Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།

བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཏོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས།
   
previousབདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཏོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས།next

TN03_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༡)བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཏོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

TN03_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༢)མགོན་པོ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྒྱལ་བྱེད་འཁོར་ལོའི་མཚན་པ་ཡིས། །བྲིས་པའི་འོད་སྣང་ལི་ཁྲིའི་དོག་པ་གསར་ཐུབ་རྣམས་མགོ་ལ་ཅོད་པན་བཞིན་མཛེས་པ། །འོད་མཛད་ཞབས་པད་དང་བས་ལན་བརྒྱར་མཆོད། །བློ་གསར་ཐར་འདོད་རེ་བའི་ལྗོན་ཤིང་རྩེར། །ལེགས་བཤད་གླུ་དབྱངས་ལེན་མཁས་ཁུ་བྱུག་ཅིག །ཡོངས་དག་ཞིང་གི་འབྱོར་པ་བརྡ་སྤྲོད་ཀྱིས། །གཏན་བདེའི་དགའ་སྟོན་འདོད་རྣམས་གུས་པས་ཉོན། །འདིར་བློ་རབ་འབྲིང་ཐ་མའི་གདུལ་བྱ་རྣམས་ཀྱི་སྤྱད་བྱ་ཐུན་མོང་བར་གྱུར་ཅིང་། ཐོས་ན་དགའ་བ་རྨད་དུ་བྱུང་བ་སྐྱེད་པར་བྱེད་པ། བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་གྱི་སྦྱོར་བ་ཅུང་ཟད་མདོ་སྡེའི་རྗེས་སུ་འབྲངས་ཏེ་བྱ་བ་ལ་གསུམ་

TN03_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༣)དགོས་པ་བསྟན་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་པ་ལ་སྤྲོ་བ་བསྐྱེད་པ། ཞིང་དེར་སྐྱེ་བ་ལ་ཞུམ་པ་སྐྱེ་བའི་སྒོ་དགག་པ། དེར་སྐྱེ་བའི་རྒྱུ་ཚོགས་སྒྲུབ་ཚུལ་བསྟན་པའོ། །དང་པོ་ནི། འཕགས་པ་འོད་དཔག་མེད་ཀྱི་བཀོད་པའི་མདོ་ལས། ཇི་ལྟར་སངས་རྒྱས་མཆོག་གི་གཟི་མཐའ་ཡས། །མི་དབང་གཟི་བརྗིད་ཕྱོགས་ཀུན་ལམ་མེར་གདའ། །དེ་ལྟར་བདག་ཀྱང་སངས་རྒྱས་ཆོས་རྒྱལ་གྱུར། །སྐྱེ་རྒུ་རྒ་དང་འཆི་ལས་རབ་ཐར་བགྱི། །ཞེས་གསུངས་པ་ལྟར། རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་དུ་མས་རྟག་ཏུ་གདུང་བའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་ཡིད་བསྐྱོད་པ་རྣམས་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཅིག་པུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་རིན་པོ་ཆེ་

TN03_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༤)དོན་དུ་གཉེར་བར་བྱེད་ལ། དེའི་ཚེ་དེ་སྒྲུབ་བྱེད་ཀྱི་སྒོ་གཉིས་པ་ནི་མེད་པས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་ཕྱོགས་ཡོངས་སུ་རྫོགས་པའི་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་དགོས་སོ། །སྤྱོད་པའི་རྒྱ་མཚོ་དེ་ནི་གཏིང་དཔག་དཀའ་ཞིང་མཐའ་ཡས་པའི་ཕྱིར། དང་པོར་འཇུག་པ་དང་། ཞུགས་ན་མཐར་དབྱུང་བ་གཉིས་ཀ་ཤིན་ཏུ་བྱ་དཀའ་བས་རླབས་པོ་ཆེའི་མགོན་ལ་བརྟེན་ནས་བགྲོད་དགོས་སོ། །དགོས་པ་དེའི་ཕྱིར་དུ་བདེ་བ་ཅན་གྱི་ཞིང་དུ་འགྲོ་བ་ནི་འོད་མདོ་ལས་གསུངས་ཏེ། དེ་ཉིད་ལས་ཕྱོགས་བཅུའི་བྱང་སེམས་མང་པོ་བདེ་བ་ཅན་དུ་སྐྱེ་བ་འཛིན་ཚུལ་འཆད་པའི་སྐབས་སུ། །དེ་བཞིན་གཤེགས་པ་འོད་དཔག་མེད་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཡོངས་སུ་དྲི་བར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལ་བལྟ་བས་ནི། དེ་བཞིན་གཤེགས་པའི་མཚན་དཔེ་དང་། ཞིང་དང་འཁོར་གྱི་ཕུན་ཚོགས་མཐོང་སྟེ་དད་པའི་ཤུགས་སྐྱེ་བ་དང་འཕེལ་བར་བྱེད་དེ། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པའི་གཞིའོ། །ཕྱག་དང་བསྙེན་བཀུར་བྱ་བ་ནི་རྙེད་པ་དང་བཀུར་སྟི་དང་རིམ་གྲོའི་སྒོ་ནས་བསྟེན་ཚུལ་ཡིན་ལ། ཡོངས་སུ་དྲི་བས་གདམས་པའི་གནད་ལ་ཐེ་ཚོམ་ཆོད་པར་བྱེད་པ་ནི་གདམས་དོན་མ་ནོར་བར་ཉམས་སུ་ལེན་པའི་ཆེད་ཡིན་པས་སྒྲུབ་པའི་ནན་ཏན་གྱིས་

TN03_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༥)མཉེས་པར་བྱེད་པ་ཡང་སྡུད་དོ། །དེ་ལྟར་ན་མདོ་འདིས་མཆོག་གི་སྤྲུལ་སྐུ་མངོན་སུམ་དུ་མཉེས་པར་བྱེད་ཚུལ་གྱི་ཁོངས་སུ་བཤེས་གཉེན་བསྟེན་པའི་མན་ངག་ཆ་ཚང་ཞིག་བསྟན་ནོ། །དེའང་འོག་ཏུ་འཆད་པ་ལྟར་ཡུལ་སྟོན་པ་དང་རྟེན་ཞིང་དེའི་འགྲོ་བ་གཉིས་ཀ་ཚེ་དཔག་ཏུ་མེད་པའི་ཕྱིར། དེར་སྐྱེས་ན་གདུལ་བྱ་ཐུན་མོང་བ་ཡང་ལམ་མཐོན་པོར་སླེབ་སླེབ་ཏུ་རང་གི་སྟོན་པ་དངོས་ལ་མི་འབྲལ་བར་བསྟེན་དུ་ཡོད་པས་དགེ་ཆོས་ལས་མི་ཉམས་ཤིང་ཡོན་ཏན་གྱི་ཚོགས་ཀྱིས་ཉིན་རེ་བཞིན་དུ་རྒྱས་པར་འགྱུར་བ་ཡིན་ནོ། །གཞན་ཡང་ཞིང་དེར་རྒྱལ་སྲས་མཐུ་ཆེན་མང་པོ་སྐྱེ་ཚུལ་སྟོན་པའི་མདོ་དེ་ཉིད་ཀྱི་འཕྲོར། མི་ཕམ་པ། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་མཚན་ཐོས་པའི་སེམས་ཅན་དེ་དག་རྙེད་པ་ཇི་སྙེད་ཅིག་ལེགས་པར་རྙེད་པ་ལ་ལྟོས། ཞེས་གསུངས་ཏེ། འདི་ནི་མི་འཁྲུགས་པའི་ཞིང་མདོར་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ན་གནས་པའི་བྱང་སེམས་འཁོར་གྱི་ཡོན་ཏན་མང་པོ་བཤད་ནས་ཞིང་དེར་སྐྱེ་བའི་རྒྱུ་ལ་ནན་ཏན་བྱ་བར་གདམས་པའི་སྐབས་སུ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་ལྟ་བུ་དག་དང་ཕྲད་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཚེགས་ཆུང་ངུས་བྱང་ཆུབ་སེམས་དཔའི་བཤེས་གཉེན་ཁྱད་པར་ཅན་རྣམས་དང་འཕྲད་པར་འགྱུར་བའི་ཕན་ཡོན་སྟོན་པའོ། །མ་དག་པའི་ཞིང་དུ་ནི་སྙིགས་མ་ལྔ་བདོ་བའི་ཤུགས་ཀྱིས་དད་པ་དང་བརྩོན་

TN03_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༦)འགྲུས་དང་ཤེས་རབ་ལ་སོགས་པའི་མཐུ་ཆུང་བ་དང་། ལོངས་སྤྱོད་ཀྱིས་ཕོངས་ཤིང་། དེའི་ཆེད་དུ་བྲེལ་བ་དང་རྩོད་པས་རྒྱུན་དུ་གདུང་བ་དང་། སྐྱིད་ཅིང་ཕྱུག་པར་གྱུར་ན་ནི་དེས་སེམས་བསླུས་ཏེ་མངོན་པར་འབྱུང་བར་མི་ནུས་པ་དང་། ནད་དང་མྱ་ངན་སོགས་ཀྱི་དབང་གིས་དགེ་བ་ལ་འདོད་དགུར་སྦྱོར་མི་བཟོད་པ་དང་། ཆོས་ལྟར་བཅོས་པ་དང་གྲོགས་པོ་ངན་པ་མང་བ་དང་། སྐྱེ་འཆི་དང་འབྲེལ་བའི་སྡུག་བསྔལ་དུ་མས་ཡང་ཡང་བར་དུ་གཅོད་པ་ལ་སོགས་པའི་དབང་གིས་ལམ་བསྒྲུབ་ཀྱང་སྟོབས་ཆུང་ལ། ཐོས་པའི་ཡོན་ཏན་རྣམས་ཀྱང་ཉམས་པར་སླའོ། །ཞིང་འདི་ནི་དེ་འདྲ་བའི་ཉེས་པ་རྣམས་ལས་ཆེས་ཆེར་གཙང་བས་དེར་སོང་ནས་བསྒྲུབ་ན་ལམ་གྱིས་ཆོད་ཤིན་ཏུ་ཆེ་བ་ཡིན་ཏེ། མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་ལས་རྒྱལ་པོའི་སྦས་ཚུལ་དང་། མཐའ་འཁོབ་ཀྱི་གྲོང་གི་དཔེ་གསུངས་པ་དང་ཕྱོགས་མཚུངས་པ་ཡིན་ནོ། །ཡང་ཞིང་བཀོད་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའ་མང་པོ་དེ་དག་གིས། །མཆོད་པ་བྱས་ཏེ་དཔག་མེད་འོད་ཞབས་ལ། །ཕྱག་འཚལ་བསྐོར་བ་བྱས་ནས་འདི་སྐད་དུ། །སངས་རྒྱས་ཞིང་གི་ངོ་མཚར་མཛེས་ཤེས་འཛེར། །དགའ་ཞིང་མགུ་བའི་སེམས་ནི་གཞལ་ཡས་ཀྱིས། །དེ་དག་གིས་ནི་མེ་ཏོག་སྙིམ་གཏོར་ནས། །འདྲེན་པ་དེ་ཡི་སྤྱན་སྔར་འདི་སྐད་དུ། །བདག་ཅག་ཞིང་ཡང་འདི་འདྲར་གྱུར་ཞེས་སྨྲས། །ཞེས་ཕྱོགས་བཅུ་ནས་ལྷགས་པའི་བྱང་སེམས་རྣམས་ཀྱིས་ཞིང་དེའི་སྣོད་བཅུད་

TN03_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༧)ཀྱི་འབྱོར་པའི་ཁྱད་པར་ཕུན་སུམ་ཚོགས་པ་མཐོང་ནས་རང་ཉིད་ཀྱང་དེ་ལྟར་ཡོངས་སུ་དག་པའི་ཞིང་སྒྲུབ་པ་ལ་འཇུག་པར་གསུངས་ཏེ། ཚུལ་འདི་ནི་འཇམ་དཔལ་ཞིང་བཀོད་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་སེམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་སྨོན་ཅིང་། དེ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་བ་སྟེ། དེ་ཚུལ་ཁྲིམས་ཡོངས་སུ་དག་པས་གང་དང་གང་དུ་སྨོན་པ་དེ་དང་དེར་སྐྱེས་ཏེ། དེ་དེར་སྐྱེས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་སེམས་ཤིང་རྟོག་སྟེ། ཉན་ཐོས་ཀྱི་ཕུན་སུམ་ཚོགས་པའམ། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པའམ། །ལོངས་སྤྱོད་དང་ཀུན་ཏུ་སྤྱོད་པ་ཕུན་སུམ་ཚོགས་པ་མཚན་མར་འཛིན་ཏེ། དེས་དེ་དག་མཚན་མར་བཟུང་ནས་གུས་པ་དང་བཅས། ཞེ་ས་དང་བཅས་ཤིང་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པའི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཇི་ལྟར་སྦྱང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་ཅེས་ཀུན་ཏུ་ཞུས་ནས་དེ་བཞིན་གཤེགས་པ་དེས་ཀྱང་དེའི་ལྷག་པའི་བསམ་པ་མཁྱེན་ནས་གང་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྒྱ་ཆེན་པོ་ཡོངས་སུ་འགྲུབ་པར་འགྱུར་བའི་གནས་དེ་དག་སྟོན་ཅིང་ཡང་དག་པར་རབ་ཏུ་འཆད་དེ། །དེས་དེ་ཐོས་ནས་དེ་བཞིན་དུ་ནན་ཏན་བྱེད་པའོ། །ཞེས་ཤིན་ཏུ་གསལ་

TN03_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༨)བར་གསུངས་སོ། །ཚེ་ཕྱི་མ་ལ་ཞིང་དག་པར་སྐྱེ་བའི་སྒོ་ནས་དགོས་པ་དེ་སྒྲུབ་པ་བཞིན་དུ། ཚེ་འདིར་དག་པའི་ཞིང་གི་བཀོད་པ་དང་། དེ་དག་གི་རྒྱུ་ཚོགས་རྣམས་གཞན་ལས་རྒྱ་ཆེར་ཉན་པ་དང་། དོན་དེ་ཚུལ་བཞིན་གོམས་པར་བྱེད་པའི་སྒོ་ནས་ཀྱང་སྒྲུབ་ཏུ་ཡོད་དེ། འདི་ནི་འཇམ་དཔལ་ཞིང་བཀོད་ཀྱི་ལུང་དེའི་གོང་ཉིད་དུ་གསུངས་ཤིང་། འོད་དཔག་མེད་ཀྱི་བཀོད་པའི་མདོ་ལས། དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་སྟོན་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་ལོ་བྱེ་བ་སྲིད་དུ་དེ་བཞིན་གཤེགས་པ་མང་པོའི་ཞིང་གི་ཕུན་ཚོགས་གསན་ནས། གདོད་རང་ཉིད་ཀྱི་ཞིང་བཟུང་བར་བཤད་པ་རྗེས་འཇུག་གི་ཉམས་ལེན་དང་སྦྱར་བའི་སྒོ་ནས་ཀྱང་ཤེས་པར་ནུས་སོ། །འདི་དག་ནི་འོད་མདོར་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་དང་། སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ཞིང་དེ་ཇི་ལྟར་བསྒྲུབས་པའི་ཚུལ་རྣམས་རྒྱས་པར་བཀའ་སྩལ་བའི་རྒྱུ་མཚན་ཆེན་པོའོ། །དེ་ཡང་འོད་མདོ་ཉིད་ལས། གལ་ཏེ་བདག་ཞིང་རྣམ་པ་དེ་འདྲར་མ་གྱུར་ལ། །སེམས་ཅན་དབུལ་མང་ནོང་མང་སྩལ་བར་མ་གྱུར་དང་། །སྡུག་བསྔལ་གྱུར་པའི་མི་དག་བདེ་བར་མ་བགྱིས་པར། །མི་ཡི་རྒྱལ་པོ་དཀོན་མཆོག་ཏུ་ནི་བདག་མ་གྱུར། །ཅེས་གསུངས་པ་ལྟར་འགྲོ་བ་རྣམས་དང་པོར་མངོན་མཐོའི་བདེ་བ། གནས་དང་། ལུས་དང་། ཡོ་བྱད་དང་། མི་འཇིགས་པའི་སྒོ་ནས་ཆེས་ཕུལ་

TN03_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

(༡༨༩)དུ་བྱུང་བ་ལ་བདེ་བླག་ཏུ་འགོད་པ་དང་། དེ་ལྟར་བཀོད་པའི་དུས་ཉིད་ནས་དེ་དག་ཡང་དག་པ་ཉིད་ལ་ངེས་པའི་ཚོགས་འབའ་ཞིག་ཏུ་མཛད་དེ། ངེས་ལེགས་ཀྱི་བདེ་བ་མྱུར་དུ་སྟེར་བའི་རྒྱལ་སྲས་དཔའ་བོའི་ཐབས་མཁས་དང་ཐུགས་བསྐྱེད་ཀྱི་ཤུགས་སྦྱངས་ཚུལ་ཐུན་མོང་མ་ཡིན་པ་འདིས་ཞིང་མཐའ་ཡས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱང་ཐུགས་འཕྲོགས་པར་གསུངས་པས་དད་པའི་རྩ་བ་བརྟན་པར་བྱས་ནས་དེའི་རྗེས་སུ་བསླབ་པར་བྱ་ཡི། དག་པའི་ཞིང་གི་འདོད་ཡོན་ལ་ཆགས་པས་ཡིད་གདུང་ནས་སྨོན་ལམ་འདེབས་པ་ཙམ་ལ་སྤྲོ་བ་ལྷུར་བླང་བར་མི་བྱ་སྟེ། བསམ་པ་ཡོངས་སུ་མ་དག་པ་དེ་འདྲ་བས་སངས་རྒྱས་ཀྱི་ཞིང་རྙོག་པ་མེད་པར་སྐྱེ་བར་དཀའ་བའི་ཕྱིར་ཏེ། མི་འཁྲུགས་པའི་མདོའི་ཤེས་བྱེད་ཀྱང་སྣང་ངོ། །དགོས་པ་གཞན་ཡང་ཞིང་བཀོད་ཀྱི་མདོ་ལས། མི་ཕམ་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དག་གིས་ཐེ་ཚོམ་ཡོངས་སུ་སྤངས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་མྱུར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སྟོབས་བསྐྱེད་པའི་མཐུ་ཐོབ་པར་བྱ་བའི་ཕྱིར་གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །ཞེས་གསུངས་

TN03_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༠)ཏེ། དེར་སྐྱེས་ན་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་མཐུ་འཐོབ་ཚུལ་ནི། མདོ་དེ་ཉིད་ལས། རྒྱ་ཆེན་ཞིང་འདིར་ལྷགས་པར་གྱུར་ནས་ཀྱང་། །ལྷ་ཡི་མིག་དང་ལྷ་ཡི་རྣ་བ་དང་། །ཚེ་རབས་དྲན་དང་བློ་གྲོས་མཁས་མཆོག་དང་། །རྫུ་འཕྲུལ་སྟོབས་ཀྱང་མྱུར་དུ་འཐོབ་པར་འགྱུར། །ཞེས་སོགས་གོང་འོག་ཏུ་ཞིང་དེའི་འགྲོ་བ་རྣམས་མངོན་ཤེས་ལྔ་ལྡན་འབའ་ཞིག་ཏུ་གསུངས་པ་དེའི་སྒོ་ནས་ཡིན་ཏེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་གདུལ་བྱའི་འཇིག་རྟེན་གར་ཡོད་དུ་སོང་ནས་རྒྱལ་བའི་བསྟན་པ་ལ་མ་དད་པ་རྣམས་དད་པ་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱེད་པ་དང་། སྔོན་གནས་དྲན་པའི་མངོན་ཤེས་ཀྱིས་རང་ཉིད་ཀྱིས་འདུལ་བའི་རྒྱུ་སྔོན་སོང་ཅན་གྱི་སེམས་ཅན་ཤེས་པར་བྱེད་ཅིང་། །རང་དང་གཞན་གྱི་སྔོན་བདེ་སྡུག་ཇི་ལྟར་མྱོང་བ་བསྟན་ནས་སྐྱོ་བ་སྐྱེད་པ་དང་། ལྷའི་མིག་གི་མངོན་ཤེས་ཀྱིས་གདུལ་བྱ་གར་ཡོད་རྟོགས་པ་དང་། ལྷའི་རྣ་བའི་མངོན་ཤེས་ཀྱིས་དེ་དག་གིས་གསོལ་བ་འདེབས་པའི་སྒྲ་ལ་སོགས་པ་ཤེས་པ་དང་། ཕ་རོལ་སེམས་ཤེས་ཀྱིས་གདུལ་བྱའི་བསམ་པ་མཆོག་དམན་སོགས་ཀྱི་ཁྱད་པར་ཤེས་ནས་དེ་དག་དང་འཚམས་པར་ཆོས་སྟོན་ནུས་པ་ལ་སོགས་པའོ། །དེས་ན་མ་དག་པའི་ཞིང་གི་འགྲོ་བ་ལ་འཕྲལ་དང་ཡུན་གྱི་བདེ་བས་ཕན་འདོགས་པར་འདོད་ནའང་དང་པོར་རང་ཉིད་བདེ་བ་ཅན་དུ་སྐྱེ་བ་བླངས་པའི་སྒོ་ནས་ཞིང་དག་པའི་རྒྱལ་སྲས་རྣམས་དང་སྐལ་བ་

TN03_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༡)མཉམ་པར་སྒྲུབ་པ་འདི་ཉིད་དེའི་ཐབས་རྨད་དུ་བྱུང་བར་འགྱུར་བ་ཡིན་ནོ། །དེར་མ་ཟད་ཞིང་དེར་སྐྱེས་པའི་རྒྱལ་སྲས་རྣམས་སྔ་དྲོ་རེ་རེར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་མཆོད་པ་དང་བསྙེན་བཀུར་བྱ་བའི་ཕྱིར་ཞིང་རབ་འབྱམས་སུ་འཇུག་ཅིང་། དེ་དག་གི་སྤྱན་སྔར་མང་དུ་ཐོས་པའི་མཛོད་ཚད་མེད་པ་བསགས་པའི་སྒོ་ནས་རང་གི་དགེ་ཚོགས་གོང་འཕེལ་དུ་འགྲོ་བར་གསུངས་པའང་མངོན་ཤེས་ལ་བརྟེན་ནས་བྱེད་པ་ཡིན་ནོ། །འདི་འདྲ་བའི་དོན་གྱི་དབང་ལ་གཟིགས་ནས་འོད་དཔག་མེད་ཀྱི་ཞིང་བཀོད་མཉན་པའི་ཕྱིར་སྟོང་གསུམ་མེ་འོབས་ཀྱིས་གང་བ་བརྒལ་ཏེ་འགྲོ་དགོས་པ་བྱུང་ཡང་མི་ལྡོག་པའི་བརྩོན་འགྲུས་ཀྱི་གོ་ཆ་གྱོན་དགོས་པར་གསུངས་པ་ཡིན་ཏེ། འདི་ལ་ངེས་པ་བརྟན་པོ་བཙལ་དགོས་སོ། །གཉིས་པ་ནི། དེ་ལྟར་དོན་ཆེན་པོ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་འཛིན་པ་དེའང་ས་མཚམས་དམའ་མོའི་རིང་ལ་མི་འགྲུབ་ན་ནི། བདེ་བ་ཅན་གྱི་ཞིང་དུ་ལམ་སྒྲུབ་པའི་འགལ་རྐྱེན་ཉུང་བ་དང་། མཐུན་རྐྱེན་ཁྱད་པར་ཅན་བདེ་བླག་ཏུ་རྙེད་པའི་དབང་གིས་མ་དག་པའི་ཞིང་དུ་སྐྱེས་པ་རྣམསལས་ལམ་གྱི་བགྲོད་པ་ཆེས་མྱུར་བའི་ཡོན་ཏན་ཡང་ལས་དང་པོ་ལ་འོང་ས་མེད་པས། དེའི་ཆེད་དུ་སྨོན་ལམ་བཏབ་པའང་ལམ་མཐོན་པོའི་ཆེད་དུ་སྨོན་ལམ་བཏབ་པ་དང་འདྲ་བར་འགྱུར་ལ། རྟོགས་པ་མཐོན་པོ་དང་ཁྱད་པར་དུ་བྱང་སེམས་མཐོན་པོས་ནི་ཡོན་ཏན་དེ་གཉིས་དག་པའི་ཞིང་དུ་སྐྱེས་པ་ལ་མི་ལྟོས་པར་ཡང་

TN03_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༢)བདེ་བླག་ཏུ་ཁོ་ནས་འཐོབ་པར་ནུས་སོ། །འོན་ཀྱང་འདི་ནི་དེ་ལྟར་མ་ཡིན་ཏེ། གསུང་རབ་ལས་སོ་སོའི་སྐྱེ་བོ་ལམ་མཐོན་པོར་མ་སླེབས་པ་ཡང་ཞིང་དེར་སྐྱེ་བའི་དབང་དུ་མཛད་ནས་གསུངས་པ་དུ་མ་ཞིག་སྣང་ལ། ཚུལ་དེ་རྣམ་པ་གཞན་དུ་འདྲེན་པའི་ལུང་རིགས་ཀྱང་མེད་པའི་ཕྱིར་དང་། མདོའི་དོན་འགྲེལ་བའི་སྐྱེས་བུ་ཆེན་པོ་དག་གིས་ཀྱང་དེ་ཁོ་ནའི་ཕྱོགས་ལྟར་བཤད་པའི་ཕྱིར་རོ། །གསུང་རབ་ལས་དེ་ལྟར་གསུངས་པའང་ཡིན་ཏེ། མདོ་སྡེ་དང་རྟོག་པ་དུ་མར་རྒྱུ་འདི་ལྟ་བུ་ཞིག་བསྒྲུབ་ན་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་ནུས་ཞེས་པ་ནི་གསལ་བར་གསུངས་ལ། དེ་དག་ཀྱང་ལས་དང་པོ་པས་སྒྲུབ་ཏུ་མི་ནུས་པར་མི་སྣང་བའི་ཕྱིར་དང་། འོད་མདོ་དང་སྙིང་རྗེ་པད་དཀར་ལས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་མཚན་ཐོས་ནས་དགེ་བའི་རྩ་བ་རྣམས་བདེ་བ་ཅན་དུ་སྐྱེ་བར་བསྔོས་ན་ཆོས་སྤང་དང་མཚམས་མེད་བྱས་པ་མ་གཏོགས་ཞིང་དེར་སྐྱེ་བར་བཤད་པའང་རྒྱུད་ཚོད་མཐོན་པོར་མ་སླེབས་བར་དུ་ཞིང་དེར་སྐྱེ་མི་ནུས་ན་དེ་འདྲའི་རྣམ་དབྱེ་མཛད་དོན་མེད་པའི་ཕྱིར་དང་། འོད་མདོར་རྒྱལ་བ་འོད་དཔག་མེད་རྗེས་སུ་དྲན་པར་བྱེད་པའི་སེམས་ཅན་རྣམས་ཤི་འཕོས་ནས་ཞིང་དེར་སྐྱེ་བར་མ་ཟད། །ཚེ་འདིར་ཡང་སངས་རྒྱས་མཐོང་བར་སྟོན་པ་ན་རྨི་ལམ་དུ་མཐོང་བ་དང་། འཆི་ཁར་སངས་རྒྱས་ཀྱི་སྤྲུལ་པ་མཐོང་བ་གཉིས་གསུངས་ཤིང་། དེ་དག་ཀྱང་གཞན་རྐྱེན་དེ་བཞིན་གཤེགས་པའི་སྨོན་ལམ་གྱི་དབང་གིས་ཡིན་པར་གསུངས་ཀྱི་དེ་ལས་ལྷག་པ་མ་བཤད་པའང་ཆོས་རྒྱུན་

TN03_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༣)གྱི་ཏིང་ངེ་འཛིན་མ་ཐོབ་པའི་སོ་སྐྱེས་ལ་དགོངས་པར་སྣང་བའི་ཕྱིར་དང་། སྙིང་རྗེ་པདྨ་དཀར་པོར། རྒྱལ་བ་འོད་དཔག་མེད་འཁོར་སྒྱུར་རྩིབས་ཀྱི་མུ་ཁྱུད་དུ་འཁྲུངས་པའི་ཚེ། དཔལ་ཤཱཀྱ་ཐུབ་པ་མདུན་ན་འདོན་གྱི་གཙོ་བོར་གྱུར་པས་བྱང་ཆུབ་ཀྱི་ཐུགས་དང་པོར་འཛིན་དུ་སྩལ་ཚུལ་བཤད་པའི་སྐབས་སུ། རྒྱལ་པོས་སྨྲས་པ། བྲམ་ཟེ་དེ་བཞིན་གཤེགས་པ་འདི་ནི་སྐྱེ་དགུ་ཚེ་ལོ་བརྒྱད་ཁྲི་པ་རྣམས་ཀྱི་ནང་དུ་འཇིག་རྟེན་དུ་བྱུང་ན་དེ་བཞིན་གཤེགས་པས་ངན་སོང་ཐམས་ཅད་ཞི་བར་མཛད་མ་སྤྱོད་དེ་ཞེས་པ་ནས། སེམས་ཅན་རྣམས་རང་རང་གི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱིས་འཕྱན་པར་གྱུར་པས་ན་འདི་ལྟར་སེམས་ཅན་གཅིག་ཙམ་གྱི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་མ་མཛད་ན་བཅོམ་ལྡན་འདས་ཀྱིས་བཏུལ་བའི་སེམས་ཅན་གང་ཞིག་ཡིན། བཅོམ་ལྡན་འདས་ཀྱི་སྐུ་ནི་ཞིང་དུ་གྱུར་པ་འབའ་ཞིག་ཏུ་ཟད་ཀྱི། དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་ནི་མི་མཛད་དོ་ཞེས་པ་ནས། གལ་ཏེ་གང་གི་ཚེ་ཁོ་བོ་བླ་ན་མེད་པའི་བྱང་ཆུབ་ལ་རེག་པར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དེར་ཁོ་བོས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཞིག་འཐོབ་པར་འགྱུར་བ་ལྟ་ན། དེའི་ཚེ་ཁོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཁོ་བོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་སྤྱད་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང་། སྔར་དྲངས་པའི་འོད་

TN03_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༤)མདོའི་ལུང་། སེམས་ཅན་དབུལ་མང་ནོར་མང་སྩལ་བར་མ་གྱུར་ལ། །ཞེས་སོགས་ཀྱི་དོན་ཡང་དེ་དང་འདྲ་བའི་ཕྱིར་རོ། །དེ་ལ་སྙིང་རྗེ་པད་དཀར་གྱི་ལུང་འདིའི་དོན་ཅུང་ཟད་བཤད་ན། མ་དག་པའི་ཞིང་དུ་ནི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་དྲུང་དུ་སྐྱེ་བ་ལེན་ཐུབ་ཀྱང་དེ་ཙམ་གྱིས་སྡུག་བསྔལ་གྱི་ཚོར་བའི་འཇིགས་པ་མཐའ་དག་ལས་བརྒལ་ཟིན་པ་མིན་གྱི། ད་དུང་སངས་རྒྱས་ཉིད་དགེ་རྩ་སྐྱེད་པའི་ཞིང་དུ་བཟུང་སྟེ་རིམ་གྱིས་ངན་འགྲོ་ལ་སོགས་པའི་སྡུག་བསྔལ་ལས་འདའ་བར་བྱ་དགོས་སོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱི་སྐུ་ནི་ཞིང་དུ་གྱུར་པ་འབའ་ཞིག་ཏུ་ཟད་ཀྱི་ཞེས་པ་ནས། ཐར་བར་ནི་མི་མཛད་དོ་ཞེས་པའི་བར་ཏེ། དེའི་སྔ་ལོགས་ཀྱི་མདོ་རྣམས་ཀྱང་ངོ། །བདེ་བ་ཅན་གྱི་ཞིང་དུ་ནི་སྐྱེ་བ་བླངས་པ་ཙམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་པ་ཡིན་པས་དེ་ཞི་བ་ལ་ཐབས་གཞན་བསྟེན་མི་དགོས་ཏེ། །ཞིང་དེར་ཚོར་བ་སྡུག་བསྔལ་དུ་གཏོགས་པ་ཙམ་ཡང་འབྱུང་མི་སྲིད་པ་ནི་སྐྱོབ་པ་འོད་དཔག་མེད་ཀྱི་སྨོན་ལམ་དང་ཚོགས་གཉིས་ཀྱི་སྤྱོད་པས་སྔོན་ནས་བསྒྲུབས་ཟིན་པའི་ཕྱིར་རོ། །དེའང་ནང་དུ་ངན་འགྲོ་ལ་སོགས་པའི་སྡུག་བསྔལ་གྱི་འཇིགས་པ་ལས་གཏན་དུ་འདའ་ནུས་པའི་ཚོད་ཀྱི་ལམ་ལ་མ་སླེབས་ཀྱང་ཕྱི་རོལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཆེ་བས་ཉམས་པ་མེད་པའི་བདེ་བ་དེ་ལྟ་བུ་འཐོབ་པར་སྟོན་པ་ནི། གལ་ཏེ་གང་གི་ཚེ་ཁོ་བོ་བླ་ན་མེད་པའི་བྱང་ཆུབ་ལ་རེག་པར་འགྱུར་བའི་སོགས་ནས། ཐོབ་པར་འགྱུར་བ་ལྟ་ན་

TN03_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༥)ཞེས་པ་སྟེ་ཤིན་ཏུ་གསལ་ཞིང་། གོང་དུ། དེ་བཞིན་གཤེགསཔ་འདི་ནི་ཞེས་པ་ནས། དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་ནི་མི་མཛད་དོ། །ཞེས་གསུངས་པའི་ཟླས་དྲང་ན། ཁོ་བོ་ནི་འཚང་རྒྱ་བ་ན་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ཀྱང་སྡུག་བསྔལ་ལས་ཐར་བར་བྱའོ་ཞེས་པར་འགྱུར་ཏེ་རྣམ་དཔྱོད་ཡོད་ན་ཅི་སྟེ་མི་མཐོང་། དགེ་བའི་རྩ་བ་མ་བསྐྱེད་པའི་དོན་ནི་བཤད་མ་ཐག་པ་ལྟར་ཡིན་གྱི། དགེ་རྩ་གཏན་ནས་མ་བསྐྱེད་པའི་དོན་ཡེ་མིན་ལ། སྡུག་བསྔལ་ལས་ཐར་བར་མི་མཛད་ཅེས་པའི་སྡུག་བསྔལ་ཡང་ཚོར་བ་སྡུག་བསྔལ་ལ་བཤད་ཟིན་པ་ལྟར་ཡིན་ཏེ། དེ་བཞིན་གཤེགས་པས་ངན་སོང་ཐམས་ཅད་ཞི་བར་མཛད་མ་སྤྱོད་དེ་ཞེས་གསུངས་པས་མཚོན་ནོ། །མདོ་འདི་དག་གིས་ནི་རང་སྟོབས་ཀྱིས་ངན་འགྲོ་ལས་འདའ་བ་དང་། གཞན་སངས་རྒྱས་ཀྱི་ཞིང་དག་པའི་སྟོབས་ཀྱིས་འདའ་བ་གཉིས་ཚུལ་ཐ་དད་དུ་ཕྱེ་ནས་བསྟན་ཏོ། །དེ་ལྟར་བྱས་ཚེ་ཞིང་དེར་སྐྱེ་རྒྱུའི་འགྲོ་བ་ལ་མ་དག་པའི་ཞིང་དུ་སྐྱེས་ན་ངན་འགྲོར་འགྲོ་བའི་གླགས་དང་བཅས་པ་དུ་མ་ཞིག་མེད་ན་མདོ་དེ་དག་ལ་ཇི་ལྟར་འགྲིགས་པ་སོམས་ཤིག ཁ་ཅིག་བདེ་བ་ཅན་དུ་འཕགས་པ་མིན་པ་མི་སྐྱེ་ཞེས་སྨྲ་བ་ལྟར་ན། ཞིང་དེར་སྐྱེས་པའི་བྱང་སེམས་སྔོན་ཐེ་ཚོམ་ཟ་བའི་ཉེས་པས་བསྒྲིབས་པ་རྣམས་པདྨའི་མངལ་དུ་རིང་དུ་གནས་དགོས་པར་གསུངས་པའང་བྱང་སེམས་འཕགས་པ་ལ་བྱ་དགོས་ལ། དེའི་ཚེ་ལོ་ལྔ་བརྒྱར་སངས་

TN03_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༦)རྒྱས་བསྙེན་བཀུར་བྱ་བ་ལས་ཉམས་པའི་བྱང་འཕགས་ཀྱང་ཡོད་པར་ཁས་བླང་དགོས་ཏེ་ཡ་མཚན་ནོ། །བཤད་མ་ཐག་པའི་བྱང་སེམས་རྣམས་སྔོན་རྒྱུ་བསྒྲུབས་པ་ན་ཐེ་ཚོམ་ཟ་བའི་སྒོ་ཡང་གཙོ་བོར་ཞིང་འདི་འགངས་ཤིན་ཏུ་ཆེ་བ་དང་། སྐྱེ་སླ་བ་གཉིས་ཚོགས་པ་འདི་ཡིན་པར་སྣང་ངོ་། །ལུང་ལ་བརྟེན་པའི་གནོད་བྱེད་གཞན་ཡང་ཡོད་དེ་རེ་ཞིག་དེ་ཙམ་མོ། །སངས་རྒྱས་ཀྱི་ཞིང་གང་ལ་འདུན་པ་དྲག་པ་དེར་སྐྱེ་བ་མྱུར་ལ། ཞིང་འདིའི་གདུལ་བྱ་རྣམས་ནི་བདེ་བ་ཅན་གྱི་ཞིང་ལ་མོས་པ་ཤས་ཆེ་བར་མཐོང་བའི་ཕྱིར་དང་། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། གང་ཞིག་ཡེ་ཤེས་ཕྱག་རྒྱའི་ཏིང་འཛིན་འདི་ནི་ཡི་གེར་བྲིས། །འཆང་ཞིང་སྟོན་ལ་ཀློག་ཅིང་གང་ཞིག་གཞན་ལ་རབ་འཆད་ན། །དེ་ཡི་བསོད་ནམས་ཕུང་པོ་དཔག་ཏུ་མེད་ཅིང་བསམ་མི་ལང་། །རྒྱལ་བའི་སྲས་པོ་བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ། །ཞེས་དང་། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོའི་ཕན་ཡོན་གྱི་སྐབས་སུ་ཡང་། གང་ཞིག་བྱང་ཆུབ་སེམས་དཔའི་གནས། །བདེ་བ་ཅན་དུ་མཆི་འཚལ་བ། །ཞེས་པ་ནས། རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསམ་གྱིས་མི་ཁྱབ་དེ་མཐོང་གྱུར། །ཞེས་གསུངས་ཤིང་། འཕགས་པ་ཏིང་འཛིན་རྒྱལ་པོ་དང་། ཟ་མ་ཏོག་བཀོད་པ་དང་། སྨན་མདོ་བརྒྱད་བརྒྱ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་སེམས་ཅན་ལ་གཟིགས་ཤིང་ཀུན་ཏུ་སྟོན་པ་དང་།

TN03_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༧)གཙུག་ཏོར་གདུགས་དཀར་དང་། རྣམ་རྒྱལ་མའི་རྟོག་པ་དང་། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་མདོ་སོགས་མདོ་སྡེ་དང་རྟོག་པ་མང་པོར་བདེ་བ་ཅན་དུ་སྐྱེ་བའི་ཕན་ཡོན་གསུངས་པ་དང་། ལྷག་བསམ་བསྐུལ་བར་སེམས་བསྐྱེད་པ་རྣམ་པ་བཅུས་ཞིང་དེར་སྐྱེ་བ་སྒྲུབ་ཚུལ་དང་། ཡོངས་སུ་བསྔོ་བའི་རྒྱལ་པོའི་མདོར། བདག་ནི་འགུམ་པའི་དུས་བགྱིད་ཚེ། །ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ། །སངས་རྒྱས་ཚེ་དཔག་མེད་མཐོང་ནས། །འདི་ནས་བདེ་བ་ཅན་དུ་མཆི། །ཞེས་དང་། སྡོང་པོ་བཀོད་པ་ལས། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །ཞེས་སོགས་ཞིང་དེར་སྐྱེ་བ་འཛིན་པ་ལ་སྨོན་ལམ་འདེབས་ཚུལ་མང་དུ་བཀའ་སྩལ་པ་དང་། དེ་དག་དང་མཐུན་པར་རྒྱུད་བླ་མར་ཡང་། དེས་ནི་འགྲོ་འདི་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང་། །ཞེས་དང་། བཤགས་བསྟོད་ལས། འགྲོ་ཀུན་བདེ་བ་ཅན་དུ་ཕྱིན་པར་ཤོག །ཅེས་སོགས་བསྟན་བཅོས་ལས་ཀྱང་དུ་མ་ཞིག་གསུངས་ཏེ། རྒྱལ་དང་དེ་སྲས་ཀྱིས་ཆོས་བསྟན་པའི་བྱེ་བྲག་ནི་གདུལ་བྱའི་དབང་ལ་བརྟེན་ནས་འཇུག་པས། དེའི་དུས་དང་མ་འོངས་པའི་འཇིག་རྟེན་གྱི་ཁམས་འདིའི་སྐྱེ་བོ་རྣམས་ཞིང་དེར་སྐྱེ་བ་སྒྲུབ་སླ་བ་ལ་དགོངས་ནས་དེ་ལྟར་རྗེས་འཇུག་ལ་བསླབ་པར་གདོན་མི་ཟ་བའི་ཕྱིར་སྨོན་ལམ་བཏབ་ན་ལྷག་པར་འགྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་འོད་མདོ་ལས་བདེ་བ་

TN03_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༨)ཅན་ན་བཞུགས་པའི་བྱང་སེམས་འཁོར་གྱི་ཡོན་ཏན་འཆད་པ་ན། འཕགས་པ་འབའ་ཞིག་གི་དབང་དུ་བྱས་པ་མང་དུ་གསུངས་པ་དང་འགལ་ཞིང་། གཞུང་གཞན་དུ། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་ཡང་དག་པར་ངེས་པ་འཕགས་པ་ལ་བཤད་ཅིང་། མདོ་འདིར་བདེ་བ་ཅན་དུ་སྐྱེས་པ་རྣམས་ཡང་དག་པ་ཉིད་ལ་ངེས་པ་ཁོ་ནར་གསུངས་པ་ཡང་ཇི་ལྟར་བསྒྲིགས་ཤེ་ན། སྔ་མ་དེ་ལྟར་བྱུང་ནའང་སྐྱོན་མེད་དེ། མདོ་ལས་རྒྱུན་གཅིག་ལ་གསུངས་པའི་ཡོན་ཏན་རྣམས་ཀྱང་གཞི་ཐ་དད་ཀྱི་སྟེང་ནས་བཤད་ཆོག་པ་དུ་མ་ཡོད་པའི་ཕྱིར་ཏེ། འཕགས་པ་ཐོགས་མེད་ཀྱིས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། རིག་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ་ཞེས་པའི་མདོའི་ཚིག་ཕྱི་མ་གསུམ་ཉན་ཐོས་སློབ་པ་འབྲས་གནས་དང་། ཞུགས་ལམ་པ་དང་། མི་སློབ་ལམ་པ་སོ་སོར་གོ་རིམ་བཞིན་སྦྱར་ནས་བཤད་པ་བཞིན་ནོ། །ཕྱི་མ་ནི་དེར་སྐྱེས་ནས་ལས་ཉོན་གྱིས་སྐྱེ་བ་གཉིས་པ་བརྒྱུད་མི་དགོས་པར་མྱ་ངན་ལས་འདས་པའི་ཕྱོགས་སུ་སྐལ་བ་ངེས་པ་ཙམ་ལ་དེ་ལྟར་བཏགས་སམ་སྙམ་སྟེ། ཐེག་པ་ཆེན་པོའི་གཞུང་སྤྱི་སྐད་ལ་བྱང་སེམས་སྐྱེ་བ་གཅིག་ཐོགས་ཞེས་པ་ས་བཅུ་པ་བ་ཁོ་ན་ཡིན་ལ། མདོ་འདིར་བདེ་བ་ཅན་གྱི་བྱང་སེམས་ཐམས་ཅད་སྨོན་ལམ་གྱི་དབང་མ་གཏོགས་པར་བླ་མེད་བྱང་ཆུབ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ཏུ་གསུངས་ཀྱང་། དེར་སྐྱེས་པའི་བྱང་སེམས་ལ་ས་བཅུ་པ་བས་ཁྱབ་པ་སུ་ཡང་མི་འདོད་པ་བཞིན་

TN03_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

(༡༩༩)ནོ། །འོན་ཀྱང་ཐུབ་པའི་དབང་པོའི་དགོངས་པ་བདག་འདྲ་བ་རྣམས་ཀྱིས་ཤེས་པར་དཀའ་བས་ད་དུང་མཁས་པ་དག་གིས་དཔྱད་པར་མཛོད་ཅིག །གསུམ་པ་ལ། རྒྱུ་སྒྲུབ་ཚུལ་སྤྱིར་བསྟན་པ་དང་། རྩ་བ་དད་པ་སྦྱང་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སྟོན་པ་འོད་དཔག་མེད་ཀྱི་ཚོགས་གཉིས་ཀྱི་འབྲས་བུའི་ཞིང་དང་། ཆོས་ཀྱི་ལོངས་སྤྱོད་ལ་དངོས་སུ་སྤྱོད་པ་ལ་ནི་རྟེན་གྱི་ངོས་ནས་ཀྱང་ཚོགས་དེའི་ཆ་གཅིག་ངེས་པར་སྒྲུབ་དགོས་ཏེ། གཞན་དུ་ན་དེ་བཞིན་གཤེགས་པའི་ཐུགས་རྗེ་དང་མཐུ་ལ་ཕྱོགས་ལྷུང་མེད་པས་དག་པའི་ཞིང་གྲུབ་པ་ཙམ་ནས་སེམས་ཅན་ཐམས་ཅད་དེར་ཕྱིན་པར་ཐལ་བའི་ཕྱིར་རོ། །སྔར་དྲངས་པའི་མདོ་ལས། དེ་བཞིན་གཤེགས་པས་འགྲོ་བ་སྤྱི་མཐུན་གྱི་སྡུག་བསྔལ་སེལ་བའི་མཛད་པ་མ་དག་པའི་ཞིང་དུ་མི་སྟོན་པར་གསུངས་པའང་། སེམས་ཅན་དགེ་རྩ་ཆུང་ཞིང་ལས་སྒྲིབ་ཤས་ཆེ་བ་རྣམས་ཀྱི་ནང་དུ་མཛད་པ་དེ་བསྒྲུབས་མ་བྱུང་བའི་རྒྱུ་མཚན་ཉིད་ཀྱིས་ཡིན་ནོ། །དེ་ལ་རྒྱུའི་ཁྱད་པར་ཅི་ཙམ་ཞིག་བསྒྲུབ་ན་དོན་དེ་འགྲུབ་པ་ནི་ཚུ་རོལ་མཐོང་བའི་མངོན་སུམ་དང་། དངོས་སྟོབས་ཀྱི་ཚད་མས་རྟོགས་མི་ནུས་པས་དྲང་སྲོང་ཆེན་པོའི་ལུང་ཁོ་ན་ལ་བརྟེན་ནས་ཤེས་དགོས་སོ། །དེ་ཡང་འོད་མདོ་ལས། ཀུན་དགའ་བོ་སེམས་ཅན་གང་དག་ཁ་ཅིག་ནི་དེ་བཞིན་གཤེགས་པ་དེ་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་

TN03_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༠)འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱི་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། ཀུན་དགའ་བོ་གང་དག་ཡང་དེ་བཞིན་གཤེགས་པ་དེ་ཡང་ཡིད་ལ་བྱེད་ཅིང་དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་དུ་བསྐྱེད་ལ། སངས་རྒྱས་ཀྱི་ཞིང་དེར་སེམས་ཡང་དག་པར་གཏོད་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་དེའི་ཁ་དོག་དང་། དབྱིབས་དང་ཆུ་ཞེང་དང་། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་ཅི་འདྲ་བ་དེ་འདྲ་བའི་སངས་རྒྱས་ཀྱི་སྤྲུལ་པ་དག་མདུན་དུ་གནས་པར་འགྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་མཐོང་བས་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དེ་དང་། བརྗེད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་ལུང་སྔ་མས་རྒྱུ་བཞི་དང་། ཕྱི་མས་གསུམ་གསུངས་སོ། །བཞིར་གསུངས་པའི་སྐབས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དགོས་པར་གསུངས་པ་ནི། དེའི་འཁོར་གྱི་གཙོ་བོར་སྐྱེ་བའི་དབང་དུ་མཛད་པ་སྟེ། ཞིང་དེར་སྐྱེ་བ་བཟུང་བའི་དགོས་པ་སྔར་བཤད་པ་རྣམས་ཚང་བར་འཐོབ་པ་ལ་སེམས་བསྐྱེད་དགོས་ཞེས་པ་ཡིན་གྱི། དེར་སྐྱེ་བ་ཙམ་ལ་ནི་

TN03_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༡)མ་ཡིན་ཏེ། དེ་ན་ཉན་ཐོས་ཀྱི་འཁོར་ཡང་མཐའ་ཡས་པ་ཡོད་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་དེར་སྐྱེ་བ་ཙམ་འཐོབ་པ་ལའང་སེམས་བསྐྱེད་ཡོད་མེད་གཉིས་ལ་ཚེགས་ཆེ་ཆུང་གིས་འཐོབ་པའི་ཁྱད་པར་ནི་ཡོད་པར་མངོན་ནོ། །ཞིང་དེར་བྱེ་བྲག་ཏུ་སྐྱེ་བའི་རྒྱུ་སྟོན་ཐོག་གི་ས་བོན་ལྟ་བུ་ནི་དེར་སྐྱེ་བར་སྨོན་ལམ་འདེབས་པ་ཡིན་ལ། སྨོན་ལམ་དེ་རྒྱུན་རིང་ལ་ཤུགས་དྲག་པ་ཡོད་ན་ཞིང་དེར་སྐྱེ་བའང་དེའི་ཚོད་ཙམ་སླ་ཞིང་། དེ་ལས་བཟློག་ན་དཀའ་བ་ཡིན་ནོ། །སྨོན་ལམ་གྱི་ངོ་བོ་ནི་འདུན་པ་ཡིན་ཅིང་། དེའི་རྩ་བ་དད་པས་བྱེད་པར་གསུངས་པས། སྨོན་ལམ་དེ་ལྟར་འོང་བ་ནི། རྒྱལ་བའི་དབང་པོ་འོད་དཔག་མེད་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པའི་དད་པ་སྦྱངས་པ་ལ་ལྟོས་ཏེ། དེ་ནི་རྒྱུ་དང་པོ་ཡིན་ནོ། །འདིར་སྐྱོབ་པ་འོད་དཔག་མེད་ནི་ཡིད་ལ་བྱ་རྒྱུ་དང་། དེ་ཡིད་ལ་བྱེད་པའི་ཚུལ་ནི་རྣམ་པས་ཞེས་པ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱི་རྣམ་པ་དང་། ཆོས་སྟོན་པ་དང་། སྤྱོད་ལམ་གྱི་རྣམ་པ་དང་། ཉན་ཐོས་དང་བྱང་སེམས་ཀྱི་འཁོར་གྱི་རྣམ་པ་དང་། སངས་རྒྱས་ཀྱི་ཞིང་གི་རྣམ་པ་དང་། སྔོན་གྱི་རྒྱུའི་རྣམ་པ་སོགས་རྣམ་པ་དུ་མའི་སྒོ་ནས་སེམས་པར་མདོ་གཞན་དང་གཞན་ལས་གསུངས་པ་བཞིན་ཏེ། འདི་ནི་དད་པ་སྒོ་དུ་མ་ནས་རྒྱས་པའི་ཆེད་དོ། །དེའང་ལན་རེ་ཟུང་ཙམ་མ་ཡིན་པར་སྒོམ་དགོས་པ་ནི་ཡང་དང་ཡང་དུ་ཞེས་པས་བསྟན་ཏེ། འདིས་ནི་དད་པ་རྒྱུན་རིང་ལ་བརྟན་པ་སྒྲུབ་པར་བྱེད་དོ། །བཤད་མ་ཐག་པའི་རྣམ་པ་དེ་དག་ལ་མཁས་ན་དེ་དག་གི་སྒོ་ནས་སངས་རྒྱས་ཡིད་

TN03_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༢)ལ་བྱེད་ཚུལ་མེད་པས། ཞིང་བཀོད་ཀྱི་མདོ་སྡེ་རིན་པོ་ཆེ་འབད་པ་དུ་མས་ཉན་དགོས་པར་གསུངས་ཏེ། སྟོབས་བཅུ་མངའ་བས་དད་པ་སྦྱང་ཐབས་ཀྱི་མན་ངག་གཏིང་ཐུག་པར་བྱིན་པ་ཡིན་པར་ཟུངས་ཤིག །སྨོན་ལམ་ཁྱད་པར་ཅན་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པ་ལ། དེའི་རྟེན་དུ་གོང་གི་རྒྱུ་གཉིས་པ་དགེ་བའི་རྩ་བ་མང་པོ་བསགས་པ་དགོས་ཏེ། མདོ་དེ་ཉིད་ལས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང་། སྙིང་རྗེ་པད་དཀར་ལས་ཀྱང་། བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་སངས་རྒྱས་ཀྱི་ཞིང་དུ་ཡོངས་སུ་བསྔོ་བ་བགྱིས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་འདེབས་ལུགས་ཀྱང་དགེ་རྩ་ཡོངས་སྒྱུར་གྱི་བསྔོ་བའི་རྣམ་པ་ཅན་དུ་བྱེད་པར་གསུངས་སོ། །དགེ་རྩ་གསོག་ལུགས་ནི། སྔར་དྲངས་པའི་མདོ་ལུང་ཕྱི་མར། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་དུ་བསྐྱེད་ལ། ཞེས་སྒོ་མང་པོ་ནས་གསོག་པ་དང་། ཞིང་དང་བསམ་པ་སོགས་ཀྱི་དབང་གིས་སྐད་ཅིག་རེར་ཡང་དཔག་ཏུ་མེད་པ་གསོག་པ་དང་། དེ་ལའང་གོམས་པ་རྒྱུན་ཆགས་སུ་བྱེད་པར་གསུངས་སོ། །སྒོ་མང་པོ་ནས་གསོག་ཚུལ་ཡང་། དེ་ཉིད་ལས། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཐོས་ནས་ཀྱང་གཡོར་མ་ལྟུང་བའི་རྒྱུད་ཀྱིས་བསམ་པ་ཐག་པ་ནས་རྗེས་སུ་དགའ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། ཡི་

TN03_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༣)གེར་བྲི་བ་དང་། བསྒོམ་པའི་ཕྱིར་བརྩོན་འགྲུས་རླབས་པོ་ཆེ་ཆེན་པོ་བརྩམ་པར་བྱའོ། །ཐ་ན་བ་གཅིག་འཇོ་བ་དེ་སྲིད་དུ་གཞན་དག་ལ་བརྗོད་པར་བྱའོ། །ཞེས་གསུངས་ཤིང་། དེའི་འཕྲོ་ཞིག་ན། ཐ་ན་ཡི་གེར་བྲིས་ཏེ་མཆོད་པ་བྱེད་པ་དེ་དག་ཀྱང་བསོད་ནམས་མང་དུ་སྐྱེད་པར་འགྱུར་ཏེ། ཞེས་མཆོད་པ་བྱེད་པ་ཡང་གསུངས་སོ། །དམ་པ་སྔ་མ་དག་སྨོན་ལམ་འགྲུབ་པའི་རྒྱུར་དགེ་རྩ་སྐྱེད་པའི་སྒོ་རྣམས་ཕྱག་འཚལ་བ་ལ་སོགས་པའི་ཡན་ལག་བདུན་དུ་བསྡུ་བར་བཞེད་དེ། སྡོང་པོ་བཀོད་པ་སོགས་ཀྱི་མདོའི་རྗེས་སུ་འབྲངས་པའོ། །འོད་མདོར་རྒྱུ་གཉིས་པ་སྟོན་པའི་སྐབས་སུ། ཇི་སྐད་སྨོས་པའི་ཁྱད་པར་དེ་འདྲ་བ་ཡང་དང་ཡང་དུ་སྦྱར་བས། ལུས་འདི་བོར་ནས་སྐྱེ་སྲིད་གཞན་བར་དུ་མི་བརྒྱུད་པར་ཞིང་དེར་འགྲོ་བ་ལ་དགེ་རྩ་ཤིན་ཏུ་ཤས་ཆེ་བ་དགོས་པར་གསལ་ལ། དེའང་ཚུལ་ཁྲིམས་དང་ལྡན་པ་ལ་འོང་གིས། རྒྱུད་ཉེས་པར་སྤྱོད་པས་ཟིལ་གྱིས་མནན་པ་ལ་ཆེས་ཆེར་དཀའ་བའི་ཕྱིར། མི་དགེ་བཅུ་སྤོང་ལ་མ་མཐའ་བྱས་པའི་ཚུལ་ཁྲིམས་ལ་མང་དུ་གནས་པ་དང་། སྡིག་ལྟུང་བྱུང་ཡང་བཤགས་བསྡམ་འབད་ནས་བྱེད་པ་ཅིག་གལ་ཤིན་ཏུ་ཆེ་བར་སྣང་སྟེ། བསྡུས་དོན་དང་པོའི་ཐད་དུ་དྲང་བའི་འཇམ་དཔལ་ཞིང་བཀོད་ཀྱི་ལུང་གིས་ཀྱང་ཚུལ་ཁྲིམས་དང་སྨོན་ལམ་གཉིས་ཞིང་དག་པར་སྐྱེ་བའི་རྒྱུའི་གཙོ་བོར་བསྟན་ཏོ། །ལྷག་པར་ཡང་དམ་པའི་ཆོས་སྤངས་པ་དང་། མཚམས་མེད་བྱེད་པ་གཉིས་ཀྱིས་བདེ་སྨོན་མི་འགྲུབ་པར་གོང་དུ་བརྗོད་ཟིན་ཅིང་། ལྷག་བསམ་

TN03_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༤)བསྐུལ་བ་ལས་ཀྱང་། སྔོན་དགེ་སློང་ཆོས་སྨྲ་བ་གཉིས་ལ་སྐུར་པ་བཏབ་པའི་བྱང་སེམས་དྲུག་ཅུ་ལས་དེ་ལྷག་མ་མེད་པར་མ་ཟད་ཀྱི་བར་ལ་བདེ་བ་ཅན་དུ་འགྲོ་མི་ནུས་པར་གསུངས་ཏེ། དེའི་ནང་ནས་ཀྱང་། རྒྱལ་བའི་བསྟན་པ་ལ་ཆགས་སྡང་རིས་ཐ་དད་དུ་ཕྱེ་ནས་རྟག་ཏུ་གཞན་གྱི་ལེགས་བཤད་ལ་ཀླན་ཀ་ཚོལ་བའི་བསམ་པ་ཅན་གྱི་མཁས་རློམས་དང་། དྲི་མ་མེད་པའི་གསུང་རབ་དང་དགོངས་འགྲེལ་རིན་པོ་ཆེ་རྣམས་ལ་ཐན་མཐོང་བ་ལྟར་བྱེད་པའི་བླུན་པོ་དང་། རྙེད་བཀུར་གྱིས་དབྱེན་སྤྱོས་ནས་དམ་པ་རྣམས་ཀྱི་ཕུན་ཚོགས་ལ་ཞེ་སྡང་བ་དང་། གཞན་ཡང་དེ་དག་དང་ཕྱོགས་མཐུན་པ་བདག་ཅག་ལྟ་བུ་རྣམས་ལ་ཆོས་དང་ཆོས་སྨྲ་བ་ལ་བརྟེན་པའི་ལས་སྒྲིབ་འདི་དག་འབྱུང་ཤིན་ཏུ་ཉེ་བས། འཕགས་པ་ལྷག་བསམ་བསྐུལ་བ་དང་། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་སོགས་ཞིབ་ཏུ་བལྟས་ལ། ཉེས་སྤྱོད་ཆེན་པོའི་སྒོ་དེ་དག་གི་རྣམ་དབྱེ་ཤེས་པར་བྱས་ཏེ་མཐུ་ཅི་ཡོད་ཀྱིས་དགག་དགོས་སོ། །རྒྱུ་བཞི་པོ་འདི་དག་ཚུལ་བཞིན་བསྒྲུབས་པའི་སྐྱེས་བུས་ནི་ཚེ་འདིར་ཡང་ཐུབ་པ་འོད་དཔག་མེད་རྨི་ལམ་དུ་མཐོང་ཞིང་། ནམ་ཞིག་འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་ཀྱིས་བསྐོར་ནས་མདུན་དུ་བཞུགས་པ་མཐོང་སྟེ་དགའ་བ་དང་དད་པའི་ཤུགས་ཀྱིས་ཡིད་འདྲེན་པར་འགྱུར་ལ། དེའི་མཐུས་ལས་ཀྱི་སྒྲིབ་པ་རྣམས་བྱང་ནས་ཐོགས་པ་མེད་པར་བདེ་བ་ཅན་དུ་འགྲོ་བ་འོད་མདོ་དང་སྙིང་རྗེ་པདྨ་དཀར་པོར་ཅི་རིགས་སུ་གསུངས་

TN03_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༥)སོ། །ཞིང་དེའི་བྱང་སེམས་ཀྱི་འཁོར་དུ་སྐྱེས་ཀྱང་རེ་ཞིག་ལ་སྔར་བཤད་པའི་ཕན་ཡོན་རྣམས་ལས་ཉམས་པའི་རྒྱུ་ནི། རྒྱུ་བཞི་བསྒྲུབས་ཀྱང་བཅོམ་ལྡན་འདས་ཀྱིས་ཞིང་གི་ཡོན་ཏན་དང་དེར་རྒྱུ་ཅི་ཙམ་ཞིག་གིས་སྐྱེ་བའི་རྣམ་བཞག་བཀའ་སྩལ་པ་རྣམས་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེའི་ཉེས་པས་ཞིང་དེར་པདྨའི་མངལ་དུ་ལོ་ལྔ་བརྒྱར་སངས་རྒྱས་མཐོང་བ་དང་། དེ་ལས་ཆོས་ཉན་པ་དང་། བྱང་ཆུབ་སེམས་དཔའ་མཐོང་བ་དང་། དེ་དག་དང་ལྷན་ཅིག་འབེལ་བའི་ཆོས་ཀྱི་གཏམ་རྣམ་པར་ངེས་པ་བྱ་བ་དང་། དེའི་དོན་ནན་ཏན་གྱིས་བསྒྲུབ་པའི་སྒོ་ནས་རྟོགས་པ་ཁྱད་པར་དུ་འགྲོ་བ་རྣམས་བྱར་མེད་པར་གནས་དགོས་པའི་ཚུལ་རྒྱ་ཆེར་འོད་མདོ་ལས་གསུངས་སོ། །དེ་དག་སངས་རྒྱས་མཐོང་བ་ལས་ཉམས་ཀྱང་ཆོས་ཐོས་པ་ལས་མི་ཉམས་ཟེར་བ་ནི་མདོ་དང་འགལ་ལོ། །ཐེ་ཚོམ་འདི་འགོག་པ་ལ་དཔལ་ཆོས་ཀྱི་གྲགས་པས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང་། །རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང་། །གནོད་མེད་འདི་ཡི་མི་བསླུ་བའོ། །ཞེས་སོགས་གསུངས་པ་ལྟར། དེ་བཞིན་གཤེགས་པས་མཐོང་བ་མངོན་གྱུར་བསྟན་པའི་གསུང་རབ་ལ་མངོན་སུམ་དང་། མཐོང་བ་ལྐོག་གྱུར་བསྟན་པའི་གསུང་རབ་ལ་དངོས་སྟོབས་ཀྱི་བསལ་བ་མི་འཇུག་པའི་ཚུལ་དང་། དེ་ནས་མ་མཐོང་བ་ཤིན་ཏུ་ཀློག་གྱུར་སྟོན་པའི་གསུང་རབ་འདི་འདྲ་བ་རྣམས་ལ་རང་ཚིག་སྔ་ཕྱི་དང་། དངོས་ཤུགས་འགལ་བའི་གནོད་པ་མེད་ཚུལ་ཤེས་པར་

TN03_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༦)བྱས་ཏེ། གསུང་རབ་སྔ་མ་གཉིས་མཐུན་དཔེར་བླངས་ནས་དཔྱད་གསུམ་དག་པའི་ལུང་གི་རྟགས་ཀྱིས་མི་བསླུ་བར་ཡིད་ཆེས་སྐྱེད་པ་དགོས་ཏེ། འདི་ནི་འོད་མདོ་ཉིད་ལས། དེ་བས་མཁས་པ་རིག་པའི་རང་བཞིན་མི། །གང་ཞིག་ང་ཡི་ཚིག་ལ་ཡིད་ཆེས་ཏེ། །རྒྱལ་བའི་ཡེ་ཤེས་ཕུང་པོ་དབང་བྱས་ནས། །སངས་རྒྱས་ཉིད་ཀྱིས་མཁྱེན་ཅེས་ཚིག་ཏུ་བརྗོད། །ཅེས་པའི་དགོངས་པར་ཡང་སྣང་མོད། འདིར་དེ་ཙམ་ལས་མ་བཤད་དོ། །དེ་ལྟར་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་བདེ་བླག་ཏུ་རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་རྨད་དུ་བྱུང་བ་ལས་ཀྱང་ཆེས་རྨད་དུ་བྱུང་བ་འདི་ལྟ་བུ་རྙེད་ནས་སྒྲུབ་ཏུ་ཡོད་པ་ནི། ད་རེས་འདྲ་བའི་བརྒྱ་ལམ་བརྒྱ་ལམ་ན་ཐུགས་རྗེ་ཅན་གྱི་སྟོན་པ་དང་། སྟོན་པའི་ལུགས་འཛིན་དམ་པ་རྣམས་ཀྱི་དྲིན་ལས་དཀའ་དཀའ་ལྟར་རྙེད་པར་ཟད་ཀྱི། ཡང་དང་ཡང་དུ་རྙེད་པ་མ་ཡིན་པའི་ཚུལ་ལེགས་པར་བསམ་ནས་མདོ་སྡེ་རིན་པོ་ཆེ་གདམས་པའི་མཐིལ་དུ་བཟུང་སྟེ་དོན་ཉམས་སུ་ལེན་པའི་བརྩོན་འགྲུས་དྲག་པོས་རྒྱལ་བ་སྲས་བཅས་ལ་བྱས་པ་གཟོ་བར་བྱ་སྟེ། མདོ་དེ་ཉིད་ལས། མི་ཕམ་པ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །ཆོས་བསྟན་པ་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའོ། །མི་ཕམ་པ། ངས་ཁྱོད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྙད་ཀྱིས། ད་ཁྱོད་ཀྱིས་མངོན་པར་སྦྱོར་ལ་སྒྲུབ་ཤིག །ཅེས་བཀའ་སྩལ་པ་བཞིན་ནོ། །གཉིས་པ་ནི། བདེ་བ་ཅན་དུ་སྐྱེ་བའི་སྨོན་

TN03_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༧)ལམ་དང་། དེའི་གྲོགས་དགེ་རྩ་དུ་མ་ལ་འཇུག་པའི་བརྩོན་འགྲུས་གཉིས་ཀའི་རྩ་བ་ནི་བསམ་གྱིས་མི་ཁྱབ་པའི་ཞིང་གི་འབྱོར་པ་ལ་དད་པ་བརྟན་པ་ཡིན་པས་གཙོ་བོར་དེ་བསྒོམ་པའི་ཕྱིར་དུ་འབད་དགོས་ཏེ། དེ་ཉིད་ལས། དོན་མཆོག་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་ནས་ཡིད་གཉིས་སོལ། །ཞེས་གསུངས་སོ། །དེའང་རྒྱུ་འབྲས་གཉིས་ཀའི་སྒོ་ནས་བསམ་ན་བློ་འཁྲུལ་སྟོབས་ཆེ་བས་དེ་ལྟར་ཅུང་ཟད་བཤད་པ་ལ་གཉིས། ཞིང་དེ་དང་པོར་ཇི་ལྟར་བསྒྲུབས་པའི་ཚུལ་དང་། གྲུབ་པའི་ཞིང་གི་ཕུན་ཚོགས་ཉིད་བཤད་པའོ། །དང་པོ་ལའང་། བསམ་པ་སྨོན་ལམ་ཇི་ལྟར་བཏབ་པ། སྦྱོར་བ་ཚོགས་ཇི་ལྟར་བསགས་པ། དེ་དག་གི་ལག་རྗེས་ཇི་ལྟར་གྲུབ་པའི་ཚུལ་དང་གསུམ་ལས། དང་པོ་ནི། སྐྱོབ་པ་འོད་དཔག་མེད་སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་སུ་གྱུར་པ་ན་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་བསྐུལ་བར་གྱུར་ཏེ་ཕུལ་དུ་བྱུང་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བའི་ཆེད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་གི་ཡོན་ཏན་སྒྲུབ་བྱེད་ཀྱི་རྒྱུ་དང་བཅས་པ་ལོ་བྱེ་བ་ཐམ་པར་གསན་ཅིང་། དེའི་འོག་ཏུ་རང་ཉིད་ཀྱིས་བསྐལ་པ་ལྔའི་རིང་ལ་ཇི་སྐད་གསན་པའི་ཞིང་དེ་དག་ལས་ཆེས་ཁྱད་པར་དུ་འཕགས་པའི་རྒྱ་ཁྱོན་དང་། རང་བཞིན་དང་། འཁོར་དང་། ལོངས་

TN03_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༨)སྤྱོད་ཀྱི་བྱེ་བྲག་ཟད་མི་ཤེས་པ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ལ་རྩེ་གཅིག་ཏུ་སེམས་ཤིང་འདུག་ནས། གདོད་དེ་བཞིན་གཤེགས་པའི་སྤྱན་སྔར་དེ་འདྲ་བའི་ཞིང་བཟུང་བར་འོད་མདོ་ལས་གསུངས་ཏེ། རྒྱས་པར་ན་དང་པོར་དགེ་སློང་ཆོས་ཀྱི་འབྱུང་གནས་དེ་ཐེག་མཆོག་རིགས་ཀྱི་ནུས་པ་ཁྱད་པར་ཅན་སད་ཚུལ་དང་། དེ་ནས་དགེ་བའི་བཤེས་གཉེན་བསམ་སྦྱོར་ཇི་ལྟ་བུས་བསྟེན་པ་དང་། དགེ་བའི་བཤེས་གཉེན་ལས་འབད་པ་ཆེན་པོས་གདམ་ངག་ཇི་ལྟར་བླངས་པ་དང་། གདམ་ངག་དེ་ལ་བརྟེན་ནས་བསམ་པ་ཕུན་ཚོགས་ཇི་ལྟ་བུ་བརྙེས་པ་དང་། བསམ་པ་དེ་ཐོག་མར་བསྐྱེད་དུས་ནས་ངོ་མཚར་རྨད་དུ་བྱུང་བའི་ལྟས་རྒྱ་ཆེན་པོ་འཇིག་རྟེན་དུ་བྱུང་ཚུལ་རྣམ་དཔྱོད་ཅན་གྱི་འདུན་སར་གླེང་བར་འོས་པ་དུ་མ་ཞིག་ཞིང་བཀོད་ཀྱི་མདོ་ཉིད་ཀྱི་སྟེང་ནས་ཤོད་པར་སྣང་ཡང་མང་བས་འཇིགས་ནས་མ་སྤྲོས་སོ། །སྙིང་རྗེ་པདྨ་དཀར་པོ་ལས་ནི། བཅོམ་ལྡན་འདས་དེས་སངས་རྒྱས་ཀྱི་ཞིང་བཟུང་བའི་སྐུ་ཚེའི་ཐོག་མ་འཁོར་སྒྱུར་རྩི་བས་ཀྱི་མ་ཁྱུད་དུ་འཁྲུངས་པ་དེ་ཡིན་པར་གསུངས་ཏེ། དེས་ལོ་བདུན་དུ་གཡེང་བ་ཐམས་ཅད་སྤངས་ཏེ་ནང་དུ་ཡང་དག་འཇོག་ལ་གནས་པ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་བྱིན་རླབས་ཀྱིས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྟོང་གི་རྡུལ་སྙེད་རྣམས་ཀྱི་ཡོན་ཏན་བཀོད་པའི་རྒྱན་དག་མཐོང་བར་གྱུར་ནས་དེ་དག་ལ་ལྟ་ཞིང་གང་དུ་རང་ཉིད་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་

TN03_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༩)ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བའི་སྨོན་ལམ་གྱི་ཚུལ་ལ་མཁས་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་སྨོན་ལམ་རྒྱ་ཆེར་བཏབ་ཚུལ་རྣམས་བཤད་དོ། །གཉིས་པ་ནི། དེ་ལྟར་སྨོན་པ་ཙམ་གྱིས་ཆོག་ཤེས་པར་ཡང་མ་མཛད་དེ། ཇི་ལྟར་སྨོན་པའི་དོན་དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར། དུས་ཀྱི་ཁྱད་པར་བསྐལ་པ་མཐའ་ཡས་པར། སློབ་ཚུལ་གྱི་ཁྱད་པར་རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་གི་རྗེས་སུ་འབྲང་བའི་དྲན་པ་དང་ཤེས་བཞིན་དང་བག་ཡོད་རྣམས་ལ་གནས་ཏེ། བསླབ་བྱའི་རང་བཞིན་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་ཕྱོགས་རེ་ཙམ་མ་ཡིན་པར་སྡོམ་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་སྤྱོད་པ་ཕྱོགས་རེ་ཙམ་མ་ཡིན་པར་སྒྲུབ་པ་དང་། ཁྱད་པར་དུ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཚད་བཟུང་དང་བྲལ་བས་མཐར་འཛིན་གྱི་འཆིང་བ་བཅད་དེ། སྦྱིན་པ་ལ་སོགས་པ་བྱང་སེམས་ཀྱི་སྤྱོད་པ་གཞན་རྣམས་ཀྱང་ཤེས་རབ་དེ་ཉིད་ཀྱི་རྒྱས་བཏབ་ནས་གོམས་པར་བྱེད་པ་དང་། དགེ་ཆོས་དེ་རྣམས་ཁྱད་པར་དུ་འགྲོ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཤེས་གཉེན་བགྲང་བས་མཐའ་མི་རྟོགས་པ་དེ་ཉིད་སྒོ་ཐམས་ཅད་ནས་མཉེས་པར་བྱ་བ་དང་། རང་གང་ལ་གནས་པའི་ལམ་དེ་ཉིད་མཐའ་ཡས་པའི་སེམས་ཅན་གྱིས་དངོས་དང་བརྒྱུད་ནས་རྟོགས་པར་བྱ་བའི་ཕྱིར་ཐབས་ལ་མཁས་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྟོན་པ་དང་། དེ་དག་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བསྔོ་

TN03_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༠)ཞིང་ཡོངས་སུ་སྤེལ་བ་སྟེ། མདོར་ན་དགེ་བའི་རྩ་བ་མ་སྦྱངས་པ་རྣམས་ཀྱིས་ཐོས་ན་ཡིད་ཆེས་པ་ཙམ་ཡང་བྱ་དཀའ་བའི་སྤྱོད་པ་རྨད་དུ་བྱུང་བ་རྣམས་ལ་བསླབ་པར་མཛད་པ་ནི། འོད་མདོ་ལས། ཀུན་དགའ་བོ་དགེ་སློང་ཆོས་ཀྱི་འབྱུང་གནས་དེས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་དེའི་སྤྱན་སྔར་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་སྨོན་ལམ་གྱི་ཁྱད་པར་རྣམ་པ་དེ་ལྟ་བུ་དེ་དག་བསྟན་ནས། ཡང་དག་པའི་ལྟ་བ་བཞིན་དུ་སྒྲུབ་པ་ལ་གནས་པར་གྱུར་ཏེ། ཞེས་སོགས་རྒྱས་པར་གསུངས་སོ། །གསུམ་པ་ནི། །བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཆེན་པོ་དེ་དག་གི་མཐུ་ལས་སྐུ་ཚེའི་ཕྲེང་བ་ཐམས་ཅད་དུ་ལུས་མཚན་དཔེས་བརྒྱན་ཅིང་། ཁའི་སྒོ་དང་བ་སྤུའི་སྒོ་ཐམས་ཅད་ལས་ལྷ་རྫས་ཀྱི་ཙན་དན་དང་མེ་ཏོག་ཨུཏྤ་ལའི་བསུང་འབྱུང་བ་དང་། ཅི་དང་ཅི་དགོས་པའི་ཡོ་བྱད་ཀྱི་ཁྱད་པར་ཐམས་ཅད་ལག་པ་གཉིས་ནས་རང་འབྱུང་བ་དང་། ཕྱོགས་གང་དུ་སྐྱེས་ཀྱང་དེ་དང་དེར་གཏེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཐོན་པ་དེ་ལྟ་བུའི་དཔལ་གྱིས་མཛེས་པར་གྱུར་ཏེ། དེ་ཡང་རིམ་གྱིས་གོང་ནས་གོང་དུ་འཕེལ་ཏེ། མཐར་སངས་རྒྱས་ཀྱི་ཞིང་གི་བཀོད་པའི་རྒྱན་ཇི་ལྟར་བཞེད་པ་ཐམས་ཅད་འགྲུབ་པའི་ནུས་པ་ཡོངས་སུ་རྫོགས་པའི་བར་དུ་གྱུར་པ་ཡང་། དེ་ཉིད་ལས། ཀུན་དགའ་བོ་དེ་ལྟར་དགེ་སློང་ཆོས་ཀྱི་འབྱུང་གནས་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་ཡོ་བྱད་ཐམས་ཅད་ལ་དབང་བའི་ཕ་རོལ་ཏུ་སོན་པར་གྱུར་ཏོ། །ཞེས་སོགས་གསུངས་སོ། །

TN03_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༡)དེའང་རྒྱུའི་དགེ་ཚོགས་བཟང་བ་དང་། མང་བ་དང་། ཉེས་སྤྱོད་དང་མ་འདྲེས་པ་དང་། སྣ་ཚོགས་པ་སོགས་ཀྱི་དབང་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཟང་བ་དང་། མང་ཞིང་ཕལ་ཆེ་བ་དང་། སྙིགས་མ་ཐམས་ཅད་ཀྱིས་མ་སྦགས་པ་དང་། རྒྱན་སྣ་ཚོགས་པ་སོགས་སོ་སོར་འབྱུང་བར་སྣང་ངོ། །རྒྱུའི་གསལ་བ་ཐ་དད་ལས་སངས་རྒྱས་ཀྱི་ཞིང་ལ་ལག་རྗེས་སོ་སོར་འབྱུང་བའི་ཚུལ་རྒྱས་པར་ནི་སའི་སྙིང་པོའི་འཁོར་ལོ་བཅུ་པ་དང་། འཇམ་དཔལ་ཞིང་བཀོད་ལས་ཤེས་པར་བྱའོ། །དེ་བཞིན་དུ་མཚན་དང་། དཔེ་བྱད་དང་། འོད་དང་། སྐུ་ཚེ་དང་། དབྱངས་དང་། ཡེ་ཤེས་དང་། མཛད་པ་དང་། ཐ་ན་མཚན་གྱི་ཡི་གེ་ཙམ་ཡང་གདུལ་བྱའི་རེ་བ་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རྒྱུ་བསམ་སྦྱོར་ཕུན་ཚོགས་དུས་ཡུན་རིང་ལ་རྣམ་པ་མཐའ་ཡས་པས་བསྒྲུབས་ཚུལ་རྣམས་ཞིབ་ཏུ་བསམ་པར་བྱ་སྟེ། འདི་དག་ལེགས་པར་ཤེས་ན་འོད་མདོ་ལས། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིགས་ཤིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་རྣམས་ཀྱི། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་

TN03_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༢)ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཞེས་སོགས་གོང་འོག་ཏུ་གསུངས་པ་དུ་མ་ཞིག་ལ་ངེས་པ་ཡམ་མེ་བ་མིན་པར་སྐྱེའོ། །གཉིས་པ་ལ། སྣོད་ཀྱི་ཡོན་ཏན་དང་། བཅུད་ཀྱི་ཡོན་ཏན་བཤད་པ་གཉིས། དང་པོ་ལའང་། ས་གཞི་དང་ནམ་མཁའི་གནས་བཤད་པ་དང་། དེ་དག་མཛེས་བྱེད་ཀྱི་རྒྱན་བཤད་པ་གཉིས་ལས། དང་པོ་ནི། ཞིང་དེ་ན་ལྷ་དང་མིའི་གནས་རིས་གཉིས་ལས་གནས་གཞན་མེད་ལ། ལྷ་གནས་ལ་རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་སོགས་ཀྱི་གནས་རིས་སོ་སོར་ཡོད་ཀྱང་། རི་རབ་ལ་བརྟེན་པའི་ལྷ་གནས་ནི་མེད་དེ། དེ་ན་རི་རབ་དང་རྒྱ་མཚོ་ཆེན་པོ་སོགས་མེད་པར་གསུངས་པའི་ཕྱིར་རོ། །དེས་ན་ཐམས་ཅད་ཀྱང་ནམ་མཁའ་ལ་བརྟེན་པ་ཤ་སྟག་སྟེ། འདི་ནི་ཀུན་དགའ་བོས་དྲི་བ་ཞུས་པའི་ལན་གྱི་སྐབས་སུ་རྒྱུ་མཚན་མཐུན་དཔེ་དང་བཅས་ཏེ་གསུངས་སོ། །རྒྱ་མཚོ་ཆེན་པོ་མེད་པས་གླིང་བཞིའི་རྣམ་གཞག་ལ་ཡང་དཔྱད་པར་བྱའོ། །དེ་ལ་ཞིང་དེ་ནི་ཐ་གྲུ་ཆེ་ཞིང་ཤིན་ཏུ་ཡངས་པ། ས་གཞི་སྡོང་དུ་མ་དང་། ཚེར་མ་དང་། གྱོ་གསེག་དང་། ངམ་གྲོག་དང་། གད་པ་དང་། རྡོ་བ་དང་། རི་ནག་པོ་མེད་ཀྱང་། འཇིག་རྟེན་ན་མི་སྤྱོད་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ངོས་ལག་མཐིལ་ལྟར་མཉམ་པ། གསེར་གྱི་དྲ་བས་ཁེབས་པ། ཤིན་ཏུ་གཞོན་ཞིང་འཇམ་ལ་སྙི་བས་རེག་ན་བདེ་བ། བཀྲ་ཞིང་ཤིན་ཏུ་མཛེས་པའི་འོད་ཟེར་གྱི་རི་མོ་ཅན། ལེགས་པར་ཕྱིས་པའི་མེ་ལོང་གི་ནང་ལྟར་དག་པས་

TN03_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༣)སངས་རྒྱས་ཀྱི་ཞིང་ཚད་མེད་པའི་རྒྱན་གྱི་གཟུགས་བརྙན་སྣང་བ་སྟེ། འོད་མདོའི་གོང་འོག་བསྒྲིགས་ཤིང་། མདོ་གཞན་ལའང་ཅུང་ཟད་བརྟེན་ནས་བཀོད་པའོ། །གཉིས་པ་ལ། ས་གཞི་ལ་འབྱུང་བའི་རྒྱན་དང་། ནམ་མཁའ་ལ་འབྱུང་བའི་རྒྱན་དང་། དེ་དག་གི་ཁྱད་པར་ཐུན་མོང་དུ་བསྟན་པའོ། །དང་པོ་ལ། རྟག་ཏུ་གནས་པ་དང་། འཕྲལ་དང་འཕྲལ་ལ་བྱུང་བ་གཉིས་ལས། དང་པོ་ལའང་། རིའི་རྒྱན་ནི་འོད་མདོར། རི་ཐམས་ཅད་ཀྱང་རིན་པོ་ཆེའི་རི་ཤ་སྟག་གོ །ཞེས་པ་ཙམ་ལས་མ་བྱུང་ཡང་། མདོ་གཞན་དུ། ལྷ་ཡུལ་གྱི་རི་རྣམས་རྩེ་མོ་སྣ་ཚོགས་པ། ངོས་ཡངས་ཤིང་མཐོ་དམན་མང་པོས་དགའ་བ། རིན་པོ་ཆེའི་སྙེ་ཕུང་འཁྲིགས་པའི་གསབ་གསེབ་དང་། རིན་པོ་ཆེའི་འབྱུང་ཁུངས་དུ་མ་ཅན། ནོར་བུའི་ཕུག་དང་། འཁྲི་ཤིང་གི་ཁྱིམ་གྱི་ཕྲེང་བས་མཛེས་པ་ཡིན་པར་གསུངས་པ་དང་འདྲའམ་སྙམ་མོ། །ཤིང་གི་རྒྱན་ནི། ཤིང་ལྗོན་པ་རེ་རེ་ནས་རིལ་གྱིས་རིན་པོ་ཆེ་སྣ་གཅིག་གི་རང་བཞིན་དང་། གཉིས་དང་། གསུམ་ནས། གསེར་དང་དངུལ་དང་བཻཌཱུརྱ་དང་། ཤེལ་དང་། སྤུག་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་བར་དུ་ཡོད་ལ། དེའི་ནང་ནས་རིན་པོ་ཆེ་སྣ་གཅིག་པ་ལ། གསེར་གྱི་ལྗོན་ཤིང་ནས་རྡོའི་སྙིང་པོའི་ལྗོན་ཤིང་གི་བར་བདུན་དང་། རིན་པོ་ཆེ་སྣ་བདུན་ལས་གྲུབ་ཚུལ་ལ། རྩ་བ། སྡོང་པོ། ཡལ་ག ལོ་མ། འདབ་མ། མེ་ཏོག འབྲས་བུ་རྣམས་སོ་

TN03_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༤)སོར་རིན་པོ་ཆེ་གཞན་དང་གཞན་ལས་གྲུབ་པ་དང་། དེ་བདུན་རེ་རེ་ཡང་རིན་པོ་ཆེ་སྣ་བདུན་ཀ་ལས་གྲུབ་པའི་ཚུལ་གཉིས་གསུངས་ཤིང་། དེའི་སྔ་མ་ལའང་དབྱེ་བ་བདུན་གསུངས་སོ། །ཤིང་ལྗོན་པ་དེ་དག་ཐམས་ཅད་ཀྱང་འཇམ་ཞིང་རེག་ན་བདེ་ལ་དྲི་ཞིམ་པ་སྟེ། དེ་དག་རླུང་གིས་བསྐྱོད་པ་ན་སྙན་ཅིང་ཡིད་དུ་འོང་ལ་མཉན་པས་ཆོག་མི་ཤེས་པའི་སྒྲ་དབྱངས་དག་འབྱུང་ངོ་། །ཤིང་སོ་སོའི་ཁ་དོག་སོ་སོ་དང་། ཤིང་རེ་རེ་ཡང་ཁ་དོག་མི་འདྲ་བ་དུ་མས་ཕྱེ་བ་དེ་དག་གིས་ས་གཞི་རྣམ་པར་བཀྲ་བ་ཡིན་ནོ། །ཆུའི་རྒྱན་ལ། འབབ་ཆུ་དང་། རྫིང་བུའི་རྒྱན་གཉིས་ལས། འབབ་ཆུ་ནི་ཁ་ཞེང་དཔག་ཚད་གཅིག་པ་ནས་དཔག་ཚད་བརྒྱ་སྟོང་པའི་བར་དུ་ཡོད་ལ། ཟབས་སུ་ནི་ཐམས་ཅད་ཀྱང་དཔག་ཚད་བཅུ་གཉིས་པར་མཚུངས་ཏེ། །དེ་དག་ཏུ་རོལ་རྩེད་ལ་འཇུག་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ཆུ་ལོང་བུ་ནུབ་ཙམ་ནས། མིད་པ་ནུབ་ཙམ་གྱི་བར་གྱི་ཇི་ལྟར་འདོད་པ་བཞིན་དུ་འགྱུར་བ་ནི་མ་གཏོགས་སོ། །ཆུ་ཀླུང་དེ་དག་ནི་འབབ་སྟེགས་བདེ་བ། འདམ་རྫབ་མེད་པ། གསེར་གྱི་བྱེ་མ་བརྡལ་བ། དྲི་རབ་ཏུ་ཞིམ་པའི་ལྷ་རྫས་ཀྱི་སྤོས་ཀྱིས་བསྒོས་པ། ལྷའི་མེ་ཏོག་གི་ཚོགས་ཀྱིས་ཁེབས་པ། །ལྷའི་སིལ་སྙན་ཡན་ལག་བྱེ་བ་བརྒྱ་སྟོང་དང་ལྡན་པ་རོལ་མོ་མཁན་མཁས་པས་བླངས་པ་བས་ཀྱང་ལྷག་པའི་སྒྲ་སྙན་པ་སྒྲོགས་ཤིང་འབབ་པ། འདོད་པའི་རྗེས་སུ་འབྲང་བའི་རེག་བྱ་ཅན་འགྲམ་གཉིས་རིན་པོ་ཆེའི་སྤོས་ཀྱི་ཤིང་ལྗོན་པས་གང་བ་ཤ་སྟག་སྟེ། དེ་དག་གི་དྲི་དང་།

TN03_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༥)དབྱངས་དང་། མེ་ཏོག་གི་རྒྱན་རྣམས་ཀྱང་རྣམ་པ་སྣ་ཚོགས་པ་ཡིན་ནོ། །ཀླུང་དེ་དག་གི་སྒྲ་དབྱངས་རྣམས་ནི་ཟབ་པ་དང་། རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཇི་ལྟར་འདོད་པའི་དབྱངས་སུ་གྲགས་པར་འགྱུར་ལ། སྒྲ་དེ་ཐོས་པར་མི་འདོད་ན་ནི་དེའི་མོད་ལ་ཞི་བར་འགྱུར་རོ། །རྫིང་བུའི་རྒྱན་ནི། འོད་མདོར། འཕགས་པ་མི་ཕམ་པ་ལ་དྲི་བ་མཛད་པའི་སྐབས་སུ། རྫིང་བུ་ཉམས་དགའ་བ་དག་དང་། ཞེས་པ་ཙམ་ལས་མ་གསུངས་ཀྱང་། ཞིང་བཀོད་ཀྱི་མདོ་ཆུང་བ་ལས་གསུངས་ཏེ། གཞི་རིན་པོ་ཆེ་སྣ་བདུན་ལས་གྲུབ་ཅིང་། གསེར་གྱི་བྱེ་མ་བརྡལ་བ། ཆུ་ཡན་ལག་བརྒྱད་དང་ལྡན་པས་བྱ་རོག་གིས་བཏུང་དུ་རུང་བར་གང་བ། རིན་པོ་ཆེའི་པདྨས་ཁེབས་ཤིང་། ཕྱོགས་བཞིར་རིན་པོ་ཆེའི་ཐེམ་སྐས་བཀྲ་བ་དང་ལྡན་པ། ཕྱི་རོལ་རིན་པོ་ཆེའི་ལྗོན་ཤིང་གི་ཕྲེང་བ་སྤེལ་ལེགས་པས་མཛེས་པར་བྱས་པ་དག་གོ །ནགས་ཚལ་དང་ཆུའི་གནས་དེ་དག་ཏུ་དེ་བཞིན་གཤེགས་པས་སྤྲུལ་པའི་བྱ་རྣམ་པ་སྣ་ཚོགས་སྒྲ་ཡིད་དུ་འོང་བ་ཅན་གྱི་ཚོགས་རྣམས་གནས་པར་གསུངས་ཏེ། ཞིང་མདོ་ཆུང་བ་ལས། དེ་དག་ཉིན་རེ་ཞིང་དུས་གསུམ་དུ་འདུས་ནས་བགྲོ་བ་བྱེད་ཅིང་རང་རང་གི་སྐད་དག་གིས་སྨྲ་སྟེ། །དེ་ལྟར་སྨྲ་བ་ན་དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་འབྱུང་བར་གསུངས་སོ། །པདྨའི་རྒྱན་ནི། རིན་པོ་ཆེ་སྣ་བདུན་གྱི་པདྨ་ཚོན་སྣ་ཚོགས་ཅན་དཔག་ཚད་ཕྱེད་ཀྱི་ཚད་ཙམ་དང་། དཔག་ཚད་གཅིག་གི་ཚད་ཙམ་ནས་དཔག་ཚད་བཅུའི་ཚད་ཀྱི་བར་དུ་ཡོད་དེ། །དེ་ཐམས་

TN03_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༦)ཅད་ལས་ཀྱང་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་དང་། འོད་ཟེར་དེ་རྣམས་ཀྱི་རྩེ་ལས་ཀྱང་དེ་བཞིན་གཤེགས་པའི་གཟུགས་དཔལ་དང་གཟི་བརྗིད་ཀྱིས་འབར་བ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་སྟེ། དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་འདས་པ་དག་ཏུ་གཤེགས་ནས་སེམས་ཅན་ལ་ཆོས་སྟོན་ཏོ། །གཉིས་པ་ལའང་ཟས་ཀྱི་ཡོ་བྱད་ནི། སེམས་ཅན་དེ་དག་ཁམས་ཀྱི་ཟ་བ་རགས་པའི་ཟས་ནི་མི་ཟ་མོད། འོན་ཀྱང་ཁ་ཟས་ཀྱི་བྱེ་བྲག་ཇི་ལྟ་བུ་འདོད་ཀྱང་དེ་ཉིད་དེའི་མོད་ལ་རྙེད་པར་འགྱུར་ཏེ། རྙེད་མ་ཐག་ཏུ་ལུས་ཚིམ་པར་གྱུར་ནས་ཟས་ཀྱི་འདོད་པ་དེ་དང་འབྲལ་བར་བཤད་དོ། །སྤོས་ལ་སོགས་པའི་ཡོ་བྱད་ནི། སྤོས་དང་། ཕྲེང་བ་དང་། བྱུགས་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་རྣམས་ཀྱང་འདོད་པ་ཙམ་གྱི་མོད་ལ་རྙེད་དེ། དེའང་ཡོ་བྱད་དེ་དང་དེའི་ཁྱད་པར་ཅི་འདྲ་ཞིག་ཡིད་ལ་འཐད་པ་དེ་ཁོ་ན་བཞིན་དུ་རྙེད་པ་དང་། དེས་སངས་རྒྱས་ཀྱི་ཞིང་དེ་ཁྱབ་པར་འགྱུར་བ་དེ་ལྟར་ཟད་མི་ཤེས་པར་རྙེད་པར་འགྱུར་ཏེ། ཡོ་བྱད་དེ་དག་མངོན་པར་མི་འདོད་པ་རྣམས་ལ་ནི་སྣང་བར་མི་འགྱུར་རོ། །གོས་དང་རྒྱན་གྱི་ཡོ་བྱད་ནི། གོས་ཁ་དོག་ཐ་དད་པ། རིན་ཐང་གཞལ་དུ་མེད་པ་དག་ཀྱང་བསམ་མ་ཐག་ཏུ་སྔ་མ་ལྟར་རྙེད་ཅིང་། ལུས་ལ་རང་བགོས་པར་འགྱུར་བ་དང་། རྒྱན་གྱི་བྱེ་བྲག་ཅི་ལྟ་བུ་འདོད་པ་ཡང་སྐད་ཅིག་དེ་ལ་རིན་པོ་ཆེའི་ཤིང་ལྗོན་པ་རྣམས་ལས་རྙེད་དེ། དེ་དག་གིས་བདག་ཉིད་བརྒྱན་པར་ཤེས་

TN03_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༧)པའོ། །གནས་ཁང་གི་རྒྱན་ནི། གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་ཀྱི་བ་གམ་བརྒྱ་སྟོང་གིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ། སྔས་ཁྲ་བོ་བཞག་པ་དང་ལྡན་པ། དབྱིབས་དང་། ཁ་དོག་དང་། ཆུ་ཞེང་དང་། མཚན་མ་ཇི་ལྟ་བུ་འདོད་པ་དེ་འདྲ་བ་རྣམས་སེམས་ཅན་དེ་དག་གི་མདུན་གྱིས་གཞིར་རང་འབྱུང་སྟེ། དེ་དག་གཞལ་མེད་ཁང་དེ་རྣམས་སུ་ལྷའི་བུ་མོ་བདུན་སྟོང་བདུན་སྟོང་དང་ལྷན་ཅིག་འདུག་ནས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །གཉིས་པ་ལ། རླུང་གི་འབྱོར་པ་ནི། སངས་རྒྱས་ཀྱི་ཞིང་དེར་སྔ་དྲོའི་དུས་སུ་ཕྱོགས་བཞི་ནས་རླུང་ལྡང་སྟེ། དེ་དག་གིས་རིན་པོ་ཆེའི་ཤིང་ལྗོན་པ་ཁ་དོག་བཀྲ་ཞིང་ལྷའི་སྤོས་དྲི་རབ་ཏུ་ཞིམ་པ་སྣ་ཚོགས་ཀྱིས་བསྒོས་པ་དེ་དག་བསྐྱོད་ཅིང་བསྐུལ་བས་ལྷའི་མེ་ཏོག་རྣམ་པ་མང་པོའི་དྲི་ཡིད་དུ་འོང་བ་ཅན། །བལྟ་ན་སྡུག་ལ་ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ་དག་བྲུལ་ནས་སངས་རྒྱས་ཀྱི་ཞིང་དེ་མི་འགྲེང་བདུན་སྲིད་ཙམ་དུ་མཉམ་པར་ཁེབས་པར་བྱེད་དེ། དེ་ལ་རྐང་པ་འཇོག་པ་དང་འདེགས་པ་ན་སོར་བཞི་ཙམ་གྱིས་དམའ་བ་དང་མཐོ་བར་འགྱུར་རོ། །སྤོས་དྲི་སྣ་ཚོགས་ཀྱིས་བསྒོས་པའི་རླུང་དེ་དག་སེམས་ཅན་དེ་དག་ལ་ཕོག་ན་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་དང་ལྡན་པར་འགྱུར་རོ། །སྔ་དྲོ་འདས་མ་ཐག་མེ་ཏོག་རྙིང་པ་དེ་དག་མ་ལུས་པ་མེད་པར་འགྱུར་ཏེ། དེའི་འོག་ཏུ་ཞིང་དེ་དབེན་པ་དང་། ཉམས་དགའ་བ་དང་། དག་པར་འགྱུར་ལ་

TN03_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༨)དེ་ནས་ཡང་སྔོན་བཞིན་དུ་མེ་ཏོག་འགྲེམ་པའི་རླུང་གསར་པ་དག་ལྡང་སྟེ། སྔ་དྲོ་ཇི་ལྟ་བར་ཉི་མའི་གུང་དང་། ཕྱི་དྲོ་དང་། སྲོད་དང་། ནམ་གུང་དང་། ཐོ་རངས་ཀྱང་དེ་བཞིན་ནོ། །ཆར་གྱི་འབྱོར་པ་ནི། དུས་དང་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་དང་། ལྷའི་མེ་ཏོག་ཁ་དོག་ཐ/མས་ཅད་དང་ལྡན་པ་དག་དང་། ལྷའི་རིན་པོ་ཆེ་སྣ་བདུན་དང་། ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་མངོན་པར་འབེབ་པ་དང་། ལྷའི་བླ་རེ་དག་དང་། ལྷའི་རིན་པོ་ཆེའི་གདུགས་རྔ་ཡབ་དང་བཅས་པ་དག་ཀྱང་ནམ་མཁའ་ལ་འཛིན་ཅིང་། ལྷའི་རོལ་མོའི་དབྱངས་སྒྲ་དག་ཀྱང་སྒྲོགས་ལ་ལྷའི་བུ་མོ་དག་ཀྱང་གར་བྱེད་དེ། ཞིང་འདིར་ཆར་དང་འབྲུག་དང་གློག་འབྱུང་བ་བཞིན་ནོ། །གཞན་ཡང་བདག་ཅག་གི་སྟོན་པའི་འཁོར་རྣམས་ལས་སངས་རྒྱས་ཀྱི་མཐུས་བདེ་བ་ཅན་གྱི་ཡོན་ཏན་མངོན་སུམ་དུ་བསྟན་པའི་ཐད་ཀྱི་མདོ་ལས། སྟེང་གི་བར་སྣང་ལ་ཀུན་དགའི་རབ་ཉམས་དགའ་བ་དག་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དང་། ཆུ་ཀླུང་དང་། རྫིང་བུ་ཉམས་དགའ་བ་དང་། འོག་མིན་གྱི་བར་གྱི་ནམ་མཁའི་ངོས་ལ་རིན་པོ་ཆེའི་མེ་ཏོག་བཀྲམ་པའི་འབྱོར་པ་དག་ཀྱང་གསུངས་ཤིང་། ཞིང་དེའི་སེམས་ཅན་རྣམས་གཞལ་མེད་ཁང་དཔག་ཚད་བརྒྱ་སྟོང་ཡོད་པ་དག་ཏུ་ཞུགས་ནས་བར་སྣང་ལ་ཆགས་པ་མེད་པར་འགྲོ་བ་དག་ཀྱང་ཡོད་པར་གསུངས་ཏེ། ནམ་མཁའ་ལ་འབྱུང་བའི་ཁང་བཟང་སོགས་ཀྱང་ཡོད་ལ། ས་གཞི་ལ་བྱུང་བའི་དེ་རྣམས་འདོད་པའི་དབང་གིས་ནམ་མཁར་

TN03_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༩)བགྲོད་པ་ཡང་ཡོད་པ་འདྲ་བས་ཚུལ་གཉིས་སོ། །དེ་དག་ལྷ་དང་མི་གཉིས་ཀའི་ཐུན་མོང་བར་སྣང་ངོ་། །གསུམ་པ་ནི། ཞིང་དེའི་མི་རྣམས་ཀྱི་གནས་ལུས་ལོངས་སྤྱོད་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འབྱོར་པ་དང་འདྲ་བར་གསུངས་ཤིང་། མདོ་འདི་ལས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་མདུན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྤྱན་སྔར་མི་མ་རབས་དང་། མི་དྲ་མ་འདུག་པ་བཞིན་དུ་སྤ་བཀོང་བར་གསུངས་པའི། སུམ་ཅུ་རྩ་གསུམ་པའི་ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱིའང་གནས་དང་རྒྱན་ཆས་ཀྱི་དཀར་བ་ལ་ཟླ་བ་སྟོན་གནམ་དུ་ཤར་བའི་ཁ་དོག་གིས་བཅུ་དྲུག་ཆར་ཡང་མི་ཕོད་པར་དྲན་པ་ཉེར་བཞག་ལས་གསུངས་ཏེ། །འདོད་ཡོན་གྱི་རྣམ་པ་གཞན་ཐམས་ཅད་ལའང་ཁྱད་པར་དེ་ལྟར་ཡོད་པས། བདེ་བ་ཅན་གྱི་ཞིང་གི་རྒྱན་ཕྱོགས་རེ་ཙམ་ཡང་ཕལ་པའི་མིས་ཇི་བཞིན་དུ་བསམ་པར་དཀའོ། །ཞིང་བཀོད་ཀྱི་མདོ་སོགས་ལས་རྒྱན་གྱི་ཁྱད་པར་དེ་ལྟར་གསུངས་པ་རྣམས་ཀྱང་མཚོན་བྱེད་ཙམ་དུ་ཟད་ཀྱི། །རྒྱས་པར་ནི་ཞིང་དེའི་གཟི་བརྗིད་དང་། ཁ་དོག་དང་། འབྱོར་པའི་ཕ་མཐའ་མངོན་སུམ་དུ་བལྟ་ན་ལྷའི་མིག་དང་ལྡན་པས་ཀྱང་མི་རྙེད་ལ། ཚིག་གིས་བསྟན་ན་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཤ་སྟག་ཏུ་གྱུར་པས་བསྐལ་པ་བྱེ་བར་བསྙད་ཀྱང་མི་རྫོགས་པར་མདོ་ཉིད་ལས་གསུངས་སོ། །གཉིས་པ་ལའང་། བཅུད་ཀྱི་ཡོན་ཏན་སྤྱིར་བཤད་པ་དང་། གཙོ་འཁོར་སོ་སོར་ཕྱེ་ནས་བཤད་པ་གཉིས་ལས། དང་པོ་ནི། ཞིང་

TN03_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༠)དེ་ན་ལྷ་དང་མིའི་འགྲོ་བ་གཉིས་ལས་འགྲོ་བའི་རིས་གཞན་པ་ནི་མེད་ལ། དེར་སྐྱེས་ནས་ལས་དབང་གིས་འགྲོ་བ་གཞན་གསུམ་དུ་ལྟུང་བ་ཡང་མེད་དོ། །ལྷ་མི་གཉིས་ཀྱང་མིང་གི་ཁྱད་པར་ཙམ་གྱིས་ཕྱེ་བར་གསུངས་སོ། །དེ་ན་སྒོ་ང་དང་མངལ་དང་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་ནི་མེད་ཀྱི། ཐམས་ཅད་ཀྱང་རིན་པོ་ཆེའི་པདྨ་ཡངས་ཤིང་ཚོན་སྣ་ཚོགས་པ་རེག་ན་བདེ་ཞིང་དྲི་བསུང་དང་ལྡན་པ་རྣམས་ལས་རྫུས་ཏེ་འབྱུང་ངོ། །སེམས་ཅན་དེ་དག་ནི་གསེར་གྱི་ཁ་དོག་ཏུ་ཁ་དོག་གཅིག་པ་དང་། ལུས་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཚང་བ་དང་། གཤང་གཅི་དང་སྣབས་ལ་སོགས་པའི་མི་གཙང་བ་དང་བྲལ་བ་དང་། རྡོ་རྗེ་ལྟར་མཁྲེགས་པའི་ལུས་ཅན་དང་། སྲེད་མེད་བུའི་སྟོབས་དང་ལྡན་པ་དང་། སྔར་བཤད་པའི་དམིགས་བསལ་མ་གཏོགས་པ་མངོན་པར་ཤེས་པ་ལྔས་རྩེ་བ་དང་། ཤེས་རབ་དང་སྤོབས་པ་མཐའ་ཡས་པ་དང་། སྨོན་ལམ་གྱི་དབང་མ་གཏོགས་ཚེའི་ཚད་ལ་མཐའ་མི་མངོན་པ་ཤ་སྟག་ཡིན་ནོ། །དེ་དག་ལ་གནས་དང་ཡོ་བྱད་ཡོངས་སུ་འཛིན་པའི་འདུ་ཤེས་ནི་ཅུང་ཟད་ཀྱང་མེད་དེ། །ཤིན་ཏུ་གྱ་ནོམ་པ་དང་། རྒྱ་ཆེ་བ་དང་། སྣ་ཚོགས་པ་དང་། འདོད་པའི་རྗེས་སུ་འབྲང་བའི་འབྱོར་པ་རྣམས་ལ་རང་དགར་རྩེ་བས་ཉམས་བདེ་ཞིང་། རང་བཞིན་གྱིས་ཀྱང་མ་དག་པའི་ཞིང་གི་ལྷའི་བདེ་བ་ཕལ་ཆེར་ལས་འདས་པའི་བདེ་བ་དང་ལྡན་ནོ། །གཉིས་པ་ལ་གཙོ་བོ་དེ་བཞིན་གཤེགས་པ་དང་། ཉན་ཐོས་ཀྱི་འཁོར་དང་། བྱང་ཆུབ་སེམས་དཔའི་འཁོར་བཤད་པ་

TN03_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༡)གསུམ་ལས། དང་པོ་ལ་བྱང་ཆུབ་བརྙེས་པའི་གནས། སྐུ་དང་འོད་ཀྱི་ཁྱད་པར། མཛད་པའི་གཙོ་བོ་འཇུག་ཚུལ། སྐུ་ཚེ་ཕུན་སུམ་ཚོགས་པ། སྙན་གྲགས་རྒྱ་ཆེ་བའི་ཡོན་ཏན་དང་ལྔ་ལས། དང་པོ་ནི། ཞིང་དེའི་ས་གཞིའི་དཀྱིལ་འཁོར་གྱི་དབུས་ན་སྟོན་པ་འོད་དཔག་མེད་ཀྱི་བྱང་ཆུབ་ཀྱི་ཤིང་ཡོད་དེ། དེའི་མིང་ནི་རིན་པོ་ཆེའི་པདྨོ་རྣམ་པར་སྣང་བ་ཞེས་བྱ་བ་དང་། དེའི་དྲུང་ན་པདྨའི་གདན་ཡོད་པའི་མིང་ནི། དག་ཅིང་བཟང་ལ་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་ཡིན་པར་འཆི་མེད་རྔ་སྒྲ་ལས་བཤད་ཅིང་། ཚད་ནི་དཀོན་བརྩེགས་ལས་བྱང་ཆུབ་ཀྱི་ཤིང་འཕང་དང་རྒྱ་ཚད་དཔག་ཚད་སྟོང་དྲུག་བརྒྱ་བར་མཉམ་པ་དང་། རྩ་བའི་སྦོམ་དང་ཁྲུན་དཔག་ཚད་ལྔ་བརྒྱ་ཡོད་པར་བཤད་ལ། སྙིང་རྗེ་པད་དཀར་ལས་དཔག་ཚད་ཁྲིར་གསུངས་ཏེ། པདྨའི་གདན་ཡང་དེ་དང་འཚམས་པ་ཡིན་ནོ། །དཀོན་བརྩེགས་ལས་ཚད་དེ་ལྟར་གསུངས་པ་དེའང་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཆུང་ཤོས་ཡན་ཆད་ཀྱིས་མཐོང་ཚོད་ཐུན་མོང་བའི་དབང་དུ་མཛད་པ་ཡིན་གྱི། ཁྱབ་མཐའ་བཟུང་བ་མིན་པ་མདོ་རང་གི་ཆོས་ཀྱི་འབྱུང་གནས་ཀྱི་སྨོན་ལམ་བསྟན་པའི་ཐད་ནས་ཤེས་ཤིང་། སྤྱིར་དེ་བཞིན་གཤེགས་པ་གཅིག་གི་བྱང་ཆུབ་ཀྱི་ཤིང་ལ་ཡང་རྒྱ་ཚད་མི་འདྲ་བ་དུ་མ་འོང་བ་མི་འགལ་བ་ནི་འཇུག་པ་རྩ་འགྲེལ་དང་། དུས་འཁོར་འགྲེལ་ཆེན་སོགས་ལས་རྒྱ་ཆེར་བཤད་པའི་རིགས་པས་ཤེས་པར་འགྱུར་བའི་ཕྱིར།

TN03_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༢)མདོ་གཉིས་འགལ་བར་མི་བསམ་མོ། །དེ་ལ་ཤིང་གི་རྒྱལ་པོ་དེ་ནི་རྟག་ཏུ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཆགས་པ། མདངས་ལྷ་རྫས་ལས་ཀྱང་འདས་པའི་ཁ་དོག་འབུམ་ཕྲག་དུ་མས་བཀྲ་བ། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་བྱེ་བྲག་ཐ་དད་པ། འཇིག་རྟེན་ན་མཆོག་ཏུ་བྱ་བའི་ནོར་བུ་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱིས་སྤྲས་པ། གསེར་དང་ནོར་བུའི་སྐུད་པ་དང་། སེ་མོ་དོ་དང་། རིན་པོ་ཆེའི་ཆུན་པོ་དང་། རྒྱན་ཕྲེང་དང་། དོ་ཤལ་དང་སྐ་རགས་མང་པོ་འཕྱང་བ། གསེར་དང་། མུ་ཏིག་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་དང་། དྲིལ་བུ་གཡེར་ཁའི་དྲ་བས་བླ་རེ་བྲེས་པ། ཆུ་སྲིན་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་དང་། ཟླ་གམ་ལྟ་བུས་ལེགས་པར་བརྒྱན་པ། ནོར་བུ་འཁྲོལ་བ་དང་། གསེར་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བརྒྱན་པ་སྟེ། དེ་རླུང་གིས་བསྐྱོད་པ་ན་སྒྲ་དབྱངས་སྙན་པ་འབྱུང་བས་འཇིག་རྟེན་གྱི་ཁམས་ཚད་མེད་པ་གོ་བར་བྱེད་དོ། །སེམས་ཅན་གང་གིས་སྒྲ་དེ་ཐོས་པ་དང་། ཤིང་གི་དབང་པོ་དེ་མཐོང་བ་དང་། དེའི་དྲི་ཚོར་བ་དང་། འབྲས་བུའི་རོ་མྱོང་བ་དང་། འོད་ལུས་ལ་ཕོག་པ་དང་། ཤིང་དེ་ཡིད་ལ་སེམས་པ་དེ་དག་བྱང་ཆུབ་ཀྱི་མཐའི་བར་དུ་རྣ་བ་དང་། མིག་དང་། སྣ་དང་། ལྕེ་དང་། ལུས་ལ་ནད་ཀྱིས་མི་འདེབས་ཤིང་། སེམས་མི་གཡེང་བར་འགྱུར་རོ། །གཞན་ཡང་རྒྱལ་བ་དེས་ཆོས་སྟོན་པའི་གནས་ལ། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པ་ལས། ཆོས་

TN03_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༣)ཡང་དག་པར་སྡུད་པའི་ཁང་བཟང་ཞེས་གསུངས་ཤིང་། དོན་ཞགས་ཀྱི་ཆོ་ག་ཞིབ་མོ་སོགས་ལས་ཀྱང་འོད་དཔག་མེད་རིན་པོ་ཆེའི་གཞལ་མེད་ཁང་ན་ཆོས་སྟོན་པའི་བཀོད་པ་གསུངས་ཏེ། དེ་བྱང་ཆུབ་ཤིང་དྲུང་ཡིན་མིན་སོགས་གསལ་བར་བཤད་པ་མ་མཐོང་ངོ། །གཉིས་པ་ནི། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཏེ། དེའི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དག་ཅིང་གསལ་ལ་མཛེས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཤིན་ཏུ་ལེགས་པར་ཕྱེ་བས། སེམས་ཅན་གང་དག་གིས་དེ་དང་པོར་མིག་ལམ་དུ་སྣང་བ་དང་། གཞན་གྱིས་ལན་བརྒྱ་ཕྲག་དུ་མར་མཐོང་བ་གཉིས་འདྲ་བར་མིག་དང་ཡིད་ཚིམ་པར་མཛད་པ་ཡིན་ནོ། །དྲང་སྲོང་ཆེན་པོ་དེ་ནི་འོད་ཟེར་དཔག་ཏུ་མེད་པའི་རྒྱན་འཆང་བ་སྟེ། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙད་དག་འོད་དེས་རྟག་ཏུ་ཁྱབ་པར་གྱུར་ནས་འདུག་གོ །དེའང་འོད་དྲི་མ་མེད་ཅིང་ཤིན་ཏུ་གསལ་བ་དང་། སྒྲིབ་ཐོགས་ཀྱི་དངོས་པོ་ཐམས་ཅད་ལ་མི་ཐོགས་པ་དང་། མཛེས་པ་གཏིང་མི་མངོན་པའི་ཕྱིར་ལྟ་བས་ཆོག་མི་ཤེས་པ་དང་། མིའི་དབང་པོ་དང་ལྷའི་དབང་པོ་ནས་གནས་གཙང་མའི་ལྷའི་བར་ཐམས་ཅད་ཟིལ་གྱིས་གནོན་ཅིང་མོག་མོག་པོར་བྱེད་པ་དང་། ལུས་དང་སེམས་བདེ་བ་དང་། དགའ་བའི་བདུད་རྩིས་ཚིམ་པ་སྐྱེད་པ་དང་

TN03_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༤)སེམས་ཅན་དགེ་བའི་བསམ་པ་ཅན་རྣམས་ལ་དགེ་བ་དང་ཡངས་བ་དང་། རྟོགས་པ་དང་། མཁས་པ་དང་། བློ་དང་། མཆོག་ཏུ་དགའ་བ་སྐྱེད་པ་དང་། དཀོན་མཆོག་ཏཱ་ལ་དང་། འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པ་ལས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་པའི་མཐུའི་ཁྱད་པར་དང་ལྡན་པ་སྟེ། དེ་དག་གི་ཕྱིར་ཞིང་བཀོད་ཀྱི་མདོ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རིའི་རྒྱལ་པོ་རི་རབ་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་མངོན་པར་འཕགས་ཏེ། ཕྱོགས་ཐམས་ཅད་ཟིལ་གྱིས་མནན་ནས་ལྷམ་མེ། ལྷན་ནེ། ལྷང་ངེ་མཛེས་པ། ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་སོ་སོར་ཡང་། དེ་ཉིད་ལས། སེམས་ཅན་སྙིང་པོའི་གཟུགས་ནི་མཐའ་ཡས་ཏེ། དེ་བཞིན་སངས་རྒྱས་གསུང་ནི་མཐའ་ཡས་དབྱངས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བརྩོན་འགྲུས་ཀྱང་། ཁྱོད་འདྲ་འཇིག་རྟེན་འདི་ན་གཞན་མ་མཆིས། །ཟབ་ཅིང་ཤིན་ཏུ་རྒྱས་པའི་ཆོས་བརྙེས་པ། །སངས་རྒྱས་མཆོག་གི་ཐུགས་ནི་རྒྱ་མཚོ་བཞིན། །དེས་ཀྱང་སྟོན་ལ་ཁེངས་པ་མི་མངའ་སྟེ། །ཐ་བ་ཞེ་སྡང་སྤངས་ནས་ཕ་མཐར་སྒྲོལ། །ཞེས་གསུངས་པ་ལྟར་ཞིབ་ཏུ་བསམ་པར་བྱའོ། །གསུམ་པ་ནི། །སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ནི། ལུས་ཅན་རྒུད་པ་སྣ་ཚོགས་ཀྱིས་རྒྱུན་དུ་གཙེ་བ་རྣམས་ལ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས། རྒུད་པ་དེ་ལས་སྐྱོབ་པའི་སྒོ་བླ་ན་མེད་པ་རང་གིས་གང་ཞིག་བརྙེས་པའི་

TN03_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༥)རྟོགས་པའི་ཆོས་ཀྱི་བདུད་རྩི་དེ་ཉིད་སོ་སོའི་སྐལ་བ་དང་འཚམས་པར་བགོ་བཤའ་མཛད་པའི་ཆེད་དུ་ཡིན་ལ། དེ་ལྟར་མཛད་པའང་ལུང་གི་ཆོས་བསྟན་པ་ལ་ངེས་པར་རག་ལས་པར་གཟིགས་ནས། ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཡན་ལག་དྲུག་ཅུ་རྩ་བཞི་དང་ལྡན་པའི་ལེགས་པར་བཤད་པའི་དབྱངས་ཀྱི་བདུད་རྩིས་རྒྱུན་མི་འཆད་དུ་ཚིམ་པར་མཛད་དེ། འདི་ལྟར་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྣམས་ལ་ནི་ཐོབ་བྱ་ཐར་པ་ཙམ་དང་། ཐོབ་བྱེད་རྟེན་གཞི་ངེས་འབྱུང་གི་བསམ་པ་དང་། བརྟེན་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་མདོར་བསྡུས་པ་ལས་བརྩམས་ཏེ་ཆོས་སྟོན་ཅིང་། ཐེག་པ་མཆོག་གི་རིགས་ཅན་རྣམས་ལ་ནི་ཐོབ་བྱ་བླ་ན་མེད་པའི་བྱང་ཆུབ་དང་། ཐོབ་བྱེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྙིང་རྗེ་ཆེན་པོའི་རྩ་བ་ཅན་གྱི་བསམ་པ་དང་། དེས་དྲངས་པའི་སྦྱོར་བ་ཐེག་པ་འོག་མ་དང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་ལས་བརྩམས་ནས་ཤིན་ཏུ་རྒྱས་པའི་ཆོས་འཆད་དེ། མཛད་པ་དོན་ཡོད་པ་བླ་ན་མེད་པ་བརྙེས་པས་ཆོས་བསྟན་པ་རེ་རེས་ཀྱང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བ་དང་། གྲོལ་བ་མཐར་ཕྱིན་པར་མཛད་དོ། །དེའང་གདུལ་བྱ་རང་རང་གིས་ཆོས་ཀྱི་རྣམ་གྲངས་ཇི་ལྟ་བུ་ཞིག་ཉན་པར་འདོད་པ་དེ་དེའི་མོད་ཁོ་ན་ལ་ཐོས་པར་འགྱུར་བར་ཞིང་བཀོད་ཀྱི་མདོ་ལས་གསུངས་སོ། །བཅོམ་ལྡན་འདས་དེའི་བསྟན་པ་ལ་ནི་ཕམ་

TN03_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༦)ལྷག་སོགས་ཀྱི་བཅས་པ་རྣམ་པར་བཞག་པ་ཡང་མེད་དེ། །སངས་རྒྱས་ཀྱི་ཞིང་དེར་ལྟུང་བའི་ཐ་སྙད་བྱས་ཙམ་ཡང་མེད་པར་གསུངས་པའི་ཕྱིར་ཏེ། དཀོན་བརྩེགས་ཀྱི་དྲུག་པར་མི་འཁྲུགས་པའི་ཞིང་ན་ལྟུང་བ་རྣམ་པར་བཞག་པ་མེད་ཚུལ་རྒྱུ་མཚན་དང་བཅས་ཏེ་གསུངས་པའི་རྒྱུ་མཚན་འདིར་ཡང་ཇི་བཞིན་དུ་འདྲ་བའི་ཕྱིར་རོ། །འོན་ཀྱང་དེ་ནི་བསླབ་པའི་གཞི་མ་རྫོགས་པའི་ཉེས་པར་མི་འགྱུར་གྱི། བསྟན་པ་རྙོག་པ་མེད་པའི་ཡོན་ཏན་དུ་འགྱུར་ཏེ། བདག་ཅག་གི་སྟོན་པའི་གསུང་རབ་ལ་ཡང་བཟང་བྱིན་གྱིས་བསྟན་པ་ལ་ཆུ་བུར་མ་བྱུང་བའི་སྔོན་དུ་ཕམ་ལྷག་སོགས་ཀྱི་བཅས་པ་མཛད་པ་མེད་ཀྱང་། སོ་སོར་ཐར་པའི་སྡོམ་པ་ཆེས་ཕུན་སུམ་ཚོགས་པར་འདོད་པ་ཡིན་ནོ། །རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་དུ་གསུང་རབ་མང་པོ་དང་ཉུང་ངུ་གནས་པ་ནི་གདུལ་བྱའི་བློ་དང་དགེ་བའི་རྩ་བ་ཁྱད་པར་ལ་ཐུག་ཅིང་། ཞིང་དེའི་གདུལ་བྱ་རྣམས་ནི་ཤེས་རབ་དང་སྤོབས་པ་མཐའ་ཡས་པ་དང་། དགེ་རྩ་འཐུག་པ་འབའ་ཞིག་ཏུ་བཤད་པས། དེ་བཞིན་གཤེགས་པ་དེ་ནི་མྱ་ངན་ལས་འདས་ནས་ཀྱང་གསུང་རབ་ཀྱི་མཛོད་མ་ཉམས་མ་གོད་པར་གནས་པར་འགྱུར་བར་མངོན་ཏེ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ། འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་པདྨ་དག་དང་ཤིང་ལྗོན་པ་དག་གིས་དེ་བཞིན་གཤེགས་པ་དེ་ཇི་ལྟར་ཆོས་སྟོན་པ་དེ་བཞིན་དུ་ཆོས་ཀྱི་སྒོ་བརྒྱ་ཕྲག་དུ་མ་

TN03_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༧)འབྱུང་བ་བྱེད་པར་འགྱུར་རོ། །ཞེས་སོགས་གསུངས་པས་མཚོན་ནོ། །བཤད་མ་ཐག་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། ཞིང་དེར་སྟོན་པ་འདས་ནས་མདོའི་དོན་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་འཆལ་བར་སྤྱོད་པ་ལ་སོགས་པས་བསྟན་པ་དྲི་མ་ཅན་དུ་བྱེད་པ་རྣམས་ཀྱང་མེད་པར་གསལ་ཏེ། ལུང་དེའི་གོང་ཉིད་དུ། སངས་རྒྱས་འོད་དཔག་མེད་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་པ་ནས། ཇི་ལྟར་བཞུགས་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་སྟེ། ལྷག་ཆད་མེད་པར་འགྱུར་རོ། །ཞེས་དང་། དཀོན་བརྩེགས་ལས་ཀྱང་། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་མི་དགེ་བའི་མིང་ཡང་མེད་དོ། །སྒྲིབ་བའི་སྒྲ་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདག་ཅག་གི་སྟོན་པའི་བསྟན་པ་ལ་ལྔ་བརྒྱ་ཕྲག་བཅུའི་རྣམ་དབྱེ་བྱས་པ་ལྟ་བུའི་བསྟན་པ་དྭངས་སྙིགས་ཀྱི་རིམ་པའང་མེད་པ་འདྲའོ། །བསྟན་པ་གནས་པའི་ཡུན་ཚད་ནི། བསྐལ་པ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་དུ་འགའ་་ཞིག་བཞེད་དེ། སྙིང་རྗེ་པད་དཀར་ལས། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་རྗེ་བཙུན་སྤྱན་རས་གཟིགས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་ཐད་ན། རིགས་ཀྱི་བུ་ཁྱོད་ནི་འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལུས་པ་ན་འཚང་རྒྱ་བར་འགྱུར་ཏེ། ཞེས་གསུངས་

TN03_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༨)པ་འདི་ལ་བསམ་པར་སྣང་ཡང་མདོ་དེའི་དོན་དེ་ལྟར་འཆད་རྒྱུ་ཡིན་མིན་དཔྱད་དགོས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ནི། རྒྱལ་བ་དེ་མྱ་ངན་ལས་འདས་པའི་འོག་ཏུ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་དམ་པའི་ཆོས་གནས་པར་གསུངས་སོ། །བཞི་པ་ནི། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་འདི་སྙེད་དང་། བསྐལ་པ་བརྒྱ་ཕྲག་འདི་སྙེད་ནས། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཏུ་བཞུགས་སོ་ཞེས་པའི་བར་དུ་བརྩི་ཚུལ་རྒྱ་ཆེ་ཆུང་ཇི་ལྟ་བུའི་སྒོ་ནས་གཞལ་ཀྱང་མཐའ་མི་རྟོགས་པར་འོད་མདོ་ལས་གསུངས་ཤིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོར། དེའི་སྐུ་ཚེའི་ཚད་ཀྱི་མཐའ་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བཤད་ཀྱང་རྟོགས་པར་སླ་བ་མ་ཡིན་ཞེས་བརྩི་བའི་ཡུན་ཚད་ཀྱི་སྒོ་ནས་གསུངས་ཏེ། མདོར་ན་དཔག་ཏུ་མེད་པ་ཡིན་ནོ། །དེའི་ཕྱིར་རྒྱལ་བའི་དབང་པོ་དེའི་མཚན་ཡང་ཚེ་དཔག་མེད་ཅེས་བྱའོ། །ཞིང་དེར་བྱང་ཆུབ་བརྙེས་པའི་མཛད་པ་བསྟན་ནས་ད་ལྟ་ཡུན་ཇི་ཙམ་འདས་པ་ནི། མི་མཇེད་ཀྱི་འཇིག་རྟེན་འདི་པའི་ལུགས་ཀྱི་བསྐལ་པ་བཅུ་ལོན་པར་འོད་མདོ་ལས་གསུངས་ཏེ། ཕལ་ཆེན་ཚེའུར་མི་མཇེད་ཀྱི་ཞིང་གི་བསྐལ་པ་གཅིག་གི་ཡུན་ཚད་དེ་བདེ་བ་ཅན་གྱི་ཉིན་ཞག་གཅིག་ཏུ་བྱེད་པར་གསུངས་པས། ཞིང་དེ་པ་རྣམས་ཀྱི་ངོར་ནི་ཉིན་ཞག་བཅུ་ལས་མ་སོང་བར་གསལ་ཏེ། དབྱར་གྱི་ལང་ཚོ་ཐོག་མ་ལ་བབས་པའི་དགའ་བ་ལྟ་བུའི་ཚོད་དུ་སྣང་ངོ། །སྟོན་པའི་སྐུ་ཚེ་དཔག་ཏུ་མེད་པ་འདི་ནི་

TN03_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༩)ཞིང་གི་འབྱོར་པ་ཆེས་མཆོག་ཏུ་གྱུར་པ་ཡིན་ཏེ། ཞིང་རབ་འབྱམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་རྒྱུན་མི་འཆད་པར་འདུ་བ་དང་། སངས་རྒྱས་ཀྱི་རྣམ་འཕྲུལ་སྔོན་མ་མཐོང་བ་མཐོང་བ་དང་། བྱང་སེམས་ལུང་སྟོན་པ་ལ་སོགས་པའི་དགའ་སྟོན་ལ་ཉིན་རེ་བཞིན་སྤྱོད་དུ་ཡོད་པ་ནི། དེ་བཞིན་གཤེགས་པ་བཞུགས་པའི་མཐུ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། །ཐུབ་པའི་དབང་པོ་དེའི་མཚན་ཐོས་པ་ནི་གདུལ་བྱ་ལ་དོན་ཆེན་པོའི་སྒོར་འགྱུར་བར་གཟིགས་ནས། མཐའ་དང་མུ་མེད་པའི་རྒྱལ་བ་རྣམས་ཀྱིས་རང་རང་གི་ཞིང་རྣམས་སུ་དེའི་སྙན་གྲགས་སྒོ་དུ་མ་ནས་ལན་གཅིག་མ་ཡིན་པར་གསལ་བར་མཛད་པར་གསུངས་ཏེ། ཞིང་བཀོད་ཀྱི་མདོ་ལས། དེའི་མཚན་དེ་ཡང་སྒྲིབ་པ་མེད་པར་ཕྱོགས་བཅུར་གྲགས་ཏེ། ཕྱོགས་རེ་རེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་གསུང་ཆགས་པ་མི་མངའ་ཞིང་གསུང་ཐོགས་པ་མི་མངའ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལན་འགའ་མ་ཡིན་པར་བསྔགས་པ་བརྗོད་ཅིང་བསྟོད་དེ། སྙན་པར་གསུང་ངོ། །ཞེས་སོ། །དེ་དོན་ཆེན་པོའི་སྒོར་འགྱུར་བའི་ཚུལ་ནི། བཅོམ་ལྡན་འདས་དེའི་མཚན་ཐོས་ནས་སེམས་དང་བས་ཐལ་མོ་སྦྱོར་བ་ཙམ་ལ་ཡང་། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །ཞེས་སོགས་སྔར་དྲངས་པ་ལྟར་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཐོབ་ཅིང་། དེར་མ་ཟད་བདེ་བ་ཅན་དུ་སྐྱེས་ནས་དེ་བཞིན་གཤེགས་པའི་ཚོགས་གཉིས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་བསམ་གྱིས་

TN03_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༠)མི་ཁྱབ་པ་ལ་ལོངས་སྤྱོད་པའི་རྒྱུ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་། བཅོམ་ལྡན་འདས་དེ་དང་དེའི་ཞིང་ཡོངས་སུ་དག་པའི་ཡོན་ཏན་ཐོས་པ་ལས་བྱུང་བ་ཤ་སྟག་གོ །གཞན་ཡང་མཚན་དེ་ཐོས་པའི་མོད་ལ་བྱང་ཆུབ་ཀྱི་བར་གྱི་ཚེ་རབས་ཐམས་ཅད་དུ་རིགས་མཐོན་པོར་སྐྱེ་བ་དང་། སྐྱེས་པའི་དབང་པོ་འཐོབ་པ་དང་། དབང་པོ་མ་ཚང་བ་མེད་པ་དང་། རྟག་ཏུ་ཚངས་སྤྱོད་ལ་གནས་པ་དང་། བྱང་སེམས་ཀྱི་སྤྱོད་པ་ལ་དགའ་ཞིང་མཆོག་ཏུ་དགའ་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟི་བསྟང་བྱེད་པ་དང་། གཟུངས་དང་ཏིང་ངེ་འཛིན་དང་བཟོད་པའི་སྒོ་རླབས་ཆེ་བ་རྣམས་ལ་སྦྱོར་བ་དང་། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་དགེ་བའི་རྩ་བ་གྱ་ནོམ་པ་སྐྱེ་ཚུལ་རྒྱ་ཆེར་གསུངས་སོ། །དེ་དག་གི་ཕྱིར་རྒྱལ་བའི་དབང་པོ་དེའི་མཚན་ཡོངས་སུ་སྒྲོགས་པ་ནི་སེམས་ཅན་རྣམས་ལ་ལྷའི་རྒྱལ་སྲིད་བྱིན་པས་ཀྱང་བསྐྲུན་དུ་མེད་པའི་ཕན་བཏགས་པ་དང་། གྲངས་མེད་པའི་རྒྱལ་བ་རྣམས་ཀྱི་ཕྲིན་ལས་སྒྲུབ་པའི་གྲོགས་བྱས་པ་དང་། མགོན་པོ་འོད་དཔག་མེད་ལ་གདུལ་བྱའི་སྐྱེས་ཕུལ་བར་འགྱུར་བའི་ཚུལ་ལ་བསམས་ཏེ་འབད་པ་ཐམས་ཅད་ཀྱིས་བསླབ་པར་བྱ་ཡི། དེ་དག་ནི་ཁྱིམ་པ་རྒན་པོ་དང་རྒན་མོ་རྣམས་ལ་དགོས་ཀྱིས། བདག་ཅག་ལྟ་བུའི་རྣལ་འབྱོར་པའམ། མཁས་པ་ནི་དེ་ཙམ་ལ་མི་རེ་ཞེས་རང་གིས་དེ་བཞིན་གཤེགས་པའི་འགྲོ་འདུལ་གྱི་ཐབས་མཁས་མཐིལ་ཕྱིན་པ་ལ་གོ་བ་ཕྱོགས་མཐོང་ཙམ་ཡང་

TN03_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༡)མ་སྐྱེས་པར་མནའ་བོར་ནས། དེ་ལ་རྨད་དུ་བྱུང་བའི་ཁྱད་པར་འཕགས་ཆོས་སུ་སྒོམ་པར་ནི་མི་བྱ་སྟེ། དེ་ལྟར་བྱེད་པ་ནི་དམ་པ་རྣམས་ཀྱི་མདུན་སར་བཞད་གད་ཀྱི་ཕྱིར་དུ་རང་གིས་རང་ལ་ཐོ་འཚམས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བཅོམ་ལྡན་འདས་དེའི་ཉན་ཐོས་ཀྱི་འཁོར་ནི་ཡོངས་སུ་དག་ཅིང་གྲངས་མང་བས་འཕགས་ཏེ། འདི་ལྟར། དེ་ན་སོ་སྐྱེའི་ཉན་ཐོས་ཁྱིམ་གྱི་ཡོངས་སུ་བཟུང་བ་ལ་ཆགས་ནས་མངོན་པར་མི་འབྱུང་བ་ནི་ཡེ་མེད་དེ། ང་ཡིར་བྱ་བ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བའི་ཕྱིར་ཏེ། །སྔར་བཤད་ཟིན་ཏོ། །ཐུབ་པའི་བཅས་མཚམས་འདྲལ་བར་བྱེད་པ་ཡང་མེད་དེ། སྙིགས་མ་མེད་པའི་ཞིང་གི་ཉན་ཐོས་ཡིན་པའི་ཕྱིར་ཏེ། འདི་ནི་དཀོན་བརྩེགས་ཀྱི་དྲུག་པར་མི་འཁྲུགས་པའི་ཞིང་ལ་སྦྱར་ནས་གསུངས་པ་རིགས་པ་འདྲའོ། །བརྩོན་འགྲུས་ཆུང་བས་ལམ་སྒྲུབ་ཏུ་མི་ནུས་པ་ཡང་མེད་དེ། ཐམས་ཅད་ཡང་དག་པ་ཉིད་ལ་ངེས་པར་གསུངས་པའི་ཕྱིར་རོ། །ཞིང་དེའི་བྱང་སེམས་ཀྱི་འཁོར་རྣམས་སྐྱེ་བ་གཅིག་ཐོགས་སུ་གསུངས་པའི་རིགས་པས། །ཉན་ཐོས་ལ་ཡང་ལན་བདུན་པ་དང་རིགས་ནས་རིགས་སྐྱེ་སོགས་མེད་དམ་བརྟག་གོ །ཉན་ཐོས་ཀྱི་དགེ་འདུན་ཡོད་ཀྱང་རིགས་སྐྱེ་སོགས་ཀྱི་རྣམ་བཞག་བྱར་མེད་པ་མི་འགལ་བ་ནི་མི་འཁྲུགས་པའི་འཁོར་གྱི་ཉན་ཐོས་ཐམས་ཅད་མཐོང་ཆོས་ཞིར་གསུངས་པ་བཞིན་ནོ། །ཉན་ཐོས་དེ་དག་གི་གྲངས་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་

TN03_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༢)རང་སངས་རྒྱས་ཤ་སྟག་ཏུ་གྱུར་པས་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བགྲངས་ཀྱང་མཐའ་མི་རྙེད་པར་གསུངས་ཏེ། དེའང་གཅིག་གིས་གང་བགྲང་བ་དེ་གཉིས་པས་མི་བགྲང་། གཉིས་པས་གང་བགྲང་བ་དེ་གསུམ་པས་མ་བགྲང་བ་དེ་འདྲ་བའི་ཚུལ་གྱིས་བགྲང་བ་ལ་དགོངས་སོ། །དེར་མ་ཟད་འཕགས་པ་མཽ་འགལ་གྱི་བུ་ཆེན་པོས་སྟོང་གསུམ་ན་སྐར་མའི་གཟུགས་ཇི་སྙེད་ཡོད་པ་ཐམས་ཅད་ཉིན་ཞག་གཅིག་གིས་བགྲང་བར་ནུས་ཏེ། དེ་ལྟ་བུའི་རྫུ་འཕྲུལ་དང་ལྡན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ལས་གཞན་མི་བྱེད་པར་བཅོམ་ལྡན་འདས་དེའི་ཉན་ཐོས་འདུས་པ་དང་པོ་གཅིག་པུ་བགྲངས་ཀྱང་བྱེ་བ་བརྒྱའི་ཆ་ཙམ་ཡང་རྩིས་ཀྱིས་མི་ཆོད་པར་གསུངས་སོ། །དེ་དག་ཐམས་ཅད་ཀྱང་འོད་འདོམ་གང་བ་དང་ལྡན་པ་ཤ་སྟག་སྟེ། དུལ་བ་དང་ཉེ་བར་ཞི་བའི་དཔལ་གྱིས་སངས་རྒྱས་ཀྱི་ཞིང་དེ་དགོད་པ་བཞིན་དུ་བྱེད་དོ། །གསུམ་པ་ལ། བྱང་སེམས་འཁོར་གྱི་གཙོ་བོ་དང་། རྒྱལ་སྲས་གྱི་འཁོར་སྤྱིར་བསྟན་པ་གཉིས་ལས། དང་པོ་ནི། སྟོན་པ་འོད་དཔག་མེད་ལས་རྒྱལ་ཚབ་ཀྱི་ཅོད་པན་བླངས་པ་དཔལ་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་གཉིས་ཏེ། གོ་རིམ་བཞིན་དུ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་ལྟ་སྟངས་སྦྱངས་པ་དང་། རླབས་པོ་ཆེའི་ཐུགས་སྟོབས་མངའ་བའི་ཆ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་མཚན་དེ་ལྟར་བཏགས་པར་སྙིང་རྗེ་པད་དཀར་ལས་སོ། །

TN03_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༣)དེ་གཉིས་ཀྱི་སྐུའི་འོད་ཀྱིས་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་མ་ལུས་པར་བཀང་སྟེ་གནས་ལ། བྱང་སེམས་ཀྱི་འཁོར་གང་དག་དེ་གཉིས་ལས་ཞག་བདུན་དུ་འདྲི་བའི་ལན་ཉན་པ་དེ་དག་དེའི་མོད་ཁོ་ནར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཐོབ་པའི་ཕྱིར། །སངས་རྒྱས་ཀྱི་ཞིང་དེ་ནི་སྐྱེས་བུ་དམ་པ་འདི་གཉིས་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའི་རྒྱལ་སྲས་ཀྱི་ཚོགས་ཀྱིས་གང་བར་མདོ་གཞན་ལས་གསུངས་སོ། །དེའི་ཕྱིར་དེ་དག་ནི་མཉམ་པ་མེད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་དང་ལྡན་པ་སྟེ། རྒྱལ་བའི་དབང་པོ་འོད་དཔག་མེད་བཞུགས་པ་དང་ཡོངས་སུ་མྱ་ངན་ལས་འདས་པའི་གནས་སྐབས་ཀུན་ཏུ་དམ་པའི་ཆོས་ཀྱི་མཛོད་འཛིན་པ་རྣམས་ཀྱི་ནང་ན་རབ་མཆོག་ཏུ་བསྔགས་པ་ཡིན་ནོ། །གཉིས་པ་ནི། ཞིང་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གྲངས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པ་གཞན་སུས་ཀྱང་བགྲང་བའི་རྔོ་མི་ཐོགས་པར་སྙིང་རྗེ་པད་དཀར་ལས་གསུངས་ཤིང་། ཞིང་བཀོད་ཀྱི་མདོ་ལས། བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བརྩིས་ཀྱང་གྲངས་ཀྱི་མཐའ་མི་མངོན་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་ནས་བྱང་ཆུབ་སེམས་དཔའི་འཁོར་དག་བདེ་བ་ཅན་དུ་སྐྱེ་བ་འཛིན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རེ་རེའི་དྲུང་ནས་ཀྱང་བྱང་སེམས་བྱེ་བ་ཕྲག་དུ་མ་འགྲོ་བར་གསུངས་སོ། །དེ་ནི་ཞིང་གཞན་ནས་ཤི་འཕོས་ཏེ་འགྲོ་བའི་དབང་དུ་མཛད་ལ། མངོན་ཤེས་ཀྱི་མཐུ་ཐོབ་པའི་རྒྱལ་སྲས་ཆེན་པོ་རྣམས་ཞིང་དག་པའི་འབྱོར་པ་གཟིགས་པ་དང་། ཆོས་

TN03_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༤)ཀྱི་དགའ་སྟོན་ལ་རྩེ་བའི་ཕྱིར་རྫུ་འཕྲུལ་གྱིས་འདུ་བའི་གྲངས་ནི་དེ་བས་ཀྱང་ཆེས་མང་སྟེ། ཇི་ལྟར་བདག་ཅག་གི་སྟོན་པས་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་གསུངས་པ་ན་གླིང་བཞི་པའི་འཇིག་རྟེན་འདི་ན་རྫུ་འཕྲུལ་གྱིས་ཆོས་ཉན་དུ་ལྷགས་པའི་བྱང་སེམས་ཁོ་ནས་གང་བར་མ་གྱུར་པའི་ས་ཕྱོགས་འཁར་བ་འཛུགས་ས་ཙམ་ཡང་མེད་པར་གསུངས་པ་བཞིན་ནོ། །དེ་ལ་ཞིང་དེར་སྐྱེས་པའི་བྱང་སེམས་རྣམས་ཀྱི་ལུས་ཀྱི་བོང་ཚད་ནི་དཔག་ཚད་སྟོང་ཡིན་པར་སྙིང་རྗེ་པད་དཀར་ལས་ཏེ། ཐམས་ཅད་ཀྱང་འོད་དཔག་ཚད་བྱེ་བ་བརྒྱ་སྟོང་པ་འབའ་ཞིག་ཏུ་ཞིང་བཀོད་ཀྱི་མདོ་ལས་གསུངས་སོ། །སྔོན་ཐེ་ཚོམ་ཟོས་པའི་ཉེས་པས་བསྒྲིབས་པ་རྣམས་མ་གཏོགས་པ་ཐམས་ཅད་རྫུ་འཕྲུལ་གྱི་མཐུས་རྣམ་པར་རྩེ་བ་ཁོ་ན་ཡིན་ཏེ། དེ་དག་སྔ་དྲོ་རེ་རེར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་བསྙེན་བཀུར་བྱེད་དུ་འགྲོ་སྟེ། ནམ་མཁའ་ལྟར་ཡངས་ཤིང་ཚད་མེད་པའི་མཆོད་པ། འཇིག་རྟེན་ཐམས་ཅད་ངོ་མཚར་བར་བྱེད་པ་དག་གིས་བསྟི་བསྟངས་བྱེད་དོ། །དེར་དེ་བཞིན་གཤེགས་པ་དེ་རྣམས་སོ་སོ་ནས་སྔོན་གྱི་སྨོན་ལམ་དང་། སངས་རྒྱས་ཀྱི་ཞིང་དང་། ཆོས་བཤད་པའི་རྣམ་གྲངས་དང་། མཛད་པའི་སྒོ་སྣ་ཚོགས་ཀྱིས་ཁམས་དབང་མོས་པ་མེ་འདྲ་བའི་སེམས་ཅན་ཇི་ལྟར་འདུལ་བའི་ཚུལ་བསམ་གྱིས་མི་ཁྱབ་པ་རྣམས་མཐོང་ཞིང་ལེགས་པར་ཁོང་དུ་ཆུད་ནས་ཟང་ཟིང་མེད་པའི་དགའ་བ་རྒྱ་ཆེ་ཞིང་གྱ་ནོམ་པ་ཆེས་རྨད་དུ་བྱུང་བ་ཐོབ་སྟེ། སླར་

TN03_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༥)ཡང་སྔ་དྲོ་དེ་ཉིད་ལ་རང་གི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ཉིད་དུ་ཕྱིན་པར་འགྱུར་རོ། །འདིའི་ཐད་ཀྱི་འོད་མདོ་ལས། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱིས་རླབས་ཀྱིས་ཡོངས་སུ་ཟིན་པ་དང་། སྔོན་ཆོས་མཉན་པ་བྱིན་པ་དང་། སྔོན་གྱི་རྒྱལ་བ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། སྔོན་གྱི་སྨོན་ལམ་འབྱོར་ཞིང་ཡོངས་སུ་རྫོགས་པ་དང་། མི་ཉུང་བ་དང་། ཤིན་ཏུ་རྣམ་པར་ཕྱེ་བ་དང་། ཤིན་ཏུ་བསྒོམས་པས་སྨོན་ལམ་བཏབ་པ་འགྲུབ་བོ། །ཞེས་གསུངས་པ་ནི། ཞིང་དེའི་བྱང་སེམས་ཀྱི་འཁོར་ཕལ་ཆེར་དེ་ལྟ་བུའི་མཐུ་མ་ཐོབ་པ་མེད་པ་ནི་དེ་བཞིན་གཤེགས་པ་དེའི་སྔོན་སྨོན་དང་དགེ་བའི་རྩ་བའི་མཐུ་ཡིན་ཞེས་སྟོན་པར་མངོན་ནོ། །སྔར་བཤད་པ་ལྟར་དེ་ན་བྱང་སེམས་ཡིན་མིན་ཐམས་ཅད་མངོན་ཤེས་ལྔ་ལྡན་དུ་འབྱུང་མོད་ཀྱི། །འོད་མདོ་ལས། ཞིང་མཐའ་ཡས་པར་རྫུ་འཕྲུལ་གྱིས་འཇུག་ཚུལ་འདི་དག་བྱང་སེམས་འཁོར་འཆད་པའི་སྐབས་ཁོ་ནར་རྒྱས་བཤད་མཛད་པ་ནི། དཀོན་བརྩེགས་ཀྱི་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པར། རྒྱ་མཚོ་ཆེན་པོ་དང་བུམ་པ་ཆུས་མི་ངོམས་པ་དང་ངོམས་པའི་དཔེས་གསུངས་པ་ལྟར། ཉན་ཐོས་ནི་རང་གི་དོན་ཉི་ཚེ་སྒྲུབ་པའི་བསམ་པ་ཅན་ཡིན་པས་དགེ་བའི་བཤེས་གཉེན་ཚད་མེད་པ་འཚོལ་བ་ལྷུར་མི་ལེན་པ་ལ་དགོངས་སམ་སྙམ་མོ། །གཞན་ཡང་སེམས་དཔའ་ཆེན་པོ་དེ་དག་གི་ཡོན་ཏན་གྱི་ཁྱད་པར་ནི། ཞིང་བཀོད་ཀྱི་མདོ་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་འཇིག་རྟེན་གྱི་ཁམས་དེར་

TN03_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༦)སྐྱེས་པ་དེ་དག་ལ་གཞན་གྱི་འདུ་ཤེས་མེད། རང་གི་འདུ་ཤེས་མེད། བདག་གི་འདུ་ཤེས་མེད། འཐབ་པ་མེད། རྩོད་པ་མེད། མི་མཐུན་པ་མེད། མི་མཉམ་པའི་སེམས་མེད་དེ། དེ་དག་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། ཕན་པའི་སེམས་དང་། བྱམས་པའི་སེམས་དང་། མཉེན་པའི་སེམས་དང་། འཇམ་པའི་སེམས་དང་། དགེ་བའི་སེམས་དང་། རབ་ཏུ་དང་བའི་སེམས་དང་། བརྟན་པའི་སེམས་དང་། སྒྲིབ་པ་མེད་པའི་སེམས་དང་། འཁྲུགས་པ་མེད་པའི་སེམས་དང་། སྙོགས་པ་མེད་པའི་སེམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པའི་སེམས་དང་། སེམས་ཀྱི་རྒྱུད་སྒྱུ་མའི་རང་བཞིན་ལ་བློ་རབ་ཏུ་ཞུགས་པ། ཤེས་རབ་རྒྱ་མཚོ་ཆེན་པོ་དང་མཉམ་པ། བློ་རི་རབ་དང་མཚུངས་པ། ཡོན་ཏན་དུ་མ་བསགས་པ། ཞེས་པ་ནས། འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་པདྨ་དང་འདྲ་བ། ཆོས་དང་ཆོས་མ་ཡིན་པ་མངོན་པར་སྒྲོག་པས་དུས་ཀྱི་རྗེས་སུ་འབྲངས་པའི་འབྲུག་ཆེན་པོ་དང་མཚུངས་པ། ཆོས་ཀྱི་ཆུའི་ཆར་མངོན་པར་འབེབས་པས་ཆར་པ་ཆེན་པོ་དང་འདྲ་བ། ཚོགས་ཆེན་པོའི་ཟིལ་གྱིས་གནོན་པས་ཁྱུ་མཆོག་དང་མཚུངས་པ། སེམས་ཤིན་ཏུ་མཆོག་ཏུ་དུལ་བས་གླང་པོ་ཆེ་ཆེན་པོ་དང་འདྲ་བ། ཤིན་ཏུ་དུལ་བས་རྟ་ཅང་ཤེས་བཟང་པོ་དང་མཚུངས་པ། རྩལ་དང་མི་འཇིགས་པས་སྐྲག་པ་མེད་པའི་ཕྱིར་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བ། སེམས་ཅན་ཐམས་ཅད་

TN03_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༧)ཡོངས་སུ་སྐྱོབ་པས་ཤིང་གི་རྒྱལ་པོ་ནྱ་གྲོ་དྷ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་གཡོ་བས་རིའི་རྒྱལ་པོ་རི་རབ་དང་འདྲ་བ། བྱམས་པ་ཚད་མེད་པ་བསྒོམ་པས་ནམ་མཁའ་དང་མཚུངས་པ། དགེ་བའི་ཆོས་ཐམས་ཅད་ཀྱི་དབང་དུ་བྱ་བའི་སྔོན་དུ་འགྲོ་བས་ཚངས་པ་ཆེན་པོ་དང་འདྲ་བ། གནས་སུ་གསོག་པ་མེད་པས་བྱ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་རྣམ་པར་འཇོམས་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་དང་འདྲ་བ། འབྱུང་བར་དཀའ་བའི་ཕྱིར་ཨུ་དུམ་ཝཱ་རའི་མེ་ཏོག་དང་མཚུངས་པ། གླང་པོ་ཆེ་ལྟར་ཤིན་ཏུ་མཉམ་པར་བཞག་པས་རྣམ་པར་གཡེང་བ་མེད་པ། དབང་པོ་རྨུགས་པ་མེད་པ། རྣམ་པར་གཏན་ལ་འབེབས་པ་ལ་མཁས་པ། བཟོད་པ་དང་དེས་པ་མང་བ། ཕ་རོལ་ཕུན་སུམ་ཚོགས་པར་སྨོན་པས་ཕྲག་དོག་མེད་པ། ཆོས་ཀྱི་གཏམ་རྣམས་ལ་འཇིགས་པ་མེད་པ། ཆོས་ཡོངས་སུ་ཚོལ་བས་ངོམས་མི་མྱོང་བ། ཚུལ་ཁྲིམས་ཀྱིས་བཻཌཱུརྱ་དང་འདྲ་བ། ཐོས་པས་རིན་པོ་ཆེའི་འབྱུང་གནས་དང་མཚུངས་པ། ཞེས་པ་ནས། ཀུན་དགའ་བོ་མདོར་བསྡུ་ན། ཞིང་དེའི་བྱང་སེམས་རྣམས་ནི་འདི་ལྟ་བུ་ཤ་སྟག་སྟེ། རྒྱས་པར་བྱ་ན་གལ་ཏེ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པས་བསྟན་ཀྱང་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་གྱི་མཐའ་བསྟན་པར་མི་ནུས། ཞེས་པའི་བར་དུ་རྒྱ་ཆེར་གསུངས་སོ། །དེ་ལྟར་སྣོད་

TN03_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༨)བཅུད་ཀྱི་ཡོན་ཏན་བཟང་ཞིང་རླབས་ཆེ་བ་བྱང་ཆུབ་སྒྲུབ་པའི་རྗེས་སུ་མཐུན་པ་རྣམས་ལ་དད་པ་སྤེལ་ཞིང་། སྨོན་ལམ་དང་དགེ་རྩ་སྟོབས་ལྡན་འཆི་ཁར་མངོན་དུ་འགྱུར་ངེས་སུ་སྦྱངས་པ། ཤཱཀྱའི་རྒྱལ་པོ་ཟས་གཙང་མ་དང་། ཚོང་དཔོན་བཟང་སྐྱོང་དང་། བུ་མོ་ཟླ་བ་མཆོག་དང་། འཕགས་པ་ཀླུ་སྒྲུབ་ལ་སོགས་པ་སྔོན་གྱི་བྱང་སེམས་དཔའ་བོ་ཆེན་པོ་རྣམས་ཀྱི་རྗེས་བཞིན་དུ་འགྲོ་བར་བྱ་སྟེ། ཞིང་བཀོད་ཀྱི་མདོ་ལས། གང་གིས་འོད་མཛད་འཇིག་རྟེན་མགོན། །རྫོགས་པའི་སངས་རྒྱས་མཐོང་ནས་ནི། །གུས་དང་བཅས་པས་ཆོས་ཐོས་པ། །དེ་དག་དགའ་བ་དམ་པ་འཐོབ། །ཅེས་གསུངས་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་མཐའ་དག་ཟླ་བ་ཡར་གྱི་ངོ་བཞིན་དུ་རྒྱས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་འཛིན་པའི་མན་ངག་ལེགས་པར་བཤད་ཟིན་ཏོ། །ཐུབ་པའི་ལེགས་བཤད་ནོར་བུའི་གཏེར་ཁ་དང་། །ཞིང་མཆོག་བགྲོད་པའི་ལམ་སྲང་མ་འཁྲུགས་པ། །ལྷན་ཅིག་དུས་མཐའི་མུན་རུམ་སྟུག་པོར་ཡང་། །འགྲོ་འདིས་གསལ་པོར་མཐོང་བ་བདག་གིས་བྱས། །ཚུལ་འདིར་མདོ་དོན་ཇི་བཞིན་མིན་བཤད་པའི། །ནོངས་པ་གང་མཆིས་རྒྱལ་ལ་སྙིང་ནས་འཆགས། །དགེ་བས་ལུས་ཅན་སྡུག་བསྔལ་ཆུ་གཏེར་ལས། །འཐོན་ཏེ་འོད་དཔག་མེད་ཀྱི་གནས་བགྲོད་ཤོག །བདག་ཀྱང་མགོ་ལ་སངས་རྒྱས་ཅོད་པན་ཐོགས། །ཡིད་ནི་རྣལ་འབྱོར་དམ་པའི་བདུད་རྩིས་གང་། །རབ་

TN03_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༩)འབྱམས་ཞིང་དུ་འགྲོ་ལ་མཆོག་སྦྱིན་ཕྱིར། །ཐོགས་མེད་རྒྱུ་བ་སྤྱན་རས་གཟིགས་འདྲར་ཤོག །བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཐོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། བྱང་ཆུབ་ཤིང་གི་བཤད་པ་ཡན་ཆད་གསེར་འཕྱང་གི་ལོར་བྲིས་ཀྱང་། འཕྲོ་རྣམས་སྙོམ་ལས་ཀྱི་ངང་ལ་ཡུན་རིང་པོར་ལུས་པ་ལས། སླར་རང་ལོ་སོ་བདུན་པ་འཕར་བའི་ལོའི་སྟོན་ཀ་བཀྲ་ཤིས་ཀྱི་དཔལ་དང་ལྡན་པའི་ཚེས་ལ་ཡོངས་སུ་རྫོགས་བར་བྱས་ཏེ། །ཐེག་པ་མཆོག་གི་གསུང་རབ་ལ་དད་པ་ཅུང་ཟད་སྐྱེས་བའི་སྐལ་བཟང་འཇིགས་མེད་བསྟན་པའི་ཉི་མས། བཀྲ་ལེགས་མདངས་ཆེན་གྱི་རི་བོའི་ངོས། ནགས་ཚལ་དགའ་བ་ཅན་གྱི་མཐོངས། དགེ་འཕེལ་གྱི་གཙུག་ལག་ཁང་དུ་སྦྱར་བ་འདིས་ཀྱང་སེམས་ཅན་རྣམས་ཀྱི་རྒྱུད་ལ་འོད་དཔག་མེད་ཀྱི་སྨོན་ལམ་མ་ལུས་པ་བདེ་བླག་ཏུ་སྨིན་པར་གྱུར་ཅིག ༈ །།འཕྲུལ་ཆེན་སྤརགྱི་ལྗོན་ཤིང་རྒྱས་པའི་རྩེར། ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾམསྟུ་སརྦ་ཛ་ག་ཏཾ།

TN03_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༠)

TN03_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༡)མ་ཡིན་ཏེ། དེ་ན་ཉན་ཐོས་ཀྱི་འཁོར་ཡང་མཐའ་ཡས་པ་ཡོད་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་དེར་སྐྱེ་བ་ཙམ་འཐོབ་པ་ལའང་སེམས་བསྐྱེད་ཡོད་མེད་གཉིས་ལ་ཚེགས་ཆེ་ཆུང་གིས་འཐོབ་པའི་ཁྱད་པར་ནི་ཡོད་པར་མངོན་ནོ། །ཞིང་དེར་བྱེ་བྲག་ཏུ་སྐྱེ་བའི་རྒྱུ་སྟོན་ཐོག་གིས་བོན་ལྟ་བུ་ནི་དེར་སྐྱེ་བར་སྨོན་ལམ་འདེབས་པ་ཡིན་ལ། སྨོན་ལམ་དེ་རྒྱུན་རིང་ལ་ཤུགས་དྲག་པ་ཡོད་ན་ཞིང་དེར་སྐྱེ་བའང་དེའི་ཚོད་ཙམ་སླ་ཞིང་། དེ་ལས་བཟློག་ན་དཀའ་བ་ཡིན་ནོ། །སྨོན་ལམ་གྱི་ངོ་བོ་ནི་འདུན་པ་ཡིན་ཅིང་། དེའི་རྩ་བ་དད་པས་བྱེད་པར་གསུངས་པས། སྨོན་ལམ་དེ་ལྟར་འོང་བ་ནི། རྒྱལ་བའི་དབང་པོ་འོད་དཔག་མེད་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པའི་དད་པ་སྦྱངས་པ་ལ་ལྟོས་ཏེ། དེ་ནི་རྒྱུ་དང་པོ་ཡིན་ནོ། །འདིར་སྐྱོབ་པ་འོད་དཔག་མེད་ནི་ཡིད་ལ་བྱ་རྒྱུ་དང་། དེ་ཡིད་ལ་བྱེད་པའི་ཚུལ་ནི་རྣམ་པས་ཞེས་པ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱི་རྣམ་པ་དང་། ཆོས་སྟོན་པ་དང་། སྤྱོད་ལམ་གྱི་རྣམ་པ་དང་། ཉན་ཐོས་དང་བྱང་སེམས་ཀྱི་འཁོར་གྱི་རྣམ་པ་དང་། སངས་རྒྱས་ཀྱི་ཞིང་གི་རྣམ་པ་དང་། སྔོན་གྱི་རྒྱུའི་རྣམ་པ་སོགས་རྣམ་པ་དུ་མའི་སྒོ་ནས་སེམས་པར་མདོ་གཞན་དང་གཞན་ལས་གསུངས་པ་བཞིན་ཏེ། འདི་ནི་དད་པ་སྒོ་དུ་མ་ནས་རྒྱས་པའི་ཆེད་དོ། །དེའང་ལན་རེ་ཟུང་ཙམ་མ་ཡིན་པར་སྒོམ་དགོས་པ་ནི་ཡང་དང་ཡང་དུ་ཞེས་པས་བསྟན་ཏེ། འདིས་ནི་དད་པ་རྒྱུན་རིང་ལ་བརྟན་པ་སྒྲུབ་པར་བྱེད་དོ། །བཤད་མ་ཐག་པའི་རྣམ་པ་དེ་དག་ལ་མཁས་ན་དེ་དག་གི་སྒོ་ནས་སངས་རྒྱས་ཡིད་

TN03_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༢)ལ་བྱེད་ཚུལ་མེད་པས། ཞིང་བཀོད་ཀྱི་མདོ་སྡེ་རིན་པོ་ཆེ་འབད་པ་དུ་མས་ཉན་དགོས་པར་གསུངས་ཏེ། སྟོབས་བཅུ་མངའ་བས་དད་པ་སྦྱང་ཐབས་ཀྱི་མན་ངག་གཏིང་ཐུག་པར་བྱིན་པ་ཡིན་པར་ཟུངས་ཤིག །སྨོན་ལམ་ཁྱད་པར་ཅན་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པ་ལ། དེའི་རྟེན་དུ་གོང་གི་རྒྱུ་གཉིས་པ་དགེ་བའི་རྩ་བ་མང་པོ་བསགས་པ་དགོས་ཏེ། མདོ་དེ་ཉིད་ལས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང་། སྙིང་རྗེ་པད་དཀར་ལས་ཀྱང་། བདག་གི་མིང་ཐོས་པར་གྱུར་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་སངས་རྒྱས་ཀྱི་ཞིང་དུ་ཡོངས་སུ་བསྔོ་བ་བགྱིས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་འདེབས་ལུགས་ཀྱང་དགེ་རྩ་ཡོངས་སྒྱུར་གྱི་བསྔོ་བའི་རྣམ་པ་ཅན་དུ་བྱེད་པར་གསུངས་སོ། །དགེ་རྩ་གསོག་ལུགས་ནི། སྔར་དྲངས་པའི་མདོ་ལུང་ཕྱི་མར། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་དུ་བསྐྱེད་ལ། ཞེས་སྒོ་མང་པོ་ནས་གསོག་པ་དང་། ཞིང་དང་བསམ་པ་སོགས་ཀྱི་དབང་གིས་སྐད་ཅིག་རེར་ཡང་དཔག་ཏུ་མེད་པ་གསོག་པ་དང་། དེ་ལའང་གོམས་པ་རྒྱུན་ཆགས་སུ་བྱེད་པར་གསུངས་སོ། །སྒོ་མང་པོ་ནས་གསོག་ཚུལ་ཡང་། དེ་ཉིད་ལས། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཐོས་ནས་ཀྱང་གཡོར་མ་ལྟུང་བའི་རྒྱུད་ཀྱིས་བསམ་པ་ཐག་པ་ནས་རྗེས་སུ་དགའ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། ཡི་

TN03_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༣)གེར་བྲི་བ་དང་། བསྒོམ་པའི་ཕྱིར་བརྩོན་འགྲུས་རླབས་པོ་ཆེ་ཆེན་པོ་བརྩམ་པར་བྱའོ། །ཐ་ན་བ་གཅིག་འཇོ་བ་དེ་སྲིད་དུ་གཞན་དག་ལ་བརྗོད་པར་བྱའོ། །ཞེས་གསུངས་ཤིང་། དེའི་འཕྲོ་ཞིག་ན། ཐ་ན་ཡི་གེར་བྲིས་ཏེ་མཆོད་པ་བྱེད་པ་དེ་དག་ཀྱང་བསོད་ནམས་མང་དུ་སྐྱེད་པར་འགྱུར་ཏེ། ཞེས་མཆོད་པ་བྱེད་པ་ཡང་གསུངས་སོ། །དམ་པ་སྔ་མ་དག་སྨོན་ལམ་འགྲུབ་པའི་རྒྱུར་དགེ་རྩ་སྐྱེད་པའི་སྒོ་རྣམས་ཕྱག་འཚལ་བ་ལ་སོགས་པའི་ཡན་ལག་བདུན་དུ་བསྡུ་བར་བཞེད་དེ། སྡོང་པོ་བཀོད་པ་སོགས་ཀྱི་མདོའི་རྗེས་སུ་འབྲངས་པའོ། །འོད་མདོར་རྒྱུ་གཉིས་པ་སྟོན་པའི་སྐབས་སུ། ཇི་སྐད་སྨོས་པའི་ཁྱད་པར་དེ་འདྲ་བ་ཡང་དང་ཡང་དུ་སྦྱར་བས། ལུས་འདི་བོར་ནས་སྐྱེ་སྲིད་གཞན་བར་དུ་མི་བརྒྱུད་པར་ཞིང་དེར་འགྲོ་བ་ལ་དགེ་རྩ་ཤིན་ཏུ་ཤས་ཆེ་བ་དགོས་པར་གསལ་ལ། དེའང་ཚུལ་ཁྲིམས་དང་ལྡན་པ་ལ་འོང་གིས། རྒྱུད་ཉེས་པར་སྤྱོད་པས་ཟིལ་གྱིས་མནན་པ་ལ་ཆེས་ཆེར་དཀའ་བའི་ཕྱིར། མི་དགེ་བཅུ་སྤོང་ལ་མ་མཐའ་བྱས་པའི་ཚུལ་ཁྲིམས་ལ་མང་དུ་གནས་པ་དང་། སྡིག་ལྟུང་བྱུང་ཡང་བཤགས་བསྡམ་འབད་ནས་བྱེད་པ་ཅིག་གལ་ཤིན་ཏུ་ཆེ་བར་སྣང་སྟེ། བསྡུས་དོན་དང་པོའི་ཐད་དུ་དྲང་བའི་འཇམ་དཔལ་ཞིང་བཀོད་ཀྱི་ལུང་གིས་ཀྱང་ཚུལ་ཁྲིམས་དང་སྨོན་ལམ་གཉིས་ཞིང་དག་པར་སྐྱེ་བའི་རྒྱུའི་གཙོ་བོར་བསྟན་ཏོ། །ལྷག་པར་ཡང་དམ་པའི་ཆོས་སྤངས་པ་དང་། མཚམས་མེད་བྱེད་པ་གཉིས་ཀྱིས་བདེ་སྨོན་མི་འགྲུབ་པར་གོང་དུ་བརྗོད་ཟིན་ཅིང་། ལྷག་བསམ་

TN03_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༤)བསྐུལ་བ་ལས་ཀྱང་། སྔོན་དགེ་སློང་ཆོས་སྨྲ་བ་གཉིས་ལ་སྐུར་པ་བཏབ་པའི་བྱང་སེམས་དྲུག་ཅུ་ལས་དེ་ལྷག་མ་མེད་པར་མ་ཟད་ཀྱི་བར་ལ་བདེ་བ་ཅན་དུ་འགྲོ་མི་ནུས་པར་གསུངས་ཏེ། དེའི་ནང་ནས་ཀྱང་། རྒྱལ་བའི་བསྟན་པ་ལ་ཆགས་སྡང་རིས་ཐ་དད་དུ་ཕྱེ་ནས་རྟག་ཏུ་གཞན་གྱི་ལེགས་བཤད་ལ་ཀླན་ཀ་ཚོལ་བའི་བསམ་པ་ཅན་གྱི་མཁས་རློམས་དང་། དྲི་མ་མེད་པའི་གསུང་རབ་དང་དགོངས་འགྲེལ་རིན་པོ་ཆེ་རྣམས་ལ་ཐན་མཐོང་བ་ལྟར་བྱེད་པའི་བླུན་པོ་དང་། རྙེད་བཀུར་གྱིས་དབྱེན་སྤྱོས་ནས་དམ་པ་རྣམས་ཀྱི་ཕུན་ཚོགས་ལ་ཞེ་སྡང་བ་དང་། གཞན་ཡང་དེ་དག་དང་ཕྱོགས་མཐུན་པ་བདག་ཅག་ལྟ་བུ་རྣམས་ལ་ཆོས་དང་ཆོས་སྨྲ་བ་ལ་བརྟེན་པའི་ལས་སྒྲིབ་འདི་དག་འབྱུང་ཤིན་ཏུ་ཉེ་བས། འཕགས་པ་ལྷག་བསམ་བསྐུལ་བ་དང་། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་སོགས་ཞིབ་ཏུ་བལྟས་ལ། ཉེས་སྤྱོད་ཆེན་པོའི་སྒོ་དེ་དག་གི་རྣམ་དབྱེ་ཤེས་པར་བྱས་ཏེ་མཐུ་ཅི་ཡོད་ཀྱིས་དགག་དགོས་སོ། །རྒྱུ་བཞི་པོ་འདི་དག་ཚུལ་བཞིན་བསྒྲུབས་པའི་སྐྱེས་བུས་ནི་ཚེ་འདིར་ཡང་ཐུབ་པ་འོད་དཔག་མེད་རྨི་ལམ་དུ་མཐོང་ཞིང་། ནམ་ཞིག་འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་ཀྱིས་བསྐོར་ནས་མདུན་དུ་བཞུགས་པ་མཐོང་སྟེ་དགའ་བ་དང་དད་པའི་ཤུགས་ཀྱིས་ཡིད་འདྲེན་པར་འགྱུར་ལ། དེའི་མཐུས་ལས་ཀྱི་སྒྲིབ་པ་རྣམས་བྱང་ནས་ཐོགས་པ་མེད་པར་བདེ་བ་ཅན་དུ་འགྲོ་བ་འོད་མདོ་དང་སྙིང་རྗེ་པདྨ་དཀར་པོར་ཅི་རིགས་སུ་གསུངས་

TN03_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༥)སོ། །ཞིང་དེའི་བྱང་སེམས་ཀྱི་འཁོར་དུ་སྐྱེས་ཀྱང་རེ་ཞིག་ལ་སྔར་བཤད་པའི་ཕན་ཡོན་རྣམས་ལས་ཉམས་པའི་རྒྱུ་ནི། རྒྱུ་བཞི་བསྒྲུབས་ཀྱང་བཅོམ་ལྡན་འདས་ཀྱིས་ཞིང་གི་ཡོན་ཏན་དང་དེར་རྒྱུ་ཅི་ཙམ་ཞིག་གིས་སྐྱེ་བའི་རྣམ་བཞག་བཀའ་སྩལ་པ་རྣམས་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེའི་ཉེས་པས་ཞིང་དེར་པདྨའི་མངལ་དུ་ལོ་ལྔ་བརྒྱར་སངས་རྒྱས་མཐོང་བ་དང་། དེ་ལས་ཆོས་ཉན་པ་དང་། བྱང་ཆུབ་སེམས་དཔའ་མཐོང་བ་དང་། དེ་དག་དང་ལྷན་ཅིག་འབེལ་བའི་ཆོས་ཀྱི་གཏམ་རྣམ་པར་ངེས་པ་བྱ་བ་དང་། དེའི་དོན་ནན་ཏན་གྱིས་བསྒྲུབ་པའི་སྒོ་ནས་རྟོགས་པ་ཁྱད་པར་དུ་འགྲོ་བ་རྣམས་བྱར་མེད་པར་གནས་དགོས་པའི་ཚུལ་རྒྱ་ཆེར་འོད་མདོ་ལས་གསུངས་སོ། །དེ་དག་སངས་རྒྱས་མཐོང་བ་ལས་ཉམས་ཀྱང་ཆོས་ཐོས་པ་ལས་མི་ཉམས་ཟེར་བ་ནི་མདོ་དང་འགལ་ལོ། །ཐེ་ཚོམ་འདི་འགོག་པ་ལ་དཔལ་ཆོས་ཀྱི་གྲགས་པས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང་། །རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང་། །གནོད་མེད་འདི་ཡི་མི་བསླུ་བའོ། །ཞེས་སོགས་གསུངས་པ་ལྟར། དེ་བཞིན་གཤེགས་པས་མཐོང་བ་མངོན་གྱུར་བསྟན་པའི་གསུང་རབ་ལ་མངོན་སུམ་དང་། མཐོང་བ་ལྐོག་གྱུར་བསྟན་པའི་གསུང་རབ་ལ་དངོས་སྟོབས་ཀྱི་བསལ་བ་མི་འཇུག་པའི་ཚུལ་དང་། དེ་ནས་མ་མཐོང་བ་ཤིན་ཏུ་ཀློག་གྱུར་སྟོན་པའི་གསུང་རབ་འདི་འདྲ་བ་རྣམས་ལ་རང་ཚིག་སྔ་ཕྱི་དང་། དངོས་ཤུགས་འགལ་བའི་གནོད་པ་མེད་ཚུལ་ཤེས་པར་

TN03_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༦)བྱས་ཏེ། གསུང་རབ་སྔ་མ་གཉིས་མཐུན་དཔེར་བླངས་ནས་དཔྱད་གསུམ་དག་པའི་ལུང་གི་རྟགས་ཀྱིས་མི་བསླུ་བར་ཡིད་ཆེས་སྐྱེད་པ་དགོས་ཏེ། འདི་ནི་འོད་མདོ་ཉིད་ལས། དེ་བས་མཁས་པ་རིག་པའི་རང་བཞིན་མི། །གང་ཞིག་ང་ཡི་ཚིག་ལ་ཡིད་ཆེས་ཏེ། །རྒྱལ་བའི་ཡེ་ཤེས་ཕུང་པོ་དབང་བྱས་ནས། །སངས་རྒྱས་ཉིད་ཀྱིས་མཁྱེན་ཅེས་ཚིག་ཏུ་བརྗོད། །ཅེས་པའི་དགོངས་པར་ཡང་སྣང་མོད། འདིར་དེ་ཙམ་ལས་མ་བཤད་དོ། །དེ་ལྟར་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་བདེ་བླག་ཏུ་རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་རྨད་དུ་བྱུང་བ་ལས་ཀྱང་ཆེས་རྨད་དུ་བྱུང་བ་འདི་ལྟ་བུ་རྙེད་ནས་སྒྲུབ་ཏུ་ཡོད་པ་ནི། ད་རེས་འདྲ་བའི་བརྒྱ་ལམ་བརྒྱ་ལམ་ན་ཐུགས་རྗེ་ཅན་གྱི་སྟོན་པ་དང་། སྟོན་པའི་ལུགས་འཛིན་དམ་པ་རྣམས་ཀྱི་དྲིན་ལས་དཀའ་དཀའ་ལྟར་རྙེད་པར་ཟད་ཀྱི། ཡང་དང་ཡང་དུ་རྙེད་པ་མ་ཡིན་པའི་ཚུལ་ལེགས་པར་བསམ་ནས་མདོ་སྡེ་རིན་པོ་ཆེ་གདམས་པའི་མཐིལ་དུ་བཟུང་སྟེ་དོན་ཉམས་སུ་ལེན་པའི་བརྩོན་འགྲུས་དྲག་པོས་རྒྱལ་བ་སྲས་བཅས་ལ་བྱས་པ་གཟོ་བར་བྱ་སྟེ། མདོ་དེ་ཉིད་ལས། མི་ཕམ་པ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །ཆོས་བསྟན་པ་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའོ། །མི་ཕམ་པ། ངས་ཁྱོད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྙད་ཀྱིས། ད་ཁྱོད་ཀྱིས་མངོན་པར་སྦྱོར་ལ་སྒྲུབ་ཤིག །ཅེས་བཀའ་སྩལ་པ་བཞིན་ནོ། །གཉིས་པ་ནི། བདེ་བ་ཅན་དུ་སྐྱེ་བའི་སྨོན་

TN03_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༧)ལམ་དང་། དེའི་གྲོགས་དགེ་རྩ་དུ་མ་ལ་འཇུག་པའི་བརྩོན་འགྲུས་གཉིས་ཀའི་རྩ་བ་ནི་བསམ་གྱིས་མི་ཁྱབ་པའི་ཞིང་གི་འབྱོར་པ་ལ་དད་པ་བརྟན་པ་ཡིན་པས་གཙོ་བོར་དེ་བསྒོམ་པའི་ཕྱིར་དུ་འབད་དགོས་ཏེ། དེ་ཉིད་ལས། དོན་མཆོག་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་ནས་ཡིད་གཉིས་སོལ། །ཞེས་གསུངས་སོ། །དེའང་རྒྱུ་འབྲས་གཉིས་ཀའི་སྒོ་ནས་བསམ་ན་བློ་འཁྲུལ་སྟོབས་ཆེ་བས་དེ་ལྟར་ཅུང་ཟད་བཤད་པ་ལ་གཉིས། ཞིང་དེ་དང་པོར་ཇི་ལྟར་བསྒྲུབས་པའི་ཚུལ་དང་། གྲུབ་པའི་ཞིང་གི་ཕུན་ཚོགས་ཉིད་བཤད་པའོ། །དང་པོ་ལའང་། བསམ་པ་སྨོན་ལམ་ཇི་ལྟར་བཏབ་པ། སྦྱོར་བ་ཚོགས་ཇི་ལྟར་བསགས་པ། དེ་དག་གི་ལག་རྗེས་ཇི་ལྟར་གྲུབ་པའི་ཚུལ་དང་གསུམ་ལས། དང་པོ་ནི། སྐྱོབ་པ་འོད་དཔག་མེད་སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་སུ་གྱུར་པ་ན་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་བསྐུལ་བར་གྱུར་ཏེ་ཕུལ་དུ་བྱུང་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བའི་ཆེད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་གི་ཡོན་ཏན་སྒྲུབ་བྱེད་ཀྱི་རྒྱུ་དང་བཅས་པ་ལོ་བྱེ་བ་ཐམ་པར་གསན་ཅིང་། དེའི་འོག་ཏུ་རང་ཉིད་ཀྱིས་བསྐལ་པ་ལྔའི་རིང་ལ་ཇི་སྐད་གསན་པའི་ཞིང་དེ་དག་ལས་ཆེས་ཁྱད་པར་དུ་འཕགས་པའི་རྒྱ་ཁྱོན་དང་། རང་བཞིན་དང་། འཁོར་དང་། ལོངས་

TN03_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༨)སྤྱོད་ཀྱི་བྱེ་བྲག་ཟད་མི་ཤེས་པ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ལ་རྩེ་གཅིག་ཏུ་སེམས་ཤིང་འདུག་ནས། གདོད་དེ་བཞིན་གཤེགས་པའི་སྤྱན་སྔར་དེ་འདྲ་བའི་ཞིང་བཟུང་བར་འོད་མདོ་ལས་གསུངས་ཏེ། རྒྱས་པར་ན་དང་པོར་དགེ་སློང་ཆོས་ཀྱི་འབྱུང་གནས་དེ་ཐེག་མཆོག་རིགས་ཀྱི་ནུས་པ་ཁྱད་པར་ཅན་སད་ཚུལ་དང་། དེ་ནས་དགེ་བའི་བཤེས་གཉེན་བསམ་སྦྱོར་ཇི་ལྟ་བུས་བསྟེན་པ་དང་། དགེ་བའི་བཤེས་གཉེན་ལས་འབད་པ་ཆེན་པོས་གདམ་ངག་ཇི་ལྟར་བླངས་པ་དང་། གདམ་ངག་དེ་ལ་བརྟེན་ནས་བསམ་པ་ཕུན་ཚོགས་ཇི་ལྟ་བུ་བརྙེས་པ་དང་། བསམ་པ་དེ་ཐོག་མར་བསྐྱེད་དུས་ནས་ངོ་མཚར་རྨད་དུ་བྱུང་བའི་ལྟས་རྒྱ་ཆེན་པོ་འཇིག་རྟེན་དུ་བྱུང་ཚུལ་རྣམ་དཔྱོད་ཅན་གྱི་འདུན་སར་གླེང་བར་འོས་པ་དུ་མ་ཞིག་ཞིང་བཀོད་ཀྱི་མདོ་ཉིད་ཀྱི་སྟེང་ནས་ཤོད་པར་སྣང་ཡང་མང་བས་འཇིགས་ནས་མ་སྤྲོས་སོ། །སྙིང་རྗེ་པདྨ་དཀར་པོ་ལས་ནི། བཅོམ་ལྡན་འདས་དེས་སངས་རྒྱས་ཀྱི་ཞིང་བཟུང་བའི་སྐུ་ཚེའི་ཐོག་མ་འཁོར་སྒྱུར་རྩི་བས་ཀྱི་མ་ཁྱུད་དུ་འཁྲུངས་པ་དེ་ཡིན་པར་གསུངས་ཏེ། དེས་ལོ་བདུན་དུ་གཡེང་བ་ཐམས་ཅད་སྤངས་ཏེ་ནང་དུ་ཡང་དག་འཇོག་ལ་གནས་པ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་བྱིན་རླབས་ཀྱིས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྟོང་གི་རྡུལ་སྙེད་རྣམས་ཀྱི་ཡོན་ཏན་བཀོད་པའི་རྒྱན་དག་མཐོང་བར་གྱུར་ནས་དེ་དག་ལ་ལྟ་ཞིང་གང་དུ་རང་ཉིད་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་

TN03_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༩)ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བའི་སྨོན་ལམ་གྱི་ཚུལ་ལ་མཁས་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་སྨོན་ལམ་རྒྱ་ཆེར་བཏབ་ཚུལ་རྣམས་བཤད་དོ། །གཉིས་པ་ནི། དེ་ལྟར་སྨོན་པ་ཙམ་གྱིས་ཆོག་ཤེས་པར་ཡང་མ་མཛད་དེ། ཇི་ལྟར་སྨོན་པའི་དོན་དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར། དུས་ཀྱི་ཁྱད་པར་བསྐལ་པ་མཐའ་ཡས་པར། སློབ་ཚུལ་གྱི་ཁྱད་པར་རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་གི་རྗེས་སུ་འབྲང་བའི་དྲན་པ་དང་ཤེས་བཞིན་དང་བག་ཡོད་རྣམས་ལ་གནས་ཏེ། བསླབ་བྱའི་རང་བཞིན་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་ཕྱོགས་རེ་ཙམ་མ་ཡིན་པར་སྡོམ་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་སྤྱོད་པ་ཕྱོགས་རེ་ཙམ་མ་ཡིན་པར་སྒྲུབ་པ་དང་། ཁྱད་པར་དུ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཚད་བཟུང་དང་བྲལ་བས་མཐར་འཛིན་གྱི་འཆིང་བ་བཅད་དེ། སྦྱིན་པ་ལ་སོགས་པ་བྱང་སེམས་ཀྱི་སྤྱོད་པ་གཞན་རྣམས་ཀྱང་ཤེས་རབ་དེ་ཉིད་ཀྱི་རྒྱས་བཏབ་ནས་གོམས་པར་བྱེད་པ་དང་། དགེ་ཆོས་དེ་རྣམས་ཁྱད་པར་དུ་འགྲོ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཤེས་གཉེན་བགྲང་བས་མཐའ་མི་རྟོགས་པ་དེ་ཉིད་སྒོ་ཐམས་ཅད་ནས་མཉེས་པར་བྱ་བ་དང་། རང་གང་ལ་གནས་པའི་ལམ་དེ་ཉིད་མཐའ་ཡས་པའི་སེམས་ཅན་གྱིས་དངོས་དང་བརྒྱུད་ནས་རྟོགས་པར་བྱ་བའི་ཕྱིར་ཐབས་ལ་མཁས་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྟོན་པ་དང་། དེ་དག་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བསྔོ་

TN03_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༠)ཞིང་ཡོངས་སུ་སྤེལ་བ་སྟེ། མདོར་ན་དགེ་བའི་རྩ་བ་མ་སྦྱངས་པ་རྣམས་ཀྱིས་ཐོས་ན་ཡིད་ཆེས་པ་ཙམ་ཡང་བྱ་དཀའ་བའི་སྤྱོད་པ་རྨད་དུ་བྱུང་བ་རྣམས་ལ་བསླབ་པར་མཛད་པ་ནི། འོད་མདོ་ལས། ཀུན་དགའ་བོ་དགེ་སློང་ཆོས་ཀྱི་འབྱུང་གནས་དེས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་དེའི་སྤྱན་སྔར་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་སྨོན་ལམ་གྱི་ཁྱད་པར་རྣམ་པ་དེ་ལྟ་བུ་དེ་དག་བསྟན་ནས། ཡང་དག་པའི་ལྟ་བ་བཞིན་དུ་སྒྲུབ་པ་ལ་གནས་པར་གྱུར་ཏེ། ཞེས་སོགས་རྒྱས་པར་གསུངས་སོ། །གསུམ་པ་ནི། །བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཆེན་པོ་དེ་དག་གི་མཐུ་ལས་སྐུ་ཚེའི་ཕྲེང་བ་ཐམས་ཅད་དུ་ལུས་མཚན་དཔེས་བརྒྱན་ཅིང་། ཁའི་སྒོ་དང་བ་སྤུའི་སྒོ་ཐམས་ཅད་ལས་ལྷ་རྫས་ཀྱི་ཙན་དན་དང་མེ་ཏོག་ཨུཏྤ་ལའི་བསུང་འབྱུང་བ་དང་། ཅི་དང་ཅི་དགོས་པའི་ཡོ་བྱད་ཀྱི་ཁྱད་པར་ཐམས་ཅད་ལག་པ་གཉིས་ནས་རང་འབྱུང་བ་དང་། ཕྱོགས་གང་དུ་སྐྱེས་ཀྱང་དེ་དང་དེར་གཏེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཐོན་པ་དེ་ལྟ་བུའི་དཔལ་གྱིས་མཛེས་པར་གྱུར་ཏེ། དེ་ཡང་རིམ་གྱིས་གོང་ནས་གོང་དུ་འཕེལ་ཏེ། མཐར་སངས་རྒྱས་ཀྱི་ཞིང་གི་བཀོད་པའི་རྒྱན་ཇི་ལྟར་བཞེད་པ་ཐམས་ཅད་འགྲུབ་པའི་ནུས་པ་ཡོངས་སུ་རྫོགས་པའི་བར་དུ་གྱུར་པ་ཡང་། དེ་ཉིད་ལས། ཀུན་དགའ་བོ་དེ་ལྟར་དགེ་སློང་ཆོས་ཀྱི་འབྱུང་གནས་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་ཡོ་བྱད་ཐམས་ཅད་ལ་དབང་བའི་ཕ་རོལ་ཏུ་སོན་པར་གྱུར་ཏོ། །ཞེས་སོགས་གསུངས་སོ། །

TN03_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༡)དེའང་རྒྱུའི་དགེ་ཚོགས་བཟང་བ་དང་། མང་བ་དང་། ཉེས་སྤྱོད་དང་མ་འདྲེས་པ་དང་། སྣ་ཚོགས་པ་སོགས་ཀྱི་དབང་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཟང་བ་དང་། མང་ཞིང་ཕལ་ཆེ་བ་དང་། སྙིགས་མ་ཐམས་ཅད་ཀྱིས་མ་སྦགས་པ་དང་། རྒྱན་སྣ་ཚོགས་པ་སོགས་སོ་སོར་འབྱུང་བར་སྣང་ངོ། །རྒྱུའི་གསལ་བ་ཐ་དད་ལས་སངས་རྒྱས་ཀྱི་ཞིང་ལ་ལག་རྗེས་སོ་སོར་འབྱུང་བའི་ཚུལ་རྒྱས་པར་ནི་སའི་སྙིང་པོའི་འཁོར་ལོ་བཅུ་པ་དང་། འཇམ་དཔལ་ཞིང་བཀོད་ལས་ཤེས་པར་བྱའོ། །དེ་བཞིན་དུ་མཚན་དང་། དཔེ་བྱད་དང་། འོད་དང་། སྐུ་ཚེ་དང་། དབྱངས་དང་། ཡེ་ཤེས་དང་། མཛད་པ་དང་། ཐ་ན་མཚན་གྱི་ཡི་གེ་ཙམ་ཡང་གདུལ་བྱའི་རེ་བ་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རྒྱུ་བསམ་སྦྱོར་ཕུན་ཚོགས་དུས་ཡུན་རིང་ལ་རྣམ་པ་མཐའ་ཡས་པས་བསྒྲུབས་ཚུལ་རྣམས་ཞིབ་ཏུ་བསམ་པར་བྱ་སྟེ། འདི་དག་ལེགས་པར་ཤེས་ན་འོད་མདོ་ལས། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིགས་ཤིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་རྣམས་ཀྱི། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་

TN03_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༢)ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཞེས་སོགས་གོང་འོག་ཏུ་གསུངས་པ་དུ་མ་ཞིག་ལ་ངེས་པ་ཡམ་མེ་བ་མིན་པར་སྐྱེའོ། །གཉིས་པ་ལ། སྣོད་ཀྱི་ཡོན་ཏན་དང་། བཅུད་ཀྱི་ཡོན་ཏན་བཤད་པ་གཉིས། དང་པོ་ལའང་། ས་གཞི་དང་ནམ་མཁའི་གནས་བཤད་པ་དང་། དེ་དག་མཛེས་བྱེད་ཀྱི་རྒྱན་བཤད་པ་གཉིས་ལས། དང་པོ་ནི། ཞིང་དེ་ན་ལྷ་དང་མིའི་གནས་རིས་གཉིས་ལས་གནས་གཞན་མེད་ལ། ལྷ་གནས་ལ་རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་སོགས་ཀྱི་གནས་རིས་སོ་སོར་ཡོད་ཀྱང་། རི་རབ་ལ་བརྟེན་པའི་ལྷ་གནས་ནི་མེད་དེ། དེ་ན་རི་རབ་དང་རྒྱ་མཚོ་ཆེན་པོ་སོགས་མེད་པར་གསུངས་པའི་ཕྱིར་རོ། །དེས་ན་ཐམས་ཅད་ཀྱང་ནམ་མཁའ་ལ་བརྟེན་པ་ཤ་སྟག་སྟེ། འདི་ནི་ཀུན་དགའ་བོས་དྲི་བ་ཞུས་པའི་ལན་གྱི་སྐབས་སུ་རྒྱུ་མཚན་མཐུན་དཔེ་དང་བཅས་ཏེ་གསུངས་སོ། །རྒྱ་མཚོ་ཆེན་པོ་མེད་པས་གླིང་བཞིའི་རྣམ་གཞག་ལ་ཡང་དཔྱད་པར་བྱའོ། །དེ་ལ་ཞིང་དེ་ནི་ཐ་གྲུ་ཆེ་ཞིང་ཤིན་ཏུ་ཡངས་པ། ས་གཞི་སྡོང་དུ་མ་དང་། ཚེར་མ་དང་། གྱོ་གསེག་དང་། ངམ་གྲོག་དང་། གད་པ་དང་། རྡོ་བ་དང་། རི་ནག་པོ་མེད་ཀྱང་། འཇིག་རྟེན་ན་མི་སྤྱོད་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ངོས་ལག་མཐིལ་ལྟར་མཉམ་པ། གསེར་གྱི་དྲ་བས་ཁེབས་པ། ཤིན་ཏུ་གཞོན་ཞིང་འཇམ་ལ་སྙི་བས་རེག་ན་བདེ་བ། བཀྲ་ཞིང་ཤིན་ཏུ་མཛེས་པའི་འོད་ཟེར་གྱི་རི་མོ་ཅན། ལེགས་པར་ཕྱིས་པའི་མེ་ལོང་གི་ནང་ལྟར་དག་པས་

TN03_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༣)སངས་རྒྱས་ཀྱི་ཞིང་ཚད་མེད་པའི་རྒྱན་གྱི་གཟུགས་བརྙན་སྣང་བ་སྟེ། འོད་མདོའི་གོང་འོག་བསྒྲིགས་ཤིང་། མདོ་གཞན་ལའང་ཅུང་ཟད་བརྟེན་ནས་བཀོད་པའོ། །གཉིས་པ་ལ། ས་གཞི་ལ་འབྱུང་བའི་རྒྱན་དང་། ནམ་མཁའ་ལ་འབྱུང་བའི་རྒྱན་དང་། དེ་དག་གི་ཁྱད་པར་ཐུན་མོང་དུ་བསྟན་པའོ། །དང་པོ་ལ། རྟག་ཏུ་གནས་པ་དང་། འཕྲལ་དང་འཕྲལ་ལ་བྱུང་བ་གཉིས་ལས། དང་པོ་ལའང་། རིའི་རྒྱན་ནི་འོད་མདོར། རི་ཐམས་ཅད་ཀྱང་རིན་པོ་ཆེའི་རི་ཤ་སྟག་གོ །ཞེས་པ་ཙམ་ལས་མ་བྱུང་ཡང་། མདོ་གཞན་དུ། ལྷ་ཡུལ་གྱི་རི་རྣམས་རྩེ་མོ་སྣ་ཚོགས་པ། ངོས་ཡངས་ཤིང་མཐོ་དམན་མང་པོས་དགའ་བ། རིན་པོ་ཆེའི་སྙེ་ཕུང་འཁྲིགས་པའི་གསབ་གསེབ་དང་། རིན་པ་ཆེའི་འབྱུང་ཁུངས་དུ་མ་ཅན། ནོར་བུའི་ཕུག་དང་། འཁྲི་ཤིང་གི་ཁྱིམ་གྱི་ཕྲེང་བས་མཛེས་པ་ཡིན་པར་གསུངས་པ་དང་འདྲའམ་སྙམ་མོ། །ཤིང་གི་རྒྱན་ནི། ཤིང་ལྗོན་པ་རེ་རེ་ནས་རིལ་གྱིས་རིན་པོ་ཆེ་སྣ་གཅིག་གི་རང་བཞིན་དང་། གཉིས་དང་། གསུམ་ནས། གསེར་དང་དངུལ་དང་བཻཌཱུརྱ་དང་། ཤེལ་དང་། སྤུག་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་བར་དུ་ཡོད་ལ། དེའི་ནང་ནས་རིན་པོ་ཆེ་སྣ་གཅིག་པ་ལ། གསེར་གྱི་ལྗོན་ཤིང་ནས་རྡོའི་སྙིང་པོའི་ལྗོན་ཤིང་གི་བར་བདུན་དང་། རིན་པོ་ཆེ་སྣ་བདུན་ལས་གྲུབ་ཚུལ་ལ། རྩ་བ། སྡོང་པོ། ཡལ་ག ལོ་མ། འདབ་མ། མེ་ཏོག འབྲས་བུ་རྣམས་སོ་

TN03_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༤)སོར་རིན་པོ་ཆེ་གཞན་དང་གཞན་ལས་གྲུབ་པ་དང་། དེ་བདུན་རེ་རེ་ཡང་རིན་པོ་ཆེ་སྣ་བདུན་ཀ་ལས་གྲུབ་པའི་ཚུལ་གཉིས་གསུངས་ཤིང་། དེའི་སྔ་མ་ལའང་དབྱེ་བ་བདུན་གསུངས་སོ། །ཤིང་ལྗོན་པ་དེ་དག་ཐམས་ཅད་ཀྱང་འཇམ་ཞིང་རེག་ན་བདེ་ལ་དྲི་ཞིམ་པ་སྟེ། དེ་དག་རླུང་གིས་བསྐྱོད་པ་ན་སྙན་ཅིང་ཡིད་དུ་འོང་ལ་མཉན་པས་ཆོག་མི་ཤེས་པའི་སྒྲ་དབྱངས་དག་འབྱུང་ངོ་། །ཤིང་སོ་སོའི་ཁ་དོག་སོ་སོ་དང་། ཤིང་རེ་རེ་ཡང་ཁ་དོག་མི་འདྲ་བ་དུ་མས་ཕྱེ་བ་དེ་དག་གིས་ས་གཞི་རྣམ་པར་བཀྲ་བ་ཡིན་ནོ། །ཆུའི་རྒྱན་ལ། འབབ་ཆུ་དང་། རྫིང་བུའི་རྒྱན་གཉིས་ལས། འབབ་ཆུ་ནི་ཁ་ཞེང་དཔག་ཚད་གཅིག་པ་ནས་དཔག་ཚད་བརྒྱ་སྟོང་པའི་བར་དུ་ཡོད་ལ། ཟབས་སུ་ནི་ཐམས་ཅད་ཀྱང་དཔག་ཚད་བཅུ་གཉིས་པར་མཚུངས་ཏེ། །དེ་དག་ཏུ་རོལ་རྩེད་ལ་འཇུག་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ཆུ་ལོང་བུ་ནུབ་ཙམ་ནས། མིད་པ་ནུབ་ཙམ་གྱི་བར་གྱི་ཇི་ལྟར་འདོད་པ་བཞིན་དུ་འགྱུར་བ་ནི་མ་གཏོགས་སོ། །ཆུ་ཀླུང་དེ་དག་ནི་འབབ་སྟེགས་བདེ་བ། འདམ་རྫབ་མེད་པ། གསེར་གྱི་བྱེ་མ་བརྡལ་བ། དྲི་རབ་ཏུ་ཞིམ་པའི་ལྷ་རྫས་ཀྱི་སྤོས་ཀྱིས་བསྒོས་པ། ལྷའི་མེ་ཏོག་གི་ཚོགས་ཀྱིས་ཁེབས་པ། །ལྷའི་སིལ་སྙན་ཡན་ལག་བྱེ་བ་བརྒྱ་སྟོང་དང་ལྡན་པ་རོལ་མོ་མཁན་མཁས་པས་བླངས་པ་བས་ཀྱང་ལྷག་པའི་སྒྲ་སྙན་པ་སྒྲོགས་ཤིང་འབབ་པ། འདོད་པའི་རྗེས་སུ་འབྲང་བའི་རེག་བྱ་ཅན་འགྲམ་གཉིས་རིན་པོ་ཆེའི་སྤོས་ཀྱི་ཤིང་ལྗོན་པས་གང་བ་ཤ་སྟག་སྟེ། དེ་དག་གི་དྲི་དང་།

TN03_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༥)དབྱངས་དང་། མེ་ཏོག་གི་རྒྱན་རྣམས་ཀྱང་རྣམ་པ་སྣ་ཚོགས་པ་ཡིན་ནོ། །ཀླུང་དེ་དག་གི་སྒྲ་དབྱངས་རྣམས་ནི་ཟབ་པ་དང་། རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཇི་ལྟར་འདོད་པའི་དབྱངས་སུ་གྲགས་པར་འགྱུར་ལ། སྒྲ་དེ་ཐོས་པར་མི་འདོད་ན་ནི་དེའི་མོད་ལ་ཞི་བར་འགྱུར་རོ། །རྫིང་བུའི་རྒྱན་ནི། འོད་མདོར། འཕགས་པ་མི་ཕམ་པ་ལ་དྲི་བ་མཛད་པའི་སྐབས་སུ། རྫིང་བུ་ཉམས་དགའ་བ་དག་དང་། ཞེས་པ་ཙམ་ལས་མ་གསུངས་ཀྱང་། ཞིང་བཀོད་ཀྱི་མདོ་ཆུང་བ་ལས་གསུངས་ཏེ། གཞི་རིན་པོ་ཆེ་སྣ་བདུན་ལས་གྲུབ་ཅིང་། གསེར་གྱི་བྱེ་མ་བརྡལ་བ། ཆུ་ཡན་ལག་བརྒྱད་དང་ལྡན་པས་བྱ་རོག་གིས་བཏུང་དུ་རུང་བར་གང་བ། རིན་པོ་ཆེའི་པདྨས་ཁེབས་ཤིང་། ཕྱོགས་བཞིར་རིན་པོ་ཆེའི་ཐེམ་སྐས་བཀྲ་བ་དང་ལྡན་པ། ཕྱི་རོལ་རིན་པོ་ཆེའི་ལྗོན་ཤིང་གི་ཕྲེང་བ་སྤེལ་ལེགས་པས་མཛེས་པར་བྱས་པ་དག་གོ །ནགས་ཚལ་དང་ཆུའི་གནས་དེ་དག་ཏུ་དེ་བཞིན་གཤེགས་པས་སྤྲུལ་པའི་བྱ་རྣམ་པ་སྣ་ཚོགས་སྒྲ་ཡིད་དུ་འོང་བ་ཅན་གྱི་ཚོགས་རྣམས་གནས་པར་གསུངས་ཏེ། ཞིང་མདོ་ཆུང་བ་ལས། དེ་དག་ཉིན་རེ་ཞིང་དུས་གསུམ་དུ་འདུས་ནས་བགྲོ་བ་བྱེད་ཅིང་རང་རང་གི་སྐད་དག་གིས་སྨྲ་སྟེ། །དེ་ལྟར་སྨྲ་བ་ན་དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་འབྱུང་བར་གསུངས་སོ། །པདྨའི་རྒྱན་ནི། རིན་པོ་ཆེ་སྣ་བདུན་གྱི་པདྨ་ཚོན་སྣ་ཚོགས་ཅན་དཔག་ཚད་ཕྱེད་ཀྱི་ཚད་ཙམ་དང་། དཔག་ཚད་གཅིག་གི་ཚད་ཙམ་ནས་དཔག་ཚད་བཅུའི་ཚད་ཀྱི་བར་དུ་ཡོད་དེ། །དེ་ཐམས་

TN03_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༦)ཅད་ལས་ཀྱང་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དང་། འོད་ཟེར་དེ་རྣམས་ཀྱི་རྩེ་ལས་ཀྱང་དེ་བཞིན་གཤེགས་པའི་གཟུགས་དཔལ་དང་གཟི་བརྗིད་ཀྱིས་འབར་བ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་སྟེ། དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བགྲང་བ་ལས་འདས་པ་དག་ཏུ་གཤེགས་ནས་སེམས་ཅན་ལ་ཆོས་སྟོན་ཏོ། །གཉིས་པ་ལའང་ཟས་ཀྱི་ཡོ་བྱད་ནི། སེམས་ཅན་དེ་དག་ཁམས་ཀྱི་ཟ་བ་རགས་པའི་ཟས་ནི་མི་ཟ་མོད། འོན་ཀྱང་ཁ་ཟས་ཀྱི་བྱེ་བྲག་ཇི་ལྟ་བུ་འདོད་ཀྱང་དེ་ཉིད་དེའི་མོད་ལ་རྙེད་པར་འགྱུར་ཏེ། རྙེད་མ་ཐག་ཏུ་ལུས་ཚིམ་པར་གྱུར་ནས་ཟས་ཀྱི་འདོད་པ་དེ་དང་འབྲལ་བར་བཤད་དོ། །སྤོས་ལ་སོགས་པའི་ཡོ་བྱད་ནི། སྤོས་དང་། ཕྲེང་བ་དང་། བྱུགས་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་རྣམས་ཀྱང་འདོད་པ་ཙམ་གྱི་མོད་ལ་རྙེད་དེ། དེའང་ཡོ་བྱད་དེ་དང་དེའི་ཁྱད་པར་ཅི་འདྲ་ཞིག་ཡིད་ལ་འཐད་པ་དེ་ཁོ་ན་བཞིན་དུ་རྙེད་པ་དང་། དེས་སངས་རྒྱས་ཀྱི་ཞིང་དེ་ཁྱབ་པར་འགྱུར་བ་དེ་ལྟར་ཟད་མི་ཤེས་པར་རྙེད་པར་འགྱུར་ཏེ། ཡོ་བྱད་དེ་དག་མངོན་པར་མི་འདོད་པ་རྣམས་ལ་ནི་སྣང་བར་མི་འགྱུར་རོ། །གོས་དང་རྒྱན་གྱི་ཡོ་བྱད་ནི། གོས་ཁ་དོག་ཐ་དད་པ། རིན་ཐང་གཞལ་དུ་མེད་པ་དག་ཀྱང་བསམ་མ་ཐག་ཏུ་སྔ་མ་ལྟར་རྙེད་ཅིང་། ལུས་ལ་རང་བགོས་པར་འགྱུར་བ་དང་། རྒྱན་གྱི་བྱེ་བྲག་ཅི་ལྟ་བུ་འདོད་པ་ཡང་སྐད་ཅིག་དེ་ལ་རིན་པོ་ཆེའི་ཤིང་ལྗོན་པ་རྣམས་ལས་རྙེད་དེ། དེ་དག་གིས་བདག་ཉིད་བརྒྱན་པར་ཤེས་

TN03_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༧)པའོ། །གནས་ཁང་གི་རྒྱན་ནི། གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་ཀྱི་བ་གམ་བརྒྱ་སྟོང་གིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ། སྔས་ཁྲ་བོ་བཞག་པ་དང་ལྡན་པ། དབྱིབས་དང་། ཁ་དོག་དང་། ཆུ་ཞེང་དང་། མཚན་མ་ཇི་ལྟ་བུ་འདོད་པ་དེ་འདྲ་བ་རྣམས་སེམས་ཅན་དེ་དག་གི་མདུན་གྱིས་གཞིར་རང་འབྱུང་སྟེ། དེ་དག་གཞལ་མེད་ཁང་དེ་རྣམས་སུ་ལྷའི་བུ་མོ་བདུན་སྟོང་བདུན་སྟོང་དང་ལྷན་ཅིག་འདུག་ནས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །གཉིས་པ་ལ། རླུང་གི་འབྱོར་པ་ནི། སངས་རྒྱས་ཀྱི་ཞིང་དེར་སྔ་དྲོའི་དུས་སུ་ཕྱོགས་བཞི་ནས་རླུང་ལྡང་སྟེ། དེ་དག་གིས་རིན་པོ་ཆེའི་ཤིང་ལྗོན་པ་ཁ་དོག་བཀྲ་ཞིང་ལྷའི་སྤོས་དྲི་རབ་ཏུ་ཞིམ་པ་སྣ་ཚོགས་ཀྱིས་བསྒོས་པ་དེ་དག་བསྐྱོད་ཅིང་བསྐུལ་བས་ལྷའི་མེ་ཏོག་རྣམ་པ་མང་པོའི་དྲི་ཡིད་དུ་འོང་བ་ཅན། །བལྟ་ན་སྡུག་ལ་ཀ་ཙ་ལིན་དའི་གོས་ལྟར་རེག་ན་བདེ་བ་དག་བྲུལ་ནས་སངས་རྒྱས་ཀྱི་ཞིང་དེ་མི་འགྲེང་བདུན་སྲིད་ཙམ་དུ་མཉམ་པར་ཁེབས་པར་བྱེད་དེ། དེ་ལ་རྐང་པ་འཇོག་པ་དང་འདེགས་པ་ན་སོར་བཞི་ཙམ་གྱིས་དམའ་བ་དང་མཐོ་བར་འགྱུར་རོ། །སྤོས་དྲི་སྣ་ཚོགས་ཀྱིས་བསྒོས་པའི་རླུང་དེ་དག་སེམས་ཅན་དེ་དག་ལ་ཕོག་ན་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་དང་ལྡན་པར་འགྱུར་རོ། །སྔ་དྲོ་འདས་མ་ཐག་མེ་ཏོག་རྙིང་པ་དེ་དག་མ་ལུས་པ་མེད་པར་འགྱུར་ཏེ། དེའི་འོག་ཏུ་ཞིང་དེ་དབེན་པ་དང་། ཉམས་དགའ་བ་དང་། དག་པར་འགྱུར་ལ་

TN03_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༨)དེ་ནས་ཡང་སྔོན་བཞིན་དུ་མེ་ཏོག་འགྲེམ་པའི་རླུང་གསར་པ་དག་ལྡང་སྟེ། སྔ་དྲོ་ཇི་ལྟ་བར་ཉི་མའི་གུང་དང་། ཕྱི་དྲོ་དང་། སྲོད་དང་། ནམ་གུང་དང་། ཐོ་རངས་ཀྱང་དེ་བཞིན་ནོ། །ཆར་གྱི་འབྱོར་པ་ནི། དུས་དང་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་དང་། ལྷའི་མེ་ཏོག་ཁ་དོག་ཐ/མས་ཅད་དང་ལྡན་པ་དག་དང་། ལྷའི་རིན་པོ་ཆེ་སྣ་བདུན་དང་། ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་མངོན་པར་འབེབ་པ་དང་། ལྷའི་བླ་རེ་དག་དང་། ལྷའི་རིན་པོ་ཆེའི་གདུགས་རྔ་ཡབ་དང་བཅས་པ་དག་ཀྱང་ནམ་མཁའ་ལ་འཛིན་ཅིང་། ལྷའི་རོལ་མོའི་དབྱངས་སྒྲ་དག་ཀྱང་སྒྲོགས་ལ་ལྷའི་བུ་མོ་དག་ཀྱང་གར་བྱེད་དེ། ཞིང་འདིར་ཆར་དང་འབྲུག་དང་གློག་འབྱུང་བ་བཞིན་ནོ། །གཞན་ཡང་བདག་ཅག་གི་སྟོན་པའི་འཁོར་རྣམས་ལས་སངས་རྒྱས་ཀྱི་མཐུས་བདེ་བ་ཅན་གྱི་ཡོན་ཏན་མངོན་སུམ་དུ་བསྟན་པའི་ཐད་ཀྱི་མདོ་ལས། སྟེང་གི་བར་སྣང་ལ་ཀུན་དགའི་རབ་ཉམས་དགའ་བ་དག་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དང་། ཆུ་ཀླུང་དང་། རྫིང་བུ་ཉམས་དགའ་བ་དང་། འོག་མིན་གྱི་བར་གྱི་ནམ་མཁའི་ངོས་ལ་རིན་པོ་ཆེའི་མེ་ཏོག་བཀྲམ་པའི་འབྱོར་པ་དག་ཀྱང་གསུངས་ཤིང་། ཞིང་དེའི་སེམས་ཅན་རྣམས་གཞལ་མེད་ཁང་དཔག་ཚད་བརྒྱ་སྟོང་ཡོད་པ་དག་ཏུ་ཞུགས་ནས་བར་སྣང་ལ་ཆགས་པ་མེད་པར་འགྲོ་བ་དག་ཀྱང་ཡོད་པར་གསུངས་ཏེ། ནམ་མཁའ་ལ་འབྱུང་བའི་ཁང་བཟང་སོགས་ཀྱང་ཡོད་ལ། ས་གཞི་ལ་བྱུང་བའི་དེ་རྣམས་འདོད་པའི་དབང་གིས་ནམ་མཁར་

TN03_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

(༢༡༩)བགྲོད་པ་ཡང་ཡོད་པ་འདྲ་བས་ཚུལ་གཉིས་སོ། །དེ་དག་ལྷ་དང་མི་གཉིས་ཀའི་ཐུན་མོང་བར་སྣང་ངོ་། །གསུམ་པ་ནི། ཞིང་དེའི་མི་རྣམས་ཀྱི་གནས་ལུས་ལོངས་སྤྱོད་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འབྱོར་པ་དང་འདྲ་བར་གསུངས་ཤིང་། མདོ་འདི་ལས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་མདུན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྤྱན་སྔར་མི་མ་རབས་དང་། མི་དྲ་མ་འདུག་པ་བཞིན་དུ་སྤ་བཀོང་བར་གསུངས་པའི། སུམ་ཅུ་རྩ་གསུམ་པའི་ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱིའང་གནས་དང་རྒྱན་ཆས་ཀྱི་དཀར་བ་ལ་ཟླ་བ་སྟོན་གནམ་དུ་ཤར་བའི་ཁ་དོག་གིས་བཅུ་དྲུག་ཆར་ཡང་མི་ཕོད་པར་དྲན་པ་ཉེར་བཞག་ལས་གསུངས་ཏེ། །འདོད་ཡོན་གྱི་རྣམ་པ་གཞན་ཐམས་ཅད་ལའང་ཁྱད་པར་དེ་ལྟར་ཡོད་པས། བདེ་བ་ཅན་གྱི་ཞིང་གི་རྒྱན་ཕྱོགས་རེ་ཙམ་ཡང་ཕལ་པའི་མིས་ཇི་བཞིན་དུ་བསམ་པར་དཀའོ། །ཞིང་བཀོད་ཀྱི་མདོ་སོགས་ལས་རྒྱན་གྱི་ཁྱད་པར་དེ་ལྟར་གསུངས་པ་རྣམས་ཀྱང་མཚོན་བྱེད་ཙམ་དུ་ཟད་ཀྱི། །རྒྱས་པར་ནི་ཞིང་དེའི་གཟི་བརྗིད་དང་། ཁ་དོག་དང་། འབྱོར་པའི་ཕ་མཐའ་མངོན་སུམ་དུ་བལྟ་ན་ལྷའི་མིག་དང་ལྡན་པས་ཀྱང་མི་རྙེད་ལ། ཚིག་གིས་བསྟན་ན་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཤ་སྟག་ཏུ་གྱུར་པས་བསྐལ་པ་བྱེ་བར་བསྙད་ཀྱང་མི་རྫོགས་པར་མདོ་ཉིད་ལས་གསུངས་སོ། །གཉིས་པ་ལའང་། བཅུད་ཀྱི་ཡོན་ཏན་སྤྱིར་བཤད་པ་དང་། གཙོ་འཁོར་སོ་སོར་ཕྱེ་ནས་བཤད་པ་གཉིས་ལས། དང་པོ་ནི། ཞིང་

TN03_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༠)དེ་ན་ལྷ་དང་མིའི་འགྲོ་བ་གཉིས་ལས་འགྲོ་བའི་རིས་གཞན་པ་ནི་མེད་ལ། དེར་སྐྱེས་ནས་ལས་དབང་གིས་འགྲོ་བ་གཞན་གསུམ་དུ་ལྟུང་བ་ཡང་མེད་དོ། །ལྷ་མི་གཉིས་ཀྱང་མིང་གི་ཁྱད་པར་ཙམ་གྱིས་ཕྱེ་བར་གསུངས་སོ། །དེ་ན་སྒོ་ང་དང་མངལ་དང་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་ནི་མེད་ཀྱི། ཐམས་ཅད་ཀྱང་རིན་པོ་ཆེའི་པདྨ་ཡངས་ཤིང་ཚོན་སྣ་ཚོགས་པ་རེག་ན་བདེ་ཞིང་དྲི་བསུང་དང་ལྡན་པ་རྣམས་ལས་རྫུས་ཏེ་འབྱུང་ངོ། །སེམས་ཅན་དེ་དག་ནི་གསེར་གྱི་ཁ་དོག་ཏུ་ཁ་དོག་གཅིག་པ་དང་། ལུས་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཚང་བ་དང་། གཤང་གཅི་དང་སྣབས་ལ་སོགས་པའི་མི་གཙང་བ་དང་བྲལ་བ་དང་། རྡོ་རྗེ་ལྟར་མཁྲེགས་པའི་ལུས་ཅན་དང་། སྲེད་མེད་བུའི་སྟོབས་དང་ལྡན་པ་དང་། སྔར་བཤད་པའི་དམིགས་བསལ་མ་གཏོགས་པ་མངོན་པར་ཤེས་པ་ལྔས་རྩེ་བ་དང་། ཤེས་རབ་དང་སྤོབས་པ་མཐའ་ཡས་པ་དང་། སྨོན་ལམ་གྱི་དབང་མ་གཏོགས་ཚེའི་ཚད་ལ་མཐའ་མི་མངོན་པ་ཤ་སྟག་ཡིན་ནོ། །དེ་དག་ལ་གནས་དང་ཡོ་བྱད་ཡོངས་སུ་འཛིན་པའི་འདུ་ཤེས་ནི་ཅུང་ཟད་ཀྱང་མེད་དེ། །ཤིན་ཏུ་གྱ་ནོམ་པ་དང་། རྒྱ་ཆེ་བ་དང་། སྣ་ཚོགས་པ་དང་། འདོད་པའི་རྗེས་སུ་འབྲང་བའི་འབྱོར་པ་རྣམས་ལ་རང་དགར་རྩེ་བས་ཉམས་བདེ་ཞིང་། རང་བཞིན་གྱིས་ཀྱང་མ་དག་པའི་ཞིང་གི་ལྷའི་བདེ་བ་ཕལ་ཆེར་ལས་འདས་པའི་བདེ་བ་དང་ལྡན་ནོ། །གཉིས་པ་ལ་གཙོ་བོ་དེ་བཞིན་གཤེགས་པ་དང་། ཉན་ཐོས་ཀྱི་འཁོར་དང་། བྱང་ཆུབ་སེམས་དཔའི་འཁོར་བཤད་པ་

TN03_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༡)གསུམ་ལས། དང་པོ་ལ་བྱང་ཆུབ་བརྙེས་པའི་གནས། སྐུ་དང་འོད་ཀྱི་ཁྱད་པར། མཛད་པའི་གཙོ་བོ་འཇུག་ཚུལ། སྐུ་ཚེ་ཕུན་སུམ་ཚོགས་པ། སྙན་གྲགས་རྒྱ་ཆེ་བའི་ཡོན་ཏན་དང་ལྔ་ལས། དང་པོ་ནི། ཞིང་དེའི་ས་གཞིའི་དཀྱིལ་འཁོར་གྱི་དབུས་ན་སྟོན་པ་འོད་དཔག་མེད་ཀྱི་བྱང་ཆུབ་ཀྱི་ཤིང་ཡོད་དེ། དེའི་མིང་ནི་རིན་པོ་ཆེའི་པདྨོ་རྣམ་པར་སྣང་བ་ཞེས་བྱ་བ་དང་། དེའི་དྲུང་ན་པདྨའི་གདན་ཡོད་པའི་མིང་ནི། དག་ཅིང་བཟང་ལ་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་ཡིན་པར་འཆི་མེད་རྔ་སྒྲ་ལས་བཤད་ཅིང་། ཚད་ནི་དཀོན་བརྩེགས་ལས་བྱང་ཆུབ་ཀྱི་ཤིང་འཕང་དང་རྒྱ་ཚད་དཔག་ཚད་སྟོང་དྲུག་བརྒྱ་བར་མཉམ་པ་དང་། རྩ་བའི་སྦོམ་དང་ཁྲུན་དཔག་ཚད་ལྔ་བརྒྱ་ཡོད་པར་བཤད་ལ། སྙིང་རྗེ་པད་དཀར་ལས་དཔག་ཚད་ཁྲིར་གསུངས་ཏེ། པདྨའི་གདན་ཡང་དེ་དང་འཚམས་པ་ཡིན་ནོ། །དཀོན་བརྩེགས་ལས་ཚད་དེ་ལྟར་གསུངས་པ་དེའང་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཆུང་ཤོས་ཡན་ཆད་ཀྱིས་མཐོང་ཚོད་ཐུན་མོང་བའི་དབང་དུ་མཛད་པ་ཡིན་གྱི། ཁྱབ་མཐའ་བཟུང་བ་མིན་པ་མདོ་རང་གི་ཆོས་ཀྱི་འབྱུང་གནས་ཀྱི་སྨོན་ལམ་བསྟན་པའི་ཐད་ནས་ཤེས་ཤིང་། སྤྱིར་དེ་བཞིན་གཤེགས་པ་གཅིག་གི་བྱང་ཆུབ་ཀྱི་ཤིང་ལ་ཡང་རྒྱ་ཚད་མི་འདྲ་བ་དུ་མ་འོང་བ་མི་འགལ་བ་ནི་འཇུག་པ་རྩ་འགྲེལ་དང་། དུས་འཁོར་འགྲེལ་ཆེན་སོགས་ལས་རྒྱ་ཆེར་བཤད་པའི་རིགས་པས་ཤེས་པར་འགྱུར་བའི་ཕྱིར།

TN03_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༢)མདོ་གཉིས་འགལ་བར་མི་བསམ་མོ། །དེ་ལ་ཤིང་གི་རྒྱལ་པོ་དེ་ནི་རྟག་ཏུ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཆགས་པ། མདངས་ལྷ་རྫས་ལས་ཀྱང་འདས་པའི་ཁ་དོག་འབུམ་ཕྲག་དུ་མས་བཀྲ་བ། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་བྱེ་བྲག་ཐ་དད་པ། འཇིག་རྟེན་ན་མཆོག་ཏུ་བྱ་བའི་ནོར་བུ་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱིས་སྤྲས་པ། གསེར་དང་ནོར་བུའི་སྐུད་པ་དང་། སེ་མོ་དོ་དང་། རིན་པོ་ཆེའི་ཆུན་པོ་དང་། རྒྱན་ཕྲེང་དང་། དོ་ཤལ་དང་སྐ་རགས་མང་པོ་འཕྱང་བ། གསེར་དང་། མུ་ཏིག་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་དང་། དྲིལ་བུ་གཡེར་ཁའི་དྲ་བས་བླ་རེ་བྲེས་པ། ཆུ་སྲིན་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་དང་། ཟླ་གམ་ལྟ་བུས་ལེགས་པར་བརྒྱན་པ། ནོར་བུ་འཁྲོལ་བ་དང་། གསེར་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བརྒྱན་པ་སྟེ། དེ་རླུང་གིས་བསྐྱོད་པ་ན་སྒྲ་དབྱངས་སྙན་པ་འབྱུང་བས་འཇིག་རྟེན་གྱི་ཁམས་ཚད་མེད་པ་གོ་བར་བྱེད་དོ། །སེམས་ཅན་གང་གིས་སྒྲ་དེ་ཐོས་པ་དང་། ཤིང་གི་དབང་པོ་དེ་མཐོང་བ་དང་། དེའི་དྲི་ཚོར་བ་དང་། འབྲས་བུའི་རོ་མྱོང་བ་དང་། འོད་ལུས་ལ་ཕོག་པ་དང་། ཤིང་དེ་ཡིད་ལ་སེམས་པ་དེ་དག་བྱང་ཆུབ་ཀྱི་མཐའི་བར་དུ་རྣ་བ་དང་། མིག་དང་། སྣ་དང་། ལྕེ་དང་། ལུས་ལ་ནད་ཀྱིས་མི་འདེབས་ཤིང་། སེམས་མི་གཡེང་བར་འགྱུར་རོ། །གཞན་ཡང་རྒྱལ་བ་དེས་ཆོས་སྟོན་པའི་གནས་ལ། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པ་ལས། ཆོས་

TN03_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༣)ཡང་དག་པར་སྡུད་པའི་ཁང་བཟང་ཞེས་གསུངས་ཤིང་། དོན་ཞགས་ཀྱི་ཆོ་ག་ཞིབ་མོ་སོགས་ལས་ཀྱང་འོད་དཔག་མེད་རིན་པོ་ཆེའི་གཞལ་མེད་ཁང་ན་ཆོས་སྟོན་པའི་བཀོད་པ་གསུངས་ཏེ། དེ་བྱང་ཆུབ་ཤིང་དྲུང་ཡིན་མིན་སོགས་གསལ་བར་བཤད་པ་མ་མཐོང་ངོ། །གཉིས་པ་ནི། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཏེ། དེའི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དག་ཅིང་གསལ་ལ་མཛེས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཤིན་ཏུ་ལེགས་པར་ཕྱེ་བས། སེམས་ཅན་གང་དག་གིས་དེ་དང་པོར་མིག་ལམ་དུ་སྣང་བ་དང་། གཞན་གྱིས་ལན་བརྒྱ་ཕྲག་དུ་མར་མཐོང་བ་གཉིས་འདྲ་བར་མིག་དང་ཡིད་ཚིམ་པར་མཛད་པ་ཡིན་ནོ། །དྲང་སྲོང་ཆེན་པོ་དེ་ནི་འོད་ཟེར་དཔག་ཏུ་མེད་པའི་རྒྱན་འཆང་བ་སྟེ། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙད་དག་འོད་དེས་རྟག་ཏུ་ཁྱབ་པར་གྱུར་ནས་འདུག་གོ །དེའང་འོད་དྲི་མ་མེད་ཅིང་ཤིན་ཏུ་གསལ་བ་དང་། སྒྲིབ་ཐོགས་ཀྱི་དངོས་པོ་ཐམས་ཅད་ལ་མི་ཐོགས་པ་དང་། མཛེས་པ་གཏིང་མི་མངོན་པའི་ཕྱིར་ལྟ་བས་ཆོག་མི་ཤེས་པ་དང་། མིའི་དབང་པོ་དང་ལྷའི་དབང་པོ་ནས་གནས་གཙང་མའི་ལྷའི་བར་ཐམས་ཅད་ཟིལ་གྱིས་གནོན་ཅིང་མོག་མོག་པོར་བྱེད་པ་དང་། ལུས་དང་སེམས་བདེ་བ་དང་། དགའ་བའི་བདུད་རྩིས་ཚིམ་པ་སྐྱེད་པ་དང་

TN03_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༤)སེམས་ཅན་དགེ་བའི་བསམ་པ་ཅན་རྣམས་ལ་དགེ་བ་དང་ཡངས་བ་དང་། རྟོགས་པ་དང་། མཁས་པ་དང་། བློ་དང་། མཆོག་ཏུ་དགའ་བ་སྐྱེད་པ་དང་། དཀོན་མཆོག་ཏཱ་ལ་དང་། འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པ་ལས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་པའི་མཐུའི་ཁྱད་པར་དང་ལྡན་པ་སྟེ། དེ་དག་གི་ཕྱིར་ཞིང་བཀོད་ཀྱི་མདོ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རིའི་རྒྱལ་པོ་རི་རབ་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་མངོན་པར་འཕགས་ཏེ། ཕྱོགས་ཐམས་ཅད་ཟིལ་གྱིས་མནན་ནས་ལྷམ་མེ། ལྷན་ནེ། ལྷང་ངེ་མཛེས་པ། ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་སོ་སོར་ཡང་། དེ་ཉིད་ལས། སེམས་ཅན་སྙིང་པོའི་གཟུགས་ནི་མཐའ་ཡས་ཏེ། དེ་བཞིན་སངས་རྒྱས་གསུང་ནི་མཐའ་ཡས་དབྱངས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བརྩོན་འགྲུས་ཀྱང་། ཁྱོད་འདྲ་འཇིག་རྟེན་འདི་ན་གཞན་མ་མཆིས། །ཟབ་ཅིང་ཤིན་ཏུ་རྒྱས་པའི་ཆོས་བརྙེས་པ། །སངས་རྒྱས་མཆོག་གི་ཐུགས་ནི་རྒྱ་མཚོ་བཞིན། །དེས་ཀྱང་སྟོན་ལ་ཁེངས་པ་མི་མངའ་སྟེ། །ཐ་བ་ཞེ་སྡང་སྤངས་ནས་ཕ་མཐར་སྒྲོལ། །ཞེས་གསུངས་པ་ལྟར་ཞིབ་ཏུ་བསམ་པར་བྱའོ། །གསུམ་པ་ནི། །སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ནི། ལུས་ཅན་རྒུད་པ་སྣ་ཚོགས་ཀྱིས་རྒྱུན་དུ་གཙེ་བ་རྣམས་ལ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས། རྒུད་པ་དེ་ལས་སྐྱོབ་པའི་སྒོ་བླ་ན་མེད་པ་རང་གིས་གང་ཞིག་བརྙེས་པའི་

TN03_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༥)རྟོགས་པའི་ཆོས་ཀྱི་བདུད་རྩི་དེ་ཉིད་སོ་སོའི་སྐལ་བ་དང་འཚམས་པར་བགོ་བཤའ་མཛད་པའི་ཆེད་དུ་ཡིན་ལ། དེ་ལྟར་མཛད་པའང་ལུང་གི་ཆོས་བསྟན་པ་ལ་ངེས་པར་རག་ལས་པར་གཟིགས་ནས། ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཡན་ལག་དྲུག་ཅུ་རྩ་བཞི་དང་ལྡན་པའི་ལེགས་པར་བཤད་པའི་དབྱངས་ཀྱི་བདུད་རྩིས་རྒྱུན་མི་འཆད་དུ་ཚིམ་པར་མཛད་དེ། འདི་ལྟར་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྣམས་ལ་ནི་ཐོབ་བྱ་ཐར་པ་ཙམ་དང་། ཐོབ་བྱེད་རྟེན་གཞི་ངེས་འབྱུང་གི་བསམ་པ་དང་། བརྟེན་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་མདོར་བསྡུས་པ་ལས་བརྩམས་ཏེ་ཆོས་སྟོན་ཅིང་། ཐེག་པ་མཆོག་གི་རིགས་ཅན་རྣམས་ལ་ནི་ཐོབ་བྱ་བླ་ན་མེད་པའི་བྱང་ཆུབ་དང་། ཐོབ་བྱེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྙིང་རྗེ་ཆེན་པོའི་རྩ་བ་ཅན་གྱི་བསམ་པ་དང་། དེས་དྲངས་པའི་སྦྱོར་བ་ཐེག་པ་འོག་མ་དང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་ལས་བརྩམས་ནས་ཤིན་ཏུ་རྒྱས་པའི་ཆོས་འཆད་དེ། མཛད་པ་དོན་ཡོད་པ་བླ་ན་མེད་པ་བརྙེས་པས་ཆོས་བསྟན་པ་རེ་རེས་ཀྱང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བ་དང་། གྲོལ་བ་མཐར་ཕྱིན་པར་མཛད་དོ། །དེའང་གདུལ་བྱ་རང་རང་གིས་ཆོས་ཀྱི་རྣམ་གྲངས་ཇི་ལྟ་བུ་ཞིག་ཉན་པར་འདོད་པ་དེ་དེའི་མོད་ཁོ་ན་ལ་ཐོས་པར་འགྱུར་བར་ཞིང་བཀོད་ཀྱི་མདོ་ལས་གསུངས་སོ། །བཅོམ་ལྡན་འདས་དེའི་བསྟན་པ་ལ་ནི་ཕམ་

TN03_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༦)ལྷག་སོགས་ཀྱི་བཅས་པ་རྣམ་པར་བཞག་པ་ཡང་མེད་དེ། །སངས་རྒྱས་ཀྱི་ཞིང་དེར་ལྟུང་བའི་ཐ་སྙད་བྱས་ཙམ་ཡང་མེད་པར་གསུངས་པའི་ཕྱིར་ཏེ། དཀོན་བརྩེགས་ཀྱི་དྲུག་པར་མི་འཁྲུགས་པའི་ཞིང་ན་ལྟུང་བ་རྣམ་པར་བཞག་པ་མེད་ཚུལ་རྒྱུ་མཚན་དང་བཅས་ཏེ་གསུངས་པའི་རྒྱུ་མཚན་འདིར་ཡང་ཇི་བཞིན་དུ་འདྲ་བའི་ཕྱིར་རོ། །འོན་ཀྱང་དེ་ནི་བསླབ་པའི་གཞི་མ་རྫོགས་པའི་ཉེས་པར་མི་འགྱུར་གྱི། བསྟན་པ་རྙོག་པ་མེད་པའི་ཡོན་ཏན་དུ་འགྱུར་ཏེ། བདག་ཅག་གི་སྟོན་པའི་གསུང་རབ་ལ་ཡང་བཟང་བྱིན་གྱིས་བསྟན་པ་ལ་ཆུ་བུར་མ་བྱུང་བའི་སྔོན་དུ་ཕམ་ལྷག་སོགས་ཀྱི་བཅས་པ་མཛད་པ་མེད་ཀྱང་། སོ་སོར་ཐར་པའི་སྡོམ་པ་ཆེས་ཕུན་སུམ་ཚོགས་པར་འདོད་པ་ཡིན་ནོ། །རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་དུ་གསུང་རབ་མང་པོ་དང་ཉུང་ངུ་གནས་པ་ནི་གདུལ་བྱའི་བློ་དང་དགེ་བའི་རྩ་བ་ཁྱད་པར་ལ་ཐུག་ཅིང་། ཞིང་དེའི་གདུལ་བྱ་རྣམས་ནི་ཤེས་རབ་དང་སྤོབས་པ་མཐའ་ཡས་པ་དང་། དགེ་རྩ་འཐུག་པ་འབའ་ཞིག་ཏུ་བཤད་པས། དེ་བཞིན་གཤེགས་པ་དེ་ནི་མྱ་ངན་ལས་འདས་ནས་ཀྱང་གསུང་རབ་ཀྱི་མཛོད་མ་ཉམས་མ་གོད་པར་གནས་པར་འགྱུར་བར་མངོན་ཏེ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ། འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་པདྨ་དག་དང་ཤིང་ལྗོན་པ་དག་གིས་དེ་བཞིན་གཤེགས་པ་དེ་ཇི་ལྟར་ཆོས་སྟོན་པ་དེ་བཞིན་དུ་ཆོས་ཀྱི་སྒོ་བརྒྱ་ཕྲག་དུ་མ་

TN03_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༧)འབྱུང་བ་བྱེད་པར་འགྱུར་རོ། །ཞེས་སོགས་གསུངས་པས་མཚོན་ནོ། །བཤད་མ་ཐག་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། ཞིང་དེར་སྟོན་པ་འདས་ནས་མདོའི་དོན་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་འཆལ་བར་སྤྱོད་པ་ལ་སོགས་པས་བསྟན་པ་དྲི་མ་ཅན་དུ་བྱེད་པ་རྣམས་ཀྱང་མེད་པར་གསལ་ཏེ། ལུང་དེའི་གོང་ཉིད་དུ། སངས་རྒྱས་འོད་དཔག་མེད་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་པ་ནས། ཇི་ལྟར་བཞུགས་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་སྟེ། ལྷག་ཆད་མེད་པར་འགྱུར་རོ། །ཞེས་དང་། དཀོན་བརྩེགས་ལས་ཀྱང་། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་མི་དགེ་བའི་མིང་ཡང་མེད་དོ། །སྒྲིབ་བའི་སྒྲ་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདག་ཅག་གི་སྟོན་པའི་བསྟན་པ་ལ་ལྔ་བརྒྱ་ཕྲག་བཅུའི་རྣམ་དབྱེ་བྱས་པ་ལྟ་བུའི་བསྟན་པ་དྭངས་སྙིགས་ཀྱི་རིམ་པའང་མེད་པ་འདྲའོ། །བསྟན་པ་གནས་པའི་ཡུན་ཚད་ནི། བསྐལ་པ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་དུ་འགའ་་ཞིག་བཞེད་དེ། སྙིང་རྗེ་པད་དཀར་ལས། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་རྗེ་བཙུན་སྤྱན་རས་གཟིགས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་ཐད་ན། རིགས་ཀྱི་བུ་ཁྱོད་ནི་འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལུས་པ་ན་འཚང་རྒྱ་བར་འགྱུར་ཏེ། ཞེས་གསུངས་

TN03_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༨)པ་འདི་ལ་བསམ་པར་སྣང་ཡང་མདོ་དེའི་དོན་དེ་ལྟར་འཆད་རྒྱུ་ཡིན་མིན་དཔྱད་དགོས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ནི། རྒྱལ་བ་དེ་མྱ་ངན་ལས་འདས་པའི་འོག་ཏུ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་དམ་པའི་ཆོས་གནས་པར་གསུངས་སོ། །བཞི་པ་ནི། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་འདི་སྙེད་དང་། བསྐལ་པ་བརྒྱ་ཕྲག་འདི་སྙེད་ནས། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཏུ་བཞུགས་སོ་ཞེས་པའི་བར་དུ་བརྩི་ཚུལ་རྒྱ་ཆེ་ཆུང་ཇི་ལྟ་བུའི་སྒོ་ནས་གཞལ་ཀྱང་མཐའ་མི་རྟོགས་པར་འོད་མདོ་ལས་གསུངས་ཤིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོར། དེའི་སྐུ་ཚེའི་ཚད་ཀྱི་མཐའ་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བཤད་ཀྱང་རྟོགས་པར་སླ་བ་མ་ཡིན་ཞེས་བརྩི་བའི་ཡུན་ཚད་ཀྱི་སྒོ་ནས་གསུངས་ཏེ། མདོར་ན་དཔག་ཏུ་མེད་པ་ཡིན་ནོ། །དེའི་ཕྱིར་རྒྱལ་བའི་དབང་པོ་དེའི་མཚན་ཡང་ཚེ་དཔག་མེད་ཅེས་བྱའོ། །ཞིང་དེར་བྱང་ཆུབ་བརྙེས་པའི་མཛད་པ་བསྟན་ནས་ད་ལྟ་ཡུན་ཇི་ཙམ་འདས་པ་ནི། མི་མཇེད་ཀྱི་འཇིག་རྟེན་འདི་པའི་ལུགས་ཀྱི་བསྐལ་པ་བཅུ་ལོན་པར་འོད་མདོ་ལས་གསུངས་ཏེ། ཕལ་ཆེན་ཚེའུར་མི་མཇེད་ཀྱི་ཞིང་གི་བསྐལ་པ་གཅིག་གི་ཡུན་ཚད་དེ་བདེ་བ་ཅན་གྱི་ཉིན་ཞག་གཅིག་ཏུ་བྱེད་པར་གསུངས་པས། ཞིང་དེ་པ་རྣམས་ཀྱི་ངོར་ནི་ཉིན་ཞག་བཅུ་ལས་མ་སོང་བར་གསལ་ཏེ། དབྱར་གྱི་ལང་ཚོ་ཐོག་མ་ལ་བབས་པའི་དགའ་བ་ལྟ་བུའི་ཚོད་དུ་སྣང་ངོ། །སྟོན་པའི་སྐུ་ཚེ་དཔག་ཏུ་མེད་པ་འདི་ནི་

TN03_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

(༢༢༩)ཞིང་གི་འབྱོར་པ་ཆེས་མཆོག་ཏུ་གྱུར་པ་ཡིན་ཏེ། ཞིང་རབ་འབྱམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་རྒྱུན་མི་འཆད་པར་འདུ་བ་དང་། སངས་རྒྱས་ཀྱི་རྣམ་འཕྲུལ་སྔོན་མ་མཐོང་བ་མཐོང་བ་དང་། བྱང་སེམས་ལུང་སྟོན་པ་ལ་སོགས་པའི་དགའ་སྟོན་ལ་ཉིན་རེ་བཞིན་སྤྱོད་དུ་ཡོད་པ་ནི། དེ་བཞིན་གཤེགས་པ་བཞུགས་པའི་མཐུ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། །ཐུབ་པའི་དབང་པོ་དེའི་མཚན་ཐོས་པ་ནི་གདུལ་བྱ་ལ་དོན་ཆེན་པོའི་སྒོར་འགྱུར་བར་གཟིགས་ནས། མཐའ་དང་མུ་མེད་པའི་རྒྱལ་བ་རྣམས་ཀྱིས་རང་རང་གི་ཞིང་རྣམས་སུ་དེའི་སྙན་གྲགས་སྒོ་དུ་མ་ནས་ལན་གཅིག་མ་ཡིན་པར་གསལ་བར་མཛད་པར་གསུངས་ཏེ། ཞིང་བཀོད་ཀྱི་མདོ་ལས། དེའི་མཚན་དེ་ཡང་སྒྲིབ་པ་མེད་པར་ཕྱོགས་བཅུར་གྲགས་ཏེ། ཕྱོགས་རེ་རེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་གསུང་ཆགས་པ་མི་མངའ་ཞིང་གསུང་ཐོགས་པ་མི་མངའ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལན་འགའ་མ་ཡིན་པར་བསྔགས་པ་བརྗོད་ཅིང་བསྟོད་དེ། སྙན་པར་གསུང་ངོ། །ཞེས་སོ། །དེ་དོན་ཆེན་པོའི་སྒོར་འགྱུར་བའི་ཚུལ་ནི། བཅོམ་ལྡན་འདས་དེའི་མཚན་ཐོས་ནས་སེམས་དང་བས་ཐལ་མོ་སྦྱོར་བ་ཙམ་ལ་ཡང་། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །ཞེས་སོགས་སྔར་དྲངས་པ་ལྟར་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཐོབ་ཅིང་། དེར་མ་ཟད་བདེ་བ་ཅན་དུ་སྐྱེས་ནས་དེ་བཞིན་གཤེགས་པའི་ཚོགས་གཉིས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་བསམ་གྱིས་

TN03_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༠)མི་ཁྱབ་པ་ལ་ལོངས་སྤྱོད་པའི་རྒྱུ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་། བཅོམ་ལྡན་འདས་དེ་དང་དེའི་ཞིང་ཡོངས་སུ་དག་པའི་ཡོན་ཏན་ཐོས་པ་ལས་བྱུང་བ་ཤ་སྟག་གོ །གཞན་ཡང་མཚན་དེ་ཐོས་པའི་མོད་ལ་བྱང་ཆུབ་ཀྱི་བར་གྱི་ཚེ་རབས་ཐམས་ཅད་དུ་རིགས་མཐོན་པོར་སྐྱེ་བ་དང་། སྐྱེས་པའི་དབང་པོ་འཐོབ་པ་དང་། དབང་པོ་མ་ཚང་བ་མེད་པ་དང་། རྟག་ཏུ་ཚངས་སྤྱོད་ལ་གནས་པ་དང་། བྱང་སེམས་ཀྱི་སྤྱོད་པ་ལ་དགའ་ཞིང་མཆོག་ཏུ་དགའ་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟི་བསྟང་བྱེད་པ་དང་། གཟུངས་དང་ཏིང་ངེ་འཛིན་དང་བཟོད་པའི་སྒོ་རླབས་ཆེ་བ་རྣམས་ལ་སྦྱོར་བ་དང་། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་དགེ་བའི་རྩ་བ་གྱ་ནོམ་པ་སྐྱེ་ཚུལ་རྒྱ་ཆེར་གསུངས་སོ། །དེ་དག་གི་ཕྱིར་རྒྱལ་བའི་དབང་པོ་དེའི་མཚན་ཡོངས་སུ་སྒྲོགས་པ་ནི་སེམས་ཅན་རྣམས་ལ་ལྷའི་རྒྱལ་སྲིད་བྱིན་པས་ཀྱང་བསྐྲུན་དུ་མེད་པའི་ཕན་བཏགས་པ་དང་། གྲངས་མེད་པའི་རྒྱལ་བ་རྣམས་ཀྱི་ཕྲིན་ལས་སྒྲུབ་པའི་གྲོགས་བྱས་པ་དང་། མགོན་པོ་འོད་དཔག་མེད་ལ་གདུལ་བྱའི་སྐྱེས་ཕུལ་བར་འགྱུར་བའི་ཚུལ་ལ་བསམས་ཏེ་འབད་པ་ཐམས་ཅད་ཀྱིས་བསླབ་པར་བྱ་ཡི། དེ་དག་ནི་ཁྱིམ་པ་རྒན་པོ་དང་རྒན་མོ་རྣམས་ལ་དགོས་ཀྱིས། བདག་ཅག་ལྟ་བུའི་རྣལ་འབྱོར་པའམ། མཁས་པ་ནི་དེ་ཙམ་ལ་མི་རེ་ཞེས་རང་གིས་དེ་བཞིན་གཤེགས་པའི་འགྲོ་འདུལ་གྱི་ཐབས་མཁས་མཐིལ་ཕྱིན་པ་ལ་གོ་བ་ཕྱོགས་མཐོང་ཙམ་ཡང་

TN03_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༡)མ་སྐྱེས་པར་མནའ་བོར་ནས། དེ་ལ་རྨད་དུ་བྱུང་བའི་ཁྱད་པར་འཕགས་ཆོས་སུ་སྒོམ་པར་ནི་མི་བྱ་སྟེ། དེ་ལྟར་བྱེད་པ་ནི་དམ་པ་རྣམས་ཀྱི་མདུན་སར་བཞད་གད་ཀྱི་ཕྱིར་དུ་རང་གིས་རང་ལ་ཐོ་འཚམས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བཅོམ་ལྡན་འདས་དེའི་ཉན་ཐོས་ཀྱི་འཁོར་ནི་ཡོངས་སུ་དག་ཅིང་གྲངས་མང་བས་འཕགས་ཏེ། འདི་ལྟར། དེ་ན་སོ་སྐྱེའི་ཉན་ཐོས་ཁྱིམ་གྱི་ཡོངས་སུ་བཟུང་བ་ལ་ཆགས་ནས་མངོན་པར་མི་འབྱུང་བ་ནི་ཡེ་མེད་དེ། ང་ཡིར་བྱ་བ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བའི་ཕྱིར་ཏེ། །སྔར་བཤད་ཟིན་ཏོ། །ཐུབ་པའི་བཅས་མཚམས་འདྲལ་བར་བྱེད་པ་ཡང་མེད་དེ། སྙིགས་མ་མེད་པའི་ཞིང་གི་ཉན་ཐོས་ཡིན་པའི་ཕྱིར་ཏེ། འདི་ནི་དཀོན་བརྩེགས་ཀྱི་དྲུག་པར་མི་འཁྲུགས་པའི་ཞིང་ལ་སྦྱར་ནས་གསུངས་པ་རིགས་པ་འདྲའོ། །བརྩོན་འགྲུས་ཆུང་བས་ལམ་སྒྲུབ་ཏུ་མི་ནུས་པ་ཡང་མེད་དེ། ཐམས་ཅད་ཡང་དག་པ་ཉིད་ལ་ངེས་པར་གསུངས་པའི་ཕྱིར་རོ། །ཞིང་དེའི་བྱང་སེམས་ཀྱི་འཁོར་རྣམས་སྐྱེ་བ་གཅིག་ཐོགས་སུ་གསུངས་པའི་རིགས་པས། །ཉན་ཐོས་ལ་ཡང་ལན་བདུན་པ་དང་རིགས་ནས་རིགས་སྐྱེ་སོགས་མེད་དམ་བརྟག་གོ །ཉན་ཐོས་ཀྱི་དགེ་འདུན་ཡོད་ཀྱང་རིགས་སྐྱེ་སོགས་ཀྱི་རྣམ་བཞག་བྱར་མེད་པ་མི་འགལ་བ་ནི་མི་འཁྲུགས་པའི་འཁོར་གྱི་ཉན་ཐོས་ཐམས་ཅད་མཐོང་ཆོས་ཞིར་གསུངས་པ་བཞིན་ནོ། །ཉན་ཐོས་དེ་དག་གི་གྲངས་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་

TN03_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༢)རང་སངས་རྒྱས་ཤ་སྟག་ཏུ་གྱུར་པས་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བགྲངས་ཀྱང་མཐའ་མི་རྙེད་པར་གསུངས་ཏེ། དེའང་གཅིག་གིས་གང་བགྲང་བ་དེ་གཉིས་པས་མི་བགྲང་། གཉིས་པས་གང་བགྲང་བ་དེ་གསུམ་པས་མ་བགྲང་བ་དེ་འདྲ་བའི་ཚུལ་གྱིས་བགྲང་བ་ལ་དགོངས་སོ། །དེར་མ་ཟད་འཕགས་པ་མཽ་འགལ་གྱི་བུ་ཆེན་པོས་སྟོང་གསུམ་ན་སྐར་མའི་གཟུགས་ཇི་སྙེད་ཡོད་པ་ཐམས་ཅད་ཉིན་ཞག་གཅིག་གིས་བགྲང་བར་ནུས་ཏེ། དེ་ལྟ་བུའི་རྫུ་འཕྲུལ་དང་ལྡན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ལས་གཞན་མི་བྱེད་པར་བཅོམ་ལྡན་འདས་དེའི་ཉན་ཐོས་འདུས་པ་དང་པོ་གཅིག་པུ་བགྲངས་ཀྱང་བྱེ་བ་བརྒྱའི་ཆ་ཙམ་ཡང་རྩིས་ཀྱིས་མི་ཆོད་པར་གསུངས་སོ། །དེ་དག་ཐམས་ཅད་ཀྱང་འོད་འདོམ་གང་བ་དང་ལྡན་པ་ཤ་སྟག་སྟེ། དུལ་བ་དང་ཉེ་བར་ཞི་བའི་དཔལ་གྱིས་སངས་རྒྱས་ཀྱི་ཞིང་དེ་དགོད་པ་བཞིན་དུ་བྱེད་དོ། །གསུམ་པ་ལ། བྱང་སེམས་འཁོར་གྱི་གཙོ་བོ་དང་། རྒྱལ་སྲས་གྱི་འཁོར་སྤྱིར་བསྟན་པ་གཉིས་ལས། དང་པོ་ནི། སྟོན་པ་འོད་དཔག་མེད་ལས་རྒྱལ་ཚབ་ཀྱི་ཅོད་པན་བླངས་པ་དཔལ་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་གཉིས་ཏེ། གོ་རིམ་བཞིན་དུ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་ལྟ་སྟངས་སྦྱངས་པ་དང་། རླབས་པོ་ཆེའི་ཐུགས་སྟོབས་མངའ་བའི་ཆ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་མཚན་དེ་ལྟར་བཏགས་པར་སྙིང་རྗེ་པད་དཀར་ལས་སོ། །

TN03_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༣)དེ་གཉིས་ཀྱི་སྐུའི་འོད་ཀྱིས་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་མ་ལུས་པར་བཀང་སྟེ་གནས་ལ། བྱང་སེམས་ཀྱི་འཁོར་གང་དག་དེ་གཉིས་ལས་ཞག་བདུན་དུ་འདྲི་བའི་ལན་ཉན་པ་དེ་དག་དེའི་མོད་ཁོ་ནར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཐོབ་པའི་ཕྱིར། །སངས་རྒྱས་ཀྱི་ཞིང་དེ་ནི་སྐྱེས་བུ་དམ་པ་འདི་གཉིས་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའི་རྒྱལ་སྲས་ཀྱི་ཚོགས་ཀྱིས་གང་བར་མདོ་གཞན་ལས་གསུངས་སོ། །དེའི་ཕྱིར་དེ་དག་ནི་མཉམ་པ་མེད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་དང་ལྡན་པ་སྟེ། རྒྱལ་བའི་དབང་པོ་འོད་དཔག་མེད་བཞུགས་པ་དང་ཡོངས་སུ་མྱ་ངན་ལས་འདས་པའི་གནས་སྐབས་ཀུན་ཏུ་དམ་པའི་ཆོས་ཀྱི་མཛོད་འཛིན་པ་རྣམས་ཀྱི་ནང་ན་རབ་མཆོག་ཏུ་བསྔགས་པ་ཡིན་ནོ། །གཉིས་པ་ནི། ཞིང་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གྲངས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པ་གཞན་སུས་ཀྱང་བགྲང་བའི་རྔོ་མི་ཐོགས་པར་སྙིང་རྗེ་པད་དཀར་ལས་གསུངས་ཤིང་། ཞིང་བཀོད་ཀྱི་མདོ་ལས། བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བརྩིས་ཀྱང་གྲངས་ཀྱི་མཐའ་མི་མངོན་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་ནས་བྱང་ཆུབ་སེམས་དཔའི་འཁོར་དག་བདེ་བ་ཅན་དུ་སྐྱེ་བ་འཛིན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རེ་རེའི་དྲུང་ནས་ཀྱང་བྱང་སེམས་བྱེ་བ་ཕྲག་དུ་མ་འགྲོ་བར་གསུངས་སོ། །དེ་ནི་ཞིང་གཞན་ནས་ཤི་འཕོས་ཏེ་འགྲོ་བའི་དབང་དུ་མཛད་ལ། མངོན་ཤེས་ཀྱི་མཐུ་ཐོབ་པའི་རྒྱལ་སྲས་ཆེན་པོ་རྣམས་ཞིང་དག་པའི་འབྱོར་པ་གཟིགས་པ་དང་། ཆོས་

TN03_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༤)ཀྱི་དགའ་སྟོན་ལ་རྩེ་བའི་ཕྱིར་རྫུ་འཕྲུལ་གྱིས་འདུ་བའི་གྲངས་ནི་དེ་བས་ཀྱང་ཆེས་མང་སྟེ། ཇི་ལྟར་བདག་ཅག་གི་སྟོན་པས་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་གསུངས་པ་ན་གླིང་བཞི་པའི་འཇིག་རྟེན་འདི་ན་རྫུ་འཕྲུལ་གྱིས་ཆོས་ཉན་དུ་ལྷགས་པའི་བྱང་སེམས་ཁོ་ནས་གང་བར་མ་གྱུར་པའི་ས་ཕྱོགས་འཁར་བ་འཛུགས་ས་ཙམ་ཡང་མེད་པར་གསུངས་པ་བཞིན་ནོ། །དེ་ལ་ཞིང་དེར་སྐྱེས་པའི་བྱང་སེམས་རྣམས་ཀྱི་ལུས་ཀྱི་བོང་ཚད་ནི་དཔག་ཚད་སྟོང་ཡིན་པར་སྙིང་རྗེ་པད་དཀར་ལས་ཏེ། ཐམས་ཅད་ཀྱང་འོད་དཔག་ཚད་བྱེ་བ་བརྒྱ་སྟོང་པ་འབའ་ཞིག་ཏུ་ཞིང་བཀོད་ཀྱི་མདོ་ལས་གསུངས་སོ། །སྔོན་ཐེ་ཚོམ་ཟོས་པའི་ཉེས་པས་བསྒྲིབས་པ་རྣམས་མ་གཏོགས་པ་ཐམས་ཅད་རྫུ་འཕྲུལ་གྱི་མཐུས་རྣམ་པར་རྩེ་བ་ཁོ་ན་ཡིན་ཏེ། དེ་དག་སྔ་དྲོ་རེ་རེར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་བསྙེན་བཀུར་བྱེད་དུ་འགྲོ་སྟེ། ནམ་མཁའ་ལྟར་ཡངས་ཤིང་ཚད་མེད་པའི་མཆོད་པ། འཇིག་རྟེན་ཐམས་ཅད་ངོ་མཚར་བར་བྱེད་པ་དག་གིས་བསྟི་བསྟངས་བྱེད་དོ། །དེར་དེ་བཞིན་གཤེགས་པ་དེ་རྣམས་སོ་སོ་ནས་སྔོན་གྱི་སྨོན་ལམ་དང་། སངས་རྒྱས་ཀྱི་ཞིང་དང་། ཆོས་བཤད་པའི་རྣམ་གྲངས་དང་། མཛད་པའི་སྒོ་སྣ་ཚོགས་ཀྱིས་ཁམས་དབང་མོས་པ་མེ་འདྲ་བའི་སེམས་ཅན་ཇི་ལྟར་འདུལ་བའི་ཚུལ་བསམ་གྱིས་མི་ཁྱབ་པ་རྣམས་མཐོང་ཞིང་ལེགས་པར་ཁོང་དུ་ཆུད་ནས་ཟང་ཟིང་མེད་པའི་དགའ་བ་རྒྱ་ཆེ་ཞིང་གྱ་ནོམ་པ་ཆེས་རྨད་དུ་བྱུང་བ་ཐོབ་སྟེ། སླར་

TN03_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༥)ཡང་སྔ་དྲོ་དེ་ཉིད་ལ་རང་གི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ཉིད་དུ་ཕྱིན་པར་འགྱུར་རོ། །འདིའི་ཐད་ཀྱི་འོད་མདོ་ལས། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱིས་རླབས་ཀྱིས་ཡོངས་སུ་ཟིན་པ་དང་། སྔོན་ཆོས་མཉན་པ་བྱིན་པ་དང་། སྔོན་གྱི་རྒྱལ་བ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། སྔོན་གྱི་སྨོན་ལམ་འབྱོར་ཞིང་ཡོངས་སུ་རྫོགས་པ་དང་། མི་ཉུང་བ་དང་། ཤིན་ཏུ་རྣམ་པར་ཕྱེ་བ་དང་། ཤིན་ཏུ་བསྒོམས་པས་སྨོན་ལམ་བཏབ་པ་འགྲུབ་བོ། །ཞེས་གསུངས་པ་ནི། ཞིང་དེའི་བྱང་སེམས་ཀྱི་འཁོར་ཕལ་ཆེར་དེ་ལྟ་བུའི་མཐུ་མ་ཐོབ་པ་མེད་པ་ནི་དེ་བཞིན་གཤེགས་པ་དེའི་སྔོན་སྨོན་དང་དགེ་བའི་རྩ་བའི་མཐུ་ཡིན་ཞེས་སྟོན་པར་མངོན་ནོ། །སྔར་བཤད་པ་ལྟར་དེ་ན་བྱང་སེམས་ཡིན་མིན་ཐམས་ཅད་མངོན་ཤེས་ལྔ་ལྡན་དུ་འབྱུང་མོད་ཀྱི། །འོད་མདོ་ལས། ཞིང་མཐའ་ཡས་པར་རྫུ་འཕྲུལ་གྱིས་འཇུག་ཚུལ་འདི་དག་བྱང་སེམས་འཁོར་འཆད་པའི་སྐབས་ཁོ་ནར་རྒྱས་བཤད་མཛད་པ་ནི། དཀོན་བརྩེགས་ཀྱི་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པར། རྒྱ་མཚོ་ཆེན་པོ་དང་བུམ་པ་ཆུས་མི་ངོམས་པ་དང་ངོམས་པའི་དཔེས་གསུངས་པ་ལྟར། ཉན་ཐོས་ནི་རང་གི་དོན་ཉི་ཚེ་སྒྲུབ་པའི་བསམ་པ་ཅན་ཡིན་པས་དགེ་བའི་བཤེས་གཉེན་ཚད་མེད་པ་འཚོལ་བ་ལྷུར་མི་ལེན་པ་ལ་དགོངས་སམ་སྙམ་མོ། །གཞན་ཡང་སེམས་དཔའ་ཆེན་པོ་དེ་དག་གི་ཡོན་ཏན་གྱི་ཁྱད་པར་ནི། ཞིང་བཀོད་ཀྱི་མདོ་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་འཇིག་རྟེན་གྱི་ཁམས་དེར་

TN03_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༦)སྐྱེས་པ་དེ་དག་ལ་གཞན་གྱི་འདུ་ཤེས་མེད། རང་གི་འདུ་ཤེས་མེད། བདག་གི་འདུ་ཤེས་མེད། འཐབ་པ་མེད། རྩོད་པ་མེད། མི་མཐུན་པ་མེད། མི་མཉམ་པའི་སེམས་མེད་དེ། དེ་དག་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། ཕན་པའི་སེམས་དང་། བྱམས་པའི་སེམས་དང་། མཉེན་པའི་སེམས་དང་། འཇམ་པའི་སེམས་དང་། དགེ་བའི་སེམས་དང་། རབ་ཏུ་དང་བའི་སེམས་དང་། བརྟན་པའི་སེམས་དང་། སྒྲིབ་པ་མེད་པའི་སེམས་དང་། འཁྲུགས་པ་མེད་པའི་སེམས་དང་། སྙོགས་པ་མེད་པའི་སེམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པའི་སེམས་དང་། སེམས་ཀྱི་རྒྱུད་སྒྱུ་མའི་རང་བཞིན་ལ་བློ་རབ་ཏུ་ཞུགས་པ། ཤེས་རབ་རྒྱ་མཚོ་ཆེན་པོ་དང་མཉམ་པ། བློ་རི་རབ་དང་མཚུངས་པ། ཡོན་ཏན་དུ་མ་བསགས་པ། ཞེས་པ་ནས། འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་པདྨ་དང་འདྲ་བ། ཆོས་དང་ཆོས་མ་ཡིན་པ་མངོན་པར་སྒྲོག་པས་དུས་ཀྱི་རྗེས་སུ་འབྲངས་པའི་འབྲུག་ཆེན་པོ་དང་མཚུངས་པ། ཆོས་ཀྱི་ཆུའི་ཆར་མངོན་པར་འབེབས་པས་ཆར་པ་ཆེན་པོ་དང་འདྲ་བ། ཚོགས་ཆེན་པོའི་ཟིལ་གྱིས་གནོན་པས་ཁྱུ་མཆོག་དང་མཚུངས་པ། སེམས་ཤིན་ཏུ་མཆོག་ཏུ་དུལ་བས་གླང་པོ་ཆེ་ཆེན་པོ་དང་འདྲ་བ། ཤིན་ཏུ་དུལ་བས་རྟ་ཅང་ཤེས་བཟང་པོ་དང་མཚུངས་པ། རྩལ་དང་མི་འཇིགས་པས་སྐྲག་པ་མེད་པའི་ཕྱིར་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བ། སེམས་ཅན་ཐམས་ཅད་

TN03_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༧)ཡོངས་སུ་སྐྱོབ་པས་ཤིང་གི་རྒྱལ་པོ་ནྱ་གྲོ་དྷ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་གཡོ་བས་རིའི་རྒྱལ་པོ་རི་རབ་དང་འདྲ་བ། བྱམས་པ་ཚད་མེད་པ་བསྒོམ་པས་ནམ་མཁའ་དང་མཚུངས་པ། དགེ་བའི་ཆོས་ཐམས་ཅད་ཀྱི་དབང་དུ་བྱ་བའི་སྔོན་དུ་འགྲོ་བས་ཚངས་པ་ཆེན་པོ་དང་འདྲ་བ། གནས་སུ་གསོག་པ་མེད་པས་བྱ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་རྣམ་པར་འཇོམས་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་དང་འདྲ་བ། འབྱུང་བར་དཀའ་བའི་ཕྱིར་ཨུ་དུམ་ཝཱ་རའི་མེ་ཏོག་དང་མཚུངས་པ། གླང་པོ་ཆེ་ལྟར་ཤིན་ཏུ་མཉམ་པར་བཞག་པས་རྣམ་པར་གཡེང་བ་མེད་པ། དབང་པོ་རྨུགས་པ་མེད་པ། རྣམ་པར་གཏན་ལ་འབེབས་པ་ལ་མཁས་པ། བཟོད་པ་དང་དེས་པ་མང་བ། ཕ་རོལ་ཕུན་སུམ་ཚོགས་པར་སྨོན་པས་ཕྲག་དོག་མེད་པ། ཆོས་ཀྱི་གཏམ་རྣམས་ལ་འཇིགས་པ་མེད་པ། ཆོས་ཡོངས་སུ་ཚོལ་བས་ངོམས་མི་མྱོང་བ། ཚུལ་ཁྲིམས་ཀྱིས་བཻཌཱུརྱ་དང་འདྲ་བ། ཐོས་པས་རིན་པོ་ཆེའི་འབྱུང་གནས་དང་མཚུངས་པ། ཞེས་པ་ནས། ཀུན་དགའ་བོ་མདོར་བསྡུ་ན། ཞིང་དེའི་བྱང་སེམས་རྣམས་ནི་འདི་ལྟ་བུ་ཤ་སྟག་སྟེ། རྒྱས་པར་བྱ་ན་གལ་ཏེ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པས་བསྟན་ཀྱང་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་གྱི་མཐའ་བསྟན་པར་མི་ནུས། ཞེས་པའི་བར་དུ་རྒྱ་ཆེར་གསུངས་སོ། །དེ་ལྟར་སྣོད་

TN03_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༨)བཅུད་ཀྱི་ཡོན་ཏན་བཟང་ཞིང་རླབས་ཆེ་བ་བྱང་ཆུབ་སྒྲུབ་པའི་རྗེས་སུ་མཐུན་པ་རྣམས་ལ་དད་པ་སྤེལ་ཞིང་། སྨོན་ལམ་དང་དགེ་རྩ་སྟོབས་ལྡན་འཆི་ཁར་མངོན་དུ་འགྱུར་ངེས་སུ་སྦྱངས་པ། ཤཱཀྱའི་རྒྱལ་པོ་ཟས་གཙང་མ་དང་། ཚོང་དཔོན་བཟང་སྐྱོང་དང་། བུ་མོ་ཟླ་བ་མཆོག་དང་། འཕགས་པ་ཀླུ་སྒྲུབ་ལ་སོགས་པ་སྔོན་གྱི་བྱང་སེམས་དཔའ་བོ་ཆེན་པོ་རྣམས་ཀྱི་རྗེས་བཞིན་དུ་འགྲོ་བར་བྱ་སྟེ། ཞིང་བཀོད་ཀྱི་མདོ་ལས། གང་གིས་འོད་མཛད་འཇིག་རྟེན་མགོན། །རྫོགས་པའི་སངས་རྒྱས་མཐོང་ནས་ནི། །གུས་དང་བཅས་པས་ཆོས་ཐོས་པ། །དེ་དག་དགའ་བ་དམ་པ་འཐོབ། །ཅེས་གསུངས་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་མཐའ་དག་ཟླ་བ་ཡར་གྱི་ངོ་བཞིན་དུ་རྒྱས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་འཛིན་པའི་མན་ངག་ལེགས་པར་བཤད་ཟིན་ཏོ། །ཐུབ་པའི་ལེགས་བཤད་ནོར་བུའི་གཏེར་ཁ་དང་། །ཞིང་མཆོག་བགྲོད་པའི་ལམ་སྲང་མ་འཁྲུགས་པ། །ལྷན་ཅིག་དུས་མཐའི་མུན་རུམ་སྟུག་པོར་ཡང་། །འགྲོ་འདིས་གསལ་པོར་མཐོང་བ་བདག་གིས་བྱས། །ཚུལ་འདིར་མདོ་དོན་ཇི་བཞིན་མིན་བཤད་པའི། །ནོངས་པ་གང་མཆིས་རྒྱལ་ལ་སྙིང་ནས་འཆགས། །དགེ་བས་ལུས་ཅན་སྡུག་བསྔལ་ཆུ་གཏེར་ལས། །འཐོན་ཏེ་འོད་དཔག་མེད་ཀྱི་གནས་བགྲོད་ཤོག །བདག་ཀྱང་མགོ་ལ་སངས་རྒྱས་ཅོད་པན་ཐོགས། །ཡིད་ནི་རྣལ་འབྱོར་དམ་པའི་བདུད་རྩིས་གང་། །རབ་

TN03_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

(༢༣༩)འབྱམས་ཞིང་དུ་འགྲོ་ལ་མཆོག་སྦྱིན་ཕྱིར། །ཐོགས་མེད་རྒྱུ་བ་སྤྱན་རས་གཟིགས་འདྲར་ཤོག །བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཐོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། བྱང་ཆུབ་ཤིང་གི་བཤད་པ་ཡན་ཆད་གསེར་འཕྱང་གི་ལོར་བྲིས་ཀྱང་། འཕྲོ་རྣམས་སྙོམ་ལས་ཀྱི་ངང་ལ་ཡུན་རིང་པོར་ལུས་པ་ལས། སླར་རང་ལོ་སོ་བདུན་པ་འཕར་བའི་ལོའི་སྟོན་ཀ་བཀྲ་ཤིས་ཀྱི་དཔལ་དང་ལྡན་པའི་ཚེས་ལ་ཡོངས་སུ་རྫོགས་བར་བྱས་ཏེ། །ཐེག་པ་མཆོག་གི་གསུང་རབ་ལ་དད་པ་ཅུང་ཟད་སྐྱེས་བའི་སྐལ་བཟང་འཇིགས་མེད་བསྟན་པའི་ཉི་མས། བཀྲ་ལེགས་མདངས་ཆེན་གྱི་རི་བོའི་ངོས། ནགས་ཚལ་དགའ་བ་ཅན་གྱི་མཐོངས། དགེ་འཕེལ་གྱི་གཙུག་ལག་ཁང་དུ་སྦྱར་བ་འདིས་ཀྱང་སེམས་ཅན་རྣམས་ཀྱི་རྒྱུད་ལ་འོད་དཔག་མེད་ཀྱི་སྨོན་ལམ་མ་ལུས་པ་བདེ་བླག་ཏུ་སྨིན་པར་གྱུར་ཅིག ༈ །།འཕྲུལ་ཆེན་སྤརགྱི་ལྗོན་ཤིང་རྒྱས་པའི་རྩེར། ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾམསྟུ་སརྦ་ཛ་ག་ཏཾ།

TN03_Page_0296