དང་། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་མཚན་བརྗོད་པའི་ཡོན་ཏན་ཡང་མདོ་སྡེ་དེ་དང་དེར་དངོས་དང་ཤུགས་བསྟན་ཅི་རིགས་པས་གསལ་བར་མཛད་པ་དང་། ཕྱོགས་བཅུ་མུན་སེལ་དང་བཀྲ་ཤིས་བརྒྱད་པའི་མདོར། མཚན་དེ་དག་སྲུང་བ་ཆེན་པོར་བསྟན་པ་དང་། ཟ་མ་ཏོག་བཀོད་པ་ལ་སོགས་པར་བྱང་ཆུབ་སེམས་དཔའི་ཡོན་ཏན་མང་དུ་བསྔགས་པར་རྒྱས་པར་མདོ་ཉིད་ལས་རིག་པར་བྱའོ། །དེ་དག་ལ་ཚད་མས་དྲངས་པའི་ངེས་ཤེས་སྐྱེད་ཚུལ་ཡང་། རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པ་ལས། དེའི་མཚན་ལ་སོམ་ཉི་མི་ཟ་ཞིང་། །ངས་མཐོང་བ་ལ་ཡང་ཡིད་ཆེས་ན། །ཞེས་གསུངས་ཏེ་སོམ་ཉི་མི་ཟ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཐེ་ཚོམ་གྱི་ཉེས་པས་ཅི་ཙམ་དུ་སྒྲིབ་པའི་ཚུལ་མདོ་སྡེར་མང་དུ་གསུངས་པའི་དོན་དེ་ལྟ་བུ་ལ་དགོངས་སོ། །ངས་མཐོང་བ་ལ་ཡང་ཡིད་ཆེས་ན་ཞེས་པས་རྒྱལ་བ་དེ་དག་གི་སྔོན་གྱི་སྨོན་ཁམ་གྱི་ཁྱད་པར་རྣམས་ཚུ་རོལ་མཐོང་བ་ལ་ཤིན་ཏུ་ལྐོག་གྱུར་དུ་བསྟན་ནས། དེ་ལ་དེ་བཞིན་གཤེགས་པའི་ཡུལ་ཚད་མར་བྱེད་དགོས་སོ་ཞེས་བཀའ་སྩལ་པ་ཡིན་ཏེ། དེའི་དོན་ནི་འདི་འདྲ་བའི་གནས་ལ་ལུང་དཔྱད་པ་གསུམ་གྱིས་དག་པ་རྒྱུ་མཚན་དུ་བྱེད་པར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཤད་པ་ལྟ་བུའོ། །མཚན་འདི་དག་གིས་སྔར་ཆོས་མ་ཐོས་ཤིང་དྲན་པར་མ་བྱས་པའི་སེམས་ཅན་འཆིག་མ་རྣམས་ལའང་ཕན་གདགས་པར་བྱ་སྟེ། དེས་ཀྱང་དེ་ལ་སྨན་ཡོན་


TN03_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢)ཆེན་པོ་བཏགས་པར་འགྱུར་བའི་ཕྱིར་ཏེ། རྒྱ་མཚོའི་ཆུ་སྲིན་གྱི་ཕྱུང་བ་སྙིང་རྗེ་པདྨ་དཀར་པོའི་མདོར་བཤད་པ་དང་། ཉ་ཁྲིའི་རབས་ཇི་སྐད་འབྱུང་བ་བཞིན་ནོ། །ཕན་ཡོན་གོང་དུ་སྨྲོས་པ་དེ་དག་འཐོབ་པའི་དུས་ཚད་ཀྱང་ཇི་ལྟ་བུ་ཞེ་ན། འདི་ལ་རྟེན་གྱི་གང་ཟག་ལྷག་པའི་བསམ་པའི་སྟོབས་མཆོག་དམན་གྱི་རིམ་པ་མི་འདྲ་བ་ལ་བརྟེན་ནས་མྱུར་བུལ་གྱི་བྱེ་བྲག་དུ་མ་ཞིག་ཡོད་པར་སངས་རྒྱས་ཕལ་པོ་ཆེ་ལས་བཤད་ལ་ཕན་ཡོན་བརྗོད་ཚུལ་འགའ་ཞིག་ནི་དུས་གཞན་ལ་དགོངས་ཏེ་གསུངས་པའི་དགོངས་པ་ཅན་ཡང་ཆེན་པོ་དག་གིས་བཤད་དེ། ཚུལ་འདིས་ནི་མདོའི་དངོས་བསྟན་དུ་བྱང་ཆུབ་སེམས་དཔའི་འཁོར་གཙོ་བོར་མཛད་དེ་གསུངས་པ་གང་ལ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པའི་མཚན་འདི་དག་དུས་གསུམ་དུ་འཛིན་པར་བྱེད་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་རྣམས་ཀྱང་ཐེག་པ་ལ་མ་ཞུགས་པ་རྣམས་ཀྱིས་མཚན་དེ་དག་འཛིན་ན་དོན་དུ་མི་འགྱུར་བའི་དོན་ཅན་མ་ཡིན་པར་ཤེས་པར་བྱ་སྟེ། ཇི་ལྟར་འཕགས་པ་འོད་དཔག་མེད་ཀྱི་ཞིང་ཁམས་བཀོད་པའི་མདོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དུ་བཀའ་སྩལ་པ་ཡིན་ཡང་། །བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་བརྗོད་པ་དེ་ཐོས་ན་སྐྱེ་བོ་གཞན་གྱི་དོན་དུ་མི་འགྱུར་བ་མིན་པར་གྲགས་ཆེ་བ་བཞིན་ནོ། །དེ་ལྟར་ན་བཤད་པར་ཁས་བླངས་པའི་སྐབས་དོན་ཡོངས་སུ་རྫོགས་པར་གླེང་ཟིན་ཏོ། །དཔང་གྱུར་ཀུན་མཁྱེན་ལུང་གི་ཆུ་གཏེར་ཆེ། །ཡང་དག་རིགས་པའི་སྲུབ་ཤིང་གིས་བསྲུབས་པས། །དོན་ལྡན་གཏམ་གྱི་ཟླ་བ་གསར་པ་ཞིག །སྐལ་བཟང་ཡིད་མཁའི་ངོས་སུ་དལ་གྱིས་རྒྱུ། །དེ་ལྟར་བདག་གིས་རྒྱལ་ལ་དད་པ་ཡིས། །ཆོས་


TN03_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣)མཐུན་གཏམ་འདིར་ཅུང་ཟད་ངལ་བ་ལས། །བསོད་ནམས་ཕུང་པོ་གང་ཞིག་སྐྱེས་པའི་མཐུས། །བྱང་ཆུབ་སྙིང་པོར་འགྲོ་ཀུན་གཞོལ་གྱུར་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་དད་པ་དང་ལྡན་པའི་བཙུན་པ་སོག་ཚ་ཚེ་ཕྱུག་ནས་ནན་ཏན་ཆེན་པོས་བསྐུལ་བའི་ཆེད་དང་། རང་གཞན་མང་པོ་ལ་ཕན་པར་བསམ་པས་ཀྱང་མཚམས་སྦྱར་ཏེ། འཇིགས་མེད་བསྟན་པའི་ཉི་མས་རྣམ་འགྱུར་ཞེས་པ་ལྕགས་སྟག་ས་གས་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་ཐོག་མ་ལ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་བློ་གསལ་དམ་པ་ཚུལ་ཁྲིམས་ནོར་བུས་བགྱིས་པ་འདིས་ཀྱང་རང་དང་གཞན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ།། །།


TN03_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤)


no previousསངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མང་པོ་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ།next