cover

རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།

གླེགས་བམ་བརྒྱད་པ།

རྡོ་གྲུབ་བསྟན་པའི་ཉི་མ། tn

Nitartha Publication

ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་དུ་གྲགས་གྱུར་ཏེ། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང༌། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །
—ཀློང་ཆེན་པ།

དཀར་ཆག


LT17_Page_001
[མ་དཔེ་གཟིགས་ན་འདིར་གནོན།]

ཅ། པར་བསྟན་འབྱུང་ལོ་རྒྱུས་ལྡེབ་གྲངས། ༦ ལོ་གསར་སྟོན་བཤད་སོགས་གཏམ་ལབ་ཕྲན་ཚོགས་བསྡུས་པ་འདུ་ཤེས་པིར་གྱིས་བྲིས་པའི་སྣ་ཚོགས་རི་མོ་ཞེས་བྱ་བ་ལྡེབ་གྲངས། ༣༤ ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད་ཉུང་གསལ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་ལྡེབ་གྲངས། ༣༠ དགེ་བཅུའི་གྲངས་ལྡན་གྱི་རྩ་ཚིག་ཉེ་འཁོན་མེད་པར་སྨན་པ་དྲང་སྲོང་རི་ཥིའི་དཀྱིལ་འཁོར་ཞེས་བྱ་བ་ལྡེབ་གྲངས་ ༣ པའི་བར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་རྣམ་བཞག ༣ ནས་ ༡༢ བར། སྐྱབས་སུ་འགྲོ་བའི་གཏམ་གྱི་བཅུད་ ༡༢ ནས་ ༡༣ བར། སེམས་བསྐྱེད་ཀྱི་རྣམ་བཞག ༡༣ ནས་ ༡༩ བར། ཐེག་ཆེན་ལམ་གྱི་སྙིང་པོ་ཁྱད་པར་གསུམ་གྱི་རྣམ་བཞག ༡༩ ནས་ ༢༣ བར། བྱང་ཆུབ་ལམ་གྱི་རིམ་པའི་སྡོམ་ ༢༣ ནས་ ༣༠ བར། བྱང་ཆུབ་སེམས་དཔའི་རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད་ཅེས་བྱ་བ་ ༣༠ ནས་ ༣༨ བར། སྒོ་དྲུག་རྣམ་པར་བཞག་པའི་གཏམ་དང༌། སྒོ་དྲུག་གི་དོན་རྣམ་པར་ཕྱེ་བའི་ས་བཅད་བཅས་ ༣༨ ནས་ ༤༡ བར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་གནས་གསལ་བར་བྱེད་པ་བཻཌཱུར་དབང་པོའི་མེ་ལོང་ཞེས་བྱ་བ་ ༤༡ ནས་ ༤༦ བར། བདེ་སྨོན་གཞུང་གི་ཟིན་ཐོ་དུམ་ཁྲིགས་ཞེས་བྱ་བ་ ༤༦ ནས་ ༥༢ བར། བདེ་ཆེན་ཞིང་ཐང་འདྲི་ཚུལ་ ༥༢ ནས་ ༥༤ བར། གུ་རུ་སིདྡྷའི་རྣམ་བཤད་ཀུ་མུ་ཏའི་ཕྲེང་བ་ ༥༤ ནས་ ༦༡ བར། བཤེས་གཉེན་བསྟེན་ཚུལ་གྱི་མདོ་ཆིངས་ཚིགས་བཅད་དུ་ཕབ་པ་དད་པའི་པདྨ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་ ༦༡ ནས་ ༦༢ བར།


LT17_Page_002
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པའི་གཏམ་ ༦༢ ནས་ ༦༥ བར། ནགས་ཀྱི་གཏམ་པདྨ་དཀར་པོ་ཞེས་བྱ་བ་ ༦༥ ནས་ ༦༧ བར། བདེན་གཉིས་ཀྱི་རྣམ་པར་བཞག་པ་དོན་བཟང་མེ་ཏོག་རྒྱས་པའི་ལྗོན་ཤིང་ཞེས་བྱ་བ་ ༦༧ ནས་ ༧༠ བར། མཆོད་པའི་གཏམ་ཤིན་ཏུ་ཉུང་ངུ་མེ་ཏོག་གི་སྒྲོམ་ཞེས་བྱ་བ་ ༧༠ ནས་ ༧༢ བར། དབེན་པར་བསྐུལ་བའི་གཏམ་ ༧༢ ནས་ ༧༣ བར། རྟེན་འབྲེལ་སྙིང་པོའི་བརྗོད་བྱ་ ༧༣ ནས་ ༧༤ བར། ཚུལ་གཉིས་ཤིང་རྟའི་རྣམ་པར་བཞག་པ་ལས་འཕྲོས་པའི་ངག་གི་ཕྲེང་བ་ཟིལ་པའི་ཐིགས་པ་ ༧༤ ནས་ ༧༦ བར། ཆོས་སྤྱོད་རྣམས་ཀྱི་འདུན་མ་ལེགས་པའི་གཏམ་ ༧༦ ནས་ ༧༧ བར། གཉིད་ཀྱི་ཉེས་དམིགས་ ༧༧ ནས་ ༧༩ བར། གསང་སྔགས་ཀྱི་གཞུང་དུ་འདོད་པའི་ཡོན་ཏན་རྒྱན་དུ་རོལ་པར་གསུངས་པའི་དོན་ཅུང་ཟད་བཤད་པ་ ༧༩ ནས་ ༨༡ བར། སྦྱིན་པ་རྣམ་བཞིའི་དམིགས་པ་ ༨༡ ནས་ ༨༥ བར། འཆི་ཁ་མའི་མན་ངག ༨༥ ནས་ ༨༦ བར། སྨྱོ་འབོགས་སེལ་ཐབས་དང་བཅས་པ་བསྡུས་ཏེ་བཤད་པའི་ཡིག་ཆུང་ཉུང་ངུ་སྨྱོ་བརྗེད་ཤ་ཟའི་གཤེད་མ་ཞེས་བྱ་བ་ ༨༦ ནས་ ༩༡ བར། གུག་ནར་ཞབས་འགྲེང་མེད་པའི་ཨ་ཡིག་ངེས་པ་དང་སྦྱར་བའི་སྨྱོ་གཏམ་གཡོས་བླུག་མ་ཞེས་བྱ་བ་ ༩༡ ནས་ ༩༢ བར། ཡི་གེའི་དེ་ཉིད་ ༩༢ པར། རང་དང་གཞན་ལ་དགོས་ངེས་ཀྱི་དགྲ་ཐབས་འདུན་གྲོས་སུ་གླེང་བ་སྒྱུ་མའི་སྒྲུང་རབས་ཞེས་བྱ་བའི་གཏམ་ནག ༩༢ ནས་ ༩༧ བར། བདེན་བཞིའི་རྣམ་བཞག ༩༧ ནས་ ༡༠༠ པའི་བར། རྡོར་དྲིལ་མཚོན་དོན་ ༡༠༠ པར། དྲིས་ལན་འདོད་ར་མ་ཞེས་པ་ ༡༠༠ ནས་


LT17_Page_003
[མ་དཔེ་གཟིགས་ན་འདིར་གནོན།]

༡༠༡་བར། དུས་མཐའི་རིམ་གྲོ་ ༡༠༡ ནས་ ༡༠༣ བར་རོ། །སྐྱིད་སྡུག་ལམ་ཁྱེར་ལྡེབ་གྲངས་ ༨ གཅོད་ཀྱི་བརྗེད་ཐོ་ལྡེབ་གྲངས་ ༧ བརྗེད་ཐོ་སྣ་ཚོགས་ལྡེབ་གྲངས་ ༢༨ གསལ་རྒྱན་གྱི་དངོས་ཟིན་ལྡེབ་གྲངས་ ༡ བསྟན་རྒྱས་སྨོན་ཚུལ་ལྡེབ་གྲངས་ ༡ ཟབ་མོ་རྣོ་མཐོང་གི་མན་ངག་ཟླ་ཤེལ་ནོར་བུའི་མེ་ལོང་ཞེས་བྱ་བ་ལྡེབ་གྲངས་ ༢༣ རྩིས་ཀྱི་མོ་གཙུག་ལག་རྒྱ་མཚོའི་མེ་ལོང་ཞེས་བྱ་བ་དང༌། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བཀའ་སྲུང་སྨན་བཙུན་མའི་ཤྭ་མོ་དུས་གསུམ་ཀུན་གསལ་ཞེས་བྱ་བ་བཅས་ལྡེབ་གྲངས་ ༢༡ རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ་ལྡེབ་གྲངས་ ༡ ཡེ་་ཟིན་བྲིས་ནྱ་གྲོ་དྷའི་ས་བོན་ལྡེབ་གྲངས་ ༧ རྟེན་སྙིང་གི་གཟུངས་ཟློ་བའི་ཆོ་གའི་ངག་འདོན་མདོར་བསྡུས་ལྡེབ་གྲངས་ ༩ རྟེན་སྙིང་གླུད་ཁྲིགས་ལྡེབ་གྲངས་ ༣ གླུད་ཆོག་ལྡེབ་གྲངས་ ༢ རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་གླུད་གཏོར་བསྔོ་བའི་ཆོ་ག་བྱམས་ཆེན་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ་ལྡེབ་གྲངས་ ༡༡ རྟེན་འབྲེལ་སྙིང་པོ་ལ་བརྟེན་ཏེ་བསོད་ནམས་བྱ་བའི་ཆོ་ག་མཆོད་སྦྱིན་གཏེར་གྱི་རྒྱ་མཚོ་ཞེས་བྱ་བ་ལྡེབ་གྲངས་ ༢༦ རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་ཁྲམ་དབྱིའི་ཆོ་ག་འཆི་བའི་འཇིགས་སྒྲོལ་ཞེས་བྱ་བ་ལྡེབ་གྲངས་ ༣ དེ་ལྟར་བསྡོམས་པས་ཆོས་ཚན་ལྔ་བཅུ་ང་གཅིག་གིས་ཀཱ་ལི་ལྔ་པའི་གླེགས་བམ་དུ་གྲུབ་པ་དེ་ཉིད་སྤྱིར་འགྲོ་བ་རྣམས་ཀྱི་མཆོད་སྡོང་དང་ལམ་པ་རྣམས་ཀྱིས་མཁན་དུ་སྨོན་ཏེ་སྣང་བར་བྱས་པས་དེ་བཞིན་དུ་དགེ་བར་གྱུར་ཅིག། །།

རྟེན་འབྱུང་ལོ་རྒྱུས།


LT17_Page_005
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རིན་པོ་ཆེས་རྗེ་འབངས་རྣམས་ཀྱི་བརྗེད་བྱང་དུ་མན་ངག་ལྟ་ཕྲེང་མཛད་པར་གྲགས་ཤིང༌། དེ་དུས་ས་རྒྱན་གཉིས་དང་མདོ་བཏུས། ཕར་ཕྱིན་བསྡུས་པ་བསླབ་བཏུས། སྤྱོད་འཇུག་རིན་ཕྲེང་སོགས་བསྟན་རིམ་མང་པོ་དང༌། ཕལ་ཆེན་སོགས་ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་མ་ལ་བསྒྱུར་ཞུས་གཏན་ལ་ཕབ་པའི་ཁ་བྱང་ད་ལྟ་ཡང་གླེགས་བམ་ལ་འབྱར་བཞིན་པ་དང༌། དེ་དག་དང་མཐུན་པའི་བརྗེད་བྱང་སོགས་བསྟན་བཅོས་ཀྱང་མཛད་པ་མང་ལ། དཔལ་ལྡན་ཞི་བ་འཚོ་དང༌། དེའི་ལེགས་བཤད་དབུ་མ་རྒྱན་ལ་བརྟེན་ནས་བསྟན་པའི་སྒྲོམ་བཟུང་བར་གསལ་ལོ། །ཕྱིས་ཧཱ་ཤང་གིས་ཡིད་ལ་མི་བྱེད་པ་བསྟན་པ་ན་ཡང་བཻ་རོ་ལ་སོགས་པའི་སྔོན་གྱི་རྗེ་འབངས་ཆེན་པོ་རྣམས་ཀྱིས་ཐན་མཐོང་བ་ལྟར་མཛད་དེ། ཀཱ་མ་ལ་སྤྱན་དྲངས་ནས་བསྟན་པ་དག་ཐེར་མཛད་དུ་བཅུག་པའི་སྐབས་སུ། ཇོ་བོས་བོད་དུ་བསྟན་པ་ལ་བྱི་དོར་བྱ་བའི་སླད་དུ་ལམ་སྒྲོན་མཛད་པའི་དོན་ནི་སྒོམ་རིམ་གསུམ་དང་རྣམ་པར་མི་རྟོག་པའི་གཟུངས་འགྲེལ་སོགས་ཡིན་པས། ལྟ་ཕྲེང་གི་ཐུན་མོང་ལམ་རིམ་ཡང་དེ་དག་གི་འགྲོས་སུ་བཤད་པར་བྱའོ། །སྣ་ནམ་ཡེ་ཤེས་སྡེའི་ལྷག་མཐོང་གི་ཡི་གེ་སོགས་ན་ལྟ་བའི་འཇོག་མཚམས་ཞི་འཚོའི་ལུགས་ཁོ་ན་ལྟར་ཡོད་ཅིང༌། ཚིག་གསལ་དང་འཇུག་པ་རྩ་འགྲེལ་སོགས་དེ་དུས་བསྒྱུར་བ་མི་སྣང་བས། དེང་སང་ཐལ་འགྱུར་ལུགས་ལ་ཕྱོགས་མོས་བྱེད་པའི་དོད་པོ་ནི་རྣལ་འབྱོར་སྤྱོད་པའི་རང་རྒྱུད་ལ་མཛད་པར་ངེས་སོ། །


LT17_Page_006
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆོས་ཟོལ་མེད་རྣམས་སུ་ཡང་ཐུན་མོང་ལམ་རིམ་སྤྱི་ལྟར་འབྱུང་ཞིང༌། ཕྱིས་ཀུན་མཁྱེན་ཀློང་ཆེན་པས་རྫོགས་ཆེན་གྱི་བསྟན་པ་གཞི་ནས་གསོ་སྐབས་ཀྱང་ཐུན་མོང་གི་བསྟན་རིམ་ལམ་སྒྲོན་ལྟར་མཛད་ནས། དེའི་བླ་བརྒྱུད་སེམས་ཉིད་ངལ་གསོའི་ཁྲིད་ཡིག་ཏུ་འདྲེན་པ་ན་ཡང་བཀའ་གདམས་བརྒྱུད་པ་བགྲངས་སྣང་བས། དེང་སང་བཀའ་གདམས་ལམ་རིམ་ནས་འབྱུང་བའི་ལམ་གྱི་འགྲོས་འདི་རྙིང་མ་པ་རྣམས་ཀྱི་ལུགས་ཆེར་མིན་ཞེས་སྨྲ་བ་ལ་ནི་བདག་མི་དད་དེ། སྔ་འགྱུར་པ་བྱེད་ན་དེའི་དང་པོའི་ཁུངས་རྙོག་མས་མ་བསླད་པ་དེ་རྩད་བཅད་ནས་དེ་དང་བསྟུན་ན་མཛེས་ཀྱི། ངན་རྟོག་བྱེ་བ་བརྒྱས་སྦགས་ནས་མགྲོན་པོ་ཕྱོགས་བསླད་ལྟ་བུར་སོང་བའི་དུས་ཕྱིས་ཀྱི་རྙིང་རློམ་ཕལ་དང་མི་བསྟུན་ཏེ། འདི་ནི་བདག་གི་བླ་མའི་མན་ངག་གོ༌།དེ་བཞིན་དུ་རྒྱུད་སྡེའནག་སངས་རྒྱས་གསང་བའི་བྱ་སྤྱོད་ཀྱི་སྐོར་རྒྱུད་དང་བཅས་པ་རྙིང་མ་ཡིན་པ་ཨ་བ་ཏར་སོགས་དང༌། བླ་མེད་ཀྱི་གསང་འདུས་ཀྱང་འགྱུར་གསར་རྙིང་གཉིས་ཀ་ཡོད་པ་སོགས་ལྟར་གུང་བསྒྲིག་ཤེས་དགོས་ཏེ། གསར་རྙིང་འདི་འགྱུར་གྱི་ཁྱད་ཁོ་ནས་ཕྱེ་བས། སྔགས་ཀྱི་རྒྱུད་སྡེ་ལ་གསར་རྙིང་གང་ཡང་མིན་པ་མཁའ་འགྲོ་མའི་འཇིག་རྟེན་ན་བཞུགས་པའི་སྔགས་རྒྱུད་ཕལ་ཆེར་ལྟ་བུ་སོགས་མུ་བཞིའང་བརྩི་བཏུབ་པར་གསལ། གུ་རུ་ཉིད་ཐུན་མོང་གི་སྣང་ངོར་ཡེ་ཤེས་ཞབས་ཀྱི་སློབ་མ་ཡིན་པས་ལྟ་བའི་བཞེད་པའང་དེ་ལྟར་མཛད་ཅིང༌། དེ་དུས་བོད་དུ་སྡེ་སྣོད་ཀྱི་


LT17_Page_007
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཤིང་མཛད་པའི་སློབ་དཔོན་ཞི་འཚོའི་བཞེད་པ་དང་སྒོ་བསྟུན་པ་སོགས་ཀྱི་དབང་གིས་ལྟ་ཕྲེང་འདི་དང༌། བདེ་འདུས་པདྨ་གསུང་གི་ཐ་རམ་སོགས་ལས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པ་ལ་སོགས་པ་གསུངས་པ་ཡིན་ཏེ། གྲུབ་ཆེན་ལྭ་བ་པས་བདེ་མཆོག་གི་གཞུང་དུ། སེམས་ཙམ་ལུགས་ཀྱི་ཀུན་གཞིའི་རྣམ་ཤེས་ཞལ་གྱིས་བཞེས་པ་འདྲ་ཞེས་བོད་ཀྱི་ཤིང་རྟ་ཆེན་པོས་གསུངས་པ་དང༌། བདག་སྒྲུབ་པ་ལས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གཞུང་བཟུང་བ་ལྟ་བུ་ཡིན་ནོ། །དེས་ན་ཁོ་བོ་ནི། དེ་དག་རྙིང་མ་པའི་ཐལ་འགྱུར་ལུགས་ཡིན་ཞེས་མི་སྨྲའོ། །འོན་ཀྱང་ཐལ་འགྱུར་པའི་ལྟ་བ་འཛིན་པ་དང༌། གསང་སྔགས་རྙིང་མ་པ་ཡིན་པ་ནི་ཅུང་ཟད་ཀྱང་མི་འགལ་ཏེ། གསང་སྔགས་རྙིང་མ་ནི་མདོ་སྒྱུ་སེམས་གསུམ་སོགས་ཡིན་ལ། དེ་དག་གི་ལམ་སྲོལ་འཛིན་པ་དང་ཐལ་འགྱུར་པ་ཡིན་པ་གཉིས་ལ་འགལ་བ་མེད་པའི་ཕྱིར་རོ། །གཞན་དུ་ན་འདུས་པ་ཡེ་ཤེས་ཞབས་ལུགས་པ་ལ་ཡང་རང་རྒྱུད་པས་ཁྱབ་པར་ཐལ་ལོ། །སྔ་འགྱུར་དང༌། གསང་སྔགས་སྔ་འགྱུར་ནི་མི་གཅིག་སྟེ། མདོ་སྡེ་དང༌། ཕར་ཕྱིན་གྱི་བསྟན་བཅོས་སྔ་འགྱུར་ཡོད་པའི་ཕྱིར་རོ། །བསྟན་པ་སྔ་དར་ཕྱི་དར་དང༌། གསར་རྙིང་ཡང་དོན་མི་གཅིག་སྟེ། སྔ་མ་ནི་འདུལ་བའི་བསྟན་པ་ལ་ལྟོས་ནས་འཇོག་ཅིང་ཕྱི་མ་གསང་སྔགས་ལ་ལྟོས་ཏེ་འཇོག་པའི་ཕྱིར་རོ། །དེ་དག་གང་ཡང་གླང་དར་མས་བསྟན་པ་ལ་རྐེད་ཉག་ཆེས་ཆེན་པོ་བཏོད་པའི་དབང་


LT17_Page_008
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སོ་སོར་ཕྱེ་བ་བྱུང་ངོ༌། །རྒྱུད་སྡེ་སོ་སོའི་མན་ངག་རྣམས་ཕན་ཚུན་སྲེ་མི་རུང་ཡང༌། སྔ་འགྱུར་དང་ཕྱི་འགྱུར་བྱས་པ་ཙམ་གྱིས་ཚ་གྲངས་ལྟར་འཛིན་དགོས་པར་གོ་བ་མང་བས་ཆོས་རྒྱུས་ཞིབ་པ་གལ་ཆེའོ། །འཕགས་ཡུལ་གྱི་པཎ་གྲུབ་བོད་དུ་བྱོན་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ལ་ཡང༌། རྒྱ་གར་དུ་བཞུགས་དུས་དང༌། བོད་དུ་བརྩམས་པ་གཉིས་དང༌། ཕྱི་མ་ལའང༌། དང་པོར་ལེགས་སྦྱར་དུ་བརྩམས་ནས་གདོད་བསྒྱུར་བ་དང༌། དང་པོ་ནས་བོད་སྐད་དུ་བརྩམས་པ་གཉིས་ཡོད་དེ། ཕྱི་མ་འདི་གཉིས་རྩོམ་གྱི་རུས་ཚུགས་ཆེས་མི་འདྲ་བར་སྣང་ངོ༌། །ལྷག་པར་སྐད་གསར་བཅད་ཀྱིས་ཕོགས་མ་ཕོགས་གཉིས་ལ་གསེར་དངུལ་མདོག་འདོན་བྱས་མ་བྱས་ཀྱི་ཁྱད་ཙམ་གདའ་འོ། །མཆན། གླང་དར་མས་རྒྱལ་བསྟན་བསྣུབས་པའི་དབང་གིས་ད་ལྟ་སྒྱུ་འཕྲུལ་སོགས་སྔོན་དུས་བསྒྱུར་བའི་རྒྱུད་སྡེ་རྣམས་ཀྱི་མན་ངག་གཙང་མ་བཀའ་བརྒྱུད་བར་མ་ཆད་པ་ལས་འོང་བ་ཅི་ལ་ཡོད་སྙམ་ན། དེ་སྐབས་ཀྱང་ཁྱིམ་པ་གོས་དཀར་གྱི་རྟེན་ལ་གསང་སྔགས་སྒྲུབ་པའི་མཁས་གྲུབ་དག་ནི་ནང་གི་དེ་ཉིད་རྒྱལ་བློན་གྱིས་མ་རྟོགས་ཤིང༌། རབ་བྱུང་གི་རྟགས་མེད་པས་གནོད་པ་མ་བྱུང་བ་ཆེས་མང་སྟེ། འགོས་ལོ་ཆེན་པོས། དེ་ལྟར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་བྱུང་མོད་ཀྱི་ཐེག་པ་ཆེན་པོ་གསང་སྔགས་ནི་དེང་སང་གི་བར་དུ་ནུབ་མ་མྱོང་ལ། ཞེས་གསུངས་པའང་དེ་ལ་དགོངས་སོ་ཞེས་ལྔ་པ་ཆེན་པོས་བཤད་དེ། འཐད་པ་ཆེའོ། །རིང་བརྒྱུད་བཀའ་མ་ཞེས་པའང་བླ་མའི་བཀའ་


LT17_Page_009
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བླ་མའི་བཀའ་བརྒྱུད་པ་ཞེས་བཤད་རྒྱུ་ཡིན་པར་གཏེར་གསར་དུ་གསུངས་ཏེ། མཐུན་སྣང་རགས་པ་དང་བསྒྲིག་དགོས་སོ། །གཏེར་ཆོས་ཀྱི་ཁུངས་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་པ་དང༌། བདེན་པ་པོ་དང༌། བསོད་ནམས་ཐམས་ཅད་བསྡུས་པ་དང༌། ཆོས་ཡང་དག་པར་བསྡུས་པ་ལ་སོགས་པའི་མདོ་སྡེའི་ཤེས་བྱེད་དང༌། དཔལ་མཆོག་སོགས་ཀྱང་བཞུགས་ཏེ་ཅུང་ཟད་སླ། དེ་ལ་ཉེ་བརྒྱུད་ཡོད་ཚུལ་ནི་གླེགས་བམ་རྙེད་པ་ཙམ་དང་དེ་རྙེད་རྗེས་ཀྱི་ཞལ་གཟིགས་ལུང་བསྟན་སོགས་ཙམ་འདི་ཙམ་ལ་འཇོག་ན་གཏེར་བརྒྱུད་དང་དག་སྣང་བརྒྱུད་པ་ལ་ཁྱད་གསལ་བར་འབྱེད་རྒྱུ་མེད་པར་འགྱུར་རོ། ལ་མི་འཇོག་གོ༌།འོ་ན་ཅི་ཞེ་ན། །སྔོན་སློབ་དཔོན་རིན་པོ་ཆེ་སོགས་ལས་ཆོས་བཀའ་དེ་དང་དེ་སྣོད་རུང་གི་དབང་བསྐུར་མཚན་ཉིད་ཚང་བ་བཅས་ཐོབ་ནས་དམ་ཚིག་དག་པར་བསྲུང་བའི་རྒྱུ་མཐུན་གྱིས་སྐྱེ་བ་གཞན་དུའང་སྔགས་ཀྱི་ཚུལ་ཁྲིམས་མ་འཆལ་ཞིང་ཚུལ་ཁྲིམས་ལྡན་པའི་སྨོན་ལམ་ཆུད་མི་ཟ་བར་གསུངས་པ་ལྟར་གྱི་སྨོན་ལམ་སྔོན་སོང་ཡོད་པའི་གནད་ཀྱིས་ད་ལྟ་གསང་སྔགས་ཀྱི་ཆོས་གཏེར་དེ་དང་དེ་ལག་ཏུ་འོང་བ་ཡིན་ལ། དེའང་ཆོས་ཀྱི་ཤོག་སེར་མཐོང་མ་ཐག་ལ་སོགས་པར་དྲན་གསོའི་སྐུད་མདུད་སོགས་མཐོང་བ་ལྟར་སྔོན་དེ་དང་དེའི་དབང་གདམས་ངག་ཐོབ་པའི་བག་ཆགས་གསལ་པོར་སད་པར་འགྱུར་བ་ནི་རང་གི་ལས་འཕྲོ་དང༌། བླ་མ་མཁའ་འགྲོའི་བྱིན་རླབས་ཀྱི་ལག་རྗེས་ཡིན་ནོ། །འདི་ནི་བཀའ་བརྒྱད་གསང་


LT17_Page_010
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དང་རང་ཤར་གྱི་དབང་ཆུའི་བབས་ལུགས་ལོ་རྒྱུས་གཉིས་ཇི་བཞིན་དུ་མགྲིན་གཅིག་པར། དེ་ལྟར་དབང་གི་ཆུ་བོ་བྱེ་བྲག་མ་ལུས་པར་ཨོ་རྒྱན་པདྨ་བདག་ལ་བབས་ཤིང་༔་ཨོ་རྒྱན་བདག་གིས་ནི་བལ་ཡུལ་ཡང་ལེ་ཤོད་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་སྒོ་བི་མ་མི་ཏྲ་ལ་ཕྱེ་ནས་བསྐུར་རོ༔་བོད་ཀྱི་སྒྲུབ་གནས་བརྒྱད་དུ་བཀའ་བརྒྱད་བྱེ་བྲག་གི་དབང་ལས་ཅན་བརྒྱད་ལ་སོ་སོར་བསྐུར་རོ༔་བསམ་ཡས་དབུ་རྩེར་རྗེ་འབངས་ཉེར་ལྔ་ལ་བདེ་གཤེགས་འདུས་པའི་དབང་མོ་ཆེ་བསྐུར་རོ༔་དེ་རྗེས་རྗེ་འབངས་གྲོགས་གསུམ་ལ་སོགས་པ་སྙིང་གི་བུ་དགུ་ལ་གསང་བ་ཡོངས་རྫོགས་ཐམས་ཅད་ཀྱི་དབང་ཡོངས་སུ་རྫོགས་པར་བསྐུར་བའི་དུས་ན་ད་ལྟ་དབང་གི་ཆུ་བོ་བར་ཆད་མེད་པར་བབས་པའི་ཚུལ་བཤད་པ་ཡིན་ལ༔་ཕྱི་མའི་དུས་ན་ཡང་དབང་གི་ཆུ་བོ་བར་ཆད་མེད་པར་འབྱུང་བའི་ལུང་བསྟན་ནས༔་ང་ཡི་ཐུགས་སྲས་བྱང་ཆུབ་སེམས་དཔའི་གཏེར་སྟོན་ནི་ད་ལྟ་དུས་འདིར་དབང་གི་ཆུ་བོ་ཆེན་པོ་བབས་པའི་ལས་ཅན་ཁྱེད་རྣམས་ཀྱིས་བཀའ་བབས་སྤྱོད་དེ༔་དེའི་ཚེ་ལས་ཅན་གྱི་བུ་ཁྱོད་རྣམས་ང་ཡི་གཏེར་ཆོས་འདི་རྣམས་དང་འཕྲད་པའི་ཚེ༔་ད་ལྟ་ཨོ་རྒྱན་ང་ཡིས་དབང་ཆེན་ཡོངས་སུ་རྫོགས་པར་བསྐུར་བའི་བག་ཆགས་སད་པར་འགྱུར་རོ༔་ང་ཡི་གཏེར་འདི་དང་རྗེ་འབངས་གྲོགས་གསུམ་གྱི་བརྣོག་ཆོས་ལ་སོགས་པ་རྣམས་ཀྱི་གཏེར་སྒོ་ཡང་འབྱེད་པར་འགྱུར་གྱི༔་དབང་གི་ཆུ་བོ་བབས་སོ་ལ་ཕྱི་རབས་རྣམས་ཐེ་ཚོམ་མ་ཟ་བར་སྒྲུབས་ཤིག༔་ཅེས་


LT17_Page_011
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གསལ་བར་གསུངས་སོ། །གཏེར་གསར་ལམ་རིམ་དུ༔་ད་ལྟའི་ངང་ཚུལ་ཐམས་ཅད་ཀུན༔་རྨི་ལམ་བཞིན་དུ་ཡད་ཡུད་དྲན༔་སོགས་ཀྱང་དེ་ཁོ་ན་ལྟར་རོ། །རིམ་པ་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། སྙན་རྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་ཀ་ལ་བག་ཆགས་སོས་ལུགས་དེ་དང་འདྲ་བས་གཏེར་བརྒྱུད་ལ་རིང་བརྒྱུད་དང་འདྲ་བའི་ཁུངས་སུ་བྱེད་པ་ཡིན་ནོ། །གཏེར་ཆོས་ལ་བརྒྱུད་པ་དྲུག་ཚང་ཚུལ་ནི་གཏེར་བདག་གླིང་པའི་མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ལྟར་ན། སྐུ་ཚེ་སྔ་མ་ལ་དགོངས་བརྒྱུད་ནས་བརྡ་བརྒྱུད་དང༌། བརྡ་ནས་སྙན་ཁུང་དུ་བརྒྱུད་པའི་དབང་གདམས་ཀྱི་ཆུ་བོ་བརྙེས་པ་ནི་དང་པོ་གསུམ་ཚང་ཚུལ་ཞེས་འཆད་ཆོག་པ་འདྲ་ཡང༌། གཞན་མང་པོ་ལྟར་ན་དེ་གསུམ་ཡང་གཏེར་བརྒྱུད་ཁོ་ནའི་དགོས་ཆོས་ལྟར་བརྩིས་སྣང་བས་འདི་ལྟར་དགོངས་བརྒྱུད་ནི་གུ་རུ་རིན་པོ་ཆེས་ཆོས་དེ་གནས་སྐབས་དེར་སྤྱན་འདྲོང་བའི་ཆེད་དུ་སྐལ་ལྡན་ལ་དགོངས་པ་གཏད་ཡོད་པའི་གནད་ཀྱིས་དེས་གཏེར་ཡིག་ལ་དབང་སྒྱུར་ནུས་ཀྱི་སྔགས་ཀྱི་རྟོགས་པ་ཐོད་རྒལ་དུ་རྙེད་པ་སྟེ། དེ་ནི་གུ་རུའི་དགོངས་པ་རྒྱུད་ལ་བབས་པའམ་ཤར་བ་ཞེས་བྱའོ། །བརྡ་བརྒྱུད་ནི། བརྡ་ཡིག་ལྡེ་མིག་ཏུ་གྱུར་པའི་སྒོ་ནས་སྔགས་ཀྱི་ཟབ་དོན་


LT17_Page_012
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་འབྱེད་ནུས་པའོ། །དེ་ལྟ་ན་དཔེ་བལྟས་ཀྱིས་ཆོས་ཤེས་ཚད་ལའང་བརྒྱུད་པ་དེ་ཅི་སྟེ་མི་རྩི་ཞེ་ན། སློབ་མཁན་མེད་པར་མཁའ་འགྲོ་གསང་བའི་བརྡ་རིས་རྣམས་གཏེར་སྟོན་གྱིས་ཀློག་ཤེས་པ་དང༌། བརྡ་རིས་ཡིག་འབྲུ་རེ་ལ་བརྟེན་ནས་ཀྱང་སྔགས་ཀྱི་ཆོས་མཛོད་མང་པོ་རང་ཁྲོལ་བ་དང༌། ཤོག་སེར་གཅིག་ལའང་བརྡ་བསྒྱུར་རྒྱས་འབྲིང་བསྡུས་པའི་རིམ་པ་མང་པོ་བྱར་ཡོད་པ་དང༌། གཏེར་ཤོག་མཐོང་བ་ཙམ་གྱིས་བདེ་བའི་ཏིང་ངེ་འཛིན་འཆར་བ་སོགས་ནི་གཏེར་ཡིག་གི་རྫུ་འཕྲུལ་ཡིན་ཏེ། མདོར་ན་ཤོག་སེར་དེ་ལ་སྙད་བཏགས་ནས་དཔའ་བོ་་གསང་མཛོད་ལ་སྤོབས་པའི་གཏེར་མཛོད་གྲོལ་བའི་སངས་རྒྱས་ཀྱི་བྱིན་རླབས་མངོན་དུ་ཞུགས་པ་ཡིན་པས་ག་ལ་མཚུངས། སྙན་བརྒྱུད་ནི། གཏེར་ཡིག་སྤྲུལ་སྐུར་གསུངས་པ་ལྟར་དུས་དེར་རིག་འཛིན་་རྣམས་བརྡ་རིས་ལ་ཞུགས་ཤིང༌། གཏེར་སྟོན་གྱིས་ཀྱང་གཏེར་ཡིག་ལ་ཐ་མལ་པའི་སྣང་བ་ལོག་ནས་སངས་རྒྱས་སྤྲུལ་པའི་སྐུ་དངོས་ཀྱི་འདུ་ཤེས་སྐྱེས་ཏེ། བརྡ་དེ་ལས་ཚིག་དོན་གང་ཤར་ཐམས་ཅད་ཀྱང་སྤྲུལ་སྐུ་དངོས་ཀྱིས་གདམས་ངག་བསྩལ་བ་ཡིན་པར་ངེས་ཤེས་སྐྱེས་པའོ། །འདི་གཉིས་ཀ་ཤོག་སེར་ལས་བརྒྱུད་པ་རྩི་བར་འདྲ། རིག་འཛིན་ལ་བརྒྱུད་ལུགས་ལྟར་བརྡ་བརྒྱུད་དུ་འགྲོ་བ་དང༌། གང་ཟག་ལ་ལྟར་སྙན་བརྒྱུད་དུ་འགྲོ་བའི་ལྡོག་ཆ་ཐ་དད་པའོ། །བཀའ་བབས་ལུང་བསྟན་ནི། གཏེར་སྟོན་གྱི་སྐྱེ་བ་སྔོན་མའི་ཚེ་


LT17_Page_013
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུས་ཆོས་དེ་དང་དེའི་སྐལ་ལྡན་དུ་མཁྱེན་ནས་བཀའ་བབས་ཀྱི་བདག་པོར་དགོངས་པ་གཏད་པའི་བྱིན་རླབས་རྒྱུད་ལ་སྨིན་ནས་ཡེ་ཤེས་ཁྱད་པར་ཅན་སྐྱེས་སྟོབས་ཀྱིས། ཕྱི་མའི་དུས་སུའང་ཆོས་འདི་ཁྱོད་ཀྱི་ལོངས་སྤྱོད་དུ་འགྱུར་རོ་ཞེས་ལུང་བསྟན་བརྙེས་པ་སྟེ། འདི་ནི་སྔོན་དབང་གདམས་དེ་དང་དེ་བརྙེས་པའི་བག་ཆགས་སྐུ་ཚེ་འདིར་གསལ་བར་སད་ངེས་ཀྱི་ལས་འཕྲོ་མཐུ་ཆེན་ཡོད་ཚུལ་ལོ། །སྨོན་ལམ་དབང་སྐུར་ནི། བག་ཆགས་དེ་རྫོགས་པར་སད་པའི་ཆ་རྐྱེན་དུ་གཏེར་སྟོན་གྱི་སྐུ་ཚེ་སྔ་མ་དེ་ཉིད་ལ་གུ་རུ་རིན་པོ་ཆེས་མ་འོངས་པའི་དུས་སུ་གཏེར་ཡིག་དང་མཇལ་བར་བདེན་ཚིག་སྨོན་ལམ་གྱིས་དབང་སྐུར་ཞིང་དེའི་ཚེ་རང་ཉིད་ཀྱིས་ཀྱང༌། བདག་སླད་མའི་དུས་སུ་གཏེར་་འདིར་གཏེར་ཡིག་ཅེས་མ་བརྗོད་པར་གཏེར་ཆོས་བྱས་པ་འདིས། མཚོ་རྒྱལ་གྱིས་གཏེར་ཞབས་བསྡམ་དུས་སོགས་དང་མི་འགྲིགས་པའི་དོགས་པའང་ཆོད་དོ། །ཆོས་འདི་དག་དང་འཕྲད་པར་གྱུར་ཅིག །ཕྲད་མ་ཐག་ཏུ་ད་ལྟ་དབང་དང་མན་ངག་འདི་ལྟར་ཐོབ་པའི་བག་ཆགས་གསལ་པོར་སད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་ཐེབས་པ་སྟེ། ཕྱི་མ་འདི་ནི་གཏེར་ཆོས་དེ་རང་རྒྱུད་ཀྱི་དགེ་རྩའི་དྲན་ཐོར་སྔོན་མཚན་མར་བཟུང་ཚུལ་ཡང་ཡིན་ནོ། །མཁའ་འགྲོ་གཏད་རྒྱ་ནི། སྔོན་རབས་ཀྱི་དུས་དེར་རྡོ་རྗེའི་གནས་ཀྱི་མཁའ་འགྲོ་མ་ཏིང་ངེ་འཛིན་གྱི་རྩལ་འཆང་བ་རྣམས་ལ། གཏེར་དཔེ་འདི་གདུལ་བྱ་འདིའི་ཚེ་ཕྱི་མ་ལ་ལས་ཀྱི་འཕྲོ་མཐུད་པའི་ཆ་རྐྱེན་དུ་བྱིན་ཅིག་ཅེས་


LT17_Page_014
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དང་མཁར་ཆེན་བཟའི་བཀས་གཏད་དེ། དེའི་དབང་གིས་སྐུ་ཚེ་འདིར་ཆོས་བདག་མཁའ་འགྲོ་རྣམས་ཀྱིས་ཤོག་སེར་དང་མཇལ་བའི་ཕྱི་ནང་གི་རྟེན་འབྲེལ་སྒོ་དུ་མ་ནས་བསྒྲིགས་ཏེ། གཏད་རྒྱ་སྩོལ་བ་ཡིན་ནོ། །འདི་དག་ནི་དགོངས་འདུས་སྙིང་གི་མེ་ལོང་དང༌། ཟབ་དོན་རྒྱ་མཚོ་སྤྲིན། དགོངས་འདུས་རྣམ་བཤད་སོགས་བལྟས་ནས་བཤད་དོ། །རྗེའི་ཞལ་རྒྱུན་དུ། བཀའ་མ་ལས་ཀྱང་བཀའ་བབས་ལུང་བསྟན་སོགས་བརྒྱུད་པའི་ཁྱད་པར་གསུམ་གྱིས་འཕགས་ཤིང་ཞེས་འབྱུང་སྟེ། འདིར་བཤད་ལྟར་ན་དེའི་དགོངས་པའང་བརྒྱུད་པ་དང་པོ་གསུམ་པོའི་རང་ལྡོག་ཙམ་ནས་གཏེར་མའི་དགོས་ཁྱད་དུ་མི་འགྱུར་བ་ལ་བཤད་དགོས་སོ། །དགོངས་གཏེར་ལ་བརྒྱུད་པ་དྲུག་འདྲེན་ལུགས་ཀྱང༌། དང་པོ་གསུམ་དུ་ཤོག་སེར་གྱི་དོད་ལ་གཞོན་ནུ་མ་ལ་པྲ་ཕབ་པ་ལྟ་བུའི་ཏིང་ངེ་འཛིན་གྱི་རང་སྣང་གི་བརྡ་ཡིག་འཇོག་པའི་ཁྱད་ཙམ་མ་གཏོགས་འདྲ་ལ། བཞི་པའང་འདྲ། ཐ་མ་གཉིས་ལ། ཕྱིར་དགོངས་གཏེར་རྣམས་ཀྱང་དཔེ་རྒྱུད་བྲག་རི་ལྷུན་ཆགས་དང་གཡུ་མཚོ་གཏན་འཁྱིལ་སོགས་ན་བཞུགས་ཤིང༌། སྙན་རྒྱུད་དགོངས་གཏེར་དུ་བྱོན་པའི་ཕྱི་ནང་གི་གཏེར་དཔེ་གཉིས་རེ་ཡོད་པར་མངོན་པས། སྔོན་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོགཿ ཅེས་སྨོན་ལམ་མཛད་པ་ལྟར་ད་ལྟ་གཏེར་ཆོས་དང་མཇལ་ཚུལ་ལ། གཏེར་དཔེ་དངོས་སུ་མཇལ་བ་དང༌། དེས་རྣམ་པ་གཏད་པའི་རང་སྣང་གི་གླེགས་བམ་དང་མཇལ་བ་


LT17_Page_015
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། གང་ལྟར་ཡང་སྨོན་ལམ་དེའི་ལག་རྗེས་སུ་འདྲ་བས་ལྔ་བ་དང༌། དེ་བཞིན་དུ་སྔོན་མཁའ་འགྲོ་རྣམས་ལ་བཀས་གཏད་ཚུལ་ལྟར། ཕྱིས་སུ་མཁའ་འགྲོས་གཏད་ལུགས་ལའང༌། གཏེར་དཔེ་དངོས་རང་གཏད་པ་དང༌། དེའི་གཟུགས་བརྙན་གྱི་རྣམ་པ་ལྟ་བུའི་སྣང་བ་ཁྱད་པར་ཅན་བསྟན་པ་གཉིས་ཏེ། གང་ཡང་བརྡ་ཡིག་ཏུ་བཞུགས་པའི་ཆོས་དེ་མཁའ་འགྲོ་མས་གཏད་པར་ཁྱད་མེད་པས་དྲུག་པའོ། །དགེའོ།། །།

ལོ་གསར་སྟོན་བཤད་སོགས།


LT17_Page_017
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གསར་སྟོན་བཤད་སོགས་གཏམ་ལབ་ཕྲན་ཚོགས་བསྡུས་པ་འདུ་ཤེས་པིར་གྱིས་བྲིས་པའི་སྣ་ཚོགས་རི་མོ་ཞེས་བྱ་བ་བཞུགས་སོ། །


LT17_Page_018
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དགའ་སྟོན་གྱི་འདུན་ས། ལྷ་མིའི་གྲལ་རིང་གཤམས་པའི་གནས་འདིར། ལུགས་གཉིས་ཀྱི་ལེགས་ཚོགས་དང་འབྲེལ་བའི་གཏམ་ཉུང་ངུ་ཞིག་མཆོད་པའི་ཚུལ་དུ་སྤྲོ་ན། ཡས་གཏམ་དམ་པ་ཆོས་ཀྱི་བྱུང་ཚུལ། མས་གཏམ་འཇིག་རྟེན་སྲིད་པའི་ཆགས་ཚུལ། བྱས་ཤེས་བཀའ་དྲིན་ཆེ་བའི་ལོ་རྒྱུས་དང་གསུམ་ལས། ཡས་གཏམ་ལའང་སྟོན་པ་སངས་རྒྱས་བྱོན་ཚུལ། བསྟན་པ་དམ་ཆོས་དར་ཚུལ། བསྟན་འཛིན་དགེ་འདུན་གྱི་སྡེ་མཆེད་ཚུལ་རྒྱ་ཆེ་ལ་རྣམ་གྲངས་མང་བ་ཡོད་ཀྱང་ཕྱོགས་བསྡུས་རགས་རིམ་ཙམ་བཤད་པར་བྱ་སྟེ། དེ་ལ་གནས་ཕུན་སུམ་ཚོགས་པ་འཛམ་གླིང་ཡུལ་གྱི་གཙོ་བོ། །སེམས་ཅན་གྱི་སྙིང་པོ་མང་དུ་གནས་པ་རྒྱ་གར་


LT17_Page_019
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཡུལ་དུ། དུས་ཕུན་སུམ་ཚོགས་པ་ཡར་སྔ་མ་ཆེས་སྐྱེ་དགུ་སྐྱོ་ཤས་ཆེ་བ། མར་ཕྱི་མ་དྲག་དབང་རྣོན་རྒྱུད་སྨིན་པའི་གདུལ་བྱ་འབྱུང་བ་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ། སྟོན་པ་ཕུན་སུམ་ཚོགས་པ་ས་གསུམ་གྱི་རྣམ་འདྲེན་གཅིག་པུ་མཉམ་མེད་་རྒྱལ་པོ་འཇིག་རྟེན་དུ་བྱོན་ཏེ། དེའང་ཐོག་མར་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ལྷའི་བུ་དམ་པ་ཏོག་དཀར་ཞེས་བྱ་བར་གྱུར་ནས་བཞུགས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་ནས་འཕགས་པ་མ་ཕམ་པ་རྒྱལ་ཚབ་ཏུ་བཞག་སྟེ་་རྒྱལ་པོ་ཟས་གཙང་གི་བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཞུགས། ཟླ་བ་བཅུ་ཕལ་ཆེར་རྫོགས་པ་ན་ལྷ་མོ་ལུམྦི་ནའི་ཚུལ་དུ་ངོ་མཚར་བའི་དགེ་མཚན་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སྐུ་


LT17_Page_020
[མ་དཔེ་གཟིགས་ན་འདིར་གནོན།]

བལྟམས། གཞོན་ནུ་ཉིད་ནས་རིག་པ་དང་སྒྱུ་རྩལ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བསྟན། གཞོན་ནུ་རྣམས་སྟོབས་དང་སྒྱུ་རྩལ་གྱིས་ཕམ་པར་མཛད་པའི་ཚུལ་དུ་་བུ་མོ་ས་འཚོ་མ་ཕུལ་བ་གཙོ་མོར་གྱུར་པའི་བཙུན་མོ་དྲུག་ཁྲིའི་དབུས་སུ་ལྷ་དང་མི་ལས་ཁྱད་པར་དུ་འཕགས་པའི་འདོད་ཡོན་གྱི་དགའ་བ་ལ་རོལ་བཞིན་དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས། དེ་ནས་ངེས་པར་འབྱུང་བའི་རྐྱེན་བཞིས་བསྐུལ་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་མཁན་པོ་མེད་པར་རབ་ཏུ་བྱུང༌། མུ་སྟེགས་ཅན་གྱི་ང་རྒྱལ་གཞོམ་པ་ལ་སོགས་པའི་དགོས་པ་མང་པོའི་དབང་གིས་ལོ་དྲུག་ཏུ་དཀའ་བ་དྲག་པོ་སྤྱད། དེ་ནས་གྲོང་པའི་བུ་མོ་དགའ་མ་དང་དགའ་སྟོབས་མས་ཕུལ་བའི་འོ་ཐུག་སྦྲང་རྩིའི་སྙིང་པོ་ཅན་བཞེས་ཏེ་སྐུའི་ཉམས་སྟོབས་བསྐྱེད་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས། རྩཱ་མཆོག་གི་གདན་ལ་སྐྱིལ་མོ་ཀྲུང་བཅས་ཏེ། ཇི་སྲིད་ཟག་མེད་མ་ཐོབ་པ། །དེ་སྲིད་སྐྱིལ་ཀྲུང་གཞིག་མི་བྱ། །ཞེས་གསུང་བྱོན་པ་ལྟར་སྲོད་ལ་བདུད་བཏུལ། དགུང་ལ་མཉམ་པར་བཞག །ཐོ་རང་བླ་ན་མེད་པའི་བྱང་ཆུབ་བརྙེས་པས་དགྱེས་ནས། འཇིག་རྟེན་འདོད་བདེ་གང་ཡིན་དང༌། །ལྷ་ཡུལ་འདོད་བདེ་གང་ཡིན་པས། །སྲེད་པ་ཟད་པའི་བདེ་བ་ལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སོགས་ཆེད་དུ་བརྗོད་ཅིང་ཞག་བདུན་ཕྲག་བདུན་དུ་ཆོས་མ་བསྟན་པར་བཞུགས་པ་ལ། ཚངས་པ་དང་བརྒྱ་བྱིན་གྱིས་


LT17_Page_021
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབས་ནས་ཝ་ར་ཎ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། ཆོས་ཕུན་སུམ་ཚོགས་པ་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བ་ནས་བཟུང་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བས་གདུལ་བྱ་མཐའ་ཡས་པ་བྱང་ཆུབ་གསུམ་ལ་བཀོད། བསྟན་པའི་རྒྱུན་བཞག །བསྟན་འཛིན་ལུང་བསྟན་རྒྱལ་ཚབ་ཀྱི་ཉན་ཐོས་བྱིན་གྱིས་བརླབས་ཏེ། སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་དང༌། རྟག་འཛིན་ཅན་སྐྱོ་བ་སྐྱེད་པའི་ཆེད་དུ་དགུང་ལོ་བརྒྱད་ཅུ་པ་ལ་མྱ་ངན་ལས་འདས། འོད་སྲུང་ལ་སོགས་པ་སངས་རྒྱས་དང་འདྲ་བར་གྲགས་པའི་ཉན་ཐོས་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་རིམ་པ་གསུམ་གྱིས་བསྟན་པ་བསྐྱངས། དེ་ནས་རིང་ཞིག་ལོན་པ་ན་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་ལྟར་བེ་དར་བྷའི་ཡུལ་དུ་སངས་རྒྱས་གཉིས་པའི་ཕྲིན་ལས་ཅན་འཕགས་པ་ཀླུ་སྒྲུབ་བྱུང་བ་ནས་བཟུང་སྟེ། ཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་དྲུག །མཆོག་གཉིས། ཆེན་པོ་བཞི། རྨད་བྱུང་གཉིས་ལ་སོགས་པ་པཎ་གྲུབ་གསེར་རིའི་ཕྲེང་བ་ལྟར་བཟང་ལ་མང་བ་རིམ་པར་བྱོན་ཏེ་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོས་ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་བཟུང་ཞིང་བསྟན་འཛིན་དགེ་འདུན་གྱི་སྡེ་གནམ་གྱི་སྐར་མ་དང༌། སའི་རྩི་ཤིང་ལྟ་བུར་སྤེལ། བོད་གངས་ཅན་གྱི་ལྗོངས་འདིར་རྗེ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉི་ཤུ་


LT17_Page_022
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལྔའི་བར་དུ་གཡུང་དྲུང་གི་བོན་མཆོད་པ་ཙམ་ལས་དམ་པའི་ཆོས་མ་དར་བ་ལ། འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རིའི་རིང་ལ་བརྐོས་ཕོར་ཙིཏྡྷ་མ་ཎི་དང༌། དཔང་སྐོང་ཕྱག་རྒྱ་པ། མདོ་སྡེ་ཟ་མ་ཏོག་རྣམས་ཕོ་བྲང་གི་དབུ་རྩེར་དངོས་གྲུབ་ཏུ་བབས་ཏེ་ཆོས་ཀྱི་དབུ་བརྙེས་ཤིང༌། རྒྱལ་རབས་ལྔ་ན་འཕགས་པ་སྤྱན་རས་གཟིགས་མངོན་སུམ་མིའི་རྗེ་བོར་བསྟན་པ་ལྷ་སྲོང་བཙན་སྒམ་པོ་བྱོན་ཏེ་དགེ་བཅུའི་བཀའ་ཁྲིམས་བཅས། ཡི་གེ་དང་བསྟན་བཅོས་ཀྱི་དབུ་བཙུགས། སྨིན་མཚམས་མཛོད་སྤུ་ལས་དགེ་སྦྱོང་ཨ་ཀར་མ་ཏི་ཤི་ལ་སྤྲུལ་ཏེ་རང་བྱོན་བཅུ་གཅིག་ཞལ་དང༌། འཕགས་པ་མཆེད་བཞི་སྤྱན་དྲངས། མཐའི་རྒྱལ་པོ་སྡེ་བཞི་ཟིལ་གྱིས་མནན་ནས་རྒྱ་བལ་གྱི་བཙུན་མོ་རྣམ་གཉིས་བསུས་པའི་རྫོང་བའི་ཚུལ་དུ་ཇོ་ཤཀ་རིན་པོ་ཆེ་རྣམ་གཉིས་བྱོན་ཏེ་ས་གཞི་བྱིན་གྱིས་བརླབས། དཔལ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་སོགས་དཀོན་མཆོག་གསུམ་གྱི་རྟེན་རྒྱ་ཆེར་བཞེངས། སྐལ་པ་མཆོག་དང་ལྡན་པ་འགའ་ལ་ཐུགས་རྗེ་ཆེན་པོའི་དབང་གདམས་ངག་དམར་ཁྲིད་དང་བཅས་པ་ཅི་རིགས་སུ་གནང༌། དེ་དུས་བོད་ན་རབ་བྱུང་གི་སྡེ་མེད་ཀྱང་ཁྲ་འབྲུག་ཏུ་བཙུན་པའི་གཟུགས་ཅན་གཅིག་ལ་ལྷ་ཕྱག་མཛད་དེ་མ་འོངས་དབོན་སྲས་ཀྱི་མཆོད་གནས་སུ་འདུལ་འཛིན་འབྱུང་བའི་རྟེན་འབྲེལ་བསྒྲིགས་པ་སོགས་ཀྱི་བཀའ་འདྲིན་མཛད། དེ་ནས་བརྩིས་པའི་གདུང་རབས་ལྔ་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ལྷ་ཁྲི་


LT17_Page_023
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་གཙུག་བརྟན་གྱི་སྲས་སུ་མིའི་གཞོན་ནུ་ལྷའི་མཚན་རྟགས་དང་ལྡན་པར་འཁྲུངས་ནས། གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཡིན་ཞེས་སུས་ཀྱང་མཚན་མ་གསོལ་བར་ཉིད་ཀྱིས་ཞལ་གྱིས་བཞེས་པས་དེ་ལྟར་ཡོངས་སུ་གྲགས། སྐུ་གཞོན་ནུའི་དུས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ཆོས་ཀྱི་ཐུགས་འདུན་བྱུང་སྟེ། བདུད་བློན་གྱི་བར་ཆད་དང་སྡེ་དམངས་ཀྱི་འཐེན་འཁྱེར་སོགས་ཐབས་མཁས་མཛད་པའི་འཕྲུལ་གྱིས་རང་ཞིར་བཏང༌། སྦ་སང་ཤི་ཏ་སོགས་ཕོ་ཉར་མངགས་ཏེ་རྒྱ་གར་འཕགས་པའི་ཡུལ་ན་ཉི་མ་ལྟར་རྩོད་མེད་དུ་གྲགས་པའི་པཎ་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོ་སྤྱན་དྲངས། ཆོས་མངོན་པ་དང་མདོ་སྡེའི་གནས་ལ་ཐུགས་སྦྱངས་ཤིང་བཀའ་ཡང་དག་པའི་ཚད་མ་ལ་སོགས་པའི་བསྟན་བཅོས་ཀྱང་མཛད། ཐུགས་དམ་གཙུག་ལག་ཁང་བཞེངས་པའི་ས་འདུལ་བར་ཞུས་པས་བོད་ཀྱི་ལྷ་འདྲེ་གདུག་རྩུབ་ཆེ་བས་ངས་འདུལ་མི་ནུས། དེང་སང་རྒྱ་གར་ཡུལ་ན་པདྨ་སཾ་བྷ་བ་ཞེས་བྱ་བ་ཛམ་བུའི་གླིང་ན་ཆེ་བའི་རིག་སྔགས་འཆང་ཞིག་ཡོད། དེ་སྤྱན་དྲངས་ན་རྒྱལ་པོ་ཉིད་དང་སྔོན་གྱི་སྨོན་ལམ་གཅིག་པས་གདན་འདྲོང་ཞིང་ཐུགས་བཞེད་འགྲུབ་པར་འགྱུར་ཞེས་ལུང་བསྟན་པ་ལྟར་སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་སྤྱན་འདྲེན་གྱི་བང་མིར་བརྫངས་ཏེ་གསོལ་བ་བཏབ་པ་ལྟར་ཨོ་རྒྱན་སངས་རྒྱས་གཉིས་པ་བོད་ཡུལ་གྱི་


LT17_Page_024
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཆགས་ཕེབས། བསྟན་མ་བཅུ་གཉིས་དང་གཉན་ཆེན་སྡེ་བཞི་སོགས་ལྷ་སྲིན་མཐུ་བོ་ཆེ་རྣམས་དམ་འོག་ཏུ་བཅུག་ཅིང་བསྟན་པ་སྲུང་བའི་གཉེར་དུ་བསྐོས། །དེའི་སྟོབས་ཀྱིས་འབྱུང་པོ་ཕྲ་མོའི་སྡེ་རྣམས་ཀྱང་དཔོན་བཙོན་དུ་བཟུང་བས་འབངས་འཁུ་མི་ནུས་པ་ལྟ་བུར་སོང་སྟེ་ས་གཞི་བཏུལ། སྡེ་བརྒྱད་བྲན་དུ་བཀོལ་ནས་བསམ་ཡས་ཀྱི་གཙུག་ལག་ཁང་ལྷ་འདྲེ་མི་གསུམ་གྱིས་བརྩིགས་པས་བརྩིགས་པ་མི་འདྲ་སྐྱེས་པ་འདྲ་བར་ཡ་མཚན་ཆེ་ལ་ཚར་སྐྱེན་པར་ལྷུན་གྱིས་གྲུབ། བོད་ལ་ཕན་པའི་ལོ་པཎ་མང་པོ་ལུང་བསྟན་ནས་དམ་པའི་ཆོས་བསྒྱུར་ཞུས་འཆད་ཉན་གྱི་གྲྭ་བཙུགས། ཇོ་བོ་རྗེ་ལྷ་ཅིག་གིས་ཀྱང་བསམ་ཡས་ཀྱི་རྒྱ་དཔེ་རྣམས་གཟིགས་ནས་འདི་ན་ད་ལྟ་རྒྱ་གར་ན་མི་བཞུགས་པའི་བཀའ་བསྟན་མང་པོ་སྣང༌། དེ་དུས་ཀྱི་བསྟན་པ་དར་བ་འདྲ་བ་རྒྱ་གར་ནའང་དཀའ། བོད་ཀྱི་རཱ་ཛ་བོ་དྷི་སྟྭ་ཞེས་ཕྱག་ཐལ་མོ་སྦྱར་ནས་བསྔགས་བརྗོད་མཛད། མཁན་ཆེན་ཞི་བ་འཚོས་སད་མི་མི་བདུན་སོགས་རབ་ཏུ་བྱུང་སྟེ་འདུལ་འཛིན་གྱི་སྡེ་བཙུགས། རྒྱལ་པོས་བོད་ཀྱི་ཁྱིམ་པ་ཐམས་ཅད་དཀོན་མཆོག་ལ་མཆོད་པ་བྱེད་པའི་ཁྲིམས་བཅས་ཤིང་བོན་ལུགས་བྱར་མི་གནང་བའི་ལུང་བསྒྲགས། ཁྱད་པར་དུ་གནས་ཕུན་སུམ་ཚོགས་པ་ཆོས་འཁོར་གསུམ་དང་སྒྲུབ་གནས་རྣམ་གསུམ་སོགས་བཀྲ་ཤིས་བྱིན་རླབས་འབྱུང་བའི་གནས་ཆེན་མང་པོར། དུས་ཕུན་སུམ་ཚོགས་པ་ཆོས་རྒྱལ་མཆོད་


LT17_Page_025
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་གསུམ་གྱི་སྨོན་ལམ་དུས་སུ་སྨིན་ཅིང་བོད་མིའི་བསོད་ནམས་དགུང་དུ་བརྡལ་བའི་གནས་སྐབས་ན། སྟོན་པ་ཕུན་སུམ་ཚོགས་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་ནས་རིག་འཛིན་སློབ་དཔོན་གྱི་རྣམ་པར་བཞེངས་པ་རྒྱལ་དབང་པདྨ་འབྱུང་གནས་ཀྱིས། འཁོར་ཕུན་སུམ་ཚོགས་པ་ལས་ཅན་རྗེ་འབངས་ཉེར་ལྔ་སོགས་བླ་མེད་གསང་སྔགས་ཀྱི་གདུལ་བྱ་དབང་པོ་ཡང་རབ་ཏུ་གྱུར་པ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་སྡེ་སྣོད་གསུམ་གྱི་བཅུད་ཕྱུང་བ། ལམ་བསླབ་པ་གསུམ་གྱི་གནད་དྲིལ་བ། རྒྱལ་བ་རིག་འཛིན་རྣམས་ཀྱི་དགོངས་པའི་གསང་མཛོད་བརྟོལ་བའི་ཟབ་ཆོས་མཚན་ཙམ་ཡང་ཐོས་པར་དཀའ་བ་མང་པོ་ཁོར་ཡུག་ཏུ་གནང་བས། གདམས་ངག་བཏབ་པ་དང་རྒྱུད་གྲོལ་བ་དུས་མཉམ་པའི་རིག་འཛིན་གྲུབ་ཐོབ་ཀྱི་སྐྱེས་བུ་ཡོངས་ལ་གྲགས་པ་དང་མ་གྲགས་པ་མཐའ་ཡས་པ་བྱུང་སྟེ་བོད་མ་སང་འདྲེའི་ཡུལ་གྲུ་འོག་མིན་སྤྲུལ་པའི་ཞིང་ཁམས་སུ་བྱིན་གྱིས་བརླབས། དབོན་སྲས་རལ་པ་ཅན་གྱི་སྐུ་རིང་ལ་ཆོས་མང་པོ་གསར་དུ་བསྒྱུར་ཞིང༌། ཁྲི་སྲོང་གི་དུས་སུ་བསྒྱུར་བའི་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་བརྗོད་བདེ་ཞིང་གོ་སླ་བར་བཅོས། མི་སྡེ་ཕལ་ཆེར་དཀོན་མཆོག་གི་ལྷ་འབངས་སུ་ཕུལ་ཞིང༌། དབང་དགེ་འདུན་ལ་བསྐུར་བ་སོགས་བསྟན་པའི་ཞབས་ཏོག་འགྲན་ཟླ་མེད་པ་མཛད་ཀྱང་སྐུ་ཚེ་


LT17_Page_026
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་མ་འཁྱོལ། དེ་ནས་སྨོན་ལམ་ལོག་པའི་རྒྱལ་པོ་གླང་དར་མ་ཨུ་དུམ་བཙན་པོས་སྡིག་བློན་རྣམས་དང་འཇིང་དྲིལ་ནས་རབ་བྱུང་གི་སྡེ་བསྣུབས། དམ་པའི་ཆོས་བྱར་མེད་པའི་ཁྲིམས་བསྒྲགས་ཀྱང༌། ཁྱིམ་པ་སྐྱ་བོའི་རྟེན་ཅན་ལ་མཁྱེན་རྟོགས་ལོ་པཎ་ཆེན་པོ་རྣམས་དང་ཁྱད་མེད་ཅིང་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་ཀྱི་རིང་ལུགས་དྲི་མ་མེད་པ་འཛིན་པའི་སྔགས་པ་མང་དུ་བཞུགས་པ་རྣམས་རྒྱལ་པོས་ཚོད་མ་ཐིག་ནས་གནོད་པ་མ་བྱས་པར་མི་ནག་གི་གྲལ་དུ་ཅི་བདེར་ལུས་པ་ལས་ཕྱིས་སུ་སླར་ཡང་བརྒྱུད་འཛིན་གྱི་རྒྱུན་མཆེད་དེ་ཆོས་ལུང་གི་ཉང་ཁུ་དབོན་དང༌། ཟུར་གྱི་གདུང་རྒྱུད། སྒྲོལ་གཡུང་རྣམ་གཉིས། ཀུན་མཁྱེན་དྲི་མེད་འོད་ཟེར་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོ་སོགས་གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་མཁས་པའི་དབང་ཕྱུག་གྲུབ་པའི་ཁྱུ་མཆོག་ཏུ་གྱུར་པ་མང་དུ་བྱོན་ནས་ད་ལྟའི་བར་དུ་ཆོས་རྒྱུན་ཕལ་ཆེར་མ་ནུབ་པར་ཡོད། གླང་དར་མས་དབུས་གཙང་དུ་བསྟན་པ་བསྣུབས་པའི་དུས་སུ་ཡེར་བ་ནས་འདུལ་འཛིན་སྨ་གཡོར་གཙང་གསུམ་མདོ་ཁམས་སྨད་དུ་བྱོན་པ་ལས་མུ་ངུར་དགེ་བ་གསལ་རབ་ཏུ་བྱུང་བ་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས། ཕྱིས་སུ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་སུམ་བ་ཡེ་ཤེས་བློ་གྲོས་སོགས་དབུས་གཙང་མི་བཅུ་མདོ་སྨད་དུ་བྱོན་ནས་བླ་ཆེན་ལས་སོ་ཐར་གྱི་སྡོམ་རྒྱུན་བླངས་ཏེ་དབུས་གཙང་དུ་རྒྱ་ཆེར་སྤེལ་ཞིང་ཆོས་གཞི་གཙུག་ལག་ཁང་མང་དུ་


LT17_Page_027
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། སྟོད་མངའ་རིས་སུ་ལོ་ཆེན་རིན་ཆེན་བཟང་པོས་ཆོས་མང་དུ་བསྒྱུར་བ་སོགས་བསྟན་པའི་བྱ་བ་ཆེན་པོ་མཛད། ཁྱད་པར་དུ་བོད་ཆོས་རྒྱལ་གྱི་གདུང་བརྒྱུད་མངའ་རིས་པུ་རང་གི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་ཁུ་དབོན་གྱི་དྲིན་ལས་བདེ་གཤེགས་སྣང་བ་མཐའ་ཡས་མིའི་རོལ་གར་དུ་བསྟན་པ་ཇོ་བོ་རྗེ་ལྷ་ཅིག་དི་པཾ་ཀ་ར་འཕགས་ཡུལ་ནས་བྱོན་ཏེ་བོད་དུ་ལོ་བཅུ་གསུམ་བཞུགས། བསྟན་པའི་སྲོལ་ནུབ་པ་གཞི་བཞེངས་སུ་གསོས་ཤིང༌། ཁུ་རྔོག་འབྲོམ་གསུམ་དང༌། རྣལ་འབྱོར་པ་གོང་འོག་སོགས་བསྟན་པ་འཛིན་ནུས་ཀྱི་སློབ་མའི་མཆོག་མང་པོ་དང༌། ཡང་སློབ་སྐུ་མཆེད་གསུམ་དང༌། ཁམས་པ་ལུང་པ་སོགས་བཀའ་གདམས་གཞུང་པ། གདམས་ངག་པ། མན་ངག་པ་གསུམ་ལས་རྒྱ་ཆེར་གྱེས་ཏེ་བོད་གངས་ཅན་གྱི་འགྲོ་བ་རྒྱལ་བའི་སྲས་པོའི་ཁྱུ་གཅིག་ཏུ་མཛད། ཕྱི་མའི་དུས་སུ་འཇམ་མགོན་བློ་བཟང་གྲགས་པས་མཁན་ཆེན་ཆོས་སྐྱབས་བཟང་པོ་དང༌། ལྷོ་བྲག་པ་ནམ་མཁའ་རྒྱལ་མཚན་ལས་བཀའ་གདམས་ཀྱི་ཆོས་སྐོར་མཐའ་དག་གསན་ཅིང་ཐུགས་ཉམས་སུ་བཞེས་ཏེ་བྱང་ཆུབ་ལམ་རིམ་ཆེ་ཆུང་གི་གཞུང་བརྩམས་པ་ལ་སོགས་པའི་སྒོ་ནས་འཆད་སྤེལ་གྱི་མཛད་པ་བསྐྱངས་པས་ཁ་ཆེ་ཛ་ལནྡྷ་ར་ནས་ཤར་ཕྱོགས་རྒྱ་མཚོའི་བར་དུ་བཀའ་གདམས་ཀྱི་བསྟན་པས་ཁྱབ་པར་བྱུང༌། འདུལ་འཛིན་སད་མི་བདུན་ནས་འཁོན་ཀླུ་དབང་སྲུང་གི་དབོན་བརྒྱུད་འཁོན་དཀོན་མཆོག་རྒྱལ་པོའི་


LT17_Page_028
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་སུ་ས་ཆེན་ཀུན་དགའ་སྙིང་པོ་འཁྲུངས་ཏེ་འབྲོག་མི་་ཡེ་ཤེས་ཀྱི་དངོས་སློབ་ཞང་དགོན་པ་བ་སོགས་ལས་རྗེ་བཙུན་བིར་ཝ་པའི་གདམས་ངག་ལམ་འབྲས་སྐོར་སོགས་མདོ་སྔགས་གསར་རྙིང་གི་ཆོས་ཐམས་ཅད་ལ་གསན་བསམ་རིས་མེད་དུ་མཛད་ཅིང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ་གདམས་པའི་བདུད་རྩི་སྩལ། མགོན་པོ་བིར་ཝ་པ་དངོས་དང་མཇལ་ནས་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ཏེ་གྲུབ་པའི་ས་མཐོར་གཤེགས། སློབ་མ་མཆོག་ཐོབ་པ་གསུམ། བཟོད་པ་ཐོབ་པ་བདུན་སོགས་རྒྱ་ཆེར་བྱུང་བ་ལས་སྐུའི་སྲས་རྗེ་བཙུན་རྩེ་མོ་སྐུ་མཆེད་བརྒྱུད་འཛིན་གྱི་ཐུ་བོར་གྱུར། རྗེ་བཙུན་སྐུ་མཆེད་ཀྱི་གཅུང་དཔལ་ཆེན་འོད་པོའི་སྲས་སུ་འཇམ་དབྱངས་ངུར་སྨྲིག་འཆང་བའི་རྣམ་པར་རོལ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་བལྟམས། བྱིས་པའི་དུས་ནས་རིག་གནས་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ་ཀྱི་གཏེར་གྲོལ་ཞིང༌། འཇམ་དཔལ་སྨྲ་བའི་སེང་གེའི་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་བྱིན་གྱིས་བརླབས་པས་ཤེས་བྱའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། ཁ་ཆེ་པཎ་ཆེན་་ཤྲི་བྷ་དྲ་ལས་བསྙེན་པར་རྫོགས་ཏེ་འདུལ་འཛིན་མཁས་པ་ཡོངས་ཀྱི་མཆོག་ཏུ་གྱུར། མུ་སྟེགས་ཀྱི་མཁས་པ་འཕྲོག་བྱེད་དགའ་བོ་འཁོར་བཅས་དྲི་མ་མེད་པའི་རིགས་པས་ཚར་བཅད་དེ་རྒྱལ་བསྟན་རྣམ་པར་རྒྱལ་བའི་བ་དན་བསྒྲེང་བས་དཔལ་ལྡན་ས་སྐྱ་པཎྜི་ཏ་


LT17_Page_029
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྙན་པར་གྲགས་པའི་རྔ་བོ་ཆེ་ཛམ་གླིང་གི་ས་གཡོ་བ་ཙམ་དུ་ལྡིར། སྐུ་ཚེའི་སྨད་ལ་གོང་མ་ཧོར་གྱི་རྒྱལ་པོའི་དཔུང་གིས་བོད་ལ་གནོད་དུ་ཉེ་བ་གཟིགས་ནས་དེ་འདུལ་བའི་ཕྱིར་རྒྱ་ནག་ཏུ་ཕེབས། རྒྱ་ནག་གི་རྒྱལ་པོས་ཚོད་བགམ་པའི་ཕྱིར་སྒྱུ་མ་མཁན་ལ་གྲོང་ཁྱེར་བའི་གཤང་གཅིའི་ཕུང་པོར་གཞལ་མེད་ཁང་བཀོད་པས་མཛེས་པ་སྤྲུལ་དུ་བཅུག་ནས་དེར་སྤྱན་དྲངས་པ་ན་རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླབས་པའི་མེ་ཏོག་གཏོར་ནས་ནང་དུ་བྱོན་པས་ཕྱིར་བསྡུ་མ་ནུས་པར་བྱང་ཕྱོགས་སྤྲུལ་པ་སྡེའི་ལྷ་ཁང་ཞེས་དུས་ཕྱིས་ཀྱང་ཡོད་པ་སོགས་ངོ་མཚར་རྫུ་འཕྲུལ་གྱི་སྤྱོད་པས་རྒྱལ་པོ་འཁོར་བཅས་དད་པར་བྱས་ཏེ་བདེ་བ་ཅན་དུ་གཤེགས། དབོན་ཆོས་རྒྱལ་འཕགས་པ་གོང་མའི་བླ་མར་གྱུར་ཏེ་རྫུ་འཕྲུལ་དང་ཆོས་བསྟན་པའི་སྒོ་ནས་རྒྱལ་པོའི་མཛད་པ་ལེགས་ལམ་དུ་བསྒྱུར་བས་མངའ་འབངས་སྐྱིད་ཅིང་བསྟན་པ་དར་བའི་གཞི་རྩ་བཙུགས། བོད་ཀྱི་དགེ་འདུན་རྣམས་ཆོས་དང་ཟང་ཟིང་གི་ཆར་གྱིས་ཚིམ་པར་མཛད། དེ་གོང་བོད་དུ་རིག་གནས་ཀྱི་སྲོལ་ཀ་ཆེར་མ་དར་བ་ལས་ཆོས་རྗེ་ཁུ་དབོན་འདི་གཉིས་ཀྱིས་སྒྲ་དང་སྙན་དངགས་སྡེབ་སྦྱོར་མངོན་བརྗོད་ཟློས་གར་གྱི་གཞུང་མང་པོ་བསྒྱུར་ཞིང༌། རྒྱ་ཆེར་དར་བའི་བདག་རྐྱེན་མཛད་པས་ལྷག་པར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཡུལ་གླིང་ཆེན་པོ་ལྟ་བུར་གྱུར། དེའི་རྗེས་སུ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་བདག་ཆེན་


LT17_Page_030
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་རྒྱལ་མཚན་སོགས་གདུང་བརྒྱུད་དང༌། གཞན་ཡང་གཡག་རོང་རྣམ་གཉིས། ངོར་རྫོང་རྣམ་གཉིས། གོ་ཤཱཀ་རྣམ་གཉིས། ཚར་ཆེན་ཡབ་སྲས་སོགས་སྐྱེས་ཆེན་མང་དུ་བྱོན་ནས་རིང་ལུགས་བཤད་སྒྲུབ་ཀྱི་རྒྱུན་བཟུང་ཞིང༌། ངོར། ན་ལེན་དྲ། རྟ་ནག་ཐུབ་བསྟན་རྣམ་རྒྱལ། མཉན་ཡོད་བྱ་རྒོད་གཤོངས་སོགས་ཆོས་སྡེ་གྲགས་པ་ཅན་མང་དུ་བཏབ། གཞན་ཡང་ལྷོ་བྲག་མར་པ་ལོ་ཙཱ་རྒྱ་གར་དུ་བྱོན་ཏེ། དཔལ་ན་རོ་པ་སོགས་པཎ་གྲུབ་ཀྱི་བླ་མ་མང་དུ་བསྟེན། སླར་བོད་ཡུལ་དུ་བསྟན་པ་བསྐྱངས་པའི་སློབ་མ་ཀ་བ་བཞི་ལས་སྒྲུབ་བརྒྱུད་ཀྱི་བཀའ་བབས་མི་ལ་བཞད་པའི་རྡོ་རྗེས་སྤྱིར་གྲུབ་ཐོབ་ཀྱི་བུ་སློབ་མང་དུ་བཏོན་པའི་ནང་ནས་མཆོག་ཏུ་གྱུར་པ་མཉམ་མེད་སྒམ་པ་པོ་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ལ། ཕག་གྲུ། དུས་མཁྱེན། ཞང་ཚལ་བ། འབའ་རོམ་བཀའ་བརྒྱུད་དེ་ཆེ་བཞི། གདན་ས་བཀའ་བརྒྱུད་དང་ལྔ། འབྲི་གུང༌། འབྲུག་པ། སྟག་ལུང༌། ཁྲོ་ཕུ་བ་སོགས་བཀའ་བརྒྱུད་ཆུང་བརྒྱད། དེ་དག་རེ་རེ་ལ་ཡང་གྲུབ་བརྙེས་རྣལ་འབྱོར་པའི་སྡེ་དཔག་ཏུ་མེད་པ་དབྱར་དུས་ཀྱི་ཆུ་བོ་ལྟར་འཕེལ་ཏེ་དཔལ་ལྡན་འབྲུག་པ་ཁོ་ནའི་བཀའ་བརྒྱུད་ཀྱིས་ཀྱང་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཁྱབ་པར་གྲགས། དེས་མཚོན་ནས་བོད་དབུས་གཙང་གི་ལྗོངས་སུ་བསྟན་པ་དར་བའི་ཚུལ་རྒྱས་པར་བརྗོད་ཀྱིས་མི་ལོང་ཡང་ཟུར་ཙམ་བཤད་པ་ཡིན་ལ། མདོ་ཁམས་ཀྱི་ཡུལ་ན་ཆེ་བ་ཤར་ཕྱོགས་འབྲི་ཀླུང་གི་རྒྱུད་འདིར་ནི་སྔོན་ཆེན་པོ་


LT17_Page_031
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གི་དུས་ནས་ས་སྐྱ་པའི་བསྟན་པ་གཙོ་བོར་མཆོད་པའི་སྲོལ་དར་ཞིང༌། རྗེས་ལ་སྡེ་དགེ་ཆོས་རྒྱལ་ཆེན་པོ་རིམ་བྱོན་རྣམས་ཀྱང་གདུང་བརྒྱུད་གོང་མ་འགར་ཆེན་ཡེ་ཤེས་བཟང་པོའི་དུས་ནས་རྗེ་བཙུན་ས་སྐྱ་པའི་ནང་འཁོར་ཡིན་པ་དང༌། ཕྱིས་སུའང་དཔལ་ཨེ་ཝཾ་པའི་མཁན་བརྒྱུད་ཀྱི་ཕྲེང་བ་རྣམས་དང་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་དུ་གྱུར་པ་སོགས་ཀྱི་རྟེན་འབྲེལ་ལས་དཔལ་ལྡན་ས་ངོར་རྣམ་གཉིས་རིགས་བདག་ཏུ་འཛིན་པ་ཤ་སྟག་བྱུང་ལ། སྡེ་དགེ་བོ་ཐར་གྱི་དུས་སུ་ཕོ་བྲང་གི་ས་གཞི་དང་པོར་འདུལ་བ་དང༌། རྒྱལ་སྲིད་ལ་མངའ་གསོལ་བའི་བྱེད་པོ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཡིན་ཅིང༌། ཕྱིས་སུ་གཏེར་སྟོན་འཇའ་ཚོན་སྙིང་པོས་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་ཟན་གྱི་སྡིག་པ་ར་ཙའི་གཟུགས་ཤིག་བཅོས་ནས་གནང་སྟེ། འདི་ཡི་དམ་གུ་རུ་དྲག་པོའི་ཕྱག་མཚན་ཡིན། ཁྱེད་རང་གི་ཐེལ་རྟགས་ལ་འདི་ཐོབ། ས་སྟོད་རྣམས་ས་སྐྱ་དང༌། ས་སྨད་རྣམས་རྙིང་མ་བས་ཟུངས་དང་རྒྱལ་སྲིད་ཕྱི་ན་གས་མེད་པ་ནང་ན་སྲུབ་མེད་པ་འོང་ཞེས་ལུང་བསྟན་པ་ལྟར་བྱུང་བ་སོགས་ཀྱིས་གསང་སྔགས་རྙིང་མ་པ་རྣམས་ཀྱང་མཆོད་གནས་ཀྱི་ཕུད་དུ་བཀུར། སྡེ་དགེ་སངས་རྒྱས་བསྟན་པའི་སྐུ་རིང་ལ་བཀའ་བརྒྱུད་བསྟན་འཛིན་ཡོངས་ཀྱི་གཙུག་རྒྱན་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཨ་ལོར་འཁྲུངས་པ་དབུས་ཕྱོགས་ཀྱི་གདན་སར་མ་ཕུལ་བར་དཔལ་སྤུང་གི་ཆོས་གྲྭ་བཏབ་ནས་དེར་བཞུགས་སུ་གསོལ་བ་


LT17_Page_032
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ་སི་ཏུའི་སྐུ་ཕྲེང་རྣམས་གཙུག་གི་ནོར་བུར་བསྟེན་པས་སྒྲུབ་བརྒྱུད་ཀཾ་ཚང་གི་ཡང་བསྟན་པའི་སྦྱིན་བདག་མཚུངས་བྲལ་དུ་གྱུར། བྱང་རྒྱུད་རྫ་ཆུ་ཁ་ན་རི་བོ་དགེ་ལྡན་པའི་མཚན་ཉིད་ཀྱི་ཆོས་གྲྭའནག་འགའ་ཞིག་ཡོད་དེ་མདོར་ན་གངས་རིའི་ཁྲོད་ཀྱི་རིས་མེད་པའི་རྒྱལ་བསྟན་མཐའ་དག་གྲུ་བཞིར་སྐྱོང་ཞིང༌། སྔོན་དུས་རྒྱལ་རབས་རེ་བཞིན་རིན་པོ་ཆེ་དང་ཙནྡན་ལས་གྲུབ་པའི་སྐུ་གཟུགས་མཆོད་རྟེན་མང་པོ་དང༌། གསེར་བཏུལ་མའི་བཀའ་འགྱུར་སོགས་དཀོན་མཆོག་གསུམ་གྱི་རྟེན་བཞེངས་མང་དུ་མཛད་ལ། ཁྱད་པར་དུ་དགེ་འདུན་གྱི་སྡེ་རྙིང་པ་མཆོད་ཅིང་གསར་པ་འཛུགས་པ་དང༌། བཀའ་བསྟན་འགྱུར་རོ་ཅོག་དང་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་འབུམ། སྣ་ཚོགས་རིག་གནས་ཀྱི་སྐོར་སོགས་གླེགས་བམ་གྱི་ཕྱི་མོའི་སྤར་ཤིང་གྲངས་མང་ལ་དངོས་གཙང་བ་རིན་པོ་ཆེའི་བྲག་རི་བརྩིགས་པ་ལྟ་བུ་བཞེངས་ཏེ། ཕྱོགས་བཞིའི་སྐལ་བཟང་ཆོས་དོན་གཉེར་བའི་སྐྱེ་བོ་རྣམས་རྒྱ་མཚོ་ཆེན་པོ་ལས་ནོར་བུ་ལེན་པའི་ཚུལ་དུ་ཚུར་འདུ་བ་དང༌། ཆོས་ཀྱི་རྙེད་པ་གྲུབ་ནས་དགའ་བཞིན་རང་གནས་སུ་ལྡོག་པའི་འགྲོ་འོང་མང་པོའི་རྒྱུ་འགྲུལ་གྱི་བུན་ལོང་ཉིན་རེ་བཞིན་དུ་རྒྱུན་མི་འཆད་པར་འབྱུང་བས་མདོ་ཁམས་སྟོད་སྨད་བར་གསུམ་ཆོས་ཀྱི་ལོངས་སྤྱོད་རྣམ་ཐོས་བུའི་བང་མཛོད་ཁ་ཕྱེ་བ་ལྟ་བུས་བཀང་བ་འདི་དག་སྡེ་དགེ་བྱང་ཆུབ་སེམས་དཔས་བཞེངས་པའི་རྟེན། བསྒྲུབས་པའི་ཆོས། བསགས་པའི་རྣམ་དཀར། སྔོན་སྨོན་གྱི་ཆེ་བ་ཡིན་པས་


LT17_Page_033
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཆུ་བཞི་སྒང་དྲུག་གི་ཁོངས་འདིར་རྒྱལ་བསྟན་སྟོབས་ཀྱིས་འདེགས་པ་དང༌། སྐྱེ་དགུའི་ཕན་བདེ་གསོ་བ་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཁས་བསྟོད་བསྟོད་ལ་མི་ལྟོས་པར་མིག་གི་མཐོང་གསལ་ལ་གནས་པ་དེ་ཀ་ལགས། ཁམས་ཕྱོགས་འདིར་གསང་སྔགས་སྔ་འགྱུར་པའི་ཆོས་སྡེ་བྱུང་བ་ལ་སྔ་བ་ནི་ཟུར་གསང་བདག་སྒྲོ་ཕུག་པའི་དངོས་སློབ་ཛམ་སྟོན་འགྲོ་བའི་མགོན་པོའི་ཐུགས་སྲས་བླ་མ་ཤར་བ་སྤོབས་པ་མཐའ་ཡས་སམ་ཡོངས་གྲགས་སུ་དམ་པ་བདེ་གཤེགས་ཞེས་གྲུབ་ཆེན་མེ་ཏྲ་ཛོ་ཀིས་རྒྱལ་སྲས་ཞི་བ་ལྷར་ངོས་བཟུང་བ་དེས་ཁམས་སྤོ་འབོར་གྱི་སའི་ཆར་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་བཏབ་སྟེ། རྒྱལ་ཚབ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་བྱམས་པ་འབུམ་ནས་བླ་རབས་བཅུ་གསུམ། དུང་རབས་བཅུ་གསུམ་སོགས་སྤྱིར་མདོ་སྔགས་མཐའ་དག་ལ་མཁས་ཤིང་ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི་རིང་ལུགས་འཛིན་པའི་གདན་རབས་ཀྱི་ཕྲེང་བ་ཡིད་བཞིན་ནོར་བུའི་དོ་ཤལ་ལྟ་བུ་ཚར་དུ་བསྒྲིགས། སྔོན་ཆོས་སྡེ་འདིར་དུས་གཅིག་ལ་དགེ་འདུན་ཁྲི་ཕྲག་བཅོ་བརྒྱད་འདུས་པར་གྲགས་ཤིང༌། འཇའ་ལུས་ཀྱི་གྲུབ་མཐའ་སྙོགས་པའི་རྣལ་འབྱོར་པའང་འགའ་ཞིག་བྱོན། དུས་ཕྱིས་ཀཿཐོག་གྲུབ་བརྙེས་བྱང་ཆུབ་རྒྱ་མཚོའམ་གཏེར་སྟོན་བདུད་འདུལ་རྡོ་རྗེའི་རིང་ལ་པདྨའི་རྒྱལ་ཚབ་རིག་འཛིན་མི་འགྱུར་རྡོ་རྗེ་ངོམ་དུ་འཁྲུངས། སྐུ་གཞོན་ནུ་ནས་སྔོན་སྦྱངས་སྟོབས་སུ་གྱུར་པས་ཉམས་


LT17_Page_034
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཀྱི་ཀློང་རྡོལ། རྩ་གསུམ་ལྷག་པའི་ལྷའི་ཞལ་གཟིགས། གནམ་ཆོས་ཐུགས་ཀྱི་གཏེར་ཁར་གྲགས་པའི་ཆོས་མཛོད་ལ་དབང་བསྒྱུར། རིག་འཛིན་བདུད་འདུལ་རྡོ་རྗེ་དང་ཡང་མཇལ་ཏེ་ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས། རྒྱལ་བ་ཀརྨ་པ་ཞྭ་ནག་དབང་ཕྱུག་རྡོ་རྗེ་དང༌། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གཉིས་ཀྱི་དངོས་སློབ་སེམས་དཔའ་ཆེན་པོ་ཀརྨ་ཆགས་མེད་དང་མཇལ་བས་ཚད་ལྡན་གྱི་གཏེར་སྟོན་དུ་ཐུགས་ངེས་འཁྲུངས་ཏེ་ཞབས་སྤྱི་བོར་བླངས། གསུང་གི་བདུད་རྩི་བཞེས། མཉེས་པ་གསུམ་གྱིས་ཐུགས་བཟུང༌། དགོངས་གཏེར་རྣམས་ལ་གསལ་བྱེད་ཆོག་ཁྲིགས་དང༌། ཁ་སྐོང༌། ཟུར་རྒྱན། ཟིན་བྲིས་སོགས་མང་དུ་མཛད་ཅིང་ཉམས་བཞེས་དང་འཆད་སྤེལ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་དང་རྨུགས་སང་གདན་ས་སོགས་ལས་རིང་ལུགས་འཛིན་པའི་ཆོས་སྡེ་མང་དུ་མཆེད། ཐུགས་རྗེའི་བྱིན་རླབས། ཆོས་ཀྱི་འགྲོ་དོན། བཀའ་བབས་ཀྱི་ཆོས་བདག་སོགས་སྒོ་ཀུན་ནས་ཕུན་སུམ་ཚོགས་པས་སྡེ་དགེ་ལྷོ་རྒྱུད། ཧོར་ཞབས། འགུ་ལོག །གསེར་ཐལ། རེབ་བཀོང༌། རྒྱལ་མོ་རོང་སོགས་ཆོས་བརྒྱུད་ཀྱིས་ཁྱབ་ཅིང༌། དབང་ལུང་གི་བརྒྱུད་སྲོལ་ཟིན་པ། ཐུགས་དམ་ཕྱག་རྫོགས་ལ་མཛད་པ། སྙིང་རུས་སྒྲུབ་ཚུགས་ལ་སྐྱེལ་བ། གདམས་ངག་སྣ་གཅིག་གི་སྟེང་དུ་ས་སྡེ་ཚུགས་པའི་དམ་པའི་སྐྱེས་བུ་མང་དུ་བྱོན། ཡང་ཆགས་མེད་


LT17_Page_035
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་བུ་ཆེན་དམ་པ་པདྨ་རིག་འཛིན་གྱིས་ཕྱོགས་མེད་ཀྱི་བླ་མ་མང་དུ་བསྟེན། ཆོས་བཀའ་སྤྱི་དང་ཁྱད་པར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་གདམས་པ་ཞུན་ཐར་ཆོད་པར་གསན་ནས་ཁམས་དབུས་ཀྱི་སྒྲུབ་གནས་རྣམས་སུ་སྒྲུབ་པ་རྩེ་གཅིག་མཛད་པས་ཉམས་རྟོགས་ཀྱི་རྩལ་ཆེན་རྫོགས་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས་ཀྱང་བསྟོད་བསྔགས་ཀྱིས་དབུགས་དབྱུང༌། དགུང་ལོ་དྲུག་ཅུ་བཞེས་དུས་ཁམས་རུ་དམ་དུ་ཕེབས་ནས་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གདན་ས་བཏབ་སྟེ་སློབ་མ་བསྐྱངས་པས་ཚོགས་པ་སྟོང་ཕྱེད་ལྔ་བརྒྱ་ཙམ་འདུས་ཤིང༌། ནག་ཤོད་སྲིན་རྫོང༌། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང༌། རྒྱ་རོང་རྟག་བརྟན་སྒྲུབ་སྡེ་སོགས་ཡན་ལག་གི་ཆོས་སྡེ་ཆེ་ཕྲ་མང་པོར་འཕེལ། མཁས་གྲུབ་ཀྱི་བུ་སློབ་བྱ་ཁྱུ་འཕུར་བ་ཙམ་ཐོན་པས་མདོ་ཁམས་རྫོགས་ཆེན་པ་ཞེས་དབུས་གཙང་ཁམས་གསུམ་དུ་གྲགས་ཤིང༌། མཚན་དོན་གྱིས་གུང་ཁེབ་པ་བྱུང༌། དེ་རྣམས་ལ་ཀཿརྫོགས་དཔལ་གསུམ་ཞེས་མདོ་ཁམས་ཀྱི་ཡུལ་འདིའི་གསང་སྔགས་རྙིང་མ་པའི་ཆོས་སྡེ་ཐམས་ཅད་ཀྱི་རྩ་བར་ད་ལྟའི་བར་གོང་འཕེལ་དུ་བཞུགས་ཏེ་ཡས་གཏམ་དམ་པ་ཆོས་ཀྱི་ལོ་རྒྱུས་རགས་རིམ་ཙམ་ལགས།། ༈ །།མས་གཏམ་ལའང་སྟེང་ན་རྗེའི་གདུང་རབས། འོག་ན་འབངས་ཀྱི་མི་རབས། སྟོང་སྡེ་སྲིད་པའི་ཆགས་ཚུལ་དང་གསུམ་ལས་


LT17_Page_036
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་དབང་དུ་བཏང་ན། འཇིག་རྟེན་ཐོག་མར་ཆགས་ནས་ཡུན་རིང་མ་སོང་བའི་དུས་སུ་མི་ལ་ཕོངས་ཕྱུག་དང་ལོངས་སྤྱོད་ལ་གསོག་འཇོག་མེད་ཅིང༌། དཔོན་གཡོག་གི་ཐ་སྙད་མེད་དེ་བསམ་གཏན་ལྷ་གནས་དང་ཆ་འདྲ་བའི་བདེ་སྐྱིད་ཆེན་པོས་འཚོ་ཡང༌། བསྐལ་པ་མར་འགྲིབ་པས་བསོད་ནམས་རིམ་གྱིས་ཕྲི་སྟེ་འབྱུང་བ་དྭངས་མའི་ཟས་རྣམས་ནུབ། སྐྱེ་བོ་རྣམས་འབྲས་སཱ་ལུའི་ཞིང་ལ་སྤྱོད་པའི་སྐབས་སུ་ལོ་ཏོག་ལ་གསོག་འཇོག་དྲན་ཞིང་ང་ཁྱོད་ཀྱི་རིས་སུ་བཅད་དེ་ཕན་ཚུན་མི་མཐུན་པར་རྩོད་པ་ན་རྒྱལ་པོ་ལ་སྔ་བ་མང་པོས་བཀུར་བ་བྱུང་སྟེ། དྲང་པོའི་གཞུང་ལམ་བཟུང༌། ལོངས་སྤྱོད་ཆོས་བཞིན་བགོས། རྩོད་པའི་ཟུག་རྔུ་ཕྱུངས་པས་དྲིན་ལན་དུ་དྲུག་ཆའི་དཔྱ་ཐང་གིས་མཆོད། མི་ལ་མཐོ་དམན་ཕྱེ་སྟེ་རྗེ་དང་འབངས་སུ་བཞག །དབང་རྗེ་ལ་གཏད་དེ་སྐྱིད་སྡུག་ཤེས་སུ་འཇུག་པའི་སྲོལ་དོད། དེའི་བུ་བརྒྱུད་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་སོགས་ནས་་རྒྱལ་པོ་ཟས་གཙང་མ་མཆེད་བཞིའི་བར་དུ་རྒྱལ་པོ་དང་རྒྱལ་རིགས་འབུམ་ཕྲག་ལྷག་པའི་གདུང་རབས་མུ་ཏིག་གི་ཕྲེང་བ་སྟར་ལ་བརྒྱུས་པ་ལྟར་བྱུང༌། རྒྱལ་པོ་ཟས་གཙང་གི་སྲས་བཅོམ་ལྡན་འདས་དང་མཛེས་དགའ་བོ་གཉིས། བཅོམ་ལྡན་འདས་ཁབ་ན་བཞུགས་དུས་ཀྱི་སྲས་སྒྲ་གཅན་ཟིན་ཏེ། འདི་ཡན་ཆད་ཀྱིས་མང་པོས་བཀུར་བའི་རྒྱལ་བརྒྱུད་དངོས་རྫོགས་པར་གསུངས། གཞན་ཡང་མ་ག་དྷ་དང༌། ཀོ་ས་ལ་དང༌།


LT17_Page_037
[མ་དཔེ་གཟིགས་ན་འདིར་གནོན།]

ཀོ་ཤམྦིའི་རྒྱལ་པོའི་རིགས་དང༌། ལི་ཙ་བིའི་རིགས་སོགས་གྲགས་པ་ཅན་གྱི་རྒྱལ་པོའི་རིགས་མང༌། དེའི་རྗེས་ཉི་མའི་རིགས་ལས་ཛམ་བུ་གླིང་གི་རྒྱལ་པོ་མྱ་ངན་མེད་དང་སྙིང་པོའི་ཐིག་ལེ་དང་སེང་གེ་ལྔ་པ་སོགས་དང༌། ཙནྟྲའི་རིགས་ཀྱི་རྒྱལ་རབས་མང་པོ་སྔོན་དུས་སུ་བྱུང་ཞིང༌། ཕྱི་རྒྱལ་པོའི་གྲུབ་ཐོབ་གོ་པཱ་ལ་དང་དེ་བ་པཱ་ལ་དང་ཆོས་རྒྱལ་མྱ་ངན་མེད་ལ་གཟི་བྱིན་འགྲན་པ་རྒྱལ་པོ་ཆེན་པོ་་པཱ་ལ་སོགས་པཱ་ལའི་རིགས་ཀྱི་རྒྱལ་པོ་མང་དུ་མཆེད་པས་མཚོན། བསོད་ནམས་ལས་ཤུགས་ཀྱིས་ཡངས་པའི་ས་ཆེན་པོ་ལ་དབང་བསྒྱུར་ཞིང༌། མངའ་ཐང་ལོངས་སྤྱོད་ཀྱིས་དཀོན་མཆོག་གི་གདན་ཁྲི་འདེགས་པ། དཔུང་སྟོབས་གཟི་བརྗིད་ཀྱིས་གཞན་སྡེའི་རྒོལ་བ་ཟིལ་གྱིས་གནོན་པའི་རྒྱལ་པོ་དང་རྒྱལ་ཕྲན་མང་པོ་འཕགས་ཡུལ་ཤར་ནུབ་ལྷོ་བྱང་དབུས་ལྔ་ཀུན་ཏུ་བྱུང༌། བོད་གངས་ཅན་གྱི་ལྗོངས་འདིར་ནི་སྟོན་པས་འཇམ་དཔལ་རྩ་བའི་རྒྱུད་དུ་གསལ་བར་ལུང་བསྟན་པ་ལྟར་འཕགས་ཡུལ་ལི་ཙ་བིའི་རིགས་ལས་མཚན་དང་ལྡན་པའི་གཞོན་ནུ་ཞིག་རྐང་འཁྱམ་སྟེ་རིམ་གྱིས་བོད་གཡོ་རུའི་ཡར་ལུང་ལྷ་རི་རོལ་པོའི་རྩེ་མོར་བྱོན་པ་ཕྱོགས་དེའི་རྫི་བོ་མང་པོས་མཐོང་ནས་གཉའ་བར་ཁྲི་བརྩིགས་ཏེ་རྗེར་བཀུར་བའི་ཚེ་མིང་བཙན་པོ་ཞེས་གསོལ་བ་མི་རྗེ་གཉའ་ཁྲི་བཙན་པོ་སྟེ། དེ་ནས་རིམ་པར་གནམ་ལ་ཁྲི་བདུན། ས་ལ་ལེགས་དྲུག་ཚིགས་ལ་བཙན་ལྔ། ལོགས་ལ་སྡེ་བརྒྱད་


LT17_Page_038
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་པའི་གདུང་རབས་བཅུ་གསུམ་སོགས་བྱུང་བའི་ནང་ཚན་མི་རྗེ་སྲོང་བཙན་སྒམ་པོས་དགེ་བ་བཅུའི་ཁྲིམས་བཅས་ཀྱང་ཁྲིམས་ཡིག་རྒྱས་པར་མ་མཛད་པ་ལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་འགོས་ཁྲི་བཟང་ལྷ་ལོད་རྗེ་བློན་གྱིས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྦྲམ་ལ་ལྕི་བ་དང༌། ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་དམ་པ་གཉིས་སུ་ཕྱེ་སྟེ་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་བྲིས། འགྱུར་མེད་ཀྱི་ཕྱག་རྒྱས་བཏབ་སྟེ་ཁྲིམས་བསྡམས་པས་རྒྱལ་པོ་བཀའ་བཙན། ཁྲིམས་ལུགས་དྲང་ལ་སྙོམས། ཡུལ་མི་རྗེ་ལ་གུས་པས་རྒྱལ་ཁམས་བདེ་སྐྱིད་དང་ལྡན་པར་གྱུར། ཆོས་རྒྱལ་་པཱ་ལ་དང་ཡང་ཕྲིན་ཡིག་གི་ལམ་ནས་མ་མཐོང་བའི་མཛའ་བོར་སྦྲེལ། ཕྱོགས་བཞིའི་འགྲན་ཟླ་ཆེ་དགུ་དབང་དུ་བསྡུས་ཏེ་ཆུ་བོ་གངྒཱའི་འགྲམ་དུ་རྡོ་རིང་བསླངས། སྲས་མུ་ཏིག་བཙད་པོས་རྒྱལ་ས་བཟུང་སྟེ་བོད་མིའི་ཕྱུག་དབུལ་ལན་གསུམ་བསྙམས། མངའ་བདག་རལ་པ་ཅན་གྱིས་དབོན་ཞང་གི་འཁྲུགས་པ་བསྡུམས་ཏེ་རྒྱ་རྒྱ་ཡུལ་དང་བོད་བོད་ཡུལ་ན་སྐྱིད་པར་བྱས་པ་སོགས་མེས་དབོན་རྣམས་ཀྱིས་རྒྱལ་སྲིད་སྙིང་རྗེས་བསྐྱངས་པའི་མཛད་པ་རླབས་ཆེ། དེ་མཐར་རལ་པ་ཅན་གྱི་གཅུང་གླང་དར་མས་ཆོས་ཁྲིམས་བཤིག་པས་རྒྱལ་ཁྲིམས་རང་ཤུགས་ཀྱིས་ཞིག །གདུང་བརྒྱུད་སིལ་བུར་འཐོར། དེ་ཕྱིན་མངའ་རིས་ཀྱི་ལྷ་བླ་མ་ཁུ་དབོན་སོགས་སྐྱེས་བུ་དམ་པ་མང་དུ་འཁྲུངས་ཀྱང་བོད་སྤྱི་ལ་དབང་


LT17_Page_039
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱལ་པོ་མ་བྱུང༌། ཕྱིས་སུ་གནམ་སེ་ཆེན་རྒྱལ་པོས་མདོ་སྨད་མིའི་ཆོལ་ཁ། མདོ་སྟོད་རྟའི་ཆོལ་ཁ། དབུས་གཙང་ཆོས་ཀྱི་ཆོལ་ཁ་སྟེ་བོད་ཆོལ་ཁ་གསུམ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དབང་ཡོན་དུ་ཕུལ་བས་བོད་ཁམས་མཐའ་དབུས་ཐམས་ཅད་དཔལ་ལྡན་ས་སྐྱ་པའི་ཆབ་འབངས་སུ་གྱུར་ཏེ་དཔོན་ཆེན་་བཟང་པོ་སོགས་བོད་སྤྱི་ལ་དབང་བའི་མི་དཔོན་རིམ་པར་བསྐོས་པ་རྣམས་ཀྱིས་ཧོར་ལུགས་དང་བསྟུན་པའི་ཁྲིམས་ཀྱིས་བཟང་ལ་གཏང་རག་དང་ངན་ལ་ཆད་པ་བྱས། དེའི་རྗེས་སུ་ལྷ་གཟིགས་རླངས་ཀྱི་གདུང་ལས་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཁྲི་སྐོར་བཅུ་གསུམ་དབང་དུ་བསྡུས་ནས་ཕོ་བྲང་སྣེའུ་གདོང་རྩེ་བཟུང༌། སྔོན་གྱི་བོད་ཆོས་རྒྱལ་མེས་དབོན་གསུམ་གྱི་ཁྲིམས་ཡིག་ལ་གཞི་བླང་བའི་བཀའ་ཁྲིམས་བཟང་པོ་གསར་དུ་བཅས་ཏེ་བོད་ཁམས་བདེ་བར་བསྐྱངས། རབ་བྱུང་བཅུ་པའི་ནང་དུ་ཆེན་པོ་ཧོར་གྱི་ཡུལ་ནས་ཇིང་གིར་བསྟན་འཛིན་ཆོས་རྒྱལ་བྱུང་སྟེ་བོད་ཤིང་སྒོ་ཅན་མཐའ་དག་དཔུང་གིས་མནན། དབུས་གཙང་གི་སའི་ཆ་ཐམས་ཅད་རྒྱལ་དབང་ཐམས་ཅད་མཁྱེན་པ་ཡབ་སྲས་ལ་ཕུལ། མི་རིང་བར་གནམ་གོང་མ་ཡུང་ལོ་རྒྱལ་པོས་ཀུན་མཁྱེན་ལྔ་པ་པེ་ཅིང་དུ་སྤྱན་དྲངས་ནས་ཏི་ཤྲིར་མངའ་གསོལ། གནམ་འོག་གི་སྐྱེ་བོ་མཐའ་དག་བསྟན་པ་གཅིག་ཏུ་གྱུར་པའི་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་པའི་མཚན་དང༌། ཁྱབ་བདག་རྡོ་རྗེ་འཆང་གི་ལས་ཀ་


LT17_Page_040
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བ་ནས་བཟུང་སྟེ་དགའ་ལྡན་ཕོ་བྲང་གི་དབུ་འཕང་དགུང་ལ་རེག་ཅིང་ལུགས་གཉིས་ཀྱི་བཀའ་ཁྲིམས་དྲང་པོར་བསྲང་བས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཕྲིན་ལས་འོ་མཚོ་ལྟར་ཁ་གཏིང་མེད་པར་དཀར་བའི་རྒྱུན་སླར་ཡང་འཕྱུར་ཏེ་བོད་ཁམས་ཐམས་ཅད་དཀར་ལ་མདངས་ཆེ་བར་བྱས། སྣེའུ་གདོང་གོང་མ་གྲགས་པ་རྒྱལ་མཚན་ཁུ་དབོན་གྱི་རིང་ཙམ་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གུང་བློན་ཆེན་པོ་བཞིའི་མཆོག་ཏུ་གྱུར་པ་འགར་སྲོང་བཙན་ཡུལ་བསྲུང་གི་མི་རྒྱུད་ལས་བདེ་ཆེན་བསོད་ནམས་བཟང་པོ་ཞེས་བྱ་བ་ཁམས་སུ་བྱོན་ནས་ཆེན་པོའི་ལས་ཀ་བཟུང་བ་ན་མི་ཀུན་གྱིས་སྡེ་དགེ་ཞེས་འབོད་པར་བྱུང་སྟེ། སྡེ་རིས་དགེ་བར་སྐྱོང་བའི་རྟེན་འབྲེལ་དུ་གནམ་གྱིས་མིང་བྱིན་པར་གྲགས། དེའི་འོག་ཏུ་སྡེ་དགེ་བོ་ཐར་གྱིས་རྣལ་འབྱོར་དབང་ཕྱུག་ཐང་སྟོང་རྒྱལ་པོའི་བཀའ་བཞིན་རྒྱལ་ཁབ་ལྷུན་གྲུབ་སྟེང་བཟུང་བ་ནས་བརྩམས་ཏེ་མེས་ལས་ཚ་དང༌། ཚ་ལས་ཡང་ཚ་ལྷག་པའི་ཚུལ་གྱིས་མངའ་ཐང་ཇེ་ཆེར་རྒྱས་ཤིང༌། གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་ཀྱང་ལུང་ལས་ཀ་ལག་རྟགས་དང་བཅས་པས་གཟེངས་བསྟོད་དེ་སྟོད་སྨད་ལྷོ་བྱང་སྟོང་སྡེ་ཁྲི་ཤོག་མང་པོ་ལ་དབང་བསྒྱུར། ལྷ་ཆོས་ལ་གཞི་བཅོལ་བའི་རྒྱལ་ཁྲིམས་འཇམ་ལ་ནོན་ཆེ་བ་བཅས་ཏེ། ལུགས་གཉིས་ཀྱི་སྲོལ་བཟང་སྔར་ཡོད་རྒྱུན་གསོས་ཤིང་སྔར་མེད་གསར་དུ་བཙུགས། ཁྲིམས་མཐུན་གྱི་ལེགས་བྱེད་གཏང་རག་གིས་སྤེལ། ཁྲིམས་འགལ་གྱི་དཔེ་ངན་ཆད་པས་


LT17_Page_041
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུབས། མཐོན་པོའི་གོང་མནན། དམའ་བ་ཐབས་ཀྱིས་བསྐྱངས། ཉམ་ཆུང་གི་ཕ་མ་མཛད། རང་མཉམ་མཐུན་འཇུག་གིས་བསྡུས། འགྲན་ཟླ་དཔུང་ཤེད་ཀྱིས་བཏུལ། རྒྱལ་པོ་བཞུགས་གདན་དང་མ་བྲལ་ཡང་ས་མཐའ་སྙན་གྲགས་ཀྱིས་ཁེབས་ཏེ། ཕ་ཡུལ་ཐག་རིང་གི་མི་སྡེ་སྐྱིད་པའི་ལུང་འོག་ཏུ་བབས་ཀྱིས་འདུ་བ་བྱུང༌། ཆོས་རྒྱལ་བསྟན་པ་ཚེ་རིང་གི་དུས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོ་མདོ་ཁམས་མི་ཉག་གི་ཡུལ་ནས་དབུ་རུ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་གདན་འདྲེན་པའི་མཐུན་འགྱུར་ཞབས་ཏོག་བསྒྲུབས་པ་ནས་བཟུང་སྟེ་དབུས་གཞུང་ས་ཆེན་པོ་དང་ཡང་ད་ལྟའི་བར་དུ་པདྨ་དང་ཉི་མའི་དཔེ་བཞིན་མཆོད་ཡོན་གྱི་འབྲེལ་ཟབ་ཐུན་མོང་མ་ཡིན་པ་གོང་འཕེལ་དུ་གནས་པ་འདི་བཞིན་ལགས། འབངས་མིའི་གནས་ཚུལ་གྱི་དབང་དུ་བྱས་ན། སྟོད་རྒྱ་གར་གྱི་ཡུལ་རྣམས་བསྐལ་བ་བཟང་པོའི་གྲོང་ཁྱེར་ཡིན་པས་མིའི་མཆོག་དང་ལོངས་སྤྱོད་ཀྱི་རྩེ་མོ་འབྱུང༌། སྡེ་མང་ལ་འབྱོར་པ་ཆེ། གཙུག་ལག་གི་གཞུང་དང་སྒྱུ་རྩལ་གྱི་རྣམ་གྲངས་མང༌། ཚོང་འདུས་ཀྱི་ལྟད་མོ་དང་བཟོ་གནས་ཀྱི་འཕྲུལ་མོད། མི་རིགས་བཞིའི་རྣམ་དབྱེ་གསལ། མཐོ་དམན་ཁྱད་སྤྱོད་པས་དབྱེ། ཕྱུག་པོ་ལས་མཁས་པ་བཀུར། ཟོང་ལས་རིག་པ་བྲིན། ཞིབ་ལ་བརྟགས་དཔྱད་རྣོ། སྔོན་གྱི་དྲང་སྲོང་ཕྱི་རྗེས་རིང་པོར་གཟིགས་པ་མང་དུ་བྱོན་པས་བྱ་བཞག་ཐམས་ཅད་ལ་བསྟན་བཅོས་


LT17_Page_042
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། ལས་དང་བྱ་བ་ཅི་བྱེད་བསྟན་བཅོས་དཔང་པོར་འཇོག་པས་དུས་བཟང་གི་ལུགས་སྲོལ་མི་འགྱུར། ཕ་མེས་ཀྱི་རིགས་ཆོས་གཞུང་སྲོང་བས་གནའ་བོའི་ལག་རྗེས་མི་ནུབ་ཅིང་མིའི་གོ་རིམ་མི་འཆོལ། མགོ་ནག་མི་ལ་ཆགས་སྔ་ཞིང་ཛམ་གླིང་ཡུལ་དབུས་ན་གནས་པས་སྡེ་མང་ནང་ནས་ཕུད་དུ་བརྩི་བ་དེ་ལགས། བོད་ཁ་བ་ཅན་འདི་དང་པོ་མི་མིན་འདྲེའི་རྒྱལ་ཁམས་སུ་ཡོད་པ་ལས། ཐུགས་རྗེ་ཆེན་པོའི་དགེ་བསྙེན་འཕགས་པ་སྤྲེལ་སྒོམ་དང༌། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་འདུས་ཏེ། རིགས་དྲུག་ནས་འཕོས་པའི་ལས་ཅན་གྱི་འགྲོ་བ་དྲུག་སྲས་སུ་བསྐྱེད་པ་ལས་མང་པོར་འཕེལ་ནས་བློ་ལྡན་རང་བཞིན་བཟང་བ་རྣམས་ཕའི་རིགས་དང༌། གཤིས་ངན་སྤྱོད་པ་གྱོང་བ་རྣམས་མའི་རིགས་སུ་བྱིན་གྱིས་བརླབས། དེ་དག་ལས་རུས་ཆེན་སྡེ་ལྔ། རེ་རེ་བཞིན་གྱེས་པའི་རྣམ་གྲངས་མང་པོ་དང་བཅས་བོད་ཁམས་མཐའ་དབུས་ཀྱི་མི་རྣམས་རིམ་གྱིས་མཆེད། དེའང་བོད་ལ་བོད་དང༌། བོད་ཆེན་པོ་གཉིས་ལས། བོད་ཡུལ་དབུས་ཀྱི་རྒྱལ་ཁམས། དབུས་ཁྲི་སྐོར་དྲུག །གཙང་ཁྲི་སྐོར་དྲུག །ཡར་འབྲོག་ཁྲི་སྐོར་གཅིག་སྟེ་སྡེ་ཁྲི་སྐོར་བཅུ་གསུམ། སྐད་ཆོས་སྐད་དུ་སྨྲ། ཡོན་ཏན་གང་ཆེའི་སྐྱེ་བོ་འཚོགས། རིགས་གང་མཐོའི་ཆེ་དགུ་གནས། མཐའ་བཞིའི་ནོར་སྣ་འདུ། ཕྱོགས་བཞིའི་མི་སྣ་འཛོམ། འཇིག་རྟེན་ལུགས་ཀྱི་བསྟན་བཅོས། བོད་རྗེ་གོང་མའི་ཡིག་ཚང༌། ཁྲིམས་སྲོལ་ཡུལ་དུས་ཀྱིས་བསྒྱུར་བའི་ཁྱད་པར་


LT17_Page_043
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་མཁས་ཤིང་མཐོང་རྒྱ་ཆེ། སྐྱེས་བུའི་ལུས་ཀྱི་རྩལ་གསུམ་ཞེས་མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆེན་བརྒལ་བ། ཡར་རྩལ་བྱ་ལ་འགྲན་པ་རྣམས་དང༌། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱི་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ། མཛངས་ལ་བློ་འགྱུ་བ། དཔའ་ལ་སྲན་ཚུགས་པ། ཁ་གསལ་ཞིང་གཏིང་མི་རྟོགས་པ་རྣམས་ཡིད་ཀྱི་རྩལ་གསུམ་སྟེ་ཕོ་རྩལ་སྣ་དགུ་དང༌། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོང་གསུམ། བང་རྐྱལ་ཤེད་གསུམ་སྟེ་རྩེད་མོ་སྣ་དགུ་སོགས་སྒྱུ་རྩལ་གྱི་ཤེས་པ་མང་པོས་རང་སྲིད་འཛིན་མཁས་ཤིང༌། གཞན་སྡེ་འདུས་མཁས། བོད་ཁམས་ཕན་བདེའི་རྩ་ལག་ཆོས་འཁོར་རྣམ་གསུམ་སོགས་ལ་ཞབས་ཏོག །སངས་རྒྱས་བསྟན་པའི་རྒྱ་མཚོ་ཆོས་སྡེ་རྣམ་བཞི་སོགས་ལ་བསྙེན་བཀུར། འཕགས་ཆེན་སྤྲུལ་པའི་རྒྱལ་པོ་རྣམས་ཀྱི་དགེ་བཅུའི་བཀའ་ཁྲིམས་ལ་བརྩི་འཇོག་སོགས་ལས་ཐབས་ཆོས་ཕྱོགས་སུ་སྨིན་ཅིང༌། ལག་རྗེས་ཆོས་ལ་ཆེ་བས་དབུས་གཙང་ཆོས་ལྡན་གྱི་ཡུལ་གྲུར་གྲགས་པ་དོན་ལ་གནས། བོད་ཆེན་པོ་སྟེ་མདོ་ཁམས་ལ། ཁམས་སྟོད། བར་ཁམས། མདོ་སྨད་དེ་གསུམ་པོ། ས་ཁ་རྒྱ་ཆེ། ལུང་པ་ཕུ་ཐག་རིང༌། མི་སྡེའི་རྣམ་གྲངས་མང༌། མི་རིགས་དང་སྐད་རིགས་མི་གཅིག །ཆ་ལུགས་དང་སྤྱོད་ཡུལ་མི་འདྲ་བའི་སྡེ་ཤོག་ཐ་དད། ལ་ལ་ཐང་མ་ལྟར་བརྡལ་ཆེ། ལ་ལ་ཚོམ་བུ་ལྟར་སྤུངས་


LT17_Page_044
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། གང་ཡང་དབྱར་ཁའི་མེ་ཏོག་ལྟར་སྣ་ཚོགས་སུ་བཀྲ་བའི་ཚུལ་དུ་ཡོད་པ་ལས། མདོ་ཁམས་ཡུལ་གྱི་ལྟེ་བ། དགུ་གླིང་སའི་མདུད་འཛོམ། སྡེ་དགེ་བྱང་ཆུབ་སེམས་དཔའི་མངའ་རིས་ལ། ལྷོ་རོང་སྡེ་ཁང་ཞིང་ཅན་གྱི་བདག་པོ། དཔའ་མཛངས་ཡ་རབས་རྒྱུད་ལས། རྒྱལ་ཁྲིམས་ཀྱི་ལུགས་ཤེས་ཤིང༌། སྤྱོད་པ་སོ་ཟིན་པ། གོང་རྗེའི་མདུན་བློན་དུ་འོས་ཤིང༌། སྡེ་རང་ཐོབ་ཀྱི་ཆུས་ཚུགས་ཐུབ་པའི་རྫོང་དཔོན་ཉི་ཤུ་རྩ་ལྔ། བྱང་འབྲོག་སྡེ་ཤོག་ཆེན་བཅུ་གཉིས་ཀྱི་བདག་པོ། གདུང་ཞལ་དཀར་ཅན་གྱི་མི་རྒྱུད། མཛངས་ལ་བློ་བརྟན་པ། རྗེ་ལ་སྙིང་ཉེ་ཞིང༌། འབངས་ལ་ཁྲེལ་གཞུང་ཆེ་བའི་དཔོན་ཁག་སུམ་ཅུ་སོ་ལྔ། དེ་དག་གང་ཡང་ཆོས་ཀྱི་རྒྱལ་པོ་རིམ་བྱོན་རྣམས་ཀྱིས་ལེགས་པར་བསྐྱངས་པས་མི་ཐམས་ཅད་རང་བཞིན་གྱིས་དུལ་ནས། རྗེ་བྱམས། འབངས་སྐྱིད། ཡུལ་འཇམ། རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུར་སྤྱོད་པས་ཕྱུག་པོས་སྐྱོང་སླ། མེད་པོས་བཙལ་སླ། སློང་མོ་བས་རྙེད་སླ། མི་ལ་མཁས་པ་མང༌། ཡ་རབས་ཀྱི་ལུགས་སྲོལ་ཤེས། མི་ཆོས་ལ་ཤེས་སྒོ་ཡངས། ལྷ་ཆོས་ལ་གོ་བ་བཟང༌། རིགས་གནས་ལ་རྣམ་དཔྱོད་ཞིབ། སྤྱོད་པ་ཁྲིམས་ལུགས་དང་མཐུན། ཡོན་ཏན་ཅན་གྱི་རྒྱལ་ཁམས་སུ་བྱུང་བ་ལས། ལྷོ་རོང་གི་བྱེ་བྲག་གདུང་རྒྱ་མཁར་སྲས་པོའི་རྫོང་འོག་སྡེ་ཀུ་སེ་རྒྱལ་མོ་ཚོ་དྲུག །དེའི་ནང་གསེས་ཀུ་སེ་སྨད་པའི་མི་རིགས། ཁ་ཆོས་འདོན་ལ་མཁས་པ།


LT17_Page_045
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཡིག་རིགས་ལ་བྱང་བ། བློ་རིག་པ་ལ་གོམས་པ། སྡེ་དགེ་ཚོགས་རྒྱལ་རིམ་བྱོན་རྣམས་ཀྱི་བཞེད་སྲོལ་སྐྱོང་བ། ཁྱུང་པོ་གཡུ་ཁྲི་སོགས་སྔོན་གྱི་བཟོ་བོ་འཕྲུལ་གྱི་རྣམ་དཔྱོད་ཅན་རྣམས་ཀྱི་ལག་རྒྱུན་འཛིན་པ། བཀའ་བསྟན་འགྱུར་རོ་ཅོག་གི་བསྟན་སྲོག་མི་ནུབ་པའི་སྲོག་ཤིང་འཛུགས་པ། རྟེན་བཞེངས་ལ་བྱས་པ་ཆེ་བས་རྗེའི་ཐུགས་སུ་འཐད་པ། ལོངས་སྤྱོད་བཟོ་གནས་ཀྱིས་འགྲུབ་པས་རྐུན་ཇག་གི་སྲོལ་ངན་ཉུང་བ། རྩལ་འགྲན་ཡོན་ཏན་ལ་བྱེད་པས་ལོ་བཅུའི་བྱིས་པ་ཡན་ཆད་བསླབ་ཤེས་མཁན་པོར་འགྲོ་བ། ཨེ་ཡུལ་རིག་པའི་འབྱུང་གནས་ལྟ་བུའི་མི་སྡེ་སྟེ་འོག་ན་འབངས་ཀྱི་མི་རབས་ཞེས་བྱ། ཡུལ་སྡེའི་ཆགས་ཚུལ་ལྟར་བཤད་ན། འཇིག་རྟེན་དང་པོར་ཆགས་དུས་འབྱུང་བཞིའི་ཁམས་རབ་ལས་རི་རབ་རིན་ཆེན་བཞིའི་རང་བཞིན་དང༌། འབྲིང་ལས་གསེར་གྱི་རི་བདུན་གསེར་འབའ་ཞིག་ལས་བརྩམས་པ་གཉིས་མཐོ་རིས་ལྷའི་ཡུལ་དུ་བྱུང༌། ཁམས་ཐ་མ་ས་རྡུལ་ལས་གླིང་བཞི་མིའི་ཡུལ་དུ་གྲུབ་སྟེ། ཁམས་རབ་དང་འདྲེས་པའི་རྟེན་འབྲེལ་ལས་རིན་པོ་ཆེའི་འབྱུང་ཁུངས་མང་བར་བྱུང༌། གླིང་བཞིའི་ནང་ནས་ལྷོ་གླིང་ནམ་མཁའ་སྔོན་པོའི་ཁེབ་འོག །ལོངས་སྤྱོད་ཛམ་བུ་་ཤིང་ཏོག་མཚོར་ལྷུང་བ་གསེར་དུ་འགྱུར་བའི་ཆ་ལས་ཛམ་བུའི་གླིང་དུ་མིང་བཏགས། གླིང་འདིར་བསྐལ་བཟང་གི་སངས་རྒྱས་སྟོང་འབྱོན་པས་གླིང་གཞན་ལས་ཁྱད་པར་འཕགས། དེ་ལ་ཡུལ་ཆེན་ཡུལ་ཕྲན་གྲངས་ཀྱིས་མི་ཆོད་པ་ཡོད་པའི་ནང་


LT17_Page_046
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆོག་ཏུ་གྱུར་པ་རྒྱ་གར་འཕགས་པའི་ཡུལ་ན་བྷང་ག་ལ་དང་ཨོ་ཌི་བི་ཤ་དང་ཁ་ཆེ་སོགས་རེ་རེ་བཞིན་མི་ཁྱིམ་འབུམ་ཕྲག་མང་པོ་དང་བཅས་པ་དང༌། འཕགས་ཡུལ་དངོས་ལ་མི་གཏོགས་ཀྱང་དེའི་ཕྱོགས་སུ་བསྡུ་བ་གསེར་གླིང་དང་སིང་ག་ལའི་གླིང་སོགས་བགྲང་དཀའ་བ་ཡོད་ཀྱང་གཙོ་བོར་གྱུར་པ་ནི་ཝ་ར་ཎ་སི། ཡངས་པ་ཅན། མཉན་ཡོད། གནས་བཅས། ཙམ་པ་ཀ༌།རྒྱལ་པོའི་ཁབ་སྟེ་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་གྲགས། དེ་དག་གི་དབུས་ན་སྟོན་པ་མངོན་པར་བྱང་ཆུབ་པའི་གནས་རྡོ་རྗེ་གདན་བྱང་ཆུབ་ཤིང་གིས་བརྒྱན་པ་དང༌། ནུབ་ཨོ་རྒྱན་མཁའ་འགྲོའི་གླིང་ན་རང་བྱུང་ཧེ་རུ་ཀའི་ལྷ་ཁང་སོགས་ངོ་མཚར་ཅན་མང་པོ་དང༌། དཔལ་འབྱོར་ལོངས་སྤྱོད་ཀྱི་ཁྱད་པར་ལྷ་ཡུལ་ལ་འགྲན་པ་ཡོད། དེ་ལས་བྱང་གི་ཕྱོགས་ན་གནས་པ་བོད་ཁ་བ་ཅན་གྱི་ཡུལ་གྲུ། རི་ཐམས་ཅད་གངས་ཀྱིས་གཡོགས་པ། ཆུ་ཐམས་ཅད་བསིལ་ལ་དྭངས་པ། སྔོ་ཐམས་ཅད་སྨན་དུ་སྐྱེ་བ། རི་བྲག་ལ་སྤྲུལ་པའི་རང་བྱོན་འབྱོན་པ། ཚད་པའི་དཔལ་ཆུང་བ། གདུག་པའི་སྲོག་ཆགས་ཉུང་བ། དུས་བཞིའི་རྣམ་འགྱུར་གསལ་བ། ཡུལ་བཀོད་སྣ་ཚོགས་སུ་བཀྲ་བ་སྟེ། སྟོད་མངའ་རིས་ཞང་ཞུང༌། བྲུ་ཤ༌།པུ་རང་སོགས་སྐོར་གསུམ་ལ་དབྱེ་བ་དགུ་རྫིང་གི་ཚུལ་དང༌། བར་དབུས་གཙང་གཉིས་ཀྱི་དབུས་ན་དབུ་རུ་དང་གཡོ་རུ་གཉིས། གཙང་ན་གཡས་རུ་དང་རུ་ལག་གཉིས་ཏེ་རུ་བཞི་ཡུར་བའི་ཚུལ། སྨད་མདོ་


LT17_Page_047
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཚ་བ་སྒང༌། སྤོ་འབོར་སྒོང༌། འབྲི་རྫ་ཟལ་མོ་སྒང་སོགས་སྒང་དྲུག་གི་ཁོངས་སུ་ཆུད་པ་ཞིང་གི་ཚུལ་ཏེ། དེ་དག་ལ་ལྷ་གཅིག་ཆུའི་པདྨས་སའི་དཔྱད་གཟིགས་པས་སྲིན་མོ་གན་རྐྱལ་དུ་ཉལ་བའི་དབྱིབས་སུ་འདུག་ནས་དེའི་ཁ་གནོན་དུ་བཞེངས་པའི། མཐའ་འདུལ། ཡང་འདུལ། རུ་གནོན་གྱི་ལྷ་ཁང་བཞི་གསུམ་བཅུ་གཉིས་དང༌། དབུས་ན་ལྷ་ལྡན་དགའ་བཞི་འཕྲུལ་གྱི་ལྷ་ཁང་ངམ། དཔལ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང༌། འཕགས་པ་ཐུགས་རྗེ་ཆེན་པོའི་བདེན་སྟོབས་ཀྱིས་རྒྱ་མཚོ་བསུབ་པའི་སྟེང་ན་ཆགས་ཤིང༌། རྫུ་འཕྲུལ་སྤྲུལ་པའི་བཟོ་བོས་དངོས་སུ་བཞེངས་པ། རྟེན་གཙོ་ཇོ་ཤཱཀ་རྣམ་གསུམ་དང་འོད་ཟེར་འཕྲོས་པའི་ལྷ་བརྒྱད་སོགས་སངས་རྒྱས་སྤྲུལ་པའི་སྐུ་དངོས་དང་ཁྱད་པར་མེད་པ་མང་པོ་བཞུགས་པས། དགའ་ལྡན་ལྷ་ཡུལ་ན་ཡང་ངོ་མཚར་གྱི་གླེང་གཞིར་བྱེད་པ། རྒྱ་ཕིབས་ཀྱི་དབུ་རྩེ་མཐོང་བས་ཀྱང་རྒྱུད་ལ་བྱིན་རླབས་འཇུག་པ་དང༌། དེའི་ལྷོ་རྒྱུད་གཡོ་རུའི་ས་ཆ་ན་དཔལ་བསམ་ཡས། སྟེང་ཁང་རྒྱ་གར། བར་ཁང་ལི་ཡུལ། འོག་ཁང་རྒྱ་ནག་གི་ལུགས་སུ་བཞེངས་པའི་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང༌། གླིང་བཞི། གླིང་ཕྲན། ཡཀྵ་ལྟག་འོག། ཇོ་མོ་གླིང་གསུམ་དང་བཅས་པ། རྟེན་གཙོ་བྱང་ཆུབ་ཆེན་པོ་སོགས་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང༌། མཁན་སློབ་ཆོས་གསུམ་ཞལ་འཛོམ་ནས་ས་རབ་ཏུ་གནས་པའི་མེ་


LT17_Page_048
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་འཐོར་བས་ཉི་འོག་གི་རྒྱལ་ཁམས་ན་བྱིན་རླབས་ཆེ་བ། མཐོང་ཐོས་ཀྱི་འབྲེལ་བ་ཐོབ་ཚད་ཕྱིར་མི་ལྡོག་པའི་སྐལ་ལྡན་དུ་བྱས་པ། དེ་སོགས་རྟེན་གསུམ་དང་གཙུག་ལག་ཁང་གི་རྣམ་གྲངས་མཐའ་ཡས་པ་ཡོད། གཞན་ཡང་སྟོད་མངའ་རིས་ན་གངས་བྲག་ཉི་ཤུ། བར་དབུས་གཙང་ན་སྒྲུབ་གནས་ཉེར་གཅིག །སྨད་མདོ་ཁམས་ན་གནས་ཆེན་ཉེར་གཅིག །གངས་ཆེན་བཞི། གྲགས་པའི་མཚོ་ཆེན་བཞི། སྦས་ཡུལ་རྒྱལ་པོ་གསུམ། ལུང་ལྔ། གླིང་དྲུག །ཡུལ་ཕྲན་བརྒྱ་རྩ་སོགས་ཡོད། སྟོད་སྨད་ཀྱི་ལྷོ་རྒྱུད་ཐམས་ཅད་དྲོ་ལ་འབྲུ་སྨིན། ཡུལ་གྱི་དགེ་བཅུ་ཚང་ཞིང་སའི་བཙན་བརླིང་འཛོམ། མཁར་ཁང་དང་རྨོས་ཞིང་འབྲེལ་བར་ཁྱབ། བྱང་རྒྱུད་ཐམས་ཅད་བསིལ་ལ་དཀར་བཅུད་འཕེལ། སྤྱོད་ཡུལ་ཁྱོན་ཡངས་ཤིང༌། ཕྱོགས་བཞིའི་འགྲོན་ལམ་བདེ། སྤྲ་ཁྱིམ་དང་ཕྱུག་འབྲོག་སྤེལ་མས་འཛིན། གང་ཡང་སའི་དཔྱད་བཟང་དགུ་འཛོམ། གྲུབ་ཐོབ་ཀྱི་གདན་ས་དང་དགོན་གནས་མང་པོས་བརྒྱན་པ་སྟེ། རོང་འབྲོག་སྦྲ་དང་ཆོན་ཐག་གི་ཚུལ། དགོན་གྲོང་གོས་དང་གོང་བའི་ཚུལ་དུ་ཆགས། རང་ཡུལ་ཀུ་སེ་ལུང་པ་ལ་དཔེར་བརྗོད་ན། སྔོན་སློབ་དཔོན་བཻ་རོ་ཙ་ན་ཁམས་རྒྱལ་མོ་རོང་ནས་བྱོན་དུས་ཀུ་སེ་འཕགས་ལུང་ཐང་ཞེས་པར་ཡི་གེ་བྲི་བའི་ཕྱག་སྨྱུག་ལྷུང་བ་ལས་གསེར་གྱི་ལྗང་བ་སྐྱེས་པའི་ཤུལ་དུ་ཕྱིས་དགོན་གནས་བཏབ་པ་ལ་དེང་སང་ཡང་གསེར་ལྗང་དགོན་དུ་གྲགས་ཏེ། ཡུལ་འདིར་ཡི་གེའི་རིག་པ་ལ་མཁས་པ་མང་དུ་འབྱུང་


LT17_Page_049
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེའི་བྱིན་རླབས་ཀྱིས་ཡིན་པར་གླེང༌། གཞན་ཡང་རྨུགས་སང་གི་གནས་ན་བྱ་ཁྱུང་རང་བྱོན་གྱི་ལྟད་མོ་དང༌། རྨུ་བ་ཆོས་ཉིད་རྡོ་རྗེ་ཟེར་བའི་གྲུབ་ཐོབ་ཆེན་པོ་ཅིག་གི་སྒྲུབ་གནས་རྨུ་ཕུག་སོགས་དང༌། རོང་བཙན་ཁ་བ་དཀར་པོའི་གནས་ལག་ཏུ་གྲགས་པ་སྒམ་བུ་གནས། རྗེ་གྲུབ་ཐོབ་ཆེན་པོས་བྱིན་གྱིས་བརླབས་པར་གྲགས་པའི་རྡོ་ཟམ་ཡ་མཚན་ཆེ་བ་སོགས་ངོ་མཚར་བའི་མཚན་རྟགས་མང་པོས་ཁྱད་པར་དུ་མཚོན་ཏེ། མདོར་ན་བསིལ་ལྡན་གངས་རིས་བསྐོར་བའི་ཡུལ་འདི་སྔོན་རྒྱལ་བ་ཉིད་ཀྱིས་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་བཀས་གཏད་པ་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་རྒྱུན་མི་འཆད་པར་འབྱུང་ཞིང༌། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོའི་ཟབ་དོན་ཡི་གེ་དྲུག་ཏུ་བསྡུས་ནས་གདུལ་བྱའི་སྙིང་ལ་རྒྱས་བཏབ་པས་བྱིས་པ་ལོ་གསུམ་གྱི་དུས་ནས་མ་ཎི་པདྨེ་རང་ཤེས་སུ་འོང་བའི་ངོ་མཚར་ཅན། རིའི་རྒྱལ་པོ་པོ་ཏ་ལ་དང་རྣམ་དབྱེར་མ་མཆིས་པའི་ཞིང་མཆོག་ཁྱད་པར་ཅན་ཡིན་པས་དེའི་ཡོན་ཏན་དང་ལོ་རྒྱུས་མཐའ་དག་བརྗོད་པར་དཀའ་ཡང་ད་དུང་མ་འོངས་པའི་གནས་སྐབས་ཀུན་ཏུ་བཀྲ་ཤིས་དགའ་སྟོན་དང་འབྲེལ་བར་ཡང་ཡང་གླེང་བའི་རྟེན་འབྲེལ་བྱེད། ༈ བྱས་ཤེས་བཀའ་དྲིན་ཆེ་བའི་ལོ་རྒྱུས་ཀྱི་དབང་དུ་བཏང་ན། མ་དག་པའི་ཞིང་དུ་སྙིགས་མ་ལྔས་གདུངས་པས་ཉམ་ཐག་པའི་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས་ཏེ། མཐོང་གྲོལ་གཟུགས་སྐུའི་ཉི་མ་བསོད་ནམས་བརྒྱ་བའི་


LT17_Page_050
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེ་ཅན་དངོས་སུ་བྱོན། གདུལ་བྱ་མཆོག་དམན་མེད་པར་རྗེས་སུ་བཟུང༌། ཉེ་རིང་མེད་པར་ཆོས་བསྟན་ནས་འཁོར་བ་དང་ངན་སོང་གི་སྒོ་བཅད། མཐོ་རིས་དང་ཐར་པའི་འཇུག་ངོགས་ལམ་པོ་ཆེ་བཞིན་དུ་གསལ་པོར་བཏོད། ཞལ་དངོས་སུ་མཇལ་བའི་སྐལ་པ་མེད་ཀྱང་ཐོས་པ་དོན་ལྡན་གྱི་མཚན་དང་གསུང་གི་བདུད་རྩིའི་རྒྱུན་བཟང་དེང་སང་གི་འགྲོ་བས་ཀྱང་ལོངས་སྤྱོད་དུ་ཡོད་པར་མཛད་པས་སྟོན་མཆོག་རྫོགས་པའི་སངས་རྒྱས་དེའི་བཀའ་དྲིན་སྟོང་གསུམ་གསེར་གྱིས་བཀང༌། གསེར་ཤིང་ནོར་བུས་སྤྲས་ཏེ་ཕུལ་ཡང་ཆ་ཤས་ཙམ་ཡང་གཞལ་བར་མི་ནུས་ལ། དེའི་རྗེས་སུ་དམ་པའི་ཆོས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལེགས་པའི་ལམ་བཟང་གསལ་བར་མཛད་དེ་གདུལ་བྱའི་ལྷག་མ་བསྐྱངས་པས་ཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས་འཕགས་ཡུལ་པཎ་གྲུབ་ཀྱི་ཕྲེང་བ་རྣམས་ཀྱང་སྐུ་དྲིན་ཆེ། དེ་ནས་བོད་ཡུལ་མུན་པའི་གླིང་དུ་དཀོན་མཆོག་གསུམ་གྱི་སྒྲོན་མེ་སྤར། མངའ་རིས་བདེ་སྐྱིད་ལ་བཀོད། འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར་བས་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་སྔོན་གྱི་མི་རྗེ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱང་སྐུ་དྲིན་ཆེ། ཕྱོགས་འདིའི་བསྟན་པ་ལ་སྡང་བའི་ཡུལ་བདག་ལྷ་སྲིན་སྟོབས་པོ་ཆེ་རྣམས་དམ་འོག་ཏུ་བཙུད། ལྷ་མིའི་བསོད་ནམས་ཀྱི་ཞིང་དུ་ཆོས་གཞི་གཙུག་ལག་ཁང་བཞེངས། བསྟན་རྩ་རབ་བྱུང་དང་གསང་སྔགས་འཛིན་པའི་སྡེ་བཙུགས། སྐལ་ལྡན་གྱི་འགྲོ་བ་སྨིན་གྲོལ་ལ་བཀོད། སྐལ་མེད་


LT17_Page_051
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐར་པའི་ས་བོན་བཞག་སྟེ་རྒྱལ་བའི་མཛད་པ་བསྒྲུབས་པས་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་སྤྲུལ་པའི་ལོ་པཎ་ཆེན་པོ་རྣམས་ཀྱང་སྐུ་དྲིན་ཆེ། དེ་རྣམས་ཀྱི་མཛད་པའི་འཕྲོ་བསྐྱངས་ཏེ། ཉན་བཤད་སྒོམ་སྒྲུབ་ཀྱིས་རྒྱལ་བའི་བསྟན་པ་བཟུང་ཞིང༌། རྙེད་བཀུར་དཔུང་སྟོབས་ཀྱིས་ཆོས་དབུ་འཕང་མཐོ་བར་བྱས་ཏེ། གངས་ཅན་ཕན་བདེའི་སྲོག་མཁར་གཞི་བརླིང་བར་མཛད་པས་ས་དགེ་བཀའ་རྙིང་གི་བསྟན་འཛིན་དམ་པ་རྣམས་དང༌། གཞུང་ས་དགའ་ལྡན་ཕོ་བྲང་བ་དང༌། སྡེ་དགེ་ཆོས་རྒྱལ་རིམ་བྱོན་རྣམས་ཀྱང་སྐུ་དྲིན་ཆེ། མངོན་མཐོའི་རྟེན་བཟང་བྱིན་ནས་དཀོན་པ་བརྒྱ་དང་དཀའ་བ་སྟོང་གིས་གཅེས་པར་བསྐྱངས་པའི་དྲིན་ཆེན་ཕ་མ་དང༌། ས་གདན་ཐོག་གཅིག་ཏུ་འགྲོགས་ཏེ། སྐྱིད་ན་མཐུན་འསྦྱོར་ལེགས་སྤེལ། སྡུག་ན་སེམས་གསོ་སྐྱོ་གྲོགས། སྐྲག་ན་སྐྱེལ་མ་ར་མདའ། སྟེང་གི་སྐྱིབས་དང༌། རྒབ་ཀྱི་སྐྱོར་བྱས་པས་ཕུ་ནུ་ཉེ་མཛའ་རྣམས་ཀྱང་དྲིན་ཆེ། དེ་ཐམས་ཅད་ཀྱི་དྲིན་ལས་སྔོན་ནས་ཁར་སང་གི་བར་དུ་དཔལ་གྱི་ཉི་མ་སྣུམ་ལ་བག་དྲོ་བ་ཡང་དང་ཡང་དུ་ཤར་བ་ཡིན་ལ། ཚུལ་དེ་བཞིན་དུ། གསར་ཚེས་གནམ་ལོ་རྒྱལ་པོའི་འཛུམ་ཞལ་ཐོག་མར་མཐོང་བའི། དུས་བཟང་འདིར་ཡང་ཡུལ་མི་ཐམས་ཅད་བསོད་ནམས་དགའ་སྟོན་གྱི་ལས་ལ་འདུས་ཏེ། བདེ་ལ་ཡངས་པའི་གདན་བཏིང༌། འགྲིགས་ལ་རིང་བའི་གྲལ་བསྒྲིགས། དཀར་དམར་གྱི་ཟས་


LT17_Page_052
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་གཡོས་སུ་བྱས། ཇ་ཆང་གི་སྟོན་མོ་སྐྱེམ་དུ་སྦྱར། དྲང་སྲོང་མགྲོན་འགྱེད་པ་ལྟ་བུའི་ལྷ་མཆོད་མི་མཆོད་ཡུལ་དུས་དང་འཚམས་པར་སྤེལ་ཞིང༌། སྲིད་ཞིའི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་དཀོན་མཆོག་གསུམ་དང༌། དཀོན་མཆོག་མཆོད་པའི་སྦྱིན་བདག །བསྟན་པ་དར་བའི་ཡུལ་གླིང་དང་བཅས་པའི་ལོ་རྒྱུས་ལ་ཁོག་བཅོལ་ཏེ། ཆོས་དང་བཀྲ་ཤིས་ཀྱི་གཏམ་སྙན་ལ་འབྲེལ་ཆགས་ཤིང་སྐབས་སུ་བབས་པ་བགྱིས་ནས། ཕུན་ཚོགས་ཆོས་ལྡན་གྱི་བདེ་བའི་དགའ་སྟོན་རྒྱ་ཆེ་ལ་རྒྱུན་རིང་བར་འབྱུང་བའི་རྟེན་འབྲེལ་བསྒྲིགས་པ་ལེགས་ལམ་དུ་འགྲིགས་ནས། ལྷ་བདེ། ཀླུ་ཞི། ལོ་ལེགས། འབྲུ་འཕེལ། མི་ཕྱུགས་སྐྱིད་དར་འཛོམ། དམག་འཁྲུགས་དང་ནད་ཡམས་མེད། རྗེའི་མངའ་ཐང་འཕེལ། མི་སྡེ་ནང་མཐུན། ཡུལ་ཁམས་ཆོས་ལ་སྤྱོད། ཐུབ་པའི་བསྟན་པ་དར། བསྟན་འཛིན་སྐུ་ཚེ་རིང༌། དགེ་འདུན་གྱི་སྡེ་འཕེལ། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་རྫོགས་ལྡན་གྱི་འབྱོར་པ་ཆར་བཞིན་འབབས་པའི་རྟེན་འབྲེལ་སྨོན་ལམ་ཞུ། བློ་ཆུང་སྦྱང་བ་དམན་ལ་གཏམ་སྒོ་དོག །གཞོན་དུས་མི་ཁྱུར་མ་སོང་གབ་ནས་བསྡད། །རྒས་དུས་ཡོག་ཚད་ཟོས་ནས་ཉལ་ཞིང་གཉིད། །བདག་འདྲས་ལུགས་གཉིས་གཏམ་གཞུང་ཇི་ལྟར་འཆད། །འོན་ཀྱང་བན་བུན་རྣམ་རྟོག་སྤྲ་བའི་མེ། །བསྐུལ་ཚིག་སྦུད་པས་བུས་ནས་ཆེར་མཆེད་དེ། །སྣ་ཚོགས་དབྱིབས་སུ་གྱུར་པའི་མེ་ལྕེ་འདིས། །ཕྱོགས་ཀུན་བཀྲ་ཤིས་སྣང་བས་


LT17_Page_053
[མ་དཔེ་གཟིགས་ན་འདིར་གནོན།]

འགེངས་གྱུར་ཅིག །ཅེས་པའང་རྐོས་མཁན་རྒྱ་མཚོ་ནས་ལོ་གསར་དགའ་སྟོན་སོགས་དང་འབྲེལ་བའི་གཏམ་ལ་སྙན་ངག་གི་བརྡས་མ་བསྒྲིབས་པའི་ཤིན་ཏུ་ཁ་གསལ་བ་ཞིག་བྲིས་ཞེས་བསྐུལ་བའི་ངོ་མ་བཟློག་བར་རྡོ་བ་བསྟན་ཉིས་སྨྲས་རིམ་བཞིན་བློ་གསལ་ཆོས་ཀྱི་གྲགས་པས་ཡི་གེར་བྲིས་པ་དགེ་བར་གྱུར་ཅིག །ལོ་གསར་དང་མ་འབྲེལ་ན་རྟགས་པར་བུད་པས་ཆོག །བླ་མའི་ལུང་འདོན་པའི་ཚུལ་དུ་མི་བྱ་བར། སྐད་ཆ་དཀྱུས་མ་ལབ་ལབ་བྱས་ནས་དལ་ལ་ཚིག་འབྲུ་གསལ་བར་བཤད། སྔོན་ནས་བྱང་ཆ་ཐོན་པར་བྱས་ཏེ་སྒྲ་ལོག་མི་ཟེར་ཞིང༌། སྔ་ཕྱིའི་གཅོད་མཚམས་མི་ནོར་བར་བྱའོ།། ༈ །།བྱ་བ་ལེགས་ཉེས་རང་ལ་ཡང་སྲིད་ཅིང་ཉེས་ཟིན་བཅོས་སུ་མེད་པས་གྱོད་བརྡལ་མ་མང༌། མཐའ་མ་ཅིར་འགྱུར་མི་ཤེས་པས་གཞན་ལ་བསྟོད་སྨད་དང་ང་བཟང་གི་ཁ་ཕོ་མ་སྔ། མིའི་རྒྱུད་ཚོད་ཚད་ཀྱིས་མི་ཐིག་ཅིང་འཁོན་གཞི་རང་རྩ་ནས་ལྡང་བས་གཉེན་ཉེ་བ་ཡིན་རུང་ཁ་མ་སོང་ན་ལག་རྒྱགས་པ་ལྟ་བུའི་ཐག་ཆོད་དབང་ཆེ་དང༌། འཕྲལ་དུ་གོ་མ་ཆོད་རུང༌། ཕུགས་སུ་བཟང་བྱེད་སུས་བྱེད་མི་ཤེས་པས། མཆན། བྲན་ཐ་མ་ལ་ཡང་འབར་འཐབ་དྲག་པོ། སྙིང་འདྲིས་ཀྱི་གྲོགས་པོ་ལའང་ཟེར་ཆོག་གི་ཚར་བཅད་མ་མང༌། མི་ལམ་དུ་མི་ཚུད་པའི་རྒྱུ་གཅིག་གཅེས་པ་ལང་ཤོར་ཡིན་པས་གཉེན་ལ་བྱམས་མ་ཐལ། དགྲས་བསྐོས་ཐང་དང་མི་མཐུན་པའི་སྡུག་ཡུས་དང༌། མི་འཚམས་པའི་གནོད་འཚེ་མ་བྱེད། ཡུས་ཅན་གྱི་མཇུག་མ་ཉེས་ཅན་དུ་འགྲོ་ཞིང༌། དགྲ་ལ་སྡུག་སྙིང་ཇེ་ཆེར་འགྲོ་བས་ཕར་བསྐོས་ཀྱི་མཇུག་མ་ཚུར་ལོག །སྐྱིད་སྡུག་དང་དལ་ཁོམ་གྱི་ཉམས་ལ་མི་ལྟ་བར་ཐོག་རྫིས་ཀྱི་མངག་གཞུགས་དང་སློང་མོ་མ་བྱེད།


LT17_Page_054
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་ཡིན་རུང་ཞེ་ལ་འཇོག་པ་ཡིན། དཔེ་ཁྲིམས་ངན་པ་གཞན་ལ་མ་སློབ། ལ་ཡོག་རང་ལ་འོང༌། གཙོ་བོར་གཏམ་མགོ་དང་གཏམ་རྔ་འཛུམ་ལ་ཞོག་ལ་སྐབས་ཀྱི་དགོས་དོན་གནད་ལ་ཕོག་པ་དང་རན་ལ་མཛེས་པར་གཏམ་ཤོད། ཁ་ངན་གྱིས་དགྲ་མི་ཐུལ་ཞིང་ཡུས་ཕར་ལ་འདྲེན་རྒྱུར་མཁོ་བས་དགྲ་ལའང་ཁ་འཇམ་དང་སྲན་བཟོད་ཆེ་བ་གྱིས། ནམ་ཕུགས་ཤགས་སུ་ཆེ། སྙིང་ཚུར་ལ་གཏོད་ན་ཤ་ཚ་ཕར་ལ་མ་བྱས་ན་སྙིང་རིང་དུ་ཤེས་ནས་ཁ་ཚུར་ལ་གྱུ་མཁན་མེད་པས་དྲང་གཏམ་ཟབ་མར་ཤོད། འོན་ཀྱང་མི་ལ་ཅིར་འོང་མི་ཤེས་ཤིང་རྒྱུས་ཡོད་དགྲ་རུ་སོང་ན་རང་མཚང་ཕྱིར་ལ་འདོན་པ་དང༌། མི་ཕལ་ཆེར་ཁ་མང་བས་རང་གི་རྒྱུས་མ་འཆད། མིའི་བྱམས་པ་ནམ་ཕུགས་རིང་བས་རང་འདོད་མ་ཆེ། སྔ་འདྲིས་གློ་གཏད་མི་འོང་བས་གྲོགས་ལ་གསར་ངས་མ་ཆེ། གསར་པའང་སྔ་མ་དང་རིགས་འདྲར་འགྱུར། སྤྱི་མི་དགྲ་རུ་མ་ལེན། འདོད་པ་ཅན་ལ་ནོར་རྫས་མ་བསྟན། སློང་ཡང་སྟེར་ནུས་ན་མ་གཏོགས་རང་གི་ནུས་པ་མ་བརྟགས་པར་ལར་རང་མཐོང་དང༌། གསར་འགྲོགས་ཆེ་བའི་གཉེན་པས་ཕྱི་ཐག་རིང་བའི་དགྲ་དགའ་གསུང༌། མཆན། མི་ཐུབ་དོ་བསྔོ་དང་མི་འགྲུབ་ལས་དགའ་མ་མང༌། སྤྲོ་ཐུང་ལ་ཀུ་རེ་མ་བྱེད། མི་བདེན་པ་ལ་ཤགས་མ་བྱེད། མི་ལ་དྲིན་ལན་མ་གསོད་བར་ཡུས་སུ་མ་འཇོག་བུ་ལོན་དང་འདྲ། གཞན་སྡུག་དུས་སྙིང་ཚིམ་གཏོང་བ་དང་རི་མགོ་གང་མཐོའི་ཉི་མ་མ་བྱེད། སྡུག་པོ་རང་ལའང་ཡོང༌། རང་སྡུག་དུས་སྲིད་ཅིང་སྐྱིད་རེས་གཞན་ལ་ཡང་འོང་བས་རང་སྐྱིད་པ་ངོམ་ཁྱེར་མི་བྱེད།


LT17_Page_055
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་བྱས་ལ་དྲིན་ཆེ་མ་འདྲེན། སྡུག་ཡུས་ཀྱིས་རང་དགེ་མི་ཐོན་ཞིང་བྱས་པ་ངོ་མེད་དུ་འགྲོ། དཔའ་སྐད་སྔ་བས་ཁེབ་ལྷག་པོ་མེད་ཅིང༌། ཁ་འཕང་དམའ་ན་རྗེས་ལ་མ་བྱུང་ཡང་སྐྱོན་ཆུང་བས་ཡོན་ཏན་ཁོང་དུ་སྦོས། མཆན་བུ། བཟང་ཁ་ཕོ་མ་འདོན། ཀུན་ལ་རྒྱུས་ཡོད། ངན་པ་ཆེ་སྐད་མ་འདོན། གཞན་གྱིས་ཁྲེལ་ཡོང༌། ཁ་ནས་མེད་སྐད་ཤོད། བསམ་བློ་གཏང་ས་རྗེས་ན་ཡོད་པས་དཔོན་བཅོལ་དུས་རང་འདོད་བསྐྱུང༌། གྲོས་ལེགས་དུས་ཚོད་ཟུངས། དབང་ཡོད་དུས་ཕམ་ཁ་ལོངས། རྒྱལ་ཁ་མིག་གིས་དེ་རིག་མ་བྱེད་པར་བདེན་གཞུང་གཙང་པོའི་མཇུག་མ་ལྟ་བུ་ཟུང༌། འཁོར་མང་དུས་མི་རྩིས་ཆེ་དགོས། སྐྱིད་དུས་མི་དང་བསྟུན་དགོས། དྲན་ཚད་མ་སྨྲ། སྨྲས་ཚད་ཐོག་ཏུ་ཁོལ། ཚད་མི་བཙན་ན་མིས་ཚད་མ་མི་བྱེད། ཁ་མང་ན་རང་གི་མདོ་འཆོར། མིའི་གྲོས་ཁྱུར་མི་ཚུད། མི་ཐམས་ཅད་དོགས་ཟོན་བྱེད་པས་སྙིང་ཉེ་མེད་པས་ཁ་སྡོམ། ཟས་ལ་ངོ་ཡོད། དངོས་པོ་དམན་པས་རྩིས་ཆེར་བསྲུང་རིན་མི་ཆོག་གིས་བྱིན། ཕྱིན་ཆད་ཀྱི་བསམ་བློ་སྔ་ནས་བཤད་ན་བར་ཆད་བྱེད་པའི་མི་མང་བས་བྱེད་མ་ཚར་བར་མི་གོ་བ་གྱིས། མ་བཤད་ན་ཕས་ཀྱང་མི་གོ་བས་བཤད་དགོས་པའི་གནད་དེ་ལྷུག་པར་ཤོད། ཕར་ལ་སྦྱིན་པ་བཏང་ན་ཚུར་ལ་མིའི་འཁོར་འདུ། སྟེར་བའི་ས་ལ་རྒྱུན་དུ་མི་འགྲོ། མིའི་སྣ་སུན་ནས་འགྲོ། གྲོས་ལ་ཐག་ཆོད་མ་སྔ། བཅོས་སུ་ཡོད། བསྐྱུར་དུ་བཏུབ། གཟབ་ཏུ་བཏུབ། འདི་ཕྱིན་ཆད་ཀྱི་བསམ་བློ་གསང་བ་ལའང་སྦྱོར། ཁ་ཉུང་དྲག་ན་མིས་གླེན་པ་དང་གཤིས་ངན་དུ་བརྩི་


LT17_Page_056
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཀུན་དང་འབྲེལ་འཆད། མང་ན་རྒྱུས་ལོན་ནས་བརྩི་བཞག་ཆུང་བས་ཁ་གསལ་གཏིང་ཟབ་བྱེད།། ༈ །།ཚེ་དཔག་མེད་ལ་ན་མོ། དཔལ་གྱི་བཟང་མོ་ནི་སྐྱེས་བུ་འགའ་ཞིག་ལ་འོང་སྟེ། བཟང་ལ་བརྟན་ཅིང་ཟབ་པ་དང་མཛངས་པ་རྣམས་ཀྱིས་རང་དབང་མེད་པར་འདྲེན་ནོ། །རྒྱུད་འཇམ་ཞིང་མཉེན་པའི་བཟང་བས་ནི་གཅེས་པའི་ཐུ་བོར་བྱེད་ཅིང༌། མི་ཆོས་ཀྱི་ཡོན་ཏན་མང་པོའི་གཞི་འཛིན་ནོ། །དེའང་རང་གཞན་གྱི་ཕྱོགས་སོ་སོ་བ་དང༌། མཐོ་དམན་སོགས་ལ་བལྟས་པའི་ཕྱོགས་ལྷུང་དང་བྲལ་བར་བསྐྱང་ན་རྒྱལ་པོ་ས་ཀུན་སྙོམས་པའི་ཆོས་ཉིད་ལྟར་བདག་ཉིད་ཆེན་པོའི་ཆེ་རྟགས་སུ་འགྲོ། གཞན་གྱི་ལེགས་པ་མི་བཟོད་པས་ནི་ལེགས་བདེ་ཅིའང་མི་འཐོབ་ཀྱི། ཡིད་ཀྱི་གདུངས་པ་དང༌། ཡ་རབས་ཀྱིས་དཔྱ་བ་འཐོབ། རྒྱུ་མཚན་མ་བརྟགས་པར་མི་ཁྲོ་སྟེ། ཁྲོས་པའི་འོག་ཏུ་རིགས་མི་རིགས་བལྟ་བའི་གོ་སྐབས་ཁྲོ་བས་འགོག་གོ༌།དགྲ་ལའང་འཁྲུགས་པ་ལྷུར་མི་བླང་སྟེ། རང་བློའི་བདེ་བ་བསྲེག་པས་དགྲ་ལ་ཅིར་ཡང་མི་འགྱུར་རོ། །རྟག་ཏུ་རྩུབ་མོར་འབྱིན་པའི་ངག་ནི་ཁྭ་ཏའི་སྨྲ་བ་ལྟར་བརྙས་ལ། བརྒྱ་ལམ་ན་དགོས་པ་ཅན་གྱི་དྲག་པོའི་ངག་ནི་གཟི་རྣོ་ཞིང་བརྗིད་པ་ཡིན་པས། འཇམ་པོས་ནི་རྩུབ་མོའང་བརྒྱན་པར་བྱེད་དོ། །གཞན་གྱི་ཕུན་ཚོགས་ཏིལ་མར་ལྟར་བཙིར་ནས་བདག་ལ་སྦྱོར་བ་དང༌། བདག་གི་བདེ་བ་བགོ་བཤའ་མི་བྱེད་པའི་མི་ལ་འཁོར་མི་བསྟེན་ཅིང་བསྟེན་ཡང་དཀའ་བ་བྱེད་པར་མི་འགྱུར་ཏེ། འཇིག་རྟེན་ནི་བདེ་བ་འདོད་པའི་


LT17_Page_057
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །གཞན་གྱི་བྱས་པ་བརྗེད་ཅིང་བརྙས་པ་ནི་ཡ་རབས་ཀྱི་ནང་ན་སྣ་རྡུམ་ལྟར་སྣང་ཞིང་བྱས་པ་འགྲས་མེད་ཀྱི་ཞིང་དེ་སུ་ཡང་མི་རྨོའོ། །ཕར་བྱས་པ་མི་བགྲང་སྟེ། བྱས་ཤེས་ལ་དེ་བགྲང་མི་དགོས་ཤིང་མི་ཤེས་པ་ལ་བགྲང་ཡང་ཁྱད་དུ་གསོད། དེ་འདྲའི་ངག་དེས་རང་གི་དྲིན་དེ་ཉིད་ཆུས་ཡང་ཡང་བསིང་བའི་ཆང་བཞིན་ཉམས་པར་བྱེད་པས་སོ། །གྲོགས་ཀྱི་བྱ་བ་ཅུང་ཟད་རེས་སྲང་མདའི་མཐོ་དམན་ལྟར་དགའ་ཁྲོའི་རྣམ་འགྱུར་བསྟན་པར་མི་བྱ་སྟེ། དེ་དེ་ལ་མི་དགའ་བ་བརྒྱུད་མར་སྤེལ་བས་གློ་བ་རིང་དུ་འགྲོ་བའི་ཕྱིར་དང༌། ཨ་མྲའི་ཚིག་གུ་ལྟར་ཆུང་བའི་རང་གི་དེ་ཉིད་སྒྲོག་པ་ལ་མནའ་འདོར་བའི་ཕྱིར་རོ། །བྱ་བ་ལེགས་ཉེས་རང་ལའང་མཆི་ཞིང་ཉེས་ཟིན་བཅོས་སུ་མེད་པས་ཀྱང་གྲོགས་པོའི་བྱ་བ་ཉེས་པ་ལ་ཚོད་མི་ཤེས་པའི་ཚར་བཅད་མི་རིགས་སོ། །རང་ཉིད་ལ་ཡིད་རྟོན་ཅིང་སྐྱབས་སུ་རེ་བ་རྣམས་ལྷག་པར་བསྐྱང་དགོས་ཏེ། དེ་གཉིས་ལ་མི་བལྟ་བའི་མི་ལ་བསམ་པ་ཉེ་སའི་གཞི་མེད་པའི་ཕྱིར་རོ། །དགོས་པ་བསྒྲུབ་རྒྱུ་མིན་པའི་ཡོ་བྱད་ལ་རང་གི་ངོ་བོའི་སྒོ་ནས་མནོག་ཅིག་ཡོད་སྙམ་པ་བློའི་འཛིན་ཚུལ་རྐྱང་པ་ཡིན་ཅིང༌། ཧ་ཅང་བསོགས་ལ་ཞེན་པ་ནི་རང་ལ་དེའི་དགོས་པ་ཅི་ཡང་མི་ཡོང་བར་སྦྲང་རྩི་ལྟར་གཞན་གྱིས་སྤྱོད་པས། འཕྲལ་དང་འཕྲལ་དུ་སྐྱེ་བོ་དགའ་བ་དང༌། གྲགས་པ་དང༌། བསོད་ནམས་ཀྱི་དགོས་པ་ལ་དེངས་སུ་འཇུག་པར་བྱའོ། །འགྲོ་བའི་བདེ་སྡུག་འཁོར་ལོ་བསྐོར་བ་དང་འདྲ་བས་འབྱོར་པས་


LT17_Page_058
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་དང་རྒུད་པས་ཞུམ་པའི་མི་བརྟན་པ་སྤང་ངོ༌། །མཛའ་བོ་ཕོངས་དུས་སུ་འདོར་བ་དང་གཞན་ཕོངས་པར་གྱུར་དུས་དེ་ལ་དགའ་ཉམས་སྟོན་པ་སོགས་ཀྱང་མི་བྱ་སྟེ། སྡུག་རེས་རང་ལའང་འོང་བའི་རིགས་པ་དེ་ཉིད་ཀྱིས་སོ། །གཏམ་ལ་རྫུན་ཚིག་མང་བ་དང༌། བྱ་བ་ལ་འགྱུར་ལྡོག་ཆེ་ན་བདེན་པ་དང་མི་འགྱུར་བའི་ཚིག་དང་བྱ་བ་སྨྲ་ཞིང་བྱེད་པ་ནའང༌། ཟླ་གཟུགས་ཀྱིས་བསླུས་པའི་ངང་པ་པད་རྩ་མཐོང་བ་ལྟར་གཞན་ཡིད་ཆེས་པར་མི་འགྱུར་རོ། །ཕྱུག་ཅིང་མཐོ་བ་རྣམས་ལ་བསྙེན་བཀུར་ཆེས་ན་འདི་ནི་ཁོ་བོ་ལ་དགོས་པ་རེའོ་སྙམ་དུ་བརྙས་པར་ཡང་སྲིད་ལ། དེ་དག་གཞན་ལས་མགུ་དཀའ། མཐུན་འཇུག་གི་ཚུལ་ཕྱོགས་ལྷུང་ཅན་དེ་སྐྱེ་བོ་ལ་མི་མཛེམ་པའང་ཡིན། ཕན་པ་སུས་བྱེད་ཀྱང་མི་ཤེས་པས་འཕྲལ་གྱི་མཐོང་ལུགས་དང་སྦྱར་ནས་མཐོ་ལ་འདུད་ཅིང་དམན་ལ་བརྙས་པའི་ཤིང་ལོ་རླུང་བསྐྱོད་མི་མང་བར་བྱ། རང་གི་དོན་འགངས་ཅན་མིའི་ཟས་ངོར་འཆོར་བ་དང༌། སྐྱོན་ཡོན་གྱི་ཁོག་ལ་མི་དཔྱོད་པས་ངོ་བསྟོད་མཁན་ལ་ཤག་པོར་རྩི་བ་སོགས་ཅོལ་ཆུང་གི་དེ་ཉིད་བསྟན་པ་ཡིན་པས་དང་དུ་མི་བླང༌། དམ་བཅའ་མང་བ་ཁུར་མང་པོ་འཁུར་བ་དང་འཆིང་བ་མང་པོའི་ནང་དུ་རྐང་པ་བཅུག་པ་ཡིན་པས་ཟོན་བྱ། དམ་བཅས་ནས་གཞན་དུ་མི་འགྱུར་བ་རང་ཉིད་ཚད་མར་སྒྲུབ་པའི་ཐབས་ཆེན་པོར་འགྲོ། གཞན་ལ་བསྟོད་སྨད་སོགས་བྱ་བ་ཐམས་ཅད་ངོ་ལྐོག་སྙོམས་པར་བྱེད་པའང་དགོས་པ་དེ་དང་འདྲ། སུ་དང་གང་གི་སྨྲས་ཚད་ལ་ཉན་ན་ཉེས་དམིགས་མང་


LT17_Page_059
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྲིད་པས་རང་གིས་ལེགས་པར་དཔྱད་དེ་རིགས་པའི་ཕྱོགས་སུ་ཟུང་ཐུབ་པར་བསྟེན་ཏེ་སེངྒེ་མཆེ་བཟང་དང༌། སྟག་དཔུང་བཟང་ལྟ་བུ། འཇིགས་པ་མ་བྱུང་གོང་དུ་གཟུར་མཁས་པ་དང༌། བྱུང་བའི་འོག་ཏུ་བསྲན་ཚུགས་པ་དང༌། བསྟོད་སྨད་དང་དགྲ་གཉེན་སོགས་ཀྱིས་ཡིད་མི་བསྐྱོད་པར་སྔོན་གྱི་ལས་ཀྱིས་ཇི་ལྟར་འགོད་པ་ཤེས་དཀའ་བ་ལ་བསམས་ཏེ་རི་བཞིན་བརྟན་པར་གནས་པ་ནི་ཆེས་བརྗིད་པ་ཡིན་ནོ། །རྐང་པ་རྙིས་ཟིན་པའི་བྱ་དང༌། རང་རྒྱུས་གཞན་ལ་ཤོར་བའི་མི་གཉིས་སྐྱིད་པའི་སྣ་ཐག་མགོ་ལ་དཀྲི་ལུགས་མེད་པས་སྤྱོད་པ་ཟབ་དགོས། དེའང་གསང་གཏམ་མཛའ་བོ་ལའང་སྦྱིན་པར་མི་བྱ་སྟེ། གཞན་གྱི་བསམ་པ་ཤིན་ཏུ་ལྐོག་གྱུར་ཡིན་པས་རང་གི་སྙིང་གཏམ་སྦེད་ཡུལ་དང༌། རང་ཉིད་གཉིས་དེའི་གསང་བ་མཐར་ཐུག་སྟོན་པའི་ཡུལ་སུ་ཡིན་ཤེས་པར་དཀའ་བ་དང༌། གསང་ཚིག་བྱིན་པའི་མཛའ་བོ་ངན་པ་ཁྲོ་ན་སྦྲུལ་ལས་ཀྱང་འཇིགས་པ་ཆེ་བའི་ཕྱིར་རོ། །ལྐོག་ན་འདུག་ཀྱང་གཞན་གྱི་སྐྱོན་ཟློ་བར་མི་བྱ་སྟེ། སྐྱུགས་པའི་འདམ་རྫབ་དཀྲུགས་པ་ལ་དགོས་པ་མེད་པའི་ཕྱིར་དང༌། སྐྱོན་རང་ལའང་ཡོད་པའི་ཕྱིར་རོ། །ཕྱིན་ཆད་ཀྱི་བློ་རྩེ་སྔ་ནས་མི་སྟོན་ཏེ། བར་ཆད་བྱེད་པའི་མི་མང་བས་སོ། །མ་འདྲིས་པ་ལ་རང་གི་ལོ་རྒྱུས་འཆད་པ་དང༌། བདག་ཉིད་བསྟོད་པ་དང༌། མང་པོའི་ཚོགས་དང་འཁོན་གསེབ་དང་རྩེད་མོའི་གྲལ་ལ་སོགས་པར་ཧ་ཅང་རྒྱུ་བ་དང༌། འབངས་ལ་ཁ་ཤག་དང་རོལ་རྩེད་འགྱེད་པ་སོགས་གཞན་མི་གུས་པས་རང་གི་བརྗིད་


LT17_Page_060
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོགས་ཤིང་བཀའ་མི་བཙན་པར་བྱེད་པས་བག་ཡོད་པར་བྱ།། ༈ །།བོད་ཡུལ་མདོ་སྨད་ཀྱི་ཆ་ཤས་རྡོ་རོལ་ཞེས་པའི་སའི་ཐིག་ལེ་བརྫི་མེད་རྣམ་པར་རྒྱལ་བའི་རི་བོའི་ཕང་བ་ན་ཆོས་ལེགས་གཡང་འཁྱིལ་ཞེས་བྱ་བའི་ས་ཕྱོགས་ཤིག་ཡོད་དེ། དེ་ནི་རབ་མཐོ་ཕྱོགས་ཀྱི་སྤྱི་བོར་འཛེགས། །ནགས་ཀྱི་སྐྱེས་བུ་མང་པོས་ཉེ་འཁོར་གང༌། །བྱེའུའི་ན་ཆུང་ཤིན་ཏུ་དུལ་བ་རྣམས། །དེ་དག་པང་ན་གླུ་དབྱངས་ལེན་པས་མཛེས། །ཕྱོགས་དེར་དགེ་བ་སྤྱོད་པའི་གཙུག་ལག་ཁང༌། །རྩིག་ངོས་མཁུར་བཀང་བྱས་འདྲ་ཟླ་བའི་མདོག །ནགས་ཚལ་ཚོགས་ཀྱིས་ཤིང་བལ་གཞོན་ནུའི་རྒྱན། །འབུལ་བས་བསྟི་བསྟངས་བགྱིས་པ་ལྟ་བུ་ཡོད། །གཙུག་ལག་ཁང་དེ་ན་དགེ་སློང་གཞོན་ནུ་ཤེས་པའི་མཐུ་ཅན། བཞད་གད་ལ་དགའ་བ། བདག་ཉིད་སྨྲ་བ་གསལ་ཞིང༌། གཞན་གྱི་སྨྲ་བ་མི་མངོན་པར་རྒྱས་འདེབས་པ། ཤགས་ཀྱི་མཚོན་ཆ་ཅན། འཕགས་པ་ཉེ་དགའ་གཉིས་པ་ལྟ་བུ་ཞིག་ཡོད་དེ། དེའི་མིང་ནི་བཟང་པོའི་བློ་ཞེས་བྱའོ། །ནགས་དེ་ན་བྱ་རོག་བུམ་པའི་སྤྱི་གཙུག་ཅེས་བྱ་བ་སྒྲིན་ཞིང་མང་དུ་སྨྲ་བ། སྒྱུ་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་ཞིག་ཀྱང་གནས་སོ། །དགེ་ཚུལ་དེས་དུས་དང་དུས་སུ་དེ་ལ་གཏོར་མ་བྱིན་པས་དེ་གཉིས་རིང་ཞིག་མཛའ་བར་གྱུར་པ་ལ། རེ་ཞིག་ན་དགེ་ཚུལ་ནི་ཟས་ཀྱི་ཡོ་བྱད་མང་བ་ཡིན་ཅིང༌། བྱ་རོག་ནི་རྐུ་བ་ལ་དགའ་བ་ཡིན་པས། ཤ་དུམ་བརྐུས་པའི་གཞི་ལས་རྩོད་པར་གྱུར་ཏེ། དེས་ཐག་པའི་འཁྲུལ་


LT17_Page_061
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལས་རྡོ་ཐོག་ལྟར་འབེབ་པའི་སྒྱོགས་ཀྱི་སྦྱོར་བ་བྱས་ནས་འཕང་བར་བརྩམས་པ་ན། ཁྭ་ཏ་འཛུར་ལ་མཁས་ཤིང༌། གབ་བྱང་བས་མ་ཕོག་གོ༌།དེར་དགེ་ཚུལ་ཁྲོས་ནས་རུ་ཤིང་མཉེན་པོ་ལས་གཞུ་བྱས་ཏེ། ཕྱོགས་བཞིར་བདས་པ་དང༌། བྱ་རོག་ཀྱང་ནགས་ནས་ནགས་དང༌། རིའི་གསེབ་ནས་རིའི་གསེབ་ཏུ་བྲོས་སོ། །འོན་ཀྱང་དེ་དགེ་ཚུལ་ཁྲོ་བོ་དེས་མ་བཏང་ནས། དེ་ན་རེ། ལྟོས་ཤིག་གྲོང་ཁྱེར་མི་དང་ནགས་ཀྱི་བྱ། ། རབ་བྱུང་ཆོས་གོས་ཕྲག་བཟར་ནས། །ཉེས་མེད་བྱ་རོག་ནགས་སུ་རྒྱུ་བ་ལ། །མདའ་གཞུ་རྣ་དྲུང་བཀང་སྟེ་ཐོ་འཚམས་པ། །སྐྱབས་ལས་འཇིགས་པ་བྱུང་བའི་ངང་ཚུལ་འདིར། །ལྟོས་དང་རྨི་ལམ་སྡིག་པ་བརྒྱ་ཡིས་ཀྱང༌། །མཚོན་མིན་ལྟས་འདི་རྡོ་ཡུལ་ཤར་གྱུར་པས། །ཕྱིར་བཟློག་རིག་སྔགས་སེམས་པའི་དུས་ལ་བབ། །ཅེས་ཟེར་བ་དང༌། དགེ་ཚུལ་ན་རེ། རྐུན་པོ་སྲང་ནས་འོང་བ་ས་སྟེང་སྲོལ། །དབེན་མཐོ་བར་སྣང་ལམ་ནས་ཆོམ་རྐུན་ལྷུང༌། །ཉམ་ཆུང་སྦྲང་མ་སྤུ་ཅན་ཁྱོད་འདྲས་ཀྱང༌། །མཐུ་ལྡན་རྐང་གཉིས་མི་ལ་འཕྲོག་དུས་བྱུང༌། །སྣ་ཚོགས་ཟས་སྦྱོར་བཤམས་པའི་ཚོང་འདུས་དང༌། །གཡོས་ཁང་དཔུང་པ་བསྒྲིགས་པའི་གྲོང་ཁྱེར་རྣམས། །བོར་ནས་དྲང་སྲོང་ཞི་བའི་གཙུག་ལག་ཁང༌། །ཉམ་ཉེས་བྱེད་པའི་བགེགས་ཁྱོད་བསད་ན་རུང༌། །བྱས་པ་མི་གཟོ་བརྐུ་ཞིང་མང་སྨྲ་མཁན། །ད་དུང་ཉེས་མེད་ཟེར་བའི་བཟློག་ཐབས་ཅན། ཁྱོད་འདྲའི་བྱ་ཐན་མཐོང་ནས་


LT17_Page_062
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དང་གཞུས། །ཕྱིར་བཟློག་མི་རྩོམ་སྐྱེས་བུ་སུ་ཞིག་ཡོད། །ཅེས་ཟེར་རོ། །དེ་ལ་བྱ་རོག་ན་རེ། འཕྲོགས་ལ་དཔའ་ཞིང་ཤག་ལ་མཛངས་པ་ཡི། །འཕྲུལ་གྱི་བློ་ཅན་ང་འདྲ་ལྟས་ངན་མིན། །ཞི་བའི་ཆས་གྱོན་གཡུལ་གྱི་བརླང་སྤྱོད་ཅན། ཁྱོད་འདྲ་ཐན་དུ་འགྱུར་ལ་དོགས་པ་སྐྱེ། །ནམ་མཁའི་རྫོང་འཛིན་ས་གཞིའི་རྫས་འཕྲོགས་པའི། །ཆོམ་རྐུན་དེ་འདྲ་ཉམ་ཆུང་བརྗོད་མི་བྱ། །གནས་འདིར་དྲང་སྲོང་ཞི་བ་གནས་ན་ཀོ༌།ཤ་དུམ་བརྐུས་པའི་ཉེས་པ་སུས་མི་བཟོད། །བརྐུས་ཀྱང་རང་གི་རིགས་ཀྱི་ལས་ཡིན་ཕྱིར། །དེ་ཡིས་ཁོ་བོ་ཉེས་དང་བཅས་མི་འགྱུར། །དཀའ་ཐུབ་ནགས་སུ་མདའ་གཞུ་ཐོགས་པ་ཁྱོད། །རང་གི་སྟོན་པའི་ལུགས་ལས་བརྒལ་བས་ནོངས། །སྔོན་གྱི་དགེ་སློང་འཆར་ཀས་ང་འདྲ་བ། །བསད་པས་་གཙོ་ལས་སྤྱོ་བ་ཐོབ། །དེ་གོང་གཞི་འདིས་བཅས་པ་མ་མཛད་ཕྱིར། །འཆར་ཀའང་ཁྱོད་ལྟར་ཉེས་པ་བྱས་མི་འགྱུར། །ཞེས་ཟེར་ཞིང་འདི་ལྟར་བྱ་དང་བྱ་མིན་མེད་པར་སྤྱོད་ན་འདི་ལ་ཡང་ལྡག་ཏུ་རུང་ངོ་ཞེས་འཕོང་བཏེག་སྟེ་བསྟན་ཏོ། །དེ་ནས་དགེ་ཚུལ་ལྷག་པར་ཡང་འཁྲུགས་ཏེ། ཁྲོས་པའི་བཞིན་བསྡུས་ནས། དམངས་རིགས་རང་དགར་སྤྱོད་པས་རྒྱགས་གྱུར་པ། །དེ་ཡིས་རྒྱལ་པོ་རང་བཞིན་བཟང་བར་ཤེས། །དམན་ལས་དམན་པ་ཁྱོད་འདིར་དྲེགས་སྨྲ་བ། །དེ་ཡིས་ཁོ་བོ་བརྩེ་དང་ལྡན་པར་རྟོགས། །བདག་ཅག་དྲང་སྲོང་དུལ་བ་ཡིན་ན་ཡང༌། ཁྱོད་ལྟས་གནས་མིན་བརྙས་པ་ག་ལ་བཟོད། །ཧ་ཅང་


LT17_Page_063
[མ་དཔེ་གཟིགས་ན་འདིར་གནོན།]

གཙུབ་ན་བསིལ་བའི་ཤིང་ལས་ཀྱང༌། རབ་འབར་མེ་ལྕེ་ཤིན་ཏུ་ཚ་བ་འབྱུང༌། ཁྱོད་ཀྱིས་བརྐུས་དང་ཕྱིས་ཟ་བ་དག །རིགས་ཀྱི་ཀུན་སྤྱོད་ཡིན་ཞེས་བདག་ཉིད་སྒྲོག །མཚངས་འབྲུ་འདོད་པའི་བཞད་གད་མཁན་རྣམས་ཀྱང༌། །དེ་ལས་ཐུབ་བ་ཅི་ཞིག་སྨྲ་བར་འགྱུར། །བླུན་པོ་རིགས་སུན་འབྱིན་པས་ཆེར་རློམ་ཁྱོད། །མཁས་པའི་ཉེ་འཁོར་འདུག་ཏུ་ག་ལ་དབང༌། །གནོད་བྱེད་བསམ་གཏན་ཚེར་མ་ཁྱོད་མེད་ན། །སྡོམ་བརྩོན་ནགས་ན་མདའ་གཞུ་ཅི་སྟེ་འཛིན། །སྟོན་པས་བྱ་རོག་སྐྲོད་པ་དགེ་ཚུལ་ལ། །གནང་བཀག་ང་རང་ཤེས་ཀྱི་ཁ་རོག་སྡོད། ཁྱོད་ཀྱི་ཉེས་པ་བཟློག་དཀའ་འདི་གཟིགས་ནས། །བློ་བཟང་འཆར་ཀས་ཕ་རོལ་གནོན་པ་མཛད། །ཕྱི་ས་ཟ་བ་ཁྱོད་ཀྱི་གཤང་སྒོ་ལ། །ང་འདྲ་ལྡག་པ་རྨི་ལམ་རྨི་ཟེར་ནའང༌། །དེ་ལ་ཕོ་ཉ་མདེའུའི་ལྕེ་རྣོན་ཅན། །ལན་སྨྲ་མ་བཏབ་བཏང་སྙོམས་འཇོག་རེ་ཀན། །ཟེར་ནས་མདའ་གཅིག་འཕང་བ་དང༌། བྱ་རོག་གིས་མགོ་བོ་སྨད་ཙམ་བྱས་པས་སྟེང་ནས་ཤུར་གྱིས་སོང་ངོ༌། །ཡང་གཅིག་འཕང་བ་བྱ་རོག་མགྲིན་པ་བསྲང་སྟེ་དགྱེད་ཙམ་བྱས་པས། རྐང་པའི་བར་ནས་མཇུག་སྒྲོ་ལ་རེག་ཙམ་བབས་ཏེ་རྒྱབ་ཕྱོགས་ཀྱི་ས་ལ་ཟུག་གོ༌།དེ་ནས་བྱ་རོག་ནམ་མཁའ་ལ་འཕུར་ཏེ། བྱའི་ཁྱུ་ཆེན་པོ་ཞིག་ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་བྱང་ཕྱོགས་ཀྱི་མཁའ་ལ་ལྡིང་ཞིང་འགྲོ་བའི་ནང་དུ་ཞུགས་ནས། ཁ་ཕྱིར་བལྟས་ཏེ་དགེ་ཚུལ་མི་དགའ་བར་བྱ་བའི་ཕྱིར་འདི་སྐད་ཅེས། སྤྲིན་གྱི་རླབས་ལྡང་གནམ་སྔོན་ཆུ་གཏེར་


LT17_Page_064
[མ་དཔེ་གཟིགས་ན་འདིར་གནོན།]

ནང༌། །རྒོད་པའི་སྒྲ་སྒྲོག་འདབ་བཟང་ཚོང་པའི་ཁྱུ། །རླུང་གི་གཟིང་ལ་ཞོན་ནས་འགྲོ་བ་ནི། །བཟའ་ཤིང་ནགས་སུ་རབ་དགའ་རྙེད་པར་འགྱུར། །ཅེས་སྨྲས་ཏེ་སོང་ངོ༌། །དགེ་ཚུལ་ནི་ཁ་ཏ་འཕུར་བའི་ཕྱི་བཞིན་སྟེང་དུ་བལྟ་ཞིང་མདའ་གཞུ་ཐོགས་ཏེ། ཀྱེ་མ་ཀྱི་ཧུད། ངས་སྔོན་ནས་སྒྱུ་རྩལ་ཞིག་མ་བསླབས་ཟེར་ཞིང་ཁྲོས་པའི་ཤུགས་ཀྱིས་སྡོད་མི་བཟོད་པར་རིའི་ངོས་ཕན་ཚུན་ཀུན་ཏུ་བརྒྱུགས་སོ། །དེ་ཕྱིན་ཆད་བྱ་རོག་ནམ་མཐོང་བ་ན་ནི་མདའི་འཁྲུལ་འཁོར་འཕེན་ཅིང༌། མི་མཐོང་བའི་དུས་སུ་ནི་རྡོ་སྒྱོགས་འཕངས་པའི་སྒྲ་འབྲུག་ཆེན་གནམ་ལྕགས་འབེབས་བའི་ང་རོ་ལྟར་དྲག་པས་ནགས་ནས་ནགས་སུ་འཇིགས་པ་སྐྱེད་ཅིང་འགྲོ་སྟེ། དེ་འཕངས་པ་ན་རིའི་གཅོང་རོང་ཤིན་ཏུ་ཟབ་ཅིང་གཏིང་རིང་བའི་རྐྱེན་ལས་བྲག་ཆའི་སྒྲ་སྔ་མ་ལས་ཉིས་འགྱུར་སུམ་འགྱུར་དུ་ཆེ་བས་རི་བོ་རལ་བ་བཞིན་དུ་སྣང་ངོ༌། །ཚུལ་དེས་ཉི་མ་རེ་རེ་ཞིང་གཙེས་པས་ཁྭ་ཏ་ཆེས་ཕམ་པར་གྱུར་ནས། ནམ་ཞིག་ན་དེ་རང་གི་ཚང་མལ་ཡོད་པའི་ལྗོན་ཤིང་དང་ཉེ་བ་ཞིག་ཏུ་འདུག་སྟེ། མཆུ་ས་ལ་སྦྱར་ནས་སྙིང་རྗེ་རྗེ་ལྟར་སྣང་བའི་ངག་ཏུ། ཨ་ཝ་ཝ་ཝ། ཞེས་རྡོ་ཡུལ་པའི་སྐད་ཀྱིས་འོ་དོད་བོས་ནས་སླར་ཡང་འདི་སྐད་དུ། བརྩེ་བའི་ཕ་མ་མ་གཏོགས་པ། །སུས་ཀྱང་མ་བསྐྱངས་ཁྭ་ཏའི་བུ། །བདག་མེད་ནགས་སུ་སྤྱོད་པ་ལ། །རྒྱུ་མཚན་མེད་པའི་གྱོད་ཅིག་བྱུང༌། །གཙུག་ལག་འཇིགས་པའི་ཆོམ་རྐུན་ལའང༌། །དགེ་སྦྱོང་འཚེ་བ་མ་ཐོས་ཏེ། །དེང་ནི་ཤ་དུམ་ཆུང་ངུའི་ཕྱིར། །བྱ་རོག་གནས་དང་བྲལ་བར་བྱས། །རིང་ནས་མཛའ་


LT17_Page_065
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལྟར་འདྲིས་པའི། །ལྗོན་པ་ཡན་ལག་རབ་བཟང་དང༌། །མལ་སྟན་མིག་མང་རིས་ཁྱོད་ཀྱང༌། །དེང་ནི་སྤངས་ཏེ་འགྲོ་བ་སྙམ། །ཕངས་ཤིང་སྡུག་པའི་གནས་གྲོགས་དང༌། །བྲལ་བའི་སྡུག་བསྔལ་དབལ་ཚ་ཡང༌། ། དགེ་ཚུལ་བརྩེ་མེད་པའི། །མེ་འདིས་ཁོ་བོ་འདི་ལྟར་བསྲེགས། །ཀྱེ་མའོ་ཀྱི་ཧུད། ད་ནི་ཆུང་མ་སྟོབས་བྲལ་མ། །འབའ་ཞིག་ཁྲིད་དེ་མཆི་བ་ན། །ཕྱོགས་མཐའ་ཕྱོགས་མཐའི་བྱ་ཚོགས་ནང༌། །ཉིན་བཞིན་བརྙས་པ་ཐོབ་པར་འགྱུར། །ཞེས་སྨྲས་ནས་རིང་ཞིག་བསམས་ཏེ། འཇིག་རྟེན་ནི་ཕལ་ཆེར་འདྲིས་པའི་རྗེས་སུ་འཇུག་པ་ཡིན་པས། དེ་རང་གི་གནས་གྲོགས་དང་བྲལ་བའི་སྡུག་བསྔལ་གྱིས་ཞེ་ཕམ་བཞིན་དུ་མཛའ་མོ་གཅིག་པུ་ཁྲིད་དེ་ཤར་ཕྱོགས་ཀྱི་ནགས་ཀླུང་བགྲོད་དཀའ་བ་ཞིག་ཏུ་སོང་ངོ༌། །དེར་བསྟི་གནས་སུ་འོས་པའི་ལྗོན་ཤིང་རྩེ་མོ་མཐོ་བ། ཡལ་ག་སྟུག་ཅིང་འཛིང་ལ་རིང་པོར་རྒྱས་པ། ཤིང་ཆེན་དང་ཤིང་ཕྲན་གྱི་ཚང་ཚིང་མང་པོའི་ནང་དུ་རྒྱས་བཏབ་པ་བཞིན་མི་མངོན་པར་སྣང་བ་ཞིག་བཙལ་ཏེ། ཚང་ཤིང་བསགས། བྱ་སྤུ་བསྡུས་ཏེ་རང་གི་ལས་ཀྱིས་ཐོབ་པའི་ཤེས་རབ་དང་ཤིན་ཏུ་གཟུ་བའི་མཆུའི་འདུ་བྱེད་ཀྱིས་བཟོ་ལེགས་པར་སྦྱར་བའི་མལ་སྟན་ཡང་བརྩིགས་ནས་འདུག་གོ༌།རེ་ཞིག་ཅིག་ན་དེས་བསམ་པ། ནགས་ཚལ་འདི་ན་རྒྱུ་བའི་བྱ་རོག་གཞན་རྣམས་ནི། འདི་ཉིད་དུ་སྐྱེས་ཤིང་འདི་ཉིད་ན་ལོངས་སྤྱོད་པ་སྟེ། རང་གི་ཕ་མེས་ཀྱི་ཁབ་ལས་མ་ཉམས་པ་ཤ་སྟག་གོ༌།ནགས་ཚལ་གཞན་ན་གནས་


LT17_Page_066
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱང་དེ་ཁོ་ན་བཞིན་ཏེ། རང་གི་ཡུལ་ན་མི་འཇིགས་པར་སྤྱོད་པ་ཤ་སྟག་ཡིན་ན། བདག་གཅིག་པུ་ནི། རང་གི་ཡུལ་འཁོར་ནས་ཐོན་ཏེ། གཞན་གྱི་ཡུལ་དུ་དམན་ཞིང་དམན་པའི་ཡིད་ཀྱིས་རླུང་གིས་བུས་པའི་ཤིང་ལོ་བཞིན་འཁྱམས་ཤིང་འདུག་སྟེ། བདག་གིས་དགེ་ཚུལ་ངན་པ་དེ་ལ་འཇིག་རྟེན་ཕ་རོལ་ཏུ་ཡང་ཁོན་འཛིན་སྤང་བར་མི་ནུས་སོ་སྙམ་མོ། །ཡང་བསམ་པ་ལ། གཅིག་པུ་སྙིང་ལས་ཆུང་བས་བདེ། །དབུལ་པོ་འདུ་འགོད་ཉུང་བས་བདེ། །ཡུལ་མེད་རང་དབང་ཐོབ་པས་བདེ། །མདའ་ཕྲན་འགྲོ་འོང་སླ་བས་བདེ། །དེའི་ཕྱིར་ད་ནི་དགེ་ཚུལ་གཏུམ་པོ་དེས་བདག་ལ་ཅི་ཡང་བྱར་མེད་ཀྱིས། བདག་གིས་ཁོ་ན་ལན་གླན་པའི་དུས་ནི་འདི་ཡིན་ནོ་སྙམ་ནས། དེ་ནང་རེ་བཞིན་དགེ་ཚུལ་གཙུག་ལག་ཁང་དུ་ཁ་ཏོན་དང་བསམ་གཏན་བྱེད་ཅིང་འདུག་པའི་དུས་སུ་གླགས་རྙེད་པར་ཤེས་ཏེ། དུས་དེར་ཆུང་མ་དང་བཅས་པར་ལྷགས་པ་དང༌། གཙུག་ལག་ཁང་པའི་ཕྱི་རོལ་དུ་ཕྱུགས་ཀྱི་ཤ་ཚོ་ཞིང་ཞིམ་པ་ཟས་ཀྱི་ཆེད་དུ་གཞན་ལས་ཉོས་པ་དག་ཐག་པའི་གདངས་ལ་བརྒྱུས་ཏེ། ཉི་མ་ལ་བཞག་པ་མཐོང་སྟེ། ཇི་ཙམ་འདོད་པར་ཟོས་ཤིང་ཤའི་ལྷག་མ་ལ་བྱ་ཐལ་བཏང་ནས་སོང་ངོ༌། །ཚུལ་དེས་ཡང་དང་ཡང་དུ་ཐོ་བརྩམས་པ་ལ། དུས་རིང་ཞིག་ལོན་པ་དང་དགེ་ཚུལ་གྱིས་ཚོར་ནས་ཤུག་པའི་མདའ་གཞུ་མལ་དྲུང་དུ་བླངས་ཏེ་བྱ་ར་བྱེད་དོ། །དེ་ནས་ཡང་ནང་སྔ་ཞིག་ན་བྱ་རོག་སྔར་བཞིན་འོང་ནས་ཤ་མང་དུ་ཟོས་པ་དང༌། དགེ་ཚུལ་གྱིས་སྒྲའི་མཚན་མ་ལས་ཤེས་ཏེ།


LT17_Page_067
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་མོ་ཀྲུང་མྱུར་བ་མྱུར་བ་བཤིག་ནས་མདའ་གཞུ་ཐོགས་ཤིང་སོང་བ་ལས། བྱ་རོག་ནི་ཆེས་སྒྲོན་པ་ཡིན་པས་ཚོར་ནས་ཉེ་འཁོར་གྱི་ཤིང་ཞིག་གི་རྩེར་འཕུར་ཏེ་འདུག་གོ༌།དགེ་ཚུལ་ཕྱི་རོལ་དུ་ཐོན་པ་དང༌། བྱ་རོག་ན་རེ། བྱོན་པ་ལེགས་སོ་ནགས་ཀྱི་སྤོང་བ་པ། །ཡང་དག་འཇོག་ལས་བཞེངས་མ་ཐག་པ་ཁྱོད། ཁྱོད་ཀྱི་རྗེས་ཐོབ་སྤྱོད་པའི་ཚུལ་འདི་ཡིས། །མཉམ་བཞག་སྤྱོད་ཡུལ་ཤིན་ཏུ་ཞི་བར་རྟོགས། །ཉིན་བཞིན་བྱ་ཚོགས་གཙེས་ནས་ནང་པར་དུས། །བྱམས་དང་མི་འཚེ་སྟོན་པའི་གཙུག་ལག་རྣམས། ཁ་ཏོན་བྱེད་ཁྱོད་རང་གི་ལྕེ་ལ་ཡང༌། །ངོ་ཚར་མི་སེམས་གདོང་ལྤགས་ཤིན་ཏུ་འཐུག །བསམ་གཏན་མལ་དུ་ཚངས་པའི་རྒྱལ་ལྟར་ཞི། །ཐང་དང་ཁྱམས་ན་སྲིན་པོའི་འཁོར་ལྟར་ཁྲོ། །བདེན་བྲལ་འདོད་དགུར་བསྒྱུར་བའི་གཟུགས་ཅན་ལྟའི། །རྣལ་འབྱོར་སྤྱོད་ཁྱོད་རིང་མོ་ཞིག་ནས་མཐོང༌། །ཞེས་སྨྲས་པས། དེས་རྐྱག་ཟན་ཁྱོད་ཀྱི་གདམས་ངག་གིས་ཁོ་བོ་ཞི་བར་འགྱུར་སྙམ་མམ། ཁྱོད་ཀྱིས་གཙུག་ལག་ཁང་གི་ཉེར་སྤྱད་རྒྱ་ཆེན་པོ་ཉམས་པར་བྱས་པ་མི་དྲན་ནམ། ཚོད་མི་ཤེས་པའི་བླུན་པོ་ཁྱོད་སྡོད་ཅིག་ཅེས་མདའ་གཞུ་བཀང་སྟེ་བདས་སོ། །དེར་བྱ་རོག་མོ་གཙུག་ལག་ཁང་གི་རྒྱབ་ཕྱོགས་ནས་བྱུང་སྟེ། བྱ་ཐལ་འཐོར་ཞིང༌། འདི་སྙེད་ཕྱུགས་རྣམས་ཁྱོད་ཀྱིས་སུ་ལས་བརྐུས། །སྤོང་བའི་ནགས་སུ་ཤ་འདི་གང་ནས་བྱུང༌། །བས་མཐར་འདི་འདྲའི་ལས་ཀྱིས་དྲེགས་པ་ཁྱོད། །གདམས་པས་ཞི་བར་མི་འགྱུར་དེ་


LT17_Page_068
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བདེན། །ཟེར་ནས་གཉིས་ཀ་ནམ་མཁའ་ལ་གྱ་གྱུར་རྩེ་ཞིང་སོང་ངོ༌། །དེའི་ཚེ་གཏུམ་སྤྱོད་ཉི་མ་དཔལ་ཞེས་པ་གདོལ་པའི་རིགས་ལས་ཡི་གེ་ཀློག་པའི་སློབ་དཔོན་དུ་གྱུར་པ་ཞིག་གཙུག་ལག་ཁང་དེའི་ཕྱོགས་གཅིག་ན་འདུག་གོ༌།དེས་དགེ་ཚུལ་དང་བྱ་རོག་དེ་ལྟར་འགྲས་པ་ཐོས་ནས་དགེ་ཚུལ་གྱི་དྲུང་དུ་ཕྱིན་ཏེ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་གཙུག་ལག་ཁང་ན་ཀློག་པ་དང་སྤོང་བས་དུས་འདའ་བ་དང༌། བྱ་རོག་ནགས་ཀྱི་ནང་དུ་གྲོང་འདབ་ནས་གཞན་གྱིས་བོར་བ་རྙེད་པ་ཟ་ཞིང་འདུག་པ་གཉིས་ཅི་ཞིག་ལ་རྩོད། དེ་ལྟ་མོད་ཀྱི་ཁྱོད་ཅག་རྒྱུ་མཚན་ཆུང་ངུའི་ཕྱིར་དུ་རྩོད་ཅིང་འདུག་གོ་ཞེས་ཐོས་ཀྱི་དེ་ཁོ་བོས་ཞི་བར་བྱ་ན། སླན་ཆད་ཞི་བའི་ནགས་སུ་རྩོད་པའི་མེ་མ་སྤོར་ཅིག་ཁྱོད་ཀྱིས་ལེགས་པར་སོམས་ཤིག་དང༌། གྲགས་པ་མི་སྡུག་དུ་བའི་རྒྱལ་མཚན་ཅན། །རྩོད་པའི་བུད་ཤིང་ཤ་ནི་འཇུས་ཟིན་ན། ཁྱོད་ཀྱི་ཁྲོ་བའི་མེ་ལྕེ་མ་ཞི་འདི། །གང་ལ་གནས་དེ་ཞིབ་མོས་བསམ་པར་གྱིས། །སུ་འགྲོགས་ཡིད་ལ་མཐུན་པར་བྱེད་པའི་མི། །མང་པོས་བཀུར་བ་འཇིག་རྟེན་རིག་པ་དང༌། །མི་འཚེས་ལེགས་འགྱུར་ཆོས་ཀྱི་ལུགས་ཡིན་ན། །བློ་གྲོས་གསལ་བ་ཁྱོད་ལྟ་སུ་ཞིག་རྩོད། །དེ་ཕྱིར་ཡིད་ཀྱི་སྡུག་བསྔལ་དྲག་པོའི་དུག །འཕྲོག་བྱེད་གཟུ་བོའི་ངག་གིས་སྨན་བྱེད་པ། ཁྱེད་ལ་བསམ་པ་དགེ་བའི་ཚུལ་བསམ་ནས། །ནད་གསོའི་སྦྱོར་བ་འབྲས་མེད་མི་འགྱུར་བྱོས། །དགེ་ཚུལ་གྱིས་ལན་སྨྲས་པ། གྲོགས་པོ་ཁྱོད་ཁོ་བོ་ལ་སྨན་པར་འདོད་པ་ནི་བདེན་


LT17_Page_069
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། བདག་ཅག་གཙུག་ལག་ཁང་གཅིག་ན་བགོ་སྐལ་གཅིག་ལ་སྤྱོད་པ་ཡིན་པས། ཕན་ཚུན་བསམ་པ་བཟང་བ་ལ་ངོ་མཚར་དུ་བྱ་བ་ཡང་མེད་དོ། །འོན་ཀྱང་ཁོ་བོ་ནི། རྩོད་དང་འདུ་འཛིས་འཇིགས་ནས་ནགས་སུ་བྱོལ། །མི་མེད་ནགས་འདིར་ཁ་ཏས་རྩོད་པ་སྤེལ། །རྩོད་པའི་ཁུར་བུ་མ་བསྐུར་མཆོག་ཡིན་ཀྱང༌། །ལས་ཀྱིས་ཐོབ་འདི་ད་ནི་མཐར་ཕྱུང་བྱ། །གདོལ་པའི་སློབ་དཔོན་གྱིས་སྨྲས་པ། ཚེ་དང་ལྡན་པ་བྱ་རོག་གིས་ཐང་ནས་ཤ་དུམ་རྙེད་དེ་ཁྱེར་བ་གང་ཡིན་དེ་ནི་ཁྱོད་ལ་རྩོད་པར་འདོད་ནས་མ་ཡིན་ཏེ། འདི་ནི་ཐང་ནས་རྙེད་པ་ཙམ་ལ་སྤྱོད་པར་ཟད་ཀྱི། བདག་པོ་དང་བཅས་པ་དང་བདག་པོ་མེད་པའི་རྣམ་དབྱེ་མི་ཤེས་པའི་ཕྱིར་རོ། ཁྱོད་ཀྱིས་བག་ཙམ་གཞི་ལས་ངན་སྐྱུག་གི༌།འདམ་རྫབ་དཀྲུགས་པའི་ངལ་བ་ལྷུར་བླངས་ན། །དེ་ཡིས་འདམ་རྫབ་ཕམ་པར་མི་འགྱུར་གྱི། །རང་ཉིད་གྲགས་པ་ངན་པའི་དྲིས་གོས་འགྱུར། །གང་ཕྱིར་མུ་ཅོར་སྨྲ་བའི་རྗེས་བསྙགས་ནས། །མཁས་པ་ཀུ་ཤའི་རྩེ་ལ་རླུང་ཕོག་བཞིན། །བསྐྱོད་པའི་ཚུལ་མིན་ནགས་སུ་སྤེལ་མཐོང་ན། །བསྔགས་མིན་མི་སྒྲོགས་དཔྱོད་ལྡན་སུ་ཞིག་མཆི། །གང་མཐུས་ཁྱོད་ལ་བྱ་རྣམས་ཀྱང༌། །གླན་ཀ་ཚོལ་བ་ལྟར་སྣང་བ། །མི་བཟད་ཡིད་ཀྱི་སྒྱུ་མ་མཁན། །འདི་ལ་སུ་ཞིག་ཡིད་རྟོན་འགྱུར། །དུག་ལོ་མ་སྨིན་དུས་སུ་འབྲེག་པ་བཟང༌། །ནགས་མེ་མ་མཆེད་དུས་སུ་གཞིལ་


LT17_Page_070
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཟང༌། །རྩོད་པའི་ཆུ་བོ་ཆོས་དང་གྲོགས་པ་ཡི། །ཤིང་རྩ་མ་ཟོས་དུས་སུ་བཟློག་པ་བཟང༌། །དེ་ནས་དགེ་ཚུལ་གྱིས། འདི་ནི་བདག་ལ་སྙིང་བརྩེ་བར་སེམས་པ་ཡིན་པས་ཤགས་ཀྱིས་སྤྱོ་བར་བྱ་བའི་ཡུལ་མ་ཡིན་ནོ་སྙམ་ནས་སྨྲས་པ། ཀྭ་ཡེ་ཤེས་ལྡན་ཁྱོད་ཀྱིས་ཁོ་བོ་ཅག་གི་འཁོན་ཞི་བར་བྱ་བའི་སྒོ་ཞིག་མཐོང་ན། རེ་ཞིག་དེ་སྟོན་ཅིག་དང༌། བསམ་པར་བྱའོ། །གདོལ་པས་སྨྲས་པ། ཐུབ་པའི་སྐྱེ་བོ་དུལ་ཞིང་ཞི་བས་འཕགས། །རྟེན་དང་མུ་ཅོར་སྨྲ་བས་བྱ་རོག་ཉམས། །དེ་ཡིས་དེ་ལ་ཕ་རོལ་གནོན་བསྟན་ན། །ཆེན་པོའི་མཐུ་རྩལ་ཅི་ཞིག་བསྟན་པར་འགྱུར། །ཚེ་དང་ལྡན་པ་ཁྱེད་ཅག་གཉིས་ཀྱི་ཞི་བར་བྱ་བའི་སྒོ་ཡང་དེ་ཡིན་ནོ། །དེ་ལྟ་མོད་ཀྱི་རྩོད་པ་འདིའི་བྱུང་བ་ལེགས་པར་གཏན་ལ་ཕབ་ནས་ཕྱིས་ཀྱང་བསྟན་པར་བྱའོ། །ཞེས་སྨྲས་པ་དང༌། དེ་ཅང་མི་ཟེར་རོ། །དེ་ནས་གདོལ་པའི་སློབ་དཔོན་གྱིས་དགེ་ཚུལ་ཅུང་ཟད་དུལ་བར་ཤེས་ནས། ཚེ་དང་ལྡན་པ་ཅང་མི་སྨྲ་བ་ནི་རྗེས་སུ་གནང་བའི་མཚན་མར་འཇིག་རྟེན་ན་གྲགས་ཏེ་ཁྱོད་ཀྱང་འདི་ལྟར་ཅང་མི་སྨྲ་བས་བདག་གིས་ཇི་སྐད་སྨྲས་པ་འདི་གནང་བར་འཛིན་ཏོ་ཞེས་སྨྲས་ཏེ་སོང་ངོ། །དེ་ཉིན་ཞག་ཕྱི་མ་ལ་ཟན་དང་ཤ་དང་ཁུར་སྐྱའི་དུམ་བུ་འགའ་ཞིག་ཐོགས་ཏེ་བྱ་རོག་གནས་པ་ལ་ནགས་སུ་ཕྱིན་པ་དང༌། བྱ་རོག་ནི་འཁུ་འཁྲིགས་ཟ་བ་ཡིན་པས་ཚང་ནས་འབྱུང་དུ་མ་འདོད་པ་ན། དེས་ཟས་ཀྱི་ལྷག་མ་དེ་གཏོར་རོ། །རིང་ཞིག་ན་དེ་དག་བཟའ་བའི་ཕྱིར་


LT17_Page_071
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བར་གྱུར་ཏེ། དེ་ལྟ་ནའང༌། མི་ནི་ཕལ་ཆེར་མ་རུངས་ཤིང་བསླུ་བ་ཉིད་ཀྱི་ཕྱིར། །འདིས་ཀྱང་བདག་ལ་ཐོ་འཚམ་པར་འགྱུར་གྲང་ཞེས། རླུང་གིས་ཤིན་ཏུ་བསྐྱོད་པའི་མར་མེའི་རྩེ་མོ་ལྟར་ཕན་ཚུན་དུ་བལྟ་བས་བྲེལ་ཞིང༌། མགྲིན་པ་ཆེར་བསྲང་བ་དང་ཆེར་བསྐུམ་པ་དང༌། རོ་སྟོད་ནམ་མཁའ་ལ་བཏེགས་ཤིང་ལྟ་བ་དང༌། ས་གཞི་ལ་བསྐུས་པ་སྙམ་བྱེད་ཅིང་ལྟ་བ་ལ་སོགས་ཏེ་རྣམ་འགྱུར་མང་པོས་འབྲོས་པར་རྩོམ་པ་གདོལ་བའི་སློབ་དཔོན་གྱིས་མཐོང་ནས། མཁས་པ་བདེན་པར་སྨྲ་བས་མགུ། །བླུན་པོ་ངོ་བསྟོད་བྱས་ན་མགུ། །ཞེས་བྱ་བ་ཡིན་པས། འདི་ལ་ངོ་བསྟོད་དང་འབྲེལ་བའི་གཏམ་ཞིག་བྱའོ་སྙམ་ནས་སྨྲས་པ། དུས་ལ་ལྟ་ཞིང་ཚང་ནས་དུས་སུ་འབྱུང༌། །འཇིག་རྟེན་ཤེས་པས་ཀུན་ལ་ཡིད་མི་རྟོན། །བག་དང་ལྡན་ཕྱིར་རང་སྤྱོད་ལེགས་བསྲུང་བའི། །འདབ་ཆགས་མཁས་ཁྱོད་ནགས་ཀྱི་ཐིག་ལེ་ཡིན། །འོན་ཀྱང་བདག་ལ་ནི་ཁྱོད་འཇིགས་པར་བྱ་མི་དགོས་ཏེ། འདི་ལྟར་བདག་གིས་རྒྱུས་བསྙད་པར་བྱ་ན། བདག་ནི་གདོལ་པ་ཉི་མ་དཔལ། །བས་མཐའི་གཙུག་ལག་ཁང་ན་གནས། །དེང་ནི་ཁྱོད་དང་བཟང་པོའི་བློའི། །རྩོད་པ་སྡུམ་ཕྱིར་འདིར་འོངས་སོ། །ཚིག་དེ་ཐོས་ནས་བྱ་རོག་ཀྱང་ཅུང་ཟད་བག་ཕེབས་པར་གྱུར་ཏེ་སྨྲས་པ། གང་ན་ཡིད་ཀྱི་ཚེར་མ་དེ་གནས་པའི། །གཙུག་ལག་ཁང་པའི་གཏམ་ལ་བདག་མི་སྤྲོ། །འོན་ཀྱང་བདག་ཅག་རིགས་དང་རྗེས་མཐུན་པས། །གདོལ་པ་ཞེས་བྱའི་སྒྲ་


LT17_Page_072
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣ་བར་སྙན། །བདག་གི་འདབ་བཟང་བུམ་པའི་སྤྱི་གཙུག་སྟེ། །ཤིང་ཐོག་བྲེ་ཡིས་གཞལ་བ་དུ་མ་དང༌། །ཡལ་གའི་ལག་པ་འབྲེལ་བའི་ཤིང་ཆེན་དང༌། །འཁྲི་ཤིང་མང་པོའི་ཁྱིམ་ལ་དབང་བར་འགྱུར། །དེ་ནས་དགེ་ཚུལ་བཟང་པོའི་བློ་གྲོས་ལ། །འཐབ་མོ་སྤེལ་བའི་བློ་གྲོས་སྐྱེས་གྱུར་ནས། ཁོ་བོ་སྒྲེན་མོ་ལག་སྟོང་འཕྱན་པ་ཡི། །ཤེས་པའི་རྣམ་འཕྲུལ་འདི་འདྲ་འདི་དག་སྤྲུལ། །བཟང་པོའི་བློ་མངའ་དགེ་སྦྱོང་ཞི་བ་ཡི། །བཟང་དང་ཞི་བའི་མཛད་པ་འདི་ཡིན་ན། །ཟླ་བས་གདུངས་བསྐྱེད་སྔོན་མེད་རྒུད་པ་འདི། །འདི་ལྟ་བུར་ན་ཁྱོད་ཀྱིས་སེལ་བར་འགྱུར། །གདོལ་པས་སྨྲས་པ། ཡིད་ནི་ཕྱི་རོལ་ལ་བལྟས་ནས། །གཞན་སྐྱོན་ཚོལ་ན་མཁས་པ་སྟེ། །དེ་ལྟར་ནང་ལ་མངོན་ཕྱོགས་ནས། །བདག་ཉིད་དཔྱོད་ལ་ཞུགས་ཚེ་མིན། །འདི་ལྟར་ཁྱོད་ལ་སྨྲ་བའི་རྒྱུས། །གཞན་ནི་མུ་ཅོར་སྨྲར་ཤེས་ཏེ། །དེ་ཁྱོད་རང་ཉིད་ཀྱིས་ནི་བདག །སྙམ་དགུ་སྨྲ་ལ་མཁས་པར་སེམས། །དགེ་ཚུལ་ན་རེ་ཟས་ཀྱི་དྲིན་ལན་དུ། །རྐུ་བས་གནོད་བྱེད་བྱ་རོག་མི་སྲུན་པ། ཁོ་ནས་ནོར་ཟེར་ཁྱོད་ནི་འདི་ལྟ་བུར། །རང་གིས་ནོངས་པའི་གཏམ་ཙམ་ཡོང་མི་སྣང༌། །བཞིན་བཟང་དེའི་ཕྱིར་ཁྱོད་ཀྱང་བློ་གཟུ་བོར་གནས་ནས་བདག་ཉིད་བསམ་པར་བྱ་སྟེ། ཁོ་བོའི་ངལ་བའང་འབྲས་བུ་དང་བཅས་པར་བྱའོ། །ཞེས་བསྒོས་ནས་སོང་ངོ༌། །དུས་གཞན་ཞིག་ན་སོས་ཀའི་དུས་སྟོན་ལ་བབ་པའི་ཚེ། ཤགས་ཀྱི་རྒྱལ་ཕམ་ཉན་པའི་བྱ་རྣམས་


LT17_Page_073
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཤིང༌། བྱ་རོག་དང་དགེ་ཚུལ་གཉིས་ཀྱང་བོས་ཏེ། གདོལ་པས་སྨྲས་པ། ཤིང་རྣམས་ལག་པ་མེ་ཏོག་ཁུར་བུས་དུད། །བྱ་ཚོགས་རྩེ་བས་དྲེགས་པའི་ཅ་ཅོ་ཡི། །ཕྱོགས་ཀྱི་མཛེས་མ་སོས་ཀའི་ཆང་འཐུང་བས། །མྱོས་པའི་གླུ་ལེན་ལྟ་བུར་དུས་འདི་དགའ། །བརྟན་གཡོ་མཐའ་དག་དཔྱིད་ཀྱི་བུ་མོ་དང༌། །ལྷན་ཅིག་ཀུན་དགའི་བདུད་རྩི་འཐུང་བ་ན། །རྩོད་པས་རང་གི་བདེ་བ་འཇོམས་བྱེད་པའི། །ཁྱོད་ཀྱི་ལས་འདིས་དགོས་པ་ཅི་ཞིག་འཐོབ། །གང་གིས་ཁྱེད་ཅག་ཡུན་རིང་ན་གྱུར་པའི། །ཁོན་ཆེན་དུག་དེ་བདག་དང་ཅང་ཤེས་ཀྱི། །བྱ་བརྒྱ་འདུས་པའི་མདུན་འདིར་སྐྱུག་ཅིག་དང༌། །ཚུལ་བཞིན་ན་བ་ཡིན་མིན་གདོད་ཤེས་འགྱུར། །དེ་ཁུ་བྱུག་དང༌། འཇོལ་མོ་དང༌། བྱ་རོག་ཆེན་པོ་དང༌། འོལ་བ་ལ་སོགས་པ་བྱའི་རྒན་རབས་རྒན་རབས་རྣམས་ཀྱང་གདོལ་པ་ཇི་སྐད་ཟེར་བ་བཞིན་དབྱངས་གཅིག་ཏུ་སྨྲ་ཞིང༌། ཁ་གཅིག་འཁྲི་ཤིང་རྣམས་ཀྱི་རྩེ་མོ་ན་ཏོག་ལྟ་བུ་དང༌། གཞན་དག་ཡལ་གའི་ལག་རྩེན་བིལྦ་ལྟར་འཁོད་དེ་ཅང་མི་ཟེར་བར་ཉན་ཅིང་འདུག་གོ །དེ་ལ་བཟང་བློ་ན་རེ། དོན་འདི་ལ་མང་དུ་ཅི་ཞིག་སྨྲ་སྟེ། ཁོ་བོ་གཙུག་ལག་ཁང་པར་བསམ་གཏན་དང་ཁ་ཏོན་བྱེད་པ་ལ་མང་དུ་སྨྲ་བ་དང༌། མུ་ཅོར་སྨྲ་བ་དང༌། གསང་མཐོར་སྨྲ་བས་ལན་གཅིག་མ་ཡིན་པར་ཐོ་བཙམས་ཤིང༌། བརྐུ་བ་དང༌། འཕྲོག་པའི་གནོད་པ་བྱེད་པའི་ཕྱིར། བུམ་པའི་སྤྱི་གཙུག་ཁོ་ན་དུག་སྦྱོར་བར་ཟད་དེ། འདི་ཉིད་ཁོ་ན་དུག་འཐོར་བ་དང༌།


LT17_Page_074
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གི་ཤུགས་མི་བཟད་པ་གཏོང་བ་ཡིན་ནོ་ཟེར་རོ། །བུམ་པའི་མགོ་ན་རེ། ཁ་ཏོན་སུས་འདོན་ལ་སུས་མི་འདོན་ཏེ། བཀྲེས་པའི་དཀའ་ཐུབ་བསྟན། ཉི་མ་ལ་སྦྱིན་སྲེག་བྱེད། ཟས་ཀྱི་བསམ་གཏན་ལ་གནས། ཡུལ་ངན་ལ་ཐོག་བརྫིས་གཏོང་ཞིང༌། ཨ་ཝའི་གསང་སྔགས་ཟློ་བ་དེ་ངའི་ཁ་ཏོན་ཡིན། རང་གི་སེམས་ལས་སུ་མ་རུངས་པ་ལ་མི་སེམས་པས། གཞན་གྱི་ཁ་ཏོན་ཁོ་ནས་ཁོ་བོའི་ཡོན་ཏན་གྱི་ཁྱད་པར་མ་ཐོབ་ཟེར་བའི་དགེ་ཚུལ་གཡོན་ཅན་འདིའི་སྤྱི་བརྟོལ་ལ་ལྟོས་དང༌། ཨ་ཝ་ཝ། དེ་ལྟར་ཁོ་བོ་དཀའ་ཐུབ་ཀྱི་ནགས་སུ་རིག་སྔགས་འདོན་པ་ལ་ལོག་པར་སྒྲུབ་ཅིང༌། ད་དུང་རང་ཉིད་བསམ་གཏན་པར་སྨྲ་བའི་གཟུ་ལུམ་ཅན་འདི་ཉིད་ཁོ་ན་རྩོད་པའི་རྩ་བ་ཡིན་ཏེ། བདག་གིས་ནི་འཁོན་ལན་གླན་པའང་མེད་ན། རྩོད་པ་བསླང་བ་ལྟ་ཅི་ཟེར་རོ། །བཟང་བློ་ན་རེ། དུད་འགྲོའི་སྙིགས་མ། བྱ་བརྒྱའི་གདོལ་པ། ཁྱོད་འདྲ་བ་བསྐྲད་ཀྱང་ཅི་ཞིག་ནོངས་ཏེ་བསྐྲད་པར་འོས་པ་གནས་ནས་བཏོན་པ་ཡིན་པའི་ཕྱིར་རོ། །དེང་སྲས་པོ་སྐལ་བཟང་རྒྱལ་རིགས་མཁས་པའི་བླ་མ། ལྷ་རྣམས་ཀྱང་ལུང་ལེན་པར་བྱེད་པ་རྣམས་ལ་སྔོན་སུས་ཀྱང་དེ་ལྟར་ཐོ་འཚམས་མ་མྱོང༌། བྱ་ངན་ཁྱོད་འདྲས་སྔོན་ཆད་ནམ་ཡང་ཅང་ཤེས་ཀྱི་མི་ལ་གནོད་པ་དེ་འདྲ་ཐུབ་མྱོང་བ་ཤེས་སམ། བུམ་པའི་མགོ་ན་རེ། རབ་བྱུང་གིས་མདའ་ཐོགས་ནས་ནགས་སུ་བྱ་བཤོར་བའི་རབས་ཤིག་ཀྱང་སྔོན་ནམ་ཡང་འཇིག་རྟེན་དུ་བྱུང་བ་ཤེས་སམ། བྱས་


LT17_Page_075
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་དྲག་ཤུལ་ཆེས་ཆེ་བ་བསྟན་པ་དང༌། དེ་ལྟར་བསྟན་ཡང་གྱོད་མེད་པའི་ལུགས་སྲོལ་སྔོན་དུས་ནས་གནས་པ་ནི། བྱའི་རྒྱལ་པོ་གཤོག་བཟང་གིས་ཀ་ཤིའི་རྒྱལ་པོ་བསད་པའི་བྱུང་བ་ཁྱོད་ཉིད་ཀྱིས་སྡེ་སྣོད་འདོན་པའི་སྒྲ་ལས་ཐོས་ན། ད་ཁྱོད་རང་གི་ཚིག་ལའང་ལོག་པར་སྒྲུབ་བམ། བཟང་བློ་ན་རེ། རབ་བྱུང་གིས་བྱ་རོག་བསྐྲད་པ་ཙམ་དུ་མ་ཟད་བསད་པ་ཡང་སྔོན་ཆད་བྱུང་བའི་ཚུལ་དགེ་སློང་འཆར་ཀའི་བྱུང་བ་སྔར་བདག་ཅག་གཉིས་ཐོག་མར་རྩོད་པའི་དུས་སུ་ཁྱོད་ཉིད་ཀྱིས་ཚུར་ལ་བསྙད་པ་མི་དྲན་ནམ། བྱ་ཡི་རྒྱལ་པོ་གཤོག་བཟང་ལ་བྱ་ཡི་རྒྱལ་པོ་ཟེར་བ་དེ་བྱ་ངན་གདོལ་བ་ཐ་ཆད་ཁྱོད་དང་མི་མཉམ་པའི་རྟགས་ཡིན་པས། ཁྱོད་དང་ནམ་མཁའ་ལྡིང་གཉིས་རིགས་པ་ག་ལ་མཚུངས། མཚུངས་སུ་ཆུག་ཀྱང་ངས་ཁྱོད་ལ་མི་ཟས་ཀྱི་བགོ་བཤའ་བྱས་པའི་དྲིན་ལན་དུ་སྔར་ཆོམ་རྐུན་བྱས་པས་མ་ཚིམ་པར། ད་དུང་གཤོག་བཟང་གིས་ཀ་ཤིའི་རྒྱལ་པོ་ལ་ཇི་ལྟར་བྱས་པ་དེ་མ་གྲུབ་པས་སྙིང་ནའམ། བུམ་པའི་མགོ་ན་རེ། འཆར་ཀ་དང་བྱ་རོག་གཞན་གྱི་ཡུལ་དུ་འཕྲད་པ་དང༌། ཁོ་བོ་རང་ཡུལ་ན་སྡོད་པ་གློ་བུར་བའི་སྐྱེ་བོས་བསྐྲད་པ་གཉིས་ཀྱང་ག་ལ་མཚུངས། ཁྱོད་ཁོ་བོའི་ཡུལ་དུ་འདུག་ནས་ས་རིན་ཟས་ཀྱིས་བཅལ་བ་ལ་དྲིན་ཅི་ཞིག་དྲན་པར་བྱ། ཁྱོད་ཀྱི་མ་བསྟབ་པའི་ཤ་དུམ་བདག་གིས་ཁྱེར་བ་ཡང་ཡུལ་བདག་གིས་དཔྱ་ཁྲལ་བླངས་པ་ཡིན་པས་ཅི་ཞིག་ནོངས་པར་འགྱུར། འོན་ཀྱང་ཁོ་བོ་རང་གི་ཡུལ་ན་ཉེས་པ་མེད་བཞིན་བསྐྲད་པས་ཁྱེད་


LT17_Page_076
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཤིན་ཏུ་ནོངས་ཅན་ནོ། །བཟང་བློ་ན་རེ། གླིང་འདི་ལ་འཛམ་གླིང་མི་ཡི་ཡུལ་ཞེས་འཇིག་རྟེན་ན་ཤེས་ཀྱིས་མཐོ་རིས་གཉིས་པ་བྱ་ཡི་ཡུལ་ཞེས་སུ་ཡིས་ཟེར། དེའི་ཕྱིར་ཁྱོད་ནི་རྟག་ཏུ་གཞན་ཡུལ་ན་གནས་པ་ཡིན་ན་ས་རིན་དང་དཔྱ་ཁྲལ་ཡང་ཇི་ལྟར་དབང་བར་འགྱུར། དེར་ཡང་མ་ཟད་དེ། ཁྱོད་མི་ཡུལ་ན་གནས་པ་དེ་སྲིད་དུ་རྔོན་པ་རྣམས་ཀྱི་རི་དྭགས་དང་ཁྱིམ་བདག་རྣམས་ཀྱི་ཕྱུགས་ལྟར་མིའི་ལོངས་སྤྱོད་ཁོ་ན་ཡིན་པས་བརྡུང་བ་དང་བསྐྲད་པ་ཡང་མི་ཉིད་དབང་ངོ༌། །བུམ་པའི་མགོ་ན་རེ། ས་གཞི་འབྱུང་པོ་འཛིན་མ་འདི་ལ་གངས་རྩེའི་སེང་གེ་ནས་ཁུང་གི་ཕྱི་བའི་བར་གྱི་བྱོལ་སོང་མང་པོ་སྤྲང་པོའི་གོས་ལ་ཤིག་ལྟར་འཁྲིགས་ནས་འདུག་སྟེ། དེ་ཐམས་ཅད་གླིང་འདི་མི་ཡུལ་ཡིན་གྱི་བྱ་ཡུལ་མིན་ཞེས་པའི་རིགས་པ་འདིས་གནས་ནས་ཕྱུང་བར་ནུས་སམ། དེ་ལས་གཞན་དུ་ན་ཁོ་བོ་གཅིག་པུ་བསྐྲད་པ་ཤིན་ཏུ་ཡུས་སོ། །ཁྱོད་ན་རེ་བྱ་མིའི་ལོངས་སྤྱོད་ཡིན་ཟེར་ཏེ། དེ་ལྟ་ཡིན་ན་ཁོ་བོས་ཤ་དུམ་ཁྱེར་བའང་ཕྱུག་པོའི་སྐྱེམས་ལྷག་ཕྱུག་པོའི་ཁྱིས་འཐུང་བར་ཟད་པས་ཇི་ལྟར་ན་གྱོད་འབྱུང་བར་འགྱུར། བཟང་བློ་ན་རེ། ཁ་སྨྱོ་བ། ལག་རྐུ་བ། ཤ་ཟ་ལྟར་གླག་ཚོལ་བ། ཁྱོད་གཅིག་པུ་མ་གཏོགས། གཞན་གྱིས་ཁོ་བོ་ལ་ཐོ་མི་འཚམས་པས་དེ་དག་ག་ལ་སྐྲོད། གཞན་ཡང་ཁྱོད་ལྷག་མ་ཟ་བའི་ཁྱི་ཡིན་ཟེར་བ་བདེན་ནམ། ཡུལ་འདིས་ས་བདག་རྒྱལ་པོ་ཡིན་པ་བདེན་ན་ས་སྐྱོང་གིས་ལྷག་མ་ཟ་བའི་རབས་ཤིག་སྨྲོས་དང༌། སྤྱིར་ཡང་ས་གཞི་སྐྱོང་བ་ཞེས་བྱ་བ་བྱམས་པས་འཇིག་རྟེན་གྱི་རྫི་བོ་བྱེད་པ་གཅིག་


LT17_Page_077
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། ཕྱི་ས་ཁམ་གང་གི་དོན་དུ་ཆུང་མ་ལ་ཕྱི་ཐག་སྟུང་བ་ཁྱོད་འདྲ་ཞིག་ཡིན་རེ་ཀན། བུམ་པའི་མགོ་ན་རེ། ཁོ་བོས་ཁྱོད་དཀའ་ཐུབ་ཀྱི་ནགས་སུ་བྱམས་པ་ལ་གནས་པའི་དྲང་སྲོང་གི་སྤྱོད་ཚུལ་ཅན་དུ་ཤེས་ཀྱིས་འདབ་ཆགས་རང་སྐད་སྨྲ་བ་དང༌། བཀྲེས་པས་རྒུམ་བུ་འཐུ་བ་ལ་དེ་ཙམ་དུ་ཐོ་འཚམས་པར་བརྩི་བ་མ་ཤེས་ཏེ། བྱིའུ་ཁུག་རྟ་ཡང་རང་གི་ཚང་མལ་དུ་འདུག་ནས་སྐད་ཅི་དགར་འབྱིན་ཅིང༌། ཟས་ཀྱི་ཆེད་དུ་ཕྱོགས་བཞིར་འགྲོ་ཡང་དེ་སུས་ཀྱང་དགག་པ་མི་སྣང་ངོ༌། །ཁྱོད་ཀྱི་སྨྲ་བ་གཞན་ཡང་འབྲེལ་མེད་ཡིན་ཏེ། འདི་ལྟར་ཁྱོད་ཀྱིས་བྱ་རྣམས་མི་ཡི་ལོངས་སྤྱོད་དུ་སྨྲ་བ་དང༌། དེ་ལ་ལོངས་སྤྱོད་དུ་བརྩིས་པའི་གཅེས་སྤྲས་མི་བྱེད་པ་གཉིས་ནང་འགལ་བར་བརྗོད་པའི་ཕྱིར། ཁྱིའི་དཔེ་བསྟན་པ་ཡིན་གྱི་ཁོ་བོའི་ཕ་མ་དང༌། ཕུ་ནུ་འདི་སྙེད་ཅིག་ཕྱོགས་འདིར་གནའ་བོའི་དུས་ནས་ཅི་སྟེ་ཡོད། དེ་ཙམ་ཞིག་མ་གཏོགས་སྐྱེས་པའི་ཕ་ཡུལ་ཞེས་བྱ་བ་ཡང་རྭ་ཟིང་ངེ་བ་ཞིག་གང་ནས་བཙལ། བཟང་བློ་ན་རེ། བྱིའུ་ཁུག་རྟ་ནི་འདབ་ཆགས་ཅང་ཤེས་ཡིན་ཏེ། རྫ་རྔ་བཞིན་དུ་རེ་འགའ་ན་སྙན་པར་སྒྲོགས་པ་དང༌། ཁྱོད་བླུན་པོ་དུས་མི་ཤེས་པ་དུས་དང་དུས་མིན་མེད་པར་ཀུ་ཅོ་འདོན་པ་གཉིས་ཅིའི་ཕྱིར་དཔེ་དོན་རིགས་པར་འགྱུར། ཁུག་རྟ་བདག་པོ་མེད་པའི་ཟས་སྒྲུབ་པ་དང༌། ཁྱོད་གཞན་གྱིས་ཡོངས་སུ་བཟུང་བའི་རྫས་འཕྲོགས་པ་གཉིས་ཀྱང་གཞན་ལ་ཐོ་བཙམས་པར་ག་ལ་མཉམ། ཁྱོད་ཀྱིས་རང་ཉིད་ས་སྐྱོང་དུ་སྨྲས་པའི་ཁས་བླངས་མེད་ཅེས་ཟེར་བ་དེ་ནི་ཤིན་ཏུ་ལེགས་ཏེ་ཁྱོད་


LT17_Page_078
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཁས་བླངས་པ་མ་བརྗེད་པར་གྱིས་ཤིག་གནོད་བྱེད་ལྷམ་ནང་གི་རྡོ་བ་ཁྱོད་ཀྱི་ཕུ་ནུ་འདི་ན་ཡོད་པས། འདི་ཁྱོད་ཀྱི་རང་ཡུལ་དུ་ཅིའི་ཕྱིར་འགྲུབ་སྟེ། ཁྭ་ཏ་གནོད་འཚེ་མང༌། ཕ་མེས་དང་ཡང་མེས་སོགས་ཀྱི་རིང་ལ་གཞན་དང་འགྲས་ནས་རང་ཡུལ་ནས་བཏོན་པའང་ཡིན་སྲིད་པའི་ཕྱིར་ཏེ། དཔེར་ན་ད་རེས་རང་གི་ཀུན་སྤྱོད་ཉེས་པས་ཡུལ་ལས་ཉམས་པ་བཞིན་ནོ། །བུམ་པའི་མགོ་ན་རེ། རྟག་ཏུ་འགྲོགས་པས་ནོངས་ན་ཅ་ཅོ་ཅན་གྱི་འབབ་ཆུ་ལའང་རྩོད་པར་གྱིས་ཤིག །རྫས་མ་བྱིན་པ་ཁྱེར་བས་ནོངས་ན་བར་སྣང་གི་རླུང་ལའང་ཕ་རོལ་གནོད་པ་སྟོན་ཅིག་དང༌། ཀྱེ་མའོ། །ཁྱོད་ལ་བྱ་དགོས་པ་མང་ངོ༌། །དེ་ལས་གཞན་དུ་ཁོ་བོ་ལ་ནི་མིང་ས་སྐྱོང་དུ་འདོགས་སམ་མི་འདོགས་ཀྱང་བླའི། ནགས་འདི་ཁོ་བོའི་ཡུལ་ཡིན་པ་ཁྱོད་ཀྱིས་ཁས་བླངས་ཟིན་པས་བདག་གིས་མང་དུ་སྨྲས་པའི་དགོས་པ་གྲུབ་ཀྱིས། ད་ནི་ཁོ་བོ་མང་དུ་སྨྲ་བ་ལ་མི་བརྩོན་ནོ། །བཟང་བློས་སྨྲས་པ། ཁོ་བོས་ཇི་ལྟར་ཁས་བླངས། བུམ་མགོས་སྨྲས་པ། ཁ་ཏྭ་རང་ཡུལ་ནས་བཏོན་པའི་མཐུན་དཔེ་མཁོ་བོ་ནགས་ཚལ་འདི་ནས་བསྐྲད་པ་ཁས་བླངས་པས། ཇི་ལྟར་མ་བླངས་ཞེས་སྨྲས་པ་དང༌། དགེ་ཚུལ་ཅང་མི་ཟེར་རོ། །དེ་ནས་གདོལ་པ་པཎྜི་ཏས། རྩོད་པའི་ཐོག་མ་བྱ་རོག་གིས་བསླངས་པས་བྱ་རོག་ནོངས་པ་ཆེ་ཚུལ། མི་འཚམས་པའི་འཁོན་ལན་དགེ་ཚུལ་གྱིས་རྩལ་བས་དགེ་ཚུལ་ནོངས་པ་ཆེ་ཚུལ། དེ་གཉིས་བྱ་བའི་ངོས་ནས་ནོངས་ཚོད་འདྲ་མཉམ་ཡིན་ཀྱང་རྟེན་གྱི་ངོས་ནས་དགེ་ཚུལ་ནོངས་ཆེན་ཡིན་ཚུལ་དང་ཉེས་


LT17_Page_079
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེ་ཚུལ། གཞན་ཡང་བྱ་རོག་བྱས་པ་མི་གཟོ་བས་ཉམས་པ་དང༌། དགེ་ཚུལ་དཀའ་ཐུབ་ཀྱི་ནགས་སུ་བརླང་སྤྱོད་བྱེད་པ་སོགས་དེ་གཉིས་ནོངས་པ་མཚུངས་ཚུལ་དང༌། མི་མཚུངས་པའི་ཚུལ་མང་པོ་ཞིག་བསྟན་ནས། ཕྱིན་ཆད་དགེ་ཚུལ་གྱིས་དུས་དང་དུས་སུ་བྱ་རོག་ལ་སྟོན་མོས་མཆོད་པ་བྱ་བ་དང༌། དེའི་ཚེ་བྱ་རོག་གིས་ཀྱང་ཚངས་པའི་མཁུར་ཚོས་ནས་བྱུང་བའི་ཡི་གེ་ཨོཾ་ཨ་ཐཱ་ཞེས་བྱ་བ་འདིས་དགེ་ཚུལ་ལ་ཤིས་པ་བརྗོད་པར་བྱ་བ་སོགས་ཁྲིམས་སུ་བཅས་ནས་རྩོད་པ་ཟླུམ་པའི་དགའ་སྟོན་ཡང་བྱས་སོ། །ཉི་མ་ཕྲིན་ལས་ཀྱིས་བྲིས་པ་ཡིན་ནོ།། ༈ །།ཕྱུག་པོ་བུ་བརྒྱ་མ་ཟེར་བ་དེའི་སྒོར་སྤྲང་པོ་ཤིག་སླག་ཅན་ཞིག་བྱུང་ནས། ཉི་མའི་ནང་དུ་ཤིག་འཐུ་ཞིང་བསྡད་པས། ཕྱུག་པོས་དེ་ལ་བལྟས་ནས་ཁོང་འཛུམ་ཅིག་ཤོར་ཏེ། འདི་སྐད་ཟེར། ཕྱི་རོལ་དགྲ་རྐུན་འོང་སྙམ་མི་དགོས་ཀྱང༌། །ནང་དུ་ཤིག་གི་སྲིན་པོས་གཟོན་ཟོས་བྱེད། །ཉིན་མཚན་བར་མེད་ཤིག་དང་གཡུལ་སྤྲད་པས། །སེན་མོའི་མཚོན་ཆ་ཟད་དེ་ལག་ཡུར་བུད། །ལྤགས་ཟད་ལག་སོར་རྩེ་ནས་ཁྲག་འཛགས་ཤིང༌། །ཤ་དྲི་ལུས་མདོག་ནག་ལ་སྣུམ་ཞག་བྲལ། །སྐྲ་རྣམས་ཤིག་སྲོ་གཉིས་ཀྱིས་གཡེང་ཞིང་འགུལ། །ཁྱི་མང་ནང་དུ་སྤྲང་པོ་ཐང་ཆད་བཞིན། །བྲོས་པས་མི་ཐར་རང་གི་ལུས་ལས་སྐྱེས། །བསད་པས་མི་འཛད་གོས་ཀྱི་ཕྱི་ནང་ཁྱབ། །སྤྲུགས་པས་མི་འབུད་སྐྲ་རྩ་ཤིག་གིས་བཟུང༌། །སྐྱུར་བའི་ཐབས་མེད་མི་གཅིག་གོས་


LT17_Page_080
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་རང༌། །སུ་འགྲོགས་མི་རྣམས་ཤིག་མེད་ཤིག་ཚང་བྱེད། །སུས་མཐོང་མི་ཀུན་འགོ་བའི་ནད་ལྟར་ལྟ། །མི་ཁྱུར་མི་ཚུད་གར་སོང་མི་ཡིས་བརྙས། །ཧྲུལ་པོའི་ཤིག་སླག་ལུས་གདོན་བཞིན་དུ་འབྲང༌། །དགྲ་ཡིན་བྱས་ན་རང་སྐྱེས་བུ་དང་འདྲ། །གཉེན་ཡིན་བྱས་ན་ལུས་ཁྲག་དྲོན་མོ་འཐུང༌། །འཚོས་ན་བུ་རོ་བསྐྱང་ན་དགྲ་བས་སྡང༌། །དགྲ་ཐབས་ཟིན་ཆུས་གང་ཡང་བྱར་མི་བཏུབ། །ནག་པོའི་སྐྲ་ལ་སྲོ་མའི་འབྲུ་དཀར་ཆགས། །འཇམ་པོའི་ལྤགས་རྣམས་འབྲུམ་བུའི་ཕུང་པོར་སོང༌། །སོས་དལ་ལག་པ་བྲེལ་བས་གཟེར་ཞིང་ངལ། །དང་བའི་བཞིན་རས་ཤིག་གི་ཟུག་རྔུས་སྡུད། །ཀྱེ་མ་རྣམ་པ་སྣ་ཚོགས་ལས་ཐབས་ཀྱིས། །མི་ལ་འཚེ་བྱེད་འབྱུང་པོ་མངོན་སུམ་ལྟའི། །ཤིག་སྲོ་གཉིས་དང་རུམ་བསྡོང་ཤིག་གི་བྲིས། །ཡི་ག་འཆུ་བའི་སྤྲང་པོ་སྙིང་རེ་རྗེ། །ཞེས་སྨྲས་པ། སྤྲང་པོའི་མཚང་ལ་ཕོག་ནས་ལན་སྨྲས་པ། ཁྱོད་ཀྱི་ཁྱིམ་སྒོ་ལས་གསུམ་བུ་ཡིས་གང༌། །ཕ་མའི་ཚེ་གསོག་ཟ་བའི་ལུས་སྐྱེས་དགྲ། །ཚེ་མཇུག་སྡུག་ལ་འཁོར་བའི་གསར་བྱུང་འདྲེ། །དེ་ཡིས་དྲེགས་ན་ང་ཡང་ཤིག་གིས་དྲེགས། །གཡས་ནས་ངུ་ཞིང་གཡོན་ནས་རྒྱུག་འདྲེད་བྱེད། །འཚིག་དང་དགོད་དང་ཀུ་ཅོ་སྣ་ཚོགས་ཀྱིས། །སྐད་ཅིག་བསྡད་ཀྱང་འཕྲལ་ལ་གཟེང་ནུས་པ། །འདྲེ་དམག་མངོན་སུམ་ཁྱིམ་དུ་བབ་པ་བཞིན། །འདུག་ན་སྤྲེ་དམག་མང་པོས་གཙེ་ཞིང་སྤྱོ། །ཟ་ཚེ་ཡི་དྭགས་ཚོགས་ཀྱིས་ཕོར་བུ་འདེགས། །ཉལ་ཡང་ནུ་འཚིག་སྒྲ་ཡིས་གཉིད་འཕྲོག་པ། །དེ་འདྲའི་བྱུར་ངན་ཁྱོད་ཀྱི་


LT17_Page_081
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ན་མཆིས། །ཆེ་མཐོའི་མལ་སྟན་གཅིན་དང་རྟུག་པས་སྦག །གཙང་སྦྱར་ཟས་ཀྱི་སྣོད་རྣམས་དྲི་མར་བྱེད། །གཅེས་ཤིང་ཕངས་པའི་རྫས་མང་བཅག་ཅིང་བཀྲུམ། །གོས་དང་གདོང་གི་ངོས་ལ་མཆིལ་མ་འདེབས། །ཞོ་དང་འོ་མ་མར་ཁུའི་ཚོགས་མང་པོ། །ཚང་མང་ཐལ་བ་དཀྲུགས་པས་ཁྱིམ་ཀུན་ཁྱབ། །སླན་ཆད་ཕྱགས་མ་ཐོགས་པ་བརྒྱ་ཡིས་ཀྱང༌། །ཁྱིམ་དེ་བྱི་དོར་བྱ་བར་ནུས་མ་ཡིན། །ཁང་ཁྱིམ་མཛོད་དང་ཐང་རྣམས་ལྷས་སུ་བསྒྱུར། །མཛོད་ཀུན་དབྱིག་དང་ལྷས་མལ་ཕྱུགས་ཀྱིས་གང༌། །འོན་ཀྱང་འཁྱག་ལྟོགས་གཉིས་ཀྱིས་ཚེ་ཡོལ་བ། །བུ་ཞེས་ཟ་འདྲེ་མང་པོ་ཡོད་པའི་མཐུ། །ཕ་མའི་བག་ཡངས་བདེ་བའི་དགའ་སྟོན་དང༌། །ཤ་ཁྲག་ཟད་ཟད་བསགས་པའི་ཟས་གོས་ནོར། །མཉམ་དུ་ཟོས་ནས་བྱས་ཡུས་ཆེ་ཆེ་ལྟར། ངུ་བའི་འདྲེ་ཤིག་ཅན་ཁྱོད་སྙིང་རྗེའི་ཡུལ། །ཞེས་ཟེར་རོ། །དེ་ཕྱུག་པོའི་བྱིས་པ་རྣམས་ཀྱིས་ཚོར་ནས། ཅི་ཟེར། སྤྲང་པོ་སྡུག་དྲེད། རང་སྡུག་པ་ལ་ངུ་རྒྱུ་བསྐྱུར་ནས། མི་སྐྱིད་པ་ལ་འཕྱ་བཞད་བྱེད་པ་ཕྱུག་པོའི་ཁྱིམ་གཞིས་མིས་བཟུང་བ་དང༌། ཁྱོད་ཀྱི་རྩག་ཧྲུལ་ཤིག་གིས་གང་བ་གཉིས་འདྲ་ཟེར་རམ། འདྲ་ན་ཁྱོད་ངེད་ཀྱི་སྒོར་སྤྲང་ཕོར་རྒྱ་རྫ་ཙམ་བཟེད་ནས་ཅི་ལ་འོང༌། ཞེས་རྡོ་དང་དབྱུགས་པ་དང་ཐལ་བའི་ཆར་འབེབས་ཤིང་བརྒྱུག་པས། སྤྲང་པོ་མྱུར་དུ་ལངས་ཏེ་གོམ་པ་བཅའ་བཅུ་ཙམ་ཕར་བྲོས་ནས་བྱིས་པའི་ཚོགས་ལ་ལྟ་ཞིང༌། ཕུང་ཤིག་ཁྱེད་རྣམས་མཐོང་ན། །ཕྱུག་པོས་སྤྲང་ཕོར་འཛེད་ཉེན་ཡོད། །


LT17_Page_082
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲང་པོས་ཤིག་ལ་སུན་སྲིད་ཀྱང༌། །ཧྲུལ་པོའི་གོས་ལ་ཕང་སེམས་མེད། །མུ་ཏོའི་ཤིག་རྣམས་འགྲང་ཙ་ན། །གོས་ངན་སྦུགས་སུ་ཁ་རོག་ཉལ། །ཁྱེད་རྣམས་འགྲང་ཚད་ཟོས་ནས་ཀྱང༌། །མ་ཡི་པང་ན་འཚིག་ཅིང་ངུ། །ཕ་ལ་ཟ་བས་ཤིག་དང་འདྲ། །ཁ་ལྟོ་ཆེ་ལ་ཁྱེད་ཅག་ལྷག །ཕྱུག་པོ་འདྲད་པས་མ་ཚིམ་པར། །སྤྲང་པོ་ཟ་ལ་རྔམ་མམ་ཅི། །སྤྲང་པོ་ཤིག་ལ་མི་འཇིགས་ཏེ། །ཤིག་བརྒྱགས་ཡོང་ན་ཟ་རྒྱུ་ཡིན། །ལྟོགས་པ་བྱུང་ན་གསོ་རྒྱུ་ཡིན། །ཤོག་དང་ཨམ་ཕྲག་བཅུག་པས་ཆོག །སྤྲང་པོ་བྲོས་ཀྱང་མི་འཐོགས་ཏེ། །ཀོག་སྟེ་ལང་བས་གཞིས་རྫོགས་ཡིན། །བུ་སྨད་མང་པོའི་གདོས་ཐག་ལས། །འཆོར་མེད་ཕྱུག་པོ་སྙིང་རེ་རྗེ། །ཞེས་སྨྲས་ནས་ཡང་བྲོས་ཏེ་སོང་ངོ༌།། ༈ །།བླ་མ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མི་ཟད་སྤོབས་པའི་འབྱུང་གནས་ལྷག་པའི་ལྷ། །འཇམ་མགོན་སྙིང་གི་ཉི་མ་ལ་བཏུད་ནས། །གནད་ཟབ་ཚིག་གི་རྣམ་པར་བཞག་པ་ནི། །རྣམ་བཞིའི་རྣམ་བཤད་ཤིན་ཏུ་བསྡུས་ཏེ་བྱ། །ཨ་ཞེས་བྱ་བ་དགག་པའི་སྒྲ་ཡིན་ཏེ། །གང་ལ་ཞེ་ན་མ་རབས་སྐྱེ་བོའི་ཚིག །གང་ཞིག་ཅེ་ན་དམ་པའི་ལེགས་བཤད་ངག །གང་ཕྱིར་ཞེ་ན་དོན་མེད་དོན་ལོག་ཕྱིར། །ཇི་ལྟར་ལུས་ཅན་དག་གི་མཁྲིས་པའི་རོ། །དེ་ལ་མངར་བའི་རོ་ནི་ཡོད་མ་ཡིན། །དེ་བཞིན་མ་རབས་བླུན་པོ་རྣམས་ཀྱི་ངག །དེ་ལ་རྣམ་བཞག་བཟང་པོ་ཡོད་མ་ཡིན། །དེ་ཕྱིར་ཤིན་ཏུ་མ་རབས་རྣམས་ཀྱི་ཚིག །མཁས་པ་རྣམས་ཀྱིས་དགག་པར་བྱ་བ་སྟེ། །ལེགས་ཆ་མེད་དང་སྤང་བྱ་ཡིན་པས་ན། །ཨ་


LT17_Page_083
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གཟུར་གནས་རྣམས་ཀྱིས་སྲིད་འདིར་བསྒྲགས། །ཁ་ཞེས་བྱ་བ་གཏན་གྱི་སྒོ་ཡིན་ཏེ། །སྐྱེས་བུ་ཐ་ཤལ་རྣམས་ཀྱི་ཁ་ཉིད་ནི། །འདོར་འོས་སྨད་པར་བྱ་བའི་ངག་མང་པོ། །འབྱུང་བའི་གཞི་ཞེས་མཁས་པས་རྟོགས་པར་བྱ། །ཇི་ལྟར་རྡུལ་ཉོག་ཁྲོད་ནས་འོང་བའི་ཆུ། །ཀུན་ཏུ་རྙོག་མས་དཀྲུག་པ་ཡིན་ཞེས་བྱ། །དེ་བཞིན་མ་རབས་ཁ་ནས་འོང་བའི་ཚིག །ཀུན་ཏུ་ཉེས་པས་དཀྲུག་པ་ཁོ་ནར་ཟད། །མ་རབས་ཁ་ལ་དགག་བྱར་བསྟན་ཤུགས་ལས། །ཁ་ཡི་བརྗོད་པར་སློང་བའི་ཡིད་དང་ནི། །ཁ་དང་མཚུངས་པའི་ལུས་ཀྱི་སྤྱོད་པའང༌། །དེ་ཡིས་མཚོན་ནས་སྤང་བྱར་བསྟན་པ་ཡིན། །ཐེ་ལེ་ཞེས་པ་སྡུག་བསྔལ་སྒྲ་ཡིན་ཏེ། །མ་རབས་ཡིད་ཀྱིས་མ་རབས་ཚིག་བརྗོད་ཅིང༌། །མ་རབས་སྤྱོད་པ་རྟག་ཏུ་སྤྱོད་བྱེད་ན། །དེ་ནི་རྟག་ཏུ་དུ་ཁས་འདེབས་པར་འགྱུར། །འདི་ན་གང་ལ་སྐྱེ་བོ་རྣམས་ཀྱིས་ནི། །སྨོད་ཅིང་ཕྱར་ཀ་གཏོང་བ་ལ་སོགས་པ། །འདི་ཀུན་མ་རབས་སྤྱོད་ལས་འབྱུང་བ་སྟེ། །འདི་བཞིན་ཚེ་རབས་གཞན་དུའང་ཐེ་ལེ་ལེ། །ཇི་ལྟར་ལུས་ནི་གང་ན་འགྲོ་གྱུར་པ། །དེ་ནས་དེ་ཡི་གྲིབ་མ་རྗེས་སུ་འགྲོ། །དེ་བཞིན་མ་རབས་གང་དུ་སོང་གྱུར་ཀྱང༌། །སྡུག་བསྔལ་ཐེ་ལེ་མི་བཟད་རྗེས་སུ་འགྲོ། །དེ་ཕྱིར་ཚིག་འདི་རྣམས་ཀྱི་བརྗོད་བྱ་ནི། །མ་རབས་སྤོངས་ཞེས་དངོས་སུ་བསྟན་པ་དང༌། །ཡ་རབས་བསྒྲུབ་ཅེས་ཤུགས་ལ་བསྟན་པས་ན། །མི་ཆོས་འདོད་པས་དོན་འདི་རྟོགས་པར་གྱིས། །ཨ་ཁ་ཐེ་ལེའི་རྣམ་པར་བཤད་པ་ནི། །རྡོ་རྗེའི་མཆེད་པོ་


LT17_Page_084
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་འཇིགས་མེད་ཀྱི། །བཞེད་པ་ཇི་བཞིན་གཞོན་ནུ་འཇིགས་མེད་པས། །གང་དྲན་ལྷུག་པར་བརྗོད་པ་མངྒ་ལཾ།། །།

ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད།


LT17_Page_085
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད་ཉུང་གསལ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །


LT17_Page_086
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲི་མ་ཧཱ་སུ་ཁ་པདྨ་སཾ་བྷ་བེ། །གསང་སྔགས་རྙིང་མ་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་གྲགས་པ་ལས། ད་ལྟའི་དུས་སུ་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་རྣོ་ཞིང༌། ཕྲིན་ལས་གདལ་ཆེ་བ་ལས་འཕྲོ་གཏེར་གྱི་བརྒྱུད་ཚུལ་ལ་རྟོག་དཔྱོད་སྤྲོ་བའི་ས་བོན་ཙམ་ཞིག་བརྗོད་པར་བྱའོ། །དེ་ལ་གཏེར་ཆོས་ཀྱི་བརྒྱུད་པ་ཁུངས་བཙུན་ཞིང་དབང་གི་ཆུ་བོ་མ་ནུབ་པའི་ཚུལ་ནི། ཀུན་བཟང་རྡོ་རྗེ་སེམས་དཔའ་ནས་སློབ་དཔོན་ཆེན་པོའི་བར་དུ་དགོངས་བརྡ་སྙན་བརྒྱུད་བར་མ་ཆད་པར་བྱུང་ཚུལ་དང༌། གཏེར་སྟོན་ནས་ཆོས་བདག་ལ་ཇི་ལྟར་བརྒྱུད་པ་སོགས་ནི་ཤེས་སླ་ལ། སློབ་དཔོན་ཆེན་པོས་གཏེར་སྟོན་ལ་བརྒྱུད་ལུགས་ནི། བཀའ་བརྒྱད་གསང་རྫོགས་དང་རང་ཤར་གྱི་དབང་ཆུའི་བབས་ལུགས་ལོ་རྒྱུས་གཉིས་མགྲིན་གཅིག་ཏུ་


LT17_Page_087
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་གསུངས་ཏེ། དེ་ལྟར་དབང་གི་ཆུ་བོ་བྱེ་བྲག་མ་ལུས་པར་ཨོ་རྒྱན་པདྨ་བདག་ལ་བབས་ཤིང་ཿ ཨོ་རྒྱན་བདག་གིས་ནི་བལ་ཡུལ་ཡང་ལེ་ཤོད་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་སྒོ་བི་མ་མི་ཏྲ་ལ་ཕྱེ་ནས་བསྐུར་རོཿ བོད་ཀྱི་སྒྲུབ་གནས་བརྒྱད་དུ་བཀའ་བརྒྱད་བྱེ་བྲག་གི་དབང་ལས་ཅན་བརྒྱད་ལ་སོ་སོར་བསྐུར་རོཿ བསམ་ཡས་དབུ་རྩེར་རྗེ་འབངས་ཉེར་ལྔ་ལ་བདེ་གཤེགས་འདུས་པའི་དབང་མོ་ཆེ་བསྐུར་རོཿ དེ་རྗེས་རྗེ་འབངས་གྲོགས་གསུམ་ལ་སོགས་པ་སྙིང་གི་བུ་དགུ་ལ་གསང་བ་ཡོངས་རྫོགས་ཐམས་ཅད་ཀྱི་དབང་ཡོངས་སུ་རྫོགས་པར་བསྐུར་བའི་དུས་ན་ད་ལྟ་དབང་གི་ཆུ་བོ་བར་ཆད་མེད་པར་བབས་པའི་ཚུལ་བཤད་པ་ཡིན་ལཿ ཕྱི་མའི་དུས་ན་ཡང་དབང་གི་ཆུ་བོ་བར་ཆད་མེད་པར་འབྱུང་བའི་ལུང་བསྟན་ནསཿ ང་ཡི་ཐུགས་སྲས་བྱང་ཆུབ་སེམས་དཔའི་གཏེར་སྟོན་ནི་ད་ལྟ་དུས་འདིར་


LT17_Page_088
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཆུ་བོ་ཆེན་པོ་བབས་པའི་ལས་ཅན་ཁྱེད་རྣམས་ཀྱིས་བཀའ་བབས་སྤྱོད་དེཿ དེ་ཚེ་ལས་ཅན་གྱི་བུ་ཁྱེད་རྣམས་ང་ཡི་གཏེར་ཆོས་འདི་རྣམས་དང་འཕྲད་པའི་ཚེཿ ད་ལྟ་ཨོ་རྒྱན་ང་ཡིས་དབང་ཆེན་ཡོངས་སུ་རྫོགས་པར་བསྐུར་བའི་བག་ཆགས་སད་པར་འགྱུར་རོཿ ང་ཡི་གཏེར་འདི་དང་རྗེ་འབངས་གྲོགས་གསུམ་གྱི་བརྣོག་ཆོས་ལ་སོགས་པ་རྣམས་ཀྱི་གཏེར་སྒོ་ཡང་འབྱེད་པར་འགྱུར་གྱིཿ དབང་གི་ཆུ་བོ་བབས་སོ་ལ་ཕྱི་རབས་རྣམས་ཐེ་ཚོམ་མ་ཟ་བར་སྒྲུབས་ཤིགཿ ཅེས་རྒྱས་པར་བཀའ་སྩལ་ཏོ། །དེའང་སྔོན་རྗེ་འབངས་རྣམས་ལ་གུ་རུ་རིན་པོ་ཆེས་ཆོས་དེ་དང་དེའི་དབང་བསྐུར་ཞིང༌། དེའི་ནང་ནས་མེ་ཏོག་གཙོ་་འདི་ནས་དགོངས་འདུས་ཆེན་མོ་དང་བཀའ་བརྒྱད་རྣམ་གསུམ་ལྟ་བུ་འགའ་ཞིག་གི་དབང་དུ་བཏང་བར་ཟད་པས། གཙོ་ཕལ་གྱི་རྣམ་དབྱེ་ཤེས་པར་བྱའོ། །མཆན། བོ་ལ་ཕོག་པའི་སྐལ་པ་ཡང་རབ་ཁ་ཅིག་ལ་གཏད་རྒྱ་མཛད་དེ་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ནསཿ དུས་མཐའི་འགྲོ་བ་འདུལ་བར་བྱིན་གྱིས་བརླབས། དེ་ལྟ་བུའི་དབང་དང་གཏད་རྒྱ་དེའི་རྒྱུན་ད་ལྟའི་བར་དུ་ཐོབ་ལ་མ་ཉམས་པར་ཡོད་པ་ནི་གཏེར་སྟོན་དེ་ལ་དབང་ཁྲིད་བཀའ་ལུང་གི་བརྒྱུད་པ་ཐུན་མིན་མངའ་ཚུལ་ཡིན། བརྒྱུད་པ་དེ་ལྟ་བུ་མངའ་བའི་དབང་གིས་མཁའ་འགྲོའི་ཕྱག་ནས་གསང་སྔགས་ཀྱི་ཆོས་སྒྲོམ་དུས་བབས་བཞིན་དུ་རྙེད་པ་ཡིན་གྱི། ཆུ་ངོགས་སུ་སྟེས་དབང་གིས་བྱི་རུ་རྙེད་པ་ལྟ་བུ་གཏན་མིན་པས། གཏེར་ཡིག་མ་རྙེད་གོང་ནས་བརྒྱུད་པའི་བཀའ་བབས་སུ་བཞུགས་པ་ཡིན་གྱི། ཤོག་སེར་


LT17_Page_089
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་ན་གཟོད་བརྒྱུད་པ་བརྙེས་ཞེས་མི་བྱའོ། །བརྒྱུད་པ་དེ་ལྟར་མངའ་བ་སྨོས་ཅི་དགོས་ཏེ། གཏེར་སྟོན་རྣམས་སྐྱེ་བ་ལེན་པའང༌། དྲི་མེད་ཀུན་དགའི་གཏེར་ལུང་དུ། གཏེར་སྟོན་ལང་མ་ལིང་མ་འོང་ཿ གཏེར་སྟོན་ཤ་མོང་རྡོལ་ལྟར་འོང་ཿ དེ་ཡང་འབྲས་མེད་མ་ཡིན་ཏེཿ ཨོ་རྒྱན་ང་ཡི་བརྗེད་ཐོ་ཡིནཿ ཞེས་གསུངས་པ་ལྟར་སློབ་དཔོན་རིན་པོ་ཆེས་བོད་འབངས་ཐུགས་རྗེས་སྐྱོང་བའི་བཀའ་མི་འགྱུར་བའི་དོན་རྟགས་དང༌། བོད་འབངས་རྣམས་ཀྱིས་གུ་རུ་རིན་པོ་ཆེ་མི་བརྗེད་པའི་དྲན་ཐོར་སློབ་དཔོན་ཉིད་ཀྱི་སྨོན་ལམ་གྱི་སྟོབས་ལས་འབྱུང་བ་ཁོ་ནར་ངེས་པས། དེ་དག་ལ་སྐྱེ་བོ་ཕལ་པའི་ཚེ་ཚད་དང་སྐྱེ་འཆི་ལྟ་བུ་མེད་དོ། །འདི་ལ་ཞིབ་ཆ་ཅུང་ཟད་དགོས་སོ། །བརྒྱུད་ཚུལ་ཅུང་ཟད་ཕྱེ་ན། ཆོས་དེ་དང་དེའི་སྒོ་ནས་དོན་གཉིས་སྤྱོད་པ་ལ་རྩལ་ཐོན་པའི་བཀའ་བབས་ནི་སྙིང་གི་བུ་དགུ་ལྟ་བུ་ཡིན་ལ། དེ་དག་དུས་མཐར་ཆོས་འདིས་འགྲོ་དོན་སྒྲུབ་པའི་ཆེད་དུ་འདི་དང་འདི་ལྟར་འབྱུང་ཞེས་ས་རྟགས་དུས་རྟགས་དང་བཅས་ཏེ་ལུང་བསྟན་པ་བཀའ་བབས་ལུང་བསྟན། དེ་དག་ལ་མ་འོངས་ཕྱི་མའི་དུས་དེར་ཡང་ད་ལྟ་འདི་ལྟར་ཐོབ་པའི་དབང་དང་གདམས་ངག་རྣམས་དུས་ཚོད་གང་དང་གང་ལ་ཇི་ལྟར་འཚམས་པ་དེ་བཞིན་དུ་ཁྱོད་ཀྱི་སྙིང་ལ་གསལ་བར་སད་པར་གྱུར་ཅིག་ཅེས་གུ་རུས་དགོངས་པ་གཏད་པའི་སྨོན་ལམ་གྱིས་དབང་བསྐུར་ཞིང་རྗེ་འབངས་སོ་སོས་ཀྱང་དེ་དང་གཅིག་ཏུ་བཏབ་ནས་ཐེབས་པ་སྨོན་ལམ་དབང་བསྐུར། དུས་དེར་དཔེ་བརྒྱུད་ཡོལ་མེད་དུ་རྙེད་ཅིང་ཆོས་དེ་སྐལ་ལྡན་གྱི་ཕྲེང་བ་ལ་འཕེལ་བ་དང་བརྒྱུད་


LT17_Page_090
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྒྱས་པ། སྐལ་མེད་ལ་གསང་སྒོ་མི་རལ་བ། ཆོས་བྱིན་ཆེ་བ་སོགས་སུ་བྱ་ཆེད་མ་མོ་མཁའ་འགྲོ་ལ་གཏད་པ་མཁའ་འགྲོ་གཏད་རྒྱ་སྟེ། གཏེར་གྱི་སྒོས་ཆོས་ཀྱི་བརྒྱུད་པ་གསུམ་ཡོད་ལ། བཀའ་གཏེར་ཐུན་མོང་གི་བརྒྱུད་པ་གསུམ་ཡང་གཅིག་ཏུ་འདྲེས་པས་བརྒྱུད་པ་དྲུག་ལྡན་དུ་གྲགས་སོ། །སྐབས་འདིའི་བཀའ་བབས་ལུང་བསྟན་ནི། ཕྱི་དུས་ཀྱི་སྐྱེ་བ་དེ་བཀའ་བབས་ཀྱི་སྐྱེས་བུར་ལུང་བསྟན་པའི་སྒོ་ནས་གསང་སྔགས་ཀྱི་བབས་སོར་འགྱུར་བའི་རྟེན་འབྲེལ་མཐུ་ཆེན་བསྒྲིགས་པ་སྟེ། དཔེར་ན་དབང་བསྐུར་དུས་སློབ་མ་ལ་ལུང་བསྟན་སྦྱིན་པ་དེས་བྷུར་བྷུ་བ་སོགས་ཀྱི་སྔགས་དོན་བཞིན་མ་འོངས་པར་ས་གསུམ་ན་སངས་རྒྱས་སུ་རྣམ་པར་གྲགས་པའི་ནུས་པ་འཇོག་པ་དང་འདྲ་བས་ལུང་བསྟན་གཞན་དང་མི་འདྲའོ། །སྒོས་བརྒྱུད་གསུམ་པོའི་བཤད་ཚུལ་ཡང་ན། མཚོན་བྱ་དོན་གྱི་མན་ངག་སྐལ་ལྡན་མཆོག་གི་སྙིང་ལ་སྨོན་ལམ་དབང་བསྐུར་གྱིས་རྒྱས་བཏབ། མཚོན་བྱེད་བརྡའི་དཔེ་བརྒྱུད་མཁའ་འགྲོ་དམ་ཅན་མངོན་ཤེས་མངའ་བ་རྣམས་ལ་གཉེར་གཏད་མཛད། ཆོས་དེ་སྒོམ་སྒྲུབ་དང་འཆད་སྤེལ་གྱི་འཕྲོ་སྐྱོང་བའི་བརྒྱུད་འཛིན་ཆོས་བདག་གམ་བཀའ་བབས་ཀྱི་སྐྱེས་བུ་ལུང་བསྟན་པ་སྟེ་གསུམ་པོ་རིམ་བཞིན་གཏེར་རྙེད་པའི་སྔོན་གྱི་རྒྱུ་དང༌། ད་ལྟར་གྱི་རྐྱེན་དང་རྙེད་པ་དོན་ལྡན་དུ་འགྱུར་བའི་སྒོ་རྣམས་ལ་སྦྱར་ན་རུང་ངམ་གཏེར་བདག་གླིང་པ་སོགས་ཀྱི་ལེགས་བཤད་ལ་བརྟེན་ནས་དཔྱད་པར་བྱའོ། །དེ་དག་གི་གཙོ་བོ་ནི་སྨོན་ལམ་དབང་བསྐུར་བརྒྱུད་པ་ཡིན་ཏེ། དེའང་གཏེར་ཡིག་ཤོག་སེར་ནི་རྗེས་དྲན་


LT17_Page_091
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཚན་མ་ཙམ་དུ་བཞག་གི། གུ་རུའི་ཐུགས་ནས་དག་པའི་འཁོར་གྱི་ཐུགས་ལ་བརྒྱུད་པའི་ཐུགས་བརྒྱུད་ཁོ་ན་གཏད་རྒྱའི་དོན་པོ་ཡིན་ལ། དེའི་ཚུལ་ཡང༌། ལས་རླུང་གི་གཞན་དབང་ལ་བརྟེན་པའི་སེམས་ལ་ཆོས་ཀྱི་ཚིག་དོན་རྒྱས་བཏབ་ཀྱང་རྟེན་གཞི་འཕོ་འགྱུར་ཅན་ཡིན་པས་དུས་ངན་སྙིགས་མར་སྐྱེ་འཆི་མང་པོའི་འཕྲང་བརྒྱུད་པ་ན་བྲི་གང་མི་འབྱུང་བ་ཤིན་ཏུ་དཀའ་བས། ཆོས་ཀྱི་དངོས་གྲུབ་དེ་དག་འོད་གསལ་གཉུག་མའི་རིག་པའམ་སེམས་མི་ཤིགས་པའི་ཐིག་ལེའི་དབྱིངས་སུ་བསྲེས་ནས་ཅིས་ཀྱང་མི་འཕྲོག་པར་བརྟན་པར་མཛད་པ་སྟེ། འདི་ནི་རྡོ་རྗེ་སློབ་དཔོན་གྱི་གསུང་རྡོ་རྗེའི་ཡེ་ཤེས་དགོངས་པ་གཏད་པའི་སྟོབས་ཀྱིས་སློབ་མའི་སྙིང་ལ་མངོན་སུམ་དུ་འཕོས་ཏེ་དཔོན་སློབ་ཐུགས་རྒྱུད་གཅིག་ཏུ་སོང་བ་ལྟ་བུའི་རྟོགས་པ་དོན་བརྒྱུད་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པའོ། །དེ་ལྟ་བུའི་གཏད་རྒྱ་མཚན་ཉིད་ཚང་བ་ལ། བྱེད་པ་པོའི་རྟེན་མཆོག་གི་དངོས་གྲུབ་བརྙེས་པ་དང༌། བྱ་བའི་ཡུལ་རྫོགས་རིམ་གྱི་རྟོག་པ་ལས་སུ་རུང་བ་ཡན་ཆད་ཅིག་དགོས་པར་མངོན་ཞིང༌། ཕྱིས་གཏེར་ཆོས་གཏན་ལ་ཕེབ་པའི་རྐྱེན་ཤོག་སེར་གྱིས་བྱེད་དགོས་པ་ནི་གཏད་རྒྱ་དེ་ཤོག་སེར་གྱི་སྟེང་ནས་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ཏེ། སྔོན་ཤོག་སེར་ཆོས་དེའི་མཚན་མར་བཟུང་བའི་དབང་གིས། སླར་ཤོག་སེར་དེ་ལ་བརྟེན་ནས་ཆོས་དེའི་དྲན་པ་གསོ་བ་ལྟ་བུ་ཡིན་པར་སེམས་ཤིང༌། དེར་མ་ཟད་འོད་གསལ་གྱི་ཁམས་ལ་བཞག་པའི་ཆོས་ཀྱི་དངོས་གྲུབ་གཏིང་ནས་སྐུལ་བ་ལ་དངོས་གྲུབ་དེའི་ལྡེ་མིག་


LT17_Page_092
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྔོན་སྨོན་ལམ་བཏབ་པའི་ཕྱག་རྒྱ་ཁྱད་པར་ཅན་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་ཕུལ་དུ་བྱུང་བ་ཡང་དགོས་པས་གཏེར་སྟོན་ཐམས་ཅད་ཕོ་ཉ་མོའི་གྲོགས་དང་ལྡན་པར་འབྱུང་བའི་རྒྱུ་མཚན་སྣ་གཅིག་དེ་ཡིན་ནོ། །མཁའ་འགྲོ་སྙིང་ཐིག་མ་བུ་དང་རིག་འཛིན་འཇིགས་མེད་གླིང་པའི་བཞེད་པ་གུང་བསྒྲིག་ན་འདི་ལྟར་ཡང་འཆད་ནུས་པར་མངོན་ཏེ། གཏེར་ཐོན་པའི་སྐུ་ཚེ་དེར་གུ་རུ་རིན་པོ་ཆེའི་འོད་གསལ་གྱི་དགོངས་པ་ཐོད་རྒལ་དུ་སྙིང་ལ་བབས་པ་དགོངས་བརྒྱུད། བརྡའི་གཏེར་ཡིག་རྙེད་ཅིང་གུ་རུ་ལས་ཕྱི་མའི་དུས་སུ་སློབ་མ་ལ་བརྡ་དབང་འདི་ལྟར་བསྐུར་ཅིག་ཅེས་གནང་བ་ཐོབ་པའི་བག་ཆགས་སད་པ་བརྡ་བརྒྱུད། ཤོག་སེར་གྱི་བརྡ་ཁྲོལ་བ་སྙན་བརྒྱུད་ཐོབ་པ་ཡིན་ནོ། །ཕྱི་མ་འདི་སྙན་བརྒྱུད་དུ་འཇོག་པའི་རྒྱུ་མཚན་ནི། སྙན་ཁུང་བརྒྱུད་པའི་དོན་པོ་ནི་རིམ་བརྒྱུད་ཀྱི་བྱིན་རླབས་མངའ་བའི་བླ་མ་ལས་ཆོས་ཀྱི་ཚིག་དོན་བརྡ་ཕྲད་པ་ཡིན་ལ། ཤོག་སེར་ལ་ངག་དང་སྒྲ་མེད་ཀྱང་དེ་ལས་ཚིག་དོན་ཡོངས་རྫོགས་བརྡ་ཕྲད་པ་ལ་ནི་སྔ་མ་དང་མཚུངས་པར་མ་ཟད་འདི་ཉིད་ཆེས་ལྷག་པ་དང༌། བྱིན་རླབས་ཀྱི་བརྒྱུད་པ་ཐུན་མིན་ཡང་བླ་མ་ལས་ཐོབ་པ་བཞིན་ཤོག་སེར་ལས་ཀྱང་ཐོབ་པ་ཡིན་ཏེ། དེ་མ་ཐོབ་ན་འཆད་འགྱུར་གྱི་འཕྲུལ་ཡིག་སོགས་ལས་ཚིག་དོན་བརྡ་ཕྲད་ལུགས་མེད་ཅིང༌། ཀ་དཔེ་མེད་པའི་བརྡ་ཡིག་ཤེས་པར་ཡང་མི་ནུས་པའི་ཕྱིར་རོ། །དེ་ལྟར་དགོངས་བརྒྱུད་ཐོབ་སྟོབས་ཀྱིས་སློབ་མ་ལ་དགོངས་པ་གཏད་པས་དོན་བརྒྱུད་ཀྱི་ཡེ་ཤེས་འཕོ་ནུས་པ་དང༌། བརྡ་བརྒྱུད་ཀྱིས་བརྡའི་


LT17_Page_093
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ལ་བྱན་ཚུད་པས་རྫས་སྔགས་ཕྱག་རྒྱའི་བརྡ་ཐབས་ཀྱིས་སློབ་མ་ལ་དབང་བསྐུར་ནུས་པ་དང༌། སྙན་བརྒྱུད་རྙེད་པའི་མཐུས་གདམས་ཁྲིད་ཞལ་ཤེས་ཕྱག་བཞེས་དང་བཅས་པ་གུ་རུའི་དགོངས་པ་བཞིན་འཁྲུལ་པ་མེད་པར་སྟོན་ནུས་པ་ཡིན་ཏེ། རྡོ་རྗེ་སློབ་དཔོན་ཕལ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེན་པོའོ། །དེ་ལྟ་བུའི་བརྒྱུད་པ་གསུམ་ཚེ་འདིར་འབད་མེད་དུ་མངོན་དུ་གྱུར་པ་ནི། གཏེར་སྟོན་གྱིས་སྔོན་བརྒྱུད་གསུམ་བརྙེས་པའི་ལས་འཕྲོ་དང་སློབ་དཔོན་ཆེན་པོས་འབྱུང་འགྱུར་གྱི་དུས་ལ་དགོངས་པའི་བྱིན་རླབས་གཉིས་ནང་འཛོམས་པ་ལས་བྱུང་བ་སྟེ། སྔོན་བརྒྱུད་གསུམ་བརྙེས་ཚུལ་ནི། སློབ་དཔོན་ཆེན་པོ་ལ་བརྒྱུད་པ་གསུམ་འདུས་པར་མ་ཟད། རྗེ་འབངས་རྣམས་ཀྱིས་ཀྱང༌། སློབ་དཔོན་དང་ཐུགས་ཡིད་འདྲེས་པའི་དགོངས་བརྒྱུད་དང༌། དབང་རྫོགས་ཤིང་བརྡ་ཡིག་གི་བྱིན་རླབས་ཐོབ་པའི་བརྡ་བརྒྱུད་དང༌། གཏད་རྒྱའི་སྔོན་དུ་གདམས་ཁྲིད་རྒྱས་པར་གསན་པའི་སྙན་བརྒྱུད་རྣམས་ཚང་བར་བརྙེས་སོ། །བརྒྱུད་པ་ཕྱི་མ་གསུམ་གྱི་བཀའ་བབས་ལུང་བསྟན་བརྒྱུད་པའི་དོད་དུ་མཁའ་འགྲོ་སྙིང་ཐིག་ལས་ཐུགས་རྗེ་བྱིན་རླབ་བརྒྱུད་པ་ཞེས་གསུངས་ཏེ། དེ་ནི་གུ་རུའི་ཐུགས་རྗེ་རྒྱུད་ལ་ཞུགས་པས་སྙིགས་མའི་དུས་སུ་གཏེར་ཆོས་ཀྱིས་འགྲོ་དོན་སྤྱོད་པའི་མཐུ་ཐོབ་ཅིང༌། བརྒྱུད་འཛིན་གཞན་ཕན་འབྱུང་བར་བྱིན་གྱིས་རློབ་ནུས་པ་སྟེ། སྔར་བཤད་པའི་བཀའ་བབས་ལུང་བསྟན་བརྒྱུད་པ་དང་ཡང་གནད་མཐུན་ནོ། །མཁའ་


LT17_Page_094
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གཏད་རྒྱ་གོང་བཞིན། སྨོན་ལམ་དབང་བསྐུར་ཡང་གུ་རུ་དུས་གསུམ་སངས་རྒྱས་ཀྱིས་སྐལ་ལྡན་གང་ཡིན་དེ་ལ་དགོངས་ནས་མ་འོངས་ལས་འཕྲོ་ཅན་དང་ཕྲད་པར་ཤོག །ཅེས་སྨོན་ལམ་བཏབ་པ་སྟེ་སྔ་མ་བཞིན་ནོ། །གཏེར་ལ་ནོར་དང་སྐུ་རྟེན་དམ་རྫས་ཀྱི་གཏེར་སོགས་མང་དུ་ཡོད་ཀྱང༌། འདིར་གཙོ་བོ་ཆོས་གཏེར་འཆད་པ་ཡིན་ལ། དེ་ལའང་འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་བཟང་སྐྱོང་ལ་སོགས་པ་རྒྱལ་སྲས་ཆེན་པོ་དུ་མས་མདོ་དེ་སངས་རྒྱས་དངོས་ལས་བླངས་ཏེ། སླར་བྲིས་ཤིང་སྒྲོམ་དུ་བཅུག་སྟེ་མཆོད་རྟེན་དང་རི་བྲག་སོགས་ལ་བརྟེན་པའི་ལྷ་དང་ཀླུའི་ལག་ཏུ་བཞག་ནས་རང་ཉིད་དག་པའི་གནས་སུ་འགྲོ་ཞིང༌། ཡང་ཕྱི་མའི་དུས་སུ་འདིར་འོང་སྟེ་མདོ་སྡེ་རྒྱས་པར་བྱེད་ཚུལ་གསུངས་པ་སོགས་འདི་དང་ཕྱོགས་མཚུངས་ཀྱང༌། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་དང༌། ཆོས་ཡང་དག་པར་སྡུད་པ་སོགས་ལས་ཆོས་འདོད་ཅིང་བསམ་པ་དག་པའི་རྒྱལ་སྲས་རྣམས་ཀྱིས་ས་ཤིང་རྡོ་བ་སོགས་ལས་ཆོས་ཀྱི་གཏེར་རྙེད་པར་གསུངས་པ་མཐའ་དག་གཏད་རྒྱ་སྔོན་སོང་ཅན་དུ་འཆད་པའི་ཤེས་བྱེད་དཀའ་མ་སྙམ་མོད། །ཇི་སྐད་བཤད་པ་དེ་ནི་གསུང་རྡོ་རྗེ་པདྨ་སཾ་བྷ་བས་གདུལ་བྱ་ཉེ་བའི་འདུལ་དབང་ལ་གཟིགས་ཏེ་ཡུལ་དུས་འདིར་རྡོ་རྗེ་ཐེག་པའི་ཆོས་གཏེར་གྱི་ཕྲིན་ལས་མཛད་པའི་ཚུལ་གྱི་དབང་དུ་བྱས་པས་བྱེ་བྲག་གིས་སྤྱི་ལ་ཁྱབ་པར་མི་བཟུང་ངོ༌། །གཏེར་ཡིག་ནི། ཡི་གེར་མཁས་པའི་མཆོག་ལེགས་བྱིན་ཉི་མ། སྐྱེན་


LT17_Page_095
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོག་ལྡན་མ་རྩེ་མང༌། དག་པའི་རབ་ཨ་ཙར་ཡེ་ཤེས་དབྱངས་སོགས་མིས་བྲིས་པ་དང༌། མི་མིན་མཁའ་འགྲོས་བྲིས་པ་དང༌། གུ་རུ་རིན་པོ་ཆེ་ཉིད་ཀྱིས་ཕྱག་བྲིས་མཛད་པའང་ཡོད་དེ། ཡི་གེའི་གཟུགས་ཀྱང༌། གུ་རུའི་ཕྱག་བྲིས་ཕྲ་ལ་ལེགས་པ་དང༌། ཨ་ཙར་ཡེ་ཤེས་སྦོམ་རགས་བདེ་བ་དང༌། གསལ་དག་མཉེན་ལྕུག་བཻ་རོའི་ཕྱག་བྲིས་སོགས་གཞན་དང་གཞན་དུ་བཤད། དེའང་དཀྱུས་མའི་རྒྱུན་སྤྱོད་ལ་ལྡན་རྩེ་སོགས་ཕྱག་བྲིས་མགྱོགས་བུལ་སྤྱི་འགྲོ་ལྟ་བུ་ལས་མེད་ཀྱང་གཏེར་ཡིག་འབྲི་དུས། དེ་དག་རྣལ་འབྱོར་ཆེན་པོ་ཡིན་པས་ནང་གི་རྣལ་འབྱོར་གྱི་ཉེར་ལེན་དང༌། གུ་རུའི་བྱིན་རླབས་ཀྱི་རྐྱེན་ལས་དགོངས་པའི་རྩལ་འབར་ཏེ་སེ་གོལ་ཙམ་རེའི་ཡུན་ལ་བླ་མ་དགོངས་འདུས་ཡོངས་རྫོགས་ལྟ་བུ་བརྒྱ་ཚར་སོགས་རྫུ་འཕྲུལ་གྱིས་འབྲི་ནུས་པ་ཡོད་ཅིང༌། དེ་ལྟ་བུའི་ཡི་གེ་པ་མི་དང་མི་མིན་མཐའ་ཡས་ཤིང༌། གུ་རུ་རིན་པོ་ཆེས་རྒྱུད་སྒྲུབ་ཐབས་མན་ངག་ལག་ལེན་དང་བཅས་པ་སྐད་ཅིག་རེར་ཡང་ཚད་མེད་པ་གསུངས་པས་གཏེར་ཡིག་ཟད་མི་ཤེས་པར་འབྱུང་བ་ཡིན་གསུང༌། ཤིན་ཏུ་ཟབ་གཉན་དང༌། མི་ཡུལ་ན་དེའི་གཏེར་ཁ་གྲངས་མང་གི་གདུལ་བྱ་མེད་པ་དང༌། གཏེར་སྲུང་མཁའ་འགྲོ་རྣམས་ཀྱིས་ཤིན་ཏུ་དཀོན་པའི་འདུ་ཤེས་ཀྱིས་ལྷག་པར་མཆོད་ཅིང་བཀུར་བ་ཉིད་དོན་ཆེ་བ་ཡིན་ན་གུ་རུ་རིན་པོ་ཆེས་འདི་ལ་དཔེ་གཅིག་ཁོ་ན་ལས་འབྲི་བར་མི་གནང་ཞེས་བཀས་བཅད་པས་མཁའ་འགྲོའི་གནས་ནའང་གཅིག་པོ་དེ་ལས་མི་བཞུགས་པ་ཡོད་


LT17_Page_096
[མ་དཔེ་གཟིགས་ན་འདིར་གནོན།]

གསུང༌། གཏེར་དཔེ་གང་ཡང་གུ་རུ་ཉིད་ཀྱིས་རབ་གནས་མཛད་དེ་མཐོང་གྲོལ་གྱི་ཆེ་བ་ཅན་དུ་བྱིན་གྱིས་བརླབས་པ་འབའ་ཞིག་ཡིན་ཞིང༌། ཇོ་མོ་མཚོ་རྒྱལ་འཁྲུངས་ཚེ་སྒྲགས་མདར་བླ་མཚོ་རང་རྡོལ་བ་ལྟར་གཏེར་སྟོན་གྱི་ལས་སྨོན་སྟོབས་སུ་གྱུར་པ་ལ་བརྟེན་ནས་གངས་བྲག་མཚོ་གསུམ་ལ་སོགས་པ་དེ་དང་དེར་ཤོག་སེར་རང་གྲུབ་ཏུ་སྐྱེ་བའང་ཡོད་པར་གསུངས་ཏེ་རྟེན་འབྲེལ་གྱི་མཐུ་བསམ་གྱིས་མི་ཁྱབ་པའོ། །གཏེར་གནས་སོ་སོར་སྦས་པའི་ཚུལ་ནི། གུ་རུས་རྔ་ཡབ་གླིང་དུ་བཞུད་ཀར་བོད་མཐའ་དབུས་ཀྱི་གཞི་བདག་རྣམས་དབང་དུ་བསྡུས་ནས་སོ་སོར་ཁྱོད་ཀྱི་གནས་སུ་ཆོས་འདི་སྙེད་ཅིག་སྦེད། དེ་ལ་གཏེར་སྟོན་གཞན་དང་གཞན་གྱི་དབང་སྐལ་དང༌། དུས་གཞན་དང་གཞན་ལ་ཕན་པར་བསྔགས་པའི་རྣམ་གྲངས་མི་འདྲ་བ་འདི་ལྟར་ཡོད་པས་མ་འཆོལ་བར་གྱིས་ཞེས་གཉེར་བྱང་གཏད། དེ་ཁོ་ན་བཞིན་དུ་སངས་རྒྱས་གཉིས་པ་སྲིན་ཡུལ་དུ་བྱོན་རྗེས། ཕལ་ཆེར་ཕྲིན་ལས་ཀྱི་གཉེར་འཛིན་ཆེན་མོ་བདེ་ཆེན་མཚོ་རྒྱལ་གྱིས་གཏེར་ཞབས་བསྡམས་པ་ཡིན་ལ། དེའང་སྣ་རྩེ་ཙམ་དུ་ཟད་ཀྱི་ཞིབ་པར་དཔག་མི་ཐུབ་སྟེ། རེ་ཞིག་གཏེར་སྟོན་རྣམས་ཀྱིས་འདབ་གཏེར་སྦེད་ཚུལ་ཡང་གཅིག་ཏུ་མ་ངེས་པར་འཆད་པར་འགྱུར་བ་བཞིན་ནོ། །དེ་ལྟར་སྦས་ནས་ཇི་སྲིད་འདོན་དུས་ལ་མ་བབས་བར་དུ་སུས་ཅི་ཙམ་བཙལ་ཡང་གཏེར་གནས་ཀྱི་གཏིང་རིང་པོར་སོང་ནས་བཞུགས་པས་མི་རྙེད་ལ། དུས་ལ་བབས་ཚེ་གཏེར་སྒོ་དང་ཉེ་བའི་ཕྱོགས་སུ་རང་འོང་བ་དང༌། དེའང་གཏེར་འབྱིན་གྱི་རྟེན་


LT17_Page_097
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཅི་ཙམ་འགྲིགས་པ་དེ་ཙམ་དུ་རྙེད་སླ་བ་དང༌། གཏེར་གནས་ལ་འཕོ་འཆུག་བྱུང་ཚེ་གནས་གཞན་དུ་འཕོ་ཞིང་བཞུགས་པ་དང༌། མང་པོ་ཞིག་འདོན་པའི་དུས་ཚོད་ལས་ཡོལ་ན་ག་བུར་ལྟར་རང་ཡལ་དུ་འགྲོ་བ་ཡིན་ཏེ། འདི་ལ་གཏེར་སྨོན་ལམ་གྱི་འགྲོ་ལྡོག་ཅན་དུ་གྲགས་ཞེས་རྗེས་ཐམས་ཅད་མཁྱེན་པའི་གསུང་སྒྲོས་ལས་འབྱུང་སྟེ། ཆོ་འཕྲུལ་འདི་ལྟ་བུ་གཏེར་སྲུང་གི་མཐུ་ལའང་སྲིད་མོད་ཀྱི། དེ་དང་སྦྱར་ན་གསུང་རྒྱུན་འདིར་མི་འགྲིགས་པས་གུ་རུའི་སྨོན་ལམ་གྱི་མཐུ་ཁོ་ན་ལས་གཞན་ལ་མི་ལྟོས་སོ། །ཕྱོགས་འདིར་ནམ་མཁའ་ལས་བླངས་ཟེར་བའི་གཏེར་ཆོས་ཀྱི་མཚན་གཞི་མི་སྣང་ཡང༌། སྤྱིར་ནམ་མཁའ་ལ་སྦས་པའི་གཏེར་ཡང་ཡོད་པར་བཤད། དེ་ནི་གང་སྦེད་ཀྱི་གཏེར་ཡིག་དེ་གུ་རུའི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བཞག་སྟེ་རྒྱས་བཏབ་པས་འབྱུང་བཞིའི་གནོད་པས་མི་བརྫི་བ་དང༌། མི་དང་བགེགས་རིགས་སོགས་ཀྱིས་བལྟར་མེད་པ་མཚར་དུ་ཅི་ཡོད། གང་ལ་གཉེར་གཏད་མཛད་པའི་གཏེར་སྲུང་དེ་མ་གཏོགས་དཔའ་བོ་མཁའ་འགྲོ་ཕལ་གྱིས་ཀྱང་མི་མཐོང་བ་ཡིན་གསུངས། གཏེར་དུ་སྦས་སོ་ཅོག་སླར་འདོན་པའི་ཆེད་ཡིན་པར་ཡང་མ་ངེས་ཏེ། བསྟན་པའི་བཙས་དང༌། ཡུལ་གྱི་བཅུད་དང༌། ཆོས་རྒྱལ་གྱི་གདུང་རྒྱུད་སྐྱོབ་པའི་བླ་གཏེར་དུ་དགོངས་པ་འགའ་ཞིག་འདོན་དུ་མི་རུང་བར་གསུངས་པའི་ཕྱིར་རོ། །སྲུང་མ་ལ་ཆོས་བཀའ་དེ་སྤྱིར་སྲུང་བ་དང༌། གཏེར་གཏོང་ལེན་གྱི་གཉེར་བྱང་འཛིན་པ་གཉིས་ཀྱི། ཕྱི་མ་ལ་གཏེར་ཁ་མང་པོ་ལ་སྲུང་མ་


LT17_Page_098
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྐོས་པ་དང༌། གཏེར་ཁ་གཅིག་སྲུང་མ་མང་པོ་ལ་བཅོལ་བ་ཅི་རིགས་ཡོད་ཅིང༌། གཏེར་སྲུང་གི་ནང་དུ་བཞུགས་པའི་སྔགས་སྲུང་རལ་གཅིག་མ་དང༌། འདོད་ཁམས་དབང་མོ་སོགས་ལྟ་ཅི་སྨོས། རྒྱལ་བཙན་ཐེའུ་རང་སོགས་གཏེར་སྲུང་དུ་བསྐོས་པ་རྣམས་ཀྱང༌། སོ་སོའི་རིགས་ཀྱི་ནང་ནས་བཟང་ཤོས་དང༌། གུ་རུ་རིན་པོ་ཆེ་དང་སྨོན་ལམ་གྱིས་འབྲེལ་ཞིང༌། དཀོན་མཆོག་གསུམ་གྱི་ཕྲིན་ལས་སྒྲུབ་པ་ལ་སྤྲོ་བ་བརྟན་པ་དང༌། གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང༌། དམ་ཚིག་སྲོག་ལྟར་བཙའ་བ། ལྷག་པར་ཆོས་དེ་ལ་རྟོགས་པའི་རྩལ་ཐོན་ནས་གཏད་རྒྱ་རྫོགས་པ། ལས་དང་རིག་སྔགས་དང་རྣལ་འབྱོར་ལས་བྱུང་བའི་མཐུ་རྩལ་བསམ་གྱིས་མི་ཁྱབ་པས་ཚར་གཅོད་རྗེས་འཛིན་སོགས་ལས་རབ་འབྱམས་ལ་དབང་སྒྱུར་བའི་དཔའ་བོ་དང་རྣལ་འབྱོར་མའི་རིགས་ཁོ་ནར་གནས་ཏེ། བོད་འདིར་ཆོས་བྱེད་ཀྱི་སྐྱེ་བོ་སོགས་ལ་འཚེ་བའི་འབྱུང་པོ་རྣམས་དེ་དག་གི་འཁོར་ཡིན་པས་དཔོན་གཏེར་སྲུང་དུ་བསྐོས་ན་འཁོར་བཀའ་འོག་ནས་མི་ལྡང་བ་ལ་སོགས་པའི་དགོས་དབང་སྣ་ཚོགས་ལྟར་བཞག་གོ །གཏེར་ཆོས་ཀྱི་རྣམ་གྲངས་ནི། ཤར་གཏེར་སྨིན་པ་འབྲས་བུའི་སྐོར། ལྷོ་གཏེར་འདྲིལ་བ་སྡོང་པོའི་སྐོར། ནུབ་གཏེར་གསལ་བ་མེ་ཏོག་གི་སྐོར། བྱང་གཏེར་གྱེས་པ་ཡལ་གའི་སྐོར། དབུས་གཏེར་ཟུག་པ་རྩ་བའི་སྐོར་སོགས། ཕྱོགས་ཙམ་ཞིག་ཐང་ཡིག་རྣམས་དང༌། དགོངས་འདུས་ལུང་བསྟན་ཆེན་མོ་སོགས་སུ་འབྱུང་བས་མཚོན་ནོ། །ཆེ་ལོང་ཞིག་བརྗོད་ན། གཏེར་བྱོན་མདོ་སྡེ་དང༌། གསང་སྔགས་ཕྱི་པའི་སྐོར་འགའ་


LT17_Page_099
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཀྱང་ཡོད་མོད་ཀྱི། ཤས་ཆེར་རྣལ་འབྱོར་བླ་མེད་ལུགས་མང་སྟེ། འཆད་འགྱུར་ལྟར་དེའི་སྔགས་བརྒྱུད་ཀྱི་བྱིན་རླབས་གསོ་བའི་དགོས་དབང་གིས་སོ། །དེའང་བོད་ལ་ལྷག་པར་དགོངས་པའི་མན་ངག་བློ་དམན་གྱིས་ཀྱང་ཉམས་འོག་ཏུ་འཛུད་སླ་བར་བསྡེབས་པ་རྩལ་དུ་བཏོན་ནས་སྦས་ཏེ། རྩ་བ་བླ་མ་ཡི་དམ་མཁའ་འགྲོའི་གདམས་པ། ཡན་ལག་ལས་ཚོགས་རབ་འབྱམས་ཕྱོགས་གཏོགས་དང་བཅས་པ། སྙིང་པོ་བླ་རྫོགས་ཐུགས་གསུམ་རྣམས་སོ། །དང་པོ་ལའང་སྤྱི་བསྡུས་དང༌། སོ་སོར་ཕྱེ་བའི་སྐོར་གཉིས། དང་པོ་ནི། རྩ་གསུམ་བཀའ་འདུས། སྤྱི་སྤུངས། གནས་བསྒྱུར། གཙོ་བསྡུས། གཅིག་དྲིལ་གྱི་སྒྲུབ་ལུགས་སོགས་དང༌། གཉིས་པ་ལས། བླ་མའི་སྐོར་ལ་སྒྲུབ་ལུགས་ཀྱི་སྒོ་ནས། ཕྱི་གསོལ་འདེབས་དང༌། ནང་སྒྲུབ་ཐབས་ལ་བརྟེན་པ་སོགས་དང༌། བསྒྲུབ་བྱའི་སྒོ་ནས་གུ་རུ་ཞི་བ་དང༌། དྲག་པོ། དེ་རེ་རེ་ལའང་ལྷ་གཅིག་འཁོར་མང༌། རྩ་བ་དང་ཡན་ལག་གི་ལྷའི་སྒོས་སྒྲུབ་ཀྱི་རྣམ་གྲངས་སྤྲོས་པ་སོགས་མཐའ་ཡས་པ། ཡི་དམ་ལ་སྤྱིར་བདེ་དགྱེས་སོགས་ཀྱི་ཆོས་གཏེར་ཡང་བཞུགས་པར་བཤད་ཀྱང༌། གྲགས་ཆེ་བ་ཞི་ཁྲོ་དང་བཀའ་བརྒྱད། དང་པོ་ལ། རང་རྐྱ་བ་དང༌། གཞུང་གཞན་ལ་བརྟེན་པ། གཉིས་པ་ལ། བཀའ་སོ་སོ་བ་དང༌། སྤྱི་དྲིལ། དེ་དག་གི་རྒྱུད་ལུང་མན་ངག་མན་ངག་ལའང༌། སྒོམ་ཁོག་ལྷ་ཁྲིད། གནད་ཡིག་ཞུས་ལན་ལ་སོགས་པ་དང༌། སྒྲུབ་གཞུང་རྒྱས་འབྲིང་བསྡུས་པ་སྙིང་པོའི་


LT17_Page_100
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བཞི་སོགས་བགྲང་བར་དཀའ་བ་བཞུགས་ཏེ། ལྷག་པར་ཡང༌། ཚེ་སྒྲུབ་དང༌། ཐུགས་རྗེ་ཆེན་པོ། ཕུར་གཤིན་སྐོར་རྣམས་མང་བར་སྣང་ལ། རྟ་མགྲིན་ཡང་རྩ་བ་གསུམ་ཀའི་སྐོར་ན་བཞུགས་པས་མང་ཤོས་སུ་སྣང་ངོ༌། །མཁའ་འགྲོ་ལ། མང་ཤོས་ཕག་ཁྲོས་སེང་གསུམ། གཞན་ཡང་གསང་ཡེ། སྒྲོལ་མ། མཚོ་རྒྱལ་སོགས། དེ་རྣམས་ཀྱི་རྫོགས་རིམ་རང་ལུས་དང་གཞན་ལུས་ལ་བརྟེན་པ་དང༌། ཁྱད་པར་རྫོགས་ཆེན་གྱི་གདམས་སྐོར། པདྨའི་དང༌། བི་མ་ལའི་དང༌། བེ་རོའི་སྙིང་ཏིག་དང༌། སློབ་དཔོན་རྣམ་གསུམ་གྱི་སྙིང་ཐིག་གཅིག་ཏུ་དྲིལ་བ་སོགས་རང་རྐྱང་དང༌། གཞུང་གཞན་ལ་སྦྱར་བ་རྒྱས་བསྡུས་སྣ་ཚོགས་གྲངས་མེད་པ། ཆོས་སྲུང་ལ། མགོན་པོ་མ་ནིང་གཙོར་གྱུར། ཕྱག་བཞི། གྲི་གུག །སྟག་ཞོན་སོགས་ནས་དྲེགས་པ་ཕྲ་མོའི་བར་གྱི་སྒྲུབ་སྐོར་ཟད་མི་ཤེས་པ་ཡོད་ཀྱང༌། འདི་རྣམས་ནི་བཀའ་བརྒྱད་ཀྱི་འཇིག་རྟེན་པའི་སྡེ་གསུམ་དུ་འདུ་བས་ལོགས་སུ་མ་བགྲང་ཡང་རུང༌། མདོར་ན་གྲགས་པ་དང་མ་གྲགས་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁས་ས་ཆེན་པོ་འདི་ཏིལ་གྱི་གང་བུ་བཞིན་དུ་གཏམས་ཏེ། ཕལ་ཆེར་ཞིག་དམ་རྫས་སྐུ་ཚབ། ཕྱག་མཚན་མ་འོངས་ལུང་བསྟན་སོགས་དང་བཅས་པའོ། །གཉིས་པ་ཡན་ལག་སྐོར་ལ། གྲུབ་ཆེན་བརྒྱད་སོགས་སྒྲུབ་པའི་རྫས་དང་མན་ངག་གི་གཏེར་ཡང་བཞུགས་མོད། གཙོ་བོར་གདུལ་བྱ་ལ་ལྟོས་ཏེ་ལས་བཞིའི་སྐོར་མང་སྟེ། སྨན་དང་མཁྱུད་དཔྱད། བཅུད་ལེན། འཁོར་ལོ། རྣོ་མཐོང༌། མདོས་གཏོ། ནོར་སྒྲུབ། ལོ་ཏོག་ཕན་བྱེད། སྲུང་བ་


LT17_Page_101
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས། སྔགས་འབུམ། ལས་ཕྲན་ཕྱོགས་བསྡུས། སྣ་ཚོགས་རྫུ་འཕྲུལ་སྐོར་སོགས་ཚད་མེད་པ་དང༌། དེ་ལས་ཀྱང་ནག་ཕྱོགས་ཀྱི་སྟོབས་འཕེལ་བའི་དུས་ངན་གྱི་ཡང་མཐར་བསྟན་དང་བསྟན་འཛིན་སྲུང་བའི་ལག་ཆར་དགོངས་ནས། དྲག་སྔགས་ཆེས་མང་བར་འབྱོན་ཏེ། བོད་ཕུང་བྱེད་ཀྱི་དམ་སྲི་མི་ཆེན་དུ་བརྫུས་པ་འགའ་ཞིག་དྲག་པོའི་གཏེར་ཁ་ཐོན་མ་ཐག་ཏུ་རྒུད་པའི་ལོ་རྒྱུས་ཀྱང་ཡོད་དོ། །གཏེར་ཆོས་ཀྱི་རིགས་ཐམས་ཅད་ཀྱི་ནང་ན་མང་ཤོས་ནི་བླ་རྫོགས་ཐུགས་གསུམ་སྟེ། དེ་གསུམ་མ་ཚང་ན་གཏེར་ཆེན་མིན་ཞེས་གྲགས་པ་ལྟར་གཏེར་ཆེན་ཐམས་ཅད་ལ་གསུམ་ཀ་ཚང་བར་བཞུགས་ཤིང༌། གཏེར་ཕྲན་ལ་ཡང་གསུམ་པོའི་གང་རུང་རེ་མེད་པ་ཆེར་མི་སྣང་བའི་ཕྱིར་རོ། །དེ་དག་གི་ངོས་ཟིན་ལ། གུ་རུ་ཞི་དྲག་ཐུགས་སྒྲུབ་ཡི་དམ། རྫོགས་རིམ་སྐོར་ཅི་རིགས་ཞེས་འདྲེན་པའང་སྣང་མོད་ཀྱི། བླ་མ་གསང་འདུས་དང་དགོངས་འདུས་སོགས་བླ་སྒྲུབ། ཆོས་རྒྱལ་བཀའ་འབུམ་དང་ཡང་སྙིང་འདུས་པ་སོགས་ཐུགས་རྗེ་ཆེན་པོའི་ཆོས་སྐོར། མཁའ་འགྲོ་སྙིང་ཐིག་དང་དགོངས་པ་ཟང་ཐལ་སོགས་རྫོགས་ཆེན་སྐོར་རྣམས་ལ་བྱེད་པར་སྔ་མ་རྣམས་ལ་གྲགས་ཏེ། ཡབ་རྗེ་ཀུན་མཁྱེན་བླ་མའངའདི་ལྟར་བཞེད་དོ། །དེ་ལ་གུ་རུ་ཉིད་ཀྱི་སྒྲུབ་ལུགས་མང་དུ་བསྟན་པའི་རྒྱུ་མཚན་ནི། སྤྱིར་སྔགས་ཀྱི་ལྷ་དང༌། སོ་སྐྱེ་ལས་དང་པོ་པའི་བར་གྱི་བརྡ་སྦྱོར་མཁྱེན་ལྟ་བུར་བྱོན་པའི་སངས་རྒྱས་ཀྱི་སྤྲུལ་སྐུ་རིག་འཛིན་སློབ་དཔོན་གྱི་རྣམ་པ་ཅན་རྣམས་སྒྲུབ་ཐག་ཤིན་ཏུ་ཉེ་ལ། ཁྱད་པར་དུ། བོད་ཀྱི་བླ་མའི་སྐལ་བ་གུ་རུ་


LT17_Page_102
[མ་དཔེ་གཟིགས་ན་འདིར་གནོན།]

ཉིདཿ ལྷ་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོར་འདུགཿ ཅེས་གསུངས་པ་ལྟར། ཨོ་རྒྱན་སངས་རྒྱས་གཉིས་པ་ནི་སྔོན་གྱི་སྨོན་ལམ་བཞིན་དུ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གངས་ལྗོངས་མཐའ་དག་སྐྱོབ་པའི་མགོན་དུ་གསོལ་བ་བཏབ་ནས་སྤྱན་དྲངས་པ་ཡིན་ལ། ཁྲི་སྲོང་ལྡེའུ་བཙན་ནི་བོད་ཡུལ་སྤྱི་ལ་དབང་བའི་རྒྱལ་པོ་ཡིན་པས། དེས་གསོལ་བ་བཏབ་ན་བོད་འབངས་མགོ་ནག་ཡོངས་སུ་མ་ཟད། དུད་འགྲོ་རྔོག་ཆགས་ཡན་ཆད་ཀྱིས་གསོལ་བ་བཏབ་པར་དོན་གྱིས་འགྱུར་ཏེ། ཁྱུ་མཆོག་གར་སོང་དུ་བ་ལང་ཁྱུ་འགྲོ་བ་བཞིན་ནོ། །ཐོག་མའི་རྟེན་འབྲེལ་དེའི་དབང་གིས་ད་ལྟའནག་བོད་འབངས་ལ་བྱིན་རླབས་གཞན་ལས་མྱུར་ཞིང༌། བཀའ་དྲིན་གྱི་དབང་དུ་བྱས་ན། བོད་འདྲེ་སྲིན་གྱི་ཡུལ་མཐའ་དབུས་ཐམས་ཅད་ཀྱིས་བཏུལ་ནས་དམ་པའི་ཆོས་ཀྱི་འབྱུང་གནས་དང་འཕགས་པའི་ཡུལ་ཁམས་སུ་བྱིན་གྱིས་བརླབས་པ་དང༌། སའི་ཆ་ཕལ་ཆེར་གུ་རུ་ཉིད་ཀྱི་སྒྲུབ་གནས་སུ་མཛད་དེ་རྡོ་རྗེའི་གནས་ཆེན་རྣམས་དང་ཡོན་ཏན་མཚུངས་པར་བྱིན་གྱིས་རླབས་པའི་དོན་རྟགས་སུ་རྫ་མོ་ཧཱཾཨུ་འདྲ་དང༌། བྲག་བཞིར་ཞབས་རྗེས། མཚོ་བཞིར་ཕྱག་རྗེས་སོགས་བཞག་པ་ད་ལྟའནག་མཇལ་དུ་ཡོད་པ་དང༌། མི་ཡུལ་ན་མི་བཞུགས་པའི་སྔགས་ཀྱི་རྒྱུད་སྡེ་མང་པོ་ཡང་མཁའ་འགྲོའི་གནས་ནས་རྫུ་འཕྲུལ་གྱིས་སྤྱན་དྲངས་ཤིང༌། དཔལ་གྱི་བསམ་ཡས་སོགས་སུ་གསང་སྔགས་ཀྱི་ཆོས་འཁོར་འབྱམས་ཀླས་པ་བསྐོར་ཏེ། རྗེ་འབངས་ཉེར་ལྔ་སོགས་མཆོག་གི་དངོས་གྲུབ་ལ་སྦྱར་ནས་གྲུབ་ཐོབ་ཀྱི་བརྒྱུད་པ་འབྱུང་བའི་གཞི་བཙུགས་པ་དང༌། བརྟན་མར་གྲགས་པ་བདེ་མཆོག་གི་སྙིང་པོའི་རྣལ་


LT17_Page_103
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་གཟུགས་གཞན་དུ་བསྒྱུར་བའི་རྣལ་འབྱོར་མ་བཅུ་གཉིས་བོད་ཀྱི་ཡུལ་བདག་མོར་བསྐོས་པའི་སྒོ་ནས་གསང་སྔགས་ཀྱི་བསྟན་པ་མི་ནུབ་པའི་རྟེན་འབྲེལ་བསྒྲིགས་ཤིང་མུ་སྟེགས་རྒྱུ་བའི་ལམ་བཅད་པ་དང༌། མཐའ་དམག་ནང་འཁྲུགས་ནད་ཡམས་མུ་གེ་སོགས་དུས་ཀྱི་རྒུད་པ་སྣ་ཚོགས་རིམ་པར་འབྱུང་བ་ལ་སྐྱོབ་བྱེད་ཀྱི་གཏེར་སྟོན་དང་རྫས་གཏེར་ཆོས་གཏེར། ཐད་ཀར་གང་འཚམས་ཀྱི་ལུང་བསྟན་ཞིབ་མོ་དང་བཅས་པ་སོ་སོའི་དུས་ཚོད་མི་ཡོལ་བར་འབྱུང་བའི་ཕྲིན་ལས་ཕྱི་མཐའི་བར་དུ་རྒྱུན་མི་འཆད་པ་དང༌། དཔལ་སྤྲུལ་རྡོ་རྗེ་འཆང་གི་བཀའ་ལས། ཕྱོགས་འདིར་མི་ནག་ཕོ་མོ་རྣམས་ཀྱང་ཐེག་པ་ཆེན་པོ་གསང་སྔགས་ལ་གུས་ཤིང༌། གསང་སྔགས་ཀྱི་དབང་ཞིག་ཨེ་ཐོབ་རེ་འདུན་ཆེ་བ་དང༌། དབང་བསྐུར་གཟུགས་བརྙན་ཙམ་ཞིག་ཐོབ་ཀྱང་དེ་ལ་བརྩི་འཇོག་ཆེན་པོ་བྱེད་པ་སོགས་ཨོ་རྒྱན་རིན་པོ་ཆེས་ཕོ་བྱུང་ཐམས་ཅད་དཔའ་བོ་དང༌། མོ་བྱུང་དཔའ་མོའི་རིགས་སུ་བྱིན་གྱིས་བརླབས་པའི་ཕྱག་རྗེས་ཡིན་གྱི། ཡུལ་གཞན་ན་དེ་འདྲ་མེད། གསང་སྔགས་རྡོ་རྗེ་ཐེག་པ་ལ་གཡམ་རྒྱུག་ཙམ་གྱི་མོས་གུས་ལན་ཅིག་སྐྱེས་པའི་ཕན་ཡོན་ཀྱང་ལམ་གཞན་ལ་ཡུན་རིང་དུ་སྦྱངས་པས་སླེབ་མི་སླེབ་ཀྱི་ཚོད་ཡིན་ཞེས་གསུངས་པ་དང༌། ད་དུང་ཡང་སྔོན་བོད་ཡུལ་དུ་བྱོན་པའི་སྐུ་དེ་ཉིད་དངོས་ཀྱིས་ཛམ་གླིང་འདིའི་ཉེ་འཁོར་རིག་པ་འཛིན་པའི་ཞིང་ཁྱད་པར་ཅན་ན་བཞུགས་ཤིང༌། དེར་མ་ཟད་ཚེས་བཅུ་ནམ་བྱུང་དང་ལྷག་པར་དབང་ཆེན་སྤྲེལ་ཟླའི་ཚེས་བཅུར་གངས་ཅན་མཐའ་དབུས་ཐམས་ཅད་དུ་རྫུ་འཕྲུལ་གྱིས་བྱོན་ནས་


LT17_Page_104
[མ་དཔེ་གཟིགས་ན་འདིར་གནོན།]

བོད་འབངས་སྡུག་བསྔལ་ལས་སྐྱོབ་པར་ཞལ་གྱིས་བཞེས་པ་ཡིན་པས་དེ་ལ་བརྟེན་ནས་བསྒྲུབ་ན་མཆོག་ཐུན་མོང་གི་དངོས་གྲུབ་གང་ཡང་བདེ་མྱུར་དུ་འགྲུབ་པ་ལ་དགོངས་པ་འདི་གོ་བ་གལ་ཆེའོ། །དེ་བཞིན་དུ་ཐུགས་རྗེ་ཆེན་པོའི་གདམས་སྐོར་ལྷག་པར་མང་བའི་རྒྱུ་མཚན་ཡང་གོང་དུ་ལུང་དྲངས་པས་ཤེས་ཏེ། ཅུང་ཟད་བཤད་ན། ཇོ་བོ་རྗེ་དང་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་ཡིག་སོགས་ལས་གསུངས་པ་ལྟར་ཞིང་འདིའི་སྟོན་པ་་རྒྱལ་པོས་བོད་ཀྱི་ཡུལ་འདི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལ་གདུལ་ཞིང་དུ་བཀས་གཏད་ཅིང༌། དེ་ཁོ་ན་བཞིན་དུ་བོད་མིའི་རིགས་བརྒྱུད་ཀྱི་ཐོག་མ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་འཕགས་པ་སྤྲེལ་སྒོམ་ལ་ཐུག་པ་དང༌། ཟང་ཟིང་གི་ལོངས་སྤྱོད་དང་པོ་འཕགས་པས་པོ་ཊ་ལ་ནས་འབྲུ་སྣ་བདུན་བོད་དུ་གཏོར་བ་ལས་བྱུང་བ་དང༌། ཆོས་ཀྱི་ལོངས་སྤྱོད་མདོ་སྡེ་ཟ་མ་ཏོག་ནས་དབུ་བརྙེས་པ་དང༌། སྔོན་གྱི་ཆོས་རྒྱལ་ཕལ་ཆེར་རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་བཀའ་གདམས་གླེགས་བམ་རིན་པོ་ཆེར་གསུངས་པ་དང༌། རྒྱ་དཀར་ནག་གི་རྟེན་གཙོ་ཇོ་ཤཀ་རྣམ་གཉིས་བོད་ཡུལ་གྱི་ལྟེ་བར་གདན་འཛོམས་པ་དང་ར་སའི་གཙུག་ལག་ཁང་གི་རྨིད་ཐིངས་པ་སོགས་སྲོང་བཙན་དང་རང་བྱུང་འཕགས་པའི་དྲིན་ལས་བྱུང་བ་དང༌། བོད་ཡི་གེ་མེད་པ་ལ་ཐོན་མིས་ཡེ་གེ་དང་བརྡ་དག་གི་སྲོལ་ཕྱེ་བ་དང༌། དགེ་བཅུའི་ཁྲིམས་སྲོལ་ཐོག་མར་བཏོད་པ་དང༌། འཁྲུལ་སྣང་དང་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་ལྷ་ཁང་མང་པོས་ས་བཟུང་ཞིང་བྱིན་གྱིས་བརླབས་པ་དང༌། བོད་ཡུལ་དབུས་སུ་མཐའ་བཞིའི་བཟོ་སྣ་དང་ནོར་སྣ་འདུ་བ་སོགས་


LT17_Page_105
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྤྱན་རས་གཟིགས་སྲོང་བཙན་སྒམ་པོའི་མཛད་པའི་ཆ་ཤས་ཡིན་པ་དང༌། ལྗོངས་འདིའི་ཁྱིམ་པ་ཆོས་མི་ཤེས་ཤིང༌། ཆོས་ཡེ་མ་གོམས་པ་རྣམས་ཀྱང་ཚེ་ཕྱི་མ་ལ་བློ་ཁ་ཕྱོགས་པའམ་བཟའ་ཟླ་ཤི་བ་མཐོང་བ་སོགས་ཀྱི་ཚེ་བྱིས་པ་ཉམ་ང་དུས་ཨ་མ་འབོད་པའི་དོད་ལ་དམ་ཆོས་ཡི་གེ་དྲུག་མ་རང་དྲན་དུ་འོང་ཞིང་བརྒྱ་སྟོང་ཁྲི་འབུམ་སོགས་འདོན་ནུས་པ་དང༌། དེ་དག་གིས་མ་ཎིའི་སྒྲ་ཙམ་འབོད་ནས་བཏོན་པ་དེས་ཀྱང་ཚེ་འདིར་སྡིག་རྔམ་ཆུང་དུ་འགྲོ་བ་དང༌། གནོད་པ་ཉུང་ཞིང་ཚེ་རིང་བ་དང༌། ལོང་བ་མིག་ཕྱེ་བ་དང༌། གདོན་བགེགས་ཅན་བགེགས་ལས་ཐར་བ་དང༌། མི་བརྒྱུད་བཀྲ་ཤིས་པ་དང༌། རྨི་ལམ་དུ་འཕགས་པའི་སྤྲུལ་པ་མཐོང་བ་དང༌། འཆི་ཀའི་རྣམ་ཤེས་ཡིག་དྲུག་གི་ཆོས་སྒྲར་འཕོ་བ་ཐེབས་པ་སོགས་མཐའ་ཡས་པ་ཡོད་ན་ཚུལ་བཞིན་སྒྲུབ་པ་རྣམས་ཀྱིས་དངོས་གྲུབ་ཐོབ་པ་ལྟ་ཅི་སྨོས་པ་དང༌། ཐ་ན་བོད་ཀྱི་བྱིས་པ་རང་གི་མ་མིང་དག་པོར་མི་ཐོན་པས་ཀྱང་རིག་སྔགས་ཡི་གེ་དྲུག་མ་གཙང་སིང་གིས་ཐོན་པ་སོགས་དུ་མ་ཞིག་གིས་བོད་ཀྱི་འགྲོ་བ་ལ་སངས་རྒྱས་བྱང་སེམས་གཞན་ལས་རྗེ་བཙུན་སྤྱན་རས་གཟིགས་ཉིད་ལས་སྨོན་གྱི་འབྲེལ་བ་ཆེ་བར་ཤེས་ནུས་པས་དེ་ལ་དགོངས་སོ། །དེ་ལྟར་བོད་ཡུལ་ཕན་བདེའི་སྲོག་རྩ་འཕགས་མཆོག་ཐུགས་རྗེའི་གཏེར་དང༌། ཆོས་མཆོག་ཡི་གེ་དྲུག་མ་ལ་ཐུག་ཀྱང་བོད་གསར་ངེས་ཅན་གྱི་རྒྱལ་ཁམས་ཡིན་པས་ཡུན་ཅུང་ཟད་རེ་སོང་ནས་བརྗེད་ཅིང་ཅི་མི་སྙམ་པར་འཇོག་པ་ལ་དགོངས་ཏེ་ཐུགས་རྗེའི་སྒྲུབ་སྐོར་གྱི་གཏེར་ཁ་གསར་པས་དྲན་གསོ་དང་བསྐུལ་ལྕགས་རྒྱུན་མི་འཆད་པར་


LT17_Page_106
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའང་གུ་རུའི་བཀའ་དྲིན་གྱི་དམ་པར་ཤེས་དགོས་ཤིང༌། ཤེས་ནས་དགོངས་པ་སྒྲུབ་པ་ལ་བརྩོན་དགོས་སོ། །མིའི་རྟེན་ཅན་གྱི་རིག་འཛིན་སློབ་དཔོན་མཆོག་གི་རྣམ་པར་མཛད་ཚེ་གུ་རུ་པདྨ་དང༌། དེ་ཉིད་ཡི་དམ་ལྷའི་རྣམ་པར་བསྟན་ཚེ་འགྲོ་འདུལ་ཐུགས་རྗེ་ཆེན་པོ་ཞེས་མཚན་བཏགས་པའི་ཁྱད་པར་ཙམ་ལས་དོན་དུ་ཐ་མི་དད་པར་ཡང་གཏེར་གཞུང་ཚད་ཐུབ་མང་པོ་ལས་གསུངས་ཏེ་འདིར་མ་དྲངས་ལ། ངོ་བོ་དབྱེར་མེད་ཀྱང་སྒྲུབ་ལུགས་གཉིས་སུ་ཕྱེ་བ་ལའང་རྒྱུ་མཚན་ཆེན་པོ་ཡོད་དེ། གོང་དུ་ཟུར་ཙམ་སོང་བ་ལས་སྤྲོས་ཏེ་ཤེས་པར་བྱའོ། །རྫོགས་རིམ་གྱི་གདམས་པའི་ནང་ནས་རྫོགས་ཆེན་ཕྱོགས་ཁོ་ན་རྩལ་དུ་བཏོན་ནས་སྟོན་པར་མཛད་པ་ནི། རྫོགས་རིམ་གཞན་ནི་སེམས་ལམ་བྱེད་དང་སྦྲེལ་བ་ལ་ལྟོས་པས་བརྩོན་འགྲུས་མཆོག་མ་གཏོགས་པས་ཡེ་ཤེས་རྙེད་དཀའ་ཞིང༌། དུས་ཀྱི་དབང་གིས་མཆོག་འགྲུབ་པའི་ནུས་པ་སྔོན་དུས་བཞིན་མི་བྱུང་བ་སོགས་ཡིན་ལ། ཐེག་མཆོག་རྒྱལ་པོ་འདིར་ནི་ཡེ་ཤེས་ཉག་གཅིག་ལམ་དུ་བྱེད་པས་དེ་ལས་བཟློག་པ་སྟེ། འདིའི་གནད་ཀྱང་ཀློང་སྙིང་བཀའ་བརྒྱད་ཀྱི་སྒྲུབ་གཞུང་ལས། ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམསཿ རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བསཿ རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོདཿ ཅེས་པའི་ཚིག་ཟུར་རྣམས་ལ་ཞིབ་ཏུ་དཔྱད་ཤེས་ན་འཐོན་ཏེ་ཤིན་ཏུ་གསང་བའི་རྡོ་རྗེའི་གནས་འདི་ནི་ཆེས་རྒྱས་པར་བསྙད་དུ་ཡོད་མོད་ཀྱི། དེ་ཙམ་ལས་སྐབས་སུ་མ་བབས་པས་སྤྲོས་པ་བསྐྱུངས་སོ། །ཇི་སྐད་བཤད་པ་དེའི་ཕྱིར་གུ་རུའི་གཏེར་བརྒྱུད་


LT17_Page_107
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཡིན་ན་ནི་ཉམས་ལེན་གྱི་མཐིལ་བླ་རྫོགས་ཐུགས་གསུམ་ལ་བྱེད་དགོས་ཏེ། འདི་ཡང་མངའ་བདག་ཉང་དང༌། ཆོས་དབང་སོགས་ཀྱི་ལོ་རྒྱུས་དང་འབྲེལ་བར་བཤད་དུ་ཡོད་མོད། རེ་ཞིག་དེ་ཙམ་མོ། །གཏད་བྱ་སད་བྱེད་ཀྱི་གཙོ་བོ་བརྡ་ཡིག་ནི། ཀློང་ཆེན་འོད་གསལ་གྱི་དགོངས་པའི་རུམ་དུ་སྔོན་སྦས་པའི་ཆོས་རྣམས་གསལ་བར་སད་བྱེད་ཀྱི་བརྡ་ཐབས་སུ་བཀོད་པའི་ཡིག་གཟུགས་ཞེས་སྒྲ་བཤད་བྱ་སྟེ། གཏད་རྒྱ་མངོན་དུ་འབྱིན་བྱེད་ཀྱི་བརྡའམ་མཚན་མ་ལ་འཆད་འགྱུར་ལྟར་གཞན་ཡང་མང་མོད་ཀྱི་དཔེར་ན་ཡིག་གཟུགས་བཀླགས་པ་ཁོ་ན་ཆོས་བཀླག་པར་འགྲོ་བ་ནི་སྐུ་གཟུགས་མཆོད་རྟེན་སོགས་ལ་མེད་པའི་ཁྱད་ཆོས་ཡིན་པ་ལྟར། རྒྱུད་ལུང་མན་ངག་གི་ཆོས་རྣམས་རང་དང་མཐུན་པའི་བརྡའི་སྒོ་ནས་གསལ་བར་མཚོན་པའི་བརྡ་དངོས་ནི་གཏེར་ཡིག་ཏུ་ཟད་པས་གཙོ་བོ་ཡིན་ཞིང༌། བརྡ་གཞན་ནི་དེའི་འཁོར་རོ། །གཏེར་ཡིག་གི་དབྱེ་བ་ནི། ཡིག་རིགས་ཀྱི་སྒོ་ནས་དང༌། ངོ་སྤྲོད་ཀྱི་སྒོ་ནས་དང༌། གཏེར་ཤོག་ལ་འགོད་ཚུལ་གྱི་སྒོ་ནས་དབྱེ་བ་སྟེ་གསུམ། དང་པོ་ལ། མཁའ་འགྲོའི་ཡི་གེ་ཡིན་མིན་གཉིས་ཀྱི། དང་པོ་ནི། ཐང་ཡིག །སྤུངས་ཡིག །བཤུར་ཡིག །ལྡེ་མ་ཡིག །སྦས་ཡིག །མཁར་བརྩེགས། ཐིག་ལེའི་ཡི་གེ །འཁྱིལ་ཆེན། འཁྱིལ་ཆུང་སོགས་རྡོ་རྗེའི་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་རྣམས་ལ་གྲགས་པའི་ཐུན་མིན་གྱི་ཡི་གེ་སྟེ། གནས་ཡུལ་རེ་རེ་ན་ཡང་ཡིག་རིགས་ཀྱི་ཁྱད་པར་མི་འདྲ་བ་མང་དུ་ཡོད་པས། གཏེར་སྟོན་གཅིག་གི་གཏེར་ཁ་


LT17_Page_108
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱོན་པའི་ཡིག་རིགས་ཙམ་གྱི་མཁའ་འགྲོའི་ཡིག་རིགས་ཐམས་ཅད་རྫོགས་པར་བཟུང་ན་ནི་རུ་བཞིའི་ཆུ་ལས་གཞན་དུ་གླིང་བཞི་ན་ཆུ་མེད་ཅེས་འཛིན་པ་དང་འདྲའོ། །དེ་ལས་གཞན་པའི་ཡི་གེ་ནི་ལཉྩ། ཝརྟུ། བོད་ཡིག་རྫབ་གཤུར་སོགས་ཏེ། བོད་ཡིག་ཀྱང་ཚེག་མེད། འཕུལ་མེད། རྒྱན་མེད་དམ་འདོགས་མེད་དུ་བྲིས་པ་སོགས་དཀྱུས་དང་མཐུན་མི་མཐུན་སྣ་ཚོགས་ཡོད་དོ། །གཉིས་པ་ནི། ལྡེ་མིག་ཅན། རྐྱེན་ལས་ངེས། གཉིས་ལ་མི་ལྟོས་ཞེས་གསུམ་ལས། དང་པོ་ནི། ཡིག་རིགས་དེ་དང་བོད་ཡིག་ཐད་ཀ་ཐད་ཀར་རྭ་སྤྲད་པའི་ཀ་དཔེ་གཏེར་མ་བཞུགས་པ། གཉིས་པ་ནི། ཀ་དཔེ་མེད་ལ་བརྟན་གཡོའི་ཡུལ་རྐྱེན་ངེས་མེད་ལ་བརྟེན་ནས་རྡོལ་ཐབས་སུ་ཤེས་པ། གསུམ་པ་ཀ་དཔེ་དང་རྐྱེན་གཞན་གཉིས་ཆར་ལ་མི་ལྟོས་པར་ཡིག་ངོ་རང་ཤེས་པ་སྟེ། འདི་ལ་མཐོང་བས་དེས་ཞེས་གཏེར་དཔེ་ཐུག་ཕྲད་དུ་ཤེས་པ་དང༌། འདྲིས་པས་ངེས་ཞེས་ཡང་ཡང་གཟིགས་ནས་གདོད་ཤེས་པ་གཉིས་ཡོད། འདི་དག་ནི་མཁའ་འགྲོའི་ཡི་གེ་ཁོ་ནའི་དབྱེ་བའོ། །གསུམ་པ་ལ། སྣང་ཙམ། རྟེན་ཙམ། མཐར་ཆགས་ཏེ་གསུམ། དང་པོ་ནི། བརྡ་ཡིག་གཅིག་བཀོད་ཙམ་ལས། དོན་དེའི་མདོར་བསྟན་རྒྱས་བཤད་ས་བཅད་སོགས་གང་ཡང་མ་བྲིས་པ་སྟེ། ཡིག་འབྲུ་རེ་ཟུང་ལྟ་བུས་མཆོག་གི་མིང་ངམ་ཚིག་ཏུ་གྲུབ་པ་མི་དགོས་སོ། །གཉིས་པ་ལ། དངོས་དང༌། རྗེས་དྲན་སྐུལ་བྱེད་གཉིས། དང་པོ་ནི་བརྡ་ཡིག་ཏུ་འཁོད་ཚོད་དོ་རྐྱང་ལ། གཞུང་དེའི་ལོ་རྒྱུས་སམ། མཚན་


LT17_Page_109
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། ཁོག་དབུབ་ཀྱི་སྣ་རྩེ་ལྟ་བུ་ཅི་རིགས་རེ་ཡོད་ལ། གཞུང་རྒྱས་པར་མ་བྲིས་པ་ཞིག་སྟེ། དེ་གཉིས་ནི་ནྱ་་ལྗོན་ཤིང་ཆེན་པོའི་ས་བོན་ལ་ཡུངས་ཀར་གྱི་བཞི་ནམ་ཙམ་གྱིས་ཆོག་པ་ལྟར་ཆོས་དེའི་ས་བོན་ནམ་སྤྲོ་གཞི་ལྟ་བུའི་བརྡ་རིས་ཉུང་ངུར་བསྡུས་པའོ། །གཉིས་པ་ལའང་ཚུལ་གཉིས་ཏེ། གཅིག་ནི་བརྡ་ཡིག་གི་ཚིག་ཟིན་ལ་དན་རྟགས་ལྟ་བུའི་ངག་འབྲེལ་མེད་ཅིག་ལས་གཞན་མེད་ཀྱང༌། དེ་སྔོན་བྱུང་གི་ཕྱོགས་མཚོན་ཅིག་ཡིན་པས་རྐྱེན་དེས་སྔོན་གྱི་གནས་དུས་སྟོན་འཁོར་ཆོས་རྣམས་གསལ་བར་དྲན་ནས་དྲན་རྒྱུའི་ཆོས་དེ་ཡི་གེར་འབེབས་ནུས་པ་སྟེ། དཔེར་ན་ཤོག་སེར་ལ། ཁུ་བྱུག་ཐོག་མར་སླེབས་པའི་དུས་ཚོད་ལ་བྲག་མར་མཚོ་མོ་མགུལ་དུ་གུ་རུ་དང་རྗེ་འབངས་རྣམས་དར་གྱི་ལྡིང་གུར་ཕུབ་ནས་བཞུགས་པའི་མདུན་ཕྱོགས་སུ་ཉིན་རེ་བཞིན་ངང་དུར་ཁུ་བྱུག་སོགས་བྱ་དང་བྱིའུ་མང་པོ་ཚོགས་ནས་རྩེ་ཞིང་ཤིན་ཏུ་སྐྱིད་ཉམས་ཆེ་བ་བྱུང༌། ཞེས་བྲིས་པ་མཐོང་ནས་དེ་དུས་གུ་རུ་རིན་པོ་ཆེས་བདག་ཅག་རྗེ་འབངས་རྣམས་ལ་ཆོས་འདི་ཞེས་བྱ་བ་གནང་བ་ཡིན་སྙམ་དུ་ཆོས་སྡེ་དེ་ཡོངས་རྫོགས་ཤར་བ་ལྟ་བུའོ། །གཅིག་ནི་བརྡ་རིས་ན་ངོས་སུ་ཐེབས་པ་ལ་སྔོན་བྱུང་གི་སྐོར་ཅི་ཡང་མེད་པར་བབས་བབས་བྲིས་པ་འདྲ་བ་ཞིག་ཡོད་ཀྱང༌། དེའི་རྐྱེན་གྱིས་ཆོས་དེ་སྔོན་ཇི་ལྟར་ཞུ་འཆད་མཛད་པ་དྲན་ནས་སྔ་མ་ལྟར་འབེབ་ནུས་པ་ཡིན་གསུང་ངོ༌། །གསུམ་པ་ནི། དབུས་ནས་ཞབས་སུ་ཐུག་པའི་གཏེར་གཞུང་ཚང་བར་ཀྱུ་རུ་ལུགས་སུ་བྲིས་པའོ། །སྣང་རྟེན་མཐར་ཆགས་གང་ཡང་གོང་སྨོས་ལྟར་ཡིག་རིགས་


LT17_Page_110
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་མ་ངེས་ཤིང་མིང་ངམ་ཚིག་ཏུ་ལོངས་པར་བྲིས་པ་རྣམས་སྐད་རིགས་ཀྱང༌། ལེགས་སྦྱར་དང་བོད་སྐད་མཁའ་འགྲོ་བརྡ་སྐད་སོགས་སྣ་ཚོགས་ཡོད་དེ། བརྡ་སྐད་ནི་གཏེར་སྟོན་མ་གཏོགས་གཞན་ལ་མི་འཆད་པ་དམ་ཚིག་ཡིན་གསུངས། མཁའ་འགྲོའི་ཡི་གེ་རྣམས་ལ་འཕྲུལ་ཡིག་སྒྱུ་མ་ཅན་ཡིན་མིན་གཉིས་སུ་འགྱུར་ཏེ། མདོ་བྱང་ལས་ཡིག་ངོ་ཤེས་ལ་གཏད་རྒྱ་མ་སད་པ་དང༌། ཡིག་ངོ་མ་ཤེས་ཀྱང་གཏད་རྒྱ་སད་པ་སོགས་མུ་བཞི་བཤད་པའང་འདིའི་སྒོ་ནས་ཤེས་པར་བྱའོ། །དེའང་བཤད་ན། སྤྱིར་གཏེར་ཡིག་ནི་དང་པོར་བརྡ་ཤོག་ལ་ཇི་ལྟར་བྲིས་པ་དེ་ལས་ཡིག་རིགས་དང་རྒྱས་བསྡུས་སོགས་ཅུང་ཟད་ཀྱང་གཞན་དུ་མི་འགྱུར་ལ། དེ་འདྲའི་བརྡ་ལས་ཆོས་འབེབ་ཚུལ་ནི། རིག་པ་བརྡ་ཡིག་ལ་གཏད་དེ། སྔོན་གུ་རུ་དུས་གསུམ་སངས་རྒྱས་ཀྱིས་གང་ཞིག་གཏད་རྒྱ་མཛད་པའི་ཆོས་ཀྱི་ཚིག་དོན་དེ་ཉིད་རིག་ཀློང་ནས་ཤར་བར་ཡང་ཡང་བསམ་པས་ཇི་ལྟར་བསམ་པ་བཞིན་དུ་འཆར་བ་སྟེ་འདི་ལས་ཞིབ་ཙམ་གཏེར་གསར་མདོ་བྱང་ན་གསལ་ལོ། །དེའི་ཁོག་ནས་འཕྲུལ་ཡིག་ཏུ་འགྱུར་ཚུལ་ནི་འདི་ལྟར་ཡིན་ཏེ། བརྡ་རིས་ལ་གཏེར་སྟོན་གྱིས་དགོངས་པ་གཏད་པའི་རིག་ངོར་སྐད་ཅིག་སྐད་ཅིག་ལ་ཡིག་རིགས་གཞན་དང་གཞན་དུ་མིག་འཕྲུལ་ལྟར་འགྱུར་འགྲོ་བ་དང༌། ཡང་བརྡ་ཡིག་ལ་བརྟེན་ནས་རིག་པའི་རྩལ་མཆེད་དེ། གཏེར་གཞུང་དེའི་ཚིག་དོན་རིགས་མཐུན་ལ་མི་གཅིག་པ་སྣ་ཚོགས་ཤིག་འགྱུར་ལྡོག་གི་རྣམ་པར་ཤར་ནས་དཀྱུས་ཀྱི་ཚིག་དོན་དངོས་གང་ཡིན་མི་ངེས་པ་སྟེ། དེའང་ཡིག་རིགས་འགྱུར་ལ་ཚིག་དོན་གཅིག་ལས་མི་འགྱུར་


LT17_Page_111
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཡིག་རིགས་མི་འགྱུར་ལ་ཚིག་དོན་ངེས་མེད་མང་པོར་འགྱུར་བ་དང༌། གཉིས་ཀ་འགྱུར་བ་སྟེ་གསུམ་ཡོད་ལ། དེ་ལས་ཕྱི་མ་ནི་ལྷག་པར་ཡང་བལ་པ་ཛ་ལྟར་འཛིངས་པས་གཏན་ལ་འབེབ་ཤིན་ཏུ་དཀའ་བ་ཡིན་ནོ། །ནམ་ཞིག་ཆོས་བདག་གམ། གནས་སམ། དུས་གནད་ལྟ་བུའི་རྐྱེན་དང༌། ཁྱད་པར་དུ་སྔོན་གུ་རུའི་དྲུང་དུ་དབང་དང་དམ་ཚིག་གིས་རྒྱུད་སྦྱངས་ཤིང་རིམ་གཉིས་ཀྱི་ལམ་བསྒོམས་པ། ཕྱི་མའི་དུས་སུ་གཏེར་འབྱིན་གྱི་སྐྱེས་བུའི་གསང་གྲོགས་སུ་ཇི་ལྟར་འཚམས་པའི་སྐྱེ་བ་བཟུང་སྟེ། ཡེ་ཤེས་དབྱིངས་ཀྱི་ཆོས་གཏེར་ལྷན་སྐྱེས་ཀྱི་བདེ་བའི་ལྕགས་ཀྱུས་འགུགས་ཤིང་དབང་དུ་བྱེད་པར་གུ་རུ་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་སྨོན་ལམ་ཐེབས་པའི་རྡོ་རྗེ་ཕོ་ཉ་མོའི་འཕྲུལ་ཐབས་སོགས་ལ་བརྟེན་ནས་བརྡ་འགྲོལ་གྱི་ནུས་པ་ཀློང་དུ་གྱུར་ཏེ། ཚིག་དོན་རྒྱུན་གཅིག་ལ་ངེས་པ་གཏན་ཁེལ་རྙེད་ཅིང་འཆར་ཆ་གཞན་རྣམས་རང་ཡུལ་དུ་འགྲོ་དགོས་ཏེ། དེ་ལྟར་ཀློང་དུ་མ་གྱུར་གོང་ཡི་གེར་ཕབ་ན་ཚིག་གི་སྡེབ་མི་འགྲིགས་པས་གཙང་ཤ་ཆུང་ཞིང༌། དོན་འཁྲུགས་ལ་གོ་མི་བདེ་བ་ཀློང་གསལ་སྙིང་པོའི་གཏེར་ཆོས་ཁ་ཅིག་ལྟ་བུ་དང༌། ཀློང་གྱུར་རྙེད་རྗེས་ཕབ་ན་ཚིག་བརྗིད་ལ་སྡེབ་སྒྲོས་གཙང་བ། དོན་གསལ་ཞིང་མ་འཁྲུགས་པ་རྒོད་ལྡེམ་ལེའུ་བདུན་མ་འདྲ་བ་འོང་བ་ཡིན་ཞེས་དང༌། ཀློང་འགྱུར་མ་ཐོབ་གོང་དང་ཐོབ་རྗེས་ཀྱི་འཆར་ཆ་གཉིས་ཉམས་དང་རྟོགས་པ་གཉིས་ཀྱི་ལག་རྗེས་ལྟར་མི་འདྲ། དེས་ན་ན་བུན་དང་ནམ་མཁའ་ལྟར་འགྱུར་མི་འགྱུར་གྱི་ཁྱད་ཆེ་ཞེས་ཀུན་མཁྱེན་རྡོ་རྗེ་འཆང་


LT17_Page_112
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫུའི་ཞབས་གསུངས་གསུང༌། དེ་འདྲ་ལ་དགོངས་ནས་རྗེ་བློ་གྲོས་མཐའ་ཡས་ཀྱིས་ཀྱང༌། གཏེར་ཡིག་བྱད་བཞིན་གཏེར་སྟོན་མེ་ལོང༌། ཚིག་དོན་གཟུགས་བརྙན་དང་འདྲ། བྱད་བཞིན་གཅིག་ཡིན་ཀྱང་མེ་ལོང་གི་ཁྱད་ཀྱིས་གཟུགས་བརྙན་གསལ་མོག་དང༌། ལེགས་ཉེས་མང་པོ་འོང་བ་ཡིན་གསུངས་སྐད། དེ་ལྟར་དང་པོའི་འཆར་ཚུལ་རྣམས་སོ་ན་མི་གནས་པ་དང༌། ཕྱིས་སུ་ཤར་བ་ལ་ཡིད་བརྟན་འཆའ་བའི་རྒྱུ་མཚན་ནི། དཔེར་ན་གཙུབ་ཤིང་ལས་མེ་འབྱུང་བའི་སྔ་ལྟས་སུ་དུ་བ་འོང་བ་དེ་མེ་མིན། མེ་འབར་ལ་ཉེ་བའི་དབང་གིས་བྱུང་བས་གྲོག་མཁར་གྱི་སྐྱ་རྫས་སོགས་དང་མི་འདྲ། དེ་དུས་ཚ་རེག་གི་མེ་ཡོད་ཀྱང་དམར་འབར་བའི་མེ་ལས་སྟོབས་ཆུང༌། དེ་བཞིན་དུ་ཤོག་སེར་གྱི་མཐུས། ཆོས་དེའི་བག་ཆགས་གཏིང་གཡོ་བའི་མཚན་མར་འགྱུར་བ་ཅན་གྱི་འཆར་སྒོ་དེ་དག་བྱུང་བ་ཡིན་ཡང༌། དེ་དག་ཕལ་ཆེར་སྔོན་གཏད་རྒྱ་མཛད་པའི་ཆོས་དེ་དངོས་ཉིད་མིན་འོན་ཀྱང་གཏད་རྒྱའི་མཐུ་ལས་བྱུང་བའི་སྣང་བ་ཐུན་མིན་ཡིན་པས་ཉམས་ཆོས་རང་དགའ་བ་དང་ལྷ་འདྲེའི་ཆོ་འཕྲུལ་ལས་ཤར་བ་སོགས་དང་གནམ་ས་ལྟར་ཁྱད་ཆེ། དེ་དུས་གཏད་རྒྱའི་བག་ཆགས་སད་ཀྱང་རྫོགས་པར་མ་སད་ལ། གཏན་ཁེལ་བྱུང་ཚེ་བག་ཆགས་དེ་རྫོགས་པར་སད་པས་སྔོན་ཇི་ལྟར་ཐོབ་པའི་ཆོས་དེའི་ཚིག་དོན་ཡོངས་རྫོགས་རྗེན་ལ་ཐོན་པ་ཡིན་ནོ། །དེ་ལྟར་ན་འཕྲུལ་ཡིག་སྒྱུ་མ་ཅན་ཡིན་མིན་ནི་ཕྱིའི་ཡིག་རིགས་ཁོ་ནས་མི་ཕྱེ་ཡི། ནང་གཏེར་སྟོན་གྱི་བག་ཆགས་སད་ཚུལ་ལ་ལྟོས་ནས་ཕར་བཞག་དགོས་པས་ཤོག་སེར་གཅིག་


LT17_Page_113
[མ་དཔེ་གཟིགས་ན་འདིར་གནོན།]

སྦེད་འདོན་བསྐྱར་མར་བྱེད་པའི་ཡང་གཏེར་སྐབས་ལྟ་བུར་གཏེར་སྟོན་སྔ་མ་ལ་འཕྲུལ་ཡིག་ཏུ་སོང་ཡང་ཕྱི་མ་ལ་མ་སོང་བ་སོགས་ཡོད་དུ་རུང་གསུང༌། བོད་ཡིག་མཐར་ཆགས་རྣམས་ལས་བུ་དཔེར་འབེབ་པ་ནི་གཏེར་སྟོན་ལས་གཞན་པས་ཀྱང་ནུས། མཁའ་འགྲོའི་ཡི་གེ་མཐར་ཆགས་ཀྱང་དེའི་ཀ་དཔེ་ཡོད་ན་གཞན་གྱིས་འབེབ་ཐུབ། སྣང་ཙམ་རྟེན་ཙམ་གཉིས་ནི་གཏེར་སྟོན་མིན་པས་མི་ཁྲོལ། གཏེར་སྟོན་ཡང་ཆོས་དེ་གང་གི་དབང་སྐལ་ཡིན་པ་དེ་ཁོ་ནས་ཁྲོལ་བར་ཟད་ཀྱང༌། དམིགས་བསལ་ནི་དེ་དང་གཏད་རྒྱའི་ཕ་ཕོག་ཐུན་མོང་དུ་ཐོབ་པ། ཚེ་འདིར་གཏེར་སྟོན་དུ་གྱུར་པ། རྩ་བའི་གཏེར་སྟོན་གྱིས་དགོངས་པ་གཏད་པས་བྱིན་གྱིས་བརླབས་ཤིང་གནང་བ་ཐོབ་པ་རྣམས་འཛོམ་ན་གཞན་གྱིས་ཀྱང་ཁྲོལ་བ་ཡོད། གཏད་རྒྱ་ཡང་ཆོས་དེ་ཉིད་ཀྱི་སྟེང་ནས་ཐོབ་པ་དགོས་ཀྱི། གང་རུང་ཡོད་པས་མི་ཆོག །དེའང་དཔེར་མཚོན་ན། བླ་མ་དགོངས་འདུས་ཆེན་མོ་གཏད་ཡུལ་གྱི་གཙོ་བོ་མུ་རུབ་བཙན་ཡིན་ཡང༌། དེ་དང་ལྷན་ཅིག་རྗེ་འབངས་གཞན་མང་པོས་ཀྱང་དགོངས་འདུས་གཏད་རྒྱ་དང་བཅས་པ་ཐོབ་ཚུལ་ལུང་བསྟན་བཀའ་རྒྱ་མ་ལྟར། དེ་ལས་བཻ་རོའི་རྣམ་འཕྲུལ་བ་ཡོ་ཆོས་ཀྱི་བློ་གྲོས་ལྟ་བུ་ལ་གཏད་རྒྱ་ཡོད་ཀྱང་སྐུ་ཚེ་དེ་ལ་གཏེར་སྟོན་དུ་མ་གྱུར་པས་དེ་ལྟར་བྱར་མི་བཏུབ། ནམ་སྙིང་སྐྱེ་བརྒྱུད་ལོང་པོ་བྱང་ཆུབ་གླིང་པ་ལྟ་བུས་བཏུབ་པ་ཡིན། གོང་འོག་ཏུ་ཡང་ཡང་བཤད་པ་ལྟར་ཡེ་ཤེས་འཕོ་བའི་གཏད་རྒྱ་ཁོ་ན་གཏེར་བརྒྱུད་ཀྱི་སྲོག་རྩ་ཡིན་པས། ཆོས་དེ་དུས་ཚོད་དེར་གཏེར་སྟོན་གཅིག་གི་དབང་


LT17_Page_114
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་དང༌། མང་པོའི་ཐུན་མོང་གི་དབང་སྐལ་ཡང་ཅི་རིགས་ཡོད་དེ་གུ་རུ་རིན་པོ་ཆེས་སྨོན་ལམ་གཏད་རྒྱ་མཛད་ཚུལ་སྣ་ཚོགས་ཤིག་ཡོད་པའི་ཕྱིར་རོ། །བདུད་འཇོམས་སྐྱེ་བའི་དབང་སྐལ་མངའ་བདག་སྐྱེ་བའི་ཡང་གཏེར་དུ་འབྱུང་བ་སོགས་ཀྱང་རྡོ་རྗེ་བདུད་འཇོམས་དང་མངའ་བདག་བཙན་པོ་གཉིས་ལ་ཆོས་དེའི་གཏད་རྒྱ་མཛད་ཚུལ་མཚུངས་པ་སོགས་ཀྱིས་ཡིན་ལ། ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་གིས་དུས་གསུམ་གཏེར་སྟོན་རྒྱ་མཚོས་མཛོད་ཀྱི་བཀའ་བབས་བརྙེས་པའི་རྒྱུ་མཚན་གྱི་ཟུར་གཅིག་ཀྱང་གུ་རུ་རིན་པོ་ཆེའི་གཏེར་ཆོས་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཏད་རྒྱ་མཛད་ཡུལ་གྱི་གཙོ་བོར་མི་བཞུགས་པ་གཅིག་ཀྱང་མེད་པ་འདི་ཡིན་པར་མངོན་ནོ། །སྤྱིར་གུ་རུའི་དངོས་སློབ་ཡིན་མཉམ་ལ་ཡང་གདམ་ངག་སྣ་རེའི་གཏད་རྒྱ་ཙམ་ཐོབ་པ་དང༌། མང་པོའི་གཏད་རྒྱ་ཐོབ་པ་སོགས་སྣ་ཚོགས་ཡོད་ཅིང༌། སྔོན་གཏད་རྒྱའི་རྣམ་གྲངས་མང་པོ་ཐོབ་པ་ཡིན་ཡང༌། ཕྱིས་ཡུལ་གྲོགས་བླ་མ་དུས་གནད་སོགས་རྟེན་འབྲེལ་གྱི་ཁྱད་པར་ལས་དེ་རྣམས་སྐུ་ཚེ་གཅིག་ལ་སད་པར་མ་ངེས་ཤིང༌། སད་ཀྱང་འཆད་སྤེལ་མཛད་པར་མ་ངེས་ཏེ། གཏེར་ཆེན་གཏེར་ཕྲན་གྱི་ཁྱད་པར་དང༌། སྐྱེ་བརྒྱུད་གཅིག་ཀྱང་སྐུ་ཚེ་ལ་ལར་གཏེར་ཆོས་མང་པོ་དང༌། ལ་ལར་ཉུང་ངུ་ཙམ་འཐོན་པའི་ཁྱད་པར་མང་པོ་འོང་བ་རྒྱུ་མཚན་དེའི་ཕྱིར་རོ། །དེས་ན་ལོ་ཆེན་བཻ་རོ་ལ་གཏད་རྒྱ་ཐོབ་པའི་ཆོས་གང་ཡིན་ཐམས་ཅད་གཏེར་བདག་གླིང་པའི་དབང་སྐལ་ཡིན་མི་དགོས་ཏེ། བཻ་རོའི་སྐྱེ་བརྒྱུད་གང་ཡིན་གཏེར་བདག་གླིང་པ་ཡིན་མི་དགོས་པའི་ཕྱིར་ཏེ། གཏེར་བདག་གླིང་པ་ནི་གཏེར་སྟོན་གཅིག་ཡིན་ལ། བཻ་རོའི་


LT17_Page_115
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བརྒྱུད་ལ་གཏེར་སྟོན་མང་པོ་ཡོད་པའི་ཕྱིར་རོ། །ཁྱབ་བདག་ཀུན་མཁྱེན་བླ་མ་མཉྫུ་གྷོ་ཥའི་ཞབས་ནི་རང་གཏེར་དང་གཞན་གཏེར་པདྨའི་ཆོས་བཀའ་གང་ཡང་དགོངས་པ་ནམ་གཏད་དུ་ཐོགས་པ་མེད་པར་ཀློག་བྱང་བ་བཞིན་དུ་འདོན་ཐུབ་པ་ཞིག་རྟག་ཏུ་བཞུགས་ཀྱང༌། གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་སྨོན་ལམ་གྱི་ཁྱད་པར་ལས་དབང་འབྱོར་བརྙེས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཏུ་ཟད་ཀྱི། སྤྱིར་བཏང་ལ་ནི་བུ་དཔེར་མ་ཕབ་བར་དུ་ཐུགས་ཐོག་ནས་ཀློག་ཏུ་ཡོད་ཅིང༌། ཕབ་ཟིན་རིམ་བཞིན་ནུབ་འགྲོ་བ་ཞིག་ཡིན་ལ། གལ་ཏེ་གཏེར་གཞུང་དེའི་ཕྱེད་ཙམ་ཕབ་མཚམས་སུ་བུ་དཔེ་མེ་ལྟ་བུས་བརླག་ཤོར་ན་སླར་ཡང་དབུས་ནས་བརྩམས་ཏེ་འཆར་བ་དང༌། ཕབ་ཚར་ནས་གཏེར་སྟོན་རང་ཡང་བྲིས་དཔེ་ལ་མ་བརྟེན་པར་ཀློག་ཏུ་མེད་པར་གསུངས། དེའང་སྔོན་འདྲིས་པའི་ཆོས་བརྗེད་པ་སླར་དྲན་ན་ཡི་གེར་བཀོད་པ་དང་གཞན་ལ་བཤད་པ་སོགས་ཀྱིས་བྱང་ཆ་ཆེར་འགྲོ་བ་ཁོ་ན་ཡིན་ཡང༌། གཏེར་གྱི་གཏད་རྒྱ་ནི་གུ་རུའི་རྫུ་འཕྲུལ་གྱིས་ཆོས་དེ་སྙིང་ལ་སྦས་པ་དང༌། དེའི་ཚུལ་ཡང་སྔར་སྨོས་པ་བཞིན་ཡེ་ཤེས་པ་ཕབ་ནས་སྙིང་དབུས་ཀྱི་ཐིག་ལེར་བརྟན་པར་བྱས་པ་དང་ཕྱོགས་འདྲ་ཞིག་ཡིན་པས་གཞུང་བློ་ལ་བླང་བ་དང་མི་འདྲའོ། །དེས་ན་སློབ་དཔོན་ཆེན་པོས་ཆོས་འདི་དུས་ཚོད་དེར་གསལ་བར་ཐོན་པར་གྱུར་ཅིག་ཅེས་དགོངས་པའི་སྔོན་སྨོན་དང༌། གཏེར་ཡིག་རྙེད་པའི་འཕྲལ་རྐྱེན་སོགས་ཀྱིས་སྙིང་ལ་བཞུགས་པའི་གསུང་རྡོ་རྗེའི་ཡེ་ཤེས་བསྐུལ་བ་ལས། ལྷ་བསླང་བ་ན་འཕར་གཡོ་འབྱུང་བའི་ཚུལ་དུ་ཚིག་


LT17_Page_116
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོངས་རྫོགས་སྔོན་བཞིན་འཆར་བ་ཡིན་ཞིང༌། བུ་དཔེར་ཐེབས་ཚེ་རེས་གཅིག་ལ་སྔོན་གྱི་དོན་དང་གཏེར་ཡིག་གི་དགོས་པ་བསྒྲུབས་ཟིན་པས་གནས་སྐབས་དེར་ལྷ་བརྟན་པར་བཞུགས་པ་ན་འཕར་གཡོ་ཞི་བའི་ཚུལ་དུ་སླར་ཡང་ནང་གི་གཞོམ་མེད་ནཱ་དའི་དབྱིངས་སུ་ཐིམ་ཞིང་གབ་ནས་མི་མངོན་པར་སོང་བ་ཡིན་གྱི། ཆང་ཕྱིར་ཟག་པས་སིང་པོ་རོ་ནུས་དང་བྲལ་བ་ལྟ་བུར་ནི་མི་བལྟའོ། །བརྡ་ཡིག་གི་འཁོར་དུ་གྱུར་པའི་བརྡ་ནི། དང་པོ་གཏད་རྒྱ་ཐོབ་དུས་བརྡའམ་མཚན་མར་བཟུང་བ་མིན་ཡང༌། ད་ལྟ་བརྡ་ཡིག་གི་སྟེང་ནས་ཆོས་དེ་སད་པ་དང་གཏན་ལ་ཕེབས་པའི་གྲོགས་སུ་རིག་འཛིན་དཔའ་བོ་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལས་འཕྲལ་ལ་བྱུང་བའི་བརྡ་སྟེ། དེ་ལའང་པྲ་ཕབ་པའི་སྣང་བ་ལྟར་གཏེར་སྟོན་རང་ཁོ་ནའི་ཐུགས་སྣང་ལ་ཤར་བ་དང༌། རང་གཞན་ཐུན་མོང་དུ་མཐོང་བའི་དངོས་སྣང་ཁ་ཅིག་གཏེར་གྱི་བརྡ་འགྲོལ་དུ་སོང་བ་གཉིས། དེ་དག་རེ་རེ་ལའང་སེམས་ཅན་དང་སེམས་ཅན་མ་ཡིན་པའི་གཟུགས་དང༌། ཟིན་པ་དང་མ་ཟིན་པ་དང་ལུང་སྟོན་པ་དང་མི་སྟོན་པའི་སྒྲའི་ཚུལ་དང༌། བཟའ་བཏུང་སོགས་ཡོ་བྱད་གཞན་གྱི་ཚུལ་སྣ་ཚོགས་ཡོད་དེ་སྨོས་ཀྱིས་མི་ལྡང་ངོ༌། །གཏེར་འདོན་ལུགས་ནི། ཁ་བྱང་ཡོད་མེད་ཀྱི་གཏེར་སྣ་ཚོགས་ཡོད་ཀྱང༌། ཡོད་པ་རྣམས་ལ་སྔོན་དུ་གཏེར་སྒྲུབ་བྱས་པ་ལ་ལྟོས་མི་ལྟོས་དང༌། ལྟོས་ན་ཇི་ལྟར་བྱ་བའི་ཚུལ། གཏེར་གནས་གར་ཡོད། དུས་གནད་ངེས་པ་ཡོད་མེད། སྨོན་ལམ་གཅིག་པའི་གྲོགས་དང་འཁོར་གང་དགོས། གསང་གཏེར་དང་ཁྲོམ་གཏེར་གང་བྱེད། གཏེར་བདག་


LT17_Page_117
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྫས་ཀྱིས་མཆོད་ཅིང་དམ་བསྒྲགས་བཀའ་བསྒོ་བྱེད་ཚུལ། རྫི་དུག་སོགས་སྲུང་ཐབས། གཏེར་རྟགས་དང་གཏེར་སྒོ་ངོས་འཛིན་ལུགས། གཏེར་སྒོ་ནས་ཅི་ཙམ་གཞལ་བ་ན་གཏེར་སྒྲོམ་བཞུགས་པ། རང་གི་དབང་སྐལ་ཡིན་མིན་གྱི་རྣམ་དབྱེ། གཏེར་ཚབ་གང་གང་གཞུགས་དང་གཏེར་ཁུང་གི་སྒོ་བསྡམ་ཚུལ། སྒྲོམ་ཞལ་ནམ་འབྱེད་སོགས་ཁ་བྱང་ནས་ཇི་ལྟར་འབྱུང་བ་ལྟར་དང༌། ཁ་བྱང་མེད་ན་གཏེར་སྟོན་ཉིད་ཀྱི་དགོངས་པའི་གསལ་སྣང་འཁྲུལ་མེད་ཀྱི་གདེང་ཚད་ཅན་དཔང་པོར་བཞག་སྟེ། གཟུ་ལུམ་རང་བཟོའམ་ཐོ་ཅོ་རྩིང་སྤྱོད་ཀྱི་ཆས་ཅུང་ཟད་ཀྱང་མ་སྦགས་པར་ལག་ལེན་ལ་ཐེབས་པ་དགོས་ཏེ། གཏེར་སྟོན་གྱི་བྱ་བ་རྣམས་བླ་མ་བདེ་བ་ཆེན་པོ་དངོས་ཀྱིས་བཀས་བཅད་པས། སྣ་རེ་ཙམ་ཡང་ནུས་པ་དང་ཡོན་ཏན་ཆེན་པོ་ཅན་འབའ་ཞིག་ཡིན་ཞིང༌། གལ་ཏེ་འདས་ན་དེའི་ཚོད་ཀྱི་ཉེས་དམིགས་འབྱུང་བའི་ཕྱིར་ཏེ། ཕུང་འཚེང་ནུས་པ་རིན་ཆེན་ས་ཡི་གཏེརཿ ཞེས་བྱ་བ་ཡིན་ནོ། །གཏེར་སྒྲོམ་ཁ་ཅིག་གཏེར་གནས་ཉིད་ལས་གཞན་དུ་མི་ཐོན་པ་དང༌། ཁ་ཅིག་གཏེར་སྟོན་ཕྱོགས་གཞན་ན་བཞུགས་དུས་གཏེར་སྲུང་གིས་ཚུར་སྐྱེལ་བ་སོགས་ཀྱི་ཁྱད་པར་འབྱུང་བ་ནི། མང་པོ་ཞིག་གུ་རུ་རིན་པོ་ཆེས་གཏེར་སྲུང་ལ་བཀས་གཏད་ལུགས་ཀྱི་དབང་གིས་ཡིན་ཏེ། ཆོས་དེ་སྦས་འདོན་གཉིས་ཀ་གནས་གཅིག་པོ་དེར་མཛད་ན། དེར་གསང་སྔགས་ཀྱི་བཤད་སྒྲུབ་དར་བ་སོགས་མི་དང་མི་མིན་གྱི་འགྲོ་དོན་འབྱུང་བ་དང༌། དེ་མཐུ་རྩལ་དྲག་པོའི་གནས་ཡིན་པས་དེར་བཏོན་


LT17_Page_118
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཆོས་དེའི་བརྒྱུད་འཛིན་ལ་བར་ཆད་ཉུང་བའམ། ཡང་ན་འདོད་འབྱུང་རྒྱས་པའི་གནས་ཡིན་པས་ཆོས་བརྒྱུད་དང་དངོས་གྲུབ་འཕེལ་བ་ལྟ་བུའི་དགོས་དབང་ངམ། གཏེར་འབྱེད་ཀྱི་ཆེད་དུ་གཏེར་སྟོན་ཉིད་ཀྱིས་འོ་བརྒྱལ་ཆེར་མཛད་ན་སྔོན་གྱི་དམ་ཚིག་གསོ་ཞིང་དཔའ་བོ་མཁའ་འགྲོ་རྣམས་དགྱེས་པས་ཆོས་བཀྲ་ཤིས་ཤིང་བྱིན་རླབས་ཆེ་ལ་ཕྲིན་ལས་མཐའ་རྒྱས་སུ་འབྱུང་བའི་རྟེན་འབྲེལ་སོགས་ལ་དགོངས་ཏེ། འདི་གཏེར་སྟོན་དངོས་ཉིད་གཏེར་གནས་སུ་མ་འོང་བར་དུ་མ་སྦྱིན་ཞེས་བཀའ་སྩལ་བ་ཞིག་དང༌། དགོས་དབང་དམིགས་བསལ་མེད་ཅིང་གཏད་རྒྱ་མ་ཐོབ་གོང་དུ་ཆོས་དེའི་ཕྱིར་དཀའ་བ་མང་པོ་སྤྱད་དེ་འགྲོ་དོན་དུས་ལས་མི་ཡོལ་བར་སྨོན་ལམ་ཕུལ་བྱུང་བཏབ་པ་ལ་སོགས་པ་སྔོན་གྱི་རྒྱུའི་དབང་གིས་ཚེ་འདིར་གདོན་མི་ཟ་བར་ཆོས་དེ་རྙེད་པར་འགྱུར་བ་འགའ་ཞིག་རྒྱུའི་སྟོབས་ཡོད་ཀྱང་རྐྱེན་གྱི་སྟོབས་ལ་ལྟོས་པས། འདི་དུས་ཚོད་འདི་ལ་སྐལ་ལྡན་གང་ན་ཡོད་ཀྱང་དེའི་ལག་ཏུ་སྤྲོད་ཅེས་པའི་བཀའ་ལུང་དང་པོ་ནས་ཡོད་པའམ། དེ་འདྲ་མེད་ཀྱང་དུས་ཚོད་དེར་གཏེར་སྟོན་དང་གཏེར་གནས་འཛོལ་བ་ཙམ་མ་གཏོགས་ཆོས་དེ་ཐོན་པའི་རྟེན་འབྲེལ་གྱི་གནད་ཐམས་ཅད་ཆེས་ཕུན་སུམ་ཚོགས་པར་འགྲིགས་པས་འཕྲལ་ཉིད་དུ་དེ་ལྟར་བཀའ་བསྒོས་པ་ཡང་ཡོད་ཆོག་གསུངས་ཏེ། ཕྱོགས་མཐོང་ཙམ་ལས་མཐའ་དག་བརྗོད་མི་ནུས་སོ། །གཏེར་ཆོས་འགའ་ཞིག་གསང་གཏེར་དང༌། ལ་ལ་ཁྲོམ་གཏེར་དུ་འབྱིན་པའི་རྒྱུ་མཚན་དང༌། སྒྲ་འོད་མེ་ཏོག་གི་ཆར་སོགས་རྟགས་མཚན་ཆོ་འཕྲུལ་ཡོད་མེད་ནི། ཚོགས་ཀྱི་འཁོར་ལོའི་འདུ་བ་ཁྱད་པར་ཅན་གྱིས་


LT17_Page_119
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མཉེས་པའི་རྟེན་འབྲེལ་སོགས་ལས་ཁྲོམ་གཏེར་ལ་བར་ཆད་མེད་ཅིང༌། འདོན་ལུགས་དེ་བྱས་པས་ཡུལ་ཁམས་སུ་ནད་མུག་འཁྲུགས་རྩོད་ཞི་བ་འམ། དམ་སྲི་འགོང་པོའི་སྟོབས་གཞོམ་པ་དང༌། སེམས་ཅན་མང་པོ་གཏེར་གྱི་ཆོས་ལ་ཡིད་ཆེས་ཤིང༌། གུ་རུ་རིན་པོ་ཆེ་རྗེས་སུ་དྲན་ནས་གདུང་ཤུགས་ཆེར་འབར་ཏེ། ཇི་སྐད་དུ། ཡུལ་ཆེན་རེ་ལ་གཏེར་ཆེན་རེཿ ཡུལ་ཕྲན་རེ་ལ་གཏེར་ཕྲན་རེཿ དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིནཿ ཞེས་བཀའ་སྩལ་བའི་ལུང་དོན་འགྲུབ་པ་དང༌། དེས་རྟེན་འབྲེལ་མགོ་ལེགས་པས་ཆོས་བརྒྱུད་བཀྲ་ཤིས་པ་ལྟ་བུའི་དགོས་པ་ཐམས་ཅད་དམ་ཅི་རིགས་ཡོད་ན་ཁྲོམ་གཏེར་བྱེད་ལ། འདོན་དུས་ཐུན་མོང་དུ་མ་བསྒྲགས་ན་ཕྱིས་སྒྲོམ་ཞལ་ཕྱེད་པ་དང་བརྡ་དོན་ཁྲོལ་བ་ལ་ཚེགས་མེད་ཅིང༌། གཏེར་ཆོས་ཞལ་དྲོ་བ་ལ་སོགས་པའི་དོན་ཆེན་པོ་ཡོད་ལ། ཁྲོམ་བསྒྲགས་བྱས་ན་དེའི་ལྡོག་ཕྱོགས་སུ་འགྱུར་བའི་རྒྱུ་མཚན་དབང་བཙན་དུ་སོང་བའམ། ཕྱག་རྒྱའི་ཁྱད་པར་འགའ་ཞིག་མ་ཚོགས་པ་སོགས་ལས་མངོན་གཏེར་ལ་འཚུབ་འགྱུར་ཆེ་ན་གསང་གཏེར་བྱེད་དོ། །དེ་བཞིན་དུ་རྟགས་མཚན་དང་ཤུགས་འབྱུང་གི་རྫུ་འཕྲུལ་མངོན་ཚན་ཆེ་རིགས་རྣམས་ཀྱང་འཇིག་རྟེན་དུ་ཕན་བདེ་སྐྱེད་པའི་དགེ་མཚན་ནམ་སྒོར་འགྱུར་ན་ཅི་རིགས་སུ་འབྱུང་ལ། གསང་རྒྱ་གཙོ་བོར་བྱེད་པའི་སྐབས་སུ་བབས་ན་མི་འབྱུང༌། ནང་དུ་གཏེར་སྟོན་ཉིད་དགོངས་ཉམས་འུར་བ་དང༌། བག་དྲོ་བ། བདེ་བ་འབར་བ་སོགས་ཅི་རིགས་རེ་ནི་གཏེར་གང་འབྱིན་ཡང་མི་


LT17_Page_120
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་མི་སྲིད་ཅེས་གསུང་སྟེ། ཕྱིའི་རྟགས་ཀྱང་དཀར་ཕྱོགས་ཀྱི་ལྷ་ཀླུ་དགའ་བའི་མཚན་མར་བྱུང་བ་དང༌། ཆོས་དེ་གཞན་ཕན་རླབས་ཆེན་འགྲུབ་པའི་ལྟས་སུ་ཤར་བ་དང༌། གཏེར་བདག་གི་ཁྱད་པར་ལས་ཆོ་འཕྲུལ་མང་བའི་རིགས་ཀྱང་ཡོད་པར་མངོན་པས་གཅིག་ཏུ་ངེས་བཟུང་བྱར་མེད་དམ་སྙམ་མོ། །ཤོག་སེར་བཏོན་ནས་མ་ཕབ་གོང་རྐྱེན་དབང་གིས་ཆུད་ཟོས་པའང་སྲིད་མོད། འོན་ཀྱང་གུ་རུའི་གཏད་རྒྱ་བྱང་ཆུབ་སྙིང་པོའི་མཐའ་ཅན་དུ་ངེས་ཤིང༌། ད་དུང་མཁའ་འགྲོའི་གནས་སོགས་ན་ཆོས་དེའི་གཏེར་དཔེ་གྲངས་མང་བཞུགས་པས་གཏན་མི་རྙེད་པ་མིན་ལ། གཏེར་དཔེ་གཅིག་ལས་མ་བཞག་ཅིང་གཅིག་པོའང་ཆུད་ཟོས་སྲིད་ན། དེའང་གཏད་རྒྱ་ཆུད་མི་ཟ་བའི་ནུས་པས་ནམ་ཞིག་ངེས་པར་རྙེད་པར་འགྱུར་ཏེ། རྙེད་ལུགས་ཀྱང་སླར་གཟུངས་ཐོབ་པའི་དཔའ་བོ་མཁའ་འགྲོས་གཏེར་དཔེ་བྲིས་ནས་སྔར་ཤུལ་དུ་འཇོག་པའམ། སྔར་སྨོས་པ་ལྟར་གཏེར་གནས་སུ་ཤོག་སེར་རང་བྱོན་ལ་འགྲུབ་པའམ། ཡང་ན་དགོངས་གཏེར་ལས་ཐོན་པར་འགྱུར་བར་གསུངས་ཏེ། ཕྱི་མ་འདིས་གཏེར་གྱི་གཏད་རྒྱ་ལས་དགོངས་གཏེར་རྡོལ་བ་ཡིན་པས་དགོངས་གཏེར་དཀྱུས་དང་མི་འདྲ་བར་སྣང་ངོ༌། །སྤྱིར་ནི་ཆོས་དེའི་དཔེ་བརྒྱུད་གཅིག་ལས་མ་བཞག་པའམ། བཞག་ཀྱང་བོད་ལྟ་བུའི་ཡུལ་གཅིག་ན་དཔེ་གཞན་མེད་པ་རྣམས་གཏེར་ནས་བཏོན་རྗེས་སུ་གཏེར་ཤོག་སླར་ཡང་སྦ་དགོས་པར་གུ་རུའི་བཀས་བཅད་ཡོད་དེ། དེ་ལྟར་ལན་གཉིས་སྦས་པ་དེ་ལ་ལྡབ་གཏེར་རམ་འདབ་གཏེར་དང་ཡང་གཏེར་ཞེས་གྲགས་སོ། །


LT17_Page_121
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྦ་ཚུལ་ལ་ཐུན་མོང་དང་ཁྱད་པར་བ་གཉིས་ཀྱི། དང་པོ་ནི། ཐུན་ཁྱད་གང་ལྟར་ཡང་སྦ་ཡུལ་ས་ཆུ་གང་རུང་དུ་ངེས་ཏེ། ས་ལ་རི་བྲག་ཤིང་དང་གཙུག་ལག་ཁང་སོགས་མང་དུ་ཡོད་ཅིང༌། ཆུ་ནི་གཡུ་མཚོ་གཏན་འཁྱིལ་ཞེས་མཚོ་ཁོ་ན་བཤད་པ་མང་ལ། སྤྱིར་བཏང་དམིགས་བསལ་འབྱེད་རྒྱུ་ཡོད་དམ་སྙམ་མོ། །གང་དུ་སྦེད་ཀྱང་དེར་གཏེར་སྟོན་དངོས་ཉིད་བྱོན་ནས་སྦ་དགོས་ཏེ། འབྱོན་ལུགས་ལ་དཀྱུས་མ་དང༌། རང་ངམ་གཏེར་སྲུང་གི་རྫུ་འཕྲུལ་གྱིས་བྱོན་པ་གཉིས་ཡོད། དེའང་བྲག་ལ་སྦེད་ན་བྲག་གི་གསེང་ཅུང་ཟད་བརྐོས་ནས་ཤོག་སེར་བཅུག་ཁ་ཧྲིབ་ཙམ་བཅད་ལ་བཞག་པས་ཕྱིར་ཉིན་རྗེས་ཤུལ་ཙམ་ཡང་མི་མངོན་ཏེ། གཏེར་སྲུང་གིས་རང་གནས་སུ་ཁྱེར་བའོ། །གཉིས་པ་ལ། གཏེར་སྲུང་ལ་ཤོག་སེར་དངོས་སུ་གཏད་པ་དང༌། འབྱུང་བཞི་གང་རུང་གི་སྒོ་ནས་ཐོད་རྒལ་དུ་སྦ་བ་སྟེ་ཚུལ་གཉིས། དང་པོ་ནི། མི་གཅིག་གིས་གཅིག་ལ་ནོར་རྫས་འཆོལ་བ་ལྟར་ཤོག་སེར་གཏེར་སྲུང་གི་ལག་ཏུ་སླར་སྤྲོད་པ་ནི་གོ་སླ་ལ། གལ་ཏེ་གཏེར་ཡིག་སྐལ་ལྡན་ལ་དངོས་གྲུབ་ཀྱི་རྫས་སུ་སྟེར་བ་སོགས་ཀྱི་ཆེད་དུ་ཚུར་ཞུ་ན། ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉར་སྣང༌། །ཞེས་པ་ལྟ་བུའི་མཁའ་འགྲོ་ཆོས་སྲུང་གང་རུང་ཞིག་ལ་གཏེར་དཔེ་དེ་ཇི་འདྲ་བ་ཞིག་འདྲིར་བཅུག་པས་མིག་འབྱེད་འཛུམ་ཙམ་གྱི་ཡུན་ལ་བྲིས་ཚར་འགྲོ། དེ་གཏེར་སྲུང་ལ་གཏད་ནས་དངོས་གྲུབ་ཀྱི་ལྷག་མ་བསླང་ན་སྔར་གྱི་གཏེར་དཔེ་ཚུར་སྦྱིན་ཡོང་སྟེ། འདི་ནི་མཁའ་འགྲོ་དམ་ཅན་མི་དང་མི་བཞིན་དུ་འདྲིས་ཤིང་


LT17_Page_122
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་ཅི་འདོད་དུ་ཁོལ་བའི་གཏེར་སྟོན་མཆོག་རྣམས་ལས་གཞན་གྱིས་མི་ནུས་གསུངས། གཉིས་པ་ནི། གཏེར་སྟོན་ལྷ་ལྡན་དུ་བཞུགས་དུས། བྱང་ཕྱོགས་མཚོ་སྔོན་ལྟ་བུར་འདབ་གཏེར་སྦེད་ན། དེ་ལྟར་ཐུགས་དགོངས་གཏད་དེ་ལྷ་ས་ཉིད་ཀྱི་ཆ་གང་རུང་ཞིག་ཏུ་ས་མཚོན་ཙམ་བྲུས་ནས་གཏེར་དཔེ་བཅུག་པས་སྐད་ཅིག་གཉིས་པ་རང་ལ་གཏེར་དཔེ་མཚོ་སྔོན་དུ་སླེབ་པར་འགྱུར་ཏེ། སའི་སྒོ་ནས་ཆུ་ལ་སྦས་པའོ། །དེའི་འགྲེས་ཀྱིས་ཡུལ་གཞན་གྱི་བྲག་གི་སྒོ་ནས་གཞན་གྱི་བྲག་ལ་དང༌། བྲག་གི་སྒོ་ནས་གཙུག་ལག་ཏུ་དང༌། ཆུའི་སྒོ་ནས་ཆུ་གཞན་དང་གངས་བྲག་ལ་རྒྱས་འདེབས་པ་སོགས་དང༌། མོན་འབྲུག་ལྟ་བུའི་ཡུལ་དུ་གཏེར་དཔེ་མེ་ལ་བཏབ་པས་དེ་མ་ཐག་མདོ་ཁམས་ལྟ་བུའི་གཏེར་ཁུང་དུ་ཕྱིན་པ་དང༌། རླུང་ལ་བསྐུར་བས་གཏེར་ཤོག་ནམ་མཁའ་ལ་འུར་གྱིས་སོང་མ་ཐག་མི་སྣང་བར་གྱུར་ཏེ་གང་འདོད་ཀྱི་གནས་སུ་འཇུག་པ་ངོ་མཚར་བའི་སྤྱོད་པ་སྟེ། དེར་མ་ཟད་ཤོག་སེར་ཟ་མ་ཏོག་ཏུ་བཅུག་ནས་ཕྱོགས་གཅིག་ཏུ་བཞག །ཉེ་འཁོར་དུ་མེ་ཞིག་སྤར། ཡུད་ཙམ་དགོངས་པ་གཏད་པས་ཤོག་དུད་ཀྱི་ངད་པ་ཆིལ་ལེར་སོང་འཕྲལ་ཟ་མ་ཏོག་ཕྱེ་བས་གཤེགས་ཟིན་པའི་ལོ་རྒྱུས་ཀྱང་ཡོད་པས་མེའི་སྒོ་ནས་སྦེད་ན་མེ་ལ་ཤོག་སེར་ཕྱག་གིས་འདེབས་དགོས་པར་མ་ངེས་སོ། །འདི་དག་ལུང་ཟིན་གྱི་གཟུངས་མ་དང་རྩ་བའི་ཆོས་བདག་མ་གཏོགས་གཞན་གྱིས་མཐོང་ན་གཏན་མི་འགྲུབ་གསུང་ངོ༌། །གཏེར་སྟོན་བར་མ་དོར་སྐུ་གཤེགས་ནས་ཤོག་སེར་ཤུལ་དུ་ལུས་པ་གཏེར་སྲུང་གིས་སླར་བསྡུས་པའི་ལོ་རྒྱུས་སྣང་བའང་ལྡབ་གཏེར་དུ་བཞག་


LT17_Page_123
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་འདབ་གཏེར་སྦ་ཚུལ་འདི་ལྟར་ཡོད་ཅེས་བརྗོད་པར་ཟད་ཀྱི། འདབ་གཏེར་ཡིན་ན་ངེས་པར་འདི་བཞིན་སྦ་དགོས་ཟེར་བ་མིན་ནོ། །སྦེད་པའི་གནས་ནི་དང་པོར་གང་ནས་བཏོན་པ་དེ་ཉིད་དུ་བྱ་དགོས་པའི་ངེས་པ་མེད་ཀྱང༌། སྔ་ཕྱིའི་གཏེར་སྲུང་ནི་གཞན་དུ་བརྗེ་མི་རུང་གསུང༌། ད་ནི་གཏེར་གྱི་ཆེ་བ་དང༌། ཆོས་གཏེར་སྦེད་པའི་རྒྱུ་མཚན་བསྟན་པར་བྱ་སྟེ། འདི་ལ་རཏྣའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམསཿ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང་ཿ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བསཿ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞགཿ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབཿ ཅེས་དང༌། ཨོ་དཀར་བྲག་གི་གཏེར་བྱོན་རྡོར་སེམས་ཀྱི་ཁ་བྱང་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ གདོང་དམར་བོད་ཀྱི་རྒྱལ་ཁམས་སུཿ མདོ་སྔགས་ཆོས་ཀྱི་སྒྲོན་མེ་སྤརཿ ཉོན་མོངས་དུག་ལྔའི་མུན་པ་བསལཿ མ་འོངས་སྐྱེ་བོ་བྱོལ་ཉོག་པསཿ གཟུ་ལུམ་རས་ཆོད་དར་བའི་ཚེཿ ཟབ་ཆོས་ཕལ་གྱི་ནུས་མཐུ་ཡལཿ བསྒྲུབ་ཀྱང་དོན་མེད་ངལ་བས་ནཿ བརྩེ་ཆེན་འགྲོ་ལ་ཕན་བཞད་ནསཿ ཟབ་མོའི་གདམས་པ་ཇི་སྙེད་པཿ བཀའ་རྒྱས་བཏབ་ནས་གཏེར་དུ་སྦསཿ དུས་རྟགས་གདུལ་བྱ་འཛོམས་པ་ནཿ རིམ་བཞིན་བཏོན་ནས་དོན་བྱེད་པརཿ སྨོན་ལམ་གཏད་རྒྱ་གཉེར་དུ་གཏདཿ ཅེས་གསལ་བར་གསུངས་སོ། །དེའི་ཚུལ་ནི། སྔོན་བོད་ཁམས་སིལ་བུར་མ་ཞིག་པས་ད་ལྟའི་བོད་འབངས་


LT17_Page_124
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་མི་བརྒྱུད་གོང་མ་ཐམས་ཅད་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་མཆོད་ཡོན་ལ་རེ་ལྟོས་འཆའ་ཞིང་བཀའ་ཉན་པས་འཁྲུལ་འཁོར་བརྒྱ་གཟེར་བུ་གཅིག་གི་གཞན་དབང་དུ་སོང་བ་ལྟ་བུར་གནས་པའི་དུས་སུ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་རྗེ་འབངས་རིག་འཛིན་གྱི་ཚོམ་བུ་དང་བཅས་པ་འབངས་ཕྱི་རབས་ལ་བརྩེ་བས་ཐུགས་དགོངས་གཅིག་ཏུ་བསྟུན་ནས་གཏེར་སྦེད་ཀྱི་ཕྲིན་ལས་མཛད་པ་ནི་དུས་མཐའི་བོད་འབངས་གཏེར་ཆོས་ཀྱིས་སྐྱོབ་ནུས་པའི་རྒྱུ་མཚན་ཆེན་པོ་ཡིན་ལ། འཕགས་པ་སྤྱན་རས་གཟིགས་བོད་ཀྱི་ལྷ་སྐལ་ཡིན་ཞིང༌། དེ་ཉིད་རིག་འཛིན་གྲུབ་པའི་སློབ་དཔོན་དུ་བསྟན་ནས་བསྟན་ཞབས་གཏེར་གྱིས་སྐྱོང་བའི་སྨོན་ལམ་བཏབ་པའང་རྒྱུ་མཚན་ཆེའོ། །དེའང་གཏེར་ཡིག་རྣམས་པདྨ་འབྱུང་གནས་སྟོབས་བཅུ་མངའ་བས་བོད་ཁམས་སྤྱི་བྱེ་བྲག་ལ་བྱིན་རླབས་དངོས་གྲུབ་མཐོང་ཆོས་སུ་འབྱུང་བར་གསུང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལྷག་པར་གནས་ཏེ། སྣོད་མིན་གྱི་སྐྱེ་བོའི་ལག་ཏུ་མ་བརྒྱུད་ཅིང༌། མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་མ་སོང་བར་སྔགས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ཁོ་ནའི་ཕྱག་ན་བཞུགས་པ། གུ་རུ་དང་རྗེ་འབངས་འདས་པས་སྙིགས་མའི་འགྲོ་བ་ལ་ཕན་པར་སྨོན་ལམ་བཏབ་པའི་སྟོབས་དང༌། དཔའ་བོ་མཁའ་འགྲོ་དེ་དག་ཉིད་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་གཏེར་གནས་འཐོན་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་དེ་དག་ཐོན་པ་ཙམ་གྱིས་ནག་ཕྱོགས་ཀྱི་མི་དང་མི་མིན་སྟོབས་འབྲི་བ་དང༌། དཀར་ཕྱོགས་གཟི་བྱིན་འཕེལ་བ། ནད་མུག་འཁྲུགས་རྩོད་སོགས་


LT17_Page_125
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་རྒུད་པ་ཞི་བ། ལྷ་ས་བསམ་ཡས་དང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་དམག་དང་ས་གཡོ་མེ་དགྲ་སོགས་ལས་སྲུང་བ། གུ་རུའི་བཀའ་བརྒྱུད་གནས་ཡུན་སྲིང་བ། བསྟན་འཛིན་རྣམས་ཀྱི་སྐུ་ཚེ་ཕྲིན་ལས་ཀྱི་བར་ཆད་སེལ་བ་ལ་སོགས་པའི་ཡོན་ཏན་འཕྲལ་དུ་འབྱུང་ལ། གཞན་ཡང་སྔོན་ཆོས་དེའི་ཚིག་དོན་གྱི་རྣམ་པ་ཅན་གྱི་རང་བྱུང་པདྨའི་གཞོམ་མེད་ནཱ་དའི་དཀྱིལ་འཁོར་སྙིང་ལ་དངོས་སུ་ཞུགས་པའི་གཏད་རྒྱ་ཐོབ་སྟེ། དེ་ཚུན་ཆད་སྐུ་ཚེ་མང་པོར་གུ་རུ་ཡིད་བཞིན་ནོར་བུའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་གཏད་རྒྱའི་ནུས་པ་གོང་འཕེལ་དུ་སོང་ཞིང་ནམ་ཡང་སྣོད་མིན་ལ་གསང་སྒོ་རལ་བ་ལྟ་ཅི་ནང་འོད་གསལ་བསམ་མི་ཁྱབ་ཀྱི་ཀློང་སྒྲོམ་ལས་བསྒུལ་བསྐྱོད་མ་མྱོང་བར་གནས་པ། སྔ་མ་བཞིན་དུ་དུས་མཐར་གསང་སྔགས་ཀྱི་གདུལ་བྱ་ལྷག་མའི་དོན་བྱེད་པར་གྱུར་ཅིག་ཅེས་གུ་རུ་འཁོར་བཅས་ཀྱིས་སྨོན་ལམ་བཏབ་པ་ཆུད་མི་ཟ་བའི་སྟོབས་དང་རང་བཞིན་རྫོགས་པ་ཆེན་པོའི་ཡིད་ལས་འདས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སད་པ་ནི་ཨོ་རྒྱན་རིན་པོ་ཆེའི་ཞལ་རླངས་དྲོད་མ་ཡལ་བའི་ཆོས་ཡིན་པས་བསྲེ་སླད་དང་ནོར་འཁྲུལ་མི་འབྱུང༌། བཀྲ་ཤིས། བྱིན་ཆེ། བར་ཆད་ཉུང༌། འགྲུབ་ཐག་ཉེ། དངོས་གྲུབ་མྱུར་བར་བསྔགས་ཏེ། དེའང་གཏེར་སྟོན་རྩ་བའི་ཆོས་བདག་གི་རིང་ལྟ་བུ་ཅི་རིགས་པར་སྒྲུབ་འབྲས་མཐོང་ཆོས་སུ་འབྱིན་པ་འབྲས་བུའི་དུས་དང༌། དེ་ནས་རིམ་གྱིས་ཉམས་ལེན་ཚད་ལྡན་བྱེད་པ་ཙམ་རེ་མང་ཡོད་པ་སྒྲུབ་པའི་དུས་དང༌། དབང་ལུང་ཁྲིད་གསུམ་རྣལ་


LT17_Page_126
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྒྱུན་ཙམ་ཡོད་པ་ལུང་གི་དུས་དང༌། དེའང་ཉམས་པས་རྟགས་ཙམ་འཛིན་པའི་དུས་ཀྱི་རིམ་པར་འགྱུར་ཞེས་བླ་མ་རྡོ་རྗེ་འཆང་གསུངས་ཏེ། གཏེར་ཁ་གོང་འོག་དང༌། བྱང་གཏེར། མཁའ་འགྲོ་སྙིང་ཐིག་སོགས་ཀྱི་ལོ་རྒྱུས་ན་དེ་ལྟར་བྱུང་བའི་ཚུལ་གསལ་པོར་སྣང་ངོ༌། །འབྲས་བུའི་དུས་ཀྱང་སྤྱི་མཐུན་གྱི་དུས་སྐལ་དང་རྟེན་འབྲེལ་གྱི་ཁྱད་པར་རྣམས་དང་འཚམས་པར་འབྱུང་བར་ཟད་པས་གཅིག་ཁོ་ན་འདྲ་བར་ཚད་གཟུང་བྱར་མེད་དེ། གུ་རུའི་བཀའ་བརྒྱུད་ཁོ་ནའི་དབང་དུ་བྱས་པའི་དུས་བཞི་ལའང༌། གུ་རུ་རྗེ་འབངས་དང་བཅས་པས་བོད་དུ་སྔགས་བསྟན་དང་པོར་བཙུགས་པ་དང༌། གཏེར་ཆོས་དེ་དང་དེ་གསར་དུ་ཐོན་པ་ལ་ལྟོས་ནས་བཞག་པའི་དུས་བཞི་འཇོག་ལུགས་གཉིས་ཡོད་ལ། གཏེར་རྙིང་རྣམས་ན་དང་པོར་ཐོན་པ་ན་འབྲས་དུས་སྔ་མ་དང་ཁད་ཉེ་བས་སྔགས་རང་བཞིན་གྱིས་སྒྲུབ་པར་སླ་བའི་སྟེང་དུ་གཏེར་ཆོས་རང་གི་འབྲས་དུས་ཀྱི་ཆེ་བ་བསྣན་པས་ཤིན་ཏུ་མཐུ་ཆེ་བ་ཡིན་ཞིང༌། དེང་སང་གི་གཏེར་ཆོས་རྣམས་ནི་སྔ་མ་ཡོལ་ནས་འགྱང་ཆེ་བས་ཁོ་རང་ལ་ལྟོས་པའི་འབྲས་དུས་རྐྱང་པར་ཟད་དེ། དེའི་ཕྱིར་སྔོན་དུས་དང་འདྲ་བར་མི་འབྱུང་མོད། གཏེར་གསར་ཐོན་པའི་རང་དུས་དེར་ནི་གཏེར་ཁ་གསར་རྙིང་གཉིས་ལ་གསར་པ་རྣོ་ནུས་ཆེ་བ་ཡིན་གསུང་ངོ༌། །དེ་ལྟར་ན་རིང་བརྒྱུད་བཀའ་མ་དང༌། གཏེར་རྙིང་བརྒྱུད་ཐག་རིང་པོ་རྣམས་སྣོད་མིན་ལ་འཕེལ་བས་བྱིན་རླབས་འཆལ་བ་དང༌། དམ་སེལ་གྱིས་བར་ཆོད་པ་དང༌། གཟུ་ལུམ་རང་བཟོའི་ལྷད་སྐྱོན་ཞུགས་པ་དང༌། བརྒྱུད་པ་ལ་སྲི་སོགས་བར་ཆད་འཇུག་པའི་སྲོལ་དོད་པ་དང༌། བར་


LT17_Page_127
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བརྒྱུད་འཛིན་རྣམས་ཀྱིས་སྒྲུབ་མ་ནུས་ཤིང་ལེགས་པར་མ་སྒྲུབ་པས་བསྒྲུབས་འབྲས་ཐོབ་པ་མ་བྱུང་ནས་ཡུན་རིང་ལོན་པ་དང༌། མང་པོ་ཞིག་བརྒྱུད་པའང་ངེས་འདྲོངས་མེད་པས་དངོས་གྲུབ་ཤིན་ཏུ་སྒྲུབ་པར་དཀའ་བའི་དུས་སུ་གཏེར་བརྒྱུད་གསར་པ་ལ་བརྟེན་ནས་གསང་སྔགས་སྒྲུབ་སླ་བར་མཛད་ཅིང༌། ཚུལ་དེས་ཕྱི་ཕྱིར་གསང་སྔགས་ཀྱི་བསྟན་པ་གསོ་བའི་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་བ་ལ་བསམ་ན་དུས་ངན་གྱི་ཡང་མཐར་སྐྱེས་པའི་སྔགས་ཀྱི་གདུལ་བྱ་རྣམས་ལ་སློབ་དཔོན་རིན་པོ་ཆེ་དང་རྗེ་འབངས་འདུས་པ་རྣམས་ལས་བཀའ་དྲིན་ཆེ་བ་གཞན་མེད་པར་ཤེས་ནུས་ལ། འདི་དག་གིས་གཏེར་སྟོན་མང་པོ་འབྱུང་བ་དང༌། དུས་ཀྱི་ལོ་ཏོག་བརྗེ་བ་ལྟར་སྔ་ཕྱི་འབྱུང་བ་དང༌། ཕྱི་མཐའི་བར་དུ་འཕྲོ་མི་འཆད་པར་འབྱུང་བའི་རྒྱུ་མཚན་ལ་ཡང་ངེས་པ་རྙེད་པར་འགྱུར་རོ། །འདི་ལྟར་དགོངས་ནས་ཆོས་གཏེར་སྦས་པ་ལ། དམ་ཆོས་མི་ནུབ་པ་དང༌། གདམ་ངག་མི་འཆུག་པ་དང༌། བྱིན་རླབ་མི་ཡལ་བ་དང༌། བརྒྱུད་ཐག་ཉེ་བ་སྟེ་དགོས་པ་ཆེན་པོ་བཞི་ཡོད་ཅེས་རིག་འཛིན་འཇིགས་མེད་གླིང་པས་གྲོལ་ཐིག་དབང་རྣམ་དུ་གསུངས་སོ། །གཞན་ཡང་བོད་འདིར་ནང་འཁྲུགས་ཆེན་པོ་དང༌། ནད་ཡམས་མང་པོ་དང༌། ཡུལ་ཁམས་འཕོ་འཆུག །བསྟན་པ་བཤིག་པའི་རྒྱལ་བློན་མཐུ་ཆེན་སོགས་འཇིགས་པའི་རྣམ་གྲངས་བརྗོད་ཀྱིས་མི་ལང་བ་དུས་གཞན་དང་གཞན་ན་འབྱུང་བར་མཁྱེན་ཏེ། དེ་རྣམས་


LT17_Page_128
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་གང་འཚམས་ཀྱི་ལྷ་དང་སྔགས་དང་ལས་ཚོགས་ཀྱི་ཁྱད་པར་སོགས་ཕན་བྱེད་དང་འདུལ་ཐབས་ཀྱི་སྒོ་མི་འདྲ་བའི་གཏེར་ཁ་མང་པོ་ནད་སོ་སོ་ལ་སྨན་སོ་སོར་གཏོང་བའི་ཚུལ་དུ་དེ་དང་དེའི་དུས་ཚོད་ལས་མི་འཆོལ་བར་འབྱིན་པའི་གཏེར་སྟོན་གྲུབ་ཐོབ་གློ་བུར་བ་རེ་བྱོན་ནས་མགོན་མེད་ཀྱི་འགྲོ་བ་མང་པོ་སྐྱོབ་པའང་དགོས་པའི་གནད་ཆེ་ཤོས་གཅིག་སྟེ། འདི་ལ་དགོངས་ནས་བདག་གི་བླ་མ་འགའ་ཞིག་གཏེར་ཆོས་ལ་ལས་ཚོགས་ཡོད་པ་གཅེས་ཞེས་གསུང་ངོ༌། །གོང་དུ་བཤད་པ་རྣམས་བསྡུ་ན། གཏེར་ཐོན་པའི་ཆེ་བ་དང༌། བརྡ་ཁྲོལ་ནས་འཆད་སྤེལ་བྱས་པའི་ཆེ་བ་གཉིས་སུ་འགྱུར་ཏེ། བཟུང་བདེའོ། །ཆོས་གཏེར་དུས་སུ་ཐོན་ན་ཡོན་ཏན་དེ་ལྟར་འབྱུང་བར་མ་ཟད། ལེགས་པའི་རྟེན་འབྲེལ་མ་འགྲིགས་པ་དང༌། ཕྱིན་ཅི་ལོག་གི་རྟེན་འབྲེལ་ངན་པའི་གཞན་དབང་གིས་བརྒྱ་ལ་མ་ཐོན་དུ་ཟིན་ཀྱང༌། གཏེར་སྟོན་གྱིས་ཆོས་དེ་ལ་དོན་གཉེར་དང་ཐུགས་རྩོལ་ཆེན་པོས་གསོལ་འདེབས། མཆོད་འབུལ། ཚོགས་འཁོར། སྐོང་བཤགས་སོགས་མཛད་པས་གུ་རུའི་དགོངས་པ་སྐོང༌། མཁའ་འགྲོ་གཏེར་སྲུང་མཉེས། གཏེར་འབྱེད་ཀྱི་དམ་ཚིག་གསོ། དེའི་མཐུས་འཇིག་རྟེན་དུ་བཀྲ་ཤིས་འབྱུང་ཞིང༌། ནག་ཕྱོགས་ཀྱི་གོང་ནོན་པ་སོགས་སྔ་མ་དང་ཆ་འདྲ་བའི་བྱིན་རླབས་ཡོན་ཏན་འབྱུང་བས། གཏེར་དེ་མ་རྙེད་ན་དེའི་ཆེད་དུ་ངལ་བ་བྱས་པ་དོན་མེད་ཡིན་ཞེས་འཛིན་མི་རུང་གསུང༌། དེ་བཞིན་དུ་གཏེར་བྱོན་སྐུ་ཚབ་རྣམས་ཀྱང་ཐང་ཡིག་ལས། ང་དང་མ་ཕྲད་


LT17_Page_129
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་སེམས་ཅན་རྣམསཿ མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེདཿ སོགས་གསུངས་པ་ལྟར་གུ་རུ་རིན་པོ་ཆེ་ཉིད་ཀྱི་རྫུ་འཕྲུལ་གྱིས་བཞེངས་པ་དང༌། བཟོ་བོ་གཞན་གྱིས་བྱས་པ་ཡིན་ཡང་ཡེ་ཤེས་མངོན་སུམ་དུ་བཅུག་སྟེ་ཉིད་དང་མི་གཉིས་པར་བྱིན་གྱིས་བརླབས་པས། དེ་མཐོང་ན་གུ་རུའི་སྐུ་དངོས་མཐོང་བ་དང༌། དེའི་དྲུང་དུ་ཕྱག་མཆོད་སྨོན་ལམ་སོགས་བྱས་ན་དངོས་ཀྱི་སྤྱན་སྔར་བྱས་པ་དང་འདྲ་བའི་ཕན་ཡོན་འཐོབ་པ་ཤ་སྟག་སྟེ། སྔ་ཕྱི་བརྒྱུད་མའི་ཚུལ་དུ་འབྱུང་བ་ནི་བོད་ལ་ཐུགས་རྗེའི་གཟིགས་པ་ཕྱི་མཐའི་བར་དུ་རྒྱུན་མི་འཆད་པར་སྟོན་པ་དང༌། དེའི་སྒོ་ནས་རྗེས་འཇུག་སྤྲོ་བ་སྐྱེད་པའི་ཆེད་ཡིན་ཏེ། སྔ་མ་བཞིན་ནོ། །དགོས་པ་དེ་ཙམ་དུ་ཡང་མ་ཟད། ལ་ལ་རྒྱལ་པོའི་ཕོ་བྲང་དང༌། སྒྲུབ་གནས་ཁྱད་པར་ཅན་སོགས་སུ་བཞུགས་ན་སྙིང་པོའི་བསྟན་པ་མི་ནུབ་པའི་བཙས་སུ་འགྱུར་བ་དང༌། ཁ་ཅིག་ས་གནད་མེ་བཙའ་ལྟ་བུར་བཞུགས་ན་ཡུལ་འཁོར་གྱིས་བཅུད་ཉམས་པ་གསོ་ཞིང་དུས་འཁྲུགས་དང་འགོང་པོའི་རྒྱུ་སྲང་གཅོད་པ་སོགས་ཀྱི་ཆེད་དང༌། གཏེར་ཆོས་དང་ལྷན་ཅིག་བྱོན་པ་ཕལ་ཆེར་ནི། སྐུ་ཚབ་དེ་སྒྲུབ་རྟེན་དུ་བཟུང་སྟེ་གཏེར་སྒྲུབ་མཛད་ན་ཆོས་དེ་བར་ཆད་མེད་པར་བརྡ་འགྲོལ་ཞིང་ཕྲིན་ལས་ཀྱི་སྒོ་འབྱེད་པ་སྟེ། མདོར་ན་དང་པོར་དགོངས་པ་གཏད་ཚུལ་གྱི་ཁྱད་པར་ལྟར་མཛད་པ་སྣ་ཚོགས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ལྟར་ཕྱག་མཚན་དང་སྐུ་རྒྱན་སོགས་གཏེར་རྫས་གཞན་ལའང་ཅི་རིགས་སུ་སྦྱར་རོ། །


LT17_Page_130
[མ་དཔེ་གཟིགས་ན་འདིར་གནོན།]

རེས་གཅིག་གི་གསུང་སྒྲོས་ལ། གཏེར་རྫས་ཕལ་ཆེར་ལས་མྱོང་གྲོལ་བདུད་རྩིའི་རིགས་རྣམས་མཆོག་ཏུ་བསྔགས་ཏེ། སྙིགས་དུས་ཀྱི་མི་རྣམས་བརྩོན་འགྲུས་ཆུང་ཞིང་བསོད་ནམས་དམན་པས་དངོས་གྲུབ་གང་ཡང་འགྲུབ་དཀའ། མྱོང་གྲོལ་གཏེར་བྱོན་རྣམས་གསུང་རྡོ་རྗེ་པདྨ་ཀ་ར་སོགས་རིག་འཛིན་གྱིས་མཆོག་བརྙེས་པའི་བླ་མ་རྣམས་ཀྱིས་རྫས་ཀྱི་དངོས་གྲུབ་རྒྱུད་སྡེ་ཆེན་པོ་ནས་བཤད་པ་བཞིན་སྔོན་ནས་རྟགས་ཐོན་དུ་བསྒྲུབས་པ་ཡིན་པས་དེ་ཟོས་ན་ཆང་གིས་བཟི། བོང་ངས་བརྒྱལ། ཐང་ཕྲོམ་གྱིས་མིག་འཁྲུལ་པ་ལྟར་ནང་གི་ནུས་པ་ལ་མི་ལྟོས་པར་རྫས་ཁོ་རང་ལ་ནུས་པ་ཐུན་མོང་མ་ཡིན་པ་ཡོད་པས་རྩ་ཁམས་རླུང་སེམས་རང་དབང་མེད་པར་བྱིན་གྱིས་བརླབས་སྟེ་དངོས་གྲུབ་ཀྱི་སྐལ་བ་མཆོག་དང་ལྡན་པར་བྱེད་པ་སྔགས་ཀྱི་ཐབས་མཁས་པའི་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡིན་གསུང་ངོ༌། །གཏེར་ཆོས་འགའ་ཞིག་སྤྱད་ཀྱང་སྒྲུབ་འབྲས་ལོག་ཅིང་མི་ཤེས་པ་འབྱུང་བའི་རྒྱུ་མཚན་ནི། སྤྱིར་གཏེར་རྫུན་དང༌། ཁྱད་པར་སྨོན་ལམ་ལོག་པའི་བདུད་བློན་སོགས་གཏེར་སྟོན་ལྟ་བུར་དང༌། དེའི་རྒྱབ་རྟེན་བྱེད་པའི་འབྱུང་པོ་ཁ་ཅིག་གཏེར་སྲུང་ལྟ་བུར་དང༌། དེ་དག་གི་གཡོ་འཕྲུལ་ལས་བྱུང་བ་གཏེར་ཤོག་ལྟ་བུར་རྫུས་པའི་ཡི་གེའང་ཡོད་པར་གསུངས་ཏེ། དེ་ལྟ་བུ་ནི་ལོག་འདྲེན་གྱི་ཕྱོགས་ཁོ་ན་ཡིན་པས་འདོན་སྒོམ་སོགས་ཇི་ལྟར་བྱས་པ་དེ་ལྟར་ཁ་ལོ་ཐུར་དུ་སྒྱུར་བ་ལས་མེད་ཅིང་གུ་རུ་དུས་གསུམ་སངས་རྒྱས་དངོས་ཀྱི་གཏེར་ཆོས་འཁྲུལ་མེད་ཡིན་ན་ནི་དེ་


LT17_Page_131
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླང་བ་ལས་འཕྲལ་ལ་མི་འདོད་པ་བྱུང་ཡང༌། བརྒྱུད་ནས་དོན་ཆེན་པོ་ལ་སྦྱོར་བའི་མཐའ་མི་ཁེགས་ཏེ། རྒྱལ་བའི་ཕྲིན་ལས་ཀྱི་འཇུག་ཚུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །འོན་ཀྱང་གུ་རུ་རིན་པོ་ཆེས་ནི་རྗེས་འཇུག་ལ་དངོས་གྲུབ་འབྱུང་བའི་ཆེད་དུ་སྦས་པ་ཤ་སྟག་ལས། མི་ཤེས་པ་འབྱུང་བར་བྱིན་གྱིས་བརླབས་པ་མི་སྲིད་པས། ཆོས་དེའི་རང་དབང་གི་ཕྲིན་ལས་ནི་བཀྲ་ཤིས་ལ་བྱིན་ཆེ་བ་ཁོ་ནར་ངེས་སོ། །དེ་ལྟ་མོད་ཀྱི་གཏེར་སྟོན་ཉིད་ཀྱིས་གཏེར་སྲུང་མཆོད་པ་དང༌། གཏེར་ཚབ་འཇུག་པ། གཏེར་སྒྲུབ་དང༌། གསང་རྒྱ་སོགས་གུ་རུའི་བཀའ་བཞིན་བྱས་མ་བྱས་དང༌། ཕྲིན་ལས་ཀྱི་སྒོ་འབྱེད་གཟུངས་མའི་རྟེན་འབྲེལ་ལོག་མ་ལོག །སློབ་དཔོན་ཆེན་པོས་གཏེར་སྟོན་ལ་བསླབ་བྱའི་ཞལ་གདམས་བཞག་པ་རྣམས་ལག་ལེན་དུ་ཁེལ་མ་ཁེལ། དང་པོ་ཆོས་བདག་གིས་གསང་སྔགས་གཞུང་བཞིན་སྤྱད་མ་སྤྱད་སོགས་ཐོག་མའི་རྟེན་འབྲེལ་ལེགས་ཉེས་ཀྱི་དབང་གིས་ཆོས་ཞལ་དྲོ་མིན་སྣ་ཚོགས་སུ་འགྱུར་བ་ཡིན་ཏེ། མདོར་ན་དམ་ཚིག་ལ་སྐྱོན་ཞུགས་མ་ཞུགས་ཀྱི་ལག་རྗེས་ཡིན་གསུང༌། འདིས་ནི་ཤིས་མི་ཤིས་སུ་མ་ཟད་གཏེར་སྒྲུབ་སོགས་གནད་དུ་སོང་ཕུལ་ཆེ་ཆུང་ལས་གཏེར་ཆོས་བྱིན་རླབས་རྣོ་རྟུལ་དང་ཕྲིན་ལས་རྒྱ་ཆེ་ཆུང་དུ་འགྱུར་པ་སོགས་གཞན་ཡང་ཤེས་པར་མངོན་ནོ། །ཆོས་ལ་སྡང་བའི་བདུད་བློན་སོགས་ཀྱིས་གོང་སྨོས་ལྟར་ལོག་སྨོན་འདེབས་པའི་རྒྱུ་མཚན་ནི། གུ་རུའི་ཟབ་གཏེར་གྱི་གདུལ་བྱ་མཆོག་


LT17_Page_132
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་འདོད་པ་རྣམས་ཀྱིས་ལྟར་སྣང་གི་ཆོས་དེ་དག་ཡང་དག་པའི་ཆོས་སུ་འཁྲུལ་ཏེ་བསྒྲུབ་ན་ཚེ་བསོད་སོགས་ལེགས་ཚོགས་འགྲིབ་ཅིང༌། གཏན་གྱི་འདུན་ཆུས་ལ་མི་སེམས་པའི་སྐྱེ་བོ་མིག་རྒྱང་ཐུང་ངུ་རྣམས་ཀྱིས་བསྒྲུབ་ན་ནི་འཕྲལ་ལ་ཚེ་དང་དབང་ཐང་དང་ངག་ནུས་སོགས་འདོད་པ་བཞིན་འབྱུང་བ་འདྲ་ཡང་དེ་དག་ཉིད་འཁོར་བ་དང་ངན་སོང་གི་གསོས་སུ་འགྲོ་བའི་སྒོ་ནས་གུ་རུའི་ཕྲིན་ལས་ལ་བར་དུ་གཅོད་པའི་ཆེད་ཡིན་ལ། འཕྲལ་རྐྱེན་གཞན་ལ་བརྟེན་པའི་གཏེར་རྫུན་ནི། དུས་ངན་གྱི་སྐྱེ་བོ་བློ་མི་བརྟན་ཅིང་བྱེད་རྒྱུ་མང་པོ་དྲན་པ། བརྟགས་དཔྱད་མེད་པར་དྲན་ཚད་ལ་འཇུག་པ། ཚབ་ཚུབ་སྤྲེའུ་ལྟ་བུའི་སྤྱོད་པ་ཅན་རྣམས་ལ་ཐེའུ་རང་སོགས་གཡོ་འཕྲུལ་སྣ་ཚོགས་ལ་དགའ་བ་སྤྲེའུ་ལྟ་བུའི་གདོན་རྣམས་རྩེད་མོའི་ཕྱིར་ཞུགས་ནས་ཉམས་ཆོས་དང་རྨི་ལམ་གྱི་ཆོས་སོགས་བསླུ་བྲིད་ཀྱི་སྒྱུ་མ་མང་པོ་སྟོན་ཅིང་མགོ་སྐོར་བར་བྱེད་དེ། དེ་དག་ཀྱང་སྔ་མ་དང་བྱེད་ལས་ཆ་མཐུན་ཞིང༌། དོན་གྱི་བྱིན་རླབས་མིན་པའི་ཉམས་སྣང་ཕལ་བ་ལ་སྒྲུབ་གཞུང་སོགས་ཆོས་ཀྱི་འདྲ་འབག་ར་རི་ཤར་བ་རྣམས་ནི་ཉམས་སུ་བླངས་ཀྱང་ཕན་གནོད་ཆེར་མི་འབྱུང་སྟེ། དེ་ལྟར་དངོས་དང་ཟོལ་མ་གང་ཡིན་དབྱེ་དཀའ་བ་མང་བས་ལེགས་པར་བརྟགས་ཏེ། འཁྲུལ་མེད་ངོས་ཟིན་པ་ཅིག་གི་རྗེས་སུ་འབྲང་དགོས་ཏེ། གུ་རུའི་གཏེར་གསར་ཚད་ལྡན་དང་མཇལ་ན་དོན་ཆེ་ཞིང༌། གཏེར་རྫུན་གྱིས་ཁྲིད་ན་བསླུས་ཚབ་ཆེ་བའི་ཕྱིར་རོ། །འཇིག་རྟེན་མི་ཆོས་ལ་ངན་པ་དང༌། འཕྲལ་གྱི་སྤྱོད་པ་མི་མཛེས་པ་སོགས་ཀྱིས་ནི་གཏེར་སྟོན་ཚད་


LT17_Page_133
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མིན་པར་ཅུང་ཟད་ཀྱང་དཔག་མི་ནུས་ཏེ། གུ་རུ་ཉིད་ཀྱི་བཀའ་ལས། སངས་རྒྱས་སྦས་ཐབས་ཐམས་ཅད་ངེས་མེད་འཕྱོཿ ཟོག་པོ་བསླུ་བྲིད་མཁན་རྣམས་ཚུལ་འཆོས་ཆེཿ གསེར་དང་བོང་བ་མ་སྙོམས་འགྲོ་བ་རྣམསཿ ཞེས་འབྱུང་བ་ལྟར། རྫུན་གཏེར་ལ་ཡང་མི་ཆོས་མཁས་པ་དང༌། ལྟར་སྣང་གི་སྤྱོད་པ་ལེགས་པ་དང༌། བསོད་ནམས་དབང་ཐང་ཆེ་བ་སོགས་མང་པོ་འབྱུང་ལ། གཏེར་སྟོན་ཚད་ལྡན་ཡིན་ཡང་གཏམ་དང་སྤྱོད་པ་འཆོལ་བ་འཇིག་རྟེན་པས་སྨད་པ་མང་པོ་ལ་འཛེམ་མེད་དུ་ཞུགས་པའི་སྒོ་ནས་བསྟན་འགྲོའི་བྱུར་ཆག་བཟློག་དཀའ་བ་དུ་མ་མི་ཁ་གཏམ་ངན་སོགས་ཀྱི་རྣམ་པར་རང་སྟེང་དུ་བླངས་ཏེ་རོ་སྙོམས་ཆེན་པོའི་བརྟུལ་ཞུགས་སྤྱོད་པ་དང༌། དེ་བཞིན་དུ་གཏེར་མ་རྙེད་པ་དང༌། འཁོར་བཀྲ་མི་ཤིས་པ་དང༌། པདྨ་ལས་འབྲེལ་རྩལ་དང་གཏེར་སྟོན་སུམ་ཚོགས་ཀྱི་ལོ་རྒྱུས་ལྟར་གཏེར་སྟོན་ན་ལུགས་ངན་པས་བསྙུང་བ་དང༌། འཆི་རྐྱེན་ངན་པས་གྲོང་བ་སོགས་ཀྱང་ཚུལ་དེ་ལྟ་བུས་འབྱུང་བ་དང༌། སྔོན་གྱི་ལས་ཆུད་མི་ཟ་བར་སྟོན་པ་དང༌། ཚེ་འདིར་གུ་རུའི་བཀའ་ལས་བག་ཙམ་འདས་པ་ལའང་ཉེ་དམིགས་འདི་ལྟ་བུ་བྱུང་ཞེས་ཤེས་པའི་ཆེད་དུ་བསྟན་པ་སོགས་ཡོད་པའི་ཕྱིར་རོ། །དེས་ན་གཏེར་སྟོན་བརྟགས་ཐབས་རིག་འཛིན་གོང་མའི་བཞེད་སྲོལ་དང་མཐུན་པ་ནི། དབོན་སྟོན་སྐྱེར་སྒང་བས་གུ་རུ་རིན་པོ་ཆེ་དངོས་ལ་གཏུགས་ནས་སྙེ་མོ་བ་སངས་རྒྱས་དབང་ཆེན་གྱི་ཆོས་ལ་ཐུགས་ངེས་འཁྲུངས་པ་ལྟ་བུ་རྩ་


LT17_Page_134
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྷག་པའི་ལྷས་དངོས་སུ་ཐེ་ཚོམ་བསལ་བ་དང༌། སངས་གླིང་སྣེ་གདོང་གོང་མ་ལ་ཚེ་ཆུ་འབུལ་དུ་བྱོན་ཚེ། མཁས་པ་མང་པོས་དྲི་བརྩད་ཀྱི་སྒོ་ནས་བརྟགས་ཏེ་ཡིད་ཆེས་པ་ལྟ་བུ་ལུང་རིགས་ཀྱི་སྲང་ཚད་ལ་ཕབ་ནས་སྒྲོ་སྐུར་སྤོང་བའི་ཚུལ་ཡང་ཡོད་མོད་ཀྱི། དེང་སང་སྔ་མ་ལྟར་བརྟགས་ནུས་པ་དཀོན་ཞིང༌། ཕྱི་མ་མཁས་པ་རློམ་པ་སུ་ཡིན་གྱིས་བརྟགས་ཀྱང་མི་འཁྲུལ་པ་དཀའ་བས་གཙོ་བོ་ནི་འདི་ལྟར་ཡིན་ཏེ། སྔར་བཤད་པ་ལྟར་གུ་རུ་རིན་པོ་ཆེས་གཏད་རྒྱ་མཛད་སྟོབས་ཀྱིས་བཞག་པའི་གསུང་རྡོ་རྗེའི་ཡེ་ཤེས་ཀྱི་ནུས་པ་རྣམས་གང་དུ་ཆུད་མི་ཟ་བར་གནས་པའི་གསང་མཛོད་མཐར་ཐུག་པ་ནི་གཏེར་སྟོན་གྱི་སེམས་ཉིད་མི་འགྱུར་བའི་དབྱིངས་དེ་ཡིན་ལ། ཕྱིས་ཤོག་སེར་གྱི་རྐྱེན་ལས་ནུས་པ་དེ་མངོན་གྱུར་དུ་འབྱིན་པའི་གནད་ཀྱང་ཤོག་སེར་ལ་ཡིད་གཏད་ནས་ཡང་ཡང་བལྟ་བ་ཙམ་ཞིག་གཏན་མིན་གྱི། འོད་གསལ་གཉུག་མའི་རིག་ཆའམ་ཤེས་རབ་ཀྱི་ཆ་ཕྱིར་གསལ་དུ་རྗེན་པར་ཕྱུངས་ཏེ། དེ་ཉིད་བརྡ་ཡིག་ལ་བཅུག་ནས་ལྟ་བ་ཡིན་ལ། རྐྱེན་དེས་ནུས་པ་དེ་སད་པའི་དོན་ཡང༌། དབྱིངས་ཀྱི་ཆོས་གཏེར་རིག་རྩལ་གྱི་ཆ་ལ་ཐོན་པའམ་རིག་ཆ་དེའི་རྩལ་གདམས་པ་དེ་དང་དེའི་ཚིག་དོན་གྱི་རྣམ་པར་གསལ་རྫོགས་སུ་ཤར་བ་ལ་བྱེད་པས། རིག་པས་དབྱིངས་ལ་དབང་བསྒྱུར་བའི་རྟོགས་པ་ཐུན་མིན་རྫོགས་ཆེན་ནས་བཤད་པ་འདྲ་བ་མེད་པར་གུ་རུའི་ཟབ་གཏེར་ལ་དབང་བསྒྱུར་ཟེར་བ་ནི་འཕགས་ཡུལ་མ་བགྲོད་པར་མ་ག་དྷར་སླེབས་ཞེས་སྨྲ་བ་དང་མཚུངས་སོ། །


LT17_Page_135
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དེ་འདྲ་ཐོབ་ན་ནི་ལྷ་འདྲེའི་བསླུ་བྲིད་ཀྱི་གཏེར་རྫུན་སོགས་འབྱུང་བའི་གནས་ཀྱང་མེད་དེ། གདོད་ནས་རྣམ་དག་གི་རིག་པ་ལོག་པར་འདྲེན་མི་སྲིད་པས་སོ། །དེའང་གཏེར་སྟོན་རྣམས་ཀྱིས་ཚེ་འདིར་མན་ངག་སྟོན་པའི་བླ་མ་ཚོལ་བ་དང་ཁྲིད་ཡིག་ལྟ་བ་སོགས་ནི་སྤྱི་སྲོལ་དང་བསྟུན་པར་ཟད་ཀྱི། གནས་ཚོད་ལ་ནི་རྒྱལ་དབང་པདྨ་འབྱུང་གནས་ལ་བླ་མའི་འདུ་ཤེས་ལྷན་སྐྱེས་སུ་འབྱུང་ཞིང༌། དེ་ཁོ་ནས་བྱིན་རླབས་རང་བབས་དང༌། འོད་གསལ་སྙིང་པོའི་རྟོགས་པ་རང་ཤར་དུ་རྙེད་པའི་རང་བཞིན་གྱི་རྣལ་འབྱོར་པ་ཞིག་ངེས་པར་ཡིན་ཏེ། ལས་འཕྲོ་གཏེར་གྱི་བརྒྱུད་པ་ཞེས་པའི་ལས་འཕྲོའམ་ལམ་གྱི་འཕྲོ་སད་ཚུལ་ཡང་དེ་ཡིན་ནོ། །རྟོགས་པ་དེ་ཐོབ་མ་ཐོབ་ནི། གུ་རུ་ཉིད་དམ་པཎ་ཆེན་བི་མ་ལ་ལྟ་བུའི་བཀའ་བརྒྱུད་འཁྲུལ་མེད་ལས་རྫོགས་ཆེན་གྱི་ལམ་གནད་ཇི་བཞིན་རྙེད་པ་རྣམས་ཀྱིས་ཞིབ་ཏུ་བརྟགས་པ་ན། བཤད་པའི་སྒྲོས་རྫོགས་ཆེན་གྱི་གཞུང་ཆེ་བ་རྣམས་བཞིན་དུ་འདུག་མི་འདུག་ཇི་ལྟར་ཡང༌། སྙིང་པོའི་གནད་དོན་དེ་ཁོ་ན་བཞིན་གདེང་བཀལ་ནས་སྟོན་དུ་འདུག་ན་རྩོད་མེད་ཀྱི་གཏེར་སྟོན་རྣམས་དང་སྤྱོད་ཡུལ་གཅིག་པའི་ཡེ་ཤེས་ཅན་དུ་མཚོན་ནུས་ལ་དེ་ནས་དེ་འདྲ་བའི་གཏེར་སྟོན་དེ་ཚད་ལྡན་དུ་བཟུང་ཆོག་པ་ལའང་ངེས་པ་འཐོབ་སྟེ། འདི་ནི་རྒྱལ་བའི་ཡུམ་ལས་ཕྱིར་མི་ལྡོག་པའི་བྱང་སེམས་ཕྱིར་མི་ལྡོག་པའི་ཆོས་བརྗོད་པའི་ངག་གི་རྟགས་ལས་དཔོག་པར་གསུངས་པ་སོགས་དང་ཡང་ཕྱོགས་མཚུངས་སོ། །ཤོག་སེར་གྱི་རྒྱུས་ཤེས་པ་ཡིན་ན་གཏེར་ཤོག་གི་དཔེ་དཔང་ཚད་ལྡན་ཡོད་མེད་བརྟགས་པའི་སྒོ་


LT17_Page_136
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤན་འབྱེད་པའང་མཁས་གྲུབ་གོང་མའི་ལོ་རྒྱུས་ལས་འབྱུང་སྟེ། འདིས་དགོངས་གཏེར་བརྟགས་མི་ནུས་པར་སེམས་སོ། །དེ་ལ་གཏེར་སྒྲུབ་ཅེས་པ་ནི། གཏེར་སྟོན་གྱིས་རང་ངམ་གཞན་གྱི་དགོས་པ་འགའི་ཕྱིར་ལས་སྒྲུབ་ཀྱི་སྒྲུབ་པ་མཛད་པ་མ་གཏོགས་པའི་རང་གཏེར་ལ་བསྙེན་སྒྲུབ་གང་མཛད་ཕལ་ཆེར་གཏེར་སྒྲུབ་ཀྱི་ཕྱོགས་སུ་འགྲོ་བ་འདྲ་ཡང༌། གཙོ་བོར་འཆད་སྤེལ་གྱི་སྔོན་དུ་གཏེར་འབྱེད་དང་བྲེལ་བའི་སྒྲུབ་པ་མཛད་པ་ལ་བྱ་སྟེ། གཏེར་ནས་གང་འདོད་ཀྱི་ཆོས་དེ་བར་ཆད་མེད་པར་ཐོན་ཆེད་དང༌། ཚེགས་མེད་པར་མྱུར་དུ་ཐོན་ཆེད་དང༌། ཐོན་རྗེས་སུ་སྒྲོམ་ཞལ་ཕྱེད་པ་དང་བརྡ་ཁྲོལ་བའི་ཆེད་དུ་སྔར་ནས་གཏན་ལ་ཕེབས་ཟིན་པའི་རང་གཞན་གྱི་གཏེར་ཁ་སྐབས་སུ་གང་བབས་ལ་སྒྲུབ་པ་བྱེད་པ་རྣམས་དང༌། བརྡ་ཁྲོལ་ནས་བུ་དཔེར་འབེབ་པར་གནང་བ་ནོད་པའི་ཆེད་དུ་ཆོས་དེ་ཉིད་ལ་ཤོག་སེར་གྱི་སྟེང་ནས་སྒྲུབ་པ་བྱེད་པ་དང༌། ཕབས་ཟིན་ཚེ་འཆད་སྤེལ་གྱི་དོན་དུ་བྱིན་རླབས་ཁ་གསོ་བའི་སྒྲུབ་པ་བུ་དཔེའི་སྟེང་ནས་བྱེད་པ་རྣམས་སོ། །བརྡ་ཁྲོལ་རྗེས་ཡུན་རིང་པོར་གསང་རྒྱ་བསྡམ་དགོས་པའི་རྒྱུ་མཚན་ནི། ད་དུང་བརྡ་རིས་ལས་གང་བསྒྱུར་དེ་ལ་གསལ་བརྟན་ཚད་དུ་མ་ཕེབས་པའི་ཆ་ཡོད་མེད་ཞི་བ་ཆ་དགོས་པའི་དབང་གིས་ཡིན་གསུངས་པ་རྒྱུ་མཚན་གཅིག་སྟེ། འདི་ནི་འཕྲུལ་ཡིག་ཅན་དང་སྦྱོར་དགོས་པར་གསལ་ལོ། །ཆོས་དེ་འཆད་སྤེལ་སོགས་ལ་དུས་གནད་དང༌། རྟེན་འབྲེལ་སྒྲིགས་ཕྱོགས་དམིགས་བསལ་བའི་ལུང་བསྟན་ཕྱི་མ་གཞན་བསྒུག་རྒྱུ་ཡོད་མེད་


LT17_Page_137
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའི་ཆེད་ཀྱང་ཡིན་ཏེ། འཆད་སྤེལ་ཚར་ནས་དེ་འདྲ་བྱུང་ཡང་ཆུ་ཤོར་ཟིན་པའི་རག་ལྟར་འགྱུར་བས་སོ། །ད་གཟོད་ཆོས་དེ་ཉམས་ལེན་བྱེད་པའི་རྗེས་འཇུག་རྣམས་ཀྱིས་དངོས་གྲུབ་ཀྱི་རྟགས་ཚད་དཀའ་བ་མེད་པར་རྙེད་པའི་རྟེན་འབྲེལ་སྒྲིགས་ཆེད་དང་པོར་གསང་རྒྱ་མ་བཤིག་པའི་དུས་སུ་གཏེར་སྟོན་ཉིད་ཀྱིས་ཆོས་དེའི་སྒྲུབ་པ་མཛད་ནས་དྲོད་ཚོད་གཏན་ལ་དབབ་པའི་ཆེད་ཀྱང་ཡིན་ཏེ། རང་གིས་ཉམས་སུ་མ་བླངས་པའི་ཆོས་ཀྱིས་འགྲོ་དོན་འབྱུང་བ་དཀའ་བར་གསུངས་སོ། །འདིའི་དུས་སུ་བླ་མ་ཡི་དམ་མཁའ་འགྲོས་དངོས་སུ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་སོགས་ནི་གཏེར་སྒྲུབ་ཀྱི་སྒོ་ནས་རྣོ་ལ་ངར་ཐོགས་ལྟ་བུའི་ནུས་རྟགས་རྙེད་ཚུལ་ཙམ་ཡིན་གྱི། གཏེར་བརྒྱུད་དངོས་ནི་དེ་ལ་འཇོག་པ་མ་ཡིན་ཏེ། སྔར་བཤད་ཟིན་ཏོ། །གཏེར་ཆོས་ཉན་བཤད་སྒོམ་སྒྲུབ་ཀྱི་སྒོ་ནས་གཏེར་སྟོན་གྱི་བརྒྱུད་སྲོལ་འཛིན་པའི་གཙོ་བོ་ལས་ཅན་ཆོས་བདག་ཏུ་གྲགས་པ་ནི། ཆོས་བརྒྱུད་འཛིན་པར་གཏེར་ལུང་གིས་བསྔགས་པ་རྣམས་ཏེ། དེའང་གཙོ་ཕལ་གཉིས་ཡོད། དེ་གཉིས་ཀ་ཡང་གུ་རུ་རིན་པོ་ཆེ་ལས་ཆོས་དེའི་གཏད་རྒྱ་ཐོབ་པར་འདྲ་ཡང༌། ཐོབ་ལུགས་མི་འདྲ་སྟེ། སྔ་མ་ནི་སྔོན་གཏེར་སྟོན་དང་ལྷན་ཅིག་སློབ་དཔོན་ཆེན་པོའི་སྤྱན་སྔར་གཏད་རྒྱ་ལུང་བསྟན་དངོས་སུ་ཐོབ་པ་ཡིན་ཞིང༌། ཕྱི་མ་ནི་དེ་ལྟར་གཏད་རྒྱ་དངོས་སུ་ནོད་པ་ལྟ་ཅི། དེའི་ཚེ་ཡུལ་ཕྱོགས་དེར་ཡོད་པའི་ངེས་པ་ཡང་མེད་མོད། འོན་ཀྱང་སློབ་དཔོན་ཆེན་པོས་སྐལ་བའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ལ་གཟིགས་ཏེ། ཕྱི་མའི་དུས་དེར་ཡུལ་ཆེ་གེ་མོར་སྐྱེས་བུ་འདི་འདྲ་བ། མིང་འདི་ཞེས་བྱ་བ་ཞིག་འབྱུང༌། དེའང་ཆོས་འདིའི་བདག་པོར་གནང་ངོ་ཞེས་ལུང་བསྟན་ཅིང་སྨོན་ལམ་བཏབ་པ་ཙམ་ཞིག་གཏད་རྒྱར་སོང་བ་སྟེ། དགོངས་པ་མ་གཏད་པར་སྨོན་ལམ་ལུང་བསྟན་དེ་ལྟར་མཛད་


LT17_Page_138
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མེད་ལ། གཏད་རྒྱའི་སྙིང་པོ་དགོངས་གཏད་ཡིན་པའི་ཕྱིར་ཏེ། དེར་མ་ཟད་སྣང་སྲིད་འདོད་དགུར་སྒྱུར་བའི་དབང་འབྱོར་གྱི་མཛད་པ་མཐའ་དག་དགོངས་པའི་རྩལ་ལས་བྱུང་བའི་ཕྱིར་རོ། །དེ་འདྲའི་ཆོས་བདག་གཉིས་ནི་གཏེར་ཆོས་དང་མཇལ་དུས་སྔོན་གྱི་བག་ཆགས་གསལ་བར་སད་ནུས་མི་ནུས་གཅིག་ཏུ་མ་ངེས་པ་དེ་འདྲ་སྟེ། ལས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་ཅིང༌། མངལ་སྒྲིབ་དང་སྡིག་གྲོགས་སོགས་རྐྱེན་དབང་སྣ་ཚོགས་ཡོད་པའི་ཕྱིར་ཏེ། དེ་ལྟར་བྱུང་བའི་ལོ་རྒྱུས་ཀྱང་མང་དུ་སྣང་ངོ༌། །ས་གཏེར་དགོངས་གཏེར་གཉིས་ཀྱང་ཆོས་དེ་དང་པོ་གཏད་རྒྱའི་སྒོ་ནས་སྙིང་དབུས་མི་ཤིགས་པའི་སྒྲོམ་བུར་གཏེར་དུ་སོང་ཚུལ། བར་དུ་དེ་ཉིད་ན་འཕེལ་འགྲིབ་མེད་པར་བཞུགས་ཚུལ། མཐར་དུས་སུ་བབས་པ་ན་འོད་གསལ་གྱི་མཁྱེན་ཆའི་ངར་གཟོད་རྣོན་པོས་ཕྱེ་སྟེ། ཆོས་ཉིད་གཉུག་མའི་དྲན་བའི་གཏེར་སྒོ་ནས་ཐོན་ཚུལ་ཐམས་ཅད་ཁོག་གཅིག་པ་ཡིན་ཡང༌། དགོངས་གཏེར་ནི་ནང་དགོངས་པའི་ཀློང་མཛོད་དུ་བཞུགས་པ་ཉིད་ཀྱི་སྟེང་ནས་གཏེར་དུ་བཞག་དགོས་པས་ཟབ་མོ་དགོངས་པའི་གཏེར་ཞེས་བྱ་ལ། ས་གཏེར་ནི་གཙོ་བོར། ང་ཡིས་ས་སྟེང་གཏེར་གྱིས་བཀང་ནས་ཡོདཿ དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངསཿ ཞེས་གསུངས་པ་ལྟར་ཕྱི་རོལ་གྱི་གནས་སྣ་ཚོགས་སུ་སྦས་པའི་ཆ་ནས་གཏེར་དུ་བཞག་པས་རྒྱ་ཆེ་བ་སའི་གཏེར་ཞེས་བྱ་སྟེ། ཤོག་སེར་དངོས་གནས་པ་ལ་བརྟེན་དགོས་མི་དགོས་ཀྱི་ཁྱད་པར་རོ། །དགོངས་གཏེར་ཞེས་པའི་མིང་ཟུར་གཉིས་སོ་སོར་ཕྱེ་ན། འོད་གསལ་གྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་མེད་ན་


LT17_Page_139
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཞེས་པ་མ་ཚང་སྟེ། གཏེར་དུ་སྦེད་ས་མེད། དེར་བརྡ་ཡིག་བསྟིམ་ནས་རྒྱས་བཏབ་པའི་གཏེར་རྒྱ་བསྡམས་པ་སྔོན་སོང་མེད་ན་གཏེར་ཞེས་པ་མ་ཚང་སྟེ། ཕྱིས་འདོན་རྒྱུ་མ་མཆིས་པས་ཟུར་དང་པོ་ཡོད་ཀྱང༌། ཕྱི་མ་མེད་པ་དག་སྣང་གི་ཆོས་སྡེ་ལྟ་བུ་དང༌། སྔ་ཕྱི་གང་ཡང་མེད་པ་ཉམས་ཆོས་རང་ག་བ་ལྟ་བུ་དགོངས་གཏེར་དུ་འཁྲུལ་པར་མི་བྱའོ། །འགའ་ཞིག་ལ་བསྙེན་སྒྲུབ་ཀྱི་རྟགས་སུ་བརྡ་ཡིག་གི་སྣང་བ་འཆར་བའང་ཡོད་དེ། དེ་དག་ཀྱང་གཏད་རྒྱའི་མཐུ་ལས་བྱུང་བ་མིན་པས་མི་བརྟན་ཅིང༌། བརྡ་དོན་འགྲོལ་རྒྱུ་མེད་དོ། །དགོངས་གཏེར་འདིའི་གཏད་རྒྱ་ནོད་ཚུལ་ལ། ཡིག་གཟུགས་ཀྱི་རྣམ་པར་དང༌། སྒྲར་གྲགས་པའི་རྣམ་པར་སྙིང་ལ་བསྟིམས་ནས་གཏད་པ་གཉིས་ཡོད་ཅིང༌། ཡིག་གཟུགས་ལའང་སྣང་རྟེན་མཐར་ཆགས་གསུམ་དང༌། ཡིག་རིགས་ཀྱི་རྣམ་གྲངས་ས་གཏེར་དུ་བཤད་པ་བཞིན་ཡོད་ལ། སྒྲར་གྲགས་པ་ལའང༌། ཡི་གེ་ཙམ་དང༌། མིང་ཙམ་དང༌། ཚིག་ཏུ་ལོངས་པའི་སྒྲའི་རྣམ་པ་ཅི་རིགས་ཡོད་དེ། འདི་དག་ལ་གཏད་རྒྱ་ཉིད་གཏེར་སྦེད་ཀྱི་དོན་དུ་འགྲོ་བས་སྔ་ཕྱིའི་རིམ་པ་མེད་དོ། །དེའང་སྔོན་སྒྲ་གཟུགས་གཉིས་པོ་གང་གི་སྟེང་ནས་གཏད་རྒྱ་མཛད་པ་དང༌། ཕྱིས་གང་གི་རྣམ་པར་དགོངས་ཀློང་ནས་རྡོལ་བ་གཉིས་མཚུངས་པ་ཁོ་ན་ལས་འཆོལ་བར་འབྱུང་མི་སྲིད་པས། དགོངས་གཏེར་ཐོན་དུས་བརྡ་ཡིག་གི་གཟུགས་སྣང་ཡོད་མེད་གཅིག་ཏུ་མ་ངེས་པའང་དེ་ལྟར་ཡིན་ལ། དེ་བཞིན་དུ་བརྡ་ཡིག་གི་གཟུགས་ཀྱང་


LT17_Page_140
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ལྕགས་ཀྱུ་རིང་པོའི་སྟེང་ནས་གཏད་རྒྱ་ཐོབ་ན། འཐོན་དུས་ཀྱང་ཡིག་རིགས་དེ་ཁོ་ནས་འབྱུང་བར་ངེས་པ་ལྟ་བུ་གཞན་ཐམས་ཅད་ལའང་ཤེས་པར་བྱ་སྟེ། སྒྲ་བརྙན་གི་རྣམ་པ་ལའང་དེ་ལྟར་སྦྱར་རོ། །དེ་ལྟར་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང༌། ཐུགས་སྲས་རྗེ་འབངས་འདུས་པས་ཁ་བ་ཅན་གྱི་ཡུལ་འདིར་བླ་མེད་གསང་བ་མཆོག་གི་ཆོས་གཏེར་སྦས་འདོན་གྱི་ཕྲིན་ལས་མཛད་པ་བཞིན་དུ། ཨོ་ཊི་ཡ་ན་སོགས་མཁའ་འགྲོའི་གནས་དང༌། ས་འོག་གི་འཇིག་རྟེན་ལྟ་བུའི་ཡུལ་ཐ་དད་རྣམས་སུའང་ཕྲིན་ལས་དེ་མཛད་པར་གསུངས་ཏེ། གཏེར་གསར་མདོ་བྱང་དང་པོའི་དབུ་ན་བརྡ་ཡིག་གི་གྲོང་ཁྱེར་གསུམ་ཡོད་པའི་དང་པོ་གཉིས་ཀྱང་དེ་དག་གི་མདོ་བྱང་སོ་སོའི་བརྡ་ཡིག་རྟེན་ཙམ་ཞེས་པ་དེ་ཡིན་པར་གསུངས་སོ། །སྤྱིར་གསང་སྔགས་གསར་མ་ལ་ཡང༌། གུ་རུ་རིན་པོ་ཆེའི་གཏེར་ཆོས་ཐོན་པ་གཉལ་བ་ཉི་མ་ཤེས་རབ་དང༌། གཉན་ལོ་དར་མ་གྲགས་སོགས་དང༌། སློབ་དཔོན་གཞན་གྱི་གཏེར་ཆོས་ཐོན་པ་རྗེ་གཙང་པ་རྒྱ་རས་དང༌། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་སོགས་བྱོན་ལ། རས་ཆུང་རྡོ་རྗེ་གྲགས་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཀརྨ་པ་རང་བྱུང་རྡོ་རྗེ། བུ་སྟོན་རིན་ཆེན་གྲུབ། རྒྱལ་དབང་དགེ་འདུན་རྒྱ་མཚོ། བློ་གྲོས་རིན་ཆེན་སེང་གེ་སོགས་པདྨའི་གཏེར་ཆོས་ལ་གསན་བཞེས་མཛད་པའང་མང་ཙམ་བྱུང་མོད་ཀྱི། རྙིང་མའི་ནང་དུ་གཏེར་སྟོན་མང་པོ་བྱུང་བ་འདྲ་བ་མ་བྱུང་ཞིང༌། གཏེར་བརྒྱུད་འདི་ལ་བརྒྱུད་ལུགས་སྤྱི་འགྲོ་དང་མི་འདྲ་བའི་སྒོས་ཆོས་ཆེན་པོ་ཡོད་པ་ཞིབ་ཏུ་མ་བརྟགས་པར་མཁས་པ་ཁ་


LT17_Page_141
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིས་ཀྱང་ས་ཆོས་རྡོ་ཆོས་ཞེས་ཚིག་བརྙས་མཛད་ཅིང༌། ས་འོག་ཏུ་ཡུན་རིང་སྦས་ནས་བཏོན་པས་བྱིན་རླབས་ཇེ་ཆེར་འགྲོ་ན་ཧ་ཅང་ཐལ་བ་དང༌། ཁུངས་ས་རྡོ་ལ་ཐུག་པ་བརྒྱུད་པ་འདྲེན་རྒྱུ་མེད་པ་ལ་སོགས་པའི་སུན་འབྱིན་སྨྲ་བ་དང༌། རང་གི་ཚེ་ཧྲིལ་པོའི་བློ་གཏད་གཏེར་ཆོས་ལ་བྱེད་པའི་ཁྲོད་དུའང༌། ཆོས་འདི་རྫ་བྲགས་སོགས་ལ་སྦེད་མཁན་སློབ་དཔོན་པདྨ་ཡིན་ཞིང་རྗེས་ལ་རྙེད་མཁན་ཡང་བླ་མ་བཟང་པོ་ཞིག་ཡིན་པར་འདུག་པས་བྱིན་རླབས་ཡོད་དེ་འོང་སྙམ་པ་ཙམ་དང༌། གཏེར་འདི་ལ་གངས་བྲག་མཚོ་གསུམ་སོགས་ཀྱི་ལྷ་འདྲེའི་སྲུང་མ་གཉན་པོ་ཡོད་པས་མཐུ་ཆེ་སྙམ་པ་དང༌། ཆོས་འདི་ཇི་ལྟར་ཡིན་ཀྱང་ངེད་ཚོའི་མི་བརྒྱུད་ཆོས་བརྒྱུད་གོང་མའི་རིང་ནས་བཏོན་བཏོན་པ་ཡིན་ཞེས་ཕ་ཕོར་གཙང་ཞེན་ཙམ་ལ་རྒྱབ་འཆོལ་བ་དང༌། འགའ་ཞིག་གཏེར་སྟོན་གྱིས་བརྩམས་ཆོས་དང་གཏེར་ཆོས་ཀྱི་དབྱེ་བ་ཙམ་ཡང་མི་ཤེས་པར་ང་བླ་མ་དེ་ལ་མོས་པས་ཁོང་གི་གསུང་ཆོས་ལ་ཉམས་ལེན་བྱེད་ཅེས་ཐོལ་བྱུང་དུ་བརྩམས་ཚད་གཏེར་ཆོས་ཡིན་པ་ལྟ་བུར་འཛིན་པ་དང༌། འདི་ཉམས་སུ་ལེན་ཚད་བཀྲ་ཤིས་ལ་ཞལ་དྲོ་བ་བྱུང་འདུག་ཟེར་ནས་ཕྱུགས་ཀྱི་གཡང་ཡིག་ལྟ་བུ་ཞིག་གི་རྩི་མཐོང་བྱེད་པ་དང༌། མང་པོ་ཞིག་གཏེར་སྟོན་ཟེར་བ་དེ་ནག་ཆང་འཆོལ་ཉོག་ཏུ་སྤྱོད་ཅིང༌། ཆ་བྱེད་ར་མ་ལུག་འཆང་བ། ཡིག་ཉོག་ཆལ་ཆོལ་མང་པོ་བྱུང་རྒྱལ་དུ་འབྲི་འདུག་མཁན་ཞིག་ལ་བྱེད་སྙམ་ནས། གཏེར་སྟོན་ལས་སླ་བ་མེད། བྱས་ན་ངས་ཀྱང་ཡོང་ཟེར་བ་དང༌། གཏེར་སྟོན་ཡང་དག་ལྟར་སྣང་གི་ཁྱད་པར་ས་བརྐོས་པའི་འོག་ནས་དཔེ་སྒྲོམ་དང་རྫས་


LT17_Page_142
[མ་དཔེ་གཟིགས་ན་འདིར་གནོན།]

ཐུམ་སོགས་རྫུན་མེད་དུ་རྙེད་པ་ཡིན་མིན་རྐྱང་པས་འབྱེད་སྙམ་པ་སོགས་རང་བབས་སུ་བཞག་ན་གཏེར་ཆོས་གཙིག་པོ་ཆེར་འཛིན་པའི་དད་མོས་ཆེ་ཆེ་འདྲ་བ་ལ། ཞིབ་ཏུ་བརྟགས་ཚེ་སྨིག་རྒྱུའི་འབབ་ཆུ་རྩད་བཅད་པ་ལྟར་འགྲོ་བ་མང་དུ་མཐོང་བས། བརྒྱ་ལ་དེ་དག་གི་ནང་དུ་དཔྱོད་ཤེས་ཀྱི་གཟུར་གནས་དོན་གཉེར་དང་ལྡན་པ་འགའ་ཙམ་བྱུང་ན་ཇི་སྐད་བརྗོད་པའི་ཚུལ་འདིས་ཨོ་རྒྱན་དུས་གསུམ་མཁྱེན་པའི་གཏད་རྒྱ་སྨོན་ལམ་གྱི་ཕྲིན་ལས་འཇུག་ཚུལ་ལ་བློ་ཁ་ཕྱོགས་ནས་དད་པའི་འཛུམ་མིག་ཅུང་ཟད་རེ་གཏོད་པར་འགྱུར་ན་ཅི་མ་རུང་སྙམ་ནས་སྔོན་མེད་གཏམ་གྱི་སྦྱོར་བ་འདི་ལྟ་བུ་བྱས་སོ། །ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཞག་ཉུང་གསལ་དུ་བཤད་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་འདི་ནི། སྔར་ནས་འདི་འདྲ་ཞིག་སྒྲིག་འདུན་ཡོད་ཐོག་རང་གི་ཉེ་གནས་པདྨའི་བཀའ་བརྒྱུད་ལ་གུས་པ་འཇིགས་མེད་ཆོས་ཀྱི་བློ་གྲོས་ཀྱིས་བསྐུལ་ལྕགས་ཡང་ཡང་བཏབ་པས་རྐྱེན་བྱས་ཏེ། རྒྱལ་དབང་པདྨ་འབྱུང་གནས་དངོས་དང་རྣམ་དབྱེར་མེད་པའི་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཡབ་རྗེ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་སྤྱན་སྔར་བཀའ་བབས་ཆུ་བོ་བདུན་གྱི་བཤད་པ་མདོ་ཙམ་ཐོས་ཤིང་སླད་ནས་གཏེར་སྟོན་རིག་འཛིན་ཆེན་པོ་ལས་རབ་གླིང་པས་གཏེར་གྱི་མདོ་བྱང་ཆེན་མོ་བཤད་ལུང་གི་ཚུལ་དུ་གནང་ཞིང༌། དོགས་གཅོད་ཞུས་པའི་བཀའ་ལན་རྣམས་གཞིར་བཟུང༌། ཁ་སྐོང་དུ་འོས་པ་འགའ་ཞིག་རང་ཉིད་ཀྱིས་ཀྱང་བསྣན་ནས། འཇིགས་མེད་བསྟན་པའི་ཉི་མས་བྲིས་པ་སྟེ། དགེ་བས་རྒྱལ་བསྟན་སྙིང་པོ་ཨོ་རྒྱན་བླ་མའི་རིང་ལུགས་དྲི་མས་མ་བསླད་པ་ཕྱོགས་དུས་ཐམས་


LT17_Page_143
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག་གུ།། །།ལྷ་དང་ལྷ་མིན་གྲུབ་པའི་རིག་སྔགས་འཆང༌། །དཔག་མེད་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྔོན་བཞིན་ཟབ་མོའི་དགོངས་གཏེར་ཡོངས་བཟུང་སྟེ། །ལྐལ་ལྡན་རྣམས་ལ་རྒྱུན་དུ་སྣང་བར་ཤོག། །།འཕྲུལ་ཆེན་སྦར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།

གཏམ་ཚོགས།

བཅའ་ཐོ།


LT17_Page_145
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་མཆོག་རྡོ་རྗེ་སིནྡྷུའི་ཆུ་གཏེར་ཀློང༌། །རྒ་ཤི་མེད་པའི་ལང་ཚོར་ཡོངས་སྨིན་པ། །ཨོ་ཌི་ཡཱ་ནའི་རིག་འཛིན་སློབ་དཔོན་ཆེའི། །ཞབས་པད་བདག་གི་མགོ་བོར་མཛེས་གྱུར་ཅིག །དྲི་མེད་མཁྱེན་པའི་འོད་ཟེར་ཆ་རྫོགས་པ། །རང་བྱུང་རྡོ་རྗེ་གསུམ་གྱི་ཉིན་མོར་བྱེད། །ཀུན་ཏུ་བཟང་པོའི་གཞན་ཕན་སྣང་བ་ཅན། །མཉམ་མེད་བླ་མ་སྙིང་དབུས་ཐིག་ལེར་བཞུགས། །རྩོད་ལྡན་མཁའ་ལ་འོད་གསལ་སྙིང་ཐིག་གི །རང་ལུགས་ཉིན་བྱེད་འདྲེན་པའི་ཤིང་རྟར་བདག །རིག་འཛིན་ཌཱཀྐིས་བྱིན་རླབས་དབང་བསྐུར་ཞིང༌། །དམ་ཅན་རྒྱ་མཚོས་གཡེལ་མེད་ཕྲིན་ལས་སྒྲུབས། །ཞེས་དགེ་ལེགས་ཀྱི་ཚིགས་སུ་བཅད་པས་བྱང་དྲངས་ཏེ། གླེང་བར་བྱ་བ་ནི། སྤྱིར་བོད་ཀྱི་ཡུལ་འདིར། ས་དགེ་རྙིང་གསུམ་ཀར་འབྲུག་བོན་གསུམ། ཇོ་ཞལ་བོ་དོང་སོགས་ཀྱི་ལུགས་སྲོལ་མང་པོ་ཡོད་ཀྱང༌། གངས་ཅན་གྱི་ལྗོངས་སུ་བསྟན་པ་རིན་པོ་ཆེའི་སྲོལ་སྤྱི་དང༌། ཁྱད་པར་གསང་སྔགས་ཀྱི་ལུགས་སྲོལ་དང་པོར་ཕྱེ་བ་ནི་སྔ་འགྱུར་རྙིང་མ་ཡིན་ཅིང༌། དེའི་བརྒྱུད་འཛིན་ལ་གྲུབ་ཆེན་རྗེ་འབངས་ཉེར་ལྔ་དང༌། ཟུར་པ་མེས་དབོན་རྣམ་གསུམ་ནས་བཟུང༌། ཆོས་རྒྱལ་གཏེར་བདག་གླིང་པའི་བར་དུ་རིག་འཛིན་རྩལ་འཆང་གི་ཕྲེང་བ་གསེར་གྱི་ཉག་ཐག་ལྟ་བུ་བྱུང་ཡང་ཕྱི་མའི་དུས་སུ་སྟོན་ཆེན་དང་སྡེ་དགོན་ཕལ་ཆེར་མངའ་ཐང་དང་འཁོར་སློབ་ཀྱི་གཟི་བྱིན་འགྲན་ཅིང༌། དབྱངས་རོལ་དང་མདོས་གཏོ་ཙམ་ལ་སྙིང་པོ་རེ་ནས། རྙིང་བསྟན་རི་མོའི་མར་མེ་ལྟར་གྱུར་པ་ན། ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་མཐུ་གྲུབ་ཅིང་མཁྱེན་པའི་ཡེ་


LT17_Page_146
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་རྩལ་འཆང་བ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་གྲུབ་མཐའ་གཞི་བཞེངས་སུ་བསླངས་ཏེ། སྟོད་མོན་བལ་ནས་སྨད་རྒྱ་སོག་གི་ཡུལ་གྲུ་ཚུན་ཆད་སློབ་བརྒྱུད་ཀྱིས་བཀང༌། མོན་འཇིགས་མེད་ཀུན་གྲོལ། ཀོང་སྨྱོན་སྦས་པའི་རྣལ་འབྱོར། འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་དངོས་སློབ་དང༌། ཁམས་རྫོགས་ཆེན་རིན་པོ་ཆེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས། མཁྱེན་སྤྲུལ་རིན་པོ་ཆེ་འཇིགས་མེད་ཡེ་ཤེས་རྡོ་རྗེ། ཤར་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། དཔལ་དགེ་རྡོ་རྗེ་འཆང་འཇིགས་མེད་ཆོས་ཀྱི་དབང་པོ། རྗེ་ཐམས་ཅད་མཁྱེན་པ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་སོགས་ཡང་སློབ་གྲགས་པ་དོན་ལྡན་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་དྲིན་ལས་ད་ལྟའི་བར་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་སྲོལ་མ་ནུབ་པར་གནས་པ་ཡིན་ནོ། །དེ་ལྟ་བུའི་བརྒྱུད་པ་ཐམས་ཅད་ཀྱི་ནང་ཀུན་མཁྱེན་བླ་མ་གཉིས་པ་ལྟ་བུའི་བསྟན་པའི་ཆུ་མགོ་ནི་ཨོ་རྒྱན་རིན་པོ་ཆེས་གཏེར་ལུང་དུ་མར་རྗེས་སུ་བསྔགས་ཤིང༌། ཤར་ཕྱོགས་ཀྱི་རྒྱུད་དུ་པདྨའི་རིང་ལུགས་སྤེལ་བར་ཐུགས་བསྐྱེད་སྨོན་པའི་འབྲས་བུའི་རྩལ་རྫོགས་པ་གྲུབ་པ་མཆོག་གི་དབང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ཡིན་ལ། རྗེ་བཙུན་འདིའི་གདན་ས་ནི། རོང་སྟོན་པདྨ་བདེ་ཆེན་གླིང་པའི་གཏེར་ལུང་བཞིན། ཤུགས་ཆེན་འགྲོ་དོན་ལྷུན་གྲུབ། བྲག་ཆེན་ཡར་ལུང་པདྨ་བཀོད། གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་དང་


LT17_Page_147
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་བྱུང་བ་ལས། ད་ལྟ་ནི་ཕྱི་མ་གཉིས་ཙམ་གནས་པ་སྟེ། དེའང་རྗེ་རང་གི་གསུང་ན། ངའི་སྒྲུབ་སྡེ་འདི་མཁོས་ཀ་ལ་བལྟས་ན། ཕྱུག་པོའི་ལྷས་མལ་ཙམ་ལས་མེད་དེ། རྙིང་བསྟན་གྱི་རྩ་བ་གནས་པས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྲིན་བཞིན་འདུ་བར་འདུག །ཅེས་གསུངས་པ་ལྟར། སྟོང་ལྡིར་གྱི་འུར་མི་ཆེ་ཡང༌། ད་ལྟའི་བར་དུ་སྙིང་པོའི་བསྟན་འཛིན་བར་མ་ཆད་པར་བྱོན་པ་ཞིག་ཡིན་པས། དེ་དག་གི་རྗེས་སུ་སྐྱེས་པའི་རང་རེ་རྣམས་ཀྱིས་ཀྱང་བརྒྱུད་པའི་བླ་མི་འཚོང་ཙམ་རེ་ཅིས་ཀྱང་དགོས་པར་འདུག་རུང༌། མི་བསམ་རང་བསམ་མཐུན་མི་མཐུན་སྣ་ཚོགས་ཤིག་ཡོང་བར་སྣང་བ། དེ་བཞིན་བྱེད་ཚེ་དམ་པ་གོང་མའི་ཕྱག་རྗེས་ཆུད་ཟོས་སུ་འགྲོ་བས། གལ་ཆེ་ངེས་ཀྱི་བཅའ་ཐོ་རགས་པ་ཙམ་དགོད་པར་བྱ་སྟེ། དེ་ལ་སངས་རྒྱས་ཀྱི་བསྟན་པ་སྤོང་ཀློག་གཉིས་ཀྱིས་འཛིན་དགོས་པ་ལ། མིང་བསྟན་པ་ལ་ཞུགས་པར་བཏགས་ནས་ཡིག་ངོ་ཤེས་པ་ཙམ་ནས་དབྱར་སྟོན་གྱི་ནམ་ཟླ་ཐམས་ཅད་གྲོང་ཆོག་ལ་ཟད། དགུན་དཔྱིད་ཀྱི་ཟླ་བ་བྱུང་ཚེ་སྒྱེ་ཁ་དང་རྐྱལ་ཁའི་གཉེར་བ་ལ་བཏང་ན། ཁང་གོག་སྟོང་པ་ཤ་སྟག་གིས་ཤཱ་ཀྱ་སེང་གེའི་བསྟན་པ་མི་ཟིན་ཅིང༌། བནྡེའི་ཕ་ཁང་གཙུག་ལག་གི་ཁང་པ་ཡིན་པས་རང་གི་ཕ་ཐོབ་ཀྱི་རལ་གྲི་ཐང་ལ་མ་འཆོར་བར་མ་མཐའ་བྱས་ཀྱང་དགུན་ཟླ་གསུམ་ལ་དགོན་ཁང་ནང་དུ་སྟན་ཆགས་པ་དང༌། དེར་ཡང་ཤེས་རབ་དང་བརྩོན་འགྲུས་མི་དམན་པ་རྣམས་ཀྱིས་སྤྱོད་འཇུག་དང༌། སྡོམ་གསུམ་རྣམ་ངེས། ཡོན་ཏན་རིན་པོ་ཆེའི་མཛོད་སོགས་ལ་


LT17_Page_148
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་སྦྱངས་ལ་འབུངས། དེ་ལྟར་མི་ནུས་པ་རྣམས་ནས་ཀྱང་ཐེག་པ་ཆེན་པོའི་ལམ་གྱི་འགགས་སྡོམ་ཐམས་ཅད་སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་བཞག་ཏུ་ཚང་བས་དེ་ཙམ་ངེས་པར་བསླབ། གཞུང་ལུགས་ཀྱི་སྦྱངས་པ་མཐར་ཕྱིན་ནས་རང་ཉིད་བསྟན་པ་རིས་མེད་དུ་སོང་ན་མ་གཏོགས། གསར་བུའི་དུས་སུ་གཞུང་ལུགས་སྲ་སྲེ་མང་པོ་ལ་མི་འཇུག་ཅིང༌། འཆད་སྤེལ་ནུས་མཁན་ཚོས་ཀྱང་ཉན་པ་པོའི་བློ་ནུས་དང་བསྟུན་ནས་སྡེ་སྣོད་སྤྱིའི་བཤད་པས་ཁོག་ཕུབ་སྟེ། གནད་རང་ལུགས་ཀྱི་འགགས་ལ་སྒྲིལ་ཞིང་འཆད་པ་ལྟ་བུ་རང་གཞུང་ཤེས་པའི་ཡན་ལག་ཏུ་བྱེད་ན་མ་བཀག །དེ་ལས་གཞན་དུ་ཀུན་མཁྱེན་ཡབ་སྲས་ཀྱི་བཤད་སྲོལ་བག་ལ་ཞ་བའི་རྒྱུར་གཏོགས་རྒྱུའི་བཤད་པ་གསར་པ་ཁྱབ་བདལ་དུ་མང་ན་རང་ཉིད་ཅོལ་ཆུང་བའི་ནང་ཆ་བསྟན་པར་མ་ཟད་རྡོ་རྗེ་སྙིང་པོའི་བསྟན་པའི་ཞབས་འདྲེན་དུ་འགྱུར་བས་དེ་ལྟར་མ་སོང་བར་བྱ། དེ་བཞིན་དུ་ཚོགས་འདོན་ལའང་གྲུབ་དབང་བླ་མའི་སྐུ་དུས་ནས་རྒྱུན་ཚུགས་པའི་ཆོས་སྤྱོད་རིགས་ལ་རུང་མཐུན་བརྩིས་པ་ཞིག་མ་གཏོགས་སོ་སོའི་སྣང་བར་གང་དྲན་གྱི་གསར་ལུགས་མང་པོ་མི་བྱེད། དལ་འབྱོར་རྙེད་དཀའ་ནས་བཟུང་སེམས་བསྐྱེད་བར་གྱི་ཁྲིད་རིམ་ལ་གོ་བ་ཅུང་ཟད་ཆགས་པ་དང༌། སྔོན་འགྲོའི་ཉམས་ལེན་འབུམ་ལྔའི་བསགས་སྦྱང་དང་བཅས་པ་གནད་སྨིན་གཏོང༌། དེ་ནས་རབ་རྩ་བ་གསུམ་གྱི་བསྙེན་སྒྲུབ་དང་དེ་ལྟར་མ་གྲུབ་ནའང་རིགས་འདུས་དང་འགྲོ་འདུལ་སྡུག་བསྔལ་རང་གྲོལ་གང་རུང་ལ་བསྙེན་པ་བྱེད་རྒྱུ་


LT17_Page_149
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྒྲུབ་སྡེ་མིང་དོན་མི་འཛོལ་བའི་ཐབས་ཚུལ་ལ་འབད། དེ་རྣམས་གཙོ་བོར་དགུན་བཅའ་བྱེད་ཚུལ་ཡིན། དུས་རྒྱུན་དུ་ཡང་བླ་རྣམ་དང༌། རྩ་གསུམ་གསོལ་ཀ་ཆགས་མེད་དང༌། བྱང་སེམས་ཀྱི་རྩ་ལྟུང་དང་སྔགས་ཀྱི་རྩ་ལྟུང་སྡོམ་ཚིག་བློ་ལ་བཟུང་ནས་ཉིན་རེ་བཞིན་བསྔོ་བགྲང་དང་བཅས་ཁ་ཏོན་དུ་བཟུང་བ་གལ་ཆེ་སྟེ། མངའ་རིས་པན་ཆེན་དང་ཀུན་མཁྱེན་བླ་མ་སོགས་ཀྱི་ཕྱག་བཞེས་ཀྱང་ཡིན། བནྡྷེས་སྐྱ་ཆས་གྱོན་པ་ལར་ཡང་བསྟན་པའི་མིག་ལྟོས་ལ་ཤིན་ཏུ་གནོད་ཅིང༌། ཁྱད་པར་དུ་ཚོགས་གྲལ་དང་དགོན་པའི་ནང་དུ་ཁྱིམ་པའི་ཆས་འཇུག་པ་མང་པོ་མཐོང་ན་གདོལ་སྤྱོད་ཀྱི་སྐྱེ་བོས་ཀྱང་ཁྲེལ་བ་དང༌། བསྟན་པ་ལ་མི་གུས་པའི་ཆག་སྒོ་ཆེན་པོའི་གཞིར་འགྱུར་བས། རྒྱུན་པར་སླག་སྐྱ་དང་སྐེ་རགས་སྔོན་དམར་འཆང་བ། གོས་བརྫི་བཅིང་བྱེད་པ། དགྲ་དོགས་མེད་པའི་སར་ཡང་གྲི་ཐུང་དང་ཤང་ལང་འདོགས་པ་སོགས་གཏན་ནས་མི་བྱེད། ཚོགས་གྲལ་དུ་སྐྱེས་པ་བུད་མེད་ཉལ་པོ་བྱེད་པའི་གཏམ་སོགས་ཁྱིམ་པ་སུན་འབྱིན་གྱི་ཀུན་སྤྱོད་ངན་པའི་རིགས་ལ་མི་འཇུག་ཅིང༌། གལ་སྲིད་འཇུག་མཁན་བྱུང་ན་རྒན་པ་རྣམས་ནས་བསྟན་པའི་ལ་རྒྱལ་བསམས་ཏེ་གླེང་དྲན་ཐོངས། དགེ་འདུན་པས་དམར་ཆོག་དང༌། བཙུན་པས་ཁེ་སྤོགས་ཆེན་པོ་དང་ཁྱད་པར་བཤས་ཚོང་བྱེད་པ། དགོན་ཁང་དུ་སེར་ཁྱིམ་འཛིན་པ་སོགས་སངས་རྒྱས་ཀྱི་བླ་འཚོང་ཞིང་རྒྱལ་བའི་བསྟན་པ་ལ་ཐན་སྐྱེལ་བ། འཕགས་པའི་དགེ་འདུན་གྱི་རྐང་འདྲེན་ཅིང༌། ལྷ་དཀར་ཕྱོགས་སྐྱོང་བས་མཐོང་ན་དམོད་


LT17_Page_150
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པའི་སྤྱོད་ངན་རྣམས་རེག་ཕུང་གི་དུག་བཞིན་རིང་པོ་བས་ཀྱང་ཆེས་རིང་པོར་སྤོངས། མེ་དང་ཐབ་ཁ་བུད་ཤིང་གི་ཚོགས་པ་རྣམས་ཡ་མ་བྲལ་ན་གཡོས་བསྐོལ་ཡོང་སྟེ། སོ་སོར་བྱས་ན་མི་ཡོང་བ་ལྟར་དགོན་པའི་སྤྱི་ཆུས་བརྟན་མི་བརྟན་ཐམས་ཅད་དགེ་འདུན་གྱི་ཐུགས་བློ་མཐུན་མི་མཐུན་འདི་ལ་རྩ་བ་ཐུག་འདུག་པས་ཆོས་མཐུན་གྱི་བྱ་བ་ཆེ་ཆུང་གང་ལ་ཡང་བཟང་པོ་ཟུར་ཐོན་དང༌། ངན་པ་མགོ་རྒྱལ་དུ་མི་འགྲོ་བར་བློ་སེམས་གཅིག་དྲིལ་དགོས་པ་བཅས། དགེ་བཅུའི་གྲངས་ལྡན་གྱི་རྩ་ཚིག་ཉེ་འཁོན་མེད་པར་སྨན་པ་དྲང་སྲོང་རི་ཥིའི་དཀྱིལ་འཁོར་ལྟ་བུ་འདི་ཉིད་གསུང་རྡོ་རྗེ་པདྨ་སཾ་བྷ་བ་དངོས་དང་དབྱེར་མི་ཕྱེད་པའི་རིག་འཛིན་གྱི་སློབ་དཔོན་ཆེན་པོ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཞབས་ཀྱིས་བཀའ་དྲིན་གྱིས་འཚོ་བའི་མང་ཐོས་ད་རི་དྲ་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཏུ་ཁྱབ་པའི་དཔལ་གྱིས་ལྷག་བསམ་བཟང་པོས་བྲིས་པ་མཚོ་སྐྱེས་རྒྱལ་བ་གཉིས་པའི་ཕྲིན་ལས་ཀྱི་གྲོགས་སུ་འགྱུར་བར་རྩ་གསུམ་རྒྱ་མཚོའི་དགེ་བས་བྱིན་གྱིས་རློབས་ཤིག་གུ།། །།

སྐྱབས་འགྲོའི་རྣམ་བཞག

༈ སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་པོ་ཆེའི་འབྱུང་གནས། ཐར་པའི་ལམ་གྱི་སྒོ་མོ་ཆེ། བདེ་ལེགས་མཐའ་དག་གི་རྩ་བ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་རྣམ་བཞག་བསྡུས་ཏེ་བསྟན་པ་ལ། སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་འགྲོ་ཚུལ། སྐྱབས་འགྲོའི་བསླབ་བྱ། དེའི་ཕན་ཡོན་བཤད་པ་སྟེ་བཞི་ལས། དང་པོ་ལ་སྐྱབས་ཡུལ་ངོས་བཟུང་བ་དང༌། སྐྱབས་དེ་ཉིད་རིགས་པས་སྒྲུབ་པ་སྟེ་གཉིས་ལས། དང་པོ་ནི། སྤྱིར་འཇིག་རྟེན་པའི་


LT17_Page_151
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཚངས་པ་དང་དབང་ཕྱུག་ལ་སོགས་པ་འཇིག་རྟེན་ན་སྐྱབས་སུ་གྲགས་པ་མང་མོད་ཀྱི། སྲིད་པ་སྡུག་བསྔལ་གྱི་རང་བཞིན་རྨིང་ནས་སྒྱེལ་བ་ལ་མཚུངས་ཟླ་མ་མཆིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་ཡིན་ལ། དེའི་ཕྱིར་དེ་ཉིད་དང༌། དེས་བསྟན་པ་དམ་པའི་ཆོས་དང༌། དེའི་སྲས་སློབ་མ་དང་བཅས་པ་རྣམས་ལ་སྐྱབས་ཡང་དག་ཏུ་བཟུང་བ་ནི་དངོས་པོའི་དོན་དང་མཐུན་པ་ཡིན་པས། འདིར་དཀོན་མཆོག་རིན་པོ་ཆེ་གསུམ་གྱི་ཡོན་ཏན་མདོ་ཙམ་དང་བཅས་པའི་ངོ་བོ་དང་དབྱེ་བ་འཆད་ན། ཤེས་བྱ་ཐམས་ཅད་ལ་མཁྱེན་པ་དུས་གཅིག་ཏུ་འཇུག་པའི་ཡེ་ཤེས་དང༌། དེ་དང་ལྡན་པའི་འགོག་བདེན་མཐར་ཐུག་དང༌། དེ་དག་རྒྱུད་ལྡན་གྱི་གང་ཟག་སངས་རྒྱས་དཀོན་མཆོག་སྟེ། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་ལྡན་གྱི་སྐྱབས་གནས་མཐར་ཐུག་དེ་ཉིད་དོ། །དེ་ལ་ཡོན་ཏན་བརྒྱད་ནི། དེ་བཞིན་གཤེགས་པའི་ཆོས་ཉིད་རང་བཞིན་མེད་པའི་མཚན་ཉིད་ཅན་དེ་ཉིད་རྒྱུ་རྐྱེན་གྱི་རྩོལ་སྒྲུབ་ལས་མ་བྱུང་བས་འདུས་མ་བྱས། གཉེན་པོའི་འབད་རྩོལ་གྱིས་སྤང་བྱ་ཆེད་དུ་བཀག་མི་དགོས་པར། སྔ་ནས་ཆགས་ཐོགས་ཀྱི་དྲི་མ་མཐའ་དག་སྦྱངས་ཟིན་པའི་ལག་རྗེས་སུ་གློ་བུར་གྱི་སྒྲིབ་པ་གཞར་ཡང་མ་མཆིས་པའི་ངོ་བོར་ལྷུན་རྫོགས་པས་ལྷུན་གྱིས་གྲུབ་པ། དེ་ཉིད་ཀྱི་དོན་འཕགས་པའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་དུ་མཐོང་བ་མ་གཏོགས་པར་རང་རང་གི་ངོ་བོ་སྒྲ་རྟོག་ཐ་སྙད་ཀྱིས་དངོས་སུ་མཐོང་བར་བྱར་མེད་པས་གཞན་


LT17_Page_152
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྱིས་རྟོགས་མེད། ཕྱོགས་དུས་སྲིད་དང་ཞི་བའི་ཐ་སྙད་ཀྱི་ཤེས་བྱ་སྔ་ཕྱིའི་ངེས་པ་ལ་མ་ལྟོས་པར་སེམས་ཀྱི་སྐད་ཅིག་གཅིག་ལ་གཟིགས་ཀྱང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གཤིས་སུ་མཉམ་པར་བཞག་པའི་ཡེ་ཤེས་དེ་ཡང་མི་འདོར་བས་ན་ཐམས་ཅད་མཁྱེན་པ། འགོག་པ་ཡང་དག་པའི་མཐའ་མངོན་དུ་མཛད་ཀྱང༌། མཐའ་ཡས་པའི་སེམས་ཅན་གྱི་ཁམས་ལ་སྙིང་རྗེ་ཆེན་པོའི་འཇུག་པ་རྒྱུན་མི་འཆད་པར་སུ་ནི་རྒུད། སུ་ནི་ཉམ་ཐག་སུ་ཞིག་ནི་དགྲོལ་བར་བྱ་ཞེས་དགོངས་ཤིང་སྲས་སྒྲ་གཅན་ཟིན་བཞིན་དུ་སྙོམས་པར་བརྩེ་བས་ན་བརྩེ་བ། སྨོན་ལམ་གྱི་མཐུ་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཐབས་ལ་མཁས་པའི་སྒོ་ཟད་མི་ཤེས་པས་སེམས་ཅན་ཚད་མེད་པ་རྣམས་རང་རང་གི་སྐལ་པ་ཇི་ལྟ་བ་བཞིན་དུ་སྨིན་ཅིང་གྲོལ་བར་མཛད་པས་ན་མཐུ་ལྡན། གང་ཟག་གང་ཞིག་གི་རྒྱུད་ཀྱི་ཆོས་ཉིད་གློ་བུར་གྱི་ཉེས་པ་ཀུན་ལས་གྲོལ་བའི་ཆོས་མཆོག་མྱ་ངན་མེད་པའི་གོ་འཕང་འདུས་མ་བྱས་སོགས་ཡོན་ཏན་གསུམ་ལྡན་ངོ་བོ་ཉིད་སྐུ། འབྲས་བུ་ཆོས་སྐུའི་ནང་ཚན་ཡེ་ཤེས་ཆོས་སྐུ་གཟུགས་ཀྱི་སྐུ་རྣམ་པ་གཉིས་དང་བཅས་པ་མཁྱེན་པ་སོགས་ཡོན་ཏན་གསུམ་ལྡན་གཞན་ཕན་ཕྲིན་ལས་ཀྱི་བདག་ཉིད་དེ། དབྱེ་བ་དྲུག་དབྱེ་གཞི་གཉིས་དང་བརྒྱད་དོ། །འཕགས་པ་རྣམས་ཀྱི་ཡེ་ཤེས་གཟིགས་པ་དང༌། དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་འགོག་བདེན་སོ་སོར་བརྟགས་པ་ལས་ཐོབ་པ་ནི་ཆོས་དཀོན་མཆོག་སྟེ། བསམ་མེད་སོགས་ཡོན་ཏན་བརྒྱད་ལྡན་གྱི་རྣམ་བྱང་བདེན་པའོ། །ཡོན་ཏན་བརྒྱད་ནི། ཡོད་དང་མེད་པ། གཉིས་ཀ་དང་གཉིས་མིན་ཏེ་མཐའ་


LT17_Page_153
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་མཚན་མ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་རྣམ་པར་དག་ཅིང་དོན་དམ་གཟིགས་པའི་མདུན་ན་གཟོད་ནས་མ་སྐྱེས་པའི་རང་བཞིན་ཡིན་ལ། འགོག་བདེན་དོན་དམ་པའི་བདེན་པར་བསྡུ་བའི་ཕྱིར་བསམ་མེད། ལས་དང་ཉོན་མོངས་པའི་ཀུན་འབྱུང་ཅི་རིགས་གཏན་དུ་ཟད་པའི་བདག་ཉིད་ཡིན་པ་དང༌། རང་གི་ངོ་བོ་ཤེས་དང་ཤེས་བྱའི་གཉིས་སྣང་དང་བྲལ་བས་ན་གཉིས་མེད། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཉེས་པ་ཀུན་གྱི་རྒྱུ་བ་ཤིན་ཏུ་ཟད་པས་ན་རྣམ་པར་རྟོག་མེད། དེའང་མཐོང་ལམ་ལ་སོགས་པར་མ་དག་ས་བདུན་གྱི་བར་ཆད་མེད་ལམ་དུ་ཚུལ་མིན་ཡིད་བྱེད་ཀྱི་རྒྱུ་བ་ཀུན་འཛད་པ་ཞིག་དགྲ་བཅོམ་རྟོགས་པ་སྔོན་སོང་མ་གཏོགས་པ་མེད་མོད་ཀྱི། དེ་དག་གི་འགོག་བདེན་ནི། ཚུལ་མིན་ཡིད་བྱེད་ཐམས་ཅད་ལས་འདས་པ་ཡིན་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་རོ། །འོན་ཀྱང་འདི་ལ་སོ་སོ་སྐྱེ་བོའི་ཆོས་ཉིད་འགོག་བདེན་དུ་ཐལ་བ་འགོག་པའི་ཕྱིར་སྔར་གྱི་ཀུན་ཞེས་པ་ཅི་རིགས་པ་ལ་སྙེགས་པར་བྱའོ། །འཕགས་པའི་ཡེ་ཤེས་གཟིགས་པ་ནི་རང་རང་གི་ངོ་སྐལ་གྱི་སྤང་བྱ་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་སླར་མི་སྐྱེ་བའི་ཚུལ་དུ་སྤངས་པས་དག་ལ། ཤེས་བྱ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཆོས་ཀྱི་མིག་རྡུལ་མེད་པ་ཡིན་པས་གསལ་བ། དེའི་བར་ཆད་མེད་པའི་ལམ་གྱིས་རང་གི་སྤང་བྱ་དངོས་སུ་འགོགས་ཤིང༌། རྣམ་པར་གྲོལ་བ་དང་རྗེ་ལ་ཐོབ་པའི་ལམ་རྣམས་ཀྱང་དེའི་ཕྱོགས་སུ་གྱུར་པས་གཉེན་པོའི་ཕྱོགས། ཤེས་པ་དང་གཟུགས་དང་ལྡན་


LT17_Page_154
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་པའི་འདུ་བྱེད་གང་དུའང་མི་གཏོགས་པའི་རྣམ་བྱང་བདེན་པ་གང་ཞིག །བསམ་མེད་སོགས་ཡོན་ཏན་གསུམ་གྱི་དབྱེ་གཞིར་གྱུར་པ་འགོག་བདེན། ཤེས་པས་བསྡུས་པའི་རྣམ་བྱང་བདེན་པ་གང་ཞིག །དག་གསལ་སོགས་ཡོན་ཏན་གསུམ་གྱི་དབྱེ་གཞིར་གྱུར་པ་ལམ་བདེན་ཏེ་བརྒྱད་དོ། །འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་དང༌། འཕགས་པ་ཉན་ཐོས་ཐེག་ཆེན་གྱི་ཚོགས་སྦྱོར་ལ་གནས་པ་རྣམས་ནི་དགེ་འདུན་དཀོན་མཆོག་སྟེ། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རིགས་གནས་ཀྱི་འཕགས་པའོ། །ཡོན་ཏན་བརྒྱད་ནི། མཉམ་བཞག་ཏུ་ཆོས་རྣམས་ཀྱི་རང་བཞིན་སྟོང་ཞིང་བདག་མེད་པ་མ་ནོར་བར་མངོན་སུམ་དུ་གཟིགས་པས་ཇི་ལྟ་བ་རིག་པ། རྗེ་ལ་ཐོབ་པའི་ཡེ་ཤེས་ཀྱིས་ཐ་སྙད་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་རྟོགས་པར་ཁོང་དུ་ཆུད་པས་ན་ཇི་སྙེད་པ་རིག་པ། ཟབ་མོ་སྟོང་པ་དང་རྒྱ་ཆེ་བ་རྟེན་འབྱུང་གི་ཚུལ་གདོད་ནས་རོ་གཅིག་པར་ཤེས་ཤིང་རྟོགས་པས་ནང་ཡེ་ཤེས་རིག་པ། ཉོན་མོངས་པའི་སྒྲིབ་པ་ཀུན་གཏགས་དང་ལྷན་སྐྱེས་ཀྱི་ཕྱོགས་ཅི་རིགས་པ་རྣམ་པར་ཟད་དེ་ཀུན་སྦྱོར་གྱི་རྒྱུ་བ་གཏིང་ནས་ཆད་པས་ཆགས་སྒྲིབ་ལས་གྲོལ་བ། ཤེས་བྱའི་སྒྲིབ་པ་ཕྲ་བ་དང་རགས་པའི་ཚོགས་ཇི་ལྟར་རིགས་པ་གཉེན་པོ་ཡེ་ཤེས་ཀྱི་རྡོ་རྗེས་ངེས་པར་བཅོམ་པས་ཐོགས་སྒྲིབ་ལས་གྲོལ་བ། དེའང་ཉན་རང་དགྲ་བཅོམ་མན་ཆད་ཀྱིས་ཐོགས་སྒྲིབ་སྤང་བ་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་མིན་པ་མེད་ལ། གཉིས་རྣམ་


LT17_Page_155
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བས་ཀྱང་འཇིག་རྟེན་པའི་ལམ་གྱིས་སྙོམས་འཇུག་གི་སྒྲིབ་པ་སྤང་བ་ཙམ་ཞིག་ལས། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཤེས་སྒྲིབ་སྐོར་དགུའི་བྱེ་བྲག་སྤང་བ་ནི་མེད་དེ། ནམ་ཞིག་ན་དེ་དག་ཀྱང་ཐེག་ཆེན་གྱི་ས་བཅུར་ཞུགས་པའི་ཚེ་གདོད་ས་དང་པོ་ནས་བཟུང་ཤེས་བྱའི་སྒྲིབ་པ་ཕྲ་རགས་བཅུ་སྤོང་བ་ཡིན་ནོ། །རང་དོན་ལྷུར་ལེན་པ་སྤངས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ངེས་པ་ལ་ཞུགས་པས་ན་དམན་སྒྲིབ་ལས་གྲོལ་བ། འཕགས་པ་ཡེ་ཤེས་ནམ་མཁའ་ལྟར་ཆགས་པ་མེད་པའི་སྤྱོད་ཡུལ་ཅན་ཆོས་རྣམས་ཀྱི་གནས་ལུགས་དང་མཐུན་པར་ཞུགས་པ་ཇི་ལྟ་བ་རིག་པ་སོགས་ཡོན་ཏན་གསུམ་ལྡན། ཡེ་ཤེས་དེ་དག་ཉིད་ཀྱིས་ཆོས་དབྱིངས་སྨྲ་བསམ་བརྗོད་མེད་ཡང་དག་པར་རྟོགས་པའི་གནད་ཀྱིས་ཟག་པ་གནས་ངན་ལེན་དང་བཅས་པ་ཇི་ལྟར་རིགས་པ་བཞིན་དུ་བཀག་པས་ཆགས་གྲོལ་སོགས་ཡོན་ཏན་གསུམ་ལྡན་གྲོལ་བ་སྟེ་བརྒྱད་དོ། །དེའང་སངས་རྒྱས་ཀྱི་ཡོན་ཏན་ཕྱི་མ་གསུམ། ཆོས་ཀྱི་ཡོན་ཏན་དྲུག་དང༌། དགེ་འདུན་གྱི་ཡོན་ཏན་གྲོལ་བ་གསུམ་ནི་མེ་དང་ཚ་བ་བཞིན་དུ་ལྡན་ཆོས་དང་ལྡན་གཞི་དོན་དུ་གཅིག་པར་རུང་ལ། གཞན་དྲུག་ནི་གང་ཟག་ལྡན་མིན་འདུ་བྱེད་དུ་བཞེད་པ་རྣམས་ཀྱི་ལུགས་ལྟར་ན། དགེ་འདུན་གྱི་གསུམ་པོ་ས་བོན་དང་དེས་བསྐྱེད་པའི་ནུས་པ་བཞིན་དུ་སོ་སོར་གཅད་ཅིང་འབྲལ་དུ་མེད་མོད། བློ་དང་ལྡན་མིན་དུ་ཕྱེ་བས་གཞི་གཅིག་པའང་མ་ཡིན་ལ། སངས་རྒྱས་


LT17_Page_156
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡོན་ཏན་གསུམ་ནི་ངོ་བོ་ཉིད་སྐུ་དང་སྦྱར་བ་ན་ཆོས་དཀོན་མཆོག་གི་སྐབས་བཞིན་དང༌། སངས་རྒྱས་འཕགས་པ་དང་སྦྱར་ན་དགེ་འདུན་དང་རིག་པ་གསུམ་སྦྱར་བ་བཞིན་ནོ་ཞེས་པ་ཁོ་བོའི་འཁྲུལ་རྟོག་ཙམ་མོ། །དེ་དག་གི་སྒྲ་བཤད་ནི། རྒྱ་དཔེར། དཀོན་མཆོག་གི་སྐད་དོད་རཏྣ་ཏྲ་ཡཱ་ཡ་ཞེས་པ་རིན་ཆེན་རྣམ་གསུམ་དུ་བསྒྱུར་རྒྱུ་ཡིན་ཡང༌། དཀོན་མཆོག་ཅེས་པ་རིན་ཆེན་རྣམ་གསུམ་དཔེ་མིང་དོན་ལ་འདོགས་པའི་རྒྱུ་མཚན་དྲུག་པོའི་ཐོག་མཐའ་བསྡུས་པ་སྟེ། རྒྱུ་མཚན་དྲུག་པོའི་མིང་ཙམ་སྨོས་ན། རྙེད་དཀའ་བ་དང༌། དྲི་མ་ཅི་རིགས་ཟད་པ་དང༌། ཡོན་ཏན་ཆེན་པོའི་མཐུ་མངའ་བ་དང༌། འཇིག་རྟེན་ན་ཕན་པ་ཀུན་གྱི་རྩ་བར་གྱུར་པ་དང༌། རྣམ་པར་གྲོལ་བའི་གནས་སྟེར་བ་དང༌། འགྱུར་བ་མེད་པར་རྟག་ཏུ་ཕན་པ་མཛད་པའི་མཆོག་ཡིན་པའོ། །བྱེ་བྲག་གི་སྒྲ་ཉུང་ངུར་བཤད་ན། ཆགས་ཐོགས་ཀྱི་སྒྲིབ་པའི་མུན་ནག་ཆེན་པོ་སངས་པ་དང༌། ཡོན་ཏན་གྱི་སྣང་བ་གསལ་བ་རབ་ཀྱི་མཐར་ཐུག་པར་རྒྱས་པས་ན་སངས་རྒྱས། བདག་མེད་ཡང་དག་པར་རྟོགས་པའི་ཐབས་ཀྱིས་སྲིད་ལས་རྣམ་གྲོལ་ཞི་བའི་སར་འཛིན་པས་ན་ཆོས་ཞེས་སྤྱི་མིང་བྱེ་བྲག་ལ་བཏགས་ཤིང༌། བདུད་བྱེ་བ་ཁྲག་ཁྲིག་གིས་ཀྱང་མི་ཕྱེད་པའི་དད་པ་བརྟན་པོས་དཀོན་མཆོག་གསུམ་འཁུར་བས་དགེ་འདུན་ཏེ་བློ་དགེ་བ་དང་འདུན་པ་ལ་བྱའོ། །འདིའི་དད་པ་ནི་སློབ་དཔོན་སའི་རྩ་ལག་གིས་ཤེས་ནས་དད་པ་ཞེས་བཤད་ཅིང༌། ཤེས་ནས་དད་པ་ནི། མཛོད་ལས། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང༌། །ཆོས་ལ་ཤེས་ནས་དད་པ་ཐོབ། །ལམ་མངོན་རྟོགས་ན་


LT17_Page_157
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང༌། །དེ་ཡི་དགེ་འདུན་ངག་ལ་ཡང༌། །ཞེས་འཕགས་ལམ་བརྙེས་པའི་ཚེ་འཐོབ་པར་བཤད་དོ། །འདི་སྐབས་སུ་བཤད་དགོས་པ་ཤིན་ཏུ་མང་ཡང་ཡི་གེ་ཉུང་ངུར་འདོད་པ་དང༌། ཚོང་པས་འོ་མ་བཙོང་བའི་དཔེ་ལྟར་འགྱུར་དུ་དོགས་ནས་བཞག་གོ །གཉིས་པ་ལ། སྤྱིར་དཀོན་མཆོག་གསུམ་ཡོད་པར་སྒྲུབ་པ་དང༌། དེ་ཉིད་སྐྱབས་ཡང་དག་ཏུ་སྒྲུབ་པ་གཉིས། དང་པོ་ནི། སྤྱིར་འཇིག་རྟེན་ན་སུ་ཞིག་འཁྲུལ་པའི་ཉེས་པ་དུ་མའི་གཞན་དབང་དུ་སོང་བ་དེ་དག་ཐམས་ཅད་ཀྱང་རྐྱེན་སྣང་གློ་བུར་བའི་མཐུ་ལས་གྱུར་པ་མ་གཏོགས་པ་སེམས་ཀྱི་རང་བཞིན་དེ་ལྟ་བུ་མ་ཡིན་ཞིང༌། ངང་གིས་ཕྱིན་ཅི་མ་ལོག་པ་ཁོ་ན་སྟེ། གེགས་ཕྱིའི་མུན་པ་དང༌། ནང་གི་མིག་མི་གསལ་བ་ལ་སོགས་པའི་དབང་གིས་ཐག་ཁྲ་སྦྲུལ་སྣང་གི་ཤེས་པ་ལྟར་དོན་དང་མི་མཐུན་པ་གང་ཟག་འགའ་ཞིག་ལ་འབྱུང་མོད་ཀྱི། དེ་འགལ་རྐྱེན་དེ་མེད་དུ་ཟིན་ན་ཐག་པ་དང་སྦྲུལ་ལ་དོན་བཞིན་དུ་འཛིན་པ་བཞིན་ནོ། །དེ་ལྟར་ན་སྲིད་པའི་སྣང་བ་རྣམས་ཀྱང་དྲི་མ་གློ་བུར་བའི་དབང་གིས་བྱུང་བ་མ་གཏོགས་སེམས་ཀྱི་གཤིས་སུ་ཞུགས་པ་མ་ཡིན་ལ། དྲི་མ་དེ་ཉིད་སྦྱོང་བར་བྱེད་པའི་ཐབས་མེད་ན་དེ་གློ་བུར་བ་ཡིན་ཀྱང་རྣམ་པར་དག་པའི་གནས་མི་རྙེད་མོད་ཀྱི། ཉེས་པ་ཀུན་གྱི་རྩ་བ་མ་རིག་པ་དང་རྣམ་པ་འགལ་བའི་ཡེ་ཤེས་བདག་མེད་རྟོགས་པའི་ཤེས་རབ་ཡོད་དེ། འདིས་སྒྲིབ་པ་སྤོང་བར་འགྲུབ་ལུགས་ནི། དཔེ་ཞིག་གིས་སྟོན་ཏེ། ནོར་བདག་དང་རྐུན་པོ་གཉིས་རྩོད་ཅིང་ཤག་འགྱེད་པ་ན། རྐུན་པོས་ངས་རྫས་དེ་


LT17_Page_158
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྐུས་ཞེས་བྱས་ཚེ། ནོར་བདག་གིས་བྱ་ཝང་ལ་མཇུག་སྒྲོ་ཡོད་དོ་ཞེས་བྱ་བ་སོགས་བརྗོད་པས་ཁོ་མི་ཕམ་གྱི། ཁྱོད་ཀྱིས་བརྐུས་སོ་ཞེས་དམ་བཅའ་བ་འཛིན་དགོས་སོ། །དེ་ནི་རྐུན་པོའི་ཚིག་དང་རྣམ་པ་འགལ་མི་འགལ་གྱི་དབང་གིས་ཡིན་ལ། དེའང་རྣམ་པ་འགལ་ཙམ་གྱིས་རྐུན་པོ་མི་ཕམ་གྱི། ནོར་བདག་ལ་དོན་ཡོད་པ་ཞིག་ཅི་ནས་ཀྱང་དགོས་ཏེ། ཚིག་ཕུགས་མེད་ཀྱིས་གཏམ་ཁུངས་ཅན་མི་ཐུབ་པའི་ཕྱིར་ཏེ། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡོད་མེད་འདུག་པའི་ཕྱིར་རོ། །དེ་བཞིན་དུ་བྱམས་པ་ལ་སོགས་པའང་སྲིད་རྩ་དང་རྣམ་པ་འགལ་བ་མ་ཡིན་ཞིང༌། བདག་མེད་རྟོགས་པའི་བློ་ནི་མ་རིག་པའི་ལྡོག་ཕྱོགས་ཀྱི་འཛིན་སྟངས་ཅན་ཡིན་པ་དང༌། ཆོས་ཐམས་ཅད་རང་བཞིན་མཉམ་པའི་གནད་ཀྱིས་བདག་མེད་རྟོགས་པ་ཚད་མར་གྲུབ་ཅིང༌། བདེན་ཞེན་ནི་རྩ་བ་མི་བརྟན་པའི་ལོག་ཤེས་སུ་གྲུབ་བོ། །བདག་མེད་མཁྱེན་པ་དེའང་ནན་ཏན་དུ་ཐབས་དང་བཅས་ཏེ་བསླབ་ན་འདོད་འཇིགས་གོམས་པའི་སྣང་བ་བཞིན་དུ་བློ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ནུས་པ་མཐུ་ཅན་དུ་བྱེད་ཅིང་བློའི་རང་བཞིན་ཚད་མེད་པ་ནམ་མཁའ་ལྟར་མཐའ་ཡས་པའི་ཚུལ་དུ་མངོན་པར་སྣང་བ་འགྲུབ་པར་འགྱུར་ཞིང༌། སྒྲིབ་པ་མ་ལུས་པ་ཡོངས་སུ་སྲབ་པ་དང༌། རབ་ཏུ་བྱང་བ་དང༌། ཤིན་ཏུ་ཟད་པའི་མཐར་ཐུག་པར་གྲུབ་བོ། །དེ་ཙ་ན་མཁྱེན་པ་དེ་ཉིད་ཐོག་མར་སྒོམ་པའི་ཚོགས་སྦྱོར་གྱི་ལམ་དང༌། བར་དུ་གསལ་སྣང་ཐོན་པ་འཕགས་པ་སློབ་པའི་ལམ་དང༌། དེ་ཉིད་མཐར་ཕྱིན་པ་ཐམས་ཅད་མཁྱེན་པ་སྟེ། བར་པ་ཆོས་དཀོན་


LT17_Page_159
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འབའ་ཞིག་པ་དང༌། ཕྱི་མ་སངས་རྒྱས་དང་ཆོས་སུ་གྲུབ་བོ། །མཁྱེན་པ་དེ་སྲིད་རྩ་སྤངས་པའི་འགོག་བདེན་འཕགས་པ་སློབ་ལམ་པའི་ཐུགས་རྒྱུད་ན་བཞུགས་པ་ཆོས་དཀོན་མཆོག་ཁོ་ན་པ་དང༌། དེ་མཐར་ཕྱིན་པ་ཆོས་དང་སངས་རྒྱས་དཀོན་མཆོག་གཉིས་ཀ་ཡིན་པ་ངོ་བོ་ཉིད་སྐུའོ། །མཁྱེན་པ་དེ་དང་འགོག་བདེན་དེ་དག་རྒྱུད་ལྡན་གྱི་གང་ཟག་ཡོད་པས། དགེ་འདུན་དཀོན་མཆོག་ཁོ་ན་པ་སློབ་པ་འཕགས་པ་དང༌། ཉན་རང་མི་སློབ་ལམ་པ་གཉིས། སངས་རྒྱས་དང་དགེ་འདུན་གཉིས་ཀ་བ་སངས་རྒྱས་འཕགས་པ་དང་བཅས་ཡོད་པར་གྲུབ་བོ། །དོན་འདི་རྒྱ་ཆེར་རྣམ་འགྲེལ་ལས་རྟོགས་པར་བྱའོ། །གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡིན་ཏེ། མཐའ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་དབང་བསམ་པའི་ཁྱད་པར་ཕྲ་ཞིང་ཕྲ་བ་དང༌། དེ་དག་གང་གིས་འདུལ་བའི་ཐབས་ཆ་དང་བཅས་པ་ཐམས་ཅད་མཁྱེན་ཅིང་གཟིགས་པའི་ཕྱིར་དང༌། མ་གཅིག་པོའི་བུ་སྡུག་བཞིན་དུ་སེམས་ཅན་ཐམས་ཅད་ལ་རྟག་ཏུ་གཟིགས་པས་སེམས་ཅན་གཅིག་གི་ཕྱིར་ཡང་བསྐལ་པ་ཁྲག་ཁྲིག་མང་པོར་བརྩོན་འགྲུས་ཀྱི་གོ་ཆ་སྲ་བ་མནབས་པའི་ཐུགས་རྗེ་ཆེན་པོ་མཐར་ཕྱིན་པའི་ཕྱིར་དང༌། སངས་རྒྱས་ཀྱི་སྟོབས་ཚད་མེད་པ་ལ་འགལ་རྐྱེན་བྱེད་པའི་སྒྲིབ་པ་ཐམས་ཅད་བསལ་ཏེ་རྡོ་རྗེའི་སྟོབས་བླ་ན་མ་མཆིས་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་


LT17_Page_160
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྲིན་ལས་གསུམ་དང་ལྡན་ན་གཞན་དོན་མི་ནུས་མི་སྲིད་དོ། །དམ་པའི་ཆོས་དཀོན་མཆོག་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡིན་ཏེ། སུས་སྲིད་པ་རྨིང་སྒྱེལ་གྱི་ལམ་ཉམས་སུ་བླང་ཞིང༌། མྱ་ངན་ལས་འདས་པ་རྡུལ་མེད་བསིལ་བའི་གོ་འཕང་རྒྱུད་ལ་བསྟེན་པ་དེ་དག་ནི་རྒུད་པ་གཞི་དང་བཅས་པ་གཏན་དུ་ལྡོག་ནུས་པའི་ཕྱིར་རོ། །འཕགས་པའི་དགེ་འདུན་ནི་འགྲོ་བ་རྣམས་ཀྱི་སྐྱབས་ཡིན་ཏེ། སུས་སྐྱབས་སུ་སོང་བ་ཐམས་ཅད་ནམ་དུ་ཡང་སླུ་བར་མི་མཛད་པའི་ཕྱིར་དང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཟག་པ་དང་བྲལ་བའི་བྱིན་རླབས་ཚད་མེད་པ་མངའ་བའི་ཕྱིར་རོ། །དེ་ལྟ་ན་སྲིད་པའི་འགྲོ་བ་ཞིང་རྡུལ་ལས་ཀྱང་ཆེས་མང་བ་འདི་རྣམས་དཀོན་མཆོག་གི་བྱིན་གྱིས་བརླབས་པས་ཅིའི་ཕྱིར་གྲོལ་བར་མི་མཛད་དེ། དངོས་རྒྱུ་ནུས་པ་ཐོགས་མེད་ཚང་བའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། རྣམ་པར་གྲོལ་བ་མ་རྙེད་པའི་སེམས་ཅན་རྣམས་ལ་ཕྱིའི་རྐྱེན་སྐྱབས་གསུམ་མ་ཚང་བ་མེད་ཀྱང༌། ནང་གི་རྐྱེན་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་དགེ་བའི་ཚོགས་གོང་ནས་གོང་དུ་སྤེལ་བ་མེད་པའི་ཕྱིར་ཏེ། ཆུ་ཟླའི་རྣམ་པ་གཏོད་བྱེད་ཀྱི་ཟླ་བ་ཡོད་ཀྱང༌། གཏད་ཡུལ་ཆུ་སྣོད་མེད་ན་ཟླ་བའི་གཟུགས་བརྙན་མི་འཆར་བ་བཞིན་ནོ། །མདོར་ན་ཕྱི་རོལ་པའི་སྐྱབས་གནས་དྲག་པོ་ལ་སོགས་པ་ནི་ཀུན་འབྱུང་གི་ཆུ་བོས་ཁྱེར་བས་བདག་ཉིད་མ་སྨིན་པའི་སྟོབས་ཀྱིས་འཇིགས་པ་དང་བཅས་པ་ཡིན་ལ། དཀོན་མཆོག་གསུམ་ནི་དེ་ཁོ་ན་ཉིད་དང་མཚུངས་པར་ཞུགས་


LT17_Page_161
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐུ་མངའ་བ་སྟེ་ནམ་མཁའ་དང་ལག་མཐིལ་མཉམ་ཞིང་སྐད་ཅིག་དང་བསྐལ་པ་མཉམ་པའི་ཆོ་འཕྲུལ་གྱི་རོལ་མོ་ཟད་མི་ཤེས་པ་མངའ་བས་བྱིན་རླབས་ཀྱི་ཁྱད་པར་ཤིན་ཏུ་ཞུགས་པ་ཡིན་ནོ། །གཉིས་པ་ལ། སྐྱབས་འགྲོ་འབྱུང་བའི་རྒྱུ་དང༌། སྐྱབས་འགྲོ་དངོས་བཤད་པ་གཉིས། དང་པོ་ནི། བདག་ཉིད་འཇིགས་པ་དང་བཅས་པར་ཤེས་ནས་ཅི་ནས་ཀྱང་དེ་ལས་ཐར་བར་འདོད་པ་དང༌། དེ་ལས་སྐྱོབ་པའི་སྐྱབས་གནས་ཚོལ་བ་དང༌། སྐྱབས་དེ་དཀོན་མཆོག་གསུམ་འབའ་ཞིག་ཏུ་ཡིད་ཆེས་པ་དང༌། དེ་དག་ལ་སྐྱབས་སུ་མ་སོང་ན་སྐྱབས་གནས་བཟང་ཡང་བདག་ཉིད་སྐྱོབ་པའི་ཡུལ་དུ་མི་འགྱུར་བར་ཤེས་པ་རྣམས་ཚོགས་ན་སྐྱབས་སུ་འགྲོ་བ་སྐྱེའོ། །དེའང་སྐྱེས་བུ་ཆུང་ངུ་ནི་ངན་སོང་གི་འཇིགས་པས་སྐྲག །འབྲིང་ནི་དེ་ཙམ་དུ་མ་ཟད་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱིས་སྐྲག །ཆེན་པོ་ནི་དེ་ཡང་མ་བས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་གིས་སྐྲག་ནས་གསུམ་ལ་སྐྱབས་སུ་འགྲོ་བའོ། །སྐྱེས་བུ་གསུམ་ནི། འཁོར་བའི་ཕུན་ཚོགས་ཙམ་དོན་དུ་གཉེར་བ་དང༌། རང་དོན་དུ་ཞི་བ་དོན་དུ་གཉེར་བ་དང༌། ལྷག་བསམ་རྣམ་དག་ཐོབ་པ་སྟེ་གསུམ་པོ་གོ་རིམ་བཞིན་ཏེ། ཞར་ལ་འོངས་པའོ། །གཉིས་པ་ནི། སྤྱིར་སྐྱབས་འགྲོའི་ངོ་བོ་ལ། སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་མངོན་མཛོད་རང་འགྲེལ་དུ། ངག་གི་རྣམ་པར་རིག་བྱེད་དགེ་བ་ཞིག་ཡིན་པར་བཤད་ཅིང༌། སློབ་དཔོན་འགའ་ཞིག་དང༌། ཕལ་ཆེར་དཀོན་མཆོག་གསུམ་ལ་དཔུང་གཉེན་དུ་རེ་བའི་སེམས་པར་ངོས་འཛིན་་


LT17_Page_162
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཡོད་ཀྱང༌། ཤིང་རྟ་ཆེན་པོར་སྐྱེས་བུ་འབྲིང་གི་སྐྱབས་འགྲོ་འཆད་པ་ན། ཉན་རང་ནི་རང་དོན་དུ་སྲིད་པས་འཇིགས་ནས་དད་པ་གསུམ་བསྐྱེད་པའོ། །ཞེས་རྒྱུ་སྲིད་པ་ལ་སྐྱོ་ཞིང་འཇིགས་ཏེ་འབྲས་བུ་སྐྱབས་འགྲོ་སྐྱེ་བར་བཤད་པར་བཞེད་ནས། དེ་སྐད་གསུངས་པའི་ཕྱིར་དད་པ་ཉིད་དུ་དགོངས་སོ། །དོན་དུ་མི་གང་དག་འཇིགས་པས་སྐྲག་ནས་རྒྱལ་པོ་ལ་སོགས་པ་ལ་སྐྱབས་འཚོལ་བ་དེའི་ཚེ། རྒྱུ་དང་དུས་ཀྱི་ཀུན་སློང་གི་ཤེས་པ་ངག་གི་རྣམ་པར་རིག་བྱེད་དང་བཅས་པས་འབངས་སུ་དམ་བཅས་པ་དེ་ཙམ་གྱིས་སྐྱབས་སུ་སོང་བ་ཡིན་པ་ལྟར། དཀོན་མཆོག་གསུམ་ལ་དཔུང་གཉེན་གྱི་འདུ་ཤེས་བཞག་སྟེ་རེ་བ་དང་དད་པས་ངག་ཏུ་སྐྱབས་གསོལ་གྱི་ཚིག་བརྗོད་པ་ཀུན་ཀྱང་སྐྱབས་འགྲོ་ཡིན་པས། སྐྱབས་འགྲོ་གཟུགས་དང་ཤེས་པས་བསྡུས་པ་གཉིས་ཀ་ཡོད་ཀྱང་མི་འགལ་ལོ། །འོན་ཀྱང་རྒྱལ་པོ་ལ་སོགས་པ་ནི་ཡིད་ཀྱིས་སྐྱབས་སུ་སོང་བ་ཙམ་གྱིས་སྐྱབས་འགྲོའི་གོ་མི་ཆོད་མོད། དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི་སྐྱབས་འགྲོ་གཅིག་པུས་ཀྱང་སྐྱབས་སུ་སོང་བར་འཇོག་པ་ནི་མཁྱེན་པ་ནུས་མཐུ་ཐོགས་མེད་དང་ལྡན་མི་ལྡན་གྱི་ཁྱད་པར་སོགས་ལས་ཡིན་ནོ། །གཞུང་དག་ལས་སྐྱབས་འགྲོའི་ངོ་བོ་རེ་བ་དང་བཅས་པའི་སེམས་པ་དང༌། དད་པར་ངོས་བཟུང་མཛད་པ་ནི། ཡིད་ཀྱི་རྣམ་ཤེས་འཁོར་དང་བཅས་པ་ཁབ་ལེན་ལ་ལྕགས་བཞིན་དུ་སྐྱབས་ཀྱི་རྗེས་སུ་གཡོ་བར་བྱེད་པ་ནི་སེམས་པ་ཡིན་ལ། དེ་ཉིད་དགེ་བར་སྒྱུར་བའི་གཙོ་བོ་ནི་རྒྱུའི་སྐྱབས་འགྲོ་དང་བའི་དད་པ་དང༌། འབྲས་བུའི་སྐྱབས་འགྲོ་འདོད་


LT17_Page_163
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དད་པ་ཡིན་པས་སྐྱབས་འགྲོའི་གཙོ་བོ་གཉིས་ཀྱི་དབང་དུ་མཛད་པའོ། །སྐྱབས་འགྲོ་དེ་ལ་དབྱེ་ན་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་གཉིས། དེ་ལ་རྒྱུའི་སྐྱབས་འགྲོ་ནི། གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་འཇིགས་པ་ལས་སྒྲོལ་བའི་དཔུང་གཉེན་དུ་སྐྱབས་འཚོལ་བ་སྟེ། འོ་སྐོལ་་ཁྱུ་མཆོག་ལ་སྐྱབས་སུ་འགྲོ་བ་ལྟ་བུའོ། །འབྲས་བུའི་སྐྱབས་འགྲོ་ནི། རང་རྒྱུད་ལ་འབྱོན་འགྱུར་གྱི་དཀོན་མཆོག་གསུམ་ལ་ཐོབ་བྱར་རེ་བ་སྟེ། འོ་སྐོལ་འཚངས་རྒྱ་བར་འདོད་པ་ལྟ་བུའོ། །གསུམ་པ་ལ། རྩ་བའི་བསླབ་བྱ་དང༌། ཡན་ལག་གི་བསླབ་བྱ་གཉིས། དང་པོ་ནི། སྤྱིར་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་ནི་ཚེ་རབས་ཐམས་ཅད་དུ་དཔུང་གཉེན་དུ་སྐྱབས་སུ་གྱུར་པ་ཡིན་ལ། ཚེ་འདིའི་སྲོག་དང་ནོར་དང་གཉེན་བཤེས་ཐམས་ཅད་ནི་ཆུའི་ཆུ་བུར་བཞིན་དུ་གཡོ་ཞིང་མི་བརྟན་པ་ཡིན་ཏེ། སྐྱེ་བོ་མཛངས་པ་རྣམས་ནི་རྣམ་པར་བཞག་པ་འདི་ལ་གནས་དང་སྲོག་དང་བྱ་དགའ་ལ་སོགས་པ་སྲིད་པའི་ཕུན་ཚོགས་གང་གི་ཕྱིར་ཡང་དཀོན་མཆོག་གསུམ་སྤོང་བར་མི་བྱེད་དེ། དེ་སྤང་བས་ནི་ཞི་བསིལ་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པའི་ཐབས་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་དཀོན་མཆོག་གསུམ་ལ་སྙིང་ནས་ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པོས་དེ་ལས་གཞན་ན་མཐར་ཐུག་གི་སྐྱབས་གནས་མེད་པར་ཡིད་ཆེས་པ་ཞིག་རྩ་བའི་བསླབ་བྱ་ཡིན་པས། དེའི་ལྡོག་ཕྱོགས་དཀོན་མཆོག་གསུམ་བློས་དོར་བ་དང༌། དོར་བ་ཙམ་མིན་


LT17_Page_164
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བློ་མི་ཁེལ་བ་སྟེ་གཉིས་པོ་གང་བྱུང་ཡང་སྐྱབས་འགྲོ་རྩ་བ་ནས་གཏོང་བར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང༌། ཙོང་ཁ་པ་ཆེན་པོ་གཉིས་ཀས་བཤད་དོ། །དེའི་ཕྱིར་དེང་སང་ཤཱ་ཀྱའི་སྲས་ངུར་སྨྲིག་གི་འོད་ཀྱིས་ནམ་མཁའ་དམར་པོར་འགྲོ་བ་ཙམ་དུ་གཟི་བྱིན་བསྐྱེད་ནས། དེ་བཞིན་གཤེགས་པ་ཞེས་ཅི་ཙམ་བརྗོད་ཀྱང་བ་སྤུའི་འཁྲི་ཤིང་གཅིག་ཀྱང་མི་སློང་བར། ཚོང་སྤོག་ཁེ་སྐྱེད་ཀྱི་བུན་ལོང་ཁོ་ནས་དུས་འདའ་ཞིང་བཙན་ཕྱུག་གི་སྐྱེས་བུའི་གཏམ་གཅིག་ཙམ་ཐོས་པས་ཀྱང་རློམ་སེམས་ཀྱི་འགྲམ་ཆུ་ལྡང་བ་རྣམས་དང༌། མདངས་སུམ་གྱི་རྨི་ལམ་རྩ་འཁྲུལ་ཤིང་འཁྲུལ། འཁྲུལ་པའི་ཡང་འཁྲུལ་གྱི་མཚན་མ་ངན་པ་གཅིག་གིས་ཀྱང་ཡིད་འཆུམ་ཞིང༌། དྲང་སྲོང་བདེན་པར་སྨྲ་བས་རང་གི་སློབ་མའི་ཚོགས་ལ་ཐུགས་བརྩེ་བས་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་བརྩོན་པའི་ཕན་ཡོན། མ་བསླབ་པའི་ཉེས་དམིགས་སྒོ་དུམ་ནས་ལེགས་པར་བསྟན་པའི་གསུང་རབ་འཇིག་རྟེན་གྱི་དམིགས་བུར་གྱུར་པ་ལའང་བཀའ་འགྱུར་ཞེས་ཕྱུག་པོའི་ཁྱིམ་རྟེན་དུ་རེ་བ་ཙམ་ཞིག་སྙིང་པོར་བྱེད་པ་ལས་དགེ་སྡིག་གི་སྤང་བླང་ཞིབ་མོར་བྱས་ནས་རྣམ་སྨིན་སྡུག་བསྔལ་བ་འཐོབ་བོ་ཞེས་དོགས་པ་དང་བག་ཚ་བ་ཅུང་ཟད་ཙམ་ཡང་མེད་ཅིང༌། ཁ་ན་མ་ཐོ་བ་ཕྲ་རབ་ལའང་མི་འཛེམ་པར་ཇར་རྒྱག་ཉར་རྒྱག་ཏུ་གཏོང་བ་ཚོ་ལ་ནི་དཔའ་རྩལ་སྤྱང་གྲུང་གི་སྐྱེ་བོ་ཞེས་བཏགས་པ་མ་གཏོགས། བདེ་བར་གཤེགས་པའི་ཆོས་ཀྱི་སྲས་པོ་ཞེས་འཕགས་པའི་སྐྱེ་


LT17_Page_165
[མ་དཔེ་གཟིགས་ན་འདིར་གནོན།]

བོ་སུས་ཀྱང་བསྔགས་པར་མི་མཛད་དོ། །སྐྱབས་འགྲོ་བཏང་བ་སླར་གསོ་བ་ནི་སྤོང་སེམས་དགེ་བ་ནམ་སྐྱེས་པ་དང༌། ཡིད་ཆེས་ཀྱི་དད་པ་ནམ་སོར་ཆུད་པ་ན་ཡིན་ཞེས་ཤིང་རྟ་ཆེན་པོར་བཤད་དོ། །འཆད་པར་འགྱུར་བའི་འཇིག་རྟེན་པའི་ལྷ་ལ་སྐྱབས་འཚོལ་བའང་རྩ་བའི་བསླབ་བྱ་དང་དངོས་འགལ་དུ་འགྲོ་བར་སྣང་ངོ༌། །གཉིས་པ་ཡན་ལག་གཙོ་བོར་གྱུར་པའི་བསླབ་བྱ་དགུ་ཕྲུགས་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་མི་འཚོལ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་པའི་ལས་སྲོག་གཅོད་བརྡུང་བརྡེག་ལ་སོགས་པ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ནམ། དེ་དང་ཕྱོགས་མཐུན་དཀོན་མཆོག་ལ་ཡིད་མི་ཆེས་ཤིང་སྡིག་སྤྱོད་ཀྱིས་དུས་འདའ་བའི་གྲོགས་ངན་པ་དང་མི་འགྲོགས་པ་སྟེ། སྤང་བྱ་སྤོང་ཚུལ་ལས་གཞག་པ་གསུམ་དང༌། སངས་རྒྱས་ལ་སྐྱབས་སུ་སོང་ནས་དེ་བཞིན་གཤེགས་པ་ཉིད་ལ་གུས་པ་བྱ་བར་མ་ཟད། སྟོན་པའི་སྐུ་གཟུགས་ཆག་དུམ་ཙམ་ལའང་མི་སྨད་ཅིང་སྤྱི་བོས་མཆོད། ཆོས་ལ་སྐྱབས་སུ་སོང་ནས་དམ་པའི་ཆོས་ལ་བཀུར་སྟི་བྱ་བར་མ་ཟད། གསུང་རབ་ཡི་གེའི་རས་མ་ལའང་མི་འགོང་ཞིང་འཇིག་རྟེན་ན་རྙེད་པར་དཀའ་བའི་མཆོག་ཏུ་དད་པ་བཞག་དགེ་འདུན་ལ་སྐྱབས་སུ་སོང་ནས་འཕགས་པའི་གང་ཟག་རྣམས་རྗེས་སུ་དྲན་ཞིང་གུས་པར་བྱ་བར་མ་ཟད། གོས་ངུར་སྨྲིག་བགོས་ཤིང་དཀོན་མཆོག་གསུམ་གྱི་མཚན་ཤེས་པ་ཙམ་ལའང་ལྷ་དང་མིར་བཅས་པའི་


LT17_Page_166
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་གྱི་འདུ་ཤེས་འཇོག །དེའང་གཞན་དེ་ལྟ་བུ་རྣམས་ལ་དེ་ལྟར་བྱ་བ་ཡིན་གྱི། བསྐལ་པ་བཟང་པོའི་ཇ་འདྲེན། དུས་ཚོད་ངན་པའི་དཔེ་འཐེན་དུ་ཁྱེར་ནས་རང་ཉིད་ཀྱང་དེ་དག་གི་གྲལ་ན་བྱུང་རྒྱལ་བྱེད་ན་ནི། ལས་ཀྱིས་ནོངས་པའི་གང་ཟག་ལ། །སྨན་བྱིན་པ་ཡང་དུག་ཏུ་འགྱུར། །ཞེས་པ་ལྟར་ཡིན་ཏེ། རྒྱས་པར་སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་སྡེར་ལྟོས་ཤིག །དེ་གསུམ་ནི་བསྒྲུབ་བྱ་གསུམ་ཞེས་གྲགས་ལ། སངས་རྒྱས་དང་ཆ་འདྲ་བར་ཡང་དག་པའི་ལམ་སྟོན་པ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ལྟར་གུས་པ་བྱ་བ་དང༌། རྣམ་བྱང་བདེན་པའི་མཐུན་པའི་རྒྱུ་དམ་པའི་ཆོས་ཉན་པ་རྗེས་སུ་མི་གཏོང་བ་དང༌། འཕགས་པ་རྣམས་དང་རྗེས་སུ་མཐུན་པའི་ཚུལ་ཁྲིམས་དང་ལྟ་བ་རྣམ་པར་དག་པ་ལ་སློབ་པ་སྟེ་གསུམ་ནི་ཆ་མཐུན་གྱི་བསླབ་བྱ་གསུམ་མོ། །བཞི་པ་ཕན་ཡོན་ནི། དེ་བཞིན་གཤེགས་པ་ཉིད་ཀྱིས་སྐབས་ཕྱེ་བ་མ་གཏོགས་པར་དེ་བཞིན་གཤེགས་པ་ལ་དམིགས་ནུས་པ་སུ་ཡང་མེད་པར་མདོ་སྡེ་ལས་བཤད་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ་དང༌། དེ་ལ་ཡིད་ཆེས་པ་དང༌། རྟག་ཏུ་སྐྱབས་སུ་འགྲོ་བར་བྱེད་པ་ནི་ཤིན་ཏུ་རྙེད་དཀའ་བ་དང༌། རྙེད་ན་དོན་ཆེན་པོ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་དང༌། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ། ཀུན་གྱིས་མོས་པར་དཀའ་བ་ཡིན་པའི་ཕྱིར་དང༌། དེ་ལ་མོས་པ་ནི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཚད་མའི་ལམ་ནས་ངེས་


LT17_Page_167
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲུབ་པའི་འཛིན་སྟངས་མཐུ་ཆེ་བའི་ཕྱིར་དང༌། དེ་བཞིན་གཤེགས་པས་ཀྱང་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་སྐུ་རྣམ་པ་ཐམས་ཅད་པ་དྲན་པ་དང་ཡིད་ལ་བྱས་པ་ཐམས་ཅད་དོན་དང་ལྡན་པར་བྱེད་པའི་བདག་ཉིད་སྔོན་གྱི་སྨོན་ལམ་གྱིས་ཡང་དག་པར་བསྒྲུབས་ཟིན་མཐར་ཕྱིན་པའི་ཕྱིར་དང༌། སྐྱུར་བའི་རོ་དྲན་པ་ལས་ཀྱང་འགྲམ་ཆུ་ལྡང་བ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ནུས་མཐུ་ནི་ཤིན་ཏུ་ཚད་མེད་པའི་ཕྱིར་རོ། །དེས་ན་ཕན་ཡོན་མདོར་བསྡུས་ན། འཇིག་རྟེན་འདིར་ཚེ་རིང་བ་དང༌། ནད་མེད་པ་དང༌། བགེགས་རྣམས་ཀྱིས་མི་ཚུགས་པ་དང༌། བདུད་རྣམས་ཀྱིས་མི་ཐུབ་པ་དང༌། ཕྱིན་ཅི་ལོག་གི་བློ་སྣ་ངན་པ་མི་སྐྱེ་བ་དང༌། བདེ་བའི་འབྱོར་ཚོགས་ཆེན་པོ་འཐོབ་ཅིང་འཆི་ཁ་ཡང་གནད་གཅོད་མི་འབྱུང་བ་ལ་སོགས་པ་དང༌། འཇིག་རྟེན་ཕ་རོལ་ཏུ་ཡང་བདེ་བ་ནས་བདེ་བ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་རྣམས་སུ་བདེ་བའི་ཚལ་ནས་བདེ་བའི་ཚལ་དུ་འགྲོ་བ་ལྟར་བདེ་ཞིང་བདེ་བའི་དགེ་མཚན་ནམ་ཡང་མི་ཉམས་པའི་ལེགས་ཚོགས་རྣམ་པར་འཕེལ་ཞིང་མཐར་ཐུག་མྱ་ངན་ལས་འདས་པ་རྡུལ་བྲལ་ཞི་བ་དམ་པའི་གོ་འཕང་ལ་རེག་པར་འགྱུར་རོ། །བློ་ཆེན་མཁས་པ་རྣམས་ཀྱིས་བསྔགས་བསྔགས་ཤིང༌། །བློ་ཆུང་ཡིད་ཀྱི་ཞིང་སར་སྨན་སྨན་པ། །བློ་ལྡན་སྐྱེས་བུའི་ཉམས་ལེན་ཡིག་ཆུང་འདི། །བློ་དམན་རང་འདྲའི་བློ་དང་འཚམས་པར་བརྗོད། །དེ་དགེ་ཀུན་ཕན་ཟླ་བ་ལྟར་བསིལ་བས། །མ་ལུས་འགྲོ་རྒྱུད་ཆོས་ཀྱི་ལམ་འགྱུར་


LT17_Page_168
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། །འཕགས་པའི་ཡོན་ཏན་འཕགས་པ་ཉིད་བཞིན་དུ། །ཐོབ་ནས་འཇིག་རྟེན་ཀུན་ལ་ཕན་བྱེད་ཤོག །ཅེས་པའང་དགེ་རྒན་ཉེ་བར་གནས་པ་བཙུན་ཚུལ་ཡོན་ཏན་གྱིས་བརྒྱན་པའི་ཤཱ་ཀྱའི་སྲས་མ་ཏི་བྷ་དྲའི་བཞེང་བསྐུལ་མི་ལྡོག་པའི་ཕྱིར་དང༌། གཞན་ཡང་བློ་གསར་ལས་དང་པོ་པ་འགའ་ཞིག་ལ་ཕན་པར་བསམ་སྟེ། སྤྲང་སྨྱོན་ཀུན་བཟང་འཇིགས་མེད་པས་གང་དྲན་སྨྱོ་གཏམ་དུ་ལབ་པ་འདིས་ཀྱང་ཡོངས་འཛིན་དམ་པའི་བཞེད་པ་སྐོང་ཞིང་གཞན་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལམ།། །།

སྐྱབས་འགྲོའི་རྣམ་བཞག་ཉུང་ངུ།

༈ གང་གི་དམིགས་པ་མེད་པའི་ཐུགས་རྗེ་ཡིས། །མཐའ་ཀླས་སྲིད་པའི་འགྲོ་རྣམས་སྐྱོབ་མཛད་པ། །ཐུབ་དབང་སྲས་དང་བཅས་ལ་ཕྱག་བྱས་ཏེ། །སྐྱབས་འགྲོའི་རྣམ་བཞག་ཉུང་ངུའི་ཚིག་གིས་སྤྲོ། །དེ་ལ་སྐྱབས་འགྲོའི་ཡུལ། ངོ་བོ། །ངེས་ཚིག་དབྱེ་བ། སྐྱབས་སུ་སོང་བའི་ཕན་ཡོན་བཤད་པ་དང་ལྔ་ལས། དང་པོ་ཡུལ་ནི། སྤྱོད་འཇུག་ལས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར་གསུམ་ལས། དང་པོ་སངས་རྒྱས་དཀོན་མཆོག་ནི། །འགོག་བདེན་མཐར་ཐུག་པ་ངོ་བོ་ཉིད་སྐུ་དང༌། ལམ་བདེན་མཐར་ཐུག་པ་ཡེ་ཤེས་ཆོས་སྐུ་སྟེ། འདི་དག་མངའ་བའི་སྐྱབས་གནས་མཐར་ཐུག་པ་དེ་ཡིན། དེ་ལ་ངོ་བོ་ཉིད་སྐུ་ཞེས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆོས་ཉིད་སྟོང་པ་ཉིད་བློ་བུར་གྱི་དྲི་མ་དང་བྲལ་བའི་ཆ་དེ་ཡིན། ཡེ་ཤེས་ཆོས་སྐུ་ཞེས་པ་སངས་རྒྱས་


LT17_Page_169
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་མཁྱེན་ལ་ཟེར། དེ་དག་ཉིད་དང་གཞན་ཡང་ཆོས་དེ་དག་མངའ་བའི་སངས་རྒྱས་འཕགས་པ་སོགས་ཀྱང་སངས་རྒྱས་དཀོན་མཆོག་ཡིན། ཆོས་དཀོན་མཆོག་ནི་འགོག་ལམ་གྱི་བདེན་པ་གཉིས་ཏེ། འཕགས་པ་རྣམས་ཀྱི་ཐུགས་རྒྱུད་ཀྱི་ཡེ་ཤེས་ལམ་བདེན། འཕགས་པས་སྒྲིབ་པ་ཅི་རིགས་པ་བསལ་བའི་ཆ་འགོག་བདེན་ཡིན། བསལ་བའི་ཆ་ཞེས་པའང་འཕགས་པ་རྣམས་ཀྱི་སྟེང་གི་སྟོང་ཉིད་དེ་དྲི་མ་ལས་གྲོལ་བའི་ཆ་ལ་གོ་དགོས། །དགེ་འདུན་དཀོན་མཆོག་ནི་འཕགས་པ་བཞི་སོགས་འཕགས་པ་རྣམས་ལ་བྱ་སྟེ། ལར་འཕགས་པ་ཞེས་པ་ཟག་པ་མེད་པའི་ཡེ་ཤེས་ཐོབ་པའི་གང་ཟག་རྣམས་ཡིན། འཕགས་པ་བཞི་ནི། ཉན་རང་བྱང་སེམས་འཕགས་པ་གསུམ་དང་སངས་རྒྱས་འཕགས་པ་རྣམས་སོ། །དེ་དག་ལས་གཞན་འཕགས་པ་ཕུང་གསུམ་པ་ཡང་ཡོད་དོ། །གཉིས་པ་སྐྱབས་འགྲོའི་ངོ་བོ་ནི། དཀོན་མཆོག་གསུམ་ནི་བདག་གི་དཔུང་གཉེན་ཡིན་ནོ་སྙམ་པའི་རེ་བ་ཆེན་པོ་ཞིག་འཇོག་རྒྱུ་འདི་ཡིན། དེའང་དོན་དུ་སེམས་བྱུང་སེམས་པ་ཞིག་ཡིན། དེ་ལྟ་ནའང་གྲོགས་སེམས་པ་དེ་དང་ལྷན་ཅིག་པའི་དབང་གིས་དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་གཞན་མ་རྣམས་ཀྱང་དེའི་རྣམ་པར་འཆར་བ་ཡིན་ནོ། །གསུམ་པ་ངེས་ཚིག་གམ་སྒྲ་བཤད་ནི། སྐྱབས་དཀོན་མཆོག་གསུམ་ལ་བློ་འགྲོ་ཞིང་གཡོ་བའི་ཕྱིར་ན་སྐྱབས་འགྲོ་ཞེས་བྱ་སྟེ། ཆུ་འཐུང་བའི་དོན་དུ་འདུན་པ་འགྲོ་ཟེར་བ་


LT17_Page_170
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏེ། མདོར་བསྡུ་ན་རེ་བ་དང་བཅས་པའི་སེམས་པ་སྐྱབས་ཡུལ་ལ་སོང་བའོ། །བཞི་པ་དབྱེ་བ་ནི། གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་ལ་ཚེ་འདི་དང་ཕྱི་མའི་འཇིགས་པ་ལས་སྒྲོལ་བའི་དཔུང་གཉེན་དུ་རེ་བ་འཆའ་བ་རྒྱུའི་སྐྱབས་འགྲོ་དང༌། མ་འོངས་པ་ན་རང་གི་རྒྱུད་ལ་དཀོན་མཆོག་གསུམ་འབྱོན་པའམ་འཐོབ་པར་འདོད་པའི་བློས་འབྲས་བུ་སྐྱབས་གནས་དེ་ལ་ཐོབ་བྱའི་དཔུང་གཉེན་དུ་རེ་བ་འཆའ་བ་འབྲས་བུའི་སྐྱབས་འགྲོ་སྟེ་གཉིས་ཡོད། ལྔ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་འཕྲལ་དུ་ཚེ་རིང་སོགས་མཐོ་རིས་ཀྱི་ཡོན་ཏན་དང་ལྡན་ཞིང༌། ངན་འགྲོའི་སྒོ་འཕར་གཅོད་པ་སོགས་དང༌། ཕུགས་སུ་ངེས་པར་ལེགས་པའི་ཡོན་ཏན་གྱི་གཞི་འདིངས་པ་ལ་སོགས་པའོ། །དེ་སྐད་སྐྱབས་སུ་འགྲོ་བའི་གཏམ་གྱི་བཅུད། །ཉུང་ལ་གོ་བདེའི་ངག་གི་བཤད་པ་འདི། །བློ་གསལ་དབང་དྲག་ཞེས་བྱའི་བཞེད་སྐོང་དུ། །བླུན་ཕྲུག་འཇིགས་མེད་ཅེས་བྱས་གང་དྲན་བྲིས། །དགེའོ།། །།

སེམས་བསྐྱེད།

༈ འཇམ་དཔལ་དཔའ་བོ་བློ་ལྡན་མཆོག་སྲེད་ལ་ན་མོ། །དེ་ཡང་ཇི་སྐད་དུ། རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་ཞལ་སྔ་ནས། ཟླ་བ་ཡར་གྱི་ངོ་ལྟར་ཡོན་ཏན་གསལ་བར་རྫོགས། །ཉེས་པའི་མུན་པ་སེལ་མཛད་གཅིག་པུ་ཡིད་དུ་འོང༌། །འཇིག་རྟེན་ཕན་ལ་བརྩོན་པ་རབ་ཏུ་གསལ་བ་འབྱུང༌། །དེ་ཤར་ཟླ་བ་བཞིན་དུ་འགྲོ་བ་བསིལ་བར་མཛད། །ཞེས་གསུངས་པ་ལྟར་སྨྲ་བའི་ཟླ་བ་སངས་རྒྱས་བཅོམ་ལྡན་འདས་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་མངའ་བ་དེས། སྐྱེ་དགུ་མ་


LT17_Page_171
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་མུན་པ་དང༌། སྡུག་བསྔལ་གྱི་ཚ་གདུངས་མི་བཟད་པས་ཤིན་ཏུ་ཉམ་ཐག་པ་རྣམས་ལ་རྗེས་སུ་བརྩེ་བས། དམ་ཆོས་བདུད་རྩིའི་སྣང་བ་མཐའ་ཡས་པ་ཞིག་སྤྲོ་བར་མཛད་པ་རྣམས་ཀྱི་བསྟན་དོན་ལམ་གྱི་རིམ་པ་ཐམས་ཅད་མདོར་བསྡུ་ན། མཐོ་རིས་དང་ཐར་པ་སྒྲུབ་པའི་ཐབས་ཚུལ་གཉིས་སུ་འདུ་ཞིང་དེའི་ནང་ནས་ཕྱི་མ་ལའང་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀྱི་ནང་ནས་ཐར་པ་ཙམ་སྒྲུབ་པར་བྱེད་པ་ཐེག་པ་ཆུང་ངུ་དང༌། ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ཐེག་པ་ཆེན་པོ་སྟེ་གཉིས་ཡོད་ལ། དེ་ཐམས་ཅད་ལས་སྤང་བྱ་ཕྱོགས་རེ་ཙམ་མ་ཡིན་པར་སྤོང་བ་དང༌། ཡོན་ཏན་ཕྱོགས་རེ་བ་ཙམ་མ་ཡིན་པར་སྒྲུབ་པའི་ཐབས་མཁས་ཀྱི་གནད་མ་ཚང་བ་མེད་པའི་སྒོ་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི་ཐེག་པ་ཆེན་པོ་ཡིན་པར་ལུང་དང་རིགས་པ་དུ་མས་བསྒྲུབས་ཤིང༌། ཐེག་པ་ཆེན་པོ་ལ་ཡང༌། གཏེར་ཆེན་ཐམས་ཅད་མཁྱེན་པ་འགྲོ་འདུལ་གླིང་བས། སྐུ་དང་ཞིང་ཁམས་འཁོར་དང་མཛད་པ་ནི། །ཡོངས་སུ་དག་པའི་ཡེ་ཤེས་ལམ་ཉིད་དུ། །བྱེད་དང་མི་བྱེད་སྔགས་དང་ཕ་རོལ་ཕྱིན། །ཞེས་གསུངས་པ་ལྟར་འབྲས་བུ་ལམ་དུ་བྱེད་པའི་ཐབས་མཁས་ཡོད་མེད་ཀྱི་དབང་གིས་ཕར་ཕྱིན་ཐེག་པ་དང༌། སྔགས་ཀྱི་ཐེག་པ་གཉིས་སུ་གསུངས་སོ། །འོན་ཀྱང་ཁྱད་པར་དེ་ནི་བསམ་སྦྱོར་གཉིས་ཀྱི་ནང་ནས། སྦྱོར་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་ཚུལ་གྱི་སྟེང་ནས་ཕྱེ་བ་རེད་མ་གཏོགས། འཇུག་སྒོ་བསམ་པའི་ངོས་ནས་ཁྱད་པར་ཅུང་ཟད་ཀྱང་མེད་པའི་རྒྱུ་མཚན་གྱིས་


LT17_Page_172
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི་སྡོམ་པ་བཟུང་བའི་ཆོ་གའི་སྐབས་མང་པོར། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་སྐྱེད་པར་བགྱི། །ཞེས་གསུངས་པས། ཉན་ཐོས་དང་རང་རྒྱལ་རྣམས་ལ་ཡང་ངེས་འབྱུང་གི་བསམ་པ་དང༌། དེ་ཁོ་ན་ཉིད་ཀྱི་ལྟ་བ་སོགས་མངོན་པར་རྟོགས་པའི་ཡོན་ཏན་ཡིད་འཕྲོག་པ་མང་པོ་ཡོད་ཀྱང༌། དེ་དག་ལ་ཐེག་པ་ཆེན་པོའི་ལམ་གྱི་མིང་ཙམ་ཡང་མི་འཐོབ་པའི་རྒྱུ་མཚན་ནི། ཟིན་བྱེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མེད་པའི་གནད་ཀྱིས་ཡིན་ལ། ཚུལ་དེ་ནི་ལྷ་སྒོམ་པ་དང༌། སྔགས་བཟླ་བ་སོགས་ལའང་ཤིན་ཏུ་མཚུངས་པས། ཐེག་པ་ཆེན་པོ་ལམ་གྱི་འཇུག་ངོགས་གཅིག་པུར་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཅིང༌། དེའི་རྩ་བ་ཡང་སྙིང་རྗེ་ཆེན་པོ་ཡིན་པས། ཐེག་པ་མཆོག་ནི་སྙིང་རྗེ་ཆེན་པོས་ཁྱད་པར་དུ་ཕྱེ་བར་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་ཏེ། རིན་ཆེན་ཕྲེང་བ་ལས། རང་གི་དོན་ལ་མི་ལྟ་བར། །གཞན་དོན་རོ་གཅིག་དགའ་བ་གང༌། །ཡོན་ཏན་འབྱུང་གནས་ཐེག་ཆེན་ཏེ། །ཞེས་གསུངས། དེ་ལྟར་ན་སྙིང་རྗེའི་རྩ་བ་ཅན་གྱི་སེམས་བསྐྱེད་སྒོམ་ཚུལ་མདོར་བསྡུས་ཤིག་རང་བློ་གོམས་པའི་ཕྱིར་དུ་བཤད་ན། དཔལ་དྭི་པཾ་ཀ་རས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །ཅེས་དང་པོར་སྡུག་བསྔལ་རང་ཉམས་དང་སྦྱར་ནས་སེམས་དགོས་པར་གསུངས་པ་བཞིན། རགས་པའི་སྡུག་བསྔལ་ངན་སོང་གི་སྡུག་བསྔལ་ལ་སོགས་པ་དང༌། ཕྲ་བའི་སྡུག་བསྔལ་ཁམས་གསུམ་འཁོར་


LT17_Page_173
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་ལས་དང་ཉོན་མོངས་པའི་གཞན་དབང་དུ་སོང་བའི་འདུ་བྱེད་ཀྱི་སྡུག་བསྔལ་ལེགས་པར་བསམ་སྟེ། ཡིད་འཁུལ་བའི་མྱོང་བ་ཁྱད་པར་ཅན་སྐྱེ་བར་བྱེད། དེ་ནས་སེམས་ཅན་ཐམས་ཅད་ཡིད་དུ་འོང་བའི་བློ་བསྐྱེད་པར་བྱ་སྟེ། དེའང་འདི་ལྟར་དང་པོར་རང་གི་ཉེ་དུ་དང༌། མཛའ་བཤེས་དང༌། དེ་ནས་བར་མ། དགྲ་སོགས་ནས་རིམ་གྱིས་སྒོམ་པར་གསུངས་ཤིང་སྒོམ་པའི་ཚུལ་ནི། ད་ལྟ་རང་རེ་རྣམས་མངལ་ཞུགས་ཚུན་ཆད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ཉིད་རྒྱུ་ལས་དང་ཉོན་མོངས་པ་ལས་མ་བྱུང་ན་ནི། རྒྱུ་མེད་པའི་དངོས་པོར་ཡོད་པར་སྨྲ་བ། དུ་བ་མེ་ལ་མི་ལྟོས་པར་སྐྱེ་བར་ཁས་བླང་བ་ལྟ་བུར་འགྲོ་ལ་དེ་རང་གི་མཐུན་པའི་རྒྱུ་ལས་བྱུང་ན་ནི། རྒྱུ་དེ་ཚེ་སྔ་མའི་སྐབས་ཀྱི་ལས་དང་ཉོན་མོངས་ལས་གཞན་དུ་མི་འཐད་ཅིང༌། དེ་ལྟ་དེ་ལྟར་ཚེ་སྔ་མ་དང༌། དེའི་ཡང་སྔ་མ་སོགས་ལ་སྦྱར་ནས་ཡར་དེད་དུ་དཔྱད་པ་ན་སྐྱེ་ཤིའི་འཁོར་བ་འདི་ལ་ཐོག་མའི་ཡ་མཐའ་འཇོག་རྒྱུ་ཞིག་གཏན་ནས་མི་སྲིད་པར་འགྲུབ་ལ། དེ་འགྲུབ་ན་སྐྱེ་ཤིའི་ཕྲེང་བ་དེ་དག་གི་སྐབས་ཀྱི་ཕ་མ་དང་སྤུན་ཟླ་མཛའ་བཤེས་སོགས་ཀྱི་ཡ་མཐའ་ཡང་མི་སྲིད་པ་ཁོ་ན་སྟེ། དེ་ལྟར་ཐོག་མ་མེད་པའི་དུས་ནས་མ་བུའི་བརྩེ་བ་ལ་གོམས་པའི་དབང་གིས། འཇིག་རྟེན་ན་བླུན་པའི་མཐར་ཐུག་ཕྱུགས་རྣམས་ཀྱང་རང་གི་བུ་ལ་བྱམས་པ་དང༌། གསོ་སྐྱོང་བྱ་བའི་ཐབས་ཤེས་པ་ལ་སོགས་པ་སུས་ཀྱང་མ་བསླབས་པར་ངང་གིས་འོང་བ་ཡིན་ཏེ། སྐྱེ་རབས་ལས། བློ་ཡི་མཐུ་སྟོབས་


LT17_Page_174
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་མེད་པ་དང༌། །དབང་པོ་རྣམས་ཀྱང་བླུན་པའི་རང་བཞིན་ཅན། །བྱུང་མ་ཐག་ཏུ་སུས་ཀྱང་མ་བསླབས་པར། །ཁ་ཟས་གཞན་ལ་སྩོལ་བར་བྱེད་པ་འདིས། །སྐྱེ་བ་གཞན་ལ་གོམས་པར་བྱས་པར་གྲུབ། །ཅེས་གསུངས། དེ་ཡང་ཚེ་འདིའི་ཕ་མ་དང་སྤུན་ཟླ་ལ་སོགས་པ་ཁོ་ནས་ཉེ་དུ་དང་མཛའ་བཤེས་བསྐྱར་མར་བྱས་པ་ཙམ་མིན་པར། ནམ་མཁའི་མཐས་གཏུག་པའི་སེམས་ཅན་ཐམས་ཅད་རེ་རེ་ནས་དེ་ལྟར་འཁོར་ལོ་བསྐོར་བ་བཞིན་དུ་གྱུར་པའི་ཚུལ། སའི་དངོས་གཞིར་མདོར་དྲང་བ་ལས། ཡུན་རིང་པོར་འདས་པ་ན་སེམས་ཅན་གང་ཁྱེད་ཀྱི་ཕའམ་མའམ། ཕུ་ནུའམ། སྲིང་མོའམ། མཁན་པོའམ། སློབ་དཔོན་ནམ། བླ་མའམ། བླ་མའི་གནས་ལྟ་བུ་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའོ། །ཞེས་གསུངས་ཤིང༌། དཀོན་བརྩེགས་ཀྱི་ལེའུ་བཅུ་གཉིས་པ་དང༌། དྲག་ཤུལ་ཅན་གྱིས་ཞུས་པ་དང༌། དཀོན་མཆོག་སྤྲིན་སོགས་མདོ་སྡེ་གཞན་མཐའ་ཡས་པར་ཡང་དེ་དང་འདྲ་བར་གསུངས། རིགས་པས་དཔྱད་ན་ཡང་དགྲ་གཉེན་བར་མ་སོགས་ནི་སྔོན་གྱི་ལས་བསགས་ཚུལ་གྱི་ཁྱད་པར་ལས་སོ་སོར་བྱུང་བ་ཁོ་ན་ཡིན་ལ། ལས་དེ་སོག་ཚུལ་ཡང༌། ད་ལྟ་རང་རེ་རྣམས་ཀྱིས་སེམས་ཅན་རེ་རེ་ལ་དམིགས་ནས་ཀྱང་སྐབས་འགར་ནི་ཆགས་པ་ལ་སོགས་པས་བསྐྱེད་པའི་གཉེན་དུ་འགྱུར་བའི་ལས་དང༌། སྐབས་ལ་ལར་ནི་ཞེ་སྡང་སོགས་ཀྱིས་བསྐྱེད་པའི་དགྲར་འགྱུར་བའི་ལས་སྣ་ཚོགས་ཞིག་ལོ་དང་ཟླ་བ་རེ་རེའི་ཁོངས་སུ་ཡང་གོ་རིམ་མ་ངེས་པར་གསོག་པ་མྱོང་བས་གྲུབ་


LT17_Page_175
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་དང་མཐུན་པར་འབྲས་བུ་གྲུབ་པའི་ཚེ་ཡང་ད་ལྟ་དགྲ་བོར་གྱུར་པའི་སེམས་ཅན་གཅིག་ཀྱང་རེས་འགའ་ཉེ་དུ་དང་དུས་གཞན་དང་གཞན་དུ་མཛའ་བཤེས་བརྩེ་དུང་ཅན་དུ་འགྱུར་བའི་ཚུལ་གྱིས་དབྱར་དགུན་བཞིན་དུ་བརྗེ་བར་ནུས་པ་ཡོད་དེ། ཚུལ་འདིས་མཐའ་ཡས་པའི་སེམས་ཅན་རེ་རེ་ནས་རང་གི་སྤུན་ཟླ་དང༌། ཚ་བོ་སོགས་གཉེན་བཤེས་ཀྱི་ཁྱད་པར་གང་དུ་བསྒྲུབ་ཀྱང་འགྲུབ་ལ། ཤེར་ཕྱིན་འབུམ་པ་ལས་ཀྱང་སེམས་ཅན་ཐམས་ཅད་ཕར་འདུ་ཤེས་པ་དང༌། སྤུན་ཟླ་དང་སྲིང་མོར་འདུ་ཤེས་པ་ལ་སོགས་པ་རྒྱ་ཆེར་གསུངས་མོད། འོན་ཀྱང་གཉེན་ཐམས་ཅད་ཀྱི་ནང་ནས་སྙིང་བརྩེ་བའི་མཐར་ཐུག་མ་ཡིན་པའི་གནད་ཀྱིས། གཙོ་བོར་མར་ཤེས་པའི་སྒོ་ནས་སེམས་ཅན་ལ་ཡིད་འོང་སྒྲུབ་པར་ཤིང་རྟ་ཆེན་པོ་རྣམས་ཀྱིས་གསུངས་ཏེ། མན་ངག་རྒྱུ་འབྲས་བདུན་ལྡན་གྱི་དང་པོར་མར་ཤེས་ཞེས་མིང་འདོགས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ལྟར་སེམས་ཅན་ཐམས་ཅད་མར་གྱུར་རེས་ཀྱིས་རང་རེ་རྣམས་ལ་དྲིན་ཆེན་པོས་བསྐྱངས་པ་ཤ་སྟག་ཡིན་པར་ཡང༌། སློབ་སྤྲིང་ལས། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟགས་འཐུང་བ། །ངལ་བ་མང་བརྟེན་བྱམས་ལ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། །ཞེས་གསུངས་པ་ལྟར། མིར་གྱུར་པའི་འགྲོ་བ་ལ་མཚོན་ན། དང་པོར་འགྲོ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ལུས་རྟེན་བཟང་པོ་བྱིན་ཅིང༌། དེ་ཉིད་ཟླ་


LT17_Page_176
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མང་པོར་མངལ་དུ་བསྐྱངས། བཙས་པའི་འོག་ཏུ་ཡང༌། མིག་འབྱེད་འཛུམ་དང༌། ཟས་ཁར་འཇུག་པ་ཙམ་ཡང་མི་ནུས་པའི་བྱིས་པ་མི་གཙང་བའི་ཁྲོད་ཀྱི་སྲིན་བུ་ལྟར་ཉམ་ཆུང་བ་དེ། སོར་མོ་བཅུའི་ཁ་ལ་གཡེང༌། འཇམ་པའི་ཤ་དྲོད་ལ་བཅར། ཟས་ལྕེས་བསྙོད། པང་གིས་ཁྲུས་ཁང་བྱས་ནས། དཀའ་བ་སྟོང་དང་བསྡོས་ཏེ་བསྐྱེད་བསྲིངས། མ་རང་ཉིད་སྡིག་སྡུག་གཏམ་ངན་ཐམས་ཅད་དང་བསྲེས་ཀྱིན་བསགས་བསགས་པའི་ཟས་ནོར་ལོངས་སྤྱོད་གང་ཡོད་ཐམས་ཅད་མི་ཕང་བར་བྱིན། རང་གིས་ཤེས་ཚོད་དང་མཐུན་པར་ཕུན་ཚོགས་སྒྲུབ་ཚུལ་དང་རྒུད་པ་ལས་སྲུང་ཚུལ། ཐ་ན་ཟས་ཟ་ལུགས་དང༌། ཟོས་ནས་ཁ་ཕྱི་ལུགས་ཡན་ཆད་གཡོ་མེད་པར་རྩལ་སྤྲུགས་སུ་བསླབས། མིག་གིས་བལྟ་ལུགས་དང༌། ངག་གིས་འབོད་ལུགས་ཚུན་ཆད་ཀྱི་སྒོ་ནས་བུའི་ཡིད་དང་ཅི་མཐུན་བྱེད། ཡུལ་དང་དུས་གང་དུ་ཕྱིན་ཡང་བུ་ལ་སེམས་པའི་བརྩེ་གདུང་གི་ཡིད་འབའ་ཞིག་གིས་དུས་འདའ། བུ་ན་བ་ལས་རང་ཉིད་འཆི་བ་འདམས་ཤིང༌། བུས་ལོག་སྒྲུབ་དང༌། བུའི་དོན་དུ་ངལ་དུབ་ཀྱི་སྡུག་བསྔལ་ཇི་ལྟ་བུ་བྱུང་ཡང་ཇི་མི་སྙམ་པ་སོགས་བཤད་ཀྱིས་མི་རྫོགས། མ་བུའི་བརྩེ་བ་དེ་ནི་མི་ཁོ་ན་ལ་ལྷག་པ་ཡང་མ་ཡིན་ཏེ། རང་ཉིད་ཆེས་ཤིན་ཏུ་བླུན་ཅིང་ཉམ་ཆུང་བའི་བྱ་དང་བྱིའུ་དང༌། ཤིན་ཏུ་གཏུམ་ཞིང་མ་རུངས་པའི་ཡིད་ཅན་གྱི་གཅན་ཟན་ཁྲོ་བོ་རྣམས་ཀྱང་ཚེ་འདི་དང་ཕྱི་མའི་དུས་ཀྱི་ལན་དང་རྣམ་སྨིན་གང་ལའང་རེ་བས་མ་ཡིན་པར། བུ་ལ་བྱམས་པ་རྐྱང་པའི་དབང་གིས་རང་ཉིད་ཀྱི་


LT17_Page_177
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཅི་ཡོད་ནས་གསོ་སྐྱོང་དང་གཅེས་སྤྲས་བྱེད་ཅིང༌། ཐ་ན་རང་གི་སྲོག་ཀྱང་བུའི་ཆེད་དུ་ལྟོས་པ་མེད་པར་བཏང་བ་ལ་མཐའ་མེད། ཚུལ་དེ་ལྟ་བུས་སེམས་ཅན་རེ་རེས་ཀྱང་ས་ཆེན་པོའི་རྡུལ་སྙེད་ལས་ཀྱང་མང་བའི་ཚེ་རབས་ཀྱི་ཕྲེང་བར་ཕན་བཏགས་པ་ཤ་སྟག་ཡིན་པར་བཤེས་སྤྲིང་ལས། རེ་རེས་རྒྱ་མཚོ་བཞི་བས་ཆེས་ལྷག་པའི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་སྤྱོད་པའི་འཁོར་བ་པས། །དེ་བས་ཆེས་མང་བ་ཞིག་བཏུང་འཚལ་ལོ། །ཞེས་རྐང་པ་སྔ་མ་ཕྱེད་གཉིས་ཀྱིས་སྔོན་ཆད་དྲིན་གྱིས་བསྐྱངས་པའི་ཚུལ་དང༌། དེ་མན་ཆད་ཀྱིས་ད་དུང་ཡང་སྐྱོང་བར་འགྱུར་བའི་ཚུལ་རྒྱུ་མཚན་དང་བཅས་པ་བསྟན། དེའི་ཕྱིར་འོ་སྐོལ་རྣམས་ཀྱིས་སེམས་ཅན་དེ་དག་ཕྲག་པའམ་སྤྱི་བོའི་གཙུག་ཏུ་བཏེགས་ཏེ། སྟོང་གསུམ་འཇིག་རྟེན་གྱི་ཁམས་འདི་བསྐོར་བའི་བསྙེན་བཀུར་བསྟབ་ཀྱང༌། དེ་དག་གིས་བྱས་པའི་འབུམ་གྱི་ཆ་ཙམ་ལའང་ལན་མི་ལོན་པར་སྡེ་སྣོད་དུ་མ་ལས་གསུངས། དེ་ལྟར་ཡུན་རིང་པོ་ནས་གཉེན་དུ་གྱུར་པའི་སེམས་ཅན་དེ་དག་འཁོར་བ་སྡུག་བསྔལ་གྱི་ཕུང་པོའི་གནས་འདིར་ལྟོས་མེད་དུ་བོར་ནས་རང་ཉིད་གཅིག་པོ་ཐར་པའི་བདེ་བ་ཙམ་ཞིག་དོན་དུ་གཉེར་བར་བྱེད་ན་ཡང་སྔོན་ཕན་བཏགས་པ་མི་དྲན་པའི་བྱས་པ་མི་ཤེས་པ་དང༌། དེ་ལ་ཕན་ལན་མི་སྐོར་བའི་བྱས་པ་མི་གཟོ་བ་ཁོ་ནར་འགྱུར་བས། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོང་དུ་ཆུད་གྱུར་ཅིང༌། །ཀླུང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་


LT17_Page_178
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །སྐྱེ་ཤི་འཕོས་པའི་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་སོ། །དེའི་རྒྱུ་མཚན་གྱིས་ཉོན་མོངས་ཐམས་ཅད་སྤངས་པའི་ཐེག་དམན་དགྲ་བཅོམ་པ་ཡང་རྒྱལ་དང་དེ་སྲས་ཀྱི་སྨོད་གནས་སུ་གྱུར་པས་སྐལ་པ་དམན་པར་གསུངས་ཏེ། དཔལ་མཆོག་དང་པོ་ལས། རང་གི་བུ་ལའང་མི་ཆགས་པའི། །ཉན་ཐོས་རྣམས་ནི་སྐལ་པ་དམན། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །སྐལ་བཟང་ཕྱག་ན་རྡོ་རྗེ་དཔལ། །ཞེས་གསུངས། དེའི་རྒྱུ་མཚན་ཡང༌། སེམས་ཅན་ཁོ་རང་ཚོའི་རེས་ལ་བབས་ཚེ། ཁོང་ཚོའི་ནུས་ཚོད་ཀྱིས་ཕན་འདི་མ་བཏགས་བྱ་བ་དང༌། གནོད་པ་འདི་ལས་མ་བསྐྱབས་བྱ་བ་མེད་པས། ད་ལྟ་རང་རེ་རྣམས་ཀྱང་བྱང་ཆུབ་གསུམ་གང་འདོད་ཀྱང་བསྒྲུབ་ཏུ་ཡོད་པའི་གནས་སྐབས་སུ་ཆེད་དུ་བྱ་བ་གཞན་དོན་སྒྲུབ་པའི་ཐབས་ལ་མི་བརྩོན་ན། དེ་དག་གི་རེ་ལྟོས་སུ་ལ་འཆའ། དེ་དག་སྒྲོལ་བའི་རེས་ཀྱང་གཞན་སུ་ལ་འབབ་སྙམ་དུ་སྒོ་དུ་མ་དང༌། འབད་པ་དུ་མས་ལེགས་པར་བསམ། ཇི་སྐད་བཤད་པའི་ཚུལ་གྱིས་མར་ཤེས་པ་དང༌། དྲིན་དྲན་པ་དང༌། དྲིན་དུ་གཟོ་བ་སྟེ་གསུམ་པོ་གོ་རིམ་བཞིན་དུ་སྦྱང་བས་སེམས་ཅན་ཡིད་དུ་འོང་བའི་རྣམ་པ་ཅན་གྱི་བློ་ངང་ངམ་ཤུགས་ཀྱིས་སྐྱེ་བ་ན། སླར་ཡང་སེམས་ཅན་གྱི་སྡུག་བསྔལ་སྤྱི་དང་བྱེ་བྲག་དམྱལ་བ་པ་རྣམས་མཚོན་ཆ་དང་ནད་ལ་སོགས་པ་ཕྱི་དང་ནང་གི་འཚེ་བ་ལས་བྱུང་བའི་སྡུག་བསྔལ་ཤུགས་དྲག་ལ་རྒྱུན་རིང་ཞིང་བར་མཚམས་མེད་པར་འབྱུང་བ་རྣམས་ཀྱིས་མནར་བ་དང༌། དེ་བཞིན་དུ་ཡི་དྭགས་རྣམས་ཀྱང་བཀྲེས་


LT17_Page_179
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་དང་ཚ་གྲང་དང་ངལ་དུབ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པས་གཟིར་ཞིང་དུད་འགྲོ་རྣམས་གཅིག་གིས་གཅིག་ཟ་བ་དང་བཀོལ་སྤྱོད་ཀྱིས་འཚེ་བ་སོགས་དང་མི་རྣམས་ཚེ་ཐུང་ཞིང་ལོངས་སྤྱོད་ཉམས་པ་དང༌། འདོད་ལྷ་རྣམས་གཞན་གྱིས་ཚར་བཅད་པ་དང༌། སྤ་ཀོང་བ་དང་འཆི་འཕོ་ལྟུང་བ་སོགས་ཀྱིས་ཉམ་ང་ཞིང་སྲིད་རྩེ་མན་ཆད་ཀྱི་འཁོར་བ་མཐའ་དག་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པའི་ཚུལ་རྣམས་རྒྱ་ཆེར་བསམ་ནས་དེ་དག་སྡུག་བསྔལ་དེ་ལས་བྲལ་བར་འདོད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་བསྐྱེད་དགོས། དེའང་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་བའི་བརྩེ་བ་སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་ལ་བློ་འཁུལ་ཐུབ་པ་ཙམ་གྱིས་མི་ཚིམ་པར་འཇུག་པ་རང་འགྲེལ་ལས། བཅོམ་ལྡན་འདས་མ་སྙིང་རྗེ་ཆེན་པོ་སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་སེམས་ཅན་འཁོར་བའི་བཙོན་རར་བསྡམས་པ་སྐྱབས་མེད་པ་མ་ལུས་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ཞེས་གསུངས་པ་ལྟར་འགྲོ་བ་སྡུག་བསྔལ་མཐའ་དག་ལས་སྒྲོལ་བ་དང་ཕན་བདེ་མཐའ་དག་སྒྲུབ་པའི་ངལ་བ་རང་གི་ཁུར་དུ་ལེན་པའི་སྐྱོབ་འདོད་ཀྱི་རྣམ་པ་ཅན་གྱི་བརྩེ་བ་ལྷག་བསམ་རྣམ་དག་བསྒྲུབ་པར་བྱ་དགོས། དེ་གྲུབ་ནས་གཞན་དོན་ཕུན་ཚོགས་སྒྲུབ་པ་ལ་ཚོང་པ་ཁེ་སྤོགས་འདོད་པ་དང༌། དབུལ་པོས་རིན་པོ་ཆེ་གཏེར་འདོད་པ་ལྟ་བུའི་དོན་གཉེར་རྐང་གི་ཁོང་ནས་སྐྱེ་བ་ནས། དེའི་ཐབས་ལ་རྟོག་པར་འགྱུར་ལ། དེ་ལྟར་བརྟགས་པ་ན། དཔལ་ཆོས་


LT17_Page_180
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གྲགས་པས། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་ཐོབ་བྱ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དང༌། ཐོབ་བྱེད་ཐེག་པ་གསུམ་གྱི་རྣམ་བཞག་རྣམས་རང་གིས་མ་རྟོགས་པར་གཞན་ལ་སྟོན་ཚུལ་མེད་པར་གསུངས་པའི་རིགས་པས། གདུལ་བྱ་རིགས་ཅན་གསུམ་པོའི་སྐལ་བ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒོ་ནས་གཞན་དོན་སྒྲུབ་པ་ལ། དེའི་མེད་ན་མི་འབྱུང་གི་ཐབས་རྣམ་མཁྱེན་འཐོབ་དགོས་ཤིང་གོ་འཕང་དེ་ཐོབ་ན་གདུལ་བྱ་འདུལ་བའི་ཕྲིན་ལས་སྐད་ཅིག་ཀྱང་དུས་ལས་མི་ཡོལ་བའི་ཚུལ། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་འདུལ་བའི་བྱ་བ་དང༌། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་གདུལ་བྱའི་ཁམས་དང༌། དེ་དག་འདུལ་བའི་ཐབས་དང༌། བཏུལ་བའི་འབྲས་བུ། ཐབས་དེ་ལ་འཇུག་པའི་ཚུལ་ལ་སོགས་པ་ཐམས་ཅད་རྟོག་མེད་ཡིད་བཞིན་གྱི་ནོར་བུའི་བྱ་བ་བཞིན་དུ་འཇུག་པར་གསུངས་པ་རྣམས་ལེགས་པར་མཐོང་ནས། ངེས་པར་དེ་ལྟ་བུའི་གོ་འཕང་ཞིག་ཐོབ་པར་བྱ་དགོས་སྙམ་པའི་བྱང་ཆུབ་དོན་གཉེར་གྱི་བསམ་པ་རྒྱུན་ཆགས་སུ་གོམས་པར་བྱས་པས་བཅོས་མིན་གྱི་མྱོང་བ་སྤྱོད་ལམ་རྣམ་བཞིའི་སྐབས་ཀུན་ཏུ་བསྲེ་ནུས་པ་སེམས་རང་དབང་མེད་པར་གཞན་དོན་དང་བྱང་


LT17_Page_181
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་དོན་གཉེར་གྱི་དབང་དུ་སོང་བ་ནམ་བྱུང་བ་ན་བླ་མེད་བྱང་ཆུབ་ཐུན་མོང་མ་ཡིན་པའི་རྒྱུ་ས་བོན་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞེས་བྱ་བ་དེ་རྒྱུད་ལ་སྐྱེས་པ་ཡིན་ལ། སེམས་དེ་སྐྱེས་ནས་སྐད་ཅིག་རེ་རེ་ཡང་སྒྲིབ་པ་སྦྱོང་བ་དང་ཚོགས་བསགས་པའི་ཐབས་མཁས་མཁའ་ལྟར་ཡངས་པ་སྒྲུབ་ནུས་ཤིང༌། སེམས་དེས་ཟིན་པའི་དོང་ཙེ་གཅིག་གི་སྦྱིན་པ་ཙམ་ཡང་རྒྱལ་སྲས་ཀྱི་སྤྱོད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བས་ན། དགེ་ཚོགས་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ་ཞེས་དམ་པ་གོང་མ་རྣམས་ཀྱིས་གསུངས་སོ།། །།

བློ་སྦྱོང་།

༈ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་གང་ཞིག་འཆད་ཉན་སྒོམ་སྒྲུབ་གང་བྱེད་ཀྱང་དེ་ཉོན་མོངས་ཅན་གྱི་ཀུན་སློང་དང་འདྲེས་ན་རྣམ་པར་གྲོལ་བའི་དངོས་རྒྱུར་མི་འགྱུར་ཏེ། ཡོན་ཏན་མཛོད་ལས། རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་འཚལ། །ཞེས་སོ། །དེའི་ཕྱིར་བློ་བཅོས་པ་འདི་གལ་ཆེ་སྟེ། སྤྱོད་འཇུག་ལས། དང་པོ་རང་གི་སེམས་བརྟགས་ནས། །བརྟན་པས་རིགས་པ་ལྡན་པར་བྱ། །ཞེས་གསུངས་པའི་ཕྱིར། དེ་ཡང་མི་དགེ་བའི་རྟོག་པ་ཐམས་ཅད་བསལ་ནས་དགེ་བའི་ཀུན་སློང་བཅོས་དགོས། དེ་ལས་ཀྱང་ཐེག་དམན་གྱི་བློ་ཆུང་རང་དོན་ཡིད་བྱེད་ཙམ་མ་ཡིན་པར་སྐྱེས་བུ་ཆེན་པོའི་ཀུན་སློང་བཅོས་ཚུལ་གཉིས་ཡོད་པ་ལས། འདིར་རྒྱུ་འབྲས་མན་ངག་བདུན་ལྡན་གྱི་སྒོ་ནས་བཤད་པ་ལ་


LT17_Page_182
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་མར་ཤེས་པ་ནི། ཚད་མ་རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་བཤད་པ་ལྟར་ཐུག་མེད་ཀྱི་རིགས་པས་གཞལ་ན་བློ་ཐུག་མེད་བློ་ཐུག་མེད་བཞིན་ལུས་ཐུག་མེད་ལུས་ཐུག་མེད་བཞིན་མ་ཐུག་མེད་ཀྱི་ཚུལ་བཤེས་སྤྲིང་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུ་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་སོ། །གཉིས་པ་དྲིན་དྲན་ནི། སློབ་སྤྲིང་ལས། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱི་གཟགས་འཐུང་བ། །ངལ་བ་མང་བརྟེན་བྱམས་ལ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཐ་ཤལ་ཞིག་ནའང་སྤང་བར་སུ་ཞིག་སྤྲོ། །ཞེས་པ་ལྟར། ཐོག་མར་མངལ་དུ་བཟུང༌། བར་དུ་ནུ་ཞོ་བསྣུན། ཐ་མར་གྲགས་པ་སྒྲུབ། འཇམ་པའི་གོས་བསྐོན། ཞིམ་པོའི་ཟས་སྦྱིན། བྱམས་པའི་མིག་གིས་བལྟ། བརྩེ་བའི་ངག་གིས་འབོད། ཕན་པའི་བྱ་བས་སྐྱོང་བར་བྱས་པ་སྟེ། བཤེས་སྤྲིང་ལས། རེ་རེའི་རྒྱ་མཚོ་བཞི་བས་ཆེས་ལྷག་པའི། །འོ་མ་བཏུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་སྤྱོད་པའི་འཁོར་བ་པས། །དེ་བས་ཆེས་མང་བ་ཞིག་བཏུང་འཚལ་ལོ། །ཞེས་སོ། །གསུམ་པ་དྲིན་གཟོ་ནི། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོང་དུ་ཆུད་གྱུར་ཅིང༌། །ཀླུང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པའི་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་པ་ལྟར་དྲིན་ཆེན་གྱི་


LT17_Page_183
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དེ་དག་ཐམས་ཅད་སྡུག་བསྔལ་གསུམ་གྱི་རྒྱ་མཚོར་ཆུད་པའི་གནས་ཚུལ་ཤེས་བཞིན་དུ། རང་ཉིད་གཅིག་པུའི་དོན་ལ་གཞོལ་ན་དེ་ནི་མ་རབས་ཀྱི་ཁུར་ཆེན་འཛིན་པ་སྟེ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། རྒྱ་མཚོ་དང་ནི་རི་རབ་དང༌། །ས་རྣམས་བདག་གིས་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གིས་ཁུར་ཆེན་ཡིན། །ཞེས་སོ། །བཞི་པ་བྱམས་པ་ནི། དེ་ལྟར་ཡང་ཡང་བསྒོམས་པའི་མཐར། སེམས་ཅན་གང་ཡང་ཡིད་དུ་འོང་བ་གྲུབ་པས་ཕ་བསད་ཀྱི་ཤན་པ་མཐོང་ཡང་སྙིང་ལ་མི་སྡུག་པ་སྤངས་པ་སྔར་འདྲིས་ཀྱི་མཛའ་བོ་དང་འཕྲད་པ་ལྟ་བུ་སྟེ། མདོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེར་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་སོགས་ཡོན་ཏན་བརྒྱད་ལྡན་གང་ཡིན་པའོ། །ལྔ་པ་བརྩེ་བའི་སྙིང་རྗེ་ནི། བཤད་མ་ཐག་པའི་ཡིད་འོང་གི་བྱམས་པ་དེ་ཉིད་ཤིན་ཏུ་འདྲིས་པས་ཇེ་ཞིག་ན་འགྲོ་བ་གང་ཡང་སྡུག་བསྔལ་གྱིས་ཉམ་ཐག་པ་མཐོང་ན་རང་ཡང་སྡུག་བསྔལ་བ་བུ་ཆུང་ན་བ་ལས་ཀྱང་བདག་ཉིད་འཆི་བ་འདོམ་པའི་མ་ལྟ་བུ་སྟེ། སྤྱོད་པའི་གཞུང་ལས། སྙིང་རྗེ་སྡུག་བསྔལ་མང་གྱུར་པས། །ཅི་ཕྱིར་ནན་གྱིས་བསྐྱེད་ཅེ་ན། །འགྲོ་བའི་སྡུག་བསྔལ་བསམ་བྱས་ན། །ཇི་ལྟར་སྙིང་རྗེའི་སྡུག་བསྔལ་མང༌། །ཞེས་སོ། །དྲུག་པ་ལྷག་བསམ་རྣམ་དག་ནི། །དེ་ལྟར་གོམས་པའི་གཞན་


LT17_Page_184
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་དོན་གཉེར་ལ་མྱོང་བ་ཐོན་ཀྱང༌། བྱང་ཆུབ་དོན་གཉེར་ལ་མྱོང་བ་མ་ཐོན་པ་བྱང་སེམས་མ་ཡིན་པའི་སྐྱེས་བུ་ཆེན་པོའི་ཀུན་སློང་གི་སྐབས་ཡིན་ནོ། །བདུན་པ་རང་འབྲས་བླ་མེད་ནི། སློབ་སྤྲིང་ལས། ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང༌། །ཁུར་ལ་མི་རྩེག་ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་པ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་གསུངས་པ་ལྟར་གཞན་དོན་དུ་བྱང་ཆུབ་དོན་གཉེར་ལ་མྱོང་བ་ཐོན་པ་སྟེ། སྤྱོད་འཇུག་ལས། དེ་ལྟར་རྒྱུད་ནི་གོམས་པ་ཡིས། །གཞན་གྱི་སྡུག་བསྔལ་ཞི་དགའ་བའི། །པདྨའི་མཚོ་རུ་ངང་པ་ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། །ཞེས་ཆེས་ཆེར་གོམས་པ་རྣམས་ཀྱི་ངང་ཚུལ་བཤད་པ་བཞིན་ནོ། །དེ་ལྟར་སྙིང་རྗེ་ཆེན་པོ་དང་ལྡན་ཀྱང་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་ན་མཐའ་གཉིས་ལ་མི་གནས་པའི་མྱང་འདས་མི་འགྲུབ་སྟེ། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་པས་ཀྱང༌། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །ཞེས་སོ། །དེས་ན་འདིར་ནི་བདག་མེད་སྒོམ་ཚུལ་གྱི་རྣམ་བཞག་མདོ་ཙམ་བཤད་པར་བྱ་སྟེ། དེའང་འཕགས་པ་ཏིང་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་


LT17_Page_185
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་བྱས་པ་དང་མ་བྱས་པའི་ཆོས་ཐམས་ཅད་རང་བཞིན་བདེན་པར་མེད་དེ། རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེའི་ཚུལ་ཡང་གང་ཟག་གཅིག་ལ་མཚོན་ན། གང་ཟག་དེའི་གདགས་གཞི་ཁམས་དྲུག་པོ་དེ་དག་བདེན་པར་གྲུབ་བམ་མ་གྲུབ། གྲུབ་ན་གཞི་གྲུབ་ལ་ཆ་བཅས་ཀྱི་ཁྱབ་པས་དེའང་བདེན་གྲུབ་ཀྱི་ཆ་ཅན་ཡོད་དགོས། །དེ་ལྟར་ན་དེའི་ཆ་ཤས་དང་ཆ་ཅན་གྱི་བདེན་གྲུབ་གཅིག་གམ་ཐ་དད། དང་པོ་ལྟར་ན་གནོད་བྱེད་གཉིས་ཏེ། དང་པོ་ནི། གང་ཟག་ལྷ་སྦྱིན་ཆོས་ཅན། ཁྱོད་ལ་དྲུག་ཡོད་པར་ཐལ། ཁྱོད་ཀྱི་ཆ་ཤས་དྲུག་ཡོད་པའི་ཕྱིར། གཉིས་པ་ནི། གང་ཟག་ལྷ་སྦྱིན་གྱི་ཁམས་དྲུག་ཆོས་ཅན། ཁྱོད་གཅིག་ཡིན་པར་ཐལ། ཁྱོད་ཀྱི་ཆ་ཅན་གཅིག་ཡིན་པའི་ཕྱིར། འོན་ཏེ་ཕྱི་མ་ལྟར་ན་ལྷ་སྦྱིན་གྱི་ཁམས་དྲུག་བསལ་ཤུལ་ན་ལྷ་སྦྱིན་ཡོད་པར་ཐལ། དེའི་ཆ་ཅན་དང་ཆ་ཤས་གཉིས་བདེན་གྲུབ་ཀྱི་ཐ་དད་ཡིན་པའི་ཕྱིར། འདི་ལ་དགོངས་ནས་མགོན་པོ་ཀླུས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་པའི་སྐྱེས་བུ་གང༌། །ཞེས་གསུངས་སོ། །འདི་ལས་གཞལ་ན་ཆོས་ཐམས་ཅད་བདེན་མེད་


LT17_Page_186
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇལ་ནུས་སོ། །དེ་སྐད་དུའང་རྗེ་བཙུན་ལྕང་སྐྱ་པས། གཟུང་འཛིན་སྣ་ཚོགས་འདི་ཨ་མའི་འཛུམ་བག །སྐྱེ་འཆི་འཕོ་འགྱུར་འདི་ཨ་མའི་རྫུན་ཚིག །བསླུ་མེད་ཨ་མ་ཡིས་ཁོ་བོ་བསླུས་སོ། །ཇོ་ཇོ་རྟེན་འབྱུང་དེས་སྐྱོབ་པར་རེའོ། །ཞེས་བཤད་དོ། །མདོར་ན་འཁྲུལ་སྣང་གི་འཆར་སྒོ་ཐམས་ཅད་སྣང་ཡང་བདེན་པར་མ་གྲུབ་པ་སྨིག་རྒྱུ་ལྟ་བུ། བརྟགས་ན་ངོ་བོ་མ་གྲུབ་པའི་བྲག་ཆ་ལྟ་བུ། བདེན་རྫུན་ལོག་ཤེས་ཀྱིས་བསྐྱེད་པའི་རྨི་ལམ་ལྟ་བུ། མངོན་ཞེན་བག་ཆགས་ཀྱིས་བསྐྲུན་པའི་སྒྱུ་མ་ལྟ་བུ། གཉིས་སྣང་འཁྲུལ་ཤེས་སུ་ཤར་བའི་སྤྲུལ་པ་ལྟ་བུ། ནང་གི་འཁྲུལ་རྟོག་གི་རང་གཟུགས་སུ་སྣང་བའི་གཟུགས་བརྙན་ལྟ་བུ་སྟེ། ཟག་པ་དང་བཅས་པའི་རྟེན་འབྲེལ་འདི་རྣམས་ཆོས་ཅན། བདེན་པར་མེད་དེ། བག་ཆགས་འཇོག་བྱེད་ཀྱི་རྣམ་པ་ལས་མ་འཕོས་པའི་སྣང་བ་ཡིན་པའི་ཕྱིར་དཔེར་ན་གཟུགས་བརྙན་བཞིན་ལྟ་བུ། འགྲོ་འོང་གཉིས་སུ་མི་དམིགས་པའི་དྲི་ཟའི་གྲོང་ཁྱེར་ལྟ་བུར་རྟོགས་པར་བྱ་སྟེ། ཡོན་ཏན་མཛོད་ལས། ཡུལ་ལྔའི་ཤེས་པ་ཚོན་རིས་མ་འདྲེས་ལྟའི། །གཟུགས་སོགས་འདོད་པའི་ཡོན་ཏན་ཆ་བཟུང་བ། །དེ་ལ་དེར་འཛིན་དགག་སྒྲུབ་བློ་རྟོག་གིས། །འཁྲུལ་སྣང་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟག །ཅེས་སོ། །དོན་གྱི་དབང་འདི་གཟིགས་ནས་སློབ་དཔོན་འཕགས་པས། མེ་ཡི་རང་བཞིན་ཚ་བ་དང༌། །ཆུ་ཡི་རང་བཞིན་གཤེར་བ་དང༌། །བུ་རམ་རང་བཞིན་མངར་བ་སྟེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །ཅེས་བཤད་དོ། །དེ་ལྟར་དགེ་རྩ་མཐའ་


LT17_Page_187
[མ་དཔེ་གཟིགས་ན་འདིར་གནོན།]

དག་སེམས་བསྐྱེད་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་རང་དོན་དོན་གཉེར་དང་བདེན་ཞེན་གྱིས་བཅིང་བའི་ཉེས་ཚོགས་ལས་སྒྲོལ་བ་ཡིན་ལ། ད་ནི་དགེ་རྩ་གོང་འཕེལ་དུ་འགྲོ་བ་བསྔོ་བའི་རྣམ་བཞག་འཆད་དེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བདག་ཏུ་ལྟ་བས་འདར་བའི་རྣམ་དཀར་ཡང༌། །སྲིད་པར་ལན་གཅིག་མཐོ་བའི་ཆོ་ངེ་སྟེ། །བྱང་ཆུབ་བསྔོ་བའི་གསེར་འགྱུར་རྩིས་ཐེབས་པ། །འདི་ནི་སྟོན་པ་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟར་དགེ་བ་གང་ཞིག་བསགས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་མ་བསྔོས་ན་ལྷ་དང་མིའི་དཔལ་འབྱོར་ལ་སྨོན་པ་ཙམ་གྱིས་རྣམ་སྨིན་ཉུང་ངུར་ཟད་དེ། མདོ་ལས། མང་པོ་ཡང་ཉུང་ངུར་རིག་པར་བྱ་སྟེ། ཀུན་མཁྱེན་དུ་མ་བསྔོས་པའི་ཕྱིར་རོ། །ཞེས་སོ། །དེའང་གང་བསྔོ་ན་དུས་གསུམ་དུ་བསགས་པའི་དགེ་རྩ་མཐའ་དག །གང་དུ་བསྔོ་ན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་ཅིང་ཕན་པ་དང་བདེ་བའི་རྩ་ལག་རྒྱལ་བསྟན་སྡེ་སྣོད་རིན་པོ་ཆེ་རྣམས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བསྔོ་བ་ཉིད། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། སྦྱིན་པ་འདིས་བདག་དབང་པོའི་གནས་མིན་ཚངས་པའི་འཇིག་རྟེན་འབྲས་བུ་མི་འདོད་ན། །རླུང་གི་ཤུགས་ལྟར་མགྱོགས་ཤིང་གཡོ་བ་རྒྱལ་པོའི་སྲིད་ཀྱི་དཔལ་ལྟ་སྨོས་ཅི་དགོས། །བདག་གིས་གུས་པ་ཆེན་པོས་སྦྱིན་པ་འདི་ཡི་འབྲས་བུ་གང་ཡིན་དེ་ཡིས་ནི། །སེམས་ལ་དབང་བྱེད་མཚུངས་མེད་བྱང་ཆུབ་ཐོབ་ཅིང་སེམས་ཅན་རྣམས་ཀྱང་སྒྲོལ་གྱུར་ཅིག །ཅེས་


LT17_Page_188
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་སོ། །གནས་སྐབས་སུ་ཡང་གང་ན་འཚོ་ཞིང་གཞེས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་མཛད་ཕྲིན་ཡར་ཟླ་ལྟར་འཕེལ་ཞིང་དགེ་འདུན་གྱི་འདུས་པ་རྒྱ་མཚོ་མཐའ་དག་ཚུལ་ཁྲིམས་རྣམ་པར་དག་པ་དང༌། ཤེས་རབ་དྲི་མ་མེད་པ་ལ་དབང་འབྱོར་ཞིང༌། ཡང་དག་པའི་ལམ་ལ་གནས་པ་དང་ཐུགས་མཐུན་པར་བྱ་བའི་ཕྱིར་བསྔོ་བ་ཡང༌། དེ་ཉིད་ལས། མཁས་པ་རྣམས་ནི་བཀུར་བ་དང༌། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ཡོངས་སུ་དག་པ་དང༌། །ཕྱོགས་རྣམས་ཀུན་དུ་གྲགས་པར་ཤོག །ཅེས་དང༌། རྟག་ཏུ་དགེ་འདུན་མཐུན་པ་དང༌། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཅེས་སོ། །གཞན་ཡང་འགྲོ་བ་ཐམས་ཅད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་བདེ་ལྡན་ཞིང་སོགས་དག་པའི་ཞིང་དུ་སྐྱེས་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཆེད་དུ་བསྔོ་བ་ལ་སོགས་པ་སྟེ། དེ་དག་ཀྱང་འཁོར་གསུམ་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་ནི་གལ་ཆེ་སྟེ། མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་མི་དམིགས་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་སོ། །དེ་ལྟར་བསྔོ་བ་ལ་དགོས་པ་ཅི་ཡོད་ཅེ་ན། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །


LT17_Page_189
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་མ་སྐམ་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་སོ། །དེ་དག་གི་ཐེག་ཆེན་ལམ་གྱི་སྙིང་པོ་ཁྱད་པར་གསུམ་གྱི་རྣམ་བཞག་བསྡུས་ཏེ་གླེང་ཟིན་ཏོ། །ཅེས་པའང་སྡོམ་བརྩོན་གྱི་དགེ་སློང་དམ་ཆོས་འོད་ཟེར་གྱིས་བསྐུལ་བ་ལྟར་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་སྦྱར་བའི་ཡེ་གེ་པ་ནི་ཉེ་གནས་ཤཱ་ཀྱའི་བཙུན་པ་བློ་གྲོས་བཟང་པོས་བགྱིས་པའོ།། །དགེའོ།། །།

བྱང་ཆུབ་ལམ་གྱི་རིམ་པ་ལ་འཇུག་པ།

༈ རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འདིར་བྱང་ཆུབ་ལམ་གྱི་རིམ་པ་ལ་འཇུག་པ་ལ། ཐོག་མར་ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཇི་ལྟར་ཁྲིད་པའི་རིམ་པ་བཞིན་དུ་བསྟན་པ་ལ་བློ་སྦྱང་ཚུལ་གཉིས་ཡོད། དང་པོ་ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནི། བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། དེ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཇི་ལྟར་བསྟེན་ཚུལ། དེ་བསྟེན་པའི་ཕན་ཡོན་མ་བསྟེན་པའི་ཉེས་དམིགས་དང་བཅས་པའི་སྒོ་ནས་བཤད་པ་ཡིན། དགེ་བའི་བཤེས་གཉེན་གྱིས་ཇི་ལྟར་ཁྲིད་པའི་རིམ་པ་བཞིན་དུ་བསྟན་པ་ལྟར་བློ་སྦྱང་ཚུལ་དེ་ལ་དལ་བའི་རྟེན་ལ་སྙིང་པོ་ལེན་པར་བསྐུལ་བ་དང༌། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་དངོས་བཤད་པ་གཉིས་ཡོད། དང་པོ་དལ་བའི་རྟེན་ལ་སྙིང་པོ་ལེན་པར་བསྐུལ་བ་ནི། དལ་འབྱོར་རྙེད་དཀའ་སྒོམ་ཚུལ་གྱིས་བསྟན། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་དངོས་བཤད་པ་དེ་ལ། སྐྱེས་བུ་གསུམ་གྱི་


LT17_Page_190
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྤྱིའི་རྣམ་བཞག་དང༌། བྱེ་བྲག་སོ་སོའི་ལམ་གྱི་རྣམ་བཞག་བཤད་པ་གཉིས་ཡོད། དང་པོ་དེ་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་གྲངས་ངེས། གོ་རིམ། སྐྱེས་བུ་གསུམ་གྱི་ལམ་དུ་བཤད་པའི་དགོས་པ། སྐྱེས་བུ་གསུམ་གྱི་ལམ་གྱི་གོ་དོན་དང་བཞི་ཡོད། དང་པོ་ནི་ལར་སངས་རྒྱས་འཇིག་རྟེན་དུ་བྱུང་བའི་དགོས་པ་ནི་སེམས་ཅན་གྱི་དོན་དུ་ཡིན་ལ། སེམས་ཅན་གྱི་དོན་ལ་མངོན་མཐོ་དང་ངེས་ལེགས་གཉིས་སུ་གྲངས་ངེས། དེའི་ཕྱིར་ན་དེ་བཞིན་གཤེགས་པའི་བསྟན་པ་རིན་པོ་ཆེ་ཡང་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་སྒྲུབ་པའི་ཐབས་ཚུལ་གཉིས་སུ་གྲངས་ངེས། དེ་ཡང་གནས་སྐབས་མངོན་མཐོ་སྒྲུབ་པའི་ཐབས་ཚུལ་དུ་གསུངས་པའི་ཆོས་སྐོར་རྣམས་ནི་སྐྱེས་བུ་ཆུང་ངུའི་ལམ་གྱི་ཆོས་སྐོར་དང༌། ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་ཆོས་སྐོར་ཅི་རིགས་སུ་མ་འདུས་པ་མེད་ནི་རེད། ངེས་ལེགས་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ལས། ཐར་པ་ཙམ་སྒྲུབ་པའི་ཐབས་ཚུལ་དུ་གསུངས་པའི་ཆོས་སྐོར་རྣམས་ནི། སྐྱེས་བུ་འབྲིང་གི་ལམ་གྱི་ཆོས་སྐོར་དང་འབྲིང་དང་ཐུན་མོང་བའི་ལམ་གྱི་ཆོས་འཁོར་ཅི་རིགས་སུ་མ་འདུས་པ་མེད་པ་ཡིན། ཐམས་ཅད་མཁྱེན་པ་སྒྲུབ་པའི་ཐབས་ཚུལ་དུ་གསུངས་པའི་ཆོས་སྐོར་རྣམས་ནི་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་གྱི་ཆོས་སྐོར་དུ་མ་འདུས་པ་མེད་ནི་རེད། དེའི་ཕྱིར་ན་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་རྫོགས་མདོ་ཧྲིལ་གྱིས་དྲིལ་ན་སྐྱེས་བུ་གསུམ་གྱི་ལམ་དུ་གྲངས་ངེས་པ་ཡིན། གཉིས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་གོ་རིམ་ནི།


LT17_Page_191
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱང༌། དེ་ནས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་དུ་བློ་སྦྱང༌། དེ་ནས་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་ལ་བློ་སྦྱང་བ་སྟེ། གོ་རིམ་དེ་ལྟར་བྱས་ནས་སྒོམ་དགོས་པ་མ་གཏོགས། དང་པོ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་གི་ལམ་ལ་བློ་མ་སྦྱང་བར་སྐྱེས་བུ་ཆེན་པོའི་ལམ་སྒོམ་དུ་མེད་པ་ཡིན་ནི་རེད། དེའི་རྒྱུ་མཚན་སྐྱེས་བུ་ཆེན་པོའི་ལམ་གྱི་སྲོག་ཤིང་ངམ་རྩ་བ་ལྟ་བུ་ནི་སྙིང་རྗེ་ཆེན་པོ་ཡིན་པས། སྙིང་རྗེ་དེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བདག་གཅིག་པུས་བསྒྲལ་བར་བྱའོ་སྙམ་པའི་བློ་གཅིག་ཡིན་ལ། བློ་དེ་ནི་ལར་དང་པོ་རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་མནར་ཚུལ་ལ་བསམ་ཀྱང་འཇིགས་ཤིང་སྐྲག་པའི་བློ་ཅུང་ཟད་ཀྱང་མི་སྐྱེ་བ་ཞིག་ལ་བློ་དེ་གཏན་ནས་སྐྱེ་མི་སྲིད་པ་ཡིན་པའི་ཕྱིར་ན། འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱང་དགོས། དེ་ཡང་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་སྐྱེ་བ་ལ་རང་ཉིད་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་མནར་ཚུལ་བསམ་ཀྱང་བ་སྤུ་གཡོ་བ་ཙམ་གྱི་འཇིགས་ཤིང་སྐྲག་པའི་བློ་ཡང་མེད་ན་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་དེ་སྐྱེ་ས་མེད་པས་ན་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་སྔོན་དུ་བློ་སྦྱང་དགོས་ནི་རེད། དེ་ལྟར་སྐྱེས་བུ་གསུམ་གྱི་ལམ་ཡང་གོ་རིམ་འདི་ལྟར་སྒོམ་དགོས་ཀྱི། དེ་ལས་གཞན་དུ་འཆོལ་བར་སྒོམ་ན་ལམ་རྒྱུད་ལ་སྐྱེ་མི་སྲིད་པས། །


LT17_Page_192
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམ་འདི་ཁོ་ན་ལྟར་སྒོམ་དགོས་ནི་ཡིན་གསུངས། གསུམ་པ་སྐྱེས་བུ་གསུམ་གྱི་ལམ་དུ་ཕྱེ་བའི་དགོས་པ་ནི། སྤྱིར་རྒྱ་གར་འཕགས་པའི་ཡུལ་དུ་མགོན་པོ་ཀླུ་སྒྲུབ་ལ་སོགས་པའི་ཤིང་རྟ་ཆེན་པོ་དག་གིས་ནི་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་ཐབས་ཚུལ་དཔག་ཏུ་མེད་པ་གསུངས་ཀྱང༌། བསྟན་པ་ཡོངས་རྫོགས་སྐྱེས་བུ་གསུམ་གྱི་ལམ་དུ་དྲིལ་ཏེ། དེ་ཁོ་ན་ལ་རྩལ་དུ་བཏོན་ཏེ་འཆད་པ་ཆེར་མ་མཛད། ཇོ་བོ་རྗེ་ཨ་ཏི་ཤས་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་དེ། བསྟན་པ་ཡོངས་རྫོགས་སྐྱེས་བུ་གསུམ་གྱི་ལམ་དུ་བསྡུས་ཏེ། དེ་ཁོ་ན་ལ་རྩལ་དུ་བཏོན་ཏེ་བཤད་པ་ཡིན། དེ་ལྟར་བཤད་པ་ལ་དགོས་པ་གཉིས་ཡོད་དེ། བློ་རབ་འབྲིང་ཐ་མ་ལ་ཕན་ཆེ་བ་དང་མངོན་པའི་ང་རྒྱལ་ཞི་བའི་དགོས་པ་གཉིས་ཡོད། དང་པོ་ནི་གང་ཟག་བློ་རབ་སྐྱེ་བ་སྔོན་དུ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་ནས་བཟུང་སྐྱེས་བུ་ཆེན་པོའི་བསམ་པའི་བར་རྒྱུད་ལ་སྐྱེས་པ་ཞིག་ཡིན་ན་སྐྱེ་བ་འདིར་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ནས་བཟུང་སྟེ་བློ་སྦྱང་ན། སྔར་ལམ་རྒྱུད་ལ་སྐྱེས་ཟིན་པ་རྣམས་ནི་མངོན་དུ་གྱུར་སླ་ཞིང་དེ་ལྟར་མངོན་དུ་གྱུར་པ་ཙམ་ནས་ལམ་ཕྱི་མ་བསྣན་ནས་སྒོམ་ཆོག་པས་དེའི་ལམ་ཇེ་བུལ་དང་ལམ་ལོག་པ་ཉིད་དུ་མི་འགྲོ་བར་མ་ཟད། རང་གི་མངོན་པར་འདོད་པའི་ཡོན་ཏན་སྐྱེ་སླ་བའི་དགོས་པ་ཡོད་པས་བློ་རབ་ལ་ཕན་ཆེ་བ་དང༌། སྔོན་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ཙམ་ལའང་བློ་སྦྱང་མ་མྱོང་བའི་གང་ཟག་ཐ་མ་ལ་ནི། དང་པོ་ནས་སྐྱེས་བུ་ཆེ་འབྲིང་གི་ལམ་བསྟན་ན་རྨིང་མེད་པའི་


LT17_Page_193
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་བཞིན་དུ་དེའི་རྒྱུད་ལ་ལམ་གྱི་ཡོན་ཏན་སྐྱེ་བ་མི་སྲིད་པ་ཡིན་ལ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ནས་བཟུང་སྟེ་གདམ་ངག་བསྟན་ན། དེའི་རྒྱུད་ལ་ལམ་སྐྱེ་སླ་བས་ན་བློ་ཐ་མ་ལ་ཤིན་ཏུའང་ཕན་ཆེ། བློ་འབྲིང་སྐྱེས་བུ་ཆུང་ངུ་དང་འབྲིང་གི་ལམ་གྱི་སྐལ་བ་ཅན་ཞིག་ཡིན་ན། དེ་ལ་དང་པོ་ནས་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་རྣམས་བསྟན་ན། དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་བློར་མི་ཤོང་ཞིང༌། དེ་ལ་སྐུར་པ་འདེབས་པ་སོགས་དོན་མ་ཡིན་པ་ཆེན་པོ་འབྱུང་བས་ན་དེ་ལ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་གི་ལམ་ནས་ཁྲིད་ན། དེ་ཆུང་ངུ་དང་འབྲིང་གི་ལམ་གང་གི་སྐལ་བ་ཅན་ཡིན་ན་ཡང་རང་གི་སྐལ་བ་དང་འཚམས་པའི་ལམ་དེར་སློབ་པ་མ་གཏོགས། ཉམས་འོག་ཏུ་མི་ཚུད་པའི་ལམ་རྣམས་ལ་མ་བསླབས་ཀྱང་ཆོག་པས་དེ་དོན་མ་ཡིན་པ་ལས་ཟློག་པར་འགྱུར་བས་ན། བློ་འབྲིང་ལའང་ཕན་ཆེ་བས་ན་བློ་རབ་འབྲིང་ཐ་མ་ལ་ཕན་ཆེ་བའི་དགོས་པ་ཞེས་བརྗོད་ནི་ཡིན། མངོན་པའི་ང་རྒྱལ་ཞི་བའི་དགོས་པ་ནི། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ནི་འདིའོ། །སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ནི་འདིའོ། །སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་ནི་འདིའོ། །ཞེས་བཤད་པ་ན། རང་གི་རྒྱུད་ན་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ཙམ་ཡང་མེད་བཞིན་དུ་སྐྱེ་བུ་ཆེན་པོའི་ལམ་གྱི་ཡོན་ཏན་ཡང་ཡོད་དོ་སྙམ་པའི་མངོན་པའི་ང་རྒྱལ་ཞི་བའི་དགོས་པ་ཡོད་ནི་རེད། བཞི་པ་སྐྱེས་བུ་གསུམ་གྱི་ལམ་གྱི་གོ་དོན་ནི་དཔེར་ན་སྐྱེས་བུ་ཆུང་ངུས་ཚེ་ཕྱི་མའི་འཁོར་བའི་ཕུན་ཚོགས་


LT17_Page_194
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་དོན་གཉེར་གྱི་བློ་དང༌། འབྲིང་གིས་རང་གཅིག་པུ་ཞི་བདེ་དོན་གཉེར་གྱི་བློ་སྐྱེད་པ་ལྟ་བུ་ནི། སྐྱེས་བུ་ཆེན་པོའི་ལམ་གྱི་སྤང་བྱ་ཡིན་པས་དེ་དང་ཐུན་མོང་མིན་ལ། འདིར་གང་ཡིན་ན། ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་སྟེ། དེ་ལས་ཐར་འདོད་ཀྱི་བློ་སྐྱེད་པ་དང༌། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་ཐར་བའི་ཐར་པ་དོན་གཉེར་གྱི་བློ་སྐྱེད་པ་ལྟ་བུ་ནི། སྐྱེས་བུ་ཆུང་འབྲིང་གཉིས་ཀས་ཀྱང་རང་རང་གི་གོ་འཕང་དེ་མངོན་དུ་བྱེད་པ་ལ་ལམ་དེ་ལ་བློ་མ་སྦྱང་བའི་ལྟ་བ་མེད་ལ། སྐྱེས་བུ་ཆེན་པོས་ཀྱང་རང་གི་ཐུན་མོང་མ་ཡིན་པའི་ལམ་དེ་སྐྱེ་བའི་སྟེགས་སུ་དེ་ལ་ངེས་པར་བློ་སྦྱང་དགོས་པའི་ལམ་དེ་ལ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ཐུན་མོང་གི་ལམ་ཞེས་བརྗོད་པ་ཡིན་པས་ཐུན་མོང་བའི་ལམ་གྱི་གོ་དོན་ནི་དེ་ལྟར་ཡིན། གཉིས་པ་བྱེ་བྲག་སོ་སོའི་ལམ་གྱི་རྣམ་བཞག་བཤད་པ་ལ་གསུམ་ཡོད། དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རྣམ་བཞག་བཤད་པ་དེ་ལ། བསམ་པ་འཇིག་རྟེན་ཕྱི་མའི་ཕུན་ཚོགས་དོན་གཉེར་གྱི་བློ་སྐྱེད་པ་དང༌། སྦྱོར་བ་འཇིག་རྟེན་ཕྱི་མར་བདེ་བར་འགྱུར་བའི་ཐབས་བསྟེན་པ་གཉིས་ཡོད། དང་པོ་བསམ་པ་འཇིག་རྟེན་ཕྱི་མའི་ཕུན་ཚོགས་དོན་གཉེར་གྱི་བློ་ནི། འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་བསམ་པ་དང་ཤི་ནས་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་གཉིས་ཀྱི་སྒོ་ནས་བློ་དེ་བསྐྱེད་དགོས་ནི་རེད། སྦྱོར་བ་འཇིག་རྟེན་ཕྱི་མར་བདེ་བར་འགྱུར་བའི་ཐབས་བསྟེན་པ་དེ་ལ། བསྟན་པ་ལ་འཇུག་པའི་སྒོ་དཀོན་མཆོག་གསུམ་ལ་སྐྱབས་


LT17_Page_195
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་བ་དང༌། བདེ་ལེགས་རྣམས་ཀྱི་རྩ་བ་ལས་འབྲས་ཡིད་ཆེས་ཀྱི་དད་པ་སྦྱང་བ་སྟེ་ལས་གཉིས་ལ་བླང་དོར་བྱ་བ་སྟེ་གཉིས་ཡོད། གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རྣམ་བཞག་བཤད་པ་དེ་ལ་ཐར་པ་དོན་གཉེར་གྱི་བློ་སྐྱེད་པ་དང༌། དེ་བསྐྱེད་ནས་ཐར་པའི་ལམ་དངོས་ལ་ཇི་ལྟར་སློབ་པའི་ཚུལ་གཉིས་ཡོད། དང་པོ་ཐར་པ་དོན་གཉེར་གྱི་བློ་སྐྱེད་པ་ལ། སྡུག་བསྔལ་དང་ཀུན་འབྱུང་བདེན་པ་ལ་བསམས་ཏེ་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བློ་སྐྱེད་པ་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཚུལ་བསམས་ཏེ་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བློ་སྐྱེད་པ་གཉིས་ཡོད། དེའི་དང་པོ་ལ། སྡུག་བདེན་འཁོར་བའི་ཉེས་དམིགས་ལ་བསམས་ཏེ་འཁོར་བ་དང་འབྲལ་དགོས་ཚུལ་དང༌། ཀུན་འབྱུང་འཁོར་བའི་འཇུག་རིམ་ལ་བསམས་ཏེ་འཁོར་བ་དང་འབྲལ་ནུས་ཚུལ་གཉིས་བསམ་པའི་སྒོ་ནས་ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་ཚང་བ་རང་གི་རྒྱུད་ལ་སྐྱེད་དགོས་ནི་རེད། གཉིས་པ་དེ་བསྐྱེད་ནས་ཐར་པའི་ལམ་དངོས་ལ་ཇི་ལྟར་སློབ་པའི་ཚུལ་ལ། སེམས་རྣམ་པར་གཡེང་བ་མེད་པར་བྱེད་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། སེམས་མཉམ་པར་མ་བཞག་པ་མཉམ་པར་བཞག་པར་བྱེད་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། སེམས་རྣམ་པར་མ་གྲོལ་བ་གྲོལ་བར་བྱེད་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་གསུམ་ཡོད། དེའི་ནང་ནས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་གཉིས་ནི་སྐྱེས་བུ་འབྲིང་གི་ལམ་རང་དགའ་བར་འཁྲིད་པའི་


LT17_Page_196
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཡིན་ན་སྐབས་འདིར་འཆད་དགོས་ན་ཡང་འདིར་སྐྱེས་བུ་ཆེན་པོའི་ལམ་གྱི་སྔོན་འགྲོར་བཤད་པའི་སྐབས་ཡིན་པས་སྐྱེས་བུ་ཆེན་པོའི་རང་གི་ཐུན་མོང་མ་ཡིན་པ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པའི་སྐབས་སུ་ཕར་ཕྱིན་རྗེས་མ་གཉིས་ལ་སློབ་པར་འགྱུར་བས་ན་སྐབས་འདིར་དེ་གཉིས་འཆད་པར་མི་མཛད་ལ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཙམ་ཞིག་དམ་པ་གོང་མ་དག་གིས་འདིར་འཆད་པར་མཛད་ནི་རེད། གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རྣམ་བཞག་བཤད་པ་དེ་ལ་སེམས་བསྐྱེད་ཀྱི་ཕན་ཡོན་བསམ་པ། བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ། དེ་བསྐྱེད་ནས་སྤྱོད་པ་ལ་ཇི་ལྟར་སློབ་ཚུལ་དང་གསུམ་ཡོད། དང་པོ་སེམས་བསྐྱེད་ཀྱི་ཕན་ཡོན་བསམ་པ་དེ་ལ། ཐེག་པ་ཆེན་པོའི་ཡོན་ཏན་དྲན་ཞིང་དེའི་འཇུག་སྒོ་བྱང་ཆུབ་ཀྱི་སེམས་ཉག་གཅིག་ཡིན་པའི་ཚུལ་བསམ་པ་དང༌། དེ་ལས་གཞན་པའི་སེམས་བསྐྱེད་ཀྱི་ཕན་ཡོན་བསམ་པ་དང་གཉིས་ཡོད། གཉིས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་ལ། སེམས་བསྐྱེད་ཉིད་ཇི་ལྟར་བསྒོམ་ཚུལ་དང༌། དེ་བརྟན་པར་བྱ་བའི་ཆེད་དུ་སྨོན་སེམས་ཆོ་གའི་སྒོ་ནས་ཇི་ལྟར་བཟུང་བའི་ཚུལ་གཉིས་ཡོད། དང་པོ་ལ་རྒྱལ་བའི་ཡུམ་གྱི་དགོངས་པ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་དང༌། ཀ་མ་ཤི་ལ་སོགས་ཀྱིས་བཀྲལ་བ་ལྟར་རྒྱུ་འབྲས་མན་ངག་བདུན་ལྡན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་དང༌། སངས་རྒྱས་ཕལ་ཆེན་གྱི་དགོངས་པ་སློབ་དཔོན་ཆེན་པོ་ཞི་བ་ལྷ་སོགས་ཀྱིས་བཀྲལ་བ་ལྟར་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་


LT17_Page_197
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྒོམ་ཚུལ་ཞིག་དང་གཉིས་ཡོད། གཉིས་པ་དེ་བརྟན་པར་བྱ་བའི་ཆེད་དུ་སྨོན་སེམས་ཆོ་གའི་སྒོ་ནས་ཇི་ལྟར་བཟུང་བའི་ཚུལ་བཤད་པ་དེ་ལ། དང་པོ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་དང༌། ཐོབ་ཟིན་མི་ཉམས་པར་བསྲུང་བའི་ཐབས། ཉམས་ན་ཕྱིར་བཅོས་པའི་ཐབས་དང་གསུམ་ཡོད། དང་པོ་ལ་གང་ལས་བླང་བའི་ཡུལ། །གང་གིས་ལེན་པའི་རྟེན། ཚུལ་ཇི་ལྟར་ལེན་པའི་ཆོ་ག་སྦྱོར་དངོས་རྗེས་གསུམ་དང་བཅས་པ་ཡོད་ལ། ཆོ་གའི་དངོས་གཞི་ནི། བྱང་ཆུབ་སྙིང་པོའི་བར་དུ་རྫོགས་པའི་བྱང་ཆུབ་ཀྱི་སེམས་མི་གཏོང་ངོ་སྙམ་པའི་སེམས་བསྐྱེད་དམ་བཅའ་བའི་ལྕགས་ཀྱུ་གཉིས་པས་རང་དབང་དུ་བྱེད་ཚུལ་དེ་ཡིན་ནི་རེད། གཉིས་པ་ཐོབ་ཟིན་མི་ཉམས་པར་བསྲུང་བའི་ཐབས་ལ། སྐྱེ་བ་འདིར་སེམས་བསྐྱེད་མི་ཉམས་པར་གོང་འཕེལ་དུ་འགྱུར་བའི་རྒྱུ་ལ་བསླབ་པ་དང༌། སྐྱེ་བ་གཞན་དུ་སེམས་བསྐྱེད་མི་བརྗེད་པའི་རྒྱུ་ལ་བསླབ་པ་གཉིས་ཡོད། དང་པོ་ལ་སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར། དུས་དྲུག་ཏུ་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ། སེམས་དེ་ཉིད་འཕེལ་བའི་ཕྱིར་དུས་དྲུག་ཏུ་བྱང་ཆུབ་ཀྱི་སེམས་སྦྱང་བ། གང་གི་དོན་དུ་སེམས་བསྐྱེད་པའི་སེམས་ཅན་བློས་མི་གཏོང་བ་དང༌། སེམས་བསྐྱེད་གོང་འཕེལ་དུ་འགྲོ་བའི་ཕྱིར་ཚོགས་སྒོ་དུ་མ་ནས་གསོག་པ་དང་བཞི་ཡོད། སྐྱེ་བ་གཞན་དུ་སེམས་བསྐྱེད་མི་བརྗེད་པའི་རྒྱུ་ལ་བསླབ་པ་ནི། མཆོད་འོས་བསླུ་བ་དང༌། འགྱོད་མེད་ལ་འགྱོད་པ་སྐྱེད་པ་དང༌། བྱང་ཆུབ་སེམས་དཔའ་


LT17_Page_198
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐུར་བ་འདེབས་པ། སེམས་ཅན་ལ་གཡོ་སྒྱུ་བྱེད་པ་སྟེ་ནག་པོའི་ཆོས་བཞིའི་གཉེན་པོ་སྲོག་གི་ཕྱིར་དུ་ཡང་ཤེས་བཞིན་དུ་རྫུན་མི་སྨྲ་བ་ལ་སོགས་པའི་དཀར་པོའི་ཆོས་བཞི་ལ་ནན་ཏན་བྱེད་པ་དེ་ཡིན། ཉམས་ན་ཕྱིར་བཅོས་པའི་ཐབས་ནི། སེམས་བསྐྱེད་གཏོང་བ་དང༌། སེམས་ཅན་བློས་འདོར་བ་གཉིས་གང་བྱུང་ཡང༌། སེམས་བསྐྱེད་གཞི་ནས་བཟུང་དགོས་ནི་རེད། དེ་ལས་གཞན་པའི་ཉེས་པ་རྣམས་བྱུང་ཡང་སེམས་བསྐྱེད་ཀྱི་གཏོང་རྒྱུ་མིན་པ་དང༌། བྱང་སྡོམ་མ་བླང་བའི་གོང་ཡིན་པས་ལྟུང་བར་མི་འགྱུར་ནའང༌། བར་མ་ཁས་བླང་བ་དང་འགལ་བའི་ཉེས་སྤྱོད་དུ་འགྱུར་བས་ན་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྡོམ་བྱེད་དགོས་ནི་རེད། གསུམ་པ་སེམས་བསྐྱེད་ནས་སྤྱོད་པ་ལ་ཇི་ལྟར་སློབ་པའི་ཚུལ་བཤད་པ་དེ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་འདོད་སྦྱང་བ། དེ་འབྱོངས་ནས་བྱང་སྡོམ་ཆོ་གའི་སྒོ་ནས་ཇི་ལྟར་བཟུང་ཚུལ། དེ་བཟུང་ནས་སྤྱོད་པ་ལ་བསླབ་པའི་རིམ་པ་དངོས་དང་གསུམ་ཡོད། དང་པོ་ལ། སེམས་ཙམ་བསྐྱེད་ཀྱང་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་མ་བསླབས་ན་རྫོགས་བྱང་ཐོབ་མི་སྲིད་པའི་ཚུལ་དང་དེ་ཡང་སྤྱོད་པ་ནོར་བ་ལས་མི་འབྱུང་བ་རྭ་ཐེན་པ་ལས་འོ་མ་མི་འབྱུང་བ་ལྟ་བུ་དང༌། ཐབས་ཤེས་ཡ་བྲལ་ལྟ་བུའི་སྤྱོད་པ་མ་ཚང་བ་ལས་མི་འབྱུང་བ་ས་བོན་ཆུ་ལུད་ལ་སོགས་པའི་རྐྱེན་གཅིག་མ་ཚང་ཡང་མྱུ་གུ་བསྐྱེད་མི་ནུས་པ་ལྟ་བུའི་ཚུལ་ལ་བསམ་སྟེ་ཚང་ལ་མ་ནོར་བའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་འདོད་སྤྱིར་སྦྱང༌། བྱེ་བྲག་


LT17_Page_199
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྡོམ་གྱི་སྐབས་ཀྱི་བསླབ་བྱའི་གནས་ཕྲ་རག་ཐམས་ཅད་ལ་རེ་རེའི་ཁ་ནས་དམིགས་ཕུགས་ཏེ་སློབ་འདོད་ཁྱད་པར་ཅན་སྐྱེད་པ་དེ་ཉིད་ཡིན་ནི་རེད། དེ་འབྱོངས་ནས་བྱང་སྡོམ་ཇི་ལྟར་བཟུང་བའི་ཚུལ་ནི། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་སྲོལ་གཉིས་ལ་གང་ལས་བླང་བའི་ཡུལ་སློབ་དཔོན་གྱི་ཁྱད་པར། གང་གི་ལེན་པའི་རྟེན་གྱི་ཁྱད་པར། ཚུལ་ཇི་ལྟར་ལེན་པའི་ཆོ་གའི་ཁྱད་པར། བླངས་ནས་བསླབ་བྱའི་རྐང་གྲངས་ཀྱི་ཁྱད་པར་སོགས་མང་དུ་ཡོད་པར་དཔལ་ལྡན་ས་སྐྱ་པཎྜི་ཏ་ལ་སོགས་པའི་མཁས་པ་ཆེན་པོ་དག་གིས་བཞེད་ནི་རེད། དགེ་བའི་བཤེས་གཉེན་ཤ་ར་བ་ལ་སོགས་པའི་མཁས་པ་མང་པོས་ནི་ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་དེ་འདྲའི་རྣམ་དབྱེ་མི་བཞེད་པར་སྲོལ་ཆེན་པོ་གཉིས་གཅིག་ཏུ་བསྲེས་པའི་རྣམ་བཞག་མཛད་ནི་རེད། གསུམ་པ་དེ་བཟུང་ནས་སྤྱོད་པ་ལ་བསླབ་པའི་རིམ་པ་དངོས་དེ་ལ། རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་ལ་སློབ་ཚུལ་དང་གཞན་རྒྱུད་སྨིན་བྱེད་བསྡུ་བའི་དངོས་པོ་བཞི་ལ་སློབ་ཚུལ་གཉིས་ཡོད། དང་པོ་ལ་ཕར་ཕྱིན་དྲུག་གི་གྲངས་ངེས། གོ་རིམ། ཕྱིན་དྲུག་དངོས་ལ་སློབ་ཚུལ་དང་གསུམ་ཡོད། དང་པོ་ནི། མདོ་སྡེ་རྒྱན་ལས། མངོན་མཐོ་ལ་ལྟོས་པའི་གྲངས་ངེས། རང་གཞན་གྱི་དོན་ཐམས་ཅད་སྒྲུབ་པ་ལ་ལྟོས་པའི་གྲངས་ངེས། གཞན་དོན་རྣམ་པ་ཐམས་ཅད་ལ་ལྟོས་པའི་གྲངས་ངེས། ཐེག་ཆེན་ཐམས་ཅད་སྡུད་པ་ལ་ལྟོས་པའི་གྲངས་ངེས། ཐབས་ཀྱི་རྣམ་པ་ཐམས་ཅད་པ་ལ་ལྟོས་


LT17_Page_200
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲངས་ངེས། བསླབ་པ་གསུམ་ལ་ལྟོས་པའི་གྲངས་ངེས་ཏེ་གྲངས་ངེས་ཀྱི་སྒོ་དྲུག་ཡོད་པར་གསུང་ནི་རེད། གོ་རིམ་ལ། སྐྱེ་བའི་གོ་རིམ། དམན་མཆོག་གི་གོ་རིམ། རག་ཕྲའི་གོ་རིམ་དང་གསུམ་ཡོད། དེ་ལྟར་ཕྱིན་དྲུག་གི་གྲངས་དང་གོ་རིམ་ལ་མཁས་པར་བྱས་ནས། ཕྱིན་དྲུག་དངོས་ལ་སློབ་ཚུལ་ལ་སྦྱིན་པ་ལ་སློབ་ཚུལ། ཚུལ་ཁྲིམས་ལ་སློབ་ཚུལ། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ལ་སློབ་ཚུལ་དང་དྲུག་ཡོད། དང་པོ་སྦྱིན་པ་ལ་སློབ་ཚུལ་ནི། རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ལ་ཀུན་འཛིན་གྱི་འཆིང་བས་བཅིངས་པའི་ཉེས་དམིགས་དང༌། སྦྱིན་པའི་ཕན་ཡོན་ལ་བསམ་སྟེ། སྤྲོ་སེམས་ཁྱད་པར་ཅན་སྒོམ་པ་དེ་ཡིན་ལ། ཚུལ་ཁྲིམས་ལ་སློབ་ཚུལ་ནི། ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་མ་བསྲུང་བའི་ཉེས་དམིགས་ལ་བསམ་སྟེ། རང་རྒྱུད་དྲན་ཤེས་བཞིན་བག་ཡོད་ཀྱིས་ལེགས་པར་བསྡམ་སྟེ་སེམས་རྒྱུད་ཚུལ་ཁྲིམས་ཀྱི་ཕྱོགས་ལ་བསྒྱུར་བར་བྱེད་པ་ལ་བརྩོན་པར་བྱེད་པ་དེ་ཡིན། བཟོད་པ་ལ་སློབ་ཚུལ་ནི། བཟོད་པ་ལ་མང་དུ་ཡོད་ཀྱང་གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་ལྟ་བུ་ལ་མཚོན་ན། དགྲ་བོ་བཀའ་དྲིན་ཆེ་ཚུལ་བསམ་པ་ལ་སོགས་པའི་སྒོ་ནས་རང་རྒྱུད་ཁོང་མི་འཁྲུགས་པའི་བཟོད་པ་ལ་གོམས་པར་བྱེད་པ་དེ་ཡིན། བརྩོན་འགྲུས་ལ་གོམས་པར་བྱེད་ཚུལ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ་དཀའ་བ་དུས་ཡིན་རིང་པོར་སྤྱོད་དགོས་པ་རྣམས་ལ་མི་ཞུམ་ཞིང་སྙིང་སྟོབས་བསྐྱེད་དེ་སྤྲོ་ཤུགས་


LT17_Page_201
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་ལ་བརྩོན་པར་བྱེད་རྒྱུ་དེ་རེད། བསམ་གཏན་ལ་སློབ་ཚུལ་ནི། མཐུན་པའི་ཡུལ་དུ་གནས་པ་དང་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང༌། བྱ་བ་མང་པོ་སྤོང་བ་ལ་སོགས་པའི་བསམ་གཏན་གྱི་ཚོགས་ལ་གནས་པའི་གཞི་བཟུང་སྟེ། ཏིང་ངེ་འཛིན་དངོས་ལ་སློབ་ཚུལ་ནི། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས་ཏིང་ངེ་འཛིན་དེ་བསྒྲུབ་དགོས་ནི་རེད། དེ་ལ་ཉེས་པ་ལྔ་ནི། ལེ་ལོ། བརྗེད་ངས། བྱིང་རྒོད། འདུ་མི་བྱེད་པ། འདུ་བྱེད་དེ་ལྔ་ཡིན་ལ། དེའི་གཉེན་པོ་འདུ་བྱེད་བརྒྱད་བསྟེན་ཚུལ་ནི། འདུན་པ། བརྩོན་འགྲུས། ཤིན་སྦྱང་རྣམས་བསྟེན་དགོས་ནི་རེད། དེ་བཞིན་དུ་བརྗེད་ངས་ཀྱི་གཉེན་པོ་དྲན་པ། བྱིང་རྒོད་ཀྱི་གཉེན་པོ་ཤེས་བཞིན་ཡིན། འདུ་མི་བྱེད་པའི་གཉེན་པོ་སེམས་པ། འདུ་བྱེད་ཀྱི་གཉེན་པོ་བཏང་སྙོམས་བསྟེན་པ་སྟེ། དེ་ལྟར་ཉེས་པ་ལྔ་སྤོང༌། འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་སྒྲུབ་དགོས། དེ་ཚུལ་བཞིན་དུ་གྲུབ་པ་ན། དེ་ལ་བརྟེན་ནས་རིམ་གྱིས་བསམ་གཏན་བཞི་ཡན་ལག་གིས་འདའ་བ་དང༌། གཟུགས་མེད་བཞི་དམིགས་པའི་འདའ་བའི་ཚུལ་གྱིས་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བརྒྱད་སྒྲུབ་པར་བྱེད་པ་དེ་ཡིན། ཤེས་རབ་ལ་སློབ་ཚུལ་ནི། ཤེས་རབ་དེ་ལ་ཇི་ལྟ་བ་རྟོགས་པའི་ཤེས་རབ། ཇི་སྙེད་པ་རིག་པའི་གནས་ལྔ་མཁྱེན་པའི་ཤེས་རབ། སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་དང་གསུམ་ཡོད་པའི་ནང་ནས་གཙོ་བོ་ནི་ཞི་གནས་


LT17_Page_202
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ཏེ། བདག་མེད་པ་གཉིས་ཀྱི་དེ་ཁོ་ན་ཉིད་ལ་ལྷག་མཐོང་གི་རྩལ་སྦྱོང་བར་བྱེད་པ་དེ་ཤེས་རབ་ལ་བསླབ་ཚུལ་གྱི་གཙོ་བོ་ཡིན་ནི་རེད། གཉིས་པ་གཞན་རྒྱུད་སྨིན་བྱེད་བསྡུ་བའི་དངོས་པོ་བཞི་ལ་སློབ་ཚུལ་ལ། ཟང་ཟིང་གི་བསྡུ་བ་གཅིག་དང༌། ཆོས་ཀྱི་བསྡུ་བ་གསུམ་ཡོད། དང་པོ་ཟང་ཟིང་གི་བསྡུ་བ་ནི། སྦྱིན་པ་ཡིན་ལ། དེ་ནི་སྦྱིན་པའི་ཕར་ཕྱིན་ལ་སློབ་ཚུལ་གྱི་སྐབས་བཤད་པ་ལྟར་ཡིན། གཉིས་པ་ཆོས་ཀྱི་བསྡུ་བ་ནི། མོས་པའི་ཆོས་དང༌། སྒྲུབ་པའི་ཆོས་དང༌། དེ་ཉིད་རྣམ་པར་སྦྱོར་བའི་ཆོས་ཀྱི་བསྡུ་བ་དང་གསུམ་ཡིན། མོས་པའི་ཆོས་ཀྱི་བསྡུ་བ་ནི། སྙན་པར་སྨྲ་བ་དང༌། སྒྲུབ་པའི་ཆོས་ཀྱི་བསྡུ་བ་ནི་དོན་སྤྱོད་པ་དང༌། དེ་ཉིད་རྣམ་པར་སྦྱོང་བའི་ཆོས་ཀྱི་བསྡུ་བ་ནི། དོན་མཐུན་པ་ཡིན། དེ་ལ་སྙན་པར་སྨྲ་བ་ནི། གདུལ་བྱ་སེམས་ཅན་ལ་ཕར་ཕྱིན་དྲུག་ལ་སློབ་ཚུལ་ལ་སོགས་པའི་ཡང་དག་པའི་ཆོས་འཆད་དེ། དེ་རྣམས་ཤེས་པར་བྱེད་རྒྱུ་དེ་རེད། དོན་སྤྱོད་པ་ནི་ཕ་རོལ་པོས་ཆོས་ཤེས་པ་དེ་ཉིད་བསྒྲུབ་ཏུ་འཇུག་པ་དེ་ཡིན། དོན་མཐུན་པ་ནི་གཞན་ལ་བསྒྲུབ་ཏུ་འཇུག་པའི་ཆོས་དེ་རང་གིས་ཀྱང་འབད་པ་ཅི་ཡོད་ཀྱི་སྒོ་ནས་སྒྲུབ་པར་བྱེད་པ་དེ་ཡིན། དེ་ལྟར་ན་དེ་དག་གི་སྒོ་ནས་ཐེག་ཆེན་ཐུན་མོང་བའི་ལམ་ལ་སློབ་ཚུལ་བཤད་པ་དེ་ཉིད་སོང༌། ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཇི་ལྟར་སློབ་ཚུལ་ནི་བྱ་སྤྱོད་གཉིས་ཀ་གང་གི་ལམ་ལ་བསླབ་ཀྱང་བྱང་སྡོམ་ལ་བརྟེན་ནས་ཆུ་དང་ཅོད་པན་ལ་སོགས་ཀྱི་དབང་བསྐུར་བ་ཙམ་ཞིག་ནོད་དེ་


LT17_Page_203
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལམ་ལ་བསླབ་ན་ཆོག་པས་དེ་ལ་སྔགས་སྡོམ་བཟུང་བ་སྔོན་དུ་འགྲོ་མི་དགོས། རྣལ་འབྱོར་རྒྱུད་ཡན་ཆད་ཀྱི་རྒྱུད་དེ་གང་གི་ལམ་བསྒོམ་ཡང༌། བྱང་སྡོམ་ལ་རྟེན་བྱས་ཏེ་སྔགས་སྡོམ་རང་གི་རྒྱུད་ལ་བཟུང༌། དེ་ནས་རྒྱུད་སྡེ་རང་རང་གི་དབང་བསྐུར་བ་མཚན་ཉིད་ཚང་བ་ཞུས་ཏེ། རྒྱུད་དེ་དང་དེའི་ལམ་ལ་སློབ་དགོས་ནི་རེད། དེ་ཡང་སྡོམ་པ་དང་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་མེད་ན། རྒྱུད་སྡེ་གང་གི་ལམ་ལ་ཞུགས་ཀྱང་འབྲས་བུ་ཐོབ་པ་མི་སྲིད་ནི་རེད། སྡོམ་པ་དང་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་ཡོད་ན་དེ་ལས་གཞན་པའི་ལམ་ལ་བརྩོན་པ་ཆེར་བསྐྱེད་མ་ནུས་ནའང་ཕར་ཕྱིན་ཐེག་པའི་ལམ་གྱིས་བསྐལ་ཆེན་གྲངས་མེད་པ་སོགས་སུ་སྒྲུབ་དགོས་རྒྱུའི་སངས་རྒྱས་ཀྱི་གོ་འཕང་དེ། སྐྱེ་བ་བཅུ་དྲུག་ཚུན་ལ་ངེས་པར་འགྲུབ་པར་གསུང་ནི་རེད། ལམ་དངོས་ལ་སློབ་ཚུལ་ནི། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལ་དང་པོ་མཚན་བཅས་དང༌། དེ་ནས་མཚན་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་སྔོན་དུ་བསྒྲུབ། དེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་སྒྲུབ་དགོས། དེ་ལྟར་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་མ་ལྟོས་པར་མཆོག་གི་དངོས་གྲུབ་སྒྲུབ་མི་ནུས་ནི་རེད། རྣལ་འབྱོར་བླ་མེད་ཀྱི་སྐབས་སུ་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་ཡིན་ན། དེའི་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་མ་ལྟོས་པར་ཡང༌། རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་ངུ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པར་


LT17_Page_204
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ནི་རེད། དེ་ལས་གཞན་པའི་ཙན་དན་ལྟ་བུ་ལ་སོགས་པའི་གདུལ་བྱ་ཕལ་པ་རྣམས་ཀྱི་ནང་ན་དང་པོ་ཐུན་མོང་གི་དངོས་གྲུབ་བསྒྲུབས་ཏེ་དེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་སྒྲུབ་པའང་ཡོད་ནི་ཡིན་གསུང་ནི་རེད་ལགས། དེ་ལྟར་ས་གསུམ་གྱི་རིན་པོ་ཆེ་གཅིག་པུ་བྱང་ཆུབ་ལམ་གྱི་རིམ་པའི་སྡོམ་རགས་པ་ཞིག །རྗེ་བླ་མ་བཀའ་དྲིན་མཚུངས་མེད་ཨ་བྷཱ་ཡའི་ཞལ་སྔ་ནས་མདུན་འཁོད་འགའ་ཞིག་ལ་བརྩེ་བས་གདམས་པ་བཞིན་དེ་དག་གིས་ཟིན་ཐོར་བཏབ་པ་ལྟར་ཧ་ལམ་པའི་ཞུ་དག་བྱས་ནས་གསུང་འབུམ་གྲར་བཞག་པའོ།། །།

བྱང་ཆུབ་སེམས་དཔའི་རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད།

༈ བྱང་ཆུབ་སེམས་དཔའི་རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད་ཅེས་བྱ་བ། འཇལ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་དུ་བདུད་རྩིའི་གཏོང་བ་དོན་གཉེར་རྣམས། །རིན་ཆེན་ཆོས་ཀྱི་འབྱོར་བ་ཀུན་འགྲུབ་པའི། །གཟུངས་རྒྱལ་ཡོན་ཏན་ཕུང་པོ་ལེགས་བརྙེས་པ། །འཇམ་དབྱངས་སྒྲོལ་མཛད་འཕགས་མ་ལ་བཏུད་ནས། །རང་ཉིད་དགེ་བ་རྒྱ་ཆེན་གོམས་ཕྱིར་དང༌། །སྐལ་མཉམ་གཞན་ལའང་དོན་མང་སྤེལ་སླད་དུ། །ཐེག་མཆོག་གཟུངས་ཀྱི་རྒྱ་མཚོར་འཇུག་པའི་ཚུལ། །མདོ་སྡེའི་རྗེས་འབྲངས་ཇི་ལྟར་ནུས་བཞིན་བསྡུ། །གང་ཞིག་གང་ལ་ཅི་ཡི་ཕྱིར་འཇུག་དང༌། །ཐབས་གང་ཞིག་གིས་ཇི་ལྟར་འཇུག་པ་དང༌། །ཞུགས་ནས་དོན་ཐོབ་རང་གི་ངོ་བོ་ཡིས། །བརྟན་པ་རྣམས་ཀྱི་གཟུངས་འདི་ཤེས་པར་བྱ། །འཇིགས་རུང་སྡུག་བསྔལ་སྟོང་གིས་གཙེས་པ་ཡི། །སྲིད་པའི་ཆུ་མཚོར་བྱིང་བའི་རང་ཉམས་ལ། །བསམ་ཞིང་སྐྱོ་བས་རབ་དྲངས་མཛངས་པ་རྣམས། །དང་པོར་ཡིད་ནི་ཞི་ལ་ལྡང་བར་འགྱུར། །ཞི་བ་དེ་ཡི་ལམ་ཚུལ་མགོན་མེད་འགྲོར། །རྟག་ཏུ་མངོན་


LT17_Page_205
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཇི་བཞིན་ཉིད་གསུང་བའི། །བདེ་གཤེགས་ཉི་མ་འཇིག་རྟེན་ཀུན་གྱི་བླར། །གཅིག་པུ་སྣང་ལ་དང་བའི་མིག་འབུར་གཡོ། །འཁོར་ཚེ་ཕ་མཐའ་ཡས་པའི་སེམས་ཅན་ཀུན། །བདག་ལ་དཀའ་བ་རྒྱ་ཆེན་མང་བགྱིས་པར། །མཐོང་སྟེ་དེ་དག་རྣམས་ཀྱི་རྒུད་པའི་ཕྱོགས། །ཀུན་ཀྱང་རང་གི་རྒུད་པ་ལྟ་བུར་རྟོགས། །བདེ་འདོད་སྡུག་བསྔལ་མི་མཐུན་བློ་ཕྱིར་ལས། །བདག་གཅེས་འཛིན་པའི་རིགས་པ་གཞན་ཡོད་མིན། །རང་བཞིན་མཉམ་པ་ཆེས་མང་བོར་ནས་སུ། །གཅིག་ཅིག་སྲུང་བར་སེམས་པ་ཅི་ཡི་ཚུལ། །བདག་ཉིད་སྡུག་པ་འདོད་མང་སྡུག་བསྔལ་རྒྱུ། །བདེ་སྒྲུབ་མཐུ་མེད་དེ་གཞན་སྤོ་ན་ནི། །དེ་ཉིད་དགེ་བ་མཉམ་མེད་གཏེར་རིག་ནས། །ཚུལ་དེ་ལས་ཀྱང་ཡིད་འོང་གོ་འཕོ་ཐོབ། །ཇི་ལྟར་སྙིང་རྗེའི་རྩ་བ་ཆེར་བརླིང་དང༌། །རྒྱལ་ལ་དད་པ་མང་དུ་འཕེལ་དེ་ལྟར། །བྱང་ཆུབ་ཆེ་ལ་འདུན་པ་མང་འགྱུར་ཏེ། །འགྲོ་བ་སྐྱོབ་འདོད་སྐྱོབ་ནུས་དེར་ངེས་ཕྱིར། །དེ་མང་དེ་ཡི་ཐབས་ལའང་འདུན་པའི་ཤུགས། །ལྷག་འགྱུར་འགའ་ཡང་རྒྱུ་མེད་མི་མཐུན་རྒྱུས། །འགྲུབ་ཡོད་མིན་ལ་མོས་ཕྱིར་དེ་ཐབས་ནི། །ཐོས་པ་ཀུན་འཛིན་སྒྲུབ་པའི་སྙིང་པོ་ཅན། །གང་ཕྱིར་ཕྲ་རབ་ཤེས་བྱའི་མུན་པ་ནི། །ཐོས་པའི་མཛོད་བསགས་ཚུལ་སྒོ་བསམ་ཡས་ཀྱིས། །སྦྱང་བའི་བློ་ཅན་འབའ་ཞིག་སྤོང་ནུས་ན། །གཟུངས་དང་བྲལ་ལ་ཐོས་པའི་མཛོད་དེ་མེད། །དྲན་པ་བུལ་བས་དུས་མང་འཐོབ་དཀའ་བའི། །རླབས་ཆེན་་ཆོས་རབ་རྣམ་འབྱེད་རྩལ་དེ་དག །ངལ་བ་ཆུང་ངུས་


LT17_Page_206
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ལ་གནས་པ་རྣམས། །འཐོབ་ཕྱིར་མྱུར་དུ་རྟོགས་པ་རབ་མཐར་བགྲོད། །གཟུངས་ཀྱི་རྒྱན་ལྡན་རྣམས་ལ་དེ་བཞིན་གཤེགས། །འདོམས་པའི་དུས་མཁྱེན་ཏིང་འཛིན་སྒོ་མོ་དང༌། །དེར་འཇུག་ཆོས་ཀྱི་དབྱིངས་ཚུལ་རྒྱས་པའི་གཏམ། །གསུང་ཕྱིར་སངས་རྒྱས་ཡུལ་འཇུག་མིག་དང་ལྡན། །དཔལ་སྟུག་གཟུགས་སྐུའི་ལེགས་མཛོད་ཡངས་པ་དང༌། །དེ་རྒྱུ་སྦྱིན་ཚུལ་བཟོད་པའི་བྱེ་བྲག་དང༌། །དེ་དག་རེ་རེར་འཇུག་སྒོ་ཟད་མི་ཤེས། །ཐོས་པས་འབྱོར་བ་ནན་ཏན་མང་བ་ཡིན། །ཐེག་མཆོག་རིན་ཐང་ཆེ་བའི་རྒྱུས་མཁས་ཤིང༌། །དེ་འཁུར་རང་བློ་སྟོབས་དང་ལྡན་རིག་ནས། །ཤུགས་དྲག་སྤྲོ་བ་མང་དུ་སྐྱེ་འགྱུར་ཏེ། །བརྩོན་ལྡན་དེ་འདྲ་ཡོན་ཏན་ཀུན་སྣོད་འགྱུར། །ཡེ་ཤེས་བསོད་ནམས་ཚོགས་ཀྱིས་འཕེལ་བྱེད་ཅིང༌། །ཡེ་ཤེས་སྟོབས་ཀྱིས་བསོད་ནམས་དག་འགྱུར་ཕྱིར། །གཟུངས་ནི་དེ་དག་ཡངས་པ་རབ་མཆོག་དང༌། །རྣམ་དག་ཕུལ་བྱུང་སྒྲུབ་པའི་ཐབས་སུའང་བསྔགས། །ཇི་ལྟར་ཉི་མའི་ཁང་པར་རྒྱུ་རྣམས་ལ། །སྲོད་ཀྱི་མུན་པ་འབྱུང་བ་གནས་མིན་ལྟར། །ཀུན་འཛིན་ཡེ་ཤེས་མཐོ་ལ་གནས་བཅས་པ། །དམ་ཆོས་ནུབ་པའི་སྨག་ལ་འཇིགས་པ་མེད། །དེ་ཕྱིར་ཚོགས་དེ་གཉིས་ཀྱི་རྣམ་སྨིན་དང༌། །རྒྱུ་མཐུན་འབྲས་བུ་རྒྱ་ཆེ་མུ་མེད་དུ། །འབྱིན་འགྱུར་རྒྱུ་དང་འབྲས་བུའི་ཕྱོགས་དག་ཀྱང༌། །སྟག་དང་ནགས་བཞིན་ཕན་ཚུན་སྲུང་བ་བྱེད། །འདི་ལྟར་ཐོས་སྒྲོགས་མཆོག་གི་ཡུལ་མིན་པའི། །རྣལ་འབྱོར་བྱིས་པའི་སར་ཡང་སྤྱོད་བཟོད་


LT17_Page_207
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རྒྱལ་སྲས་རྣམས་ཀྱི་ངོ་མཚར་རྨད་བྱུང་སྟེ། །བྱིས་པར་བརྗོད་ཀྱང་དེ་ཡི་ཉེས་ལས་འདས། །གཟུངས་ཀྱིས་བརྒྱན་པ་སྒྲ་དང་གཏན་ཚིགས་དང༌། །བཟོ་གསོ་རིག་པའི་ཐབས་ཚུལ་བསམ་ཡས་ཀྱིས། །གདུལ་བའི་སྐྱེ་མང་ཇི་ལྟར་འོས་པ་བཞིན། །ཚར་གཅོད་རྗེས་སུ་གཟུང་ལ་བག་རབ་བརྐྱང༌། །སངས་རྒྱས་གསུང་རབ་འོད་ཀྱིས་ལྗོན་པས་ཆབ། །དྲང་ལྟར་འགྲོ་བ་དམན་རྣམས་མཐོ་རིས་འཇུག །བསམ་གཏན་གནས་དང་ཐོས་སྒྲོགས་བསེ་རུ་དང༌། །བྱང་ཆུབ་མཉམ་པ་མེད་ཤུལ་ཀུན་ནས་སྟོན། །གཟུངས་ལྡན་དཔའ་བོ་རིགས་པའི་མར་མེ་ནི། །མང་པོར་སྤྲོ་བས་འཇིག་རྟེན་རྒྱན་བྱེད་དེ། །དེ་ཚེ་དེ་ལ་ལྷ་མི་མཁས་པ་ཀུན། །འདི་ནི་འཇིག་རྟེན་སྒྲོན་མར་འགྱུར་ཞེས་དགའ། །དགའ་བ་དེ་ལས་ཕུན་ཚོགས་མི་ཟད་པ། །ངེས་པར་འཐོབ་བྱེད་བསོད་ནམས་ཕུང་སོག་སྟེ། །ཆེ་བའི་བདག་ཉིད་རྣམས་ལ་ཉོན་མོངས་དང༌། །བཅས་པའི་ཡིད་ཞུགས་པ་ཡང་བདེ་བྱེད་གསུངས། །ཕྱོགས་བཅུར་རྒྱལ་བ་རྣམས་ཀྱིས་གཟུངས་ཐོབ་ལ། །བསྔགས་པའི་ཕྲེང་བ་བཟང་ཞིང་མང་བ་དང༌། །ཕུལ་བྱུང་དཔེ་ཡི་རྒྱན་དང་ལྡན་སོགས་ཀྱིས། །སེམས་ཅན་དཔག་མེད་ཐེག་མཆོག་སྤྲོ་བར་མཛད། །མདོར་ན་དམ་ཆོས་མ་ལུས་འཛིན་པའི་སྒོ། །གཟུངས་ཡིན་བདེ་བར་གཤེགས་པའི་ཆོས་འཛིན་པ། །རྒྱལ་སྲས་བསླབ་ཀུན་འདུ་བའི་སྡོམ་ཡིན་ཕྱིར། །དེ་ཡི་ཡོན་ཏན་ཕ་མཐའ་ཐུག་པ་མེད། །ཕ་རོལ་ཕྱིན་མིན་སེམས་བསྐྱེད་དགོས་མི་རྫོགས། །ཆུང་རིམ་


LT17_Page_208
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྐྱེད་གོང་མ་མི་འཐོབ་ཕྱིར། །བརྟན་པ་གཟུངས་ལ་ངོམས་པ་མི་སྐྱེ་ཞིང༌། །དམན་ཞིང་ཕྲ་བ་ལ་ཡང་བརྙས་མི་སེམས། །དེ་ལྟར་ཡིད་ཆེས་མང་དུ་རྙེད་པ་ན། །གཟུངས་དེ་སྐྱེད་ལ་འདུན་པ་ཡངས་ཤིང་བརྟན། །འདུན་པའི་དབང་གིས་བསྐལ་བ་བརྒྱ་སྟོང་དུ། །མི་སྐྱོ་བརྩོན་འགྲུས་གོ་ཆ་སྲ་བ་འབྱུང༌། །བྱང་ཆུབ་སེམས་དཔའི་རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད་ལས། གཟུངས་སྒྲུབ་པ་ལ་འཇུག་པའི་རྒྱུ་བསྟན་པའི་གནས་ཏེ་རིམ་པར་ཕྱེ་བ་དང་པོའོ།། །།རྒྱུས་དབྱེ་རྣམ་སྨིན་ཐོས་ལ་གོམས་པ་དང༌། །ཏིང་ངེ་འཛིན་གཟུངས་གཉིས་དང་གཅིག་རིམ་བཞིན། །ཆུང་དང་ཆེན་པོའི་ཕྱོགས་འདོད་སྐྱེ་བ་ལས། །ཐོབ་དང་སྦྱོར་བྱུང་དབྱེ་བས་ཆུང་ངུའང་གཉིས། །དེ་དག་ཚེ་གཅིག་འཐོབ་ལ་རིམ་པའི་ཚུལ། །འདིར་ངེས་གཉིས་གཅིག་དམན་མཆོག་རིམ་པའང་ཡིན། །ཀུན་གཞི་མེད་ཀྱང་རྣམ་པར་སྨིན་ཕུང་པོ། །གྲུབ་ཙམ་ཉིད་ལས་འཐོབ་ཕྱིར་དང་པོར་བརྗོད། །རྒྱུད་ཀྱི་བྱེ་བྲག་རྣམས་ལ་ལྷན་ཅིག་སྐྱེས། །ཐོས་པ་གཟུངས་མཐུ་མི་འདྲའི་ཁྱད་མཐོང་བས། །སྔོན་གྱི་སྦྱང་བའི་ཁྱད་པར་ཐ་དད་དུ། །གྲུབ་སྟེ་འདིར་གོམས་དབྱེ་བའི་འབྲས་བུར་མཚུངས། །དམ་ཆོས་བཀླག་དང་དྲིས་དང་ཁ་ཏོན་དུ། །གོམས་པར་བགྱིས་སོགས་དུས་དང་བསམ་དབང་གིས། །སྲིད་པ་གཞན་དུ་ཐོས་པ་འཛིན་པའི་རྩལ། །སོ་སོར་མངོན་འབྱུང་རྒྱུ་རུ་འགྱུར་ཤེས་བྱ། །ཚིག་དང་དོན་ཚུལ་འཛིན་ལ་ལེགས་བསྒྲིམས་ཤིང༌། །མཉན་བསམ་ངལ་བ་བསྟེན་


LT17_Page_209
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱི་རིམ་བཞིན། །ནུས་པ་གླགས་ཏེ་སྒྱུ་རྩལ་བྱང་བ་ལྟར། །འཛིན་སྟོབས་མྱུར་བ་རྣམ་པ་གཞན་ཡིན་ནོ། །བསམ་གཏན་ཚོགས་ལ་གནས་ནས་བརྩོན་འགྲུས་ཅན། །མི་མཐོ་མི་ཞུམ་དམིགས་པ་བརྗེད་མེད་པར། །བཅིང་བའི་ཡིད་ཀྱིས་ཤེས་རབ་ཉེར་འཇོག་ཅིང༌། །གོམས་པས་ལུས་སེམས་ལས་སུ་རུང་བ་སྐྱེ། །སེམས་བསྡུས་ཤིན་ཏུ་སྦྱང་བ་རྙེད་འོག་ཏུ། །སྤྲོ་བས་ཤིན་སྦྱངས་དབང་དུ་བྱ་ཕྱིར་ནི། །སྤྲོ་བསྡུ་མཉམ་པས་ཤེས་རབ་བསྒོམ་བགྱི་སྟེ། །དེ་ལས་ཞི་ལྷག་ཟུང་འབྲེལ་ཏིང་འཛིན་འགྲུབ། །འཛིན་ལ་གཙོར་བགྱིད་ཞི་གནས་དབང་གིས་ནི། །ཐོས་པའི་ཡུལ་ལ་རི་བོ་བཞིན་བརྟན་ཅིང༌། །ལྷག་མཐོང་ཤུགས་ཀྱིས་གསལ་སྣང་བཟང་པོ་ཡིས། །འཁྱུད་པས་མོད་ལ་ཡང་དག་འཛིན་པ་འཐོབ། །ཐོས་པ་འཛིན་གང་རྣམ་ཐར་སྒོ་གསུམ་ལ། །དམིགས་པའི་ལྷག་མཐོང་ལས་སྐྱེས་ཆེན་པོར་གསུངས། །འདི་ཡི་དབྱེ་བ་བྱང་སེམས་དབང་མཛད་ནས། །ས་མཚམས་ལ་རྟེན་རྣམ་པ་གསུམ་དུ་བཤད། །དེ་ནི་ཆོས་དབྱིངས་ལྷག་པར་མོས་སྤྱོད་དང༌། །རྩོལ་ཞིང་འབད་བཅས་མངོན་སུམ་མཐོང་འཇུག་དང༌། །བརྩལ་འབད་ཕལ་ཆེར་ཞི་བའི་ཡེ་ཤེས་ཀྱི། །རྒྱུ་ཅན་ཕྱིར་ན་ཆུང་དང་ཆེ་རིམ་བཞིན། །གཟུངས་གསུམ་ཆུང་དང་ཆེར་བཤད་ཆུང་ངུའི་རྒྱུ། །གང་ཡིན་ཆེན་པོ་ཡི་ཡང་རྒྱུར་གསུངས་ཕྱིར། །རྣམ་པར་སྨིན་དང་ཏིང་འཛིན་ལས་བྱུང་སོགས། །བརྗོད་པ་དེ་དག་གཙོ་བོའི་རྒྱུ་ལས་ཡིན། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་སྦྱོང་ཞིང༌། །


LT17_Page_210
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་བདེ་བ་རིང་བཏང་ཆོས་ཀྱི་མཛོད། །ཅི་ཞིག་གང་ལས་གང་གི་ཆེད་སྒྲུབ་རྣམས། །སྲུང་ལ་ཁྱད་པར་བརྩོན་པས་གཟུངས་མཆོག་རྙེད། །འཇིག་རྟེན་མནོག་ཆུང་ཉེས་དམིགས་མང་རིག་ནས། །ལྷག་པར་ཞེན་མེད་གཞན་གྱི་སྦྱོར་མཐོང་ན། །མི་བཟོད་མི་བགྱི་ཡོངས་སུ་བཟུང་བ་རྣམས། །སྦྱིན་ལ་སློབ་ཅིང་འདོད་ཡོན་དོན་གཉེར་སྤོང༌། །གཟུངས་སོགས་མདོ་སྡེ་རྒྱ་ཆེན་བྱེ་བའི་མཛོད། །བྱང་ཆུབ་སེམས་དཔའི་སྡེ་སྣོད་གཙོར་བཟུང་སྟེ། །ཤས་ཆེར་གང་བསྟེན་དབང་པོ་རྟུལ་འགྱུར་བའི། །གཞུང་ལ་ངལ་བ་ལྷུར་ལེན་ཡོང་མི་བགྱི། །ཉིན་དང་མཚན་དུ་སྔོན་འདུས་བགྱིས་པ་ཡི། །ཆོས་ཀྱིས་ཕོངས་པའི་ནོངས་པ་མཐོལ་བགྱི་ཞིང༌། །ཆོས་ལ་སྡང་ཞིང་ཆོས་སྤོང་མི་བགྱི་སྟེ། །སྡིག་དེ་མཚམས་མེད་པས་ཀྱང་མི་བཟད་གསུངས། །ཆོས་ཀྱི་ཡོན་ཏན་སེམས་ཤིང་གལ་ཏེ་དེ། །འདོད་བཞིན་མ་ཐོབ་ན་ཡང་དེ་ཚོལ་ཉིད། །ཕན་ཡོན་ཆེན་པོའི་སྒོར་མཐོང་འདུན་པའི་སྟོབས། །རབ་དྲག་བརྩོན་པ་ཆུ་བོའི་རྒྱུན་ལྟར་བརྩམས། །ཐོབ་པའི་ཆོས་ལ་དགའ་བ་ཆེར་བསྐྱེད་ནས། །འབྲི་མཆོད་ཀློག་དང་ཁ་ཏོན་བྱ་བ་ལ། །མི་སྐྱོ་གཞན་ལའང་ཆོས་སྤྱོད་དེ་འདྲ་བ། །མཐོང་ན་རྗེས་སུ་ཡི་རང་བསོད་ནམས་སྒྲུབ། །ལྟ་དང་ཚུལ་ཁྲིམས་ངན་ལ་གནས་པ་དང༌། །འདྲིས་པ་སྤོང་ཞིང་དགེ་བའི་བཤེས་གཉེན་ལ། །རྙེད་དཀའ་རིན་ཆེན་སྦྱིན་པའི་འདུ་ཤེས་ཀྱིས། །རིང་ན་གནས་ཀྱང་དཀའ་བ་སྟོང་གིས་ཚོལ། །སྨྲ་མཁས་དེ་དག་འཇིག་རྟེན་ཆོས་གནས་ཀྱང༌། །སངས་རྒྱས་ཕྲིན་ལས་གོས་པ་མེད་


LT17_Page_211
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད། །དེ་བས་དེ་ལ་བསམ་བཞིན་འཁྲུལ་མི་ཚོལ། །མངོན་སུམ་མཐོང་ཡང་ཉེས་པ་གླེང་མི་བྱ། །དེས་བྱིན་དྲིན་གྱིས་ཁེངས་དང་རྒྱགས་མེད་པར། །བསྒོ་བའི་རྗེས་འཇུག་ཤིན་ཏུ་དཀའ་བའང་བཟོད། །གྲོང་དང་ཡུལ་འཁོར་ཆོས་སྨྲ་སྲུང་བྱེད་ཅིང༌། །ཆོས་སྟོན་ཕྱིར་ནི་གསོལ་བ་དུ་མར་གདབ། །ཆོས་ལས་སངས་རྒྱས་རྗེས་དྲན་ཕྱོགས་དང་ཕྱོགས། །བདེ་བར་གཤེགས་ཀྱི་སྙན་པ་བརྗོད་བྱ་ཞིང༌། །དུས་གསུམ་ཕྱག་བགྱི་ཐུབ་པའི་མཆོད་རྟེན་ལ། །མར་མེའི་ཕྲེང་བ་ལ་སོགས་རྒྱ་ཆེར་མཆོད། །སྨོན་པའི་སྟོབས་སམ་བརྒྱ་ལ་ལས་ཀྱིས་ཀྱང༌། །སངས་རྒྱས་སྲས་རྣམས་གང་དུ་ཅི་འདྲར་ནི། །འབྱུང་བ་ཤེས་པར་སླ་མིན་ཚུལ་འདི་ཡིས། །སེམས་ཅན་ཀུན་ལ་སྟོན་པ་བཞིན་གུས་བྱ། །དེ་བཞིན་འགྲོ་ལ་བྱམས་པ་བསམ་ཡས་བསྐྱེད། །བདག་གི་ཕུན་ཚོགས་གཞན་ལ་སྔར་བསྟབས་པ། །དྲན་ནས་སློབ་དཔོན་དཔེ་མཁྱུད་མི་བྱ་ཞིང༌། །ཟང་ཟིང་འདོད་པའི་ཡིད་ནི་མི་རྒྱུ་བྱ། །སྙོམས་ལས་མེད་པར་དུས་བཞིན་ཆོས་འཆད་དང༌། །དེ་ལྟའི་དགེ་ལ་སྲོག་ཆགས་གཞན་ཡང་འཛུད། །བསོད་ནམས་ཕུང་པོ་དཔལ་ཕྲེང་སེང་གེའི་སྒྲའི། །སྨོན་པས་ཡོངས་བསྔོ་བསམ་པ་ཇི་བཞིན་འབྱུང༌། །སྒྲ་ཀུན་ཚུལ་གཅིག་འཇུག་པའི་རྣལ་འབྱོར་གྲུས། །གཟུངས་ཀྱི་ཆུ་གཏེར་སུལ་མང་འདའ་བ་ཡང༌། །དགེ་ཚོགས་བ་དན་དེ་འདྲ་མཐོན་པོ་རྣམས། །སངས་རྒྱས་བྱིན་རླབས་རླུང་གིས་དྲང་བའི་མཐུ། །བྱང་ཆུབ་སེམས་དཔའི་རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད་


LT17_Page_212
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གཟུངས་སྒྲུབ་པའི་ཐབས་ཀྱི་རབ་དབྱེ་བསྟན་པའི་གནས་ཏེ་རིམ་པར་ཕྱེ་བ་གཉིས་པའོ།། །།ཤིན་སྦྱངས་ཕྲ་བས་བརྒྱན་པའི་ཡིད་ཅན་གྱིས། །རྣལ་འབྱོར་དང་མཐུན་ཀུན་ཏུ་སྤྱོད་གནས་ཤིང༌། །དཔའ་བོའི་ཏིང་འཛིན་ཀུན་ཏུ་སྣང་བ་ཡི། །སྤྱོད་ཡུལ་རྟོག་བྱེད་གཟུངས་སྒྲུབ་ཐབས་སུ་བཤད། །དེ་ལ་ཨ་ཞེས་བྱ་བ་མ་སྐྱེས་ཕྱིར། །ཆོས་ཀུན་སྒོ་ཡིན་དེ་ལྟར་ར་ལ་སོགས། །ཡི་གེའི་སྒོ་མོ་ཇི་སྙེད་དེ་སྙེད་དང༌། །བཅུ་དྲུག་སོགས་སྦྱོར་མདོ་སྡེ་རྣམས་ལས་འབྱུང༌། །བརྗོད་པར་བྱ་དང་བྱེད་དུ་སྣང་བའི་གཞི། །མཚན་ཉིད་ངོ་བོ་ཉིད་མེད་ཚུལ་ཤེས་ནས། །ཡི་གེའི་བརྡ་ལ་ཀུན་ཏུ་བརྟགས་ཙམ་ཞེས། །འཇུག་པ་དྲང་དོན་མདོ་རྗེས་འབྲངས་རྣམས་བཞེད། །ལུགས་དེར་ཆོས་བདག་མེད་པ་མི་བཞེད་དང༌། །བཞེད་པ་གཟུངས་སྒྲུབ་གཙོ་བོར་གནོད་མེད་ཀྱི། །བློ་དབང་ལས་མིན་བརྗོད་བྱ་རྗོད་བྱེད་དག །འགོག་ལ་བརྟེན་བཞེད་ཤིང་རྟ་ཆེ་སྲོལ་གཞན། །ཇི་ལྟར་ཤིང་ཏོག་ཁར་བཅང་མ་བཅས་དང༌། །བཅས་དག་རོ་བྲོ་ཚོར་ལ་ཁྱད་ཡོད་བཞིན། །བརྗོད་པ་སྤྱི་ཙམ་སོ་སོར་དེ་ཉིད་དོན། །དམིགས་པས་མཐུ་རྟུལ་བ་དང་རྣོན་པོར་འགྱུར། །རྣམ་གྲངས་དུ་མས་དོན་དང་ཚིག་དག་ལ། །སྦྱང་བ་ལྷུར་ལེན་ཉི་ཚེའི་མཐུ་ཅན་གྱི། །ཡིད་གཞུང་རྒལ་ནས་རིང་པོར་འགྲོ་འགྱུར་ཕྱིར། །གཟུངས་ཀྱི་སྒོ་ལ་ཡི་གེ་མང་པོར་བརྗོད། །ཨ་སོགས་མ་མོའི་གྲངས་རིམ་བརྡ་སྤྲོད་ཀྱི། །གཞུང་ལས་རྣམ་བཞག་གཞན་མཛད་དོན་དབང་ཕྱིར། །བསྟན་བྱ་སྟོན་དང་ཉན་ལ་རྣམ་རྟོག་པའི། །གཉེན་པོར་འབྲུ་བརྒྱད་སྒོ་མཐའ་ཡས་གསུངས་བཞིན། །སྐྱེས་བུ་


LT17_Page_213
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་མིན་ཕུང་ལས་ཐ་དད་མིན། །དེ་ལ་ཕུང་པོའམ་ཕུང་ལ་དེ་བརྟེན་མིན། །ཕུང་དང་སྐྱེས་བུ་ངོ་བོ་ཉིད་ལྡན་མིན། །དེ་ཕྱིར་སྐྱེས་བུ་རང་བཞིན་ལས་མི་འཐད། །ཁམས་དང་དེ་ཡི་ཡན་ལག་དག་ཀྱང་ནི། །གཅིག་དང་དུ་མའི་རང་བཞིན་བྲལ་བ་ཡིན། །དེ་བཞིན་དངོས་རྣམས་བདག་དང་གཞན་ལས་སམ། །གཉིས་ལས་མ་ཡིན་རྒྱུ་མེད་འབྱུང་བའང་མིན། །ཡོད་པའམ་མེད་པ་གང་ཞིག་སྐྱེས་འགྱུར་ཞེས། །བརྟགས་ཀྱང་དངོས་པོ་སྐྱེ་བ་འགའ་མི་རྙེད། །གང་ཚེ་རང་གི་ངོ་བོ་མི་མཐོང་བ། །དེ་ཚེ་དེ་དག་གཞན་གྱིས་བཅོས་མར་ཤེས། །རྟོག་པས་བཅོས་མ་རང་བཞིན་སྟོང་པའི་ཚུལ། །གཅིག་འདི་རང་གི་གཞི་ལས་མང་པོ་སྟེ། །རེ་རེའང་ཆ་ལ་བརྟེན་ནས་མང་འདོགས་ཕྱིར། །ཡི་གེའི་ཕྲེང་བར་ཚུལ་མང་སྤྲོས་ནས་བཤད། །སྒྲ་དོན་སྲེ་ལ་གོམས་པའི་ངོར་བྱས་ནས། །དོན་ལས་རྗོད་བྱེད་ནུས་པ་ཐ་དད་དུ། །དམིགས་པར་འགྱུར་ཏེ་སྙན་དངགས་ཕྲེང་བ་ལ། །སྒེག་དང་དཔའ་བ་ལ་སོགས་ཉམས་མཐོང་བཞིན། །ཚུལ་འདིས་དེ་ཉིད་དོན་སྟོན་ཡི་གེ་རྣམས། །ཕུང་བའི་ཚིག་གསུངས་བཟོད་ལ་སྤྲོས་པ་ཡི། །གཡེང་བ་བསྡུས་པའི་ཤན་ཕྱིར་དེ་ཡི་ཕྱིར། །དྲན་པ་འབྱར་བ་ཡོངས་སུ་མི་འཕྲོགས་ཡིན། །སླུ་བའི་ཆོས་འབིགས་གཉིས་སུ་བགྱིར་མེད་པའི། །བརྗོད་བྱས་རབ་བརླིང་རྨོངས་པ་རྩ་སྐྱོད་ཕྱིར། །རྡོ་རྗེའི་ཚིག་ཡིན་དེ་སླད་རྒྱལ་པོ་ཡི། །ཕྱག་རྒྱ་བཞིན་དུ་ཡི་གེའི་ཚོགས་ནང་བརྗིད། །ཤིན་ཏུ་རྒྱས་པའི་སྟོང་ཉིད་སྔར་བསླབས་


LT17_Page_214
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཡིག་འབྲུ་རེ་རེར་ངེས་པའི་ཚིག་རེས་ཀྱང༌། །ཆོས་དབྱིངས་རྒྱ་མཚོའི་དཀྱིལ་འཁོར་ཀུན་མཐོང་སྟེ། །ཆོས་གཅིག་གཏིང་མཐོང་ཀུན་ཀྱང་ཐལ་ལེར་སྣང༌། །དང་པོའི་ཡི་གེ་ཚིག་དོན་དེ་དེ་ཡི། །མཚན་མར་འགྱུར་ཕྱིར་གཟུངས་ཀྱི་ཕྱག་རྒྱར་བརྗོད། །དེ་ཡང་མཚན་མར་བྱས་ནས་ངེས་པའི་ཚིག །ཡིད་བྱེད་བློ་ཡིས་དོན་མངོན་བརྗོད་ལས་འགྱུར། །ཅི་འདྲའི་རིམ་གོམས་དེ་ཁོ་ན་བཞིན་དུ། །འདོན་པ་མཐོང་བས་དབུས་མཐའ་མཚན་མ་མིན། །མཚན་མར་བཟུང་བ་གསལ་བརྟན་བུལ་གྱི་ཕྱིར། །སོ་སོར་རྟོག་པའི་ཤེས་རབ་ཕྲ་བས་འཇུག །ཡི་གེ་གཅིག་ལ་རྗོད་བྱེད་ཆ་འགའ་ཡང༌། །མི་འདོད་ཚིག་རྣམས་དོན་ལུང་མི་སྟོན་འགྱུར། །དེ་ལྟའནག་མིང་དང་མིང་མིན་ཡི་གེ་རྣམས། །མཚུངས་པར་དོན་དང་ངོ་བོས་འབྲལ་བ་མེད། །དབུས་མཐའ་དང་པོ་སྨྲ་རྩོམས་དུས་སུ་ནི། །མི་འདྲར་བསྐྱེད་མིན་མང་དུ་སོག་མེད་ཕྱིར། །བརྗོད་པའི་འོག་ཏུ་ཕྱི་རོལ་འགྲོ་མེད་པས། །སྔར་བྱུང་བ་ལ་བསྣན་ནས་ཕན་འདོགས་མིན། །དེ་རིང་ཉིད་ནི་འདིའམ་འདི་ལྟ་ཞེས། །མི་བརྗོད་བེམ་པོའི་ངོ་བོ་ཉིད་ཡིན་ཕྱིར། །འདིས་ནི་ཐོག་མ་དབུས་མཐའི་ཡི་གེ་རྣམས། །འབྲེལ་གྲུབ་ན་ཡང་དོན་བརྗོད་མི་ནུས་བཤད། །གལ་ཏེ་བརྡ་བྱེད་རྣམས་ཀྱི་བརྗོད་འདོད་ལས། །རྗོད་བྱེད་ཡན་ལག་རང་བཞིན་འདོད་ན་ཀོ། །སེམས་དང་བྲལ་བ་རྗོད་འདོད་དབང་བརྟེན་ནས། །དོན་རྟོགས་ཤེས་འགྱུར་དེ་ལས་མཚར་ཅི་ཡོད། །རང་བཞིན་ཞི་ཡང་རྗོད་བྱེད་རྗོད་བྱེད་ཆ། །འཕེལ་


LT17_Page_215
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་མི་མངོན་གང་ཕྱིར་འཇིག་རྟེན་གྱིས། །བརྡ་དང་ཐ་སྙད་རང་དགར་བཟོ་མཐོང་གི། །འདིས་འདི་རྗོད་མི་ནུས་སྙམ་དོགས་མེད་ཕྱིར། །དོན་རྗོད་འདོད་པས་ཀུན་བསླང་དང་པོའི་སྒྲ། །སྦྱོར་ན་གཉིས་པའང་དང་པོ་བརྡ་བྱེད་མཁན། །གང་རྗེས་འབྲངས་ནས་བརྗོད་པའི་ལུགས་ཇི་བཞིན། །བརྗོད་བྱ་གཞན་དུ་དོན་དེ་ཤོང་མི་འགྱུར། །གང་ཕྱིར་མི་བསླུ་དོན་སྟོན་བྱ་བ་ལ། །ལྟོས་ནས་ཡི་གེ་རྣམས་ཀྱི་ངོ་བོ་དང༌། །གྲངས་དང་གོ་རིམས་སོ་སོ་རྣམ་ངེས་པ། །གྲགས་ལས་གཞན་པའི་རིགས་པ་འགའ་ཡོད་མིན། །ཡི་གེ་འབྱུང་བའི་ཚུལ་དང་ཡུན་ཚད་ཀྱི། །ཆ་སོགས་རྣམ་དཔྱད་སྟོང་པ་རྗེས་དྲན་ཞིང༌། །ཕྱག་རྒྱའི་ཚོགས་སུ་རང་བཞིན་འགོག་པའི་གཞི། །ཀུན་ཀྱང་དེ་འདྲ་ཁོ་ནར་ཡིད་ལ་བྱེད། །ཡིག་གཅིག་མཐའ་ཡས་སྐད་ཀྱིས་བསྒྱུར་བས་ན། །ཆོས་ཀུན་སྡུད་ཀྱང་རྗོད་བྱེད་མཉམ་པ་ཉིད། །སྒོ་ཡི་དོན་གནས་རེ་རེར་ཤེས་བྱ་ཀུན། །མཉམ་བསྡུས་དེ་ལ་བརྗོད་བྱའི་མཚན་ཉིད་མེད། །དེ་ལ་སོགས་ཀྱང་དཔེ་དོན་སྔར་སྦྱར་བས། །དཔེ་མཐོང་ཁོ་ནས་དོན་དྲན་དམིགས་པ་དང༌། །ཚིག་དང་དེ་ཡི་དོན་དག་དེ་བས་ཀྱང༌། །ཉེ་ཕྱིར་མཚན་མར་གཟུང་བའི་ཡན་ལག་འགྱུར། །འཐད་པ་བཟང་དང་ལྡན་པའི་ངེས་ཚིག་གིས། །ཡི་གེ་མངོན་སྒྲུབ་པ་ལ་མཁས་བྱས་པས། །ནས་ཀྱི་ཤུན་པ་བརྗེ་བའི་ཚུལ་གྱིས་ནི། །མ་ཐོས་བརྡ་ལ་འདྲིས་པའི་སྒོ་གཞན་འཇུག །མིང་དང་མིང་གཞན་ཡི་གེའི་བརྡ་དང་ནི། །ཐ་སྙད་སྟུག་པོས་བར་ཆོད་རིང་བ་དང༌། །གལ་ཏེ་ཡི་གེ་རིགས་བསྡུས་ཕྱོགས་


LT17_Page_216
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ན། །བརྡ་གཉིས་བཏང་སྙོམས་འདུག་པ་ལྟ་བུར་སྣང༌། །ཕྱོགས་དེ་སྟོབས་ལྡན་མིང་གཅིག་ལ་འཇུག་པས། །རབ་འབྱམས་མིང་གི་ཡི་གེར་སླེབ་ནུས་མིན། །གལ་ཏེ་ཐོག་འདྲ་སོ་སོར་གཅིག་སྦྱར་ནས། །མཚན་མར་བྱེད་ནའང་ཐུག་དང་དགོས་ནུས་མེད། །དེ་ཕྱིར་མིང་ཚིག་ཀུན་ལས་བརྡས་འགྱུར་གྱི། །ལྷག་མ་ཡི་གེའམ་དོན་འགར་ཉེ་རིང་མེད། །འདོད་པའི་དབང་བརྟེན་འགའ་ཞིག་ཁོ་ན་ལ། །ངེས་འདིས་ཡི་གེ་བཏུས་ལ་བརྡ་ཡིས་ཕྱེ། །བཏུ་དང་ཕྱེ་བའི་སྒོ་གཉིས་ཕན་ཚུན་གྱི། །གྲོགས་གྱུར་པ་དག་ཡི་གེ་གཅིག་ལས་ནི། །ཡི་གེ་འབུམ་འཇུག་པ་དང་འབུམ་ལས་སླར། །གཅིག་ལ་འཇུག་པའི་ལམ་སྲང་དྲང་པོ་ཡིན། །ཡི་གེའི་སྒྲོན་མ་གཅིག་བཏེགས་འབྱམ་ཀླས་པའི། །དེ་ཉིད་དབྱེ་བ་དྲན་ཡུལ་གསལ་བྱེད་ཕྱིར། །ཐམས་ཅད་སྣང་བའོ་སྤོབས་པ་ཟབ་མོའི་གཏེར། །སྐྱེ་བའི་སྒོའི་ཕྱིར་ས་བོན་ཚིག་ཅེས་བྱ། །མིང་གང་སྔོན་དུ་ངེས་དོན་ལ་འཇུག་པའི། །ཡི་གེ་མི་འགྲོ་ཡོད་མིན་ཀུན་ནས་སྒོ། །ཐམས་ཅད་རྗེས་སོང་གཟུངས་དང་བརྗོད་པ་ཀུན། །སངས་རྒྱས་གསུང་བསྟན་པ་ཡང་དེ་ལྟར་བཤད། །གཟུངས་ཀྱི་རྣམ་གྲངས་དམིགས་པས་རྒྱས་འགྱུར་ཕྱིར། །སྒོ་ཚུལ་མཐའ་ཡས་ཞེས་ཀྱང་བཞེད་པ་ཡིན། །ཕྱོགས་འདིས་རྣམ་པའི་རྗེས་སུ་འཇུག་ལ་སོགས། །མདོ་ཡི་ཐ་སྙད་གཞན་ཡང་བཤད་པར་བྱ། །བྱང་ཆུབ་སེམས་དཔའི་རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད་ལས། བཟོད་པའི་གཟུངས་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པའི་གནས་ཏེ་རིམ་


LT17_Page_217
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕྱེ་བ་གསུམ་པའོ།། །།རང་མཐུས་བཟུང་བ་ཡུན་རིང་ཆུད་མི་ཟ། །མཐུ་དེ་ཤས་ཆེ་བས་ན་གཟུངས་སུ་བརྗོད། །དེ་ཡི་རང་བཞིན་དྲན་པ་གསལ་བ་དང༌། །བརྟན་པའི་བློ་ཡིན་བསམ་གཏན་ལ་སོགས་ཀྱང༌། །རྒྱ་ཆེར་དབྱེ་བ་འཇིག་རྟེན་འདས་ལེ་དང༌། །གཟུངས་ཀྱི་རྒྱལ་པོའི་མདོ་སོགས་སྡེ་སྣོད་ལས། །བཀའ་སྩལ་མདོར་བསྡུས་ཆོས་དང་དོན་དང་ནི། །གསང་སྔགས་བཟོད་འཐོབ་བྱེད་པའི་གཟུངས་བཞིར་བཤད། །ཤིན་ཏུ་རྒྱས་གཞུང་རྣམས་ཀྱང་ཇི་ལྟ་བུར། །ཐོས་པའི་ཚུལ་ལས་ལྷག་ཆད་མི་འགྱུར་ཞིང༌། །རིམ་པ་མི་ཉམས་དེ་འདྲར་དེ་དག་གི། །དོན་འཛིན་སྤྱོད་པའི་སྒོ་ནས་གཉིས་སུ་འགྱུར། །རེ་རེའང་སྔར་བརྗོད་གསུམ་དབྱེ་གོང་ནས་གོང༌། །སྒོ་གསུམ་དག་གི་ཁྱད་པར་ཞུགས་འགྱུར་ཏེ། །གཞུང་དོན་རྣམ་ངེས་པ་དང་བརྟན་པ་དང༌། །ཐོས་མང་གནས་པའི་གོ་སྐབས་ཡངས་པ་ཡིན། །ཡི་གེའི་སྦྱོར་བ་ཏིང་ངེ་འཛིན་དབང་ངམ། །སྨོན་པའི་ཤུགས་ཀྱིས་གང་དང་ཅི་འདྲ་བའི། །སྔགས་སུ་བཟུང་བ་གཞན་དུ་མི་འགྱུར་བར། །ཟློས་ལ་དོན་ཡོད་འགྱུར་ཕྱིར་གཟུངས་སུ་འདོད། །སྔར་སྦྱོར་ཆུད་མི་ཟ་བའི་ནུས་པ་ལ། །རག་ལས་མིན་ཕྱིར་སྙན་དངགས་བྱེད་མི་མཚུངས། །སྔགས་འགྲུབ་བྱེད་པའི་རྗེས་སུ་བསླབ་དབང་གིས། །ཡིན་ཤེས་ཕྱིར་ནི་འབྲས་བུའང་རྒྱུ་ཡིས་བཏགས། །ཚུལ་ཁྲིམས་ལ་སོགས་གྲོགས་དང་ངོ་བོ་ཉིད། །ཇི་ཙམ་ཕུལ་གྱུར་དེ་ཡིས་ཉེར་བགོས་པའི། །སྔགས་ཀྱི་བྱིན་རླབས་


LT17_Page_218
[མ་དཔེ་གཟིགས་ན་འདིར་གནོན།]

བརྫི་བས་མི་འཇིགས་དང༌། །བརྟན་དང་རྒྱ་ཆེ་བར་ནི་འགྱུར་བ་ཡིན། །བཟོད་པས་ཆོས་ཉིད་རྗོད་ཅིང་དབྱེ་བའི་སྒོ། །མ་ལུས་ཡི་གེའི་སྡོམས་སུ་བསྡུས་བསྒོམས་པས། །དོན་དམ་བཟོད་པ་ཡི་གེ་ཙམ་ཉིད་ཀྱིས། །འདྲོངས་པའི་མཐུ་གྲུབ་བློ་ལྡན་བཟོད་པའི་གཟུངས། །འདིར་ཡང་དབྱེ་བ་གོང་མ་བཞིན་བརྗོད་བྱ། །ཆོས་དོན་མཐའ་ཡས་གཞུང་དང་ཡིག་གཅིག་ཏུ། །བསྡུས་ནས་འཛིན་ལ་ཆོས་དོན་གཟུངས་གཉིས་སུ། །དབྱེ་དང་མི་དབྱེའི་རྣམ་དབྱེ་གསལ་བར་འདོད། །འདི་ལྟར་ལྡོག་པ་ཙམ་གྱིས་དེ་ཕྱེ་མིན། །གང་མ་བཟུང་བར་གང་འཛིན་ཡོད་མིན་པ། །མ་ཡིན་ཕྱིས་ཀྱང་འབྲས་བུའི་དྲན་པ་ལ། །ཐ་དད་མཐོང་ཕྱིར་གཉིས་སུ་འགྱུར་བ་སྙམ། །ཇི་ལྟར་དེ་དག་རྒྱུན་གཅིག་གོ་རིམ་རྣམས། །ངེས་སྦྱར་མཚན་མར་བྱས་པས་མི་འཁྲུལ་ལྟར། །འདི་ནི་དོན་གང་ཡི་གེ་གང་ཞིག་གིས། །མཚན་ལ་དམིགས་པས་དེ་དེར་འདུ་བ་ཉིད། །ངེས་འབྱུང་ལམ་མེད་པ་ལའང་གསུམ་ཐོབ་ཡོད། །དེ་ལས་གཟུངས་གཉིས་རྒྱུ་ཡིས་ལྷག་པར་མང༌། །གཅིག་ནི་རྒྱལ་སྲས་རྣམས་ཀྱི་ཐུན་མོང་མིན། །དེ་ནི་ཐམས་ཅད་ནང་ན་རྒྱུས་ཀྱང་ཉུང༌། །ཆོས་ནི་དོན་ཤེས་ཐབས་ཡིན་ཐོས་པ་རྣམས། །མཐར་ཕྱིན་དབང་མཛད་ཕྱིར་ན་དབུས་ཕལ་བ། །དེ་དག་བཟོད་པའི་གཟུངས་ཀྱིས་རྣམ་དག་ཕྱིར། །རིམ་འདི་མཁས་པ་རྣམས་ཀྱིས་བཞེད་པ་ལྟ། །བློ་ལྡན་རྣམས་ཀྱི་གཟུངས་འཐོབ་འགྱུར་བའི་ལྟས། །གཏེར་ཆེན་མེ་ཏོག་རྫིང་དང་གོས་དཀར་ཕྲུགས། །རྙེད་དང་སྤྱི་བོར་ལྷ་ཡིས་


LT17_Page_219
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་མཛེས་པ། །འཛིན་པ་ལ་སོགས་རྨི་ལམ་དག་ན་མཐོང༌། །ཇི་ལྟར་གཟུངས་ཐོབ་ལ་བརྟེན་རྒྱལ་སྲས་ཀྱི། །བྱ་བ་དཔག་མེད་རྫོགས་བྱེད་དེ་སྔར་བཤད། །མདོར་བྱས་ཡང་ཡང་གཞན་དང་བདག་ཕན་ཕྱིར། །དམ་ཆོས་རབ་ཏུ་སྟོན་དང་འཛིན་ལས་ཅན། །བསྐལ་དང་མ་བསྐལ་དུས་གཞན་སོ་སོ་རུ། །ཐོས་པའི་ཆོས་དྲན་རྩ་ལག་འབྱོར་བ་བཞིན། །གནས་ཤིང་གདམ་ངག་དགོས་པ་མ་རྙིང་བའི། །ཤིང་ལས་ཕྲེང་བ་བཞིན་དུ་བརྒྱུད་མར་རྒྱུ། །གདུལ་བའི་དབང་བཞིན་བཤད་བྱ་དེ་དང་དེ། །འབྲེལ་ཞིང་རྒྱུན་ཆགས་མ་ཚང་མེད་པར་སྟོན། །དེ་འདྲའི་ཚུལ་གྱིས་འདྲི་བས་སངས་རྒྱས་དང༌། །སངས་རྒྱས་སྲས་ལས་ཆོས་ཀྱི་སྤྲིན་འབྱུང་བྱེད། །དམིགས་པ་ཆུད་མི་ཟ་བའི་སྟོབས་ཐོབ་པས། །བཤད་བྱ་ཕུལ་བྱུང་འཆད་ལ་དབང་བྱེད་ཕྱིར། །གསང་སྔགས་བྱེད་པའང་གཟུངས་སུ་བསྡུ་འོས་ཏེ། །དེ་ཕྱིར་བདེན་ཚིག་འགའ་ལའང་ཐལ་མི་འགྱུར། །སྣྲེལ་གཞིའི་རྒྱུད་དུ་རིང་པོར་བསྟན་སོགས་ཀྱིས། །དྲན་པ་མི་འཁྲུགས་འདོད་དང་མཐུན་བྱེད་པ། །ཟིལ་གྱིས་མི་ནོན་རང་དབང་ཐོབ་ལས་ཏེ། །དེ་ལྟར་སྐྱེ་བ་གཞན་དུའང་ཡོངས་མི་གཡོ། །བསྐལ་པ་དུ་མར་ཟབ་དང་རྒྱ་ཆེའི་གནས། །གཏན་འབེབས་སྨྲ་བའི་སྤོབས་པ་ཐུག་མི་འགྱུར། །རྣམ་དག་ངག་གི་ཡོན་ཏན་མི་ཟད་ཕྱིར། །གཞན་གྱི་ཡིད་འཕྲོག་སྤོབས་པའི་ས་བོན་སྐྲུན། །འགྲོ་བའི་རིས་དང་ཡུལ་གྱི་སྐད་སྣ་ཚོགས། །ཇི་ལྟར་རིགས་བཞིན་དུ་ནི་བརྡ་སྤྲོད་བྱེད། །པདྨོ་རྣམ་འཕྲུལ་ཆོས་


LT17_Page_220
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆར་འབེབས་པས། །འཇིག་རྟེན་དགའ་བ་རྒྱ་ཆེར་ཀུན་ཏུ་སྐྱེད། །བྱང་ཆུབ་སེམས་དཔའི་རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད་ལས། གཟུངས་ཀྱི་ངོ་བོ་དང་རྣམ་པར་དབྱེ་བ་བསྟན་པའི་གནས་ཏེ་རིམ་པར་ཕྱེ་བ་བཞི་པའོ།། །།གང་གིས་བདག་འདྲའནག་ཟབ་མོ་ཆོས་དཔྱོད་ལ། །སྦྱར་བ་དགེ་བའི་བཤེས་དེར་ཕྱག་བགྱིད་དོ། །རྨོངས་པས་ནོངས་ཏེ་དྲང་སྲོང་ཆེན་པོའི་གཞུང༌། །ལོག་པར་གང་བཤད་བརྩེ་ལྡན་རྣམས་ལ་འཆགས། །ནུས་པ་ཇི་བཞིན་དམ་ཆོས་ལ་གུས་པའི། །བློ་ཡིས་སྦྱར་འདི་མཁས་པས་འཕྱ་འོས་མིན། །བསམ་པ་དགེ་བས་སངས་རྒྱས་སྐུ་གཟུགས་ཀྱི། །དབུ་ལ་མཆིལ་ལྷམ་བཞག་པའང་མ་དཔྱས་ལྟོས། །ཆེན་པོ་རྣམས་ཀྱི་གཟུངས་ཚུལ་ལེགས་བསྙད་ལས། །བསོད་ནམས་དཔག་བསམ་ཤིང་འདྲ་གང་སྐྱེས་པས། །འགྲོ་ཀུན་རྒྱལ་བའི་ཆོས་མཛོད་ཡོངས་རྫོགས་པར། །བཟུང་སྟེ་མྱུར་དུ་ཀུན་མཁྱེན་སར་བགྲོད་ཤོག །བྱང་ཆུབ་སེམས་དཔའི་རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད་ཅེས་བྱ་བ། ཐོས་པའི་ཟ་མ་ཏོག་ཁ་འབྱེད་པ། སྨྲ་བ་ཆེན་པོའི་སྟག་གི་རྒྱུད་དུ་བྱུང་ཞིང༌། བདེ་བར་གཤེགས་པའི་གཞུང་ལུགས་ཀྱི་ནག་འདབས་ཕྱོགས་གཅིག་ན་གནས་པ། གངས་ཅན་ཤར་ཕྱོགས་པ། འཇིགས་མེད་བསྟན་པའི་ཉི་མས་སྦྱར་བ་རྫོགས་སོ།། །།དགེ་ཞིང་བཀྲ་ཤིས།། །།

སྒོ་དྲུག་རྣམ་པར་བཞག་པའི་གཏམ།

༈ གང་གི་རིག་སྔགས་ཡེ་ཤེས་སྐུས། །འགྲོ་བ་སྐྱོབ་མཛད་ལ་བཏུད་ནས། །སྒོ་དྲུག་རྣམ་པར་བཞག་པའི་གཏམ། །བསྡུས་ཏེ་བདག་


LT17_Page_221
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གསལ་བར་བྱ། །ཨ་ནི་སྐྱེ་བ་མེད་པའི་སྒོ། །ཆོས་འདི་སྐྱེ་བ་མ་མཆིས་ཏེ། །བདག་ལས་སྐྱེ་ན་སྐྱེད་བྱེད་ཆོས། །སྐྱེ་བྱའི་སྔ་རོལ་མེད་པར་འགྱུར། །གཞན་ལས་སྐྱེ་ན་རྒྱུ་འབྲས་ཀྱི། །ངེས་པ་སྣང་བ་མི་རིགས་ཉིད། །གཉིས་ལས་སྐྱེ་ན་གནོད་པའི་ཕྱོགས། །གཉིས་ཀ་གཅིག་ཏུ་འདུ་བར་འགྱུར། །རྒྱུ་མེད་ཉིད་དུ་སྐྱེ་ཡིན་ན། །སྐྱེ་བ་ལྡོག་པ་རིགས་མ་ཡིན། །དེ་དག་ལས་གཞན་སྐྱེ་བའི་ཚུལ། །སུས་ཀྱང་སྨྲ་བར་མི་ནུས་སོ། །ར་ནི་ཆགས་པ་མེད་པའི་སྒོ། །ཆགས་པ་རང་བཞིན་མ་གྲུབ་སྟེ། །ཆགས་ཟིན་ཆགས་ན་དོན་མ་མཆིས། །ཆགས་པ་ལས་ལྷག་ཆགས་པ་ཅི། །ཆགས་མིན་ཆགས་པར་མི་རུང་སྟེ། །ཆགས་ན་ཆགས་མིན་ཡིན་པ་འགལ། །ཡང་དག་ལམ་ནི་ཆགས་པའི་བློ། །འབྲལ་བའང་ཆགས་པ་གྲུབ་ལ་མེད། །གཉེན་པོས་ཆགས་པའི་རྒྱུན་བཀག་ན། །ཆགས་པ་ཆགས་པར་མ་གྲུབ་ཉིད། །ཆགས་པ་སྣང་བཞིན་སྟོང་བ་སྟེ། །རང་བཞིན་མེད་པར་གསལ་བ་ཡིན། །པ་ནི་དོན་དམ་ཟབ་མོའི་སྒོ། །ཆོས་ཀྱི་དབྱིངས་ལ་དོན་དམ་བརྗོད། །སྣང་འདི་བདེན་པར་གྲུབ་གྱུར་ན། །དོན་དམ་བདེན་པ་གཏན་མེད་འགྱུར། །འོན་ཀྱང་རྟེན་འབྱུང་སྟོང་དེའི་ཕྱིར། །དོན་དམ་རིགས་པས་གྲུབ་པ་ཡིན། །སྟོང་པའང་རང་མཚན་མ་གྲུབ་མོད། །ཐ་སྙད་ཙམ་དུ་བཞག་པ་ཉིད། །བདེན་དངོས་ཀུན་རྫོབ་ཏུའང་མེད། །དེ་ཕྱིར་དོན་དམ་ཡོད་ཅེས་བྱ། །ཡང་དག་ཏུ་ནི་བདེན་གྲུབ་ལ། །ལྟོས་ནས་མ་


LT17_Page_222
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་དོན་དམ་ཅི། །ཙ་ནི་འཆི་འཕོ་མེད་པའི་སྒོ། །སྲོག་འགག་པ་ལ་ཤི་བར་བརྗོད། །ཅི་སྟེ་སྲོག་དབང་གཅིག་ཡིན་ན། །རྒན་དང་གཞོན་པ་ག་ལ་རུང༌། །སྲོག་དབང་སྐད་ཅིག་རང་བཞིན་ན། །རྫུན་པར་གྲུབ་པ་མ་ཡིན་ནམ། །གང་ལ་སྲོག་ནི་ཡོད་མིན་པ། །དེ་ལ་དེ་འགག་ཅི་ཕྱིར་ཡོད། །རིས་མཐུན་གནས་པ་ལྡོག་ལས་གཞན། །ཤི་བ་དངོས་མེད་ཡིན་པའི་ཕྱིར། །རང་གི་ངོ་བོ་ཐ་སྙད་དུའང༌། །མེད་པར་སྨྲ་ལ་བདག་མི་འཇིགས། །ན་ནི་མིང་དང་བྲལ་བའི་སྒོ། །མིང་ནི་མཉམ་པ་ཉིད་ལ་མེད། །མིང་དང་དོན་ལ་ཆ་མེད་ན། །བརྗོད་བྱ་རྗོད་བྱེད་མི་སྲིད་འགྱུར། །གལ་ཏེ་དེ་དག་ཆ་ཡོད་ན། །ཕན་ཚུན་ལྟོས་ཏེ་བཞག་པར་ཟད། །བརྗོད་འདོད་རྟོག་ལས་མི་སྐྱེ་ན། །འཛིན་པས་བཞག་ལས་ཅི་ཞིག་ཡོད། །མིང་དོན་བློ་ཡིས་མ་བཞག་ན། །འབྲེལ་བའི་ཚུལ་གཞན་གང་ཞིག་འཐད། །རྟོག་བཏགས་མིན་པའི་མིང་དང་དོན། །རང་གི་ངོས་ནས་གྲུབ་པ་མེད། །དྷཱི་ནི་བློ་གྲོས་དམ་པའི་སྒོ། །ཆོས་རབ་རྣམ་འབྱེད་མཆོག་གི་བློས། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས། །མ་ལུས་ཡང་དག་མངོན་པར་རྟོགས། །རྡུལ་མེད་ཞི་བའི་ཡེ་ཤེས་ཆེས། །བདེན་དང་མི་བདེན་སྣ་ཚོགས་པའི། །འཛིན་སྟངས་དབྱིངས་སུ་བརྟུལ་ནས་ནི། །མཐོང་བ་མེད་པའི་ངང་དུ་གནས། །འོན་ཀྱང་རྟེན་ཅིང་འབྲེལ་འབྱུང་བ། །རྐྱེན་ཉིད་འདི་པ་ཙམ་མོ་ཞེས། །མ་བརྟགས་ཉམས་དགའི་སྣང་བ་ལ། །ཟབ་མོའི་ངེས་ཤེས་ལྷག་པར་སྐྱེ། །གནས་འདི་ཤེས་ནས་ཇི་བཞིན་དུ། །


LT17_Page_223
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཡིད་ལ་ཉམས་ལེན་པ། །དེ་ལ་མྱང་འདས་མི་རིང་སྟེ། །སྲིད་རྩའི་དངོས་གཉེན་ལྷག་ཕྱིར་རོ། །ཅུང་ཟད་སྤྲོས་ཀྱང་བདག་སྤོབས་མོད། །གཞུང་མང་དོགས་ནས་ཧ་ཅང་བསྡུས། །སྒོ་དྲུག་ཚུལ་ལ་འཇུག་པའི་གཏམ། །འདི་ནི་འཇིགས་མེད་གཞོན་ནུས་བྲིས། །བྱིས་པ་རང་ལོ་བཅོ་བརྒྱད་པས། །ཟབ་དོན་ཤེས་པ་དཀའ་མོད་ཀྱི། །འཇམ་དཔལ་གཞོན་ནུའི་བཀའ་དྲིན་ལས། །གཞུང་ལུགས་འདི་ནི་འདིར་བྱས་སོ། །དགེ་དེས་གཞན་ལ་ཕན་འབྱུང་ཞིང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། །།

སྒོ་དྲུག་གི་དོན་རྣམ་པར་ཕྱེ་བ།

༈ སྒོ་དྲུག་གི་དོན་རྣམ་པར་ཕྱེ་བ་ལ། ཀླད་དང༌། གཞུང་དང༌། མཇུག་གི་དོན་དང་གསུམ་ལས། དང་པོ་ལ་མཆོད་བརྗོད་དང༌། དམ་བཅའ་གཉིས། དང་པོ་གང་གི་སོགས། །གཉིས་པ་སྒོ་དྲུག་སོགས། གཞུང་ལ་སྒོ་དྲུག་དངོས་དང༌། དེ་བསྒོམ་པའི་ཡོན་ཏན་གཉིས། དང་པོ་ལ་དྲུག་ལས། ཨའི་སྒོ་བཤད་པ་ལ། མདོར་བསྟན་དང་རྒྱས་བཤད་གཉིས། །དང་པོ་ཨ་ནི་སོགས། གཉིས་པ་ལ་བདག་སྐྱེ་གཞན་སྐྱེ་གཉིས་སྐྱེ་རྒྱུ་མེད་ལས་སྐྱེ་བ་དགག་པ། མཐའ་གཞན་པའི་སྐྱེ་བ་དགག་པ་སྟེ་ལྔ་ལས། དང་པོ་བདག་ལས་སོགས། གཉིས་པ་གཞན་ལས་སོགས། གསུམ་པ་གཉིས་ལས་སོགས། བཞི་པ་རྒྱུ་མེད་སོགས། ལྔ་པ་དེ་དག་སོགས། རའི་སྒོ་བཤད་པ་ལ་མདོར་བསྟན། རྒྱས་བཤད། དང་པོ་ར་ནི་སོགས། གཉིས་པ་ལ། ཆགས་པ་རང་ཉིད་དགག་


LT17_Page_224
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྤང་གཉེན་དགག་པ་དང༌། ཆགས་པ་བདེན་མེད་དུ་བསྟན་པ་དངོས་དང་གསུམ། དང་པོ་ཆགས་ཟིན་སོགས། གཉིས་པ་ཡང་དག་སོགས། གསུམ་པ་ཆགས་པ་སོགས། པའི་སྒོ་བཤད་པ་ལ། བསྟན་བཤད་གཉིས། དང་པོ་པ་ནི་སོགས། གཉིས་པ་ལ། དོན་དམ་ཉིད་སྒྲུབ་པ་དང༌། དེའང་བློས་བཞག་པར་བསྟན་པ་དང༌། རང་གི་ངོ་བོས་སྟོང་པར་བསྟན་པ་དང་གསུམ། དང་པོ་སྣང་འདི་སོགས། གཉིས་པ་སྟོང་པའང་སོགས། གསུམ་པ་ཡང་དག་སོགས། ཙའི་སྒོ་བཤད་པ་ལ། བསྟན་བཤད་གཉིས། དང་པོ་ཙ་ནི་སོགས། གཉིས་པ་ལ་ཤི་བ་ངོས་བཟུང་བ་དང༌། སྲོག་དབང་དོན་དམ་པར་དགག་པ་དང༌། དེ་མ་གྲུབ་པས་སྲོག་འགག་པ་མ་གྲུབ་པ་དང༌། ཤི་བ་དངོས་མེད་ཐ་སྙད་དུའང་མེད་པར་བསྟན་པ་དང་གསུམ། །དང་པོ་སྲོག་འགག་སོགས། གཉིས་པ་ཅི་སྟེ་སོགས། གསུམ་པ་གང་ལ་སོགས། བཞི་པ་རིས་མཐུན་སོགས། ནའི་སྒོ་བཤད་པ་ལ། བསྟན་བཤད་གཉིས། དང་པོ་ན་ནི་སོགས། གཉིས་པ་ལ། མིང་དོན་གཅིག་ཐ་དད་དུ་མ་གྲུབ་པར་བསྟན་པ་དང༌། མིང་དོན་རྟོག་བཏགས་སུ་བསྟན་པ། མིང་དོན་གྱི་ཆོས་ཉིད་བསྟན་པ་དང་གསུམ། དང་པོ་མིང་དང་སོགས། གཉིས་པ་བརྗོད་འདོད་སོགས། གསུམ་པ་རྟོག་བཏགས་སོགས། དྷཱིའི་སྒོ་བཤད་པ་ལ། མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་དྷཱི་ནི་སོགས། གཉིས་པ་ལ་སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས། དང་


LT17_Page_225
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི་ཆོས་རབ་སོགས། གཉིས་པ་ལ་ཇི་ལྟ་བ་མཁྱེན་པ་དང༌། ཇི་སྙེད་པ་གཟིགས་པ་བསྟན་པ་གཉིས། དང་པོ་རྡུལ་མེད་སོགས། གཉིས་པ་འོན་ཀྱང་སོགས། གཉིས་པ་དེའི་ཡོན་ཏན་བཤད་པ། གནས་འདི་སོགས། མཇུག་གི་དོན་ལ་རྩོམ་པ་པོའི་མིང་བསྟན་པ། རྩོམ་པའི་རྒྱུ་མཚན་བསྟན་པ་དང༌། དགེ་བ་བསྔོ་བ། བརྩམ་པའི་གནས་བསྟན་པ་སྟེ་གསུམ། དང་པོ་ཅུང་ཟད་སོགས། གཉིས་པ། བྱིས་པ་སོགས། བཞི་པ་ཞེས་པའང་སོགས་སོ། །ཞེས་པའང་ཡར་ལུང་པདྨ་བཀོད་རྩ་གསུམ་མཁའ་འགྲོའི་གླིང་ནས་སྐད་ཅིག་ཡུད་ཙམ་ལ་བྲིས་པའོ།། །།

སྤྱོད་འཇུག་དཀའ་གནས་གསལ་བ་བྱེད་བེཌུ་དབང་པོའི་མེ་ལོང་།

༈ འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རབ་འབྱམས་ཞིང་གི་རྒྱལ་བ་རྒྱ་མཚོའི་མཁྱེན་རབ་ནི། །ཟུར་ཕུད་ལྔ་པའི་གཞོན་ཚུལ་གར་གྱིས་རྣམ་རོལ་པ། །སྨྲ་བའི་ཉིན་བྱེད་འཇམ་མགོན་བླ་མའི་ཆུ་སྐྱེས་ཞབས། །མི་ལྡོག་མི་ཕྱེད་རྩེ་གཅིག་དང་བས་གཙུག་གིས་མཆོད། །བློ་མཆོག་མངའ་བས་ལེགས་གསུང་དོན། །ཀུན་གྱི་རྩེ་མོར་སོན་པ་ནི། །རྒྱལ་སྲས་ཡོངས་ཀྱི་སྡོམ་པ་སྟེ། །དེ་སྟོན་གཞུང་གི་བཀའ་འགྲེལ་བྱ། །དེ་ཡང་འདིར་བཤད་བྱའི་དོན་ནི། །རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། །རྒྱལ་སྲས་ཐམས་ཅད་ཀྱི་བསྟེན་བྱ། །དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས། །རིན་ཆེན་བྱང་ཆུབ་ཀྱི་སེམས་བརྗོད་བྱར་གྱུར་པའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་འདི་ལ་ལེའུ་བཅུ་ཡོད་པ་ལས། རྟོགས་དཀའ་བའི་གནས་ཤེས་


LT17_Page_226
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ལེའུའི་སྐབས། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་པ་ལ། བདེན་གཉིས་ཀྱི་དབྱེ་གཞི་ནི། རང་བཞིན་མེད་པ་ཡིན་ཏེ། འཇུག་པ་ལས། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་མེད། །ཅེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན་གཉིས་ལས། ཀུན་བརྫོབ་བདེན་པའི་མཚན་ཉིད་ནི། །བློའི་ཡུལ་དུ་གྱུར་པའི་ཆོས་གང་ཞིག །དཔྱད་ན་བརྫུན་པའི་རང་བཞིན་ཡིན་པའོ། །དབྱེ་ན། ཡང་ལོག་གི་ཀུན་རྫོབ་གཉིས་ཏེ། དབང་པོ་གནོད་མེད་ལ་སྣང་བ་ཡང་དག་ཀུན་རྫོབ་དང༌། གནོད་པས་དཀྲུགས་པའི་སྣང་བ་རབ་རིབ་དང་ནམ་མཁའ་ལ་སྐྲ་ཤད་འཛག་པ་དང༌། དུང་སེར་པོར་སྣང་བ་ལ་སོགས་པ་ལོག་པའོ། །དེ་དག་ཀྱང་འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་བཞག་པ་ཡིན་ནོ། །དེ་དག་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་དག །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར། སྣང་ལ་རང་བཞིན་མ་གྲུབ་པས་ཀུན་རྫོབ། བློ་འཁྲུལ་ཤེས་ཀྱི་ངོར་བདེན་པ་ཡིན་པའི་ཕྱིར། དོན་དམ་བདེན་པའི་མཚན་ཉིད་ནི། བློ་ལས་འདས་པའི་ཆོས་ཉིད་དམིགས་པ་ཉེ་བར་ཞི་བའི་རང་བཞིན་ནོ། །དབྱེ་ན། ཕྱི་སྟོང་པ་ཉིད་དང༌། ནང་༴ ཕྱི་ནང་༴ སྟོང་པ་ཉིད༴ ཆེན་པོ༴ དོན་དམ་པ༴ འདུས་བྱས༴ འདུས་མ་བྱས༴ མཐའ་ལས་འདས་པ༴


LT17_Page_227
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མཐའ་མེད་པ༴ དོར་བ་མེད་པ༴ རང་བཞིན་སྟོང་༴ ཆོས་ཐམས་ཅད༴ རང་མཚན༴ མི་དམིགས་པ༴ དངོས་མེད༴ ངོ་བོ་ཉིད༴ དངོས་མེད་ངོ་བོ་ཉིད་སྟོང་པ་ཉིད་དེ་བཅོ་བརྒྱད་དོ། །དེ་རྣམས་ལ་དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྒྲ་གཅན་འཛིན་གྱི་ཡུམ་ལ་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། འཁྲུལ་པའི་ཡུལ་ལས་འདས་པས་སོ་སོ་རང་རིག་པའི་ཡེ་ཤེས་དང་ཡུལ་ཡུལ་ཅན་དབྱེར་མེད་པར་གྱུར་པ་ལ་རྟོགས་པའི་མིང་བཏགས་པ་ཙམ་སྟེ། དམ་པ་རྣམས་ཀྱི་གཉེར་བྱའི་དོན་ཡིན་པ་དང༌། ལམ་འབྲས་ཀྱི་ཆོས་སུ་མི་བསླུ་བས་བདེན་པ་ཡིན་པའི་ཕྱིར། བདེན་གཉིས་ཤེས་པ་ལ་དགོས་པ་ཡོད་དེ། ཀ་མ་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །ཡང་ཉན་རང་རྣམས་ཀྱིས་བདག་མེད་གཉིས་རྫོགས་པར་རྟོགས་མ་རྟོགས་ཀྱི་གནས་ལ། སྤྱིར་ས་པཎ་ཆེན་གྱི་གཞུང་ལུགས་ལེགས་བཤད་སོགས་དང༌། རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་གཞུང་ལུགས་རྣམས་ལས་ནི། དེ་དག་གིས་བདག་མེད་གཉིས་རྫོགས་པར་རྟོགས་


LT17_Page_228
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། དེ་ལྟར་མིན་ན་དེ་དག་ཁམས་གསུམ་དུ་སྐྱེ་བ་ལེན་པར་ཐལ་བའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱི་གཞུང་གི་ལུང་དོན་དེ་ལྟར་ཡིན་ཞེས་གསུངས། ཀུན་མཁྱེན་ཆོས་རྗེའི་གྲུབ་མཐའ་མཛོད་དུ་ནི། དེ་ལྟར་མ་གསུངས་ཏེ། མངོན་རྟོགས་རྒྱན་གྱི་ལུང་དོན་འགོད་པར་མཛད་ལ། ཆེན་པོ་བདུན་གྱི་ཆེ་བའང་དེ་ལྟར་ན་ཚང་གིས། གཞན་དུ་ན་ཡེ་ཤེས་ཆེན་པོ་འདི་ལ་ཅི་ཙུག་སྨྲ། ཞེས་བསྟན་ལ། ཡིད་བཞིན་རིན་པོ་ཆེའི་མཛོད་དུ་ནི། ལམ་སྒོམ་དུས་སུའང་དབང་པོའི་ཁྱད་པར་གྱིས་བདག་མེད་གཉིས་སྒོམ་པ་དང་མི་བསྒོམ་པ་གཉིས་ཀ་ཡོད་ལ། འབྲས་བུ་ཐོབ་དུས་ཀྱང་དེ་ལྟར་ཡོད་དོ་ཞེས་གསུངས་ཏེ། འདིར་གང་བཞག་ན་ཐམས་ཅད་མཁྱེན་པ་དྲི་མེད་འོད་ཟེར་གྱི་བཞེད་གཞུང་བཞིན་དུ་རིག་པར་བྱའོ། །ཡང༌། གཟུགས་སོགས་མངོན་སུམ་ཉིད་ཀྱང་ནི། །གྲགས་པས་ཡིན་གྱི་ཚད་མས་མིན། །ཞེས་པ་ལ། དར་ཊིཀ་ཏུ་གསུངས་པའི་དོན་ནི། ཉོན་ཐོས་སྡེ་པ་ན་རེ། གཟུགས་སོགས་བདེན་གྲུབ་ཡིན་ཏེ། དབང་པོ་ལྔ་ལ་དེ་ལྟར་སྣང་བའི་ཕྱིར། །ཞེས་ཟེར། དེ་ལ་འདི་སྐད་ཅེས། ཚུར་མཐོང་གི་དབང་པོ་ལྔ་ཆོས་ཅན། ཁྱོད་གྲགས་པའི་གྲུབ་པའི་ཀུན་རྫོབ་ལ་ཚད་མར་སོང་བ་ཡིན་གྱི་དེ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་ཚད་མར་སོང་བ་མ་ཡིན་པར་ཐལ། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མིན་ཏེ། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱི་སུ་ལ་


LT17_Page_229
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་བྱ། །ཞེས་གསུངས་པ་བཞིན་དུ་ཚུར་མཐོང་གིས་རྟོགས་ན་འཕགས་ལམ་གྱིས་དགོས་པ་མེད་པར་ཐལ་བའི་ཕྱིར་རོ། །ཞེས་གསུངས་ལ། མཁས་པ་ཆེན་པོ་ཐོགས་མེད་ནི། འཇིག་རྟེན་ན་དེ་དག་གྲགས་པ་ཙམ་ཡིན་གྱི་ཚད་མས་ནི་མ་གྲུབ་བོ། །ཞེས་ལེགས་པར་བསྟན་ཏོ། །ཡང༌། གལ་ཏེ་དོན་དམ་མྱ་ངན་འདས། །འཁོར་བ་ཀུན་རྫོབ་དེ་ལྟ་ན། །སངས་རྒྱས་ཀྱང་ནི་འཁོར་འགྱུར་བས། །བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ། །ཞེས་པ་ལ། མྱང་འདས་ལ་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གི་མྱང་འདས་གཉིས་ཕྱེ་མ་ནུས་ན། ལན་མི་ཐེབས་པས། འདི་ལྟར་འགྲེལ་དགོས་ཏེ། ད་ལྟ་སེམས་ཅན་རྣམས་ཀྱང་རང་བཞིན་མྱང་འདས་ཡིན་ཏེ། དེ་རྣམས་དོན་དམ་པར་བདེན་མེད་ཡིན་པའི་ཕྱིར་ཏེ། འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པར། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་རྣམས་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེ་ལྟར་ཡིན་ཀྱང་སྒྱུ་མ་ལྟར་འགྲོ་བ་རྣམས་སྲིད་པར་འཁོར་བ་ཡང༌། མདོ་ལས། སྲིད་པའི་འགྲོ་བ་རྨི་ལམ་བཞིན་དུ་འཁོར། །ཞེས་སོ། །དེའི་གནས་ཚུལ་མངོན་དུ་འགྱུར་བའི་ཕྱིར། ཕྱིན་དྲུག་གི་ལམ་སྒྱུ་མ་ལྟར་ཉམས་སུ་བླང་བས། སྒྱུ་མ་ལྟ་བུའི་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་བཟློག་སྟེ། སྒྱུ་མ་ལྟ་


LT17_Page_230
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་འབྲས་བུ་མངོན་དུ་འགྱུར་ཏེ། དཔེར་ན་སྒྱུ་མའི་རྟ་གླང་གི་རང་བཞིན་མ་གྲུབ་ཀྱང་དེ་ལྟར་སྣང་བ་དེ་དེའི་རྒྱུ་རྐྱེན་རྫས་སྔགས་རྒྱུན་ཆད་ན་དེ་དག་མི་འབྱུང་བ་བཞིན་ནོ། །གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པར་ཇི་ལྟར། །གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་པའི་དོན་ནི། རྗེ་ཙོང་ཁ་པ་ཡབ་སྲས་ནི། སྤྱིར་དཔལ་ལྡན་གྲགས་པ་ལ་སོགས་སེམས་ཙམ་པ་རྣམས་ཀྱི་ལུགས་ལ། གང་ཟག་གི་རྒྱུད་ཀྱི་སྔོ་འཛིན་མིག་ཤེས་དེའི་ཡུལ་སྔོན་པོ་ནམ་བཟུང་བ་དང་དུས་མཉམ་དུ། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་དེས་ཀྱང་སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བར་འདོད་ལ། དེའི་སྒྲུབ་བྱེད་ཀྱང༌། མྱོང་བའི་རྟགས་སུ་ཡུལ་ཅན་དྲན་ལ། མྱོང་བ་ལ་རང་མྱོང་གཞན་མྱོང་གཉིས་ལས། གཞན་མྱོང་བ་ལ་གཉིས་ཏེ། མིག་ཤེས་གཉིས་ཡོད་དམ། མིག་ཤེས་ཀྱི་སྐད་ཅིག་དང་པོས་ཡུལ་སྔོན་པོ་བཟུང༌། དེའི་སྐད་ཅིག་ཕྱི་མས་དེ་འཛིན་ནམ། དང་པོ་ལྟར་ན་མདོ་ལས། སེམས་ཅན་རྣམས་ཀྱི་རྒྱུད་ནི་རེ་རེ་བའོ། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ལྟར་ན། གང་ཟག་དེའི་མིག་ཤེས་སྐད་ཅིག་སྔ་མས་སྔོན་པོ་མཐོང་ལ། སྐད་ཅིག་ཕྱི་མ་དེ་ལོང་བར་ཐལ་ལོ། །དེའི་ཕྱིར་དེ་ནི་རང་མྱོང་ཡིན་ནོ་ཞེས་བཞེད། དེའི་ལན། དཔེའི་སྒོ་ནས་འདེབས་ཏེ། གདུག་ཅན་བྱི་བས་རྨུགས་པ་ལྟ་བུ་ནི། མིག་ཤེས་ཀྱི་སྔོན་པོ་བཟུང་བ་དང་མཚུངས་པར་སྦྱོར་ཞིང༌། དེའི་ཚེ་དུག་ལུས་ལ་ཞུགས་པ་མ་ཚོར་བ་ནི། དེའི་ཚེ་རང་རིག་གིས་མིག་ཤེས་སོགས་ཉམས་སུ་མྱོང་བ་ཚོར་བའི་དཔེ་ཡིན་ལ། དེ་འབྲུག་སྒྲས་བསླང་བ་ནི་རྐྱེན་གྱིས་བསྐུལ་བའི་དཔེ་དང༌།


LT17_Page_231
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཚེ་སྔར་བྱི་བའི་དུག་ཞུགས་པར་ཤེས་པ་ནི། དྲན་པའི་དཔེར་གསུངས། དེ་ལྟར་རང་རིག་གིས་རྣ་ཤེས་སོགས་འཛིན་ཞེས་བློ་རྫས་ཐ་དད་ཡིན་ན། སྔར་བཤད་པའི་ལུགས་དང་འགལ་ལོ། །འོན་ཏེ་ཤེས་པ་མ་ཡིན་ཏེ། མི་ལྡན་པའི་འདུ་བྱེད་ཡིན་ནོ་ཞེ་ན། འོ་ན་དེའི་རང་ཡུལ་འཛིན་མི་ནུས་པར་ཐལ། དེ་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་རོ། །དེས་ན་རྣ་ཤེས་རང་གིས་རང་མྱོང་བར་འདོད་དགོས་པས། འདི་ལྟ་སྟེ། རང་རིག་མེད་ན་བདག་ཉིད་ནི་རྣ་ཤེས་དྲན་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་མ་མྱོང་ཡང༌། དྲི་སོགས་ཡུལ་མྱོང་ཚེ་ཡུལ་ཤེས་འབྲེལ་བ་ལས་སོ། །དེའི་དཔེ་ནི། བྱི་བའི་དུག་བཞིན་ནོ། །ཡང་གྲུབ་མཐའ་ངན་པ་ཕྱི་རོལ་པའི་ལུགས་ལ། སྤྱིར་ཀུན་བརྟགས་ཀྱི་ལྟ་བ་འཛིན་པ་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང༌། བསྡུ་ན་རྟག་ཆད་དུ་ལྟ་བ་གཉིས་སུ་འདུ་ཞིང༌། །དང་པོ་ལའང་བཞི་ལས། དང་པོ་གྲངས་ཅན་པ་ནི། ཤེས་བྱ་ཐམས་ཅད་གྲངས་ཉེར་ལྔར་སྨྲ་བས་ན་དེ་སྐད་དུ་བརྗོད་དེ། དེའང་བདག་ནི། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །ཞེས་པ་ལྟར་ཆོས་ལྔ་ལྡན་ཡིན་ནོ། །གཙོ་བོ་ནི། །རྣམ་འགྱུར་གྱི་རྒྱུ་བྱེད་པ། བསམ་གཏན་གྲུབ་པའི་མངོན་ཤེས་མ་གཏོགས། དྲང་སྲོང་སེར་སྐྱའི་མིག་གིས་ཀྱང་མི་མཐོང་བ། །རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའོ། །ཆེན་པོའམ་བློ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུ་ཕྱིའི་སྒྲ་སོགས་ཀྱི་རྣམ་འགྱུར་དང་ནང་སྐྱེས་བུའི་གཟུགས་བརྙན་འཆར་བའོ། །ང་རྒྱལ་ནི། རྣམ་འགྱུར། སྙིང་སྟོབས། མུན་པ་ཅན་གྱི་ང་རྒྱལ་ཏེ་གསུམ་


LT17_Page_232
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །དང་པོ་ལས། དེ་ཙམ་ལྔ་འབྱུང་ངོ༌། །དེ་ལས་ནི་འབྱུང་ལྔ་འབྱུང་ངོ༌། །གཉིས་པ་ལས། ངག་དང༌། ལག་པ་དང༌། རྐང་པ་དང༌། འཕོང་དང༌། འདོམ་སྟེ་ལུས་དབང་ལྔ་དང༌། མིག་རྣ། སྣ། ལྕེ། པགས་པའི་དབང་པོ་སྟེ་བློ་དབང་ལྔ་དང༌། ཡིད་དབང་རྣམས་འབྱུང༌། གསུམ་པས་ནི་དེ་དག་གི་གྲོགས་བྱེད་དོ། །དེ་རྣམས་ཀྱང་མུ་བཞིར་འདུ་སྟེ། ཇི་སྐད་དུ། གཙོ་བོ་བྱེད་ཡིན་བྱ་བ་མིན། །ཆེན་པོ་སོགས་བདུན་བྱ་བ་བྱེད། །བཅུ་དྲུག་པོ་ནི་བྱ་བ་ཡིན། །སྐྱེས་བུ་བྱ་མིན་བྱེད་པ་མིན། །ཞེས་པ་ལྟར་ཡིན་ཏེ་གོ་སླ། ཡང་ཉེར་གསུམ་ཀུན་རྫོབ་དང༌། གཙོ་བདག་གཉིས་དོན་དམ་དུ་འདོད་དོ། །དེ་དག་ཤེས་པས་གྲོལ་བར་སྨྲ་སྟེ། རལ་པའམ་སྤྱི་བོའི་ཅོད་པན་སོགས། །ཆ་ལུགས་གང་གིས་གནས་ཀྱང་རུང༌། །དེ་ཙམ་ཉི་ཤུ་ལྔ་ཤེས་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་རྟོགས་ནས་ལམ་བསྒོམ་པས་མངོན་ཤེས་འགྲུབ་སྟེ། དེས་གཙོ་བོ་ལ་བལྟས་པས། དེ་སྐྱེངས་ནས་རྣམ་འགྱུར་རྣམས་བསྡུས་པ་དང༌། སྐྱེས་བུ་ཡན་གར་བར་གནས་པ་ལ་ཐར་པར་འདོད་དོ། །གཉིས་པ་དབང་ཕྱུག་པ་ནི། སྐྱེ་བོ་ཤེས་པ་ཡོད་པ་མ་ཡིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་པ་ལྟར། འགྲོ་བའི་བདེ་སྡུག་དང་ལེགས་ཉེས་བཟང་ངན་ཐམས་ཅད་དབང་ཕྱུག་གིས་བྱས་པར་གྲགས་ཤིང་


LT17_Page_233
[མ་དཔེ་གཟིགས་ན་འདིར་གནོན།]

དེའང༌། བྲམ་ཟེ་འདོད་ལ་བྲམ་ཟེ་དང༌། །རྒྱལ་རིགས་འདོད་ལ་རྒྱལ་རིགས་དང༌། །ནོར་རྣམས་འདོད་ལ་ནོར་རྣམས་ཀྱི། །མཆོད་སྦྱིན་དམ་པ་ཡང་དག་བརྩམ། །ཞེས་པ་ལྟར། མཆོད་སྦྱིན་ལེགས་ན་མཐོ་རིས་དང༌། །ཉེས་ན་ངན་འགྲོར་འགྲོ་བར་ཁས་འཆེས། དོན་དྲུག་འདོད་པ་ནི་འདིའི་ལུགས་ཀྱི་གྲུབ་མཐའ་སྟེ། དབུ་མ་རྒྱན་ལས། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་སོ། །དེ་ལ་རྫས་ནི། བདག་དུས། ཕྱོགས། ཡིད། ནམ་མཁའ། ས་ཆུ་མེ་རླུང་སྟེ་དགུ་ལས། རྟག་རྫས་ནི་དང་པོ་ལྔ་དང༌། མི་རྟག་པའི་རྫས་ནི་ཕྱི་མ་བཞི་ཡིན་ནོ། །ཡོན་ཏན་ནི། སྒྲ་ནམ་མཁའི་ཡོན་ཏན། དྲི་སའི། རོ་ཆུའི། རེག་བྱ་རླུང་གི། ཁ་དོག་མེའི་ཡོན་ཏན་ནོ། །ལས་ནི་ལྔ་སྟེ། འདེགས་འཇོག་བརྐྱང་བསྐུམས་འགྲོ་བའོ། །སྤྱི་ནི་ཆེན་པོ་དང་ཉི་ཚེ་བ་གཉིས་སོ། །བྱེ་བྲག་ནི། འདྲེ་བར་མི་བྱེད་པའི་ཆོས་སོ། །འདུ་བ་ནི་འགོག་པའི་སྒོ་ནས་ཐ་མི་དད་པར་གནས་པའོ། །ཁྱབ་འཇུག་པ་ནི། རིག་བྱེད་བཞི་སྨྲ་སྟེ། སྐྱེ་བོ་དགའ་བར་བྱེད་པ་སྙན་ངག་རང་སྡེ་རྒྱལ་བར་བྱེད་པ་སྲིད་བསྲུང༌། འདི་ཕྱིའི་དོན་འགྲུབ་པར་བྱེད་པ་མཆོད་སྦྱིན། མཆོག་སྒྲུབ་བྱེད་ངེས་བརྗོད་རྣམས་སོ། །རྒྱལ་བ་པ་ནི། ཚིག་གི་དོན་དགུ་འདོད་དེ། གང་ཞེ་ན། སྲོག་དང༌། ཟག་པ་དང༌། སྡོམ་པ་དང༌། ངེས་པར་རྒ་བ་དང༌། འཆི་བ་དང༌། ལས་དང༌། སྡིག་པ་དང༌། བསོད་ནམས་དང༌། ཐར་པའོ། །འདི་དག་ནི། ཤིང་སེམས་


LT17_Page_234
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡིན་པའི་རྟགས་སུ་འདབ་མ་བཅད་ན་འཁུམ་པ་དང༌། ལྤགས་བཤུས་ན་སྐམ་པ་སོགས་དང༌། ཐར་པ་མདོགས་དབྱིབས་ཅན་ཡིན་པར། ཇི་སྐད་དུ། ཁ་བ་རྒྱ་སྤོས་མེ་ཏོག་དང༌། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་སོ། །གཉིས་པ་ནི། ཕུར་བུ་པ་སྟེ། འདིས་ནི་ཚེ་སྔ་ཕྱི་མེད་ལ་ཆོས་ཐམས་ཅད་རྒྱུ་མེད་ཡིན་ནོ། །ཞེས་ཟེར་ཏེ། འདི་སྐད་དུ། པདྨ་གེ་སར་སུ་ཡིས་བྱས། །རྨ་བྱའི་རི་མོ་སུ་ཡིས་བྲིས། །ཚེར་མ་རྣོན་པོ་སུ་ཡིས་བརྡར། །ཐམས་ཅད་རྒྱུ་མེད་ངོ་བོས་བྱུང༌། །ཞེས་སོ། །དེ་རྣམས་ལ་ཏ་རྐ་སྡེ་ལྔ་ཞེས་བྱའོ། །འགོག་ཚུལ་ནི་གཞུང་ན་གསལ་ལོ། །ཡང་དབུ་མའི་གཏན་ཚིགས་ལྔ་སྟོན་ཏེ། དང་པོ་གཅིག་དུ་བྲལ་གྱི་གཏན་ཚིགས་ནི། དོན་དུ་སྣང་བ་འདི་ཆོས་ཅན། དངོས་པོ་དང་དངོས་མེད་ཀྱི་མཐའ་དང་བྲལ་ཏེ། གཅིག་དང་དུ་མ་གང་དུའང་མ་གྲུབ་པའི་ཕྱིར། གཉིས་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ནི། སྣང་བཞིན་པ་འདི་དག་ཆོས་ཅན། དོན་དམ་པར་དོན་མེད་ཡིན་པར་ཐལ། བདག་གཞན་གང་ལས་ཀྱང་མི་སྐྱེ་ལ་རྒྱུ་མེད་ཀྱང་མ་ཡིན་པའི་ཕྱིར། གསུམ་པ་ཡོད་མེད་སྐྱེ་འགོག་ནི། སྣང་བའི་དངོས་པོ་འདི་དག་ཆོས་ཅན། རང་བཞིན་དངོས་མེད་ཡིན་པར་ཐལ། ངོ་བོ་ཡོད་མེད་གང་དུའང་མ་གྲུབ་ཅིང་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །བཞི་པ་དོན་བྱེད་འགོག་པ་ནི། ཤེས་བྱར་སྣང་ཙམ་ཆོས་ཅན། དངོས་པོར་མ་གྲུབ་པར་


LT17_Page_235
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། དོན་བྱེད་པ་མ་གྲུབ་པའི་ཕྱིར། ལྔ་པ་རྟེན་འབྲེལ་ཆེན་པོ་ནི། སྣང་ཙམ་ཆོས་ཅན། རང་བཞིན་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པའོ། །དེ་དག་གི་ཚུལ་ཞིབ་པར་ནི་གཞན་ལས་རྟོགས་པར་བྱའོ། །རྒྱལ་སྲས་སྤྱོད་པ་ཕྱིན་དྲུག་ལ། །འཇུག་པའི་ཐབས་མཆོག་སྟོན་བྱེད་པའི། །གཞུང་བཟང་ནོར་བུའི་དོ་ཤལ་འདི། །འཇམ་དཔལ་དཔའ་བོའི་དགོངས་རྒྱན་ཡིན། །དེ་ཡི་རྟོགས་དཀའི་གནས་འགའ་ཞིག །བསྡུས་ཏེ་སྟོན་པའི་འབེལ་གཏམ་འདིར། །ཚོང་པར་འོ་མ་འཚོང་བའི་དཔེར། །གྱུར་པའི་ནོངས་ཚོགས་མཁས་ལ་འཆགས། །དེ་ལས་ཐོབ་པའི་རྣམ་དཀར་ཡོན་ཏན་བདུད་རྩིའི་ཀླུང༌། །ཕན་དང་བདེ་བའི་རླབས་ཕྲེང་འབུམ་དུ་གཡོ་བཞིན་པར། །ཀུན་མཁྱེན་ཡེ་ཤེས་ཆུ་ཡི་ཕུང་པོར་འདྲེས་གྱུར་ཏེ། །དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་པོའི་མཛོད་གྱུར་ཅིག། །།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་གནས་གསལ་བར་བྱེད་པ་བེཌཱུར་དབང་པོའི་མེ་ལོང་ཞེས་བྱ་བ་སྟོན་པ་ཐམས་ཅད་མཁྱེན་པ་ཤཱཀྱའི་རྒྱལ་པོའི་བསྟན་པ་ལ་མངོན་པར་དད་པའི་གཞོན་ནུ་འཇིགས་མེད་པས་ཆོ་འཕྲུལ་ཟླ་བའི་ཡར་ངོ་ཨིནྡྲ་ཝར་མིའི་མཆོད་པའི་དུས་ཆེན་ལ་སྦྱར་བའོ།། །།

བདེ་སྨོན་གཞུང་གི་ཟིན་ཐོ།

༈ །།བདེ་སྨོན་གཞུང་གི་ཟིན་ཐོ་དུམ་དུམ་ཁྲིགས་བཞུགས། བླ་མ་ལ་ཕྱག་འཚལ་ལོ། །བདེ་སྨོན་བཤད་པའི་ཟིན་བྲིས་འཐོར་བུ་འགོད་དེ། ཐོག་མར་ཨེ་མ་ཧོ་ཞེས་པའི་སྐབས། སེམས་ཅན་ཚད་མེད་པ་མཐའ་དག་གི་དོན་དུ་དམིགས་པ་དང༌། དུས་ཚད་མེད་པ་ནམ་མཁའ་ཇི་སྲིད་དུ་གོ་ཆ་བགོས་པ་དང༌། དམ་


LT17_Page_236
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚད་མེད་པ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ནས་མ་སྨིན་པ་སྨིན་པ་དང༌། སྨིན་པ་གྲོལ་བར་བྱའི་ཞེས་ཐུགས་བསྐྱེད་པ་ངོ་མཚར་བ་དང༌། དེའི་ཆེད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོའི་སྒོ་ཚད་མེད་པ་ནས་ཡོངས་སུ་རྫོགས་པར་མཛད་པའི་བརྩོན་འགྲུས་ཀྱི་འཇུག་པ་ངོ་མཚར་བ་དང༌། ཤིན་ཏུ་རྣམ་པར་དག་པའི་ཞིང་དང༌། ཡང་དག་པར་ངེས་པའི་ཕུང་པོ་ཤ་སྟག་ཏུ་གྱུར་པའི་འཁོར་དང༌། ཞིང་ཚད་མེད་པར་རྒྱས་པར་འགེང་བའི་གྲགས་པ་དང་ལྡན་པའི་སངས་རྒྱས་ཀྱི་ཆེ་བ་མི་ཟད་པའི་འབྲས་བུ་ཡོན་ཏན་ངོ་མཚར་བ་སྟེ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་རྣམ་པར་ཐར་པ་མདོར་བསྟན་པའོ། །དེ་ནས་གཞུང་དོན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་སྐབས། སངས་རྒྱས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་སྒོམ་པ་གཙོ་བོར་བྱས་པའི་གདམས་ངག །དེ་བཞིན་གཤེགས་པ་འོད་དཔག་མེད་སྲས་དང་བཅས་པའི་སྐུའི་རྣམ་པ་ལ་བརྟེན་ནས་ཡང་དང་ཡང་དུ་ཡིད་ལ་བྱས་ཏེ་གུས་པ་བསྐྱེད་པ་ནི། དེ་ན་བཅོམ་ལྡན་སོགས་སོ། །མོས་གུས་ཕྱག་ལ་སོགས་ཀྱི་སྐབས། གུས་པ་ཞེས་བྱ་བ་ནི། ཡོན་ཏན་དང་ཡོན་ཏན་ཅན་ལ་བཀུར་བའི་ངོ་ཚ་ཤེས་པ་ཡིན་ལ། དེས་ཀུན་ནས་བསླང་བའི་ལུས་ངག་གི་བྱ་བ་དང་བཅས་པས་ཕྱག་འཚལ་བ་ཡིན་ནོ། །ཆོས་སྐུ་སྣང་བ་མཐའ་ཡས་ཞེས་པ་ལ། སྤྱིར་ཆོས་སྐུ་ལ་འབྲས་བུ་ཆོས་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་ཡོད་པ་ཡིན་ཞིང༌། སྔ་མ་སྤྱི་དང༌། ཕྱི་མ་དེའི་བྱེ་བྲག་


LT17_Page_237
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། འདིར་བཤད་པ་འབྲས་བུ་ཆོས་སྐུར་འཐད་དོ། །འབྲས་བུ་ཆོས་སྐུ་དེ་ལ་དབྱེ་ན་སྐུ་བཞི་ཡོད་པའི་ནང་ཚན་འདི་སྤྲུལ་སྐུ་སྟེ། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་ནི་མ་ཡིན་ལ། གཟུགས་སྐུ་ནི་ཡིན་པའི་ཕྱིར་རོ། །ངེས་པ་ལྔ་ལྡན་མིན་ལུགས་ནི། དུས་ངེས་པ་འཁོར་བ་ཇི་སྲིད་དུ་བཞུགས་པར་སྟོན་པའི་གཟུགས་སྐུ་མིན་པའི་ཕྱིར་ཏེ། སྐུ་ཚེའི་ཚད་འོག་ཏུ་བཤད་པའི་ཕྱིར་རོ། །ཕྱག་གཡས་འོད་ཟེར་ལས་སྤྲུལ་སོགས་ཀྱི་སྐབས། སྤྱིར་འཕགས་པ་སྤྱན་རས་གཟིགས་ཉིད་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་འཁོར་དུ་བཤད་པ་དང་སྤྲུལ་པར་བཤད་པ་སོགས་བཤད་ཚུལ་དུ་མ་ཡོད་ཀྱང༌། དོན་ལ་འགལ་བ་མེད་དོ། །སོར་ཕྲེང་གིས་ཞུས་པའི་མདོ་ལས། །དེ་བཞིན་གཤེགས་ཀྱིས་སྒྱུ་མ་སྤྲུལ་བ་ནི། །སེམས་ཅན་མང་པོ་དག་གིས་མི་ཤེས་ཏེ། །སངས་རྒྱས་སྒྱུ་མའི་རྒྱལ་པོའི་སྐུ་ཆེ་ཞིང༌། །དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ་མངའ་འོ། །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་ཉིད་སྐུ་ཐ་དད་པ་དང༌། གདུང་ཐ་དད་པ་དང༌། མཚན་ཐ་དད་དུ་སྣང་བའི་ཕྱིར་རོ། །འདི་གཞན་འགའ་ལའང་མཚུངས་སོ།། ༈ །སྟོང་གསུམ་འཇིག་རྟེན་རབ་འབྱམས་སོགས་སྐབས། མགོན་པོ་འོད་དཔག་མེད་ཀྱི་མཚན་ཐོས་པ་ཙམ་ལའང་བསོད་ནམས་དེ་ཙམ་དུ་འབྱུང་བའི་རྒྱུ་མཚན་ནི། མཚན་དེ་ཉིད་དེ་བཞིན་གཤེགས་པའི་སྨོན་ལམ་དང༌།


LT17_Page_238
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དང༌། ཏིང་འཛིན་དང༌། མངོན་པར་ཤེས་པའི་སྟོབས་ཀྱིས་བྱིན་གྱིས་རླབས་པའི་མཐུ་ཁྱད་པར་ཅན་དུ་གྱུར་པའི་ཕྱིར་དང༌། དེ་ཉན་པ་པོས་དད་པའི་བློས་མཉན་ན་ངོ་བོ་ཉིད་ཀྱི་དགེ་བ་དང༌། ཀུན་སློང་གི་དགེ་བ་དང༌། མཚུངས་ལྡན་གྱི་དགེ་བར་ཡང་འགྱུར་བའི་ཕྱིར་རོ། །དེ་གལ་ཏེ་བྱང་ཆུབ་སེམས་ཀྱིས་ཟིན་ན་ནི་ཉན་རང་གི་དགེ་བ་ཐམས་ཅད་ཟིལ་གྱིས་གནོན་ཏོ། ༈ །མཆོད་པའི་སྐབས། ལར་མཆོད་པ་ཞེས་བྱ་བ་ངོ་བོ་མ་ཆགས་པ་ཀུན་སློང་སེམས་པ་དང་མཚུངས་པར་ལྡན་པ་ལུས་ངག་གི་རྣམ་རིག་དང་བཅས་པ་ཡིན་ལ། མ་ཆགས་པའི་བསམ་པ་དགེ་བ་མེད་བཞིན་དུ་ནོར་ཆེན་པོ་ཕུག་ཏུ་སྦས། ཕྲན་ཚེགས་ཀྱིས་མཆོད་ཁྲལ་འཇལ། བཟང་པོ་རང་གིས་སྤྱད། ངན་དགུས་དཀོན་མཆོག་གསུམ་བསླུ་རྩིས་བྱས་པས་མི་ཡོང་སྟེ། པུ་ཏོ་བའི་ཞལ་ནས། སྤང་སྤོས་སྣ་ཚ་ཏིང་ངེ་བར་ཐབ་ཏུ་འདེབས་ནས། ཙན་དན་ཨ་ཀ་རུ་སོགས་སྦྱར་བའི་སྤོས། །ཞེས་ལོང་བས་མིག་ལྡན་ལ་རྫུན་གཏོང་བ་མཚར་ཞེས་གསུངས་པ་ལྟར་ཡིན་ནོ། ༈ །བཤགས་པའི་སྐབས། ཕ་མས་ཐོག་དྲངས་ཞེས་པ་ཚེ་འདིའི་ཕ་མའི་དབང་དུ་མཛད་ཀྱི། ཕ་མར་གྱུར་མྱོང་གི་དབང་དུ་མཛད་པ་མིན་ཏེ། ཡིན་ན་བདག་སོགས་འགྲོ་ཀུན་གྱི་ཞེས་པ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །མི་དགེ་བའི་ངོ་བོ་ནི། ངོ་ཚ་མེད་པ་དང༌། ཁྲེལ་མེད་གཉིས་དང༌། དེ་དང་མཚུངས་པར་ལྡན་པ་དང༌། དེས་ཀུན་ནས་བསླང་བ་རྣམས་ཡིན་ལ། དབྱེ་ན་སྤྱིར་རྣམ་གྲངས་ཚད་མེད་


LT17_Page_239
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆེ་ལོང་ཙམ་བསྡུས་ནས་མི་དགེ་བ་བཅུར་བཤད་དོ། །དེ་དག་ཆེ་ལོང་ཙམ་ཡིན་པའི་རྒྱུ་མཚན་ནི། ལུས་ངག་གི་མི་དགེ་བདུན་གྱི་སྦྱོར་མཇུག་སོགས་འདི་དག་ཏུ་མ་བསྡུས་པའི་ཕྱིར་རོ། །འོན་ཀྱང༌། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པ་ལྟར་བཅུར་བཤད་དོ། །མཚམས་མེད་ལྔ་བརྩི་བའི་སྐབས། ཕ་བསད་པ། མ་བསད་པ། སློབ་དཔོན་དགྲ་བཅོམ་བསད་པ་སྟེ་གསུམ་དང༌། རྒྱལ་བའི་ཡེ་ཤེས་ཆོས་སྐུ་ལ་ཁྲག་བྱུང་བ་དགེ་འདུན་འཁོར་ལོའི་དབྱེན་དང༌། གཟུགས་སྐུ་ལ་ཁྲག་བྱུང་བ་ནི། སངས་རྒྱས་སྤྲུལ་པའི་སྐུ་ལ་མཚོན་གྱིས་རྨས་པ་སོགས་ཏེ་འདི་ལྟར་བཞག་ན་རུང་གི་གཞན་དུ་ན་གཞུང་ལུགས་མང་པོ་དང་མི་འགྲིགས་སོ། །སློབ་དཔོན་དགྲ་བཅོམ་པ་ཞེས་པ་དགྲ་བཅོམ་ཀྱང་ཡིན་ལ་རང་གི་སློ་དཔོན་ཡང་ཡིན་པའི་གཞི་མཐུན་པ་ཞིག་དགོས་ཟེར་བ་མིན་གྱི། སྤྱིར་དགྲ་བཅོམ་རྣམས་ཆོས་ཀྱི་སློབ་དཔོན་ཡིན་པ་ལ་གོ་རྒྱུ་ཡིན། །དེ་ནས་ཉེ་བའི་མཚམས་མེད་བརྩི་བ་ནི། དགེ་སློང་དགེ་ཚུལ་བསད་དང་ཞེས་པ་བྱང་སེམས་ངེས་གནས་དང༌། ཐེག་དམན་སློབ་པ་འཕགས་པ་གཉིས་གང་རུང་ཡིན་པའི་དགེ་སློང་དགེ་ཚུལ་ལ་བྱ་དགོས་ཀྱི། དེ་ལྟ་མིན་ན་ལུང་དང་འགལ་ལོ། །དགེ་སློང་དགེ་ཚུལ་སྨོས་པ་ནི་མཚོན་པའི་སྒོ་ཙམ་སྟེ། གོང་གི་གཉིས་པོ་གང་རུང་ཞིག་ཡིན་ན་རབ་བྱུང་མིན་ཀྱང་འདིའི་གྲངས་སུ་བསྡུ་དགོས་སོ། །མཚོན་སྒོ་ཙམ་སྨོས་པས་གཞན་འགའ་ཞིག་ཀྱང་ཞར་ལ་གོ་དགོས་པ་ཡོད་དེ། དཔེར་ན་


LT17_Page_240
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཞི་བ་ལྷས། བསྡུས་འཇོམས་རིས་འཇོམས་སྐྲག་པ་དག །སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང༌། །ཞེས་པ་བཞིན་ནོ། །བཙུན་མ་ཕབ་ཅེས་པའང༌། བཙུན་མ་ཙམ་མིན་གྱི་མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པའི་གཞི་མཐུན་པ་ཞིག་སུན་བྱུང་བ་དེ་ཡིན་ནོ། །དེ་ནས་སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིག་པ་སོགས་ཞེས་པ་ནི། མཆོད་རྟེན་བཤིག་པ་ཕྱོགས་མཐུན་དང་བཅས་པའོ། །སོགས་ཀྱི་སྒྲས་དགེ་འདུན་གྱི་འདུ་སྒོ་ཕྲོགས་པ་བསྟན་ཏོ། །ཁམས་གསུམ་སེམས་ཅན་བསད་ལས་སོགས་ཀྱི་སྐབས། བྱང་ཆུབ་སེམས་དཔས་ཁམས་གསུམ་གྱི་སེམས་ཅན་ལམ་ལ་མ་ཞུགས་པ་རྣམས་བསད་ཀྱང་དེའི་དགེ་རྩ་འཆད་པ་དང༌། གོ་ཆ་གཞི་ནས་བགོ་བ་མི་དགོས་ཀྱི། བྱང་ཆུབ་སེམས་དཔའ་ལ་ཁྲོས་ཤིང་ཚིག་བརླང་པོ་བརྗོད་ན་བྱང་ཆུབ་སེམས་དང་ཡོངས་སུ་བསྔོ་བས་ཟིན་ཀྱང་རུང་མ་ཟིན་ཀྱང་རུང་སྟེ་དགེ་བའི་རྩ་བ་སྔར་བསགས་པ་རྣམས་འཇོམས་ཤིང༌། ཁྲོ་བའི་ཡུལ་ལུང་བསྟན་ཐོབ་པ་ཞིག་ཡིན་ན་ཁྲོ་བ་པོས་གོ་ཆ་གཞི་ནས་བགོ་དགོས་ཏེ། སྒོ་གཉིས་པོ་དེ་ལ་དགོངས་སོ། །དགེ་བའི་ཕན་ཡོན་སོགས་ཀྱི་སྐབས། ཚེ་སྔ་ཕྱི་ལས་རྒྱུ་འབྲས་སོགས་མི་བདེན་ཏེ་མེད་དོ་སྙམ་པའི་ལོག་ལྟ་དེ་མཚམས་མེད་པའི་ལས་ལྔ་བས་ཀྱང་ཐུ་བར་བཤད་པ་ནི། དགེ་རྩ་འཆད་པའི་སྒོ་ནས་ཡིན་གྱི་རྣམ་སྨིན་གྱི་སྒོ་ནས་མཚམས་མེད་པ་ལས་ཐུ་བ་ཙམ་མིན་ནོ། །ཐར་མེད་ཅེས་པ་ནི་དམན་ལ་དགག་སྒྲ་སྦྱར་ནས་བསྐལ་པ་ཤིན་ཏུ་མང་པོར་ངན་སོང་ལས་མི་ཐར་བ་ལ་བྱ་ཡི་


LT17_Page_241
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གཏན་ཆད་འདོད་པ་ནི་མིན་ནོ། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས་ཞེས་པ་ལ། ངོ་ཚ་ནི་བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་སྡིག་པ་ལ་འཛེམ་པ་སྟེ། བདག་འཕགས་པ་རྣམས་ཀྱི་རྟགས་ངུར་སྨྲིག་གི་རྒྱལ་མཚན་ཅན་ཡིན་ན། བདག་གིས་ཁ་ན་མ་ཐོ་བ་བགྱིད་དུ་ག་ལ་རུང་སྙམ་པ་སོགས། ལས་འདི་ནི་དམ་པའི་ཆོས་དང་འགལ་ཏེ། འདི་འདྲ་དག་བྱེད་ན་འབྲས་བུ་ངན་སོང་དུ་མཆིའོ། །ཞེས་དེ་བཞིན་གཤེགས་པས་གསུངས་སོ་སྙམ་དུ་སྡིག་ལ་འཛེམ་པའོ། །འདི་འཇིགས་སྐྲག་ཅེས་པ་ནི། ཁྲེལ་ཡོད་པ་སྟེ། དེ་འཇིག་རྟེན་གྱི་དབང་དུ་བྱས་ནས་ཉེས་པ་ལ་འཇིགས་པའོ་ཞེས། ཕུང་ལྔའི་རབ་བྱེད་ཀྱི་ཊིག་དག་ཏུ་བཤད་དེ། དོན་ནི་གང་དག་གིས་ལས་འདི་ལྟ་བུ་བྱས་པ་འཇིག་རྟེན་གྱི་སྐྱེ་བོ་ཡ་རབས་རྣམས་ཀྱིས་ཐོས་ནས་དེ་ལ་སྨད་པ་དང༌། འཕྱ་བར་བྱས་པ་ག་གེ་མོ་ཞིག་བདག་གིས་ཤེས་ཏེ། ད་བདག་གིས་ཀྱང་འདི་བྱས་ན་གཞན་དག་གིས་སྨོད་པར་འགྱུར་རོ་སྙམ་དུ་སྐྲག་པའོ། །གཞན་ཡང་སྐྱེས་རབས་ལས། མ་མཐོང་བཞིན་དུ་སྡིག་པ་བྱས་ན་ཡང༌། །དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གིས། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་པ་ལྟར་ལས་འདི་བྱས་ན་འཕགས་པ་རྣམས་དང་ལྷ་རྣམས་ཀྱིས་ཁྲེལ་དུ་འོང་ངོ་སྙམ་ནས་འཇིགས་ཤིང་སྐྲག་པའམ་ཁྲེལ་ཡོད་ཡིན་ནོ། །འགྱོད་པ་ལ་སྤྱིར་དགེ་མི་དགེ་ལུང་མ་བསྟན་དུ་མ་ཡོད་ཀྱང༌། འདི་ནི་མི་དགེ་བ་ལ་ངན་


LT17_Page_242
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པའི་དངོས་པོར་ཤེས་ཏེ་ཡིད་ལ་བཅག་པའི་རྣམ་པ་དེ་ཡིན་ནོ། ༈ །ཡི་རང་སྐབས། དེའི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་པ་ནི། ཡི་རང་གི་ཡུལ་དང་ཡི་རང་བྱེད་པ་པོ་གཉིས་རྒྱུད་ཚོད་མཚུངས་པའི་དབང་དུ་མཛད་ལ། གཞན་དུ་ན། ཡི་རང་དང་ཡི་རང་གི་ཡུལ་གཉིས་ལས་ཡི་རང་བསོད་ནམས་ལྷག་པ་བྱང་ཆུབ་སེམས་དཔས་ཉན་རང་གི་དགེ་བ་ལ་ཡི་རང་བ་ལྟ་བུ་དང༌། ཡི་རང་གི་ཡུལ་གྱི་བསོད་ནམས་ལྷག་པ་སོ་སོའི་སྐྱེ་བོས་སངས་རྒྱས་འཕགས་པའི་དགེ་ཚོགས་ལ་ཡི་རང་བ་ལྟ་བུ་མང་དུ་ཡོད་དོ། ༈། གསོལ་གདབ་སྐབས། ཆོས་ཀྱི་འཁོར་ལོ་ལ་བཞེད་ཚུལ་མང་ཡང་འདིར་མཐོང་སྒོམ་མི་སློབ་ལམ་རྣམས་ཡིན་ལ། དེ་ཉིད་དེ་བཞིན་གཤེགས་པས་ཆོས་བསྟན་པ་ལ་བསྟེན་ནས་གདུལ་བྱའི་རྒྱུད་ལ་མངོན་དུ་སྣང་བར་བྱས་པ་ནི་ཆོས་འཁོར་བསྐོར་བ་ཡིན་ལ། དེ་དོན་དུ་གཉེར་བའི་འདུན་པ་ཤུགས་དྲག་ཏུ་སྐྱེད་པ་ནི་ཆོས་འཁོར་བསྐོར་བར་བསྐུལ་བའམ་གསོལ་བ་གདབ་པ་ཡིན་ནོ། ༈ །བཞུགས་གསོལ་སྐབས། ལྷག་བཅས་ཀྱི་ས་ནས་ལྷག་མེད་ཀྱི་དབྱིངས་སུ་ཞུགས་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ། ལྷག་མ་ཞེས་བྱ་བ་ནི། ཉེར་ལེན་གྱི་ཕུང་པོ་ལ་གདམས་པ་སྤྱིར་བཏང་ཡིན་ཞིང༌། སངས་རྒྱས་འཕགས་པ་ནི་ཉེར་ལེན་གྱི་ཕུང་པོ་མི་མངའ་མོད་ཀྱི་ཚུར་མཐོང་གི་སྣང་ངོར་སྐྱེ་བ་དང༌། འཆི་བ་ལྟར་སྟོན་པའི་ཚུལ་དབང་བཙན་དུ་བྱས་ནས། ཞིང་འགའ་ཞིག་ཏུ་གཟུགས་སྐུའི་རྣམ་རོལ་བསྡུས་པ་ཙམ་ལ་དེ་སྐད་ཅེས་བཏགས་


LT17_Page_243
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བློ་ལྡན་རྣམས་ཀྱིས་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་སྲས་དང་སློབ་མར་བཅས་པ་ཡུན་རིང་དུ་བཞུགས་པར་གསོལ་བ་གདབ་པ་སྟེ། ངོ་བོ་ནི་འདུན་པ་ཡིན་ནོ། །བསྔོ་བ་ཁྱད་ཆོས་དྲུག་ལྡན་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ། དགེ་བའི་རྩ་བ་ཐམས་ཅད་བསྔོ་བ། སངས་རྒྱས་ཀྱི་སར་བསྔོ་བ། བདེན་མེད་རྟོགས་པས་ཟིན་པ། ངོ་བོ་འདུན་པས་བསྡུས་པ། དགེ་བ་གོང་འཕེལ་བྱེད་པ་རྣམས་སོ། ༈ །དེ་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གསུམ་པ་བཤད་པའི་སྐབས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚུལ་བཤད་པ་ནི། འཁོར་བའི་ཉེས་དམིགས་སྨོས་པའི་རྒྱུ་མཚན། ཇོ་བོ་བཀའ་གདམས་པའི་མན་ངག་ཏུ། འོ་སྐོལ་སེམས་ཅན་མ་བསྒྲལ་བ་བསྒྲལ་ལོ་ཞེས་དམ་བཅའ་ཧ་ཅང་ཆེས་ཏེ། རང་ཉིད་འཁོར་བ་ལ་གཞལ་ཡས་ཁང་དུ་མཐོང་བ་འདི་འདྲས་མི་ལྟོ་གསུངས་པ་དང༌། ཡང་སྐབས་འདི་ཉིད་དུ་མི་རྟག་པ་བསྒོམ་ཚུལ་བསྟན་པའང༌། དཔེ་ཆོས་སུ། བྱང་ཆུབ་སེམས་དཔའ་གཞན་དོན་བྱེད་པ་པོ་དེ། བློ་སྣ་ཐུང་སྤུད་དེ། ཤེས་པ་ཙབ་ལིང་བ་ཞིག་དགོས་གསུངས་པ་ལྟར་ཡིན་ནོ། །དེའི་གནད་ཀ་ཅི་ཡིན་ན་བྱང་ཆུབ་མཆོག་གི་སེམས་སྐྱེ་བ་ལ་རྩ་བ་སྙིང་རྗེ་ཆེན་པོ་ཡོད་དགོས། དེ་རྒྱུ་ལ་སྐྱེ་བ་ལ་སེམས་ཅན་ཡིད་འོང་གི་རྣམ་པར་འཆར་བ་ཞིག་དང༌། དེ་དག་སྡུག་བསྔལ་བའི་རྣམ་པ་ཅན་དུ་ཤེས་པ་གཉིས་གལ་ཆེ། དེ་ལས་སྔ་མ་ནི། བདག་དང་བདག་ལ་འབྲེལ་ཐོགས་


LT17_Page_244
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཞེས་པའི་སྐབས་སུ་བསྟན་ཏེ། བདག་དང་སེམས་ཅན་གཞན་རྣམས་ཀུན། །ཞེས་མ་གསུངས་པའི་རྒྱུ་མཚན་སེམས་ཅན་གཞན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་འོ་སྐོལ་ལ་བྱམས་པའི་དྲིན་གྱིས་འབྲེལ་བ་མ་ཐོགས་པ་མེད་དོ་ཞེས་ཚིག་གི་རོ་ནུས་བཏོན་པའི་ཕྱིར་རོ། །ཕྱི་མ་ནི། ཐོག་མ་མེད་ནས་ད་ལྟའི་བར། །སོགས་ཀྱིས་བསྟན་ཏེ། འཁོར་བའི་སྡུག་བསྔལ་གྱིས་མནར་ཡུན་རིང་བ་དང༌། འཁོར་བའི་བདེ་བ་ལ་ཡིད་རྟོན་མེད་པ་དང༌། འཁོར་བ་ངན་སོང་གི་སྡུག་བསྔལ་དོས་དྲག་པ་ལ་སོགས་པས་བསྟན་པའོ། །དེས་ན་འཆི་བ་མི་རྟག་པའང་འགྱུར་བའི་སྡུག་བསྔལ་སྟོན་པའི་ཕྱིར་ཡིན་ནོ། །དེ་སྐབས། ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །སོགས་ཀྱི་སྐབས། བདེན་པར་མ་གྲུབ་ཤེས་པར་ཤོག །ཞེས་པ་དེ་ནི་རྟོག་པས་བཞག་པ་མ་གཏོགས་པ་རང་བཞིན་གྱིས་གྲུབ་པ་མེད་དོ་སོགས་ཀྱི་དོན་དུ་མི་བྱ་སྟེ། དེ་འདྲ་ནི་འདིའི་སྐབས་སུ་མ་བབས་པའི་ཕྱིར་རོ། །དེས་ན་འདི་ནི་དཔེར་ན། མི་དེའི་གཏམ་མི་བདེན་ཟེར་བ་དེ་གཏམ་དེས་ཕུགས་མི་ཐུབ་པ་ཞིག་ལ་གོ་རྒྱུ་ཡིན་པ་ལྟར། ཚེ་འདིའི་གནས་ཁང་ཡོ་བྱད་འཁོར་འབང་སོགས་ཅི་ཙམ་ཡོད་ཀྱང་འཆི་དུས་རྗེས་སུ་མི་འབྲང་བའི་ཕྱིར། དེ་དག་གིས་ནི་མཐའ་མི་ཐོན་ནོ། །ཞེས་པའི་དོན་དུ་བཤད་དགོས་སོ། །དེ་མན་ཆད་ཀྱི་འབྲུ་ནོན་ཞིང་བཀོད་སོགས་ནི་གོ་སླ་ཞིང༌། རྒྱ་ཆེར་དཀོན་མཆོག་བརྩེགས་པའི་མདོར་བལྟ་དགོས་པས་མ་བྲིས་སོ། །སྤོས་ཆུའི་ཆུ་ཀླུང་ཡན་ལག་


LT17_Page_245
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལྡན་མང༌། །ཞེས་པའི་ཡན་ལག་བརྒྱད་ནི། བསིལ་བ། འཇམ་པ། རོ་ཞིམ་པ། སྲང་ལ་གཞལ་ན་ཡང་བ། རྙོགས་པ་དྭངས་པ། སྲོག་ཆགས་སོགས་ཀྱི་དྲི་མ་མེད་པ། འཐུང་ན་མགྲིན་པ་ལ་བྱམས་པ། ལྟོ་བ་ལ་ནད་ཀྱི་རྒྱུར་མི་འགྱུར་བའི་གནོད་པ་མེད་པ་རྣམས་སོ། །རིན་ཆེན་སྣ་བདུན་ཐེམ་སྐས་ཞེས་པའི་རིན་ཆེན་སྣ་བདུན་ནི། གསེར། དངུལ། ཤེལ། མུ་ཏིག་དམར་པོ། ། རྡོའི་སྙིང་པོ། སྤུག་རྣམས་སོ། །དེའི་འོག་ཏུ་མེ་ཏོག་པདྨ་ཞེས་པ་འདི་ཟློས་པར་མི་འགྱུར་རམ། མེ་ཏོག་སྨོས་པས་ཆོག་པའི་ཕྱིར་ཞེ་ན། མེ་ཏོག་ཡིན་ན་པདྨ་ཡིན་པས་ཁྱབ་པ་མེད་དེ། ཀུ་མུ་ད་བཞིན་ནོ། །དེ་སྐད་དུ་སྤྱོད་འཇུག་ལས། མེ་ཏོག་མནྡ་ར་དང་པདྨ་དང༌། །ཞེས་སོགས་བཤད་པ་བཞིན་ཏེ། པདྨ་ནི་ཟླ་འོད་ཀྱིས་ཁ་ཟུམ་ཞིང་ཉི་མས་འབྱེད་པ། མེ་ཏོག་གི་ནང་ན་ཉི་འོད་ཀྱིས་ཟུམ་ནས་ཟླ་བས་འབྱེད་པའང་ཡོད་པའི་ཕྱིར་རོ། །འདི་ལ་དོན་ཆུང་ཡང་བླུན་པོ་ཁ་ཅིག་གིས་གཡར་ཚ་བའི་རྩོད་པ་དེ་ལྟ་བུའང་བཀོད་དེ། དེའི་ཕྱིར་ཡིན་ནོ། ༈། མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཞེས་པ་ལ། མངོན་ཤེས་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་མངོན་སུམ་གྱི་བློ་མ་འཁྲུལ་བ་ཡིན་ལ། དབྱེ་ན་དྲུག་སྟེ། ནམ་མཁར་འགྲོ་བ་སོགས་བྱེད་པ་རྫུ་འཕྲུལ་གྱི་མངོན་ཤེས་དང༌། ཐག་རིང་ཐུང་གི་སྒྲ་ཐོས་པ་ལྷའི་རྣ་བའི་དང༌། འཇིག་རྟེན་གྱི་ཁམས་ཀྱི་གཟུགས་ཉེ་རིང་མཐོང་ཞིང་སེམས་ཅན་གྱི་འཆི་འཕོ་ཤེས་ཤིང་སྐྱེ་བ་ཤེས་པ་ལྷའི་མིག་དང༌། ཚེ་རབས་སྔ་མ་


LT17_Page_246
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་དྲན་པ་སྔོན་གནས་རྗེས་དྲན་གྱི་དང༌། ཕ་རོལ་གྱི་སེམས་ཤེས་པའི་དང༌། རང་གཞན་གྱི་རྒྱུད་ཟག་པ་ཉོན་མོངས་དང་བྲལ་མ་བྲལ་ཤེས་པ་ཟག་ཟད་ཀྱི་སྟེ་དྲུག་གོ །དེའང་ནམ་མཁར་འགྲོ་བ་ཁོ་རང་རྫུ་འཕྲུལ་གྱི་མངོན་ཤེས་མིན་གྱི། དེ་ལྟར་ནུས་པའི་བློ་གོང་སྨོས་དེ་ཡིན་ནོ། །འདི་གཞན་ལྔ་ལའང་སྦྱར་རོ། །སྤྱན་ལྔ་ནི། ཏིང་ངེ་འཛིན་ལས་སྐྱེས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ལ། དབྱེ་ན་ལྔ། གཟུགས་ཕྲ་རགས་མང་པོ་ཤེས་པ་ཤའི་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་ལྷའི་དང༌། བདག་མེད་མངོན་སུམ་དུ་རྟོགས་པ་ཤེས་རབ་ཀྱི་དང༌། རང་གཞན་དབང་པོ་རྣོ་རྟུལ་ཤེས་པ་ཆོས་ཀྱི་དང༌། རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་སྤྱན་ནོ། །དེ་ལྟར་རྣམ་བཞག་རགས་པ་བརྗོད་ནས། ད་ནས་ཀུན་ལ་མངའ་ཞེས་པ་དཔྱད་དེ། མངོན་ཤེས་དྲུག་ཀ་བདེ་བ་ཅན་པ་རྣམས་ལ་ཡོད་དེ། དེ་ནི་ཀུན་ཤེས་པའི་དབང་པོ་མཐོང་ངམ་མ་ཐོབ་པ་མེད་པའི་ཕྱིར་རོ། །དེ་ལྟ་ནའང་འདིར་བཤད་པའི་དོན་ནི་དཔྱད་པར་བྱ་བ་ཞིག་སྟེ། ཁོ་བོས་ནི་རྔོ་མ་ཐོགས་སོ། །སྤྱན་ལྔ་ཡོངས་སུ་རྫོགས་པ་ནི། དེ་བཞིན་གཤེགས་པ་ལ་མ་གཏོགས་མེད་དེ། སངས་རྒྱས་འཕགས་པ་ཁྱད་པར་བྱེད་པའི་ཆོས་ཐུན་མོང་མ་ཡིན་པ་ནི་སངས་རྒྱས་ཀྱི་སྤྱན་ཡིན་པའི་ཕྱིར་ཏེ། དེ་ཡོད་ཕན་ཆད་སངས་རྒྱས་འཕགས་པ་ཁོ་ན་ཡིན་ནོ། །དེ་ཉིད་སངས་རྒྱས་འོད་དཔག་མེད་པའི་སྨོན་ལམ་གྱི་མཐུ་ཡིན་ནོ་ཞེས་ཀྱང་མི་རུང་སྟེ། དེ་ལྟ་ན་ཞིང་དེར་བྱང་སེམས་འཕགས་པ་གཅིག་ཀྱང་མེད་དོ་ཞེས་སྨྲ་བར་འགྱུར་རོ། །ལུང་དང་ཡང་མི་འགལ་ཏེ། འོད་མདོ་ལས་ནི་སངས་རྒྱས་སྤྱན་བསྒྲུབ་པའི་ཕ་རོལ་ཏུ་


LT17_Page_247
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཤ་སྟག་ཏུ་བཤད་དོ། །འོ་ན་འདི་ལ་མཁས་གྲུབ་ཨ་རཱ་ག་འཁྲུལ་ལམ་ཞེ་ན་ག་ལ་ཡིན་ཏེ། འདི་ནི། དཔེར་ན་རྒྱལ་པོས་སྦྱིན་པར་དམ་བཅས་ཤིང༌། རྒྱལ་པོའི་ནོར་རང་ལ་ཐོབ་ངེས་པ་དེའི་ཚེ་ད་ང་ལ་ནོར་དེ་ཐོབ་བོ་ཞེས་འཛེར་ཏེ། དེ་ནོར་ཐོབ་པ་དངོས་མིན་ཀྱང་ཐོབ་པའམ་རྙེད་པ་ལས་མི་ལྡོག་པས་ཐོབ་པ་དང་འདྲ་བ་ལ་བསམ་ནས་སྨྲ་རུང་བ་བཞིན་དུ། ཞིང་དེའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པ་ཤ་སྟག་ཡིན་པའི་རྒྱུ་མཚན་གྱིས་བྱང་ཆུབ་ཆེན་པོ་ཐོབ་མ་རག་པ་ལ་དགོངས་པ་སྟེ། ཐོབ་པ་དང་འདྲ་བའོ། །དེ་མན་ཆད་ནི་གོ་སླའོ། །དེ་ལྟར་ན། འདི་ནས་ཉི་མ་ནས་སེར་ལྟེམ་མེ་ཞེས་པའི་བར་གྱིས་ཞིང་ཁམས་བརྟེན་པ་དང་བཅས་པ་ཡིད་ལ་བྱ་བ་བསྟན་ཞིང༌། མོས་གུས་ཕྱག་ལ་སོགས་ནས་འགྲུབ་པར་ཤོག་བར་གྱིས་དགེ་བའི་རྩ་བ་དཔག་ཏུ་མེད་པ་སྒོ་དུ་མ་ནས་གསོག་ཚུལ་བསྟན་ལ། བདག་དང་བདག་ལ་ནས་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག་གི་བར་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དགེ་བ་ཅི་བསགས་ཞིང་ཁམས་སྦྱོང་བའི་རྒྱུར་བསྔོ་བ་གཉིས་མཉམ་དུ་བཤད་པས། གཞུང་འདིའི་བསྟན་དོན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཡིན་ནོ། །དེའང་བསྔོ་བ་ནི། དགེ་རྩ་བློ་ཡུལ་དུ་བྱས་ནས་དེ་ཉིད་རང་གིས་འདོད་པའི་འབྲས་བུའི་རྒྱུར་འདུན་པས་བསྒྱུར་བ་ལ་བྱ་ཞིང༌། འདིར་དགེ་རྩ་ལ་སྔོན་དུ་དམིགས་པ་དངོས་སུ་མ་བཤད་མོད། འོན་ཀྱང་འདུན་པ་དེ་ལྟ་བུས་ཟིན་ན་བསྔོ་བར་འགྲོའོ། །བདེ་སྨོན་གཞུང་གི་ཟིན་ཐོ་འདིའང་རྗེ་བཙུན་བླ་མ་ཛྙཱ་ནའི་མཚན་ཅན་


LT17_Page_248
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཞེད་སྐོང་དུ་གཞོན་ནུ་འཇིགས་མེད་པས་གང་དྲན་བྲིས་པ་དགེ་བར་གྱུར་ཅིག །མངྒ་ལམ། །།

བདེ་ཆེན་ཞིང་ཐང་འབྲི་ཚུལ།

༈ བདེ་ལེགས་སྣང་བ་སྟོང་བརྡལ་བདེ་ཆེན་ཞིང༌། །འཕགས་ཚོགས་རྒྱ་མཚོར་བཅས་པའི་སྣང་བརྙན་གཟུགས། །ངོ་མཚར་རི་མོའི་ལམ་དུ་བཀོད་པའི་ཚུལ། །རྗོད་བྱེད་ཚིག་ཕྲེང་གསར་པ་བསྟར་ལ་རིངས། །དེ་ལ་ཞིང་ཁམས་ཀྱི་དབུས་སུ་བྱང་ཆུབ་ཀྱི་ཤིང་ཡལ་འདབ་དང་ལོ་མ་དང༌། འབྲས་བུ་དང་མེ་ཏོག་ཕུན་སུམ་ཚོགས་པ་རིན་པོ་ཆེའི་དྲིལ་གཡེར་དང་གསེར་གྱི་སྐུད་པའི་འཕྱང་འཕྲུལ་ཅན། དེའི་དྲུང་ན་མགོན་པོ་འོད་དཔག་མེད་སེང་གེའི་ཁྲི་ལ་བཞུགས་པ། དེའི་གཡས་གཡོན་ན་སེམས་དཔའ་མཆོག་གཉིས། མདུན་ངོས་སུ་བྱང་ཆུབ་སེམས་དཔའི་དགེ་སློང་འཕགས་པ་གསེར་ལྟར་དྲི་མ་མེད་ཅིང་དུལ་བའི་ངང་ཚུལ་ཅན་ཤིན་ཏུ་མང་པོ། གཙོ་བོའི་མདུན་དུ་རྫིང་བུ་དྭངས་ལ་གསལ་བའི་ནང་ན་པདྨ་སྡོང་པོ་ཀུན་ནས་མཛེས་པའི་སྟེང་མཆོད་པའི་རྫས་སྣ་ཚོགས་བཀོད་པ་བྲིས་ན་མཛེས་པར་སྣང༌། ཞིང་གི་མཐའ་སྐོར་དུ་རིན་པོ་ཆེའི་ཤིང་ལྗོན་པ་རིམ་གསུམ་གྱིས་བསྐོར་བ། ནགས་ཚལ་གྱི་ནང་ནས་གཞལ་མེད་ཁང་ཕྱེད་ཙམ་སྣང་བ་དང༌། རྫོགས་པར་སྣང་བ་དུ་མའི་ནང་ན་མལ་སྟན་གྱ་ནོམ་པ་སྔས་ཁྲ་བོ་ཅན་བཀྲམ་པ་ལ་བྱང་ཆུབ་སེམས་དཔའ་མང་པོ་འདུག་པ། དེ་དག་གི་བར་མཚམས་ཅི་རིགས་པར་ཁྲུས་ཀྱི་རྫིང་བུ་མེ་ཏོག་གིས་ཁེབས་པ་གང་མང༌། མེ་ཏོག་གི་སྦུབས་ན་བྱང་ཆུབ་སེམས་དཔའ་རྫུས་ཏེ་སྐྱེ་བ་མང་པོ་ལག་མཐིལ་ནས་མཆོད་སྤྲིན་འབྱུང་བཞིན་སྣང་བ། སྟེང་གི་བར་སྣང་ལ་བདེ་བར་གཤེགས་པའི་


LT17_Page_249
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྣང་དུ་མར་བྱང་ཆུབ་སེམས་དཔའ་མང་པོ་རྫུ་འཕྲུལ་གྱིས་རྒྱུ་ཞིང་ལག་མཐིལ་ནས་འབྱུང་བའི་མཆོད་སྤྲིན་སྤྲོ་བ། དེའི་སྟེང་གི་ནམ་མཁར་སྤྲིན་ཁ་དོག་སྣ་ཚོགས་པའི་སྦུབས་ན་མཆོད་པའི་ལྷ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་པ་དང༌། རིན་པོ་ཆེའི་ཕྲེང་བ་འཛིན་པ་དང༌། སྤོས་ཕོར་འཛིན་པ་དང༌། བདུད་རྩིའི་ཆུ་རྒྱུན་སྦྲེང་བ་སོགས་ཀྱིས་མཛེས་པར་བྱས་ན་ལེགས་པར་མངོན་ལགས། བཛྲ་ནཱ་ཐའི་དགྱེས་སྐོང་དུ། །གང་དྲན་ཅ་ལེ་ཅོ་ལེར་བྲིས། །རྣམ་དཔྱོད་ཞིབ་མོས་ལེགས་དཔྱད་ན། །མདོ་སྡེའི་དགོངས་པར་འདི་ཉེའོ།། ༈ །།སྐལ་བཟང་སྐྱེ་དགུའི་ལེགས་བྱས་རས་གཞིའི་ངོས། །ཕུལ་བྱུང་བདེ་ཆེན་ཞིང་གི་རི་མོའི་དཔལ། །སྨོན་ལམ་པིར་གྱིས་བྲིས་པའི་འོད་མཛད་ལྷ། །མཚན་ཐོས་ངན་འགྲོའི་འཇིགས་འཕྲོགས་དེ་ལ་འདུད། །བདེ་ཆེན་ཞིང་ཐང་འདྲི་ཚུལ་དབུས་སུ་བྱང་ཆུབ་ཀྱི་ཤིང་དབྱིབས་ལེགས་ཤིང་ལོ་འབྲས་མེ་ཏོག་གི་མདོག་སྣ་ཚོགས་སུ་བཀྲ་བ་རིན་པོ་ཆེ་དང་དྲིལ་བུ་གཡེར་ཁའི་དྲ་བ་སོགས་རྒྱན་སྣ་ཚོགས་འཕྱང་བའི་དྲུང་དུ་གཞལ་མེད་ཁང་ཡངས་ཤིང་བཀོད་ལེགས་པའི་དབུས་ན་འོད་དཔག་མེད་མཛེས་ཤིང་བརྗིད་ཆགས་ལ་ཞི་བའི་སྐུ་ཅན་སེང་གེའི་ཁྲི་ལ་བཞུགས་པ་སྤྱི་འགྲོ་ལྟར་དང༌། དེའི་གཡས་གཡོན་དུ་སྲས་ཀྱི་ཐུ་བོ་གཉིས་སྐུ་མདོག་དཀར་པོ་ཕྱག་གཡས་གཉིས་ཀྱི་གཙོ་བོ་ལ་རྔ་ཡབ་དཀར་པོ་གཡོབ་ཅིང་གཡོན་གཉིས་པདྨ་དཀར་པོ་བསྣམས་པའི་འཇིག་རྟེན་དབང་ཕྱུག་གི་པདྨ་ཁ་གྱེས་པ་དང༌། མཐུ་ཆེན་ཐོབ་ཀྱི་ཁ་འབུས་ཀྱི་རྣམ་པ་ཅན། ཕྱི་ཁྱམས་རིན་པོ་ཆེའི་


LT17_Page_250
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཉམས་དགའ་བའི་ནང་འཕགས་པ་འཇམ་དཔལ་དང་ཀུན་ཏུ་བཟང་པོ་སོགས་བྱང་སེམས་འཁོར་སྒྱུར་ཆས་ཅན་དང༌། གཞོན་ནུ་རབ་བྱུང་གི་ཆ་བྱད་ཅི་རིགས་པ། དེའི་ཕྱི་རོལ་དུ་གཞི་མཉམ་ཞིང་ཐ་གྲུ་ཡངས་པའི་ནེའུ་སེང་མདངས་དགའ་བར་གསེར་འོད་དང་ལྡན་པའི་པདྨ་ཆེན་པོ་དག་དང༌། འཁོར་ལོ་དང་ནོར་བུ་དང་རིན་པོ་ཆེའི་མགུལ་རྒྱན་དང༌། རྣ་ཆ་གདུ་བུ་དཀར་པོ་སོགས་ལྷ་དང་མིའི་གཡོ་བྱད་མང་པོས་གང་བའི་མཐའ་ཁྲུས་ཀྱི་རྫིང་བུ་རིན་པོ་ཆེའི་སོ་ཕག་ཀ་བ་ཀ་སྒྲོག་སྒྲོམ་ལེབ་རྣམས་ཇི་ལྟར་རིགས་པའི་ར་བ་ཅན་གྱི་ཉེ་འདབ་ན་བྱང་སེམས་ཁྲུས་ཀྱི་རྩེ་བ་དང་ལྷའི་ཆུ་བྱ་རྩེ་འཇོས་རྒྱགས་པ་དང༌། རྫིང་རའི་ཕྱི་ནས་སྤོས་ཀྱི་ཤིང་ཕྲན་སྐྱེས་པའི་བར་བར་ན་མེ་ཏོག་གི་སྡོང་པོ་མང་པོས་བསྐོར་བ། དེ་འདྲ་བའི་ཁྲུས་ཀྱི་རྫིང་བུ་གཉིས་སམ་གསུམ་བྲིས་པ་དག་ན་ཙནྡན་དང་ཨ་ཀ་རུ་ལ་སོགས་པའི་ལྗོན་ཤིང་རིགས་མི་གཅིག་པ་དུ་མས་ཁེབས་པ། ཤིང་དེ་དག་ལས་ལྷ་རྫས་ཀྱི་གོས་དང་རིན་པོ་ཆེའི་དོ་ཤལ་གཉིས་སྦྲགས་དང་ཆིག་རྐྱང་ལ་སོགས་པའི་རྒྱན་གྱི་ཁྱད་པར་དུ་མ་འཕྱང་བས་མཛེས་པ། དེ་དག་རྣམས་སུ་རྒྱལ་བའི་སྲས་པོ་པདྨ་ལས་རྫུས་ཏེ་འབྱུང་བ་དང༌། ཆོས་བགྲོ་བ་དང་བསམ་གཏན་བྱེད་པ་སོགས་ཀྱི་རྣམ་པ་མང་ཉུང་འཚམ་པར་བཀོད། ས་གཞི་ཕྱི་མཐའ་རི་བོའི་བཀོད་པ་བྲག་དང་ནགས་ཚལ་དང་ཆུའི་རྒྱན་ཐོགས་པ་བཀོད་པ་ནང་གསེབ་ལ་ལ་ནས་རིན་པོ་ཆེའི་ཁང་བཟང་བ་གམ་ཙམ་མཐོང་བ། ལ་ལ་སྒོ་ཁྱིམ་ཙམ་མཐོང་བ། ཁ་ཅིག་གཞལ་མེད་ཁང་རིལ་གྱིས་ཐོན་པའི་ནང་ན་བྱང་


LT17_Page_251
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཁ་ཏོན་དང་བསམ་གཏན་བྱེད་པའི་གཟུགས་ཅི་མཛེས་སུ་བཀོད་པ། རི་བོའི་བར་ནས་ལྷའི་ཆུ་བོ་མེ་ཏོག་སིལ་མ་དང་ལྷན་ཅིག་འབབ་པ། ཆུ་བྱའི་ཕྲེང་བ་ཅན་བྱ། སྟེང་ཕྱོགས་ཀྱི་ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་ལྷ་དང་དགེ་སློང་གི་ཆ་བྱད་ཅན་མང་པོ་རྫུ་འཕྲུལ་གྱིས་ཕར་འགྲོ་བ་དང་ཚུར་འདུ་ཞིང་ལག་ན་མེ་ཏོག་གི་ཡོལ་གོ་ཐོགས་པའི་ནང་ནས་སྟོན་པ་འོད་དཔག་མེད་ལ་ལྷའི་མེ་ཏོག་གི་ཆར་པ་འབབ་པ་དང༌། མེ་ཏོག་དེ་དག་བྱང་ཆུབ་ཤིང་གི་སྟེང་ཕྱོགས་དང་ཉེ་བར་མེ་ཏོག་གི་གདུགས་སུ་གྱུར་པའི་རྣམ་པ་དང༌། གཞན་ཡང་གསེར་དང་དངུལ་དང་ཨིནྡྲ་ནི་ལའི་སྙིང་པོ་ཅན་གྱི་སྤྲིན་ལས་མེ་ཏོག་དང་གདུགས་དང་བ་དན་དང་རྔ་ཡབ་པི་ཝང་ནོར་བུ་རྫ་རྔ་ལ་སོགས་པ་ལོངས་སྤྱོད་ཀྱི་ཆར་སྣ་ཚོགས་འབབ་པ་དང༌། གཞལ་མེད་ཁང་ནམ་མཁའ་ལ་རྒྱུ་བ་རྒྱན་དང་བཀོད་པ་རྒྱ་ཆེན་པོ་རྣམས་སུ་བྱང་ཆུབ་སེམས་དཔའ་ལྷའི་བུ་མོའི་འཁོར་དང་བཅས་ཏེ་ཕྱོགས་བཅུར་རྣམ་པར་བལྟ་ཞིང་འགྲོ་བ་བྲིས། མཐོང་བས་ཡིད་ལ་ཀུན་འགའ་རྒྱས་བྱེད་ཅིང༌། །བརྟགས་ན་མདོ་སྡེར་མཐུན་པས་མགུ་བ་སྐྱེ། །བསམ་ན་སངས་རྒྱས་རྗེས་དྲན་འཕེལ་བྱེད་པའི། །དོན་ལྡན་རི་མོའི་ལས་འདི་དགེ་གྱུར་ཅིག། ༈ །།འཕགས་པ་འཇམ་དཔལ་དམར་སེར་གླེགས་རལ། ཕྱག་རྡོར་སྔོན་པོ་རྡོ་རྗེ། བྱམས་པ་དམར་སེར་གླུ་ཤིང་གི་སྡོང་བུ་བསྣམས་པ་ཐོར་ཚུགས་ལ་གསེར་གྱི་མཆོད་རྟེན་ཅན། ས་སྙིང་སེར་པོ་མེ་ཏོག་སྔོན་པོའི་ཐོད་ཆིངས་ཅན། ཤིང་ཏོག་དང༌། པདྨ་ནོར་བུས་


LT17_Page_252
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་འཛིན་པ། སྒྲིབ་སེལ་དཀར་པོ་བུམ་པ་བཟང་པོ་དང༌། པད་དཀར་ཟླ་བས་མཚན་པ་འཛིན་པ། ནམ་སྙིང་སྔོན་པོ་ཆོས་འཆད་རྒྱས་ཨུཏྤལ་རལ་གྲིས་མཚན་པ་འཛིན་པ། ཀུན་བཟང་དམར་པོ་བུམ་པ་དང༌། པད་དཀར་ཉི་མས་མཚན་པ་བསྣམས་པའོ།། །།

གུ་རུ་སིདྡྷིའི་རྣམ་བཤད་ཀུ་མུ་ཏའི་ཕྲེང་བ།

༈ གུ་རུ་སིདྡྷིའི་རྣམ་བཤད་ཀུ་མུ་ཏའི་ཕྲེང་བ་ཞེས་བྱ་བ། དཔལ་ལྡན་བདེ་བ་ཆེན་པོ་པདྨ་སཾ་བྷ་བའི་ཞབས་ལ་ཕྱག་འཚལ་ལོ། །ཟུང་འཇུག་སློབ་པ་མིན་པའི་ཡེ་ཤེས་སྐུ། །འཆི་མེད་བདེ་སྟོང་རོལ་པའི་འཛུམ་དཀར་ཅན། །མཚོ་སྐྱེས་གྲུབ་པའི་ཟླ་སྣང་གསར་པ་ཞིག །ལོངས་སྤྱོད་འཁོར་ལོའི་གྲོང་དུ་ཅི་དགར་རྩེ། །དེ་ལ་གསང་སྔགས་རྒྱལ་པོ་འདི་འཆད་པའི་ཚུལ་མང་ནའང༌། ད་ལྟ་ཁྱིམ་བདག་ཕྱུག་པོའི་སྒོ་ནོར་ཡན་ཆད་ཀྱི་རིམ་གྲོར་གྲྭ་ཕྲུག་ལྕུག་སེར་གཅུ་ནུས་པ་ཙམ་ནས་ཀུན་གྱིས་སྔགས་ཀྱི་ཚིག་འདི་དག་བཟླས་བརྗོད་ལ་སྙད་བཏགས་པའི་འུར་ཞོག་གི་ཧམ་པ་ཆེ་དྲག་ནའང་དོན་གྱི་འགྲོ་ཕྱོགས་ཙམ་ཡང་རྔོ་མ་ཐོགས་པའི་གནས་སྐབས་སུ་སྣང་བས། དེ་དག་ལ་གཏམ་དུ་བྱ་བའི་ཚིག་གི་སྦྱོར་བ་ཉུང་ལ་གོ་བདེ་ཞིང༌། གྲོང་མིའི་ཐ་སྙད་འབའ་ཞིག་གིས་བཤད་པར་བྱ་བ་ཡིན་པས། སྔ་འགྱུར་རྒྱུད་སྡེའི་ཕ་རོལ་ཏུ་སོན་པའི་མཁས་གྲུབ་ཆེན་པོ་རྣམས་དང༌། རྟགས་གསལ་རྟོག་གེའི་ཚིག་སྐམ་ལ་སྙིང་པོར་འཛིན་པའི་གཞུང་ལུགས་པ་དག་ནི་གཏམ་འདིའི་ཆེད་དུ་བྱ་བའི་གདུལ་བྱ་མ་ཡིན་ཏེ། གོ་རིམ་བཞིན་དུ་འདི་ཙམ་ཞིག་ལ་ལྟོས་འཆའ་བའི་རྣམ་དཔྱོད་ཕུར་ཁུང་ཐུག་པ་མིན་པའི་ཕྱིར་དང༌། གསང་


LT17_Page_253
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་གཞི་འདི་དག་བོད་ཀྱི་གྲོང་སྔགས་བན་མིན་བོན་མིན་པ་རྣམས་ཀྱིས་རང་བཟོའི་སྔགས་ལོག་ཏུ་འཁྲུལ་པ་མང་བའི་ཕྱིར་རོ། །དེ་ལྟར་ན་བློ་གྲོས་ཀྱི་མཐུ་ཞན་པས་དོན་གྱི་སྒྲོམ་རླབས་ཆེན་རྟོགས་པར་མི་ནུས་ཤིང༌། སྔགས་འདི་ཁ་ཏོན་དུ་མོས་པས་བྱེད་པའི་གང་ཟག་ཤེས་རབ་ཆུང་ངུ་དག་གིས་གཏམ་འདི་ལ་སྙན་དབང་གཡར་ཁྲལ་དུ་མཛད་ན་བཀྱལ་ཀའི་ཚིག་འདི་ཞུའོ། །དེ་ལ་སྔགས་འདི་རྒྱལ་དབང་པདྨ་ཉིད་ཀྱི་རྣམ་པར་ཐར་པའི་ཚུལ་དང་ལྟོ་སྦྱར་ཏེ་བཤད་ན་ཡིད་ལ་འཆར་སླ་བས། འདི་ལ་གཉིས། སློབ་དཔོན་ཆེན་པོའི་ཡོན་ཏན་རྗེས་སུ་དྲན་པ་དང༌། འདོད་དོན་ཡིད་བཞིན་སྩོལ་བར་གསོལ་བ་འདེབས་པའོ། །དང་པོ་ལ། ཆེ་བའི་ཡོན་ཏན་དངོས་བཤད་པ་དང༌། ཡོན་ཏན་དེ་ལྡན་གུ་རུ་ཉིད་ཀྱི་མཚན་སྨོས་པ་སྟེ་གཉིས་ལས། དང་པོ་ལའང༌། སྤྱིར་བསྔགས་པ་དང༌། བྱེ་བྲག་ཏུ་གུ་རུ་རིན་པོ་ཆེའི་རྣམ་ཐར་གཙོ་བོའི་ཚུལ་བཤད་པ་གཉིས། དང་པོ་ནི། ཨོཾ་ཨཱཿཧཱུྃ་ཞེས་པ་སྟེ། སྤྱིར་སྔགས་རྣམས་ཀྱི་ཐོག་མའི་མགོ་འདྲེན་གྱི་ཨོཾ་ཞེས་པ་རབ་བསྔགས་དང་དཔལ་སྟེར་བ་དང༌། གཡང་འཕེལ་བ་ལ་སོགས་པ་མདོར་ན་བཀྲ་ཤིས་པའི་དོན་ཅན་ཡིན་པར་རྡོ་རྗེ་རྩེ་མོ་ལ་སོགས་པ་ནས་བཤད་ནའང༌། འདིའི་སྐབས་སུ་ནི་ཨོཾ་ཨཱཿཧཱཾཨུ་གསུམ་པོ་རྡོ་རྗེ་གསུམ་གྱི་སྙིང་པོ་ལ་བཤད་དགོས་པས། ཨོཾ་གྱི་མཚན་དོན་ནི། སངས་རྒྱས་རྣམས་ཀྱི་སྐུ་རྡོ་རྗེ་སྟེ། ལར་སངས་རྒྱས་གཟུགས་ཀྱི་སྐུ་ཐམས་ཅད་ཀྱང་སྐུ་རྡོ་རྗེ་ཡིན་མོད། གཙོ་བོར་ནི་ཡེས་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་


LT17_Page_254
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱ་བ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དག་པ་རླུང་གི་ཆ་བདེ་བ་ཆེན་པོ་གཉུག་མའི་སེམས་དང་ངོ་བོ་གཅིག་པ་དེ་ཉིད་སྟོབས་སུ་གྱུར་བའམ་ནར་སོན་ཏེ། སྔགས་བླ་མེད་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ལུས་ཕྲ་རགས་གསུམ་དུ་ཕྱེ་བའི་རགས་པ་ཕྱི་ནང་གི་ལུས་གཉིས་དང༌། ཕྲ་བའི་ལུས་ཀྱི་ནང་ཚན་སྟོང་པ་གསུམ་གྱི་བཞོན་པའི་རླུང་གི་ཁམས་མཐའ་དག་ཤིན་ཏུ་རྣམ་པར་དག་པའི་དབྱིངས་སུ་རང་ཞི་བ་ན་གཉུག་མའི་རླུང་སྣང་སྟོང་སྒྱུ་འཕྲུལ་དྲྭབཱི་ཕྱག་རྒྱར་བཞེངས་པ་ལ་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཞེས་འདོགས་པ་ཡིན་ལ། དེ་ཉིད་ནི་རང་བཞིན་ཐེག་མཆོག་རྒྱལ་པོའི་ལུགས་ཀྱི་སྐུ་རྡོ་རྗེ་མཐར་ཐུག་པའི་འཇོག་ཚུལ་ཡིན་ཏེ། བླ་མེད་ཀྱི་རྒྱུད་གཞན་ནའང་ཚེ་འདིར་སྒྱུ་མའི་སྐུ་གྲུབ་པ་རྣམས་ཚེ་འདིར་འཚང་རྒྱ་བ་ངེས་པར་གསུངས་ཤིང༌། དེའི་ཚེ་རགས་ལུས་ཤུལ་དུ་བཞག་ཏེ་སྙིང་ཀའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་འཚང་རྒྱ་བ་མིན་པར་མ་ཟད་བསྐྱེད་རྫོགས་གང་བསྒོམ་ཡང་རགས་པའི་ལུས་དམ་ཚིག་སེམས་དཔའ་སྤྲུལ་སྐུ་ལམ་བྱེད་དུ་བསྒོམ་པའི་གྲུབ་དོན་ལུས་རགས་པའི་རྫས་རྒྱུན་ཀྱང་སངས་རྒྱས་སྤྲུལ་པའི་སྐུར་འགྱུར་བས། དེ་དང་འདི་གཉིས་ཕྱོགས་མཚུངས་པར་ཤེས་པར་ནུས་སོ། །ཨཱཿཡིག་གི་མཚན་དོན་ནི། གསུང་རྡོ་རྗེ་སྟེ། དེའང་སྒྱུ་འཕྲུལ་ལས། ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་གསུངས་པའི་སྐབས་ལྟར་སྤྱིར་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པ་གདུལ་བྱའི་མོས་པ་དང་བསམ་པ་ཐ་དད་


LT17_Page_255
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་སུ་འཇུག་པ། དབྱངས་ཀྱི་ཡན་ལག་ཚད་མེད་པའི་རང་བཞིན་ཅན་མཐའ་དག་གསུང་རྡོ་རྗེ་ཡིན་མོད་དེ། ཐེག་པའི་རྒྱལ་པོ་ཤིན་ཏུ་རྣལ་འབྱོར་གྱི་ལུགས་ཐུན་མོང་མ་ཡིན་པར། ངེས་དོན་མི་འགྱུར་བའི་ཨ་ཡིག་རྒྱུད་གཞན་དུ། སྙིང་ཀའི་དབུས་ན་མི་ཤིག་པ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་རླུང་སེམས་མི་ཤིག་པའི་ཏིལ་ཀའི་བརྡར་ཨ་ཡིག་བཤད་པ་དང་དོན་གཅིག་པར་འོད་གསལ་རྡོ་རྗེ་རྩེ་མོ་ནང་གསལ་གཞོན་ནུ་བུམ་སྐུ་བརྗོད་མེད་རིག་སྟོང་གི་ཐིག་ལེ་སྟེ། དེ་ཉིད་ནི་རྗོད་བྱེད་རླུང་གི་འཁོར་ལོའི་རང་བཞིན་གྱི་སྒྲར་སྣང་བ། དབྱིངས་སུ་བརྗོད་པ་མཐའ་དག་གི་རྟེན་གཞིར་གྱུར་པའང་ཡིན་ཏེ། ཞིབ་ཏུ་སྐྱེ་བ་དང་འཆི་བའི་རིམ་པའི་རླུང་གི་སྐྱེད་སྡུད་ལ་མཁས་པར་བྱས་ན་ཤེས་སླ་བ་ཉིད་དོ། །ཧཱཾཨུ་གི་མཚན་དོན་ནི། རྒྱལ་བ་རྣམས་ཀྱི་ཐུགས་རྡོ་རྗེ་སྟེ། བཤད་མ་ཐག་པའི་འཕོ་ཆེན་འཇའ་ལུས་རྡོ་རྗེའི་ངོ་བོ་ཉིད་ལྷུན་གྲུབ་ཕྲ་བའི་རླུང་དང་རོ་གཅིག་ཏུ་གྱུར་པའི་འོད་གསལ་རང་བྱུང་གི་ཡེ་ཤེས་མཐར་ཐུག་གཤིས་ཇི་བཞིན་པའི་ཡིན་ལུགས་མངོན་དུ་གྱུར་པ་དག་པ་རབ་ཀྱི་མཐར་ཕྱིན་པས་རྟག་ཏུ་སྐྱེ་མེད་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་དུ་མཉམ་པར་མ་བཞག་པ་མེད་པའི་རིག་སྟོང་ཀ་ནས་དག་པ་ལ་གློ་བུར་རྣམ་དག་གི་ཡོན་ཏན་ཡོངས་རྫོགས་སུ་གྲུབ་པའམ་མངོན་དུ་བྱས་པ་ནི་སྟོབས་བཅུ་མི་འཇིགས་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རབ་འབྱམས་དང་མི་ཕྱེད་པས་ན་


LT17_Page_256
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྒྲ་ཞུགས་པའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་ཡོན་ཏན་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་རྒྱལ་དབང་པདྨ་ཀ་རའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་རྩལ་རྫོགས་པ་ཡིན་ནོ་ཞེས་བསྟན་པ་སྟེ། ད་དུང་སྤྱིར་མདོ་སྔགས་ཐུན་མོང་གི་ལུགས། བྱེ་བྲག་གསང་སྔགས་བླ་མེད་ཀྱི་ལུགས། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་རང་ལུགས་ཐུན་མོང་མ་ཡིན་པའི་ཟབ་གནད་གཞན་ལྟ་ཅི་སྨོས་ཏེ། བླུན་ཕྲུག་བདག་གཅིག་པོས་བཤད་ཀྱང་གླེགས་བམ་གྱི་ཕུང་པོ་ཆེན་པོར་འགྱུར་བ་ཙམ་ཡོད་ཀྱང་སྔར་བཤད་ལྟར་བཙུན་ཕྲུག་ངེད་རང་གི་ན་ཚོད་དུ་ལོངས་པ་རྣམས་དང་རྒན་པོ་བྱིས་པའི་ངང་ཚུལ་ཅན་རྣམས་ལ་ལྡེ་མིག་ཙམ་ཞིག་བཞག་པའོ། །གཉིས་པ་ནི། བཛྲ་གུ་རུ་ཞེས་པ་སྟེ། བོད་སྐད་དུ། རྡོ་རྗེ་བླ་མ་ཞེས་བསྒྱུར་རྒྱུ་ཡིན་ནོ། །དེའང་ཡབ་སྲས་མཇལ་བ་ལས། །དཔའ་བོ་ཆེན་པོ་ཐབས་མཁས་ཆེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང༌། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་གསུངས་པ་ལྟར། རྒྱལ་བའི་དབང་པོ་འདི་ཉིད་དོན་དུ་ན་བསྐལ་པ་གྲངས་ཀྱིས་མི་ཆོད་པའི་སྔ་རོལ་ནས་བྱང་ཆུབ་ཆེན་པོར་ཡོངས་སུ་གྲུབ་ཟིན་པ་ཡིན་ནའང༌། ཚུར་མཐོང་གི་གདུལ་བྱའི་སྣང་ངོར་སློབ་པའི་རིག་འཛིན་འཆི་མེད་གྲུབ་པའི་རྣམ་རོལ་གྱིས་སིནྡྷའི་ཆུ་མཚོར་འདབ་སྟོང་གེ་སར་གྱི་སྦུབས་སུ་བལྟམས་པ་


LT17_Page_257
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་ཞེས་མཚན་ཡོངས་སུ་གྲགས་པ་སྟེ། དེའི་རྣམ་པར་ཐར་པ་བརྗོད་ལས་འདས་པ་ཙམ་ཡོད་མོད་ཀྱི། གཙོ་བོར་གྱུར་པ་ནི་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་ལམ་ནས་མངོན་པར་བྱང་ཆུབ་པ་འདི་ཉིད་ཡིན་ཏེ། དང་པོ་ཡུལ་ཨོ་ཊི་ཡ་ནའི་རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱི་དམ་པའི་རྒྱལ་ཐབས་ལ་དབང་བསྒྱུར་བའི་གནས་སྐབས་ཉིད་ནས་ཇི་ལྟར་དཔལ་ས་ར་ཧས་སངས་རྒྱས་ཐོད་པའི་རྒྱུད་སྡེ་ལ་བདག་ཉིད་དབང་བསྒྱུར་བ་ལྟར། སྔོན་ཡོངས་སུ་སྦྱངས་པའི་ཁྱད་པར་གྱིས་ཚེ་འདིར་རང་དབང་དུ་ཟབ་མོ་སྔགས་ཀྱི་ལམ་ཚོགས་ལམ་བསྐྱེད་པའི་རིམ་པ་དང༌། སྦྱོར་ལམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་ལ་སྦྱང་བ་ཕུལ་དུ་སོན་ཏེ། ཕྱིས་སུ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བོགས་འབྱིན་བརྟུལ་ཞུགས་ཀྱི་སྤྱོད་པས། མདའ་བསྣུན་ཞབས་ཀྱིས། བྲོ་གར་གླུ་དང་རོལ་མོ་ཡིས། །ཕྱོགས་རྣམས་ཀུན་ཏུ་སྒྲ་སྒྲོགས་ཤིང༌། །རྣལ་འབྱོར་མ་ནི་གཡོན་ནས་བསྐོར། །དམིགས་གཏད་བྲལ་བའི་རང་བཞིན་གྱིས། །འབད་པ་མེད་པ་ཀུན་དུ་སྤྱད། །ཅེས་གསུངས་པ་ལྟར། ཞིང་སྔགས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མའི་ཚོགས་ཆེན་པོ་དང་ལྷན་ཅིག་བདེ་སྟོང་དགའ་ཆེན་རྡོ་རྗེའི་ཏིང་འཛིན་གྱི་རོལ་མོ་ཅིར་ཡང་སྤེལ་བའི་མཐུ་ལ་བརྟེན་ནས། སྔགས་བླ་མེད་ཀྱི་སྦྱོར་ལམ་ཆོས་མཆོག་དཀའ་བ་མེད་པར་མངོན་དུ་མཛད་དེ། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་དང་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷུ་ཏི་གཉིས་ཀྱི་ཁབ་ཏུ་གཤེགས་པའི་ཚེ་སྐུ་ཞུགས་ལ་བཞེན་པར་བརྩམ་


LT17_Page_258
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། ཙནྡན་ཏིལ་མར་གྱིས་སྦགས་པའི་མེ་ལྕེའིང་བསིལ་བའི་ཆུ་ཀླུང་དུ་བསྒྱུར་ཏེ། ཡིད་ལས་བྱུང་བའི་མེ་ཏོག་གི་སྡོང་པོ་ལ་བསིལ་བསིལ་ཕྲུམ་ཕྲུམ་ལྟར་བསྟན་པ་ལ་སོགས་པ་བླ་མེད་གྱི་སྦྱོར་ལམ་ཆོས་མཆོག་གྲུབ་པའི་ལག་རྗེས་སུ་བྱུང་བ་སྟེ། ཕར་ཕྱིན་ཐེག་པ་ཐུན་མོང་གི་ལུགས་ལའང་སྲིད་པ་ཐ་མ་པ་ནི་བདག་ཉིད་ཀྱིས་ཀྱང་མི་འཆི་ལ་གཞན་གྱིས་ཀྱང་མི་འཆི་བ་ཁོ་ནར་མངོན་པ་འོག་མ་ནས་བཤད་ན་བླ་མེད་ཀྱི་ཆོས་མཆོག་པ་རྟེན་དེར་རྡོ་རྗེ་འཛིན་པའི་འཕོ་མེད་ཟུང་འཇུག་གི་སྐུ་འགྲུབ་པར་ངེས་པ་རྣམས་ལ་ཕྱི་ནང་གི་འབྱུང་བ་ལས་གྱུར་པའི་གནོད་པ་མཐའ་དག་གིས་མི་ཚུགས་པ་ལྟ་ཅི་སྨྲོས། དེ་ལ་སོགས་པ་བརྟུལ་ཞུགས་རྫུ་འཕྲུལ་གྱི་སྤྱོད་པ་བྱིས་པའི་བློས་གཏིང་དཔག་དཀའ་བ་རྒྱ་མཚོའི་འཇིང་ལྟ་བུས་རང་དང་གཞན་གྱི་དོན་རླབས་པོ་ཆེ་བསྒྲུབས་ནས། སླར་ཡང་མི་འགྱུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་གཉིས་སྣང་གི་མཚན་མ་ཤིན་ཏུ་ཕྲ་བའང་ཉེ་བར་ཞི་བའི་རྣམ་ཀུན་མཆོག་ལྡན་གྱི་ཤེས་རབ་ཟབ་མོ་གཉིས་རོ་གཅིག་ངོ་བོ་དབྱེར་མེད་དུ་གྱུར་པའི་དོན་དམ་འོད་གསལ་བའི་གྲུབ་པ་མངོན་དུ་མཛད་པའི་ཕྱིར། བལ་ཡུལ་ཡང་ལེ་ཤོད་དུ་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ཡང་བསྟན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བསྒྲུབས་ཏེ། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་དུ་གྲགས་པ་སྔགས་བླ་མེད་ཀྱི་མཐོང་ལམ་ཐོབ་པ་ཡིན་ཏེ། གསོལ་འདེབས་རྡོ་རྗེའི་ཚིག་རྐང་ལས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་


LT17_Page_259
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེར་ཐོབ། །ཅེས་གསུངས་ཤིང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི་སྔགས་བླ་མེད་དུ་ལམ་དེ་ཉིད་ཀྱི་དབང་དུ་བྱས་པའི་མཐོང་ལམ་ཡིན་པར་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པས་བཤད་དོ། །དེ་ལྟར་མཆོག་གྲུབ་ནས་ཀྱང་ཡེ་ཤེས་ཆེན་པོ་དེ་ཉིད་དུ་རྟག་ཏུ་མཉམ་བར་བཞག་པའི་མཐུ་ལས་སྒོམ་སྤང་གི་དྲི་མ་སྣང་གསུམ་ཕྲ་བའི་བག་ཆགས་དང་བཅས་པ་རྣམ་པར་བཅོམ་སྟེ། མི་སློབ་པའི་ལམ་མཐར་ཕྱིན་ལྷུན་གྲུབ་རིག་འཛིན་གྱི་ས་ལ་བཞུགས་ཤིང༌། རྔ་ཡབ་སྤྲུལ་པའི་གྲོང་ཁྱེར་དུ་ད་ལྟའནག་འཆི་མེད་གཡུང་དྲུང་ལྟ་བུའི་གཟུགས་སྐུར་ལྷུན་གྱིས་གྲུབ་ཅིང༌། བོད་ཁམས་བསྟན་འགྲོའི་དཔལ་མགོན་དུ་འཁོན་འཇམ་དབྱངས་བདུན་རྒྱུད་དང༌། ཇོ་འབྲོམ་རྣམ་གཉིས། བསིལ་ལྗོངས་ཤིང་རྟ་རྣམ་གསུམ་ལ་སོགས་པ་རྡོ་རྗེའི་བླ་མ་སྔགས་རིགས་གྲུབ་པའི་དེད་དཔོན་ཚད་མེད་པའི་རྣམ་རོལ་རྒྱུན་མི་ཆད་པ་ཡིན་ནོ། །མདོར་ན་བླ་མའི་སྐད་དོད་གུ་རུ་སྟེ། གུ་ཎ་ཞེས་པ་ཡོན་ཏན་གྱི་སྐད་དོད་དང༌། རུ་ལྕི་བའི་དོན་ཅན་ཡིན་པས། སློབ་དཔོན་ཆེན་པོ་ཐུགས་ཡོན་ཏན་གྱིས་གང་ཞིང་ལྕི་བའི་དོན་ཏོ། །དེ་ལ་རྒྱུ་གང་གིས་ལྕི། ཐབས་གང་ལ་བརྟེན་ནས་ལྕི། ལྕི་བར་བྱེད་པའི་ཡོན་ཏན་ཇི་ལྟ་བུ་ཞིག་ཅེ་ན། བཛྲ་སྟེ་རྡོ་རྗེའི་སྒོ་ནས་ལྕི་ཞེས་པའོ། །ཇི་ལྟར་ན་ཉེར་ལེན་གྱི་རྒྱུ་ཀུན་རྟོག་བློ་བུར་གྱི་དྲི་མ་ཆ་དང་བཅས་པས་ནམ་ཡང་མི་ཕྱེད་པའི་ཕྱིར་སེམས་ཀྱི་རྡོ་རྗེའམ་གཉུག་མའི་སེམས་སུ་གྲགས་པ་འོད་གསལ་གཞི་གྲོལ་ཆེན་པོ་གཞི་གཞོན་ནུ་བུམ་སྐུ་དང༌། ལྷན་ཅིག་


LT17_Page_260
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཐབས། གཞིའི་ཡིན་ལུགས་ནང་གསལ་ཕྲ་བའི་ཡེ་ཤེས་དང་རྣམ་པ་འདྲ་བའི་ལམ་ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་དང༌། ཁམས་གསུམ་ཡེ་གྲོལ་དུ་རྟོགས་པ་མཐར་ཐུག་གི་རྫོགས་རིམ་ཁྱད་པར་ཅན་སོགས་ལས་འབྲས་བུ་སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་ལམ་དུ་བྱེད་པའི་ཕྱིར་བླ་མེད་རྡོ་རྗེའི་ལམ་ཞེས་བྱའོ། །ཡོན་ཏན་རང་གི་ངོ་བོ་ནི། གཞི་རྡོ་རྗེའི་ཡེ་ཤེས་ཉིད་རྡོ་རྗེའི་ལམ་གྱི་ཐབས་མཁས་ལ་བརྟེན་ནས་ཡུལ་འོད་གསལ་རང་རིག་པའི་ཆོས་ཉིད་མཐའ་གྲོལ་ཡངས་པ་ཆེན་པོའི་ཀློང་དུ། ཡུལ་ཅན་ནི་ཁྱད་ཆོས་དྲུག་ཏུ་སོན་པའི་རྫོགས་པ་ཆེན་པོ་འབྲས་བུའི་ཡེ་ཤེས་རྣམ་པར་མི་ཕྱེད་པ་ལྷུན་གྲུབ་རྡོ་རྗེའི་ཡོན་ཏན་ཡོངས་སུ་རྫོགས་པའི་ངོ་བོར་སྨིན་པ་དེ་ཉིད་དོ། །ཞེས་བཛྲ་གྱི་སྒྲའི་བསྟན་དོན་ནོ། །གཉིས་པ་ནི། པདྨ་ཞེས་པ་སྟེ། གསང་བ་བླ་ན་མེད་པའི་ངོ་མཚར་ཡོན་ཏན་གྱི་བཀོད་པ་རྒྱ་མཚོ་དེ་ལྟ་བུ་དེ་དག་གང་ལ་མངའ་ཞེ་ན། སྐབས་འདིར་བསྟན་གྱི་དབང་དུ་བྱས་ནས། རྫོགས་པའི་སངས་རྒྱས་པདྨ་ཞེས་སྐུ་གསུམ་གྱི་སྟོན་པའི་ཞིང་ཁམས་རབ་འབྱམས་ན་མཚན་ཡོངས་སུ་གྲགས་པ་དེ་ཉིད་དོ། །དེ་ལ་ཅིའི་ཕྱིར་པདྨ་ཞེས་མཚན་བཏགས་པ་ཡིན་ཞེ་ན། པདྨའི་སྦུབས་སུ་བརྫུས་ཏེ་བྱུང་བའི་ཕྱིར་འབྱུང་ཁུངས་ཀྱི་སྒྲ་བཏགས་པ་དང༌། པདྨའི་རིགས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ཡིན་པས་ངོ་བོ་ལས་བཏགས་པའམ། ཡང་ན་རིགས་ལ་བཏགས་པ་དང༌། །ཤ་ཟ་འབོད་སྒྲོགས་རྒྱལ་པོ་པདྨ་བཞིན། །ས་བཅུ་ཕོ་ཉའི་ལམ་གྱིས་


LT17_Page_261
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་ལགས་སམ། །ཞེས་གསུངས་པ་ལྟར། རྡོ་རྗེ་བཙུན་མོ་པདྨ་ལ་བསྟེན་ནས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གྲུབ་པའི་ལོངས་སྤྱོད་ཀྱི་གཙོ་བོ་ལས་བཏགས་པ་དང༌། སྲིད་པའི་འགྲོ་བ་རྣམས་སུ་སྒྱུ་འཕྲུལ་གཟུགས་སྐུའི་རྣམ་རོལ་ཆུ་ནང་གི་ཟླ་བ་བཞིན་དུ་སྟོན་ཀྱང་པདྨ་འདམ་གྱིས་མི་གོས་པར་འདམ་ན་སྣང་བ་ལྟར་ཆགས་པའི་འཆིང་བ་ལས་གྲོལ་བས་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། དཔེར་ན་འབྱུང་ཁུངས་ལས་བཏགས་པ་གསེར་མངལ་ཅན་ལྟ་བུ་དང༌། རིགས་ལས་བཏགས་པ་ལྷ་ཆེན་པོ་ལྟ་བུ་དང༌། ལོངས་སྤྱོད་ལས་བཏགས་པ་མེ་ཏོག་ཟས་ཅན་ལྟ་བུ་དང༌། བྱེད་ལས་ཀྱི་སྒོ་ནས་བཏགས་པ་པདྨོའི་དགྲ་ལྟ་བུའོ། །དེའི་ཕྱིར་སློབ་དཔོན་ཆེན་པོ་ལ་པདྨ་འབྱུང་གནས། པདྨ་སཾ་བྷ་བ། པདྨ་སྐྱེས་ཞེས་པ་ལ་སོགས་པ་མཚན་དུ་མ་གསོལ་བ་སྟེ། འདི་དག་ཕལ་ཆེར་མཚན་བཏགས་ཚུལ་དང་པོ་ཤས་ཆེ་ཡང༌། པདྨ་ཞེས་པ་ཙམ་ལ་ཚུལ་བཞི་ཀ་ཡོད་དོ། །ལོངས་སྤྱོད་དང་བྱེད་ལས་ཀྱི་སྒོ་ནས་གྲུབ་པ་མཆོག་བརྙེས་པ་ཐམས་ཅད་ཀྱང་བཤད་མ་ཐག་པ་འདྲ་བ་ཤ་སྟག་ཡིན་པས་དེའི་སྒོ་ནས་པདྨ་ཞེས་འདོགས་རྒྱུ་ཡིན་ན་འཕགས་བོད་ཀྱི་གྲུབ་ཆེན་མཐའ་དག་ལ་པདྨ་ཞེས་འདོགས་པར་འགྱུར་རོ། །ཞེས་བླུན་དཔྱད་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད། །ལག་ན་རྡོ་རྗེ་ལ་སོགས་པ་རྣམས་ལའང་སྙིང་རྗེ་ཆེན་པོ་ཚད་མེད་པ་ཡོད་མོད་ཀྱི། དེ་དག་ལ་རྣམ་ཐར་གྱི་སྒོ་གཞན་ནས་མཚན་བཏགས་ཤིང༌། འཕགས་


LT17_Page_262
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱན་རས་གཟིགས་ལ་ཡོན་ཏན་གྱི་སྒོ་དེ་ཉིད་ནས་མཚན་བཏགས་པ་བཞིན་ནོ། །ཡང་གོང་གི་ལོངས་སྤྱོད་དང་བྱེད་ལས་དེ་དག་མིན་པའི་སློབ་དཔོན་རིན་པོ་ཆེའི་རྣམ་པར་ཐར་པ་ཚད་མེད་ན་པདྨ་ཞེས་ཡོན་ཏན་གྱི་ཕྱོགས་འགའ་ཞིག་ནས་བརྩམ་པ་འདི་ཅི་སྟེ་གསུངས་ཞེ་ན། ལར་གོང་གི་ལོངས་སྤྱོད་དང་བྱེད་ལས་དེ་དག་ཏུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འདུ་ཚུལ་ཡང་རྒྱ་ཆེར་བསྒྲུབ་ཏུ་ཡོད་མོད། དེར་མ་ཟད་ལར་ཡོན་ཏན་ཐམས་ཅད་ནས་མིང་འདོགས་དགོས་པའི་ངེས་པའང་མེད་དེ། འཇིག་རྟེན་གྱི་གཏམ་རྒྱུད་དུའང་ཁྱབ་འཇུག་ལ་ལྷ་མ་ཡིན་འཁར་བ་བསད་པའི་ཆེ་བ་མ་ཡིན་པ་དེའི་ཡོན་ཏན་བགྲང་པ་གཞན་ཡང་ཡོད་དེ། དེ་ལྟ་ནའང་ཁྱབ་འཇུག་འཁར་བའི་དགྲ་ཟེར་བ་བཞིན་ནོ། །ཁྱབ་འཇུག་ལ་འཁར་བའི་དགྲ་ཁོ་ནར་མ་ཟད་དེ། མིང་གི་སྒོ་གཞན་ཡང་ཡོད་དོ་ཞེ་ན། སློབ་དཔོན་ཆེན་པོ་ལའང་མཚན་བརྒྱད། འཕྲུལ་མཚན་ཉི་ཤུ་ལ་སོགས་པ་མཚན་གྱི་སྒོ་ཚད་མེད་པ་ཡོད་དེ་ཁ་ཤག་ལ་དོན་ཆུང་བར་ཤེས་ནས་དེ་ཙམ་མོ། །གཉིས་པ་ལ། འདོད་པའི་དོན་ཞུ་བ་དང༌། དེ་བསྐུལ་བའི་སྙིང་པོ་བཤད་པ་གཉིས་ལས། དང་པོ་ནི་སིདྡྷི་ཞེས་པ་སྟེ། བོད་སྐད་དུ་དངོས་གྲུབ་ཀྱི་དོན་ཏོ། །དེའང་དངོས་གྲུབ་ནི་གཉིས་ཏེ། མཆོག་དང་ཐུན་མོང་གི་དངོས་གྲུབ་བོ། །སྔ་མ་ནི། མཆོག་དངོས་མཐར་ཐུག་མི་སློབ་པའི་ཡེ་ཤེས་དང༌། ཟུང་འཇུག་གི་སྐུ་དང༌། བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་རྣམས་ཡིན་ལ། དེ་དང་ཚུལ་མཐུན་པའི་རིག་


LT17_Page_263
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྣམ་པ་བཞིའི་སྤང་རྟོགས་ཀྱི་ཡོན་ཏན་མཐའ་དག་ལའང་མཆོག་གི་དངོས་གྲུབ་ཅེས་བྱ་སྟེ། རྣམ་སྨིན་རིག་འཛིན་སྔགས་ཀྱི་སོ་སྐྱེ་ཡིན་པར་རྒྱལ་དབང་པདྨ་ལས་གྲོལ་བཞེད་པའི་མཆོག་གི་དངོས་གྲུབ་ཅེས་པ་གོང་སྨོས་ཀྱི་ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཐོབ་པ་ནས་འཇོག་རྒྱུ་ཁོ་ནའང་མིན་ནོ། །ཐུན་མོང་གི་དངོས་གྲུབ་ཅེས་པ་གྲུབ་པ་བརྒྱད། ལས་ཚན་བཅུ་གཉིས་ལ་སོགས་པ་བསྐྱེད་རིམ་པ་དང་ཐུན་མོང་གི་དངོས་གྲུབ་རྣམས་ལ་བྱའོ། །དེ་ལྟར་ན་གནས་སྐབས་སུ་ཕྲིན་ལས་རྣམ་པ་བཞིའི་བརྟུལ་ཞུགས་རབ་འབྱམས་ལ་མངའ་དབང་འབྱོར་ཏེ་སེམས་ཅན་ཚར་གཅོད་པ་དང་རྗེས་སུ་འཛིན་པའི་ཐབས་མཁས་ཀྱི་སྒོ་ནས་འགྲོ་བའི་དོན་རླབས་པོ་ཆེ་སྒྲུབ་པར་ནུས་པ་དང༌། མཐར་ཐུག་རིག་འཛིན་རྣམ་བཞིའི་ཐེམ་སྐས་ལ་བརྟེན་ནས། མྱུར་དུ་མི་སློབ་པའི་ཟུང་འཇུག་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དཀའ་བ་མེད་པར་འགྲུབ་པ་དེ་དག་ནི་བདག་གི་འདོད་པའི་དོན་ཡིན་ནོ་ཞེས་པའོ། །གཉིས་པ་ནི། ཧཱཾཨུ་ཞེས་པ་སྟེ། ཡི་གེ་ཧ་ཨུ་མ་གསུམ་གྱིས་མཚོན་པའི་རྡོ་རྗེ་གསུམ་གྱི་དངོས་གྲུབ་བསྐུལ་བའི་སྔགས་ཡིན་པའམ། ཡང་ན་ཧཱཾཨུ་ཐུགས་རྡོ་རྗེའི་སྙིང་པོ་ཡིན་པས་དངོས་གྲུབ་སྩོལ་བ་ལ་ཐུགས་མངོན་དུ་ཕྱོགས་པར་བསྐུལ་བ་དང༌། དངོས་གྲུབ་དེའི་བསྒྲུབ་གཞི་ཡང་ཧཱཾཨུ་ཡིག་གི་མཚོན་དོན་གདོད་ནས་རྣམ་པར་གྲོལ་བའི་གཉུག་མ་མི་ཤིགས་པའི་སྒོ་གསུམ་རང་ཉིད་ཀྱི་སྙིང་ལ་གནས་པའི་དེ་ཁོ་ན་ཉིད་བསྟན་པ་ཡིན་པས། དངོས་གྲུབ་ཀྱི་གཙོ་བོ་མཆོག་གི་ཡེ་ཤེས་ཀྱི་ཉེར་ལེན་རང་ལ་


LT17_Page_264
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང༌། ལྷན་ཅིག་བྱེད་རྐྱེན་གུ་རུ་རིན་པོ་ཆེའི་ཐུགས་རྗེ་བསྐུལ་བ་དང༌། ཐུན་མོང་གི་གྲུབ་པའི་འཆར་གཞི་དང་མཐུན་པའི་རྐྱེན་གཉིས་བསྟན་པ་སྟེ། མདོར་ན་དངོས་གྲུབ་འགུགས་པ་དང༌། བརྟན་པར་བྱ་བའི་སྙིང་པོ་ཡིན་ནོ། །དེ་དག་གིས་སྔགས་བླ་མེད་ཀྱི་དབང་ཐོབ་ལ་སྔགས་ཀྱི་ཚིག་འདི་དག་ལ་དད་པ་བརྟན་ཞིང་བློ་གྲོས་དམན་པ་རྣམས་ལ་དོན་འགྲེལ་རགས་པ་ཙམ་ཞིག་བསྟན་པ་ཡིན་ལ། དེ་ཙམ་ཡང་རྟོགས་མི་ནུས་པ་དག་གིས་ནི། སྔགས་ཀྱི་དོན། རྡོ་རྗེ་གསུམ་གྱི་བདག་ཉིད་དམ། རྡོ་རྗེ་གསུམ་གྱི་ཡོན་ཏན་ཆེན་པོ་ཚད་མེད་པས་ལྕི་ཞིང་གང་བའི་རྒྱལ་དབང་པདྨ་ཞེས་བོས་ནས་བདག་ལ་དངོས་གྲུབ་སྩོལ། ཞེས་པ་སྟེ། རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་གསུམ་ཡིན་ལ་དེ་གང་གིས་བསྟན་ན་ཨོཾ་ཨཱཿཧཱུྃ་བཛྲ་ཞེས་པས་བསྟན། ཡོན་ཏན་གྱིས་ལྕི་ཞེས་པ། སྐུ་མཚན་དཔེ། གསུང་ཚང་དབྱངས། ཐུགས་རྣམ་མཁྱེན་གྱིས་ལྕི་བའི་དོན་ཏེ། སྲང་དངུལ་གྱིས་ལྕི་བས་ལྕི་ལུགས་མིན་གྱི། ས་ལྕིད་དང་ལྡན་པའི་ལྕི་ལུགས་ཡིན་ལ་དེ་གང་གིས་སྟོན་ན་གུ་ཎ་རུ་ཞེས་པ་བསྡུས་ཏེ་གུ་རུ་ཞེས་གསུངས་པ་འདིས་བསྟན། པདྨ་ནི་སློབ་དཔོན་ཆེན་པོའི་མཚན་ཡིན་པ་གོ་སླ། དངོས་གྲུབ་ཟེར་རྒྱུ་དེ་ལ་མཆོག་ཐུན་མོང་གི་དངོས་གྲུབ་མང་པོ་ཡོད་ཀྱང༌། དེང་སང་གི་མི་བསམ་ཆུང་མོ་ཁབ་མིག་གང་ཚོད་དང་བསྟུན་ན། རྟ་ཁྱོག་དང་གཡག་ཁྱོག་མང་བ། བེའུ་ལུག་གི་འཕེལ་ཀ་ཆེ་བ། ཉ་ཤི་གོད་ལོག་མི་འོང་བ་སོགས་ཡིན་པར་འདུག་ཧཱཾཨུ་ཞེས་པ་དང་སིདྡྷི་དངོས་གྲུབ་དེ་སྩོལ་


LT17_Page_265
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་པར་བསྐུལ་བ་ཡིན། རྒྱ་ཆེར་ན་སྔགས་ཀྱི་རྒྱལ་པོ་འདི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་དང་སྦྱར་ཏེ་བཤད་ན་ཤིན་ཏུ་ལེགས་མོད་ཀྱི་རེ་ཞིག་དེ་ཙམ་སྟེ། གང་དྲན་ཙམ་ཁུག་སྤྲུག་པ་ལྟར་འགོད་པ་གཏི་ཐུག་གི་ལས་ཀ་ཡིན་པར་ཐོས་སོ། །དཀོར་ཆོག་གྲྭར་ཤེས་ཉུལ་བའི་བན་གཞོན་དང༌། །གཏོ་སྒྲུབ་ཡུང་རྡོག་བཙོ་འདྲའི་བླ་སར་ཚོ། །སྔགས་དོན་འདི་འདྲ་ཙམ་ཡང་མི་མཁྱེན་ན། །དད་ཟས་རྣམ་སྨིན་བསམ་ཚེ་མཆི་མ་བཀུ། །ཞེས་པའང་གཞོན་ནུ་ཀུན་བཟང་འཇིགས་མེད་ལྷུན་གྲུབ་རང་བྱུང་གི་དཔལ་མོ་བྱང་གྲོལ་རྔ་ཡབ་གསར་པའི་ཆུན་འཕྱང་ཅན་གྱིས་བརྗོད་པ་འདིས་ཀྱང་དེར་སྣང་བྱ་བ་གྲུབ་པའི་བླ་དྭགས་ཅན་རྣམ་པར་སྡུད་པ་ལ་རང་དབང་འབྱོར་བའི་རྒྱུར་གྱུར་ཅིག་གུ།། །།

བཤེས་གཉེན་བསྟེན་ཚུལ།

༈ བཤེས་གཉེན་བསྟེན་ཚུལ་གྱི་མདོ་ཆིངས་ཚིགས་བཅད་དུ་ཕབ་པ་དད་པའི་པདྨ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ། གང་ཞིག་ཤར་བས་ཐོག་མེད་དུས་རིང་ནས། །བསགས་པའི་གཏི་མུག་མུན་པའི་རྡུལ་དེངས་ཤིང༌། །ལེགས་རྒུའི་ཡོན་ཏན་ཆུ་གཏེར་རྒྱས་མཛད་པའི། །བཤེས་གཉེན་ཟླ་བ་དེ་ལ་ཕྱག་འཚལ་ལོ། །རང་བྱུང་མྱ་ངན་འདས་པའི་དུས་འོག་ཏུ། །སངས་རྒྱས་མངོན་སུམ་བལྟ་བར་མི་སྤྱོད་པའི། །སེམས་ཅན་ཁམས་ལ་རྒྱལ་བ་ཉིད་འདྲ་བའི། །རླབས་ཆེན་ཕྲིན་ལས་མཛད་འདིར་སུ་མི་དད། །གང་དག་སངས་རྒྱས་ཆོས་ཉིད་མི་ཤེས་པའི། །སྐྱེ་བོ་དེ་དག་གཟུགས་སྐུ་མཐོང་བ་ལས། །གང་ཞིག་བླ་མའི་གདམས་ངག་ཟབ་མོའི་མཐུས། །ཆོས་སྐུ་མཐོང་བ་དེ་དག་ཤིན་ཏུ་བསྔགས། །ཇི་ལྟར་མེ་ཏོག་ཤིང་གི་ས་བོན་དག །གཅིག་


LT17_Page_266
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཅིག་བརྒྱུད་རྒྱུ་ཡི་རྗེས་འཇུག་པ། །དེ་ལྟར་བླ་མའི་མན་ངག་གཅིག་ནས་གཅིག །བརྒྱུད་འདི་ཐུབ་དབང་ཞལ་གྱི་བདུད་རྩི་ལགས། །དེ་སླད་མང་ཐོས་ཕྱོགས་ལྷུང་བྲལ་བ་དང༌། །རང་བཟོ་མེད་པར་ཆོས་བཞིན་སྨྲ་བ་རྣམས། །སྟོན་པས་བསྐལ་པ་བགྲང་དུ་མ་མཆིས་པར། །དཀའ་བས་བཙལ་བའི་ཆོས་མཛོད་འདི་འཛིན་ཡིན། །སླད་མའི་དུས་ཀྱི་གདུལ་བྱ་ལ་བརྩེ་ནས། །རྒྱལ་བ་རྣམས་ཀྱིས་ཆོས་སྐུའི་གཏེར་བཞག་ཀྱང༌། །མུན་པའི་ལག་ཁྲིད་ལོང་བ་མིག་འབྱེད་པ། །འདི་དག་མེད་ན་སུ་ཞིག་ལོངས་སྤྱོད་འགྱུར། །ཉེས་སྤྱོད་ཆེན་པོའི་རྣམ་སྨིན་མི་བཟད་པའི། །ངན་འགྲོའི་གཡང་སར་སྐྱེ་བ་བརྒྱར་ངུས་ཀྱང༌། །སུན་མེད་བྱིས་པ་སྦྲུལ་དང་རྩེ་བ་བཞིན། །ད་དུང་སྡིག་པའི་རྫབ་ལ་དགའ་བ་དག །འདི་ནི་ཁྱེད་ལ་གཅིག་ཏུ་ཕན་པ་དང༌། །འདི་ནི་རྣམ་ཀུན་ཞི་བའི་སྒོ་ཡིན་ཞེས། །གདམས་པའི་དུས་སྟོན་ཉིན་བཞིན་འབྱུང་བ་ཡིས། །གཏན་བདེའི་ས་ལ་རྐང་པ་དྲང་མཛད་པ། །དེ་དག་དཀའ་བ་རྒྱ་ཆེན་མཛད་པ་སྟེ། །གང་དག་བདག་ལ་བྱ་དཀའ་བགྱིད་བགྱིད་པའི། །སྔོན་གྱི་མཚུན་དང་ཕ་མ་ཉེ་དུ་སོགས། །སུས་ཀྱང་འདི་འདྲའི་དཀའ་བ་བགྱིས་པ་མེད། །ཕན་འདོགས་ཞིང་གི་ངང་ཚུལ་འདི་འདྲ་འདི། །བསམ་ན་དེ་སྐྱོན་མཐོང་ཡང་སྨད་འོས་ཅི། །སེམས་ཅན་སངས་རྒྱས་བསྒྱུར་བའི་བཀའ་དྲིན་ཏེ། །བྱང་ཆུབ་སྙིང་པོའི་མཐར་ཡང་གཞལ་སླ་མིན། །ཁྱད་པར་ཟབ་མོ་རྡོ་རྗེ་ཐེག་པ་ཡི། །རྒྱུད་དོན་གསལ་བར་བལྟ་བའི་མིག་གཅིག་


LT17_Page_267
[མ་དཔེ་གཟིགས་ན་འདིར་གནོན།]

པུ། །གྲངས་མེད་རྡོ་རྗེ་འཆང་དབང་ངོ་བོ་ཉིད། །དཀོན་མཆོག་བཞི་པ་ཞེས་སུ་རྒྱུད་ནས་བསྔགས། །པི་ཝཾ་སྦྱོར་ཀུན་ཚོགས་ཀྱང་རྒྱུད་མེད་ན། །རོལ་མོའི་དགོས་པ་མི་ནུས་དེ་བཞིན་དུ། །སློབ་དཔོན་ཞལ་ནས་དབང་བསྐུར་མ་ཐོབ་པའི། །སྒྲུབ་པོ་དེ་དག་ཅི་ཡང་མི་འགྲུབ་གསུངས། །སློབ་དཔོན་མཉེས་པ་རབ་འབྲིང་ཐ་མ་ཡི། །རིམ་པ་ཇི་བཞིན་དངོས་གྲུབ་འགུགས་པའི་སྟོབས། །མཆོག་འབྲིང་དམན་པའི་ཁྱད་པར་དུ་མ་ཞིག །རྒྱུད་དོན་རིག་པའི་མིག་སྔར་ཡང་དག་གྲུབ། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་སྤངས་པ་ཡི། །ཐ་མལ་རྣམ་རྟོག་རྒྱུན་ལ་གནས་ནས་སུ། །དབང་བཞིའི་ཡེ་ཤེས་སྨིན་པར་མི་ནུས་ཞེས། །རྡོ་རྗེ་ཅན་གྱིས་ལན་མང་གསུངས་པའི་ཚུལ། །རྣམ་དག་རིགས་པའི་ལམ་ནས་ཡིད་ཆེས་ན། །གང་གི་སྒོ་ནས་བླ་མར་འཇོག་པ་ཡི། སྒོ་དེ་བླ་མ་སངས་རྒྱས་བལྟ་བ་ཡི། །དྲི་མ་མེད་པའི་རྒྱུ་མཚན་ཁོ་ནར་གྲུབ། །ཏིལ་གྱི་གོང་བུ་གཏམས་འདྲས་རྒྱལ་བ་ཡང༌། །རྡོ་རྗེ་སློབ་དཔོན་རྣམས་ཀྱི་ལུས་ཞུགས་ནས། །སྔགས་པའི་ཚོགས་གཉིས་རླབས་ཆེན་རྫོགས་བྱེད་ཅིང༌། །སྔོན་བསགས་ལས་སྒྲིབ་མང་པོ་སྦྱོང་གསུང་དང༌། །དེ་ཕྱིར་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ༌།ཐ་མལ་གཟུགས་ཀྱིས་དངོས་གྲུབ་སྦྱིན་ནོ་ཞེས། །བདེན་པའི་ཞལ་བཞེས་རྒྱུད་སྡེ་མང་པོ་རུ། །བཀའ་སྩལ་དེ་དག་སྒོ་འདིའི་ངེས་པ་རྙེད། །ཇི་ལྟར་གདུལ་བྱ་འདུལ་བའི་དབང་སྣ་ཚོགས། །བཟུང་ནས་དཀྱིལ་འཁོར་དབང་ཕྱུག་རང་ཉིད་ཀྱང༌། །ཞི་དང་ཁྲོ་བོ་བདུད་སྲིན་ཕྲ་མེན་སོགས། །རྣམ་པ་


LT17_Page_268
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོའི་ཐབས་མཁས་སྟོན་པ་ལྟར། །ཆགས་དང་ཁྲོ་དང་ཤིན་ཏུ་འགྱེད་ལ་སོགས། །བླ་མའི་མཛད་སྤྱོད་ལེགས་ཉེས་ཅིར་སྣང་ཡང༌། །དེ་ཉིད་རིག་པ་རྣམས་ཀྱི་སྒྱུ་མ་འདི། །བསམ་མི་ཁྱབ་ཕྱིར་ལོག་པར་བརྟགས་ནུས་མིན། །དེ་ཕྱིར་ཅི་མཛད་ལེགས་པར་མཐོང་བ་ཡི། །མོས་གུས་ལམ་གྱི་སྲོག་ཏུ་ངེས་རྙེད་ནས། །བསམ་དང་སྦྱོར་བ་དག་པས་དུས་ཀུན་ཏུ། །དམ་པའི་བཤེས་གཉེན་མཉེས་པ་སྒྲུབ་གྱུར་ཅིག །སྐད་ཅིག་ཙམ་ཡང་དགེ་བའི་བཤེས་གཉེན་ལ། །མི་མཉེས་མི་བགྱིད་དཀའ་བ་བརྒྱ་སྟོང་གིས། །བཤེས་གཉེན་ཚོལ་ལ་ངོམ་པ་མི་མངའ་བ། །རྒྱལ་སྲས་མཁས་པ་ནོར་བཟང་འདྲ་བར་ཤོག །དེ་མཐུས་ཐེག་མཆོག་སྤྱི་དང་བྱེ་བྲག་ཏུ། །ཟབ་ལམ་རྡོ་རྗེ་ཐེག་པའི་གནས་རྣམས་ཀུན། །དྲི་མེད་ཆོས་རབ་འབྱེད་པའི་བློ་གྲོས་ཀྱིས། །ཚང་ལ་མ་ནོར་ཇི་བཞིན་ལེགས་རྙེད་ནས། །དམ་ཚིག་སྡོམ་པ་མིག་འབྲས་བཞིན་སྲུང་ཞིང༌། །ཟབ་ཅིང་རྒྱ་ཆེའི་ལམ་རྣམས་མ་འཆོལ་བར། །ནན་ཏན་སྙིང་པོ་བྱེད་པའི་སྒྲུབ་པ་ཡིས། །མངོན་པར་རྟོགས་པའི་ཡོན་ཏན་མཐར་ཕྱིན་ཤོག །ཅེས་པའང་ཆོས་གྲོགས་སྡོམ་བརྩོན་དམ་པ་ཚུལ་ཁྲིམས་ནོར་བུ་ནས་བཤེས་གཉེན་བསྟེན་ཚུལ་གྱི་མདོ་ཆིངས་ཚིགས་བཅད་དུ་ཕབ་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་སྤྲང་སྨྱོན་འཇིགས་མེད་བསྟན་པའི་ཉི་མས་ཤར་མར་སྦྱར་བ་མངྒ་ལམ།། །།

ཐོས་བསམ་ལ་བསྐུལ་བའི་གཏམ།

༈ བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞི་གྱུར་ཐར་ལམ་བདུད་རྩི་སྐྱོན་མེད་པ། །རྣམ་དག་ཐོས་བསམ་སྒོམ་པའི་འཇུག་ངོགས་མཆོག །མཚན་ལྡན་དམ་པའི་ཞལ་ནས་ཐོས་ན་ཡང༌། །དོན་བཞིན་རང་གི་རྒྱུད་ལ་སྦྱར་


LT17_Page_269
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉུང༌། །ཐོས་པས་གཞུང་མང་མཐའ་རྒྱ་གཅོད་ནུས་ཤིང༌། །བཤད་པའི་ཚིག་གི་ལོ་འདབ་མང་གྱུར་ཀྱང༌། །གནད་དོན་ཉམས་ལེན་གཅིག་ལ་མ་དྲིལ་ན། །གདམས་ངག་སྟོང་གི་མདོ་དོན་སྟོར་བ་ལགས། །འོན་ཀྱང་མཁས་པའི་རྣམ་དཔྱོད་བཙུན་པའི་ཚུལ། །གྲུབ་པའི་གྲགས་སྙན་ཁྲི་དང་བྱེ་བ་བརྒྱ། །དང་པོ་ཐོས་པ་དམ་པའི་ལག་རྗེས་སུ། །འབྱུང་ཕྱིར་ཐོས་པ་ནོར་བུའི་གཏེར་མཛོད་ཡིན། །གང་ཞིག་ཤེས་ན་ཐོག་མེད་དུས་རིང་ནས། །གོམས་པའི་ཉེས་སྤྱོད་སྒོ་མོ་བཅད་དཀའ་བ། །བག་ཡོད་ཡོན་ཏན་སྟྭ་རེ་རྣོན་པོ་ཡིས། །གཅོད་པའི་ཡུ་བ་མཆོག་གཅིག་ཐོས་པ་ཉིད། །གང་མ་ཤེས་ན་སྡུག་ཀུན་སྲིད་པའི་ཁམས། །འབྱུང་དང་ལྡོག་པའི་རྣམ་དབྱེ་མི་ཕྱེད་པ། །ཟབ་མོ་རྟེན་འབྲེལ་སྟོན་པ་མཆོག་གི་གཏམ། །མང་ཐོས་སྐྱེ་བོ་མཁས་པའི་སྤྱོད་ཡུལ་ཡིན། །གང་ལ་བསླབ་ན་ཚོགས་ཀྱི་ཚོགས་ནང་དུ། །རིགས་པ་སྨྲ་བའི་སྐལ་བཟང་སྦྱིན་བྱེད་པ། །ཆོས་རབ་རྣམ་འབྱེད་བློ་གྲོས་དམ་པའི་སྐྱེས། །ཐོས་མང་དབྱིག་བརྒྱའི་བང་མཛོད་འདི་ལས་བྱུང༌། །གང་དུ་སླེབས་ན་ཕྱིན་ཆད་མི་ལྡོག་པའི། །མྱ་ངན་འདས་པ་རིམས་ནད་མེད་པའི་གནས། །ཇི་བཞིན་བརྙེས་ནས་དེ་བཞིན་སྟོན་པ་ཡང༌། །ཐོས་པའི་ཐེམ་སྐས་བཙུགས་ན་དཀའ་བ་མེད། །གང་ལྟར་སྦྱངས་ན་འཕགས་ལམ་མ་སྐྱེས་པར། །གློ་བུར་འཆི་བདག་ཞགས་པ་བརྐྱང་འགྱུར་ཀྱང༌། །མྱུར་དུ་གཞན་དྲིང་མི་འཇོག་རྣམ་དཔྱོད་བློས། །རང་འབྲས་ལག་རྩེར་སྦྱིན་པ་ཐོས་པའི་དྲིན། །གང་གི་དགོས་པ་ཚེ་དེར་མ་གྲུབ་ཀྱང༌། །ཚེ་


LT17_Page_270
[མ་དཔེ་གཟིགས་ན་འདིར་གནོན།]

རབས་གཞན་དུ་རྒྱལ་མང་བསྙེན་བཀུར་ཏེ། །རྒྱལ་གསུང་ཐེག་གསུམ་བདུད་རྩིའི་སྣོད་གྱུར་པ། །ཐུབ་ཚུལ་ཐོས་པ་མང་ན་ཤིན་ཏུ་ཉེ། །གང་དུ་གཅེས་པར་བསྐྱང་བའི་ལུས་དང་སྲོག །སྟོབས་འབྱོར་ཁབ་རྩེ་ཙམ་ཡང་མི་འབྲང་བའི། །གདུག་པ་གཤིན་རྗེའི་ཁྲིམས་རར་སོང་ན་ཡང༌། །ཐོས་པའི་དགའ་སྟོན་གྲིབ་མ་བཞིན་དུ་འོང༌། །ཀུན་གཟིགས་སྟོབས་བཅུའི་ཉི་མ་སངས་རྒྱས་ཀྱང༌། །སྡེ་སྣོད་ཚིག་རེའི་ཕྱིར་དུ་སྐུ་ཚེ་བརྒྱ། །བཏང་བའི་ནན་ཏན་གོམས་པ་ལྷུར་བཞེས་ན། །དེ་སྲས་མཁས་པའི་ཚོགས་ལྟ་སྨོས་ཅི་འཚལ། །འོད་བྱེད་ས་མཆོག་གྲུབ་པའི་སེམས་དཔའ་ཡང༌། །གསུང་རབ་ཚིགས་བཅད་གཅིག་ཕྱིར་བརྩོན་མཛད་ན། །གོང་མའི་སྐུ་སྐྱེས་ཡིན་ཀྱང་མི་འོང་གི། །དང་པོ་ཐོས་པ་དམ་པའི་ཞལ་སྐྱེམས་བཞེས། །སྟོང་ཆེན་འཇིག་རྟེན་མེས་པོ་ཚངས་པས་ཀྱང༌། །གདོལ་སྤྱོད་སྨྱིག་མ་མཁན་ལས་ཆོས་མཉན་ན། །མཐོན་པོའི་དཔོན་བླ་ཡིན་ཡང་ཅི་ལྟོ་སྟེ། །ཐོས་པ་སྐྱེ་དགུའི་གཉེན་འདིར་སྤྱི་བོས་འདུད། །ཆེན་པོར་གྲགས་པའི་དྲང་སྲོང་རྒྱས་པས་ཀྱང༌། །ཐུབ་ལ་ཉི་ཚེར་གྱུར་པའི་ཆོས་དྲིས་ན། །སྟོན་ཆེན་སྟོབས་འབྱོར་དྲེགས་པས་མི་ཆོག་གིས། །ཐོས་པ་ཡོན་ཏན་ཚོགས་མང་འདིར་ཞུགས་ཤིག །བཙན་ཡང་སྡིག་པ་དཔུང་དང་བསྡུར་རྒྱུ་མེད། །ཕྱུག་ཀྱང་ཐར་པ་ཉོ་རུ་མི་བཏུབ་ན། །དྲེགས་ལྡན་རྒྱལ་པོ་ཡིན་ཡང་མི་འོང་གི། །མང་ཐོས་མཁས་པའི་ཞབས་རྡུལ་སྤྱི་བོས་ལོངས། །མཐོ་ཡང་ཐོས་པ་གསུག་འབུལ་ལེན་མེད་ཅིང༌། །དམའ་ཡང་ཐོས་པ་བརྙས་ཐབས་བྱེད་མེད་དེ། །


LT17_Page_271
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་གང་ཞིག་ཀློག་པའི་ནན་ཏན་ཅན། །དེ་དག་སྙིང་ལ་ཐོས་མང་སོག་པར་འགྱུར། །སྐྱོབ་པའི་སྐྱབས་སུ་ཐོས་པ་འཇིག་རྟེན་མིག །མཐུན་པའི་ཡོན་ཏན་ནོར་བརྒྱའི་མཆོག་སྟེར་ཞིང༌། །མི་མཐུན་ཉེས་པ་སྟོང་གི་དགྲ་གསོད་པ། །འདི་ལ་བརྟེན་ན་དུས་ཀུན་བསླུ་བ་མེད། །སྤྱོད་པའི་ཁྱད་ནོར་ཐོས་པ་རིན་ཆེན་གཏེར། །རྣམ་གྲོལ་འདོད་དགུའི་དགའ་སྟོན་འདིས་སྦྱིན་ཏེ། །བསྐལ་མང་གོམས་པའི་མི་ཤེས་དབུལ་བ་ཡང༌། །འདི་ལ་བརྟེན་ན་རྩ་སྦུར་མེ་ཆེན་བཞིན། །མཐུན་པའི་གཉེན་བཤེས་ཐོས་པ་ལེགས་དགུའི་གཉེན། །མ་འདྲིའི་མཛའ་བཤེས་གཅིག་གྱུར་འདི་ཡིན་ཏེ། །འབྱོར་བའི་དུས་དང་རྒུད་པའི་དུས་ཀུན་ཏུ། །ཕན་དང་བདེ་བའི་གཞི་གྱུར་འདི་ཁོ་ན། །སྔར་ཞིག་ཐོས་པ་ལུང་གི་བ་དན་འདིས། །ཡང་དག་ལྟར་སྣང་ཐང་ཤ་གཅོད་མོད་དེ། །ད་ནི་སྟོན་ཆེན་རྟ་ཐོགས་རྙེད་བཀུར་འདིས། །ཟོག་པོ་གྲུབ་བརྫུའི་དབུ་འཕང་མཐོ་བ་ལགས། །སྔར་ཞིག་ཐོས་པ་རིགས་པའི་རལ་གྲི་འདི། །ཆོས་མིན་ཞགས་པ་གཅོད་པའི་མཚོན་ཆ་སྟེ། །ད་ནི་གཟུ་ལུམ་བསྟན་སེལ་སྡེ་འཁྲུགས་འདིས། །ཆོས་མིན་སྨྲ་བ་ཤེད་ཀྱིས་བཀུར་བ་མང༌། །སྔར་ཞིག་ལེགས་བཤད་ཐོས་པའི་མེ་ཏོག་འདིས། །བློ་གསལ་སྟོང་གི་དུས་སྟོན་བྱས་སྐད་དེ། །ད་ནི་ཐོས་གོག་ཚིག་གི་སྤུན་པ་ཞེས། །སྒོམ་ཆེན་སྟོང་གི་རྣ་བ་རྟག་ཏུ་འགེབས། །སྔར་ཞིག་ཐོས་པ་ཉམས་ལེན་གཏེར་མཛོད་དེ། །དགྲ་བཅོམ་ཁྲི་ཕྲག་ཁྲི་བརྒྱའི་གཤེགས་ཤུལ་ཉིད། །ད་ནི་ཐོས་པ་སྒོམ་གྱི་གཤེད་མ་


LT17_Page_272
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །མཐོང་བའི་རྟོགས་ལྡན་ས་ཡི་དྲེགས་པ་ཙམ། །འདོད་པའི་ཁོལ་པོ་སྐྱེད་མ་བསད་པ་ཡང༌། །རྒྱལ་བའི་སྡེ་སྣོད་མང་དུ་ཐོས་པ་ལས། །མནར་མེད་དམྱལ་བར་དར་གྱི་ཕོ་ལུང་ཙམ། །སོང་ནས་འཆི་མེད་ལྷ་བརྒྱས་བསུས་ཞེས་ཐོས། །ཆགས་སྡང་ཚེར་མའི་དཔལ་ཀྱང་མི་ཆོག་པའི། །ཟབ་གྲག་ཉམས་ལེན་མཐོན་པོའི་ལྟ་སྟངས་འདི། །བཞག་ནས་ཐོས་པ་ཡོན་ཏན་རིན་པོ་ཆེའི། །གཏེར་མཛོད་དགའ་བའི་ཚལ་འདིར་ཞུགས་ན་ལེགས། །ཐོས་པ་བདུད་རྩིའི་རྡུལ་མང་རྣ་བ་རུ། །སོན་པའི་བགོ་སྐལ་ལག་ཏུ་ཐོབ་ན་ཡང༌། །ཐོས་དོན་རང་གི་རྒྱུད་དང་མ་སྦྱར་ན། །ཚིག་ཙམ་སྙིང་པོར་རེ་བ་བྱིས་པ་ཡིན། །སྔོན་དུ་རང་སེམས་ཆོས་སུ་མ་སྦྱར་ན། །ལེགས་བཤད་གཞན་ལ་འཆད་པ་ནེ་ཙོའི་ཁ། །རིགས་ལམ་སྟོང་གི་རྣོ་སོ་ཚུར་བསྐོར་ཏེ། །རྟོག་ངན་འཁྲིལ་བའི་དུག་རོ་ཁུང་ནས་ཐོན། །བཤད་པས་ཀུན་རྨོངས་ཉེས་པ་བརྒྱ་སེལ་ཞིང༌། །རྩོད་པས་ལྟ་བ་ངན་པའི་ལམ་འགོག་ལ། །བརྩམ་པས་ལེགས་ལམ་སྟོང་གི་དམིགས་ཕྱེ་བས། །ཀུན་ཀྱང་རང་སེམས་འདུལ་བའི་གྲོགས་སུ་འགྲོ། །བཤད་ན་མི་བརྗེད་དྲན་པའི་གསལ་འདེབས་ཤིང༌། །རྩོད་ན་རྒྱལ་བའི་ལམ་ལ་ངེས་པ་བརྟན། །བརྩམ་ན་ཤེས་རབ་ཟབ་མོའི་བོགས་འདོན་པ། །དུས་རྣམས་ཀུན་ཏུ་ཆོས་ཀྱི་དགའ་བ་འཕེལ། །རྟོགས་དོན་ལེགས་པར་འདོམས་པའི་བཤད་པ་དང༌། །ལམ་མིན་ཐབས་ཀྱིས་འགོག་པའི་བརྒལ་དང་རྟགས། །ཚུལ་གསུམ་ཡོན་ཏན་ཚང་བའི་རྩོད་པ་གསུམ། །རང་དོན་ཞར་


LT17_Page_273
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲུབ་པའི་གཞན་ཕན་ཡིན། །གཞན་དུ་སྨྲ་ལ་དགའ་བའི་རྟོག་གེ་བ། །དམ་ཆོས་མར་ཁུའི་ཡང་ཞུན་བཏུང་ནས་སླར། །ཆོས་སྤང་སྐྱུགས་པ་འབྱིན་པའི་ངན་སྤྱོད་འདིས། །ཐུབ་བསྟན་ཤ་ནེའི་གོས་བཟང་ཡོང་མི་མཛེས། །དཔྱད་པས་བསམ་བྱུང་ངེས་པ་འདྲེན་མོད་ཀྱི། །ཟབ་མོ་གོ་བ་གནད་དུ་མ་སོང་ན། །ཤེར་འཆལ་རིན་གྱིས་ཉོས་པ་ཡིན་མཆི་སྟེ། །བསམས་ཤིང་བསམས་ན་ལོག་པའི་ལམ་དུ་འགྲོ། །བཤད་པས་ལུང་གི་རྒྱལ་བསྟན་འཛིན་མོད་ཀྱི། །དོན་དུ་རང་གི་རྒྱུད་དང་མ་འདྲེས་ན། །བཤད་ཚད་ཁ་གཡང་བོས་པ་ཡིན་མཆི་སྟེ། །དོན་མེད་རྣམ་གཡེང་ཁོལ་པོར་མི་ཚེ་ཟད། །རྩོད་པས་རིགས་ལམ་གདར་ཤ་གཅོད་མོད་ཀྱི། །རྣམ་དག་རྟོན་པ་བཞི་དང་མ་འབྲེལ་ན། །རྒྱལ་བསྟན་དབྱེན་ལ་སྦྱར་བ་ཡིན་མཆི་སྟེ། །སྙིང་པོའི་ཟབ་དོན་མི་ཤེས་ལྕོ་ཀའི་ཁ། །རྩོམས་པས་ལེགས་བཤད་གོམས་པ་སྐྱེ་མོད་ཀྱི། །ཐར་ལམ་བདུད་རྩིའི་ཐིགས་ཕྲེང་མི་འཆད་ན། །རྒྱ་སྣག་ཤོག་གུའི་དྲོན་འཛར་ཡིན་མཆི་སྟེ། །སྙན་ཚིག་ཕལ་ཆེར་བྱིས་པ་འདྲིད་པའི་ངག །དེ་སླད་ཐུབ་པ་ཆེན་པོའི་མདོ་སྡེ་ལས། །སྨྲ་ལ་དགའ་བའི་ཉེས་པ་མང་མཐོང་བས། །རྒྱལ་བསྟན་སྙིང་པོ་སྒྲུབ་པའི་ནན་ཏན་དུ། །མཐོང་ནས་ཐོས་བསམ་སྒོམ་པའི་དགའ་བས་ཞུགས། །དེ་སྐད་འཇིགས་མེད་བྱིས་པའི་སྤྲང་སྨྱོན་དེས། །དགེ་མཚན་པདྨོའི་འདབ་རྒྱ་འཛུམ་པའི་ཞལ། །མདོ་སྨད་ཟལ་མོ་སྒང་གི་ཉེ་རྒྱུད་དུ། །བྱུང་རྒྱལ་སྨྱོན་པའི་གཏམ་དུ་སྦྱར་བ་ཡིན། །


LT17_Page_274
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་སྔ་སོར་འདི་དང་ཕྱོགས་མཚུངས་གྱི་ཚིགས་བཅད་བཅུ་ལྷག་ཙམ་བྲིས་པ་ལས་སླར་ཅུང་ཟད་ཁ་བསྐངས་ཏེ་བཀོད་པ་དགེ་བར་གྱུར་ཅིག། །།

ནགས་ཀྱི་གཏམ་པདྨ་དཀར་པོ།

༈ མཚན་དཔེའི་སྙེ་མ་དར་བབས་སྐུའི་འཁྲི་ཤིང༌། །སློབ་པ་མིན་པའི་ཡེ་ཤེས་འབྲས་བཟང་ཁུར། །འདེགས་བཟོད་རྣམ་དཀར་རྒྱ་མཚོའི་དཔུང་བ་ཅན། །མི་འདུལ་ཤཱཀྱའི་ཏོག་དེས་རྟག་སྐྱོངས་ཤིག །སྐྱོབ་པ་མཆོག་དང་དེ་སྲས་བདག་ཉིད་ཆེས། །དབེན་པའི་བསྔགས་བརྗོད་མེ་ཏོག་རྒྱན་ཕྲེང་གིས། །མཛེས་སྡུག་སྣང་བ་འབུམ་སྦྱིན་ཞི་བའི་ནགས། །གང་ན་གཏམ་གྱི་ཆར་ཟིམ་འདི་ཡང་འབབ། །གྲོང་ཁྱེར་ཆེན་པོ་འཇིགས་བྱེད་ཧ་ལའི་ཤིང༌། །གཡོ་བའི་ལོངས་སྤྱོད་འབྲས་བུ་གཡུར་ཟ་བ། །འཚོ་བྱེད་ནགས་མའི་ལྗོང་བཞིན་བསྙེན་བགྱིད་པའི། །སྐྱེ་བོ་དེ་དག་བདག་ལ་རྔམས་པ་ལགས། །མཛའ་བའི་གཡར་དམ་བཅས་པ་མི་འགོང་པའི། །རྐང་གཉིས་གྲོགས་ཀྱི་འདུ་བ་འབུམ་ཕྲག་བརྒྱ། །སྣ་ཚོགས་ལས་དབང་བཙན་པོས་བདས་བཞིན་དུ། །ལྔ་པའི་ལམ་ནས་སོ་སོར་གྱེས་པ་ལགས། །རྩུབ་མོའི་ངག་ཚིག་ཆུ་སྲིན་ཀུམྦྷི་རས། །བཟུང་བ་མིན་པའི་གསང་གཏམ་གང་གཱའི་རྒྱུན། །རྣ་བའི་བཅུད་དུ་སྒྲེང་བའི་ལྷ་གྲོགས་ཀྱང༌། །འཆི་བྱེད་གཤེད་མར་འགྲོ་བའི་དུས་ཤིག་ཡོད། །འབྱོར་བའི་ཉིན་བྱེད་བཀྲག་ཏུ་བལྟས་པའི་ཚེ། །མཛའ་གཅུགས་མེ་ཏོག་བཞད་པ་ཆེས་མང་ཡང༌། །བཀྲེན་ཕོངས་ཐུན་གསུམ་རང་ཞལ་རྔམས་པ་ན། །ཉེ་དུའི་ཐ་ཚིག་ཟུམ་པ་བཞིན་དུ་འགྱུར། །བརླང་པོའི་གཏུམ་ཚིག་གཡབ་མོ་གཅིག་གིས་ཀྱང༌། །ཁྲོ་གཉེར་མི་བཟད་ཕྱོགས་


LT17_Page_275
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མགྲོན་པོ་བརྒྱ། །མཁུར་ཚོས་ལྭ་བ་དམར་པོའི་ལྡིང་ཁང་དུ། །སྡུད་པའི་གྲོགས་དེ་བསྙེན་པར་དཀའ་བ་ཡིན། །སེར་སྣའི་མདུད་པ་ཤིན་ཏུ་གཞིག་དཀའ་བས། །འཁྱུད་བཅིང་བདོག་པའི་འབྱོར་པ་ལྷུན་སྡུག་ཀྱང༌། །རྔམ་སྟབས་བེ་ཅོན་གདེང་བའི་བདུད་རྒྱལ་དེས། །སྒྲེན་མོ་ཁོ་ནར་ཤུལ་རིང་ལམ་དུ་འཁྲིད། །ཁང་མིག་ཡིད་འོང་བརྩེགས་པའི་ཐ་གྲུའི་ཁྱོན། །སྣ་ཚོགས་རིན་ཆེན་དབྱིག་བརྒྱས་ལྕི་བྱས་ཤིང༌། །ལྷབ་ལྷུབ་དར་གྱི་གོས་བཟང་རྣམ་བཀོད་ཀྱང༌། །དུས་ཀྱི་ཞགས་པས་འཕྲོགས་པ་འབའ་ཞིག་འགྱུར། །ཕྲག་དོག་སྨིན་མ་ཡོ་བའི་ཤ་བ་རིས། །འབྱོར་དགུའི་རྭ་དཀར་འདྲེག་ལ་ཆེས་རྔམ་སྟེ། །གཡོ་ཐབས་མེ་མདའི་འཁྲུལ་འཁོར་ལྷུར་བླང་བ། །ནོར་ལྡན་ཤ་བ་རོག་པོའི་གཙུག་ཏུ་འབབས། །དལ་བ་མིན་པའི་བརྟུལ་ཞུགས་བརྒྱ་ཕྲག་གིས། །རྙེད་དང་བཀུར་སྟིའི་ཁྱད་ནོར་རབ་བསགས་ཤིང༌། །གྲགས་པའི་དུང་ཆེན་སྲིད་པའི་ཁོང་བུས་ཀྱང༌། །ནམ་ཞིག་སྣང་བ་མེད་པའི་ཕྱོགས་སུ་འགྲོ། །འདུ་འཛི་ལྟད་མོའི་དགའ་བ་མི་འཕེལ་ཞིང༌། །རྣམ་གཡེང་བཞིན་རས་འགོད་ལ་མི་ཕྱོགས་པར། །སྦྱངས་པའི་ཡོན་ཏན་མེ་ཏོག་འདུན་ཁང་དུ། །འཇུག་ལ་རིངས་པར་རིངས་པར་ཆས་དེ་མཚར། །སྨན་གྱི་ནགས་ཚལ་རིང་ནས་བཤམ་པ་བཞིན། །རྡོ་ལེབ་ཁྲི་སྟན་ལག་པས་བཀྲམ་པ་བཞིན། །ཁུ་བྱུག་བུ་མོས་རྒྱང་གླུས་བསུ་བ་བཞིན། །བསམ་གཏན་འདོད་རྣམས་ད་ནི་གཤེགས་རེ་རེན། །དཔྱ་ཁྲལ་ཅོད་པན་འཆང་བའི་ས་བདག་དང༌། །གླ་རྔན་སློང་མོར་སློང་བའི་བྲན་གཡོག་དང༌། །དགའ་


LT17_Page_276
[མ་དཔེ་གཟིགས་ན་འདིར་གནོན།]

གཅུགས་ཞགས་པ་སྐྱོང་བའི་མཛའ་བཤེས་ཀྱིས། །ཞི་བའི་ནགས་འདབ་བཏང་བ་འབའ་ཞིག་ཡིན། །བསོག་བསྲུང་སྤེལ་བའི་ཆོ་གས་མ་བྲེལ་ཞིང༌། །འཁོན་ཞེན་རྟོག་པའི་ཁུར་ཆེན་མ་བཟུང་བར། །དབེན་པའི་ནགས་རིར་ཏིང་འཛིན་འབྱོར་ཚོགས་ཅན། །སྤོང་བ་པ་དེ་བདེ་ཞིང་བདེ་བ་ལགས། །ལྷུན་སྟུག་རི་བོ་ལྷ་ཡུལ་རི་འདྲ་བར། །དུས་བཞིའི་རི་མོར་བྲིས་པ་ལྟར་སྣང་བས། །ཆོས་ཀྱི་སྡོམ་བཞིའི་ཐོག་མར་མཚོན་བགྱིད་དེ། །ཐར་འདོད་རྣམས་ལ་དགེ་བའི་བཤེས་གཉེན་ཡིན། །མཐའ་དང་དབུས་མེད་ཀུན་ཁྱབ་གདལ་བ་ཆེ། །འགྲོ་འོང་མཚན་མ་གཞར་ཡང་དམིགས་མིན་པའི། །དྲི་མེད་མཁའ་དབྱིངས་ཤིན་ཏུ་ཞི་བ་འདིས། །མྱ་ངན་འདས་པ་སྤྲོས་ཀུན་ཞི་བར་སྟོན། །སྤུ་སྡུག་ལྷ་བྱ་བྱ་ཝང་མགྲིན་པའི་ཤིང༌། །ཁྲ་གླག་དྲག་ཤུལ་དགྲ་སྟའི་དྲུང་ཕྱུངས་ཏེ། །ཁྲག་གི་སྐྱང་ནུལ་ཡང་དང་ཡང་བཏབ་པས། །སྲིད་ཁམས་སྡུག་བསྔལ་ཕུང་པོ་མཚོན་མིན་ནམ། །ནགས་ཀྱི་སྨན་ལྗོངས་དྭངས་ཤིང་གཙང་བའི་ངོགས། །སྨིག་རྒྱུའི་སྟོད་གཡོག་བཀབ་པ་བཞིན་གྱུར་པའི། །རྟེན་འབྱུང་སྣང་བ་སྣང་བཞིན་སྟོང་ངོ་ཞེས། །རྟོགས་པར་དཀའ་བའི་ཆོས་ཚུལ་ཟབ་མོ་འདོམ། །ཆོས་ཀྱི་སྡོམ་བཞིའི་བརྡའ་ཐབས་འདི་འདྲི་བ། །ཞི་བའི་ནགས་སུ་ལྟད་མོར་བཀྲམ་ནས་སླར། །བདེ་བའི་ཚོགས་ཆས་བདེ་བ་མཆོག་སྟེར་བའི། །རྣལ་འབྱོར་ཅན་ལ་ཕུ་དུད་རི་མོར་བྱེད། །ལྕུགས་མའི་ཕང་ཕུང་རྣམ་རྒྱལ་ལྷའི་ཁང་བཟང༌། །ཤིང་བལ་གཞོན་ནུའི་ལྷབ་ལྷུབ་འབུམ་གཡོ་ཞིང༌། །རི་སྐྱེས་ལྷ་མོའི་ཟློས་གར་རྩེན་པ་ན། །རྣལ་


LT17_Page_277
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དབང་ཕྱུག་ལྷ་དབང་བཞིན་དུ་བརྗིད། །མར་གད་ཞུན་མར་བཞུས་འདྲའི་ནགས་འདབས་ལ། །སྲེ་བཞོན་རེག་པ་འཇམ་པོས་འཛུམ་བྱིན་པས། །བསིལ་བཅུད་བདུད་རྩིའི་བགོ་སྐལ་མཆོག་སྦྱིན་ཏེ། །རྔ་ཡབ་དེ་འདྲས་བསམ་གཏན་འདོད་རྣམས་མཛེས། །ལྷོད་ལྷོད་འདབ་མ་སྐྱོད་པའི་རྐང་འཐུང་དབང༌། །འབོལ་འཇམ་ཤིང་ལོའི་རེག་པ་ཁྲག་ཁྲིག་གིས། །གཙུག་ཕུད་ཡང་དང་ཡང་དུ་ཉེར་ཕྱུག་པས། །བསམ་གཏན་སྒོམ་ལ་དབུགས་འབྱིན་བྱེད་པ་བཞིན། །སྤྲིན་དཀར་ཁ་ཡི་ཟེག་མ་སྐྱུག་པའི་ཆུས། །ལྗོན་པའི་ནགས་ཚལ་གདོང་བ་བཀྲུས་ནས་སླར། །མེ་ཏོག་ག་ཤལ་ལན་བརྒྱར་འཛུམ་བྱས་པས། །ནགས་ཀྱི་དབང་ཕྱུག་གཟིགས་མོས་མཉེས་པར་བྱེད། །དབང་སྔོན་ནོར་བུའི་མདངས་འདྲ་བདུད་རྩིའི་ཀླུང༌། །སྐོམ་རེག་བདུད་རྩིའི་གདུངས་བ་གཞིལ་མཁས་པས། །ནགས་ཀྱི་རྣལ་འབྱོར་འཚོ་བའི་ལས་བྱེད་དེ། །དུས་རླབས་ཕྲེང་བའི་རྣལ་འབྱོར་ཅན་ལ་འདུད། །འདབ་བཟང་ངང་པ་གཞོན་ནུའི་མགྲིན་པའི་རྔ། །འགྲོ་འོང་དབུགས་ཀྱི་དཎྜིས་བསྐུལ་བ་ལས། །དབྱངས་ལྡན་ངག་གི་སྒྲ་སྐད་མི་ཟད་པའི། །སྤོང་བའི་ལས་ཅན་སྙིང་ལ་དགའ་བ་འཕེལ། །བདེ་བའི་རྒྱུ་ཚོགས་དེ་དང་དེ་འདྲ་བ། །དབེན་པའི་ནགས་སུ་རང་བཞིན་ལྷུན་གྲུབ་སྟེ། །ཐར་པ་འདོད་པའི་སྐལ་བཟང་སྐྱེས་བུ་ནི། །ནགས་ཀྱི་ལྗོངས་སུ་བདེ་བ་མཆོག་དང་ལྡན། །ནགས་རིའི་ཡོན་ཏན་དཔག་བསམ་དཔལ་འདྲ་བ། །བསྐལ་བར་བརྗོད་ཀྱང་ཕ་མཐའ་ཡས་མོད་ཀྱི། །ཉུང་ངུའི་ངག་འདི་དབེན་པའི་ནགས་འདབ་ལ། །


LT17_Page_278
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བའི་ཡིད་ཀྱིས་གང་དྲན་བྲིས་པ་ལགས། །བསྔགས་འོས་བསྔགས་བརྗོད་དྲི་ཟའི་རྒྱུད་མངས་ལས། །བླང་བའི་ལེགས་བྱས་བསོད་ནམས་སྤྲིན་ཕུང་འདིས། །ཕན་དང་བདེ་བའི་ཆར་ཆེན་འབུམ་སྙོལ་བས། །འཇིག་རྟེན་གསུམ་གྱི་ཐ་གྲུ་ཤིས་གྱུར་ཅིག །ནགས་ཀྱི་གཏམ་པདྨ་དཀར་པོ་ཞེས་བྱ་བ་སྤྲང་པོ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་སྦྱར་བ་དགེ་ཞིང་བཀྲ་ཤིས།། །།

བདེན་གཉིས་རྣམ་བཞག

༈ ལྷ་ཡི་ལྷ་མཆོག་འཇིག་རྟེན་འདྲེན་པ་ཤཱཀྱའི་དབང༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ། །ཐུབ་བསྟན་འདྲེན་པའི་ཤིང་རྟ་ཆེན་པོ་རྣམ་གཉིས་སོགས། །བདེ་གཤེགས་སློབ་མར་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་ལེགས་པར་ཤེས་གྱུར་ན། །ཡོན་ཏན་ཚད་མེད་དང་ལྡན་པའི། །བདེན་གཉིས་རྣམ་པར་བཞག་པ་ནི། །ཤིན་ཏུ་བསྡུས་ཏེ་གསལ་བར་བྱ། །དེ་ལ་བདེན་གཉིས་གཏན་ལ་ཕབ་པའི་ཕན་ཡོན། བདེན་གཉིས་མ་ཤེས་པའི་ཉེས་དམིགས། བདེན་གཉིས་ཀྱི་གོ་རིམ། བདེན་གཉིས་གཏན་ལ་འབེབས་ཚུལ་ལོ། །དང་པོ་ནི། བདེན་གཉིས་ཆོས་ཅན། གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། །ཀ་མ་ཤི་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་དཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་བདེན་གཉིས་ཤེས་པས་སྟོན་པའི་གསུང་རབ་ལ་རྨོངས་པ་མེད་པའི་ཤེས་རབ་འཐོབ་ཅིང་དེ་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་


LT17_Page_279
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ས་ལ་འགྲོ་བར་གསུངས་པའི་ཕྱིར། གཉིས་པ་ནི། བདེན་གཉིས་ཆོས་ཅན། ཁྱོད་མ་ཤེས་པ་ལ་ཉེས་སྐྱོན་ཡོད་དེ། དཔལ་ལྡན་ཟླ་བས། ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་དང༌། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །བདེན་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་བདེན་གཉིས་མ་ཤེས་པས་བདེ་བར་གཤེགས་པའི་གསུང་རབ་ལ་རྨོངས་པ་ལ་སོགས་པ་དང་ཆབས་གཅིག་ཏུ་གནས་པར་གསུངས་པའི་ཕྱིར། གསུམ་པ་ནི། བདེན་གཉིས་ཆོས་ཅན། ཁྱོད་ལ་གོ་རིམ་ཡོད་དེ། ཞི་བ་ལྷས། བརྟག་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་བྱ་བ་སོགས་གསུངས་པ་ལྟར་ཀུན་རྫོབ་བདེན་པའི་མཚན་གཞི་ངེས་པར་བྱས་རྗེས། དེ་ཉིད་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱིས་གྲུབ་པས་སྟོང་པའི་དོན་དམ་བདེན་པ་ངེས་པར་བྱས་ཏེ། དེའི་རྗེས་སུ་ཀུན་རྫོབ་བདེན་པ་ངེས་དགོས་པའི་ཕྱིར། བཞི་པ་ལ། བདེན་གཉིས་ཀྱི་དབྱེ་གཞི། མཚན་ཉིད། དབྱེ་བ། སྒྲ་དོན། གཅིག་ཐ་དད་བརྟག་པ། གཏན་ལ་འབེབས་བྱེད་ཀྱི་རིགས་པ། དེ་ལྟར་ཉམས་སུ་བླང་བའི་ལག་རྗེས་ཀྱི་རིམ་པའོ། །དང་པོ་ནི། བདེན་གཉིས་ཆོས་ཅན། ཁྱོད་ལ་དབྱེ་གཞི་ཡོད་དེ། ཤེས་བྱ་ཙམ་ཡིན་པའི་ཕྱིར། གཉིས་པ་ནི། ཀུན་རྫོབ་བདེན་པ་ཆོས་ཅན། ཁྱོད་ལ་མཚན་ཉིད་ཡོད་དེ།


LT17_Page_280
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་གང་ཞིག །ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་རང་ཉིད་ལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བ་དེ་ཡིན་པའི་ཕྱིར། དོན་དམ་བདེན་པ་ཆོས་ཅན། ཁྱོད་ལ་མཚན་ཉིད་ཡོད་དེ། མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་གང་ཞིག །མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མ་རང་ཉིད་ལ་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མར་སོང་བ་དེ་ཡིན་པའི་ཕྱིར། དེ་ཡང་སངས་རྒྱས་འཕགས་པའི་རྒྱུད་ཀྱི་མཐར་ཐུག་དཔྱོད་བྱེད་ཀྱི་བློ་ཆོས་ཅན། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ཡིན་པར་ཐལ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཀུན་རྫོབ་བདེན་པ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་ཐལ། དེ་ཐ་སྙད་དཔྱོད་བྱེད་ཀྱི་བློ་ཡིན་པའི་ཕྱིར། འདོད་ན་རིགས་སོ། །དེ་ཆོས་ཅན། ཁྱོད་ཀུན་རྫོབ་རང་ཉིད་ལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བར་ཐལ། དེའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། ཁྱོད་ཀྱི་གཞལ་བྱ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཐ་སྙད་དཔྱོད་བྱེད་ཀྱི་བློ་ཡིན་པའི་ཕྱིར། འདོད་ན་དམ་བཅའ་སྔ་མ་དང་འགལ་ལོ། །གསུམ་པ་ནི། བདེན་གཉིས་ཆོས་ཅན། ཁྱོད་ལ་དབྱེ་བ་ཡོད་དེ། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་པོ་དེ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྤྱོད་འཇུག་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་གསུངས་པའི་ཕྱིར། དང་པོ་ཆོས་ཅན། ཁྱོད་ལ་དབྱེ་བ་ཡོད་དེ། ཡང་ལོག་གི་ཀུན་རྫོབ་


LT17_Page_281
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་རང་སྣང་བའི་བློ་ལ་སྣང་བ་ལྟར་དོན་བྱེད་ནུས་མི་ནུས་གཉིས་སུ་གསུངས་པའི་ཕྱིར། གཉིས་པ་ཆོས་ཅན། ཁྱོད་ལ་དབྱེ་བ་ཡོད་དེ། སྟོང་ཉིད་བཅུ་དྲུག་དང་དེ་བསྡུ་ན་བཞིར་གསུངས་པའི་ཕྱིར། བཞི་པ་ནི། ཀུན་རྫོབ་བདེན་པ་ཆོས་ཅན། ཁྱོད་ལ་དེ་སྐད་བརྗོད་པའི་རྒྱུ་མཚན་ཡོད་དེ། གནས་ཚུལ་དང་སྣང་ཚུལ་མི་མཐུན་པའི་བསླུ་བའི་ཆོས་ཡིན་པ་གང་ཞིག །མ་རིག་པའི་བློ་ངོར་བདེན་པས་བདེན་པ་ཡིན་པའི་ཕྱིར། དོན་དམ་བདེན་པ་ཆོས་ཅན། ཁྱོད་ལ་དེ་སྐད་བརྗོད་པའི་གཏན་ཚིགས་ཡོད་དེ། དམ་པ་ཟག་མེད་ཡེ་ཤེས་ཀྱི་རྙེད་དོན་ཡིན་པ་གང་ཞིག །མཐར་ཐུག་དཔྱོད་བྱེད་ཀྱི་བློ་ངོར་བདེན་པ་ཡིན་པའི་ཕྱིར། ལྔ་པ་ནི། བདེན་གཉིས་ཆོས་ཅན། ཁྱོད་ངོ་བོ་གཅིག་ཡིན་ཏེ། དབྱེར་མེད་ཡིན་པའི་ཕྱིར། དེ་ཆོས་ཅན། ལྡོག་པ་ཐ་དད་ཡིན་ཏེ། གནས་ཚུལ་དང་སྣང་ཚུལ་མཐུན་མི་མཐུན་སོགས་ཀྱི་ཁྱད་པར་ཡོད་པའི་ཕྱིར། དྲུག་པ་ནི། མཁས་པ་སྟོང་གི་གཙུག་རྒྱན་ཞི་བ་འཚོའི་བཞེད་པ་ལྟར་གྱི་གནད་ཆེན་པོ་བཞི་ལས། དང་པོ། དགག་བྱའི་སྣང་ཚུལ་ངེས་པའི་གནད་ཅེས་བྱ་སྟེ། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར། ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་ཡིན་ལ། དེ་ནི་དེ་ལྟར་འཛིན་པའི་བདེན་འཛིན་རང་


LT17_Page_282
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལ་སྣང་བ་ཉིད་སྤང་བྱར་ཤེས་པའམ་རིག་པའི་ཆེད་དོ། །གཉིས་པ་ཁྱབ་པ་ངེས་པའི་གནད་ཅེས་བྱ་སྟེ། འདི་ལྟར་གཞི་གྲུབ་ན་ཆ་བཅས་ཡིན་པས་ཁྱབ་པ་གང་ཞིག །ཆོས་གང་ཡང་རུང་བ་བདེན་གྲུབ་ཞིག་ཡོད་ན། །དེ་ལྟར་ན་བདེན་གྲུབ་ཆོས་ཅན། གཞི་གྲུབ་ཡིན་པར་ཐལ། ཡོད་པ་གང་ཞིག་ཡོད་ན་གཞི་གྲུབ་དགོས་པའི་ཕྱིར། འདོད་ན་ཆ་ཅན་ཀ་བ་དང་དེའི་ཆ་ཤས་གཉིས་ཆོས་ཅན། བདེན་གྲུབ་ཡིན་པར་ཐལ། ཆོས་ཐམས་ཅད་བདེན་པར་གྲུབ་པ་གང་ཞིག་ཀ་བ་ཆོས་ཡིན་པའི་ཕྱིར། འདོད་ན། ཆ་ཅན་ཀ་བ་དང་དེའི་ཆ་ཤས་ཆོས་ཅན། ཁྱོད་བདེན་པར་གྲུབ་པའི་གཅིག་གམ་ཐ་དད་གང་རུང་ཡིན་པར་ཐལ། དེའི་ཕྱིར། དེ་ལྟར་ཤེས་པ་གང་ཡིན་པའོ། །གསུམ་པ་གཅིག་བྲལ་ངེས་པའི་གནད་ཅེས་བྱ་སྟེ། དེ་ཡང་འདི་སྙམ་དུ་ཆ་ཅན་དང་ཆ་ཤས་གཉིས་བདེན་གྲུབ་ཀྱི་གཅིག་གོ་ཞེས་དམ་འཆའ་བ། བུམ་པ་དང་དེའི་ཆ་ཤས་དྲུག་ཀྱང་དེར་འགྱུར་བས། དེ་ཆོས་ཅན་དེར་ཐལ། དེའི་ཕྱིར། འདོད་ན་བུམ་པ་ཆོས་ཅན། ཁྱོད་ལ་དྲུག་ཡོད་པར་ཐལ། ཁྱོད་ཀྱི་ཆ་ཤས་དྲུག་ཡོད་པ་གང་ཞིག །ཁྱོད་དང་དེ་གཉིས་བདེན་གྲུབ་ཀྱི་གཅིག་ཡིན་པའི་ཕྱིར་ཏེ། དེ་ཡིན་ན་དབྱེར་མེད་ཀྱི་གཅིག་ཡིན་པས་ཁྱབ་པའི་ཕྱིར། ཡང༌། བུམ་པའི་ཆ་ཤས་དྲུག་ཆོས་ཅན། གཅིག་ཡིན་པར་ཐལ། བུམ་པ་གཅིག་ལས་མེད་པ་གང་ཞིག་ཁྱོད་དང་དེ་གཉིས་བདེན་གྲུབ་ཀྱི་གཅིག་ཡིན་པའི་ཕྱིར། བཞི་པ་དུ་བྲལ་ངེས་པའི་གནད་ཅེས་བྱ་སྟེ། ཆ་ཅན་དང་ཆ་ཤས་བདེན་པར་གྲུབ་པའི་ཐ་དད་


LT17_Page_283
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་ཁས་འཆེ་ན། སྣམ་བུའི་ཆ་ཤས་བསལ་ཤུལ་ན་སྣམ་བུ་ཡོད་པར་ཐལ། དེ་གཉིས་བདེན་གྲུབ་ཀྱི་ཐ་དད་ཡིན་པའི་ཕྱིར་ཏེ། དེ་ཡིན་ན་འབྲེལ་མེད་ཐ་དད་ཡིན་པས་ཁྱབ་པའི་ཕྱིར། ལུག་བསལ་ཤུལ་ན་ར་སྟོན་རུང་བ་བཞིན་ནོ། །དང་པོ་འདོད་ན། གཞི་མ་གྲུབ་པ་ཞིག་ཁས་ལེན་དགོས་ལ། གཉིས་པ་འདོད་ན། བུམ་པ་སོགས་ཆ་མེད་དུ་ཁས་ལེན་དགོས་ཤིང༌། གསུམ་པ་འདོད་ན་ཆ་བཅས་མ་ཡིན་པའི་གཞི་གྲུབ་ཞིག་ཁས་ལེན་དགོས་པས་དམ་བཅའ་ཐབས་རྡུགས་ཡིན་ནོ། །བདུན་པ་ནི། བདེན་གཉིས་ཆོས་ཅན། ཁྱོད་ཉམས་སུ་བླང་བ་ལ་དགོས་པ་ཡོད་དེ། དབུ་མ་ཆེན་པོའི་དོན་གླུའི་ལམ་ནས་དྲང་བར། གཟུང་འཛིན་སྣ་ཚོགས་འདི་ཨ་མའི་འཛུམ་བག །སྐྱེ་འཆི་འཕོ་འགྱུར་འདི་ཨ་མའི་རྫུན་ཚིག །ཅེས་པ་ལྟར་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་ལ་སོགས་པ་དང་ལྡན་པའི་ཕྱིར། འདི་ལྟར་རྩོམ་པོའང་བློ་གྲོས་མཐུ། །ཆེས་ཆེར་དམན་པས་འགལ་འཁྲུལ་དྲིས། །གོས་གྱུར་ནོངས་པ་ཅི་མཆིས་པ། །དམ་པ་རྣམས་ཀྱིས་བཟོད་པར་མཛོད། །འདིར་འབད་དགེ་བ་ཆུ་འཛིན་གཞོན་ནུའི་དཔལ་ཡོན་ལས། །ཕན་དང་བདེ་བའི་གྲུ་ཆར་ཆེན་པོའི་རྒྱུན་འབྱུང་སྟེ། །རིས་མེད་འགྲོ་བའི་བསོད་ནམས་ཞིང་དུ་རྣམ་མཁྱེན་གྱི། །འབྲས་བཟང་རྫོགས་ནས་བདེན་གཉིས་ལྷུན་གྲུབ་འབྱུང་བར་ཤོག །བདེན་གཉིས་ཀྱི་རྣམ་པར་བཞག་པ་དོན་བཟང་མེ་ཏོག་རྒྱས་པའི་ལྗོན་ཤིང་ཞེས་བྱ་བ་རྨོངས་པའི་བློ་མངའ་བྱིས་པ་འཇིགས་


LT17_Page_284
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་ཨོ་རྒྱན་གྱི་པཎྜི་ཏ་པདྨ་སཾ་བྷ་བས་བྱིན་གྱིས་རླབས་པའི་ཚེས་བཅུའི་དུས་ཆེན་པོར་སྦྱར་བ་རྫོགས་སོ།། དགེའོ།། །།

མཆོད་པའི་གཏམ་ཤུན་ཏུ་ཉུང་ང་མེ་ཏོག་གི་སྒྲོམ།

༈ མཆོད་པའི་གཏམ་ཤིན་ཏུ་ཉུང་ངུ་མེ་ཏོག་གི་སྒྲོམ་ཞེས་བྱ་བ་བཞུགས་སོ། །སྒྱུ་མ་ལྟ་བུའི་རྣམ་འཕྲུལ་མི་ཟད་པ། །རྒྱལ་དང་དེ་སྲས་དགྱེས་པ་སྐོང་མཛད་པ། །འཇམ་དཔལ་དཔའ་བོའི་རྣམ་ཐར་རྗེས་དྲན་ཞིང༌། །གང་ཞབས་ཕྱག་གིས་མཆོད་ནས་གཏམ་འདི་སྤྲོ། །དེ་ལ་འདི་སྐད་དུ། །བློ་ལྡན་གང་ཞིག་འཕྲལ་དང་ཡུན་དུ་དགེ་ལེགས་ཕུན་སུམ་ཚོགས་པ་དོན་དུ་གཉེར་བ་དེ་དག་གིས་ནི་ཡོན་གྱི་གནས་ཆེན་པོ་བླ་མ་རྒྱལ་བ་སྲས་བཅས་ལ་མཆོད་པ་རྣམ་པ་དུ་མས་བསྟི་བསྟང་དུ་བྱས་ལ་བསོད་ནམས་ཆེས་མང་པོ་བསགས་དགོས་པས་འདིར་དེའི་ཚུལ་ཉུང་ངུར་བཤད་པ་ལ། མཆོད་པའི་ཞིང་བསྟན་པ། མཆོད་པའི་རྫས་བཤད་པ། མཆོད་པའི་ཚུལ་བརྗོད་པ། མཆོད་པའི་ཕན་ཡོན་སྨོས་པ་དང་བཞི་ལས། དང་པོ་ནི། མཆོད་པ་ཞེས་བྱ་བ་ཡོན་གྱི་གནས་ལ་ཡོན་སྟོབ་པ་ཡིན་ཞིང༌། ཡོན་གྱི་གནས་སུ་འོས་པ་དང་མི་འོས་པ་ཡོན་ཏན་དང་ལྡན་པ་དང་མི་ལྡན་པས་ཕྱེ་སྟེ། དེའི་ཕྱིར་རྒྱལ་བ་སྲས་བཅས་ནི་ཡོན་ཡོངས་སུ་སྦྱོང་བ་སྟེ། སྦྱིན་བདག་གིས་བསོད་ནམས་ཀྱི་ཞིང་དུ་དམིགས་ཏེ་ཕུལ་བ་དོན་མཐུན་དུ་འགྱུར་བའི་ཕྱིར་ཏེ། དེ་དག་ལ་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བའི་ཕྱིར་རོ། །དེའི་ཕྱིར་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་དང་འདྲ་བའི་ཞིང་དག་ནི། །འཇིག་རྟེན་གསུམ་ན་མ་མཆིས་ཏེ། །ཁྱོད་ནི་ཡོན་གནས་རྣམས་ཀྱི་མཆོག །གྲལ་གཙང་མཛད་པས་གཙང་


LT17_Page_285
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལགས། །ཞེས་གསུངས། དེ་དག་ཚོགས་ཀྱི་ཞིང་དུ་སྤྱན་དྲངས་པ་བཞིན་དུ་འབྱོན་པར་ཡང་ངེས་ཏེ། འབྱོན་པའི་གེགས་མེད་པའི་ཕྱིར་རོ། །སྤྱན་དྲངས་པར་མི་མཁྱེན་པའམ། མཁྱེན་ཀྱང་ཡོན་གནས་ལ་མི་བརྩེ་བའམ། མཁྱེན་ཅིང་བརྩེ་བར་གྱུར་ཀྱང་འབྱོན་པའི་མཐུ་མེད་པ་རྣམས་དང་བྲལ་ལ། མཁྱེན་པའི་ཡེ་ཤེས། མི་དམིགས་པའི་ཐུགས་རྗེ། ཐོགས་པ་མེད་པའི་མཐུ་རླབས་པོ་མངའ་བའི་ཕྱིར་རོ། །གཉིས་པ་ནི། དངོས་སུ་བཤམས་པའི་མཆོད་རྫས་རང་གི་ལུས་དང་ལོངས་སྤྱོད་གྱ་ནོམས་པ་རྣམས་དང༌། ཡིད་ལས་བྱུང་བའི་ལྷའི་མེ་ཏོག་མནྡྷ་ར་བ་དང༌། པ་ར་ཤི་ཀ་དང༌། དོང་ཀ་ཆེན་པོ་དང༌། མེ་ཏོག་སྣ་མ་ལ་སོགས་པ་དང༌། བདུག་སྤོས་དམ་པ་གླང་པོའི་སྙིང་པོ། ཨ་ཀ་རུ་ནག་པོ་དང༌། ཙནྡན་ས་མཆོག་དང༌། ཙནྡན་ས་སྟེང་དམ་པ་ལ་སོགས་པ་དང༌། སྒྲོན་མ་འབར་བ་ཉི་མ་དང་ཟླ་བ་ལྟ་བུའི་འོད་ཟེར་ཅན་རྣམ་པ་དུ་མ་དག་དང༌། རྔ་པ་ཊ་ཧ་དང་དུང་དཀར་དང༌། མཁར་རྔ་དང་ཀིམ་པ་ལ་དང༌། རྒྱུད་མངས་ལ་སོགས་པ་རོལ་མོའི་བྱེ་བྲག་སྣ་ཚོགས་པ་ནམ་མཁའ་རབ་འབྱམས་ཀྱི་ཁྱོན་རྒྱས་པར་འགེང་བར་བསམ། དེ་ཡང་མེ་ཏོག་གཅིག་པུ་ཉིད་ཀྱང་བླ་བྲེ་དང༌། རྒྱལ་མཚན་དང༌། རྐོན་བུ་དང༌། སིལ་མར་བཀྲམ་པ་ལ་སོགས་པ་མཆོད་པའི་ཡོ་བྱད་མངོན་པར་འཕྲུལ་ཏེ་རྒྱལ་བ་རྣམས་ལ་མཆོད་དེ། དཀོན་མཆོག་ཏ་ལ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་


LT17_Page_286
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཅེས་སོ། །གསུམ་པ་ནི། དངོས་བཤམས་ཀྱི་མཆོད་རྫས་རྣམས་ཀྱང༌། ལོག་འཚོས་སྦགས་པ་མ་ཡིན་པ་དང༌། སེར་སྣ་དང་བརྙས་ཐབས་ལ་སོགས་པ་མེད་པ། གནས་ཁང་བྱི་དོར་བྱ་ཞིང་ཆགས་ཆགས་གདབ་པ་དང༌། ཡོ་བྱད་ལ་གཙང་སྦྲ་འདོན་པ་སྔོན་དུ་སོང་ནས། སྤོས་དང་མར་མེ་དང་མཆོད་ཆུ་སོགས་བཀོད་པ་བསྟར་ལེགས་ཤིང་སེམས་དྭངས་བར་བཤམས་དགོས་ལ། དེའང་རང་གི་ལོངས་སྤྱོད་ཀྱི་མཆོག་རྣམས་ཕུལ་དགོས་ཀྱི། རང་ལ་ཉེར་མཁོ་མེད་ཅིང་རྫས་རིན་ཐང་ཆུང་ངུ་དངོས་པོ་དམན་པ་རྣམས་མཆོད་ལོ་བྱེད་ཅིང༌། ཆེན་པོ་ཕུག་ཏུ་སྦས་པས་མི་ཡོང༌། ཀུན་སློང་ཡང་ཐར་ལམ་ཡང་དག་ལ་གེགས་བྱེད་པའི་རང་རྒྱུད་ཀྱི་སྒྲིབ་པ་སྦྱོང་བའི་ཕྱིར། བསོད་ནམས་གསོག་པར་འདོད་པས་ཟིན་པ་ཞིག་གལ་ཆེ། ཁྱད་པར་ཐེག་ཆེན་པ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་རྣམ་པ་ཅན་གྱི་སེམས་རིན་པོ་ཆེས་ཟིན་པ་དང་བྱང་ཆུབ་མཆོག་ཏུ་བསྔོ་བའི་རྒྱས་ཐེབས་པར་བྱ་སྟེ། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས། མཚན་རབ་སུམ་ཅུ་རྩ་གཉིས་བརྒྱན་པའི་སྐུ། །བདེ་གཤེགས་རྒྱལ་བར་སུ་དག་འདོད་པ་ནི། །སྙིང་ལ་རྫོགས་པའི་བྱང་ཆུབ་སེམས་ཞོག་སྟེ། །མཆོད་པའི་ཕྱིར་ནི་དེ་ཡི་ཐད་དུ་སོང༌། །ཞེས་པའི་རྐང་པ་གསུམ་པས་བསྟན་པ་ལྟར་དང༌། བཞི་པ་ནི། བདག་ཉིད་ཆེན་པོ་སྙིང་རྗེ་དྲི་མ་མེད་པ་མངའ་ཞིང་ཚོགས་གཉིས་ཕུལ་དུ་བྱུང་བ་གྲུབ་པ་རྣམས་ནི། སྔོན་


LT17_Page_287
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བ་མང་པོ་བསགས་པ། སྨོན་ལམ་བླ་ན་མེད་པ་བཏབ་པ། སེམས་ཅན་ཐམས་ཅད་ཀྱི་དོན་འབའ་ཞིག་ལ་གཞོལ་བར་གྱུར་པ་སྟེ། དེའི་ཕྱིར་དེ་དག་ལ་ནི་གུས་པའི་ཡིད་ཀྱིས་མེ་ཏོག་གཅིག་ཙམ་ཞིག་ཕུལ་ཀྱང་རྒྱ་མཚོ་ཆེན་པོར་ཆུ་ཐིགས་བཞག་པ་བཞིན་དུ་སྦྱིན་གནས་རྣམས་ཀྱི་ཐུགས་བསྐྱེད་དང་སྦྱིན་བདག་གི་དད་པའི་དབང་གིས་བསྐལ་པ་ཁྲག་ཁྲིག་མང་པོར་བསོད་ནམས་ཀྱི་མཐུ་འཕེལ་བར་འགྱུར་ཏེ། མདོ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལས། གང་དག་སྟོན་པ་བདེ་གཤེགས་ལ། །མཆོད་པ་ཆུང་ངུ་བྱེད་པ་ཡང༌། །ལྷ་མིའི་བདེ་བ་ཀུན་བགྲོད་ནས། །འཆི་མེད་དམ་པ་མཆོག་ཐོབ་འགྱུར། །ཞེས་གསུངས། དེའི་ཕྱིར་ལེགས་པར་འདོད་རྣམས་ཚུལ་འདི་ལ་བརྩོན་པར་བྱའོ། །གཏམ་འདི་བྱིས་པ་རང་ལོ་བཅོ་བརྒྱད་པ། །འཇིགས་མེད་བསྟན་པའི་རྒྱལ་མཚན་ཞེས་བྱ་བས། །བཅོ་ལྔའི་དུས་ཚེས་བཟང་པོར་བྲིས་པ་སྟེ། །འདིས་ཀྱང་ཡིད་ཅན་ཀུན་ལ་སྨན་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

དབེན་པ་བསྐུལ་བའི་གཏམ།

༈ རྨོངས་པའི་བྱིས་པ་རླུང་བུའི་དབང་པོ་བཞིན། །ཟིན་པའི་དུས་མེད་བྲེལ་དོའི་རྣམ་གཡེང་བ། །དལ་མེད་སོ་ནམས་ངལ་བས་བསླུས་མཐོང་ནས། །སོས་དལ་ནགས་ཀྱི་ནང་ན་གནས་པར་སྨོན། །ཅི་ཙམ་འགྲོགས་ཀྱང་དེ་ཙམ་སྐྱོན་འགོ་ཞིང༌། །ཆགས་སྡང་མེ་ཡིས་རང་གཞན་སྲེག་བྱེད་པའི། །བྱིས་པའི་གྲོགས་པོའི་རྣམ་ཐར་དེ་ཤེས་ནས། །ཉམས་དགའི་ནགས་ཀྱི་ནང་ན་གནས་པར་སྨོན། །བསྟོད་པས་མོད་ལ་ཁེངས་པའི་རུ་མཚོན་སྒྲེང༌། །ཅུང་ཟད་སྨད་ཀྱང་ཁྲོ་བའི་མེ་འབར་བ། །གདུལ་དཀའ་


LT17_Page_288
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་དཀའ་སྙིགས་མའི་གྲོགས་མཐོང་ནས། །དབེན་པའི་གནས་ན་གཅིག་པུར་གནས་པར་སྨོན། །བསླང་ན་མི་སྟེར་ཡིབ་ན་ཚོལ་དུ་འོང༌། །ལན་བརྒྱར་འདྲིས་པའི་མཛའ་བཤེས་ཉིད་གྱུར་ཀྱང༌། །ཅུང་ཟད་རྐྱེན་གྱིས་དགྲ་ཟླར་གྱུར་མཐོང་བའི། །བྱིས་པའི་གྲོགས་པོ་མཐོང་ནས་དབེན་པར་སྤྲོ། །ཕན་བཏགས་བྱེ་བའང་གནོད་པ་གཅིག་གིས་འཇོམས། །ཕན་པ་མི་འདྲེན་སྡུག་བསྔལ་ཡུས་ཆེན་འདྲེན། །ཆོས་ལ་མི་དགའ་སྡིག་པའི་ཕྱོགས་ལ་མོས། །བྱིས་པའི་གྲོགས་པོ་མཐོང་ནས་སེམས་འདི་སྐྱོ། །ལུས་ལ་བརྗིད་མེད་མགོ་ན་ཀླད་པ་མེད། །སངས་རྒྱས་ལས་ཀྱང་གཡོ་ཟོལ་མཁན་པོར་དད། །མོས་གུས་མི་ལྡན་བླ་མ་མཁྱེན་ཞེས་ཟེར། །བྱིས་པའི་གྲོགས་པོ་མཐོང་ནས་སེམས་འདི་སྐྱོ། །ཆོས་ལས་ཟོག་བྲིན་ཟས་གཅིག་མི་ཟ་བར། །རོ་མང་མྱང་ནས་སླར་ལ་སྐྱུག་པར་བྱེད། །གསེར་སྣོད་ཐོགས་ནས་ངན་སྐྱུག་འཕྱག་བགྱིད་པའི། །བྱིས་པའི་གྲོགས་པོ་མཐོང་ནས་ཁམས་འདི་འདུས། །ཁ་རོག་འདུག་ན་ཆོས་གཏམ་ཐོངས་ཞེས་ཟེར། །ཆོས་གཏམ་བཏང་ན་མི་འདོད་རྣ་བ་འགེབ། །ཁ་ལ་ཉི་ཤར་སྙིང་ལ་ཆར་སྤྲིན་གཏིབས། །བྱིས་པའི་གྲོགས་པོ་མཐོང་ནས་ཁམས་འདི་འདུས། །ནོར་སྲེད་བཏང་ན་རང་མདོ་ཤོར་ཞེས་ཟེར། །བཟོད་པ་བསྒོམ་ན་ནུས་པ་མེད་ཅེས་སྨྲ། །ལུང་གིས་ཕྱུག་ལ་ཁ་བཤད་མཁས་ཞེས་སྒྲོགས། །བྱིས་པའི་གྲོགས་པོ་མཐོང་ནས་སྙིང་རླུང་ལྡང༌། །བཤད་པ་ཡིན་ཟེར་ཁ་ལྟ་འུད་


LT17_Page_289
[མ་དཔེ་གཟིགས་ན་འདིར་གནོན།]

གོག་འཐག །སྒྲུབ་པ་ཡིན་ཟེར་བུག་པ་འདག་ཞལ་བྱེད། །གཞན་ཕན་ཡིན་ཟེར་གསང་སྔགས་བོན་དུ་གྱེར། །བྱིས་པའི་གྲོགས་པོ་མཐོང་ནས་སེམས་འདི་སྐྱོ། །སོ་ཐར་ཡིན་རློམ་ཁྲིམས་མེད་རྟགས་ཙམ་འཛིན། །བྱང་སེམས་ཡིན་ལོ་བྱི་ལའི་བརྟུལ་ཞུགས་འཛིན། །གསང་སྔགས་ཡིན་སྐད་ཚངས་སྤྱོད་རིང་དུ་སྤོངས། །སྙིགས་མའི་སྐྱེ་བོ་མཐོང་ནས་སེམས་འདི་སྐྱོ། །ཀྱེ་མ་ཀྱེ་མ་ལྔ་བརྒྱ་ཐ་མའི་འགྲོ། །བརྒྱ་ཕྲག་ལས་ཉོན་སྲད་བུས་བཅིངས་མཐོང་ནས། །བཟོད་མེད་སྙིང་རྗེའི་གཤོག་རླབས་རབ་བསྐྱོད་དེ། །ཐེག་གསུམ་ཆོས་ཀྱི་གླུ་སྒྲ་སྒྲོགས་གྱུར་ཅིག །དེ་སྐད་དབེན་པར་བསྐུལ་བའི་གཏམ། །ཏིང་འཛིན་ཞི་བའི་ཤིང་རྟ་འདི། །དབེན་པའི་གནས་ལ་རབ་དགའ་བའི། །བྱིས་པ་རྩེད་མོ་ཅན་གྱིས་སྤེལ། །ཛ་ཡནྟུ།། །།

རྟེན་འབྲེལ་སྙིང་པོའི་བརྗོད་བྱ།

༈ རྟེན་འབྲེལ་ཆུའི་ཟླ་བ་བཞིན། །རྟོགས་ནས་གཞན་ལ་འདོམས་མཛད་པ། །འཇམ་དཔལ་དེ་ལ་ཕྱག་བྱས་ནས། །རྟེན་འབྲེལ་སྙིང་པོའི་བརྗོད་བྱ་འཆད། །དེ་ཡང་ཕར་ཕྱིན་ཐེག་པའི་སྐབས་ཀྱི་དབུ་མ་དང་སྦྱར་ན། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྐྱེ་བ། རྒ་ཤི་རྣམས་འདུ་བྱེད་དང་སྲིད་པ་ལས་བྱུང་ལ། དེ་དག་ནི་མ་རིག་པ་དང་སྲེད་ལེན་ལས་བྱུང༌། དེ་གསུམ་ཡང༌། ཡང་རྒ་ཤི་ལ་སོགས་པ་ལས་གྲུབ་སྟེ། རྒྱུ་རྒྱས་བསྡུས་དང༌། འབྲས་བུ་རྒྱས་བསྡུས་ཀྱི་མཐའ་རྟོགས་པའི་ཕྱིར་དང་རྨོངས་པ་དག་བསལ་བའི་ཕྱིར་བསྟན་པ་དེ་དག་


LT17_Page_290
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚུལ་ནི་རྒྱུ་འབྲས་བུར་མི་འཕོ་བ་དང༌། རྒྱུ་མེད་པར་མ་ཡིན་ཞིང༌། རྒྱུ་འབྲས་ལྟོས་མེད་ཀྱི་ཐ་དད་མ་ཡིན་ལ། རྒྱུ་ཆུང་ངུ་ལས་ཀྱང་འབྲས་བུ་ཆེན་པོ་འབྱུང་བ་སྟེ། ས་བོན་དང་མྱུ་གུ་ལ་སོགས་པ་བཞིན་ནོ། །དེ་ལྟར་ན་གཞན་ནི་མ་རིག་པ་ལ་བརྟེན་པས་དེ་ཉིད་བཅོམ་ན་གཞན་རྣམས་ཀྱང་ལྡོག་ལ། དེ་ཉིད་ནི་རྟོག་པའི་དབང་ལས་མ་ཡིན་ཞིང༌། དོན་དམ་པའི་རྣམ་པའི་བདག་ཉིད་ཀྱི་བློས་དཔྱད་པས་རྙེད་པར་ཡོད་པར་འཛིན་པའི་ཕྱོགས་ཏེ། དེའི་ཕྱིར་གཞན་རྣམས་ལ་བྲལ་བ་ཐོབ་པར་འདོད་པས་ནི་དེ་འགོག་པ་རྟོག་དང་བརྟགས་པའི་དངོས་པོ་མ་ལུས་པ་བདག་ཉིད་ཀྱི་ཆ་ལས་བཏགས་པ་དང༌། གཞན་ལ་ལྟོས་ཏེ་འཇོག་པ་ཉིད་ཀྱིས་གནས་ལུགས་སུ་མེད་པར་འཇལ་བ་ཡང་དག་པའི་བློའི་རྣལ་འབྱོར་ལ་བསླབས་པས། ངང་ཚུལ་འགལ་བའི་ཕྱིར་འདི་འཕེལ་བ་དང༌། ཅིག་ཤོས་འགྲིབ་པ་འཐོབ་སྟེ། དེས་ནི་ཁྱད་པར་འདིའི་བདག་པོ་རང་བཞིན་མ་སྐྱེས་པའི་ངང་དུ་གྱུར་པ་ནི་ཐར་པ་སྟེ། དེ་ལྟར་བསྟན་པ་འདི་ནི་དཔྱད་པ་གསུམ་གྱིས་ནོངས་པའི་རྣམ་དཔྱོད་ཅན་འུག་པ་བ་སོགས་ལ་མེད་ཀྱི། སྔོན་ཟབ་མོ་བཟོད་པ་ལ་གནས་ཤིང་རང་དང་གཞན་མཉམ་པར་ཤེས་པའི་བརྩེ་བ་ཡོངས་སུ་རྫོགས་པའི་དབང་གིས་ཐབས་བྱུང་གི་མཛད་པ་འདི་བརྙེས་པའི་སངས་རྒྱས་དེ་བཞིན་ཉིད་དུ་གཤེགས་པས་རྣམ་པར་བསྟན་པ་སྟེ། དགེ་སྦྱོང་ཆེན་པོ་དེའི་ལུགས་སུ་བཞག་པའི་གཙོ་བོ་ནི་འཕགས་པའི་བདེན་པ་བཞི་ཞེས་བྱ་བའི་ཐ་ཚིག་གོ །སྔགས་བླ་མེད་ཀྱི་ལམ་གྱི་གཙོ་བོ་སོགས་དང་སྦྱར་ན། །


LT17_Page_291
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་དང་གཡོ་བ་ཇི་སྙེད་པ་ནི་ནང་གི་དངོས་པོ་མེད་པ་ལས་སོ། །འདི་ནི་གཉུག་མར་གྱུར་པའི་ལུས་ཀྱིས་གཟུང་ཞིང་འཛིན་ཏོ། །བྱིས་པ་རྣམས་རིས་མཐུན་དུ་གནས་པ་ནམ་ལྡོག་པ་དེའི་ཚེ་རླུང་གི་ཁམས་མ་ལུས་པ་དེར་སྡུད་ཅིང༌། སྐྱེ་བ་ན་ཕྲ་བའི་ཁམས་དེ་ལས་གསུམ་དང་བཞིའི་རིམ་པས་སླར་ཡང་འབྱུང་ཞིང་རིམ་པས་རྟོག་པའི་ཚོགས་ཀྱང་རྒྱས་པར་འགྱུར་རོ། །དེ་ལ་བག་ཆགས་ཀྱི་གནས་མ་བརྟན་དུ་ཟིན་ན་ནི་དེ་ལྟར་སྐྱེ་ཞིང་འབྱུང་བ་མེད་དོ། །འདི་མངོན་པར་འདོད་པས་ནི་དེའི་རྣམ་པར་གནས་པའམ། དེ་ཉིད་ཀྱི་གྲོང་ཁྱེར་དུ་ཡིད་གཞུག་པ་བྱ་སྟེ། དེ་ལྟར་བྱས་ན་རང་བཞིན་གྱི་སེམས་དེའི་ངང་དུ་གྱུར་ཏེ། དེ་ནི་འགྱུར་བ་གསུམ་གྱི་མཚན་ཉིད་ལས་གྲོལ་བའི་མཚན་ཉིད་ཀྱི་ཕྱིར་བརྟན་ན་ཅིག་ཤོས་འགྲིབ་པ་མཐོང་བར་འགྱུར་རོ། །དེ་ལྟར་བཤད་པའི་ལུང་ནི་བདག་ཉིད་དེ་བཞིན་དུ་གཤེགས་ནས་རྡོ་རྗེ་བདེ་བ་ཆེན་པོ་མཆོག་གི་གནས་རྙེད་པ་པོ་དོན་དམ་པའི་དགེ་སྦྱོང་རྡོ་རྗེ་འཛིན་གྱིས་ངེས་པར་བསྟན་པའོ། །དེ་དག་བསྟན་པའི་གཞུང་ནི་འདི་ཡིན་ཏེ། ཡེ་་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་་ཐཱ་ག་ཏོ་ཧྱ་བ་ཏད་ཏེ་་་ཡོ་ནི་རོ་དྷ་ཨེ་བཾ་བཱ་དི་མ་ཧཱ་ཤྲ་མ་ཎཿ ཞེས་པའོ། །རྟེན་སྙིང་ཟབ་མོའི་ཚིགས་བཅད་པ། །ཤིན་ཏུ་རྒྱས་པར་གང་བཤད་པའི། །བསོད་ནམས་འདི་ཡིས་འཇིག་རྟེན་འདི། །འཇམ་དཔལ་ཁྱོད་དང་འདྲ་བར་ཤོག །ཅེས་པའང་གཞོན་ནུ་ཀུན་བཟང་འཇིགས་མེད་པས་སྤོས་ཐུར་སོར་མོ་བཅུ་གཉིས་པ་ཞིག་ཞུགས་ཀྱིས་ཟིན་པའི་ཡུན་ལ་གང་དྲན་བྲིས་པ་དགེ་བར་གྱུར་ཅིག། །།

འབེལ་གཏམ།

༈ ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དོན་བཞིན་དུ་གཏམ་སྟོན་ཅིང༌། ཆོས་བཞིན་དུ་


LT17_Page_292
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་སྐྱོང་བས་དགེ་སློང་ཆོས་སྨྲ་བའོ། །ཞེས་གྲགས་པ་དོན་དང་ལྡན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་ཀྱི་པདྨོ་རྙོག་པ་མེད་པ་སྤྱི་བོས་ལན་བརྒྱར་བླངས་ཏེ། སྐལ་བཟང་གི་སྐྱེ་བོ་རྣམས་ལ་སྨན་པར་བྱ་བའི་ཕྱིར་དང༌། འཇིག་རྟེན་ན་ཆོས་ཀྱི་རྔ་བོ་ཆེ་རྡུང་ཞིང་གྲགས་པར་བྱ་བའི་ཕྱིར་དང༌། རིགས་པར་སྨྲ་བ་རྣམས་ལ་འབེལ་བའི་གཏམ་གྱིས་ཕུ་དུད་བྱ་བའི་སླད་དུ་དེང་ཚུལ་གཉིས་ཤིང་རྟའི་རྣམ་པར་བཞག་པ་ལས་འཕྲོས་པའི་ངག་གི་ཕྲེང་བ་ཟིལ་པའི་ཐིགས་པ་ཙམ་ཞིག་སྤེལ་བ་ལ་བདག་སྤོབས་པར་བགྱིའོ། །དེ་ལ་དེ་བཞིན་གཤེགས་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་སྨྲ་བ་པོ་གཞན་གྱིས་སྨྲ་མི་ནུས་ཤིང་རྟོགས་པར་མི་ནུས་པའི་ཆོས་ཟབ་མོ་ཕྲ་བ་གཏིང་དཔག་དཀའ་བ་སྒྲོ་སྐུར་དང་བྲལ་བའི་དོན་ལེགས་པར་འདོམས་པའི་སེང་གེའི་སྒྲ་ཆེན་པོ་སྒྲོག་པར་མཛད་དེ། ཇི་སྐད་དུ། ཆོས་རྣམས་ཀྱི་ཆོས་ཉིད་ཕྲ་བ་ཕྲ་བ་ཉིད་དང༌། ཆོས་རྟེན་ཅིང་འབྲེལ་འབྱུང་ཕྲ་བ་ཕྲ་བ་དག་སྟོན་ཞིང་ཁྱུ་མཆོག་གླང་པོ་ཆེའི་གནས་སུ་ཞལ་གྱིས་འཆེས་སོ། །དེ་ལ་ཇི་ལྟར་དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོན་ཞེ་ན། འདི་ལྟར་ཆོས་ཆོས་ཞེས་བྱ་བ་ནི་ཁམས་བཅོད་བརྒྱད་པོ་ཉིད་དེ། དེ་རྣམས་ལས་ཁམས་བཅུ་བདུན་ལྷག་མ་དང་བཅས་པ་ནི་འདུས་བྱས་ཞེས་བྱ་བ་སྟེ། །དེ་དག་ཀྱང་ཡོད་པ་ཉིད་དུ་མི་འགྲུབ་སྟེ། གཟུགས་ནི་རྡུལ་འདུས་པ་ཙམ། བློ་ནི་གསལ་ཞིང་རིག་པའི་རྒྱུན་ཙམ་ཡིན་ལ་གང་འདུས་པ་མེད་ན་གཟུགས་མེད། གང་གསལ་བའི་རྒྱུན་མེད་ན་བློ་མེད་པར་ནི་འགྲུབ། གང་ཕྱོགས་ཀྱི་ཆ་མ་དམིགས་པས་


LT17_Page_293
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་མེད། གང་སྐད་ཅིག་མའི་འགྱུར་བ་མེད་པས་བློ་མ་མཆིས་པར་ཡང་གྲུབ་བཞིན་དུ་ཅིའི་ཕྱིར་རང་བཞིན་གྱིས་གྲུབ་པའི་ཆོས་ཡོད་དོ། །ཞེས་སྨྲ། འོན་ཏེ་ལྡན་པ་མ་ཡིན་པའི་འདུ་བྱེད་ཡོད་དོ་ཞེ་ན། གཟུགས་དང་ཤེས་པ་མེད་ན་དེའི་གནས་སྐབས་ཡོད་དུ་ག་ལ་རུང༌། གནས་སྐབས་ལས་གཞན་པའི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱང་མཁས་པ་སུ་ཞིག་སྨྲ་བར་ནུས། འོན་ཏེ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ན་འདུས་མ་བྱས་ཀྱི་ཆོས་རྣམ་པར་བཞག་པ་དེ་ཉིད་ཡོད་དོ་ཞེས་བྱར་ཡང་མི་རུང་སྟེ། ཅི་འདུས་མ་བྱས་དེ་རྒྱུ་རྐྱེན་ལ་ལྟོས་ཏེ་བཞག་པ་ཞིག་ཡིན་ན་ནི། དེ་ཅི་ནས་ཀྱང་མིང་གིས་བཏགས་པ་དང༌། གཞན་བཀག་པ་ལ་བརྟེན་ནས་བཞག་པ་དང༌། རང་གི་ངོ་བོ་སྒྲུབ་པའི་བློས་སྤྲོས་པ་ཁོ་ན་ལས། རང་གི་ངོ་བོས་གྲུབ་པ་མ་ཡིན་ཏེ། ལྕགས་ཀྱུ་མེད་ལ། ཅི་སྟེ་རྒྱུ་ལས་མ་བཞག །རྐྱེན་ལས་མ་བཏགས་པ་ཞིག་ན་ནི། ཤེས་བྱའི་ཁོང་ན་མི་གནས་ཏེ། སྐྱེས་པ་ཡང་མ་ཡིན། མ་སྐྱེས་པའང་མ་ཡིན་ཞེས་སྨྲ་བར་འགྱུར་རོ། །དེའི་ཕྱིར་ཆོས་གང་ཡང་ཡོང་ཡེ་མ་མཆིས་པ་དེ་ལ་དོན་དམ་པའི་བདེན་པ་ཞེས་བླ་དྭགས་སུ་གདགས་མོད་ཀྱི། གང་དེ་ཉིད་དུའང་གནས་པ་འབའ་ཞིག་མ་ཡིན་ཏེ། སྟོང་པ་ཉིད་གྲུབ་པ་མེད་པའི་གནས་ལུགས་ལ་ལྟོས་ནས་ནི་དེ་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྡར་བྱ་བ་ལས་ཅི་ཞིག་རུང༌། དེ་ལྟ་བས་ན་ཚིག་དང་ཡི་གེས་བརྗོད་པས་མི་མཚོན་ཞིང༌། ངང་གིས་མཚན་མའི་རྡུལ་ཤིན་ཏུ་ཞི་བར་གྱུར་པ་འདི་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་དེ་བཞིན་


LT17_Page_294
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དེ་སྐད་དུ་ཆོས་སྟོན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཇི་ལྟར་ཆོས་རྟེན་ཅིང་འབྲེལ་འབྱུང་སྟོན་ཞེ་ན་འདི་ལྟར་ཆོས་གང་ཡང་རང་གི་ངོ་བོས་མ་གྲུབ་པ་དེ་ཉིད་ཀྱི་ཕྱིར་ན་རྨི་ལམ་ལྟ་བུའི་ཆོས་འདི་སྣང་དུ་རུང་སྟེ། འདུས་བྱས་ཀྱི་ཆོས་འདི་དག་ཀྱང་སྐད་ཅིག་མ་ཉིད་ཀྱི་ཕྱིར་རྒྱུ་རྟག་པ་ལས་འབྱུང་བ་མ་ཡིན། རྒྱུ་འབྲས་ངེས་པ་ཉིད་ཀྱི་ཕྱིར་རྒྱུ་ལོག་པ་ལས་འབྱུང་བ་མ་ཡིན། རྣམ་པར་འགྱུར་བ་ཉིད་ཀྱི་ཕྱིར་རྒྱུ་མེད་པར་འབྱུང་བ་མ་ཡིན་གྱི་རང་གི་དངོས་རྒྱུ་ནུས་པ་ཐོགས་མེད་ལས་འབྱུང་བ་ཡིན་ལ། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་འདུས་མ་བྱས་ཡིན་པའི་ཤེས་བྱར་འཇིག་རྟེན་ན་གྲགས་པ་བཞིན་དུ་འཇོག་སྟེ། སུ་ཞིག་གིས་དེ་ལྟར་འཇོག་ན། འདས་པའི་ཆོས་དང་མ་འོངས་པའི་ཆོས་དང་ད་ལྟ་བའི་ཆོས་དང་མ་བྱས་པའི་ཆོས་ཆོས་ཞེས་ཀུན་ཏུ་ཚད་མར་གྱུར་པའི་བློས་འཇོག་གོ །དེ་འཇོག་བྱེད་ཀྱི་ཚད་མ་དེའང་ཡུལ་འཇལ་བ་ལ་མི་བསླུ་བ་དེའི་ཕྱིར་འཇོག་པས་དེ་འཇོག་པའང་ཡུལ་ལ་ལྟོས། ཡུལ་དེ་ཉིད་ཀྱང་འདོགས་བྱེད་ཀྱི་ཚད་མས་གྲུབ་པའི་ཕྱིར་དེ་འཇོག་པའང་ཚད་མ་ལ་ལྟོས་ཏེ། དེའི་ཕྱིར་མ་བརྟགས་ཉམས་དགའ་མ་བརྟགས་ཉམས་དགའ་ཞེས་བརྗོད་དོ། །དང་པོའི་གནས་ཚུལ་དེ་ལྟ་བུ་ཡིན་ཀྱི་ཐ་སྙད་པའི་བློ་གནོད་མེད་ཀྱིས་ཀྱང་དམིགས་སུ་མི་རུང་བའི་ཆོས་རང་མཚན་དུ་གྲུབ་པ་དུས་རྟག་ཏུ་ཡོད་དོ་ཞེས་ལོག་པའི་བློས་བཞག་པ་ལ་གོམས་པའི་དབང་གིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམས་ཉེ་བ་དང་རིང་བ་བཞིན་དུ་འདི་ཡོད་པས་འདི་འབྱུང་ཞེས་རྣམ་པར་འཇོག་པས་


LT17_Page_295
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འབྲས་སུ་གྱུར་ཅིང༌། ཟླ་བ་དང་བསིལ་ཟེར་བཞིན་དུ་འདི་སྐྱེས་པས་འདི་སྐྱེས་ཏེ། མ་རིག་པ་ལས་འདུ་བྱེད་འདུ་བྱེད་ལས་རྣམ་ཤེས་རྣམ་ཤེས་ལས་མིང་གཟུགས། མིང་གཟུགས་ལས་སྐྱེ་མཆེད་སྐྱེ་མཆེད་ལས་རེག་པ། རེག་པ་ལས་ཚོར་བ། ཚོར་བ་ལས་སྲེད་པ། སྲེད་པ་ལས་ལེན་པ། ལེན་པ་ལས་སྲིད་པ། སྲིད་པ་ལས་སྐྱེ་བ། སྐྱེ་བ་ལས་རྒ་ཤི་རྒ་ཤི་ལས་ཀྱང་མ་རིག་པ་སོགས་སྔ་མ་ཇི་ལྟ་བ་བཞིན་དུ་སྟེ། དེ་ལྟ་བུའི་རིམ་པས་འཁོར་བའི་འཁོར་ལོ་ཐོག་མ་དང་ཐ་མ་མེད་པར་བརྒྱུད་ཅིང་འཁྱམས་པའི་སེམས་ཅན་བདེ་བ་ལ་འདོད་ཅིང་དོན་དུ་གཉེར་བ་བཞིན་དུ་ཁ་ན་མ་ཐོ་བའི་ཕྱོགས་ཤིན་ཏུ་ལྷུར་ལེན་པ་སྡུག་བསྔལ་དང་བྲལ་བར་མོས་བཞིན་དུ་སྲིད་པ་བཟློག་བྱེད་ཀྱི་ཐབས་ལ་རྨོངས་པར་གྱུར་པ་རྣམས་ཀྱི་ཕྱིར་ཕན་པ་མཐའ་དག་གི་འབྱུང་གནས་རྣམ་པར་གྲོལ་བ་བླ་ན་མེད་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བརྟུལ་ཞུགས་ལས་སླར་མི་ལྡོག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་སྐྱོན་མ་ཞུགས་པ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་དེ་སྐད་དུ་ཆོས་སྟོན་ཏོ། །གང་ཡང་ཁོ་བོས་འབེལ་བའི་གཏམ་དེ་སྐད་ཅེས་བརྗོད་པ་འདི་ནི་ཚུལ་གཉིས་ཟབ་མོའི་གཞུང་ཡིན་ནོ་ཞེས་ངོ་བོ་ཙམ་དུ་ནི་བརྟགས་པར་རིགས་སོ། །ཕྲ་མོ་ནི་འཁྲུལ་པར་འཁུམ་མོད་ཀྱི་གང་ཟག་ཆོས་ཀྱི་སྤྱན་མ་ཟུམ་པ་དེ་དག་གིས་བཟོད་པར་མཛོད་ཅིག །ཅེས་པའང་ཆུ་རྟ་ཧོར་ཟླ་ལྔ་པའི་ཚེས་གསུམ་གྱི་ཉིན་གཞོན་ནུ་འཇིགས་མེད་པས་ཇ་གསུམ་པ་དང་བཞི་པ་གཉིས་ཀྱི་བར་ལ་མྱུར་པོར་བྲིས་པའོ།། །།

སྐལ་པ་བཟང་ངན་གྱི་མགུར།


LT17_Page_296
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཚངས་དབང་ཁྲག་ཁྲིག་བྱེ་བའི་དོ་ཀེར་གྱིས། །གང་ཞབས་ནོར་བུའི་མེ་ལོང་དྭངས་པའི་ངོགས། ཕུ་དུད་རི་མོའི་སྣང་བརྙན་འཆར་བྱེད་པའི། །མགོན་པོ་ཤཱ་ཀྱའི་ཏོག་དེས་དགེ་བར་མཛོད། །བདེ་གཤེགས་ཉི་མ་འབར་བའི་སྣང་བ་ཡིས། །ཛམ་བུའི་པྲིཀྵིས་མཚན་པའི་གྲོང་ཁྱེར་འདི། །སུམ་རྩེན་སྐྱེད་མོའི་ཚལ་ལས་དགེ་བྱས་པས། །མི་འདུལ་མཆོག་དེའི་བཀའ་དྲིན་སླར་ཡང་དྲན། །སྣང་ནས་སྣང་བར་འགྲོ་བའི་ཐེམ་སྐས་ཆེ། །ཕུལ་བྱུང་ལེགས་ལམ་སྟོང་གི་གདང་བུ་ཅན། །དམ་ཆོས་བདུད་རྩིའི་ལམ་བཟང་འདིར་འཇོགས་ནས། །མཐོ་རིས་གྲོང་ཁྱེར་སྙེགས་རྣམས་སྐལ་པ་བཟང༌། །གང་ལ་བརྟེན་ན་ཉེས་པའི་དབུལ་ཐོངས་ཆེ། །བསལ་མཛད་དམ་ཆོས་བ་མོ་འདོད་འཇོ་བ། །བླངས་ནས་ངེས་ལེགས་འོ་མའི་དགའ་སྟོན་ལ། །སྤྱོད་པའི་སྐྱེ་བོ་དེ་དག་སྐལ་བ་བཟང༌། །ཞི་བསིལ་དམ་ཆོས་བདུད་རྩིའི་འོད་དཀར་ཅན། །གང་གི་ཡིད་མཁར་ལན་ཅིག་ཤར་བས་ཀྱང༌། །སྲིད་པའི་མུན་རུམ་སྟུག་པོ་མཐར་བྱེད་པ། །དེ་འཛིན་བློ་གསལ་དེ་དག་སྐལ་བ་བཟང༌། །སྙིང་ལ་དམ་ཆོས་བདུད་རྩིའི་རྒྱུན་འཁྱིལ་ཞིང༌། །ལྕེ་ལས་ལེགས་བཤད་སྣང་བ་འབུམ་འཇོ་ལ། །རྟག་ཏུ་དམ་ཆོས་སྤྱོད་པས་མི་ངལ་བའི། །བློ་བཟང་སྐྱེ་བོ་དེ་དག་སྐལ་བ་བཟང༌། །རྨད་བྱུང་དགེ་བ་གསུམ་ལྡན་དམ་ཆོས་མཆོག །འཕགས་པའི་བདེན་པ་བཞི་ཡི་ཚུལ་ལུགས་ཅན། །སྙིང་ལ་མདུད་རྒྱ་བཞིན་དུ་དམ་འཆང་བ། །དེ་དག་རྣམས་ཀྱི་སྐལ་པ་སྨད་མ་འགྱུར། །དམ་ཆོས་


LT17_Page_297
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་དགའ་ཚལ་འདི་སྤངས་ནས། །སྙིགས་སྤྱོད་ཐལ་ཕུང་ངོགས་སུ་འགྲེ་ལྡོག་གར། །གཡོ་བས་མི་ངོམས་སྐལ་ངན་སྐྱེ་བོ་དག །ཁྱེད་ཀྱི་ཁོང་ན་གློ་སྙིང་མེད་དམ་ཅི། །ཚངས་སྤྱོད་ནོར་བུའི་རྒྱན་ཆས་འདི་སྤངས་ནས། །བག་མེད་རལ་གྲིའི་འཁྲུལ་འཁོར་གདེང་བའི་རྩེར། །དགེ་བའི་སྲོག་རྩ་འདྲལ་བའི་མི་གཞོན་ལ། །དམ་ཆོས་བདུད་རྩིའི་སྣང་བ་འཆར་དུས་དཀོན། །སྐལ་བ་བཟང་ངོ་དམ་པའི་ལྷ་གྲོགས་རྣམས། །སྐལ་བ་ངན་ནོ་ཆོས་མེད་སྡིག་ཆེན་སྡེ། །འདུན་མ་ལེགས་སོ་ཆོས་བཞིན་སྤྱོད་པའི་གྲོགས། །འདུན་ལུགས་ཉེས་སོ་ཆོས་མིན་སྡིག་སྤྱོད་ཚོགས། །ཞེས་པའང་སྤྲང་སྨྱོན་འཇིགས་མེད་པས་སོ། །དགེའོ།། །།

གཉིད་ལ་བག་ཟོན།

༈ །།གཉིད་ཐུན་གཅིག་ལ་ཉེས་བརྒྱའི་རྨི་སྣང་ཅན། །དུས་རིང་གོམས་པའི་མ་རིག་གཉིད་འཐུག་ནི། །ལྷག་མ་མེད་པར་སད་པའི་མཁྱེན་རབ་སྤྱན། །མི་ཟུམ་འཇམ་མགོན་ལྷ་དེས་ཤིས་པ་སྩོལ། །སྤྱིར་གསང་སྔགས་བླ་མེད་ཀྱི་སྐབས་སུ་གཉིད་དགེ་སྦྱོར་དུ་འགྲོ་ལུགས་ཐུན་མོང་མ་ཡིན་པ་ཡོད་ཅིང༌། ཕར་ཕྱིན་ཐེག་པར་ཡང་གཉིད་དང་ལམ་གྱི་གཞི་མཐུན་འབྱུང་བ་ཡོད་མོད་ཀྱི། །ཐབས་མཁས་དང་བྲལ་བའི་གང་ཟག་གིས་གཉིད་ལ་མང་དུ་བསྟེན་པ་ནི་ཉེས་དམིགས་ཆེ་ཞིང་སངས་རྒྱས་ཀྱིས་མ་གནང་བ་ཡིན་པས་དེ་དགག་ཚུལ་མདོར་བསྡུས་ཤིག་བརྗོད་པར་བྱ་སྟེ། དེ་ལ་གཉིས། གཉིད་ཀྱི་སྐྱོན་སེམས་བ་དང༌། བསམ་ནས་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། དཔལ་་དེ་བས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་


LT17_Page_298
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར། ད་ལྟ་རང་རེ་རྣམས་ཀྱིས་རྙེད་པའི་དལ་འབྱོར་གྱི་རྟེན་འདི་འདྲ་བ་ནི་རྒྱུ་དཔེ་གྲངས་གསུམ་གང་གི་སྒོ་ནས་བསམ་ཡང་རྙེད་པར་དཀའ་ཞིང༌། ལན་ཅིག་རྙེད་པའང་རིང་དུ་མི་གནས་པར་འཇིག་པས་སེམས་ཤིག་ཡོད་ན་མགོ་ལ་མེ་ཤོར་བ་ཕྱིར་བཟློག་པ་ལྟ་བུའི་བརྩོན་འགྲུས་དྲག་པོ་ཆོས་ཕྱོགས་སུ་མྱུར་བར་རྩོམ་དགོས་པ་ལ། ཚེའི་ཕྱེད་ཉིན་མོ་དང༌། ཕྱེད་མཚན་མོ་ཡིན་ཅིང༌། མཚན་མོ་རིལ་གཉིད་ལ་འཛད་པར་མ་ཟད། ཉིན་མོའི་ཆ་ཕལ་ཆེར་ཡང་གཉིད་ཀྱིས་དྲོན་སོང་ན། དེ་ནས་བརྩོན་འགྲུས་རྩོམ་པ་མི་ཡོང་ལ། དེའི་རིང་ལ་དགེ་སྦྱོར་རེ་ནུས་ན་བ་འཇོས་ཙམ་གྱིས་ཡུན་ལ་བྱང་ཆུབ་ཀྱི་སེམས་བསྒོམ་པས་ཀྱང་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པའི་བསོད་ནམས་ཀྱི་ཁེ་འཐོབ་ཚུལ་མདོ་སྡེ་རྣམས་ལས་རྒྱས་པར་གསུངས་པས། གཏན་གྱི་འདུན་མ་དང༌། གཉིད་ཐུན་གཅིག་གི་བདེ་བ་གཉིས་བརྗེ་མི་རིགས་ཏེ། ལྷག་བསམ་བསྐུལ་བ་ལས། ཤིན་ཏུ་གཏི་མུག་ལྟ་བ་མང་པོའི་རྒྱུ། །དོན་བཟང་དམ་ཆོས་ཡོན་ཏན་ཆུད་གཟོན་པ། །གཉིད་འདི་བརྩོན་འགྲུས་འཕྲོགས་པར་རྟོགས་གྱུར་ནས། །མཁས་པ་ཡོན་ཏན་ལྡན་པ་སུ་དེར་དགའ། །ཞེས་སོ། །ཁྱད་པར་དུ་བྱང་སེམས་ཀྱི་སྡོམ་པ་ལེན་སྐབས་མཐའ་ཡས་པའི་སེམས་ཅན་བླ་ན་མེད་པའི་བདེ་བ་ལ་འགོད་པར་ཁས་བླངས་ནས་རྟག་ཏུ་གཉིད་དང་སྙོམ་ལས་ཀྱི་ངང་ལ་དུས་འདའ་བར་བྱེད་པ་ནི་རྒྱལ་བ་སྲས་དང་བཅས་པས་ཁྲེལ་བའི་གནས་སུ་


LT17_Page_299
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །ཞེས་གསུངས་པ་བཞིན་ནོ། །དེར་མ་ཟད་ཆོས་མངོན་པར་སེམས་བྱུང་གི་དབྱེ་བ་དང་བྱེད་ལས་འཆད་པ་ན་གཉིད་བྱ་བ་འཆོར་བའི་ལས་ཅན་དུ་གསུངས་པ་ལྟར། འཕྲལ་གྱི་དོན་དང་བྱ་བ་ཕྲ་མོ་རྣམས་ཀྱང་གཉིད་ལ་དགའ་བའི་དབང་གིས་ཆག་འགྲོ་བ་མངོན་སུམ་གྱིས་གྲུབ་སྟེ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཐམས་ཅད་བརྩོན་འགྲུས་ཀྱི་རྣམ་འཕྲུལ་ཡིན་པར་སྟོན་པ་དང་སྟོན་པའི་རྒྱལ་ཚབ་ཀྱིས་བཤད་ཅིང༌། བརྩོན་འགྲུས་ཀྱི་དགྲ་གཅིག་ལ་གཉིད་འདི་ལས་ཐུ་བ་མེད་པས་དུས་རྒྱུན་དུ་འདིའི་གཞན་དབང་ལ་སོང་ན། དེ་ལས་བློ་ཉེས་པ་དང༌། དེ་ལས་གྱོང་སྒོ་ཆེ་བ་གཞན་མེད་པ་ཡིན་ནོ། །གཞན་ཡང་གཉིད་ལ་གོམས་ཤིང་གཉིད་ཀྱིས་རང་དབང་མེད་པར་བྱས་པའི་མི་ནི་དམ་པའི་ཆོས་གྲལ་དུ་བསྡད་ཀྱང་ཆོས་ཐུན་རིལ་པོ་རྨུགས་ཐོམ་མེ་བ་གཅིག་ལ་བསྐྱལ་ནས་བློ་ལ་ཟིན་རྒྱུའི་དོན་ལྟ་ཅི། ཚིགས་བཅད་གཅིག་ཙམ་ཡང་མེད་པར་སྟོན་མོ་ཆེན་མོའི་ནང་དུ་བགོ་སྐལ་ཆད་པ་བཞིན་སྟོང་ཧང་ངེ་ལངས་ཏེ་འགྲོ་དགོས་པ་དང༌། གསུང་རབ་ཀྱི་གླེགས་བམ་རྒྱབ་ཁལ་ནོན་པ་ཞལ་ཕྱེ་ནས་མིག་བཀྲ་ཧྲིག་ཧྲིག་བལྟས་ཀྱང་ཡིད་ཤེས་ལ་གཉིད་འཐིབས་ཀྱི་རྩི་ཞུགས་ནས་དོན་བློ་ལ་ངེས་རྒྱུ་ཅི་ཡང་མེད་པས་ཟ་མ་ལང་ཚོ་མ་ལ་བྱ་བ་བྱེད་མི་ནུས་པ་ལྟ་བུར་འགྱུར་བ་དང༌། དོན་རྣམ་པར་ངེས་པའི་ཕྱིར་བསམ་བྱུང་གི་ཤེས་རབ་སྐྱེད་པར་


LT17_Page_300
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཀྱང་ཡིད་གཏད་ཙམ་ཉིད་ནས་གཉིད་ཀྱི་མགོ་རྩོམ་ཡོང་བས་དཔྱད་པ་གཏིང་སླེབས་པ་ཐེང་གཅིག་ཀྱང་འགྲོར་མི་སྟེར་བ་དང༌། ཏིང་ངེ་འཛིན་གྱི་སྒྲིབ་པ་ལྔའི་ཡ་གྱལ་ཡིན་པས་སྒོམ་བྱུང་གི་ཤེས་རབ་དེ་བས་ཀྱང་སྐྱེ་ས་མེད་པ་དང༌། དུས་རྒྱུན་དུ་གཉིད་ཀྱི་དབང་གིས་ཤེས་པའི་འཕང་སྨད་ཅིང༌། དྲན་རིག་གི་དཔལ་བཅག་པས་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དད་དམ་ཤུགས་ཀྱིས་ཞན་དུ་འགྲོ་ཞིང༌། དྲན་པ་ཤིན་ཏུ་བུལ་བ་དང༌། བརྗེད་ངེས་པ་མང་དུ་འགྲོ་བའི་ཉེས་དམིགས་དང་ལྡན་པར་ལྷག་བསམ་བསྐུལ་བ་ལས། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ཡི་ཤེས་རབ་ཤིན་ཏུ་ཉམ་ཆུང་འགྱུར། །དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་དེ་ཉམས་འགྱུར། །ཞེས་དང༌། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །སེམས་ཀྱང་རྟུལ་ཞིང་དེ་ཡི་དྲན་པ་རྨོངས། །ལུང་ནོད་ཁ་ཏོན་བྱེད་ལ་དེ་མི་གནས། །ཆོས་སྨྲ་ན་ཡང་དེ་ནི་རྟག་ཏུ་ཐོགས། །ཅེས་བཀའ་སྩལ་ཏོ། །གཉིད་ཀྱིས་ཤས་ཆེར་ནོན་པ་ལ་མི་མ་ཡིན་གཏུམ་པོ་དག་གིས་ཀྱང་གླགས་རྙེད་དེ་མདངས་འཕྲོགས་པར་ལྷག་བསམ་བསྐུལ་བ་དང་སྤྱོད་འཇུག་བསྔོ་ལེར་གསུངས་ཤིང༌། ཤིན་ཏུ་ཐུབ་པར་དཀའ་བའི་དཔའ་བོའང་གཉིད་ཀྱི་གླགས་ལ་བལྟས་ནས་དགྲ་ཉམ་ཆུང་གི་ལག་ཏུ་སོང་བ་མཐོང་ཆོས་སུ་ཡང་མང་པོ་འདུག་པ་དང༌། གཉིད་ཀྱི་ཚོད་མི་རིག་པ་ཚེའི་བར་ཆད་དུ་འགྲོ་བར་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལ་སོགས་པར་ཡང་བཤད་དེ། དེ་འདྲ་ལ་དགོངས་ནས་ཀུན་མཁྱེན་དྲི་མེད་འོད་ཟེར་


LT17_Page_301
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀྱང༌། ཉལ་ཞིང་གཉིད་པས་དོན་རྣམས་འཆོར་བ་དང༌། །བག་ཟོན་མེད་པས་དགྲ་རྣམས་འཇུག་པ་དང༌། །འདྲེ་རྣམས་གླགས་ཚོལ་ཉེས་པ་ཚད་མེད་པས། །དོན་རྣམས་འབྱོར་སླད་བརྩོན་འགྲུས་དཔེ་མེད་མཛོད། །ཅེས་རི་བོང་གི་རྟོགས་བརྗོད་དུ་གསུངས་སོ། །སེམས་ཀྱི་ཡོན་ཏན་ལ་གནོད་པར་མ་ཟད་ལུས་ཀྱི་ཟུང་ཡང་གཉིད་འདིས་འཕྲོག་པར་བྱེད་དེ། གཉིད་ཀྱིས་ནང་གི་མེའི་ཁམས་ཉམས་པར་འགྱུར་བས་ཁ་ཟས་ལེགས་པར་མི་འཇུ་བ་དང༌། ཟས་ལ་ཡི་ག་འཆུ་བ་དང༌། བད་ཀན་དང་གཅོང་ཆེན་དམུ་ཆུ་སོགས་ནད་མང་པོ་འཇུག་པ་དང༌། ཆོས་ཉིད་ཀྱིས་ཤ་ཆེ་ཞིང་ལྷོད་པ་དང༌། མདོག་མི་སྡུག་པར་འགྱུར་བའི་ཉེས་པ་སོགས་ཀྱང་གསུངས་ཏེ། རྒྱས་པར་བསླབ་བཏུས་དང་མདོ་བལྟ་བར་བྱའོ། །ད་ལྟ་གཉིད་ཆེ་ཞིང་སྤང་བར་དཀའ་བ་ནི་ཚེ་སྔ་མ་ལ་སྦྲུལ་སོགས་སུ་སྐྱེས་ནས་གཉིད་དང་དེའི་རྒྱུ་མུན་པ་ཡིད་བྱེད་ལ་མང་དུ་གོམས་པའི་རྒྱུ་མཐུན་ཡིན་པར་གདགས་པའི་བསྟན་བཅོས་ལས་བཤད་པ་ལྟར། ད་ལྟ་གཉིད་ལ་གོམས་ན་ཚེ་འདི་ལ་དེ་འདྲའི་ཉེས་དམིགས་འབྱུང་བར་མ་ཟད། ཕྱི་མ་ལའང་དེའི་རྒྱུ་མཐུན་བཟློག་དཀའ་བས་རྩལ་ཅི་ཡོད་ཕྱུངས་ནས་དགག་དགོས་སོ། །གཉིས་པ་ནི། བརྩོན་འགྲུས་ཀྱི་ཕན་ཡོན་སེམས་དང་བར་འགྱུར་བའི་དམིགས་པ་ཡིད་ལ་བྱེད་པ་དང༌། སྣང་བའི་མཚན་མ་ཡིད་བྱེད་ལ་མང་དུ་གནས་པའི་སྒོ་ནས་གཉིད་མང་བའི་འགལ་ཟླ་སྒྲུབ་པ་དང༌། གཉིད་བྱུང་རེས་ཀྱིས་ཉེས་དམིགས་མང་དུ་བསམ་ལ། སྤྱོད་འཇུག་ལས། དེ་བས་པང་དུ་སྦྲུལ་འོང་ན། །ཇི་ལྟར་རིངས་པས་ལྡང་བ་ལྟར། །དེ་


LT17_Page_302
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཉིད་དང་སྙོམ་འོང་ན། །མྱུར་དུ་དེ་དག་བཟློག་པར་བྱ། །ཞེས་པ་ལྟར་བསྒྲིམས་ནས་འགོགས་ཤིང་ཕྱིས་མི་འབྱུང་བའི་འཕེན་པ་དྲག་པོ་བྱ་སྟེ། དེ་དག་ནི་གཉིད་ལོག་མ་བྱུང་གོང་དང༌། བྱུང་བར་རྩོམ་པ་ན་ཇི་ལྟར་བྱ་བ་དང༌། བྱུང་བ་འགོག་པ་ལ་ཡང་སྦྱར་རོ། །དེ་ལྟ་མོད་ཀྱི་གཉིད་བྱུང་ཚབས་ཆེ་བ་འགོག་པ་ལ་ནི། ལངས་ནས་ཕྱོགས་བཞིར་འཆགས་པ་དང༌། རྒྱུ་སྐར་ལ་ལྟ་བ་དང༌། གདོང་ལ་ཆུ་གྲངས་མོ་འདེབས་པ་སོགས་སྤྱོད་ལམ་གྱི་སྒོ་ནས་འགོག་ཚུལ་ཉན་ས་ལས་གསུངས་པ་རྣམས་ཀྱང་བསྟེན་དགོས་ཤིང༌། སྤྱོད་འཇུག་ལེའུ་བདུན་པར་གསུངས་པའི་འཆི་བ་སེམས་ཚུལ་རྣམས་ཀྱང་སྟོབས་ཆེའོ། །ཞེས་པའང་དགེ་སྦྱོང་དང་ལོ་ནས་བསྐུལ་བ་བཞིན་འཇིགས་མེད་བསྟན་ཉིས་སྐད་ཅིག་ལ་ཤར་མར་བྲིས། དགེའོ།། །།

གསང་སྔགས་ཀྱི་གཞུང་དུ་འདོད་པའི་ཡོན་ཏན་རྒྱན་དུ་རོལ་བར་གསུངས་པའི་དོན་ཅུང་ཟད་བཤད་པ།

༈ གསང་སྔགས་ཀྱི་གཞུང་དུ་འདོད་པའི་ཡོན་ཏན་རྒྱན་དུ་རོལ་བར་གསུངས་པའི་དོན་ཅུང་ཟད་བཤད་ན། དེང་སང་གི་སྔགས་གཟུགས་ཕལ་ཆེར་ནི་འདོད་པའི་ཡུལ་འདོད་པའི་བློ་འདོད་པའི་འབྲས་བུ་དང་བཅས་པ་གདོད་ནས་མ་སྐྱེས་པ་ནམ་མཁའ་ལྟ་བུ་ཡིན་པས་འདོད་ཡོན་ལ་སྤྱད་ཀྱང་མི་གོས་ཞེས་ཟེར་མོད། །དེ་ལྟ་ན་སྔགས་པ་ཡིན་རུང་མིན་རུང་ཆོས་ཐམས་ཅད་རང་བཞིན་བདེན་མེད་དུ་མགོ་མཚུངས་པས་སེམས་ཅན་ཐམས་ཅད་འཁྲུལ་ཀྱང་མི་རིགས་ལ། སྤྱད་ཡུལ་དང་སྤྱོད་མཁན་དོན་དམ་དུ་མེད་པས་ཐ་སྙད་དུ་མེད་གོ་ཆོད་ན་སྤྱད་ཅེས་པའང་མི་འཐད་དེ་རི་བོང་གི་རྭས་རུས་སྦལ་གྱི་སྤུ་བྲེག་པ་བཞིན་ནོ། །མི་གོས་ཞེས་པའང་ཁྱོད་ལ་མི་འཐད་དེ། མི་གོས་ཉིད་ཀྱང་བདེན་མེད་ཡིན་པའི་ཕྱིར་རོ། །དེས་ན་ཁྱེད་རང་གི་ཚིག་གིས་རང་ཉིད་བརླག་


LT17_Page_303
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཟད་དོ། །ལར་གོས་དང་མི་གོས་འཁྲུལ་དང་མ་འཁྲུལ་ཐམས་ཅད་ཀུན་རྫོབ་མ་བརྟགས་ཉམས་དགའི་ངོར་བཞག་པ་ཡིན་གྱི་དོན་དམ་པར་བཞག་པ་ལྟ་ག་ལ་ཡིན། དེའི་ཕྱིར་ཚིག་ལྟར་སྣང་བ་དེ་འདྲས་རྡོ་རྗེ་འཆང་གི་བླ་མ་ཚོངས་ཤིག་འོ་ན་ཁྱོད་ཅག་ཅི་ཚུག་སྨྲ་ཞེ་ན། སྔགས་པས་ནི་སངས་རྒྱས་ཀྱི་སའི་གནས་ལུས་ལོངས་སྤྱོད་ལམ་དུ་བྱེད་དགོས་པ་ཡིན་པས། འདི་ན་མ་དག་པའི་ཆོས་ཞིག་མི་འཇོག་པར་སྣང་སྲིད་དག་པ་རབ་འབྱམས་སུ་བལྟས་ཏེ། དོན་དམ་རང་བཞིན་རྣམ་དག་ལེགས་པར་རྟོགས་ཤིང༌། ཐ་སྙད་དུ་དག་ཆེན་སྐུ་དང་ཡེ་ཤེས་སུ་རྟོགས་པའི་ཕྱག་རྒྱས་འདོད་ཡོན་གྱི་སྣང་བ་ཀུན་ལ་བཏབ་པས་འབྲས་བུ་ཁྱད་པར་ཅན་འབྱིན་ཞིང་གནས་ངན་ལེན་མི་སྐྱེད་པ་ཉིད་དེ། སྐྱུ་རུ་རའི་འབྲས་བུ་འོ་མ་དང་སྦགས་པ་ལས་རོ་མངར་པོར་འགྱུར་བ་བཞིན་ནོ། །འོ་ན་གཟུགས་སོགས་ཡུལ་གྱི་སྣང་བ་ལ་སྤྱད་པས་མི་འཆིང་ངམ་ཞེ་ན། རྣམ་པ་ཀུན་ཏུ་འཆིང་བའང་མ་ཡིན་ལ། ཐམས་ཅད་དུ་མི་འཆིང་བའང་མ་ཡིན་ཏེ། དེའི་རྒྱུ་མཚན་རྣམ་པ་ཀུན་ཏུ་གཟུགས་སྣང་བས་འཁྲུལ་ན་སངས་རྒྱས་བཅོམ་ལྡན་རྣམས་ཀྱང་སྲིད་པར་ལྟུང་བར་ཐལ་ལ། རྣམ་པ་ཀུན་ཏུ་གཟུགས་ལ་བརྟེན་ནས་མི་འཆིང་ན་གཟུགས་རང་བཞིན་གྱིས་གྲུབ་པར་ཞེན་པའི་སེམས་ཅན་ཁོ་བོ་ལྟ་བུའང་གྲོལ་བ་ཡིན་པར་ཐལ་ལོ། །དེའི་ཕྱིར་ཡུལ་སྣང་བདེན་གྲུབ་ཏུ་ལྟ་བ་ལས་ཆགས་སྡང་ལ་སོགས་པའི་ཉོན་མོངས་ཀྱི་ཚོགས་འབྱུང་ཞིང་དེ་ལས་ཁམས་གསུམ་དུ་ལྟུང་བ་ཡིན་གྱི། སྲིད་རྩ་བདེན་འཛིན་གྱི་ཁམས་བདག་མེད་


LT17_Page_304
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པས་བྱུང་བ་རྣམས་ལ་ཡུལ་གྱིས་འཆིང་བར་ག་ལ་འགྱུར། སྤྱིར་འབྲས་བུར་གྱུར་པའི་ཆོས་གང་སྐྱེ་བའི་གེགས་མེད་ཅིང་རྒྱུ་ཚོགས་ཀུན་ཚང་ན་མི་སྐྱེ་བའི་དབང་མེད་པ་ཡིན་ལ། རྣལ་འབྱོར་པས་མཆོག་གི་ཡེ་ཤེས་སྐྱེ་བའི་གེགས་བདག་ཏུ་སྲེད་པ་འགོག་པའི་ཐབས་ལ་བློའི་རྩལ་སྦྱོང་ཞིང༌། མཐུན་པའི་རྐྱེན་དག་མཉམ་ཆེན་པོའི་དགོངས་པ་དང་ལྡན་ན་འདི་དག་འགྲུབ་པར་མི་འགྱུར་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གནས་འདི་གང་ཟག་ཆགས་ཅན་དབང་པོ་རྣོན་པོ་རྣམས་ཀྱི་ཕྱིར་ཚུལ་ཟབ་མོར་བསྟན་པ་ཡིན་ནོ། །གནད་འདི་རྒྱས་པར་དེ་ཉིད་གྲུབ་པ་ལས་རིག་པར་བྱའོ། །ད་ནི་དྲག་པོ་མངོན་སྤྱོད་ཀྱི་སྒྲོལ་བ་ལ་ཉུང་ངུའི་ཚུལ་དུ་དཔྱད་པར་བྱ་སྟེ། འདི་ལའང་དེང་སང་གི་གཏོ་བ་དང་མཐུ་མཁན་ཕལ་ཆེར་ནི་འདི་སྐད་ཅེས། དགྲ་བོ་རྣམས་ནི་གསད་པར་བྱ་བ་ཡིན་ཏེ། བདག་དང་སྦྱིན་པའི་བདག་པོ་ལ་འཚེ་བའི་ཕྱིར་རོ་ཞེས་ཟེར་ཞིང་བདག་དང་བདག་གི་བཤེས་ལ་ཆགས་པ་ཁོ་ན་སྙིང་ལ་བཅག་ཏེ། དགྲ་བོ་ག་གེ་མོས་སངས་རྒྱས་ཀྱི་བསྟན་པ་བཤིག་བྱང་ཆུབ་ཀྱི་སེམས་བདག་ལ་བསྒོམ་དུ་མ་སྟེར་ཞེས་ཡེ་ཤེས་ཀྱི་ལྷ་ལ་རྫུན་ལབ་པར་འདུག་སྟེ། ཁོ་བོའི་ཁྱི་ཁོག་ཏུ་དྲན་ཚོད་ལྟར་ན་འདི་འདྲ་བ་རྡོ་རྗེའི་ཐེག་པར་མ་ཚུད་པ་འདྲ་སྟེ། རྡོ་རྗེའི་ཐེག་པ་ཞེས་བྱ་བ་དེ་ཐེག་པ་ཆེན་པོ་ཞིག་ཡིན། ཐེག་ཆེན་བྱ་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པའི་ལམ་ཡིན། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་དོན་གཉེར་ལ་མྱོང་བ་ཐོན་པའི་སེམས་ཞིག་ཡིན།


LT17_Page_305
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙ་ན་དགྲ་བོ་ལ་སྙིང་རྗེ་ཆེན་པོའི་བློ་རྡུལ་ཕྲན་ཙམ་ཡང་མེད་བཞིན་དུ་ཁྲོ་བ་དང་འཚིག་པའི་སེམས་ཀྱིས་སྲོག་གཅོད་ཀྱི་སྒྱུ་ཐབས་བརྩམ་པ་ཙམ་ཞིག་ཡིན་ནོ། །བདག་ཉིད་ཀྱིས་ཐུབ་པའི་བསྟན་པ་ལ་བྱ་བ་བྱས་པ་ཡང་མེད་ལ། མི་དགེ་བའི་ལས་ལམ་གསང་སྔགས་སུ་སྒྲོ་འདོགས་པའི་ཆོས་སྤོང་གི་ལས་ཚབས་པོ་ཆེ་ལ་ཅང་མི་སེམས་པར། དགྲ་མཐུ་ཆུང་འགའ་ཞིག་ལ་སྡང་སེམས་ཀྱིས་འདིས་སངས་རྒྱས་ཀྱི་བསྟན་པ་བཤིགས་སོ་ཞེས་སྨྲ་བ་དགོད་བྲོ་ལ། བྱང་ཆུབ་ཀྱི་སེམས་དེའང་དགྲ་གཉེན་ཐམས་ཅད་ལ་སྙོམས་པར་འབྱུང་བ་ཞིག་དགོས་ཀྱི། སོས་དལ་དུ་ལྷུག་ལྷུག་པོར་ཉལ་བ་ཙམ་བྱང་ཆུབ་ཀྱི་སེམས་ག་ལ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྐུལ་བའི་གྲོགས་ལ་སླར་ཁྲོ་ན་ཁྱོད་རང་ཉིད་དགྲ་གྱུར་གྱི་ཁོ་ག་ལ་ཡིན། འོ་ན་གཏེར་གཞུང་མང་པོར་བྱང་ཆུབ་སེམས་གཉིས་བསྒོམ་པའི་དགྲ་རུ་ལང༌། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་དགྲ་བོ་ཁོ་རང་གི་རྒྱུད་ཀྱི་ཞེ་སྡང་ལ་སོགས་པའི་ཉོན་མོངས་ཀྱི་ཚོགས་ཁོ་རང་གི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གེགས་སུ་གྱུར་པའི་ཕྱིར་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐབས་མཁས་ཕྲིན་ལས་ཆེན་པོའི་ཤུགས་ཀྱིས་དགྲ་བོའི་ཉོན་མོངས་པ་ཐུལ་ཅིག་ཅེས་བསྐུལ་བ་ཡིན་པས་འགལ་བ་ལྟ་ག་ལ་ཡོད། འོ་ན་ཉམས་པ་ཅན་སྒྲོལ་བའི་ཐབས་གཏན་ནས་མི་རིགས་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། སྡིག་ཅན་ཚེ་རིང་ན་ཡུན་རིང་པོར་ལོག་པའི་ལམ་སློབ་པ་རྣམས་ལ་སྙིང་བརྩེ་བ་མངོན་དུ་བཞག་སྟེ།


LT17_Page_306
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་རྟོགས་པ་དང༌། སྟོང་ཉིད་ཀྱི་སེམས་རྔམ་པ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་ནས་རྣལ་འབྱོར་པའི་ཚེ་ལུང་ཁྲུས་ཀྱི་དགོངས་པ་དང༌། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཆེན་པོའི་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་བདེན་པས་ཉམས་པ་ཅན་བསྒྲལ་ཏེ་སྐུ་བཞིའི་ནུས་པ་རྒྱུད་ལ་འཇོག་ཅིང༌། མངོན་མཐོ་དང་ངེས་པར་ལེགས་པའི་ས་ལ་དབུགས་འབྱིན་པ་ཞིག་མེད་པར་སྨྲ་བ་ནི་མ་ཡིན་ནོ། །དེའང་གདུལ་བྱའི་རྒྱུད་ཀྱི་དགེ་ཚོགས་དུས་སུ་སྨིན་པའམ་སད་པར་བྱེད་ལ་དགྲ་བོའི་ཤ་ཁྲག་གིས་དགྱེས་ཉམས་ལྷ་ཡི་དཀྱིལ་འཁོར་ལ་ཚོགས་མཆོད་སྤྲིན་གྱི་རོལ་མོར་སྤེལ་བ་དང༌། ཆོས་ཉིད་རྟོགས་པའི་ཡེ་ཤེས་དང་རྟེན་འབྱུང་མཐོང་བའི་བདེན་པ་རྨད་དུ་བྱུང་བ་དང༌། ཁྲུས་ལུང་གི་དགོངས་པ་ཟབ་མོ་ལ་སོགས་པ་ཐབས་ཀྱི་སྒོ་སྣ་ཚོགས་ལ་བརྟེན་པས། ཉི་མ་དང་ཆུ་ནང་གི་ཉི་གཟུགས་བཞིན་དུ་ཉམས་པ་ཅན་ལ་བྱིན་རླབས་ཀྱི་སྣང་བ་ཅིར་ཡང་འཆར་བ་ནི་རྟེན་ཅིང་འབྲེལ་འབྱུང་གི་མཐུ་ནུས་ཡིན་ནོ། །ཞེས་པའང་སྤྲང་སྨྱོན་འཇིགས་མེད་པས་སྨྱོ་གཏམ་ཅལ་ཅོལ་དུ་བྲིས་པའོ།། །།

བསང་གི་དམིགས་པ།

༈ ན་མོ་གུ་རུ་པདྨཱ་ཀ་ར་ཡེ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་འགྲོ་བའི་མགོན། །སྙིགས་མའི་འགྲོ་ལ་ཐུགས་རྗེས་རབ་དགོངས་མཛད། །གངས་ཅན་བསྟན་འགྲོའི་གཙུག་རྒྱན་ཨོ་རྒྱན་རྗེ། །མི་ཕྱེད་སྒོ་གསུམ་གུས་འདུད་སྤྱི་བོས་མཆོད། །དེ་ལ་འདིར་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས། །སྒྱུ་མ་ལྟ་བུའི་སྦྱིན་བྱས་ན། སྒྱུ་མ་ལྟ་བུའི་ཚོགས་རྫོགས་པར་འགྱུར་བ་ཡིན་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་


LT17_Page_307
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྫོགས་པར་བྱེད་པའི་ཐབས་ཚེགས་ཆུང་ལ་དོན་ཆེ་བ་ཕན་ཡོན་དང་ལྡན་པ་དུས་དང་རྣམ་པ་ཀུན་ཏུ། བསང༌། ཆུ་གཏོར། གསུར། ལུས་སྦྱིན་སོགས་སྦྱིན་པ་རྣམ་བཞི་ལ་རྟག་ཏུ་བརྩོན་པར་བྱེད་པའི་གང་ཟག་དེ་ཉིད་ནི། ཚོགས་རྫོགས་ཤིང་སྒྲིབ་པ་དག་པ་དང་ཁྱད་པར་དུ་ཡང་ཚེ་འདིར་དམ་ཆོས་བྱང་ཆུབ་སྒྲུབ་པའི་འགལ་ཟླ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ་ཉེ་བར་ཞི་ཞིང་མཐར་ཐུག་ཐུན་མོང་མ་ཡིན་པ་རྫོགས་པ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པའི་ལམ་གྱི་ཆ་ལག་ཏུ་ཉེ་བར་འགྱུར་བ་ཡིན་པས་འདི་ལ་འབད་པར་རིགས་སོ། །ཐོག་མར་བསང་ལྟ་བུ་ལ་མཚོན་ན། བསང་རྫས་དེ་ཡང༌། རྒྱུ་བཟང་བ། དངོས་གཙང་བ། བཀོད་ལེགས་པ་ཞེས་གསུངས་པ་ལྟར། རྒྱུ་ལོག་འཚོ་དང་སེར་སྣས་མ་བསླད་པ་ཞིག་དགོས་པ་ཡིན་ཏེ། ལོག་པའི་འཚོ་བ་ལྔ་དང༌། ཁྱད་པར་སེར་སྣ་ནི་ཡི་དྭགས་སུ་སྐྱེ་བའི་རྒྱུ་ཡིན་ཏེ། མཆོད་པའི་དངོས་པོ་གང་ལ་ཡང་རང་གི་ཤ་ལ་གཅིག་གཅོད་དགོས་པ་ལྟ་བུའི་སེར་སྣ་དང་བཅས་པས་ནི་ཚོགས་རྫོགས་པར་འགྱུར་བ་མ་ཡིན་པས་ལེགས་པར་སྤང་དགོས། དངོས་བཟང་བ་ནི་རང་གིས་གང་ཟ་རྒྱུའི་དངོས་པོ་དེ་ལས་ཕུད་དམ་གང་བཟང་བ་དེ་ལས་མཆོད་པའི་དངོས་པོ་བྱེད་པ་མ་གཏོགས། གང་ངན་པ་དང༌། རུལ་བ་དང༌། ཁ་བ། ནག་དྲགས་ཕོག་པ་སོགས་རང་གིས་བཟའ་མི་ལོམ་པ་ལ་མཆོད་པ་བྱེད་པ་ནི་ཤིན་ཏུ་མི་རུང་སྟེ། རྒྱལ་བ་རྣམས་ལ་བཟང་ངན་དང་གཙང་སྨེ་


LT17_Page_308
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཉིས་སྣང་གི་རྟོག་པ་མངའ་བ་མ་ཡིན་ཏེ། རང་གིས་ཚོགས་རྫོགས་པར་བྱེད་པས། གཙང་ཞིང་གཙང་མར་སྦྱར་བ་ཡི། །ཞེས་པ་ལྟར་ཁ་གཙང་ལག་གཙང་བྱས་ཏེ། མཆོད་པའི་དངོས་པོ་དེ་ཡང་ཤིན་ཏུ་གཙང་ཞིང་དག་པར་བྱེད་པ་ནི་གནད་དོ། །བཀོད་ལེགས་པ་ནི། བསང་མཁར་སོགས་མཆོད་སྟེགས་དེ་ཡང་རང་གི་ལུས་ངལ་བ་ཙམ་ལ་བསམ་ནས་ཅི་ཉན་གང་ཉན་ཞིག་མི་བྱེད་པར་ཡ་ཡོ་འཁྱག་འཁྱོག་དང་བྲལ་བ། དབྱིབས་མཛེས་ཤིང་ཁོད་སྙོམས་པ་ཞིག་བྱེད་པ་ནི་གལ་ཆེའོ། །ལར་བྱ་བ་གང་ལ་ཡང་ལུས་ངག་ཡིད་གསུམ་ཆིག་དྲིལ་དུ་མ་བྱས་ན་དགོས་དོན་མི་འགྲུབ་པའི་ཕྱིར། འདིར་ཡང་ཡིད་ལ་བསམ་རྒྱུ་ཅི་ཡང་མེད་པར་ཤིང་ཁ་ཤོག་ལྕེ་ཙམ་ཁོ་ནས་འདོན་ཟློས་བྱས་ཀྱང་རང་ངལ་བ་ཙམ་ལས་དོན་འབྲས་ཆུང་བར་འདུག་པས་བསྐྱེད་རིམ་ཞིག་མི་དགོས་པའི་ཆོ་ག་ཞིག་འདོན་རྒྱུ་གཏན་ནས་ཡོད་པ་མ་ཡིན་ཏེ། འདིར་ཡང་བསྐྱེད་རིམ་དང་དམིགས་པ་ཁོ་ན་ལ་རགས་ལས་པ་ཡིན་པས་དེ་ཡང་མདོ་ཧྲིལ་གྱིས་དྲིལ་ན། ཐོག་མར་སྐྱབས་དཀོན་མཆོག་གསུམ་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པོས་སྒོ་ནས་སྐྱབས་སུ་འགྲོ་བ་དང༌། རང་གཞན་སེམས་ཅན་ཐམས་ཅད་རྫོགས་བྱང་ཐོབ་འདོད་ཀྱི་ཀུན་སློང་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བཅས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཚིག་བརྗོད། འདི་གཉིས་སྔོན་དུ་མ་སོང་ན་འབེན་མ་མཐོང་བར་མདའ་རྒྱག་པ་དང་འདྲ་བར་མཚུངས་པས་སྐྱབས་སེམས་གཉིས་སྔོན་དུ་འགྲོ་བར་བྱས་ལ། ཐོག་མར་རང་ཡི་དམ་གྱི་ལྷ་


LT17_Page_309
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་ཞིག་ཏུ་མ་གསལ་བར་མཆོད་རྫས་ཀྱི་དངོས་པོ་དེ་ཡང་བྱིན་གྱིས་རློབ་མི་ནུས་པ་ཡིན་པས་རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃཿལས་ཡི་གེ་རཾཿདམར་ནག་གཅིག་སྤྲོས་པ་ལས་བསང་རྫས་ཀྱི་དངོས་པོ་དེ་དག་བསྲེག །ཡཾ་ལས་རླུང་བྱུང་བས་གཏོར། ཁཾ་ལས་ཆུ་བྱུང་བས་བཀྲུ་བར་བྱས་ཏེ། མི་དམིགས་པ་ཆོས་དབྱིངས་ཀ་དག་ཆེན་པོའི་དབྱིངས་སུ་སྟོང་པར་སྦྱངས་ནས། སླར་ཡང་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་ཨོཾ་དཀར་པོ་ཐིག་ལེའི་བརྒྱན་པ་ཞིག་འཕྲོས་ཏེ་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་ལ་ཁྱོན་ཡངས་པ་ཁྱབ་བརྡལ་ནམ་མཁའི་མཐའ་དང་མཉམ་པ་ལྟ་བུའི་ནང་དུ་དབྱིངས་ནས་རྒྱལ་བ་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོཾ་དཀར་པོ། གསུང་གི་ངོ་བོ་ཨཿདམར་པོ། ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་གི་ཆར་བབས་ཏེ་བསང་རྫས་ཀྱི་དངོས་པོ་དེ་ཡང་ངོ་བོ་སྟོང་ལ་ཟག་པ་མེད་པ་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩི་ལས། རྣམ་པ་བསང་མགྲོན་རྣམས་རང་རང་གི་སྤྱན་ལམ་དུ། མིག་གི་འདོད་ཡོན་གཟུགས། རྣ་བའི་འདོད་ཡོན་སྒྲ། སྣའི་འདོད་ཡོན་དྲི། ལྕེའི་འདོད་ཡོན་རོ། །ལུས་ཀྱི་འདོད་ཡོན་རེག་བྱ་སོགས་མཁོ་དགུའི་ལོངས་སྤྱོད་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་ཟད་པ་མེད་པའི་གཏེར་ཆེན་པོར་བྱིན་གྱིས་བརླབས་ཏེ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མང་དུ་སྤེལ། ཡང་རང་ཉིད་ཡི་དམ་གྱི་ཐུགས་ཀའི་ཧཱུྃཿལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ། དཀོན་མཆོག་


LT17_Page_310
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་ཞུའི་མགྲོན། མགོན་པོ་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་སོགས་པ་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཏེ། དཔེར་ན་ཆུ་ལས་ཆུ་བུར་རྡོལ་བའམ། མཁའ་ལས་གློག་འཁྱུགས་པ་བཞིན་དུ་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང༌། མཉམ་དུ་རང་གི་རིག་པ་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་སྐད་ཅིག་གིས་བྱོན་པར་བསམ་ལ། གདན་ཕུལ། དཀོན་མཆོག་སྲི་ཞུའི་མགྲོན་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སངས་རྒྱས་ཆོས་དང་དགེ་འདུན་བླ་མ་ཡི་དམ་མཁའ་འགྲོ་སོགས་ནམ་མཁའ་ལ་སྐར་ཚོགས་བཀྲ་བ་ལྟ་བུ། མགོན་པོ་ཡོན་ཏན་གྱི་མགྲོན་ནི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱལ་པོ་ཆེན་པོ་བཞི། འཇིགས་བྱེད་ཆེན་པོ་དགུ། ཕྱོགས་སྐྱོང་བ་བཅུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དེ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ། གཡོག་དང་བཅས་པ། ཡང་གཡོག་དང་བཅས་པ། བུ་སྨད་དང་བཅས་པ། དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་དང་བཅས་པ་ཐམས་ཅད་ནམ་མཁའ་ལ་སྤྲིན་འཁྲིགས་པ་ལྟ་བུ། རིགས་དྲུག་སྙིང་རྗེའི་མགྲོན་ནི། ལྷ་དང་མི་དང་ལྷ་མ་ཡིན་དང༌། བྱོལ་སོང་ཡི་དྭགས་དམྱལ་བ་སོགས་བར་སྣང་ལ་ན་བུན་འཐིབ་པ་ལྟ་བུ། བགེགས་རིགས་ལན་ཆགས་ཀྱི་མགྲོན་ནི། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། འཕྲོག་མ་མ་


LT17_Page_311
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལྔ་བརྒྱ་སོགས་ལན་ཆགས་ཀྱི་འགྲོ་བ་ཐམས་ཅད་ས་གཞི་ལ་ལྷ་དང་མིའི་ཁྲོམ་ཆེན་པོ་འཚོགས་པ་བཞིན་དུ་ཐིབས་ཀྱིས་འདུས་པར་བསམ་ལ། དེ་ནས་མཆོད་སྦྱིན་གྱི་དམིགས་པ་ནི། མཆོད་ཡུལ་གྱི་ལྷ་རྣམས་རང་རང་གི་ལྗགས་རྡོ་རྗེའི་སྤུ་གུ་ཅན་གྱི་འོད་ཟེར་གྱི་རྣམ་པས་ཆུ་ལ་ཉི་ཟེར་ཕོག་པ་བཞིན་དུ་བསང་རྫས་ཀྱི་བཅུད་རྣམས་དྲངས་ཏེ་གསོལ་བར་བསམ་པའོ། །ཡང་ན་དུ་བའི་ཟེར་ལས་མཆོད་པའི་ལྷ་མོ་ཉི་རྡུལ་གྱི་གྲངས་དང་མཉམ་པར་སྤྲོས་ཏེ། དེ་དག་གིས་གཡས་དག་བྱེད་ཀྱི་བདུད་རྩི་ཁྲུས་ཀྱི་བུམ་པ་འཛིན་པ། གཡོན་སྨན་གྱིས་བཀང་བའི་གཞོང་པ་ལས་དུ་བ་དྲི་ཞིམ་པོས་འཇིག་རྟེན་གྱི་ཁམས་ཀུན་ཁྱབ་པར་བྱེད་པ། དུ་བའི་རྩེ་ལས་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་སོགས་མཆོད་པའི་སྤྲིན་རྒྱ་མཚོ་ལྟ་བུ་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ་མཆོད་སྦྱིན་གྱི་དམིགས་པ་བྱ། དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས། སྒྲིབ་གཉིས་དག་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཚེ་འདི་ཉིད་ལ་ཐོབ་པར་བསམ། མགོན་པོ་ཡོན་ཏན་མགྲོན་རྣམས་ལ་ཕུལ་བས་དེ་དག་གིས་ཐུགས་བདེ་སྟོང་གི་རོས་མྱོས་ཏེ་དམ་ཆོས་བྱང་ཆུབ་སྒྲུབ་པའི་མི་མཐུན་པའི་ཕྱོགས། ནད་དང་གདོན་དང་རྐྱེན་དང་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང༌། མཐུན་རྐྱེན་ལེགས་ཚོགས་དགེ་བའི་དངོས་པོ་ཐམས་ཅད་འབད་མེད་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་དང་ཕྲིན་ལས་གང་འདོད་


LT17_Page_312
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་བསམ། རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ་ཕུལ་བས་དེ་དག་ནི་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་མཐའ་དག་དང་བྲལ་ཏེ། གནས་སྐབས་སུ་གཞན་འཕྲུལ་ལྷའི་ལོངས་སྤྱོད་ལྟ་བུ་ལ་མངའ་དབང་བསྒྱུར་ཏེ། མཐར་ཐུག་རང་སྣང་དོན་གྱི་འོག་མིན་ཆེན་པོའི་དབྱིངས་སུ་རང་སད་དེ་སངས་རྒྱས་པར་བསམ། བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ལ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པའི་དུས་ནས་ཚེ་ལུས་འདི་ལ་མ་ཐུག་གི་བར་དུ། བསད་བསད་ཚེ་ཐུང་བའི་ལན་ཆགས། བརྡུང་བརྡུང་ནད་མང་བའི་ལན་ཆགས། བརྐུས་བརྐུས་འཕྲོག་འཕྲོག་གི་རྒྱུའི་ལན་ཆགས། མཐོ་བ་མཁར་ཕབ་པ། དམའ་བ་ཡུལ་འཕྲོགས་པ། མི་རྟ་གྲི་རུ་བསད་པ་ལ་སོགས་པའི་ལན་ཆགས་འཁོར། བུ་ལོན་སོད། ཤ་མཁོན་དག་དེ་དག་གི་ལས་སྣང་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་ཁྱད་པར་དུ་གཞན་ལ་འཚེ་བའི་བསམ་སྦྱོར་ངན་པ་ཐམས་ཅད་དང་བྲལ་ཏེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་པར་བསམ། དེ་ལྟར་འདོན་སྒོམ་སྦྲགས་ལ་དམིགས་པས་རྒྱས་ཐེབ་པར་བྱེད་པ་ནི་གལ་ཆེའོ། །མཐར་མགྲོན་བསྡུ་བའི་དམིགས་པ་ནི། བསྡུ་གཤེགས་ཀྱི་ཚིག་བརྗོད་པ་དང་མཉམ་དུ། མཆོད་པ་པོ་དང་མཆོད་པའི་དངོས་པོ། མཆོད་པའི་ཡུལ་མི་དམིགས་པ་ཆོས་དབྱིངས་སྤྲོས་མཐའ་དང་བྲལ་བ། ཀ་དག་ཡེ་གྲོལ་ཆེན་པོའི་དབྱིངས་སུ་འབྱམས་ཀླས་པར་བྱས་ལ། དགེ་རྩ་


LT17_Page_313
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་བྱང་དུ་བསྔོ་བ་དང་ཤིས་བརྗོད་ཀྱི་ཚིག་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། །ཆུ་གཏོར་དང་གསུར་ལུས་སྦྱིན་སོགས་ཀྱི་དམིགས་པ་ཡང་ཧ་ལམ་དེ་དང་མཚུངས་པ་ཡིན་པ་རིགས་པས་འཕྲུལ་ཤེས་པར་བྱའོ། །སྨྲས་པ། ཇི་བཞིན་རང་གི་རྒྱུད་ལ་མི་ངེས་ཀྱང༌། །མཚུངས་མེད་དམ་པའི་ཞལ་རྒྱུན་མ་ནོར་བར། །མཁས་རློམས་རང་བཟོས་བསྲེ་བསླད་ཡོངས་སྤངས་ནས། །ཆོས་མཐུན་གྲོགས་ཀྱིས་ཡང་ཡང་བསྐུལ་བའི་ངོར། །བསང་གི་དམིགས་པ་ཚིག་ཉུང་དོན་འདུས་བཀོད། །ཉེས་འགལ་མཆིས་ན་སྤྱན་ལྡན་ཚོགས་ལ་བཤགས། །དགེ་བས་འདི་མཐོང་རང་གཞན་སེམས་ཅན་གྱི། །བྱང་ཆུབ་སྒྲུབ་པའི་ཉེར་འཚེ་ཀུན་ཞི་ནས། །ཆོས་མཐུན་བསམ་པ་གེགས་མེད་འགྲུབ་པ་དང༌། །དོན་གཉིས་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པ་འདི་ཡང་དལ་འབྱོར་དོན་ལྡན་དུ་བྱེད་པ་འཛམ་གླིང་གནས་ཆེན་ཀུན་ལ་ལན་གྲངས་དུ་མར་བྱོན་པའི་བཙུན་པ་ཨ་ཅོ་ནས་བསང་གི་དམིགས་པ་ཚིག་ཉུང་དོན་འདུས་ཞིག་དགོས་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་མདོ་མེད་ཀྱི་སྤྲང་པོ་བསྟན་མིང་པས་དབེན་གནས་རྡོ་རྗེ་བྲག་གི་མགུལ་ནས་བྲིས་པ་དགེའོ། །དགེའོ།། དགེའོ།། །།

འཆི་ཁ་མའི་མན་ངག

༈ འཆི་ཁ་མའི་མན་ངག་ནི། འཆི་རན་དུས་ཀྱི་སྔོན་ནས་ཚགས་སུ་ཚུད་དགོས་ཏེ། དེ་ལ་རིམ་པ་མང་ཡང་འདིར་སྤྲོས་པ་བསྐྱུངས་ལ། འཆི་བ་ལ་ཉེ་བའི་དུས་སུ་ཅི་ལྟར་བྱ་བ་ཉུང་བསྡུས་ནི། སྔ་ཕྱི་ནམ་ཤི་ཡང་རུང་སྟེ། ལུས་དང་ལོངས་སྤྱོད་ཐམས་ཅད་མཐར་འདོར་བའི་ཆོས་ཁོ་ན་ལས་མ་འདས་ཏེ། འདི་ནི་འཇིག་རྟེན་སྤྱི་ཡི་ཆོས་ཉིད་ཡིན་ནོ་ཞེས་མང་དུ་བསམ་ལ།


LT17_Page_314
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཞེན་གྱི་འཁྲི་བ་རྦད་ཀྱིས་བཅད། ཚེ་རབས་གཞན་དང་འདི་ཉིད་ཀྱི་རིང་ལ་འདུས་བྱས་པའི་སྡིག་པ་དང༌། བཅས་འགལ་གྱི་ལྟུང་བ་དྲན་མི་དྲན་ཐམས་ཅད་བཤགས་ཤིང༌། སྡོམ་སེམས་མང་དུ་བསྟེན། དེ་ནས་འཆི་བ་ལ་ཞེ་འཚེར་མེད་པར་རིག་པ་གཟེང་བསྟོད་དེ་སྤྲོ་སེང་བ་བྱས་ལ། སྔར་ཕན་ཆོད་དགེ་སྦྱོར་ཅི་ལྟར་བྱས་པ་རྣམས་ཡིད་ལ་བྱས་ཏེ། རློམ་སེམས་དང་བྲལ་བའི་ཡི་རང་མང་དུ་བསྒོམ་ཞིང༌། ཚེ་རབས་ཐམས་ཅད་དུ་ཐེག་པ་མཆོག་གི་ལམ་ཡོངས་རྫོགས་ལ་སྒྲུབ་པ་སྙིང་པོར་བྱེད་པ་དང༌། སྒྲུབ་པ་དེ་ཡང་ཡོངས་འཛིན་བཤེས་གཉེན་དང༌། དད་བརྩོན་ཤེས་རབ་བག་ཡོད་སོགས་ཕྱི་དང་ནང་གི་རྟེན་འབྲེལ་གྱི་སྒོ་ཐམས་ཅད་ནས་ཕུན་སུམ་ཚོགས་པ་དང༌། སྡིག་གྲོགས་དང་ཉོན་མོངས་པ་སོགས་ཀྱི་གཞན་དབང་དུ་མི་འགྲོ་བའི་བསྔོ་བ་དང་སྨོན་འདུན་ཡང་ཡང་བྱེད། འདུལ་བ་ལུང་ན་སངས་རྒྱས་ཀྱི་སྤྱན་སྔར་ཚུལ་ཁྲིམས་དང་ལྡན་པ་སོགས་ཀྱི་མཆོག་ཏུ་སྐྱེས་པ་རྣམས་ཀྱི་དང་པོའི་རྒྱུ་བཤད་དུས། སྔོན་སངས་རྒྱས་ཀྱི་བསྟན་པ་ལ་འཆི་ཁར་སྨོན་ལམ་བཏབ་ཚུལ་ཤ་སྟག་སྣང་བས། ཉེ་བ་གང་དང་གོམས་པ་གང༌། །ཞེས་པ་ལྟར་སྟོབས་ཤིན་ཏུ་ཆེ། དེའི་གྲོགས་སུ་ཚེ་རབས་ཀུན་ཏུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལམ་ལ་ཅིས་ཀྱང་སློབ་དགོས་སྙམ་པའི་འཕེན་པ་དྲག་པོ་གཏོང་དགོས་ཏེ། གཉིད་ལས་ལྡང་བའི་འདུ་ཤེས་ཀྱི་སྐབས་སུའང༌། ནང་དུས་སྔ་མོ་ནས་སད་པར་གྱུར་ཅིག་སྙམ་པའི་སྨོན་ལམ་ལས། སད་པར་བྱའོ་སྙམ་པའི་འཕེན་པ་གཏོང་བ་སྟོབས་


LT17_Page_315
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ལ་ལྟོས་དང་ཤེས་སོ། །སྨོན་ལམ་དང་འཕེན་པ་གང་བྱས་ལྟར་བདེ་བླག་ཏུ་འགྲུབ་པའི་རྒྱུའི་ཡན་ལག་ཞིང་གི་མཐུ་ལ་བསྟན་པ་ཟབ་པས། དཔལ་ཨོ་རྒྱན་ཆེན་པོ་དང་འཕགས་པ་འཇིག་རྟེན་དབང་ཕྱུག་ལྟ་བུ་གཙོ་བོར་རང་ཉིད་གང་ལ་མོས་པ་ཆེ་ཞིང༌། བཟླས་སྒོམ་གྱི་འབྲེལ་བ་ཆེ་བ་དེ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཐག་བཅད་དེ། འདོད་དོན་སྒྲུབ་པའི་གསོལ་བ་རྩེ་གཅིག་ཏུ་བཏབ། དེ་ནས་འཆི་ཁ་དངོས་ལ། དེ་འདྲའི་འཁྲིགས་ཆགས་སུ་བསམ་དབང་ཡོང་དཀའ་བས། སངས་རྒྱས་རྗེས་དྲན་ནམ། སྙིང་རྗེའི་དམིགས་རྣམ་མམ། སྟོང་ཉིད་ཀྱི་ལྟ་བའམ། གཞན་ཡང་ཆོས་དང༌། དགེ་འདུན་རྗེས་དྲན་སོགས་སྔར་གོམས་འདྲིས་གང་ཆེ་དང༌། ཐད་དེར་བསམ་དུ་བཏུབ་ཤོས་ཞིག་ལ་སེམས་ཅི་ནུས་སུ་བསྲེས་པའི་ཐོག་ནས་འཆི་ཁར་གཞུག་ཅིང༌། དེ་ཡོང་ཐབས་སུ། དེའི་སྔོན་ནས་ད་གཟོད་འཆི་ཁར་མཚམས་སྦྱོར་གྱི་རྣམ་རྟོག་ངན་པ་མི་རྒྱུ་བར་བྱའོ་སྙམ་པའི་འཕེན་པ་ཡང་ཡང་སྦྱང་བ་གལ་ཆེ། སྔོན་གྱི་དམ་པས། རིག་པ་སྡུག་པའི་དགེ་སྦྱོར་ཡུན་རིང་ལས། །རིག་པ་དྭངས་པའི་དགེ་སྦྱོར་ཞག་གཅིག་དགའ། །ཞེས་གསུངས་པ་ལྟར། འདི་ཐམས་ཅད་ཤེས་པ་དགའ་སྤྲོ་དང་ལྡན་པར་བཅོས་གང་ནུས་བྱས་པའི་ངང་ནས་བྱེད་པ་སྟོབས་ཆེ་བར་གོ༌།ངེད་རང་ལྟ་བུས་གཞན་ལ་ཕན་ཐོགས་པ་དཀའ་ཡང་ཁྱོད་ཀྱི་སྐུ་ཚེའི་ཕྲེང་བར། ཐེག་པ་ཆེན་པོའི་བསྟན་པ་ལ་བྱ་བ་བྱེད་པའི་སྨོན་ལམ་


LT17_Page_316
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱབས་འགྲོ་འདོན་རྒྱུ་ལགས། འཇིགས་མེད་པས་བྲིས།། །།

སྨྱོ་འབོགས་སེལ་ཐབས།

༈ བླ་མ་གང་ཞིག་འཁྲུལ་སྤོང་སྨན་པ་མཆོག །ལྟ་བས་འཁྲུལ་པ་ཀུན་སེལ་ཟབ་མོའི་བློ། །སྤྱོད་པས་འགྲོ་ཀུན་འཁྲུལ་པའི་རྒྱུད་སྤོང་བ། །ཟུང་འབྲེལ་ཐུགས་རྗེའི་ཐུགས་མངའ་དེ་ལ་འདུད། །ཅེས་མཆོད་བརྗོད་ཀྱིས་སྔུན་བསུས་ཏེ། མཛོད་ལས། གཡེང་བའི་སེམས་ནི་ཡིད་སེམས་ལ། །སྐྲག་གནོད་མ་མཉམ་མྱ་ངན་གྱིས། །ཞེས་པ་ལྟར། དོན་འདི་གོ་བདེར་འདྲིལ་ན། སྨྱོ་འབོགས་དངོས་བཤད་པ་དང༌། དེ་སེལ་ཐབས་བསྡུས་ཏེ་བཤད་པ་གཉིས་ལས། དང་པོ་ལ། སྨྱོ་འབོགས་ཁམས་དང་འགྲོ་བ་དུ་ཞིག་གིས་བསྡུས་བཤད་པ་དང༌། ཤེས་པ་གང་གི་འཁོར་ན་འབྱུང་ཚུལ་བཤད་པ་དང༌། དེ་རང་གི་ངོ་བོ་རྒྱུ་ཚོགས་དང་བཅས་པ་བཤད་པ་སྟེ་གསུམ་ལས། དང་པོ་ནི། ཁམས་གོང་མ་གཉིས་ན་སྨྱོ་འབོགས་མེད་དེ། དེ་དག་ནི་མཉམ་བཞག་གི་ས་པ་ཡིན་པའི་ཕྱིར་ངེས་རྟོག་ཕྱོགས་གཅིག་ཏུ་གཡེང་བ་མེད་པའི་ཕྱིར་རོ། །དེས་ན་འདོད་ཁམས་ཁོ་ནས་བསྡུས་ཏེ། འདོད་ཁམས་ན་ནི་སྨྱོ་བའི་རྒྱུ་རྣམས་ཀྱང་ཡོད་ལ། ཁ་ནང་དུ་ལྟ་བའི་མཉམ་བཞག་གི་ས་པའང་མིན་པའི་ཕྱིར་རོ། །ཁམས་གོང་མ་ན་སྨྱོ་བའི་རྒྱུ་རྣམས་ཀྱང་མེད་པ་ཡིན་ནམ་ཞེ་ན། ཡིན་ཏེ། རྣམ་སྨིན་ལས་སྨྱོ་བ་ནི་རྣམ་སྨིན་ཅན་མི་དགེ་བ་ལས་བསྐྱེད་པ་ཡིན་ཞིང༌། གོང་མའི་སས་བསྡུས་ཀྱི་མི་དགེ་བ་མེད་པའི་ཕྱིར་དང༌། དེ་དག་དམིགས་པ་ལ་རྩེ་གཅིག་ཏུ་བརྟན་པ་ཐོབ་པའི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་སྐྲག་སྡང་གིས་


LT17_Page_317
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བར་མི་ནུས་པའི་ཕྱིར་དང༌། མི་མ་ཡིན་འདོད་ཁམས་པ་འཁྲུགས་པ་དང་ལྡན་པ་རྣམས་ཀྱིས་བལྟ་བར་ཡང་མི་ནུས་པའི་ཕྱིར་དང༌། ལུས་ཤིན་ཏུ་དྭངས་པའི་ཁམས་ཡིན་པས་འདུ་འཁྲུགས་མེད་པའི་ཕྱིར་དང༌། གོང་མའི་རྒྱུད་དེ་སྡུག་བསྔལ་དང་མི་འབྲེལ་བའི་ཕྱིར་རོ། །འདོད་ཁམས་ཀྱི་ནང་ནས་ཀྱང་སྒྲ་མི་སྙན་པ་མ་གཏོགས་པ་དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་སྟེ་འགྲོ་བ་ལྔ་ཀ་ན་ཡོད་དེ། དམྱལ་བ་པའི་ནང་ཚན་ཉི་ཚེ་བའི་དམྱལ་བ་མཽང་གལ་གྱི་བུའི་རྣམ་ཐར་ནས་བཤད་པ་འདྲ་བ་འགའ་ཞིག་མ་གཏོགས་པ་ཐམས་ཅད་རྟག་ཏུ་སེམས་སྡུག་བསྔལ་ཁོ་ནས་ནོན་ཏེ་རེ་ཞིག་བདག་ཉིད་ཀྱང་མི་དྲན་པའི་ཕྱིར་རྟག་ཏུ་སྨྱོན་པ་ཡིན་ལ། ཉི་ཚེ་བ་དེ་དག་ཀྱང་སྨྱོ་རུང་གི་རྟེན་ཡིན་པ་དང༌། འགྲོ་བ་གཞན་བཞི་ནི་རྟག་ཏུ་སྨྱོ་བའང་མ་ཡིན་ལ། རྟེན་གྱི་སྒོ་ནས་དང༌། སའི་སྒོ་ནས་སྨྱོ་མི་རུང་བའང་མིན་ནོ། །ལུས་འཕགས་གླིང་སོགས་གླིང་གཞན་གསུམ་ན་སྨྱོ་འབོགས་ཡོད་ཅིང༌། དེ་སྒྲ་མི་སྙན་པ་ལ་མི་མཚུངས་པ་ཅི་ཡིན་ཞེ་ན། དེ་ནི་དགེ་བའི་ལས་ཀྱི་རྣམ་སྨིན་འབའ་ཞིག་ལ་སྤྱོད་པ་ཡིན་པའི་ཕྱིར་རོ་ཞེས་བླ་མ་རྣམས་གསུང་ངོ༌། །ལུས་རྟེན་འདོད་པར་གཏོགས་ཀྱང་སེམས་རྟེན་གོང་མ་པ་ཡིན་ན་སྨྱོ་འབོགས་མེད་དེ། རྒྱུ་མཚན་ཕལ་ཆེར་སྔ་མ་བཞིན་ནོ། །གཉིས་པ་ནི། སྨྱོ་བ་ནི་ངེས་རྟོག་འབའ་ཞིག་གིས་བསྡུས་ཤིང༌། མཛོད་ལས་ངོ་བོ་ཉིད་ཀྱི་རྟོག་པ་དང༌། ངེས་རྟོག་གི་རྟོག་པ་དང༌། རྗེས་དྲན་གྱི་རྟོག་པ་སྟེ་གསུམ་བཤད་པའི། དང་པོ་དབང་ཤེས་སུ་བཤད་ལ། གཉིས་པ་དང་གསུམ་པ་ཡིད་


LT17_Page_318
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱིས་བསྡུས་པ་ཁོ་ནར་བཤད་དོ། །དེས་ན་འདི་ནི་ཡིད་ཤེས་འཁོར་འབའ་ཞིག་པ་ཡིན་ཞིང༌། དབང་ཤེས་དང་གཞི་མཐུན་མེད་པ་ཉིད་དེ། གཙོ་བོར་ངེས་རྟོག་གི་ཤེས་པ་ཕྱོགས་གཅིག་ཏུ་འཕྱོ་ཞིང་གཡེང་བ་ལ་བྱའོ། །འདིའི་གཡེང་བ་ནི་ཤེས་པ་ཡ་ཡོ་ཕྱད་ཕྱོད་དུ་སོང་བའི་དོན་དེ་ཡིན་གྱི། ཉོན་མོངས་པའི་སེམས་ཀྱི་ས་མང་པོ་པ་རྣམས་ཀྱི་བྱེ་བྲག་ཏུ་གྱུར་པའི་རྣམ་གཡེང་དང་དོན་མི་གཅིག་སྟེ། དོན་གཅིག་ན་དེ་གཉིས་ཡིན་ཁྱབ་མཉམ་དགོས་ཤིང༌། དེ་ལྟ་ན་དགྲ་བཅོམ་པའི་རྒྱུད་ཀྱི་སྨྱོ་འབོགས་ཀྱང་ཉོན་མོངས་ཅན་དུ་འགྱུར་བས། ཉོན་མོངས་པ་མ་སྤངས་པའི་དགྲ་བཅོམ་ཡོད་པར་ཐལ་བའི་ཕྱིར་རོ། །འོན་ཀྱང་སྨྱོ་འབོགས་ཀྱི་གཡེང་བ་དང༌། རྣམ་གཡེང་ངོ་བོ་གཅིག་པ་མེད་པ་ནི་གཏན་མིན་ཏེ། མཛོད་འགྲེལ་དུ། དེ་གཉིས་ལ་མུ་བཞི་བརྩིས་པ་བཞིན་ནོ། །གསུམ་པ་ལ། རྒྱུ་ཚོགས་དང༌། དངོས་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་ལྔ་སྟེ། རྣམ་སྨིན་དང༌། འཇིགས་པ་དང༌། གནོད་པ་དང༌། འཕྲལ་རྐྱེན་ཙམ་ལས་འདུ་བ་འཁྲུགས་པ་དང༌། མྱ་ངན་ལས་གྱུར་པ་རྣམས་སོ། །དེ་ལ་དང་པོ་ནི། སྨྱོ་བྱེད་ཀྱི་རིག་སྔགས་ལ་བརྟེན་ནས་གཞན་གནོད་རྩོམ་པ་དང༌། ཕ་རོལ་པོ་ལ་མི་འདོད་བཞིན་དུ་ཆང་ལྡུད་པ་དང༌། རྩེད་མོ་སོགས་ཀྱི་ཕྱིར་གཞན་ལ་དངངས་སྐྲག་སློང་བ་དང༌། ཤིག་ལ་སོགས་པ་སྲོག་ཆགས་གཡང་སར་འཕེན་པ་དང༌། ནགས་ལ་མེ་སྤར་བ་ལ་སོགས་པའི་ལས་ཀྱི་དབང་གིས་ལུས་ཀྱི་འབྱུང་བ་རྣམས་སྨྱོ་འབོགས་སུ་འགྱུར་བའི་གྲོགས་སུ་འཁྲུགས་པ་སྟེ།


LT17_Page_319
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འབྲས་སྨྱོ་འབོགས་དང༌། བདག་རྐྱེན་ལས་ཀྱི་རྣམ་སྨིན་དུ་གྱུར་པའི་འདུ་འཁྲུགས་སོ། །གཉིས་པ་ནི། མིའམ། མི་མ་ཡིན་པའི་སེམས་ཅན་དང༌། སེམས་མེད་ཕྱི་རོལ་གྱི་འབྱུང་བ་ལ་སོགས་པའི་དབང་གིས་བྱུང་བ་ཡང་རུང་སྟེ། སྐྲག་དངངས་སློང་བའི་རྒྱུ་ཚོགས་ལ་བརྟེན་ནས་སྙིང་ཁམ་དཀྲུགས་ཏེ་སེམས་སྨྱོའོ། །གསུམ་པ་ནི། ཡུལ་ལྷ་ལ་སོགས་པ་མི་མ་ཡིན་གྱི་སྙིང་ལ་མི་འབབ་པའི་ཀུན་སྤྱོད་ཀྱི་དབང་གིས། ལྷ་སོགས་གནོད་བྱེད་དེ་དང་དེས་གནད་དུ་བསྣུན་པའི་ཡིད་ཀྱི་འགྱུར་བ་དང༌། དམོད་ཚིག་བོར་བ་ལ་སོགས་པ་སྨྱོ་བྱེད་ཀྱི་སྦྱོར་བ་བརྩམ་པ་དང༌། རང་གི་ཀུན་སྤྱོད་ལ་འཁྲུགས་པ་མིན་ཀྱང་སྨྱོ་བྱེད་ཀྱི་གདོན་ཡི་དྭགས་ཀྱི་འགྲོ་བས་བསྡུས་པ་འགའ་ཞིག་གིས་གཙེས་པ་ལྟ་བུའོ། །བཞི་པ་ནི། ཐང་ཁྲོམ་ཟོས་པ་ལྟ་བུ་ཟས་དང་སྤྱོད་ལམ་ཉེས་པས། འདུ་བ་འཁྲུགས་པ་ལས་སྨྱོ་བ་སྟེ། གཙོ་བོར་ནི་སྙིང་ལ་རླུང་ཞུགས་པ་ལས་སོ། །ལྔ་པ་ནི། བྱ་བ་རླབས་ཆེན་མ་གྲུབ་པའི་སེམས་ལས་དང༌། གྲོགས་པོ་ཤི་བ་ལས་སྡུག་བསྔལ་སྐྱེས་པ་ལ་སོགས་པའི་མྱ་ངན་གྱི་གཞིས་སྙིང་རླུང་ལྡང་བ་ལྟ་བུའོ། །དེ་ལ་དང་པོ་མ་གཏོགས་པ་འཕྲལ་གྱི་རྐྱེན་དབང་དང༌། དང་པོ་ནི་གནམ་གྱིས་བསྐོས་པའོ། །གཉིས་པ་ནི། སྨྱོ་བའི་རྒྱུ་ཚོགས་ལྔ་པོ་གང་རུང་གིས་ཐུན་མོང་མིན་པའི་བདག་རྐྱེན་ལ་བརྟེན་ནས་ངེས་རྟོག་ཕྱོགས་གཅིག་ཏུ་འཕྱོ་ཞིང་གཡེང་བ་དེའི་མཚན་ཉིད། དབྱེ་ན། རྒྱུའི་དབང་གིས་དབྱེ་བ་ལྔ་དང༌།


LT17_Page_320
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཕགས་ཀྱི་རྒྱུད་ཀྱི་དབང་གིས་གཉིས་སུ་ཕྱེའོ། །ཕྱི་མ་འདི་ལས་འཕྲོས་པ། འཇིགས་པ་དང༌། གནོད་པ་དང༌། མ་མཉམ་པ། རྣམ་སྨིན་ལས་གྱུར་པ་དང༌། མྱ་ངན་ལས་གྱུར་པའི་སྨྱོ་འབོགས་ནི་འཕགས་པ་རྣམས་ལ་མེད་དེ། རིམ་བཞིན། འཚོ་བ་མེད་པ་ལ་སོགས་པའི་འཇིགས་པ་ལྔ་དང་བྲལ་བའི་ཕྱིར་དང༌། མི་མ་ཡིན་འཁྲུགས་པར་འགྱུར་བའི་ཀུན་སྤྱོད་མི་མཛེས་པ་མི་བྱེད་པའི་ཕྱིར་དང༌། རྣམ་སྨིན་འདི་འདྲ་བ་རྣམས་སྨིན་ངེས་ཀྱི་ལས་རྣམས་བྱང་བའི་ཕྱིར་དང༌། འདུ་བྱེད་རྣམས་ཀྱི་ཆོས་ཉིད་རྟོགས་པས་མྱ་ངན་མེད་པའི་གནས་བརྙེས་པའི་ཕྱིར་རོ། །འོན་ཀྱང་སངས་རྒྱས་འཕགས་པ་མ་གཏོགས་པ་རྣམས་ལ་འཕྲལ་གྱི་མྱ་ངན་ལས་གྱུར་པ་ནི་ཡོད་དོ་ཞེས་མཛོད་འགྲེལ་དུ་གསུངས་ཏེ། ཐེག་དམན་གྱི་སྡེ་སྣོད་ཀྱི་དབང་དུ་མཛད་པའོ། །གནད་འདི་དག་ཤེས་ན་དེང་སང་རོང་པ་རྣམས་ནས་དུག་ལྡུད་པ་སྨན་དུ་རེ་ནས་མཛའ་བཤེས་ལ་ཆང་གི་ཕམ་ཕབ་སྦྱིན་པ་དང༌། སྲིན་བུ་དང༌། ཤིག་སྲོ་ལ་སོགས་པ་གང་བྱུང་དུ་འཕེན་པ་དང༌། མཐུ་ངན་སྔགས་ཀྱི་སྦྱོར་བ་ལ་ཡོན་ཏན་དུ་ལྟ་བ་ལ་སོགས་པ་ཉེས་པའི་སྒོ་མང་པོ་ཞིག་གི་མཚང་རྟོགས་པར་འགྱུར་ཞིང༌། སྒོམ་ཆེན་སྨྱོ་བ་ཐོས་ན་མི་སྲིད་པའི་མཚར་གནས་སུ་བསམ་ནས་གང་ཟག་དམ་པ་སྨོད་པའི་ཉེས་ལྟུང་ཡང་འགོག་པར་ནུས་སོ། །གཉིས་པ་ལ། ཐུན་མོང་དུ་གྲགས་པ་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ནི། སྨྱོ་འབོགས་ཞི་བར་བྱེད་པའི་ཐབས་སུ་གྱུར་པ་དེའི་མཚན་ཉིད། དབྱེ་ན། རྣམ་སྨིན་ལས་སྨྱོ་བ་ལ་


LT17_Page_321
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྨན་དཔྱད་སོགས་ཀྱིས་རང་དགར་བཅོས་སུ་མི་བཏུབ་པའི་ཕྱིར། བཤགས་པའི་སྒོ་རྨད་དུ་བྱུང་བ་སྟོབས་བཞིའི་རྣལ་འབྱོར་གལ་ཆེ་མོད། སྤྱིར་ནི་འདི་འདྲ་བའི་རྣམ་སྨིན་ལས་གྱུར་པ་ཐོབ་ཟིན་པ་རྣམས་ནི་འཆོས་པར་ཤིན་ཏུ་བཏུབ་དཀའ་བར་རྟོག་གེ་འབར་བ་ནས་མདོ་ལུང་དང་བཅས་ཏེ་བཤད་པས། ལས་ཀྱི་རྣམ་སྨིན་གཉའ་ཐོག་ཏུ་མ་བབས་པ་ནས་འཆགས་པ་གཅེས་སོ། །སྐྲག་པའི་གཞི་ལས་གྱུར་པ་ལ་ནི། མི་མ་ཡིན་གྱི་ཉེར་འཚེ་སྐབས་དེ་དང་བསྡོངས་ནས་བླའམ་མདངས་ཕྲོགས་པ་ལས་གྱུར་པའང་ཡོད་དེ། དེ་ནི་འཇིགས་པ་དང་གནོད་པ་གཉིས་ཀ་ལ་གྱུར་པར་སྣང་ཡང་དེའི་བདག་རྐྱེན་གྱི་གཙོ་བོ་གནོད་པ་ཡིན་པས་འོག་ཏུ་འཆད་ལ། འདིར་དེ་ལས་གཞན་པ་ནི། དབུགས་འབྱིན་པ་ལ་སོགས་པ་ཐབས་ལ་མཁས་པའི་སྐྱེས་བུ་དམ་པའི་མན་ངག་གིས་འཆོས་སོ། །གནོད་པ་ལས་གྱུར་པའི་ནང་ཚན་ལྷ་ཀུན་སྤྱོད་མི་མཛེས་པས་འཁྲུགས་པ་ལ་ནི། མཆོད་གསོལ་དང་བཟོད་པ་འབུལ་བས་ཞི་ལ། སྨྱོ་བྱེད་ཀྱི་གདོན་སོགས་ལ་ནི་གདོན་དེ་དག་སྐྲོད་པའི་རིག་སྔགས་ལ་སོགས་པས་གཞིལ་བར་བྱ་ཞིང༌། དེ་དག་གང་ལའང་རིག་སྔགས་འཆང་བའི་ནུས་མཐུས་མི་ཐུབ་པ་མེད་ཅིང༌། མདོས་ཀྱི་ཆོ་ག་ལ་སོགས་པ་ཐབས་གཞན་ཡང་ཆེས་མང་ངོ༌། །འོན་ཀྱང་དེང་སང་སྨྱོ་འབོགས་ཀྱི་ནང་ནས་ཀྱང་འདི་ཉིད་མང་བར་སྣང་ཞིང༌། དེ་ཞི་བ་ལའང་མདོས་གླུད་ཀྱི་ཡས་འགྱེད་འདི་དར་ཆ་ཆེ་མོད། འོན་ཀྱང༌། མཛོ་རྩ་ཟན་མང་ཡང་ཁལ་ཐེག་དཀོན་པའི་དཔེ་ལྟར་སོང་བས་གཏོ་མཁན་གཏོ་རྒྱུས་


LT17_Page_322
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པ་དཀའ་བར་སྣང་བས། མདོས་གླུད་ཀྱི་རྣམ་གཞག་ཆེ་ལོང་རགས་པ་ཙམ་བརྗོད་ན། སྤྱིར་མདོས་གཞུང་རྣམས་སུ། མདོས་ལ་རྣམ་གྲངས་ཆེས་མང་བ་བཤད་ཀྱང༌། འདིར་མཁོ་བ་ནི་བསྐང་མདོས་ཡིན་ལ། བསྐངས་ཞེས་པ་བུམ་པ་ཆུས་བཀང་བར་བྱེད་པ་ལའང་ཆུས་བུམ་པ་བསྐངས་ཞེས་ཟེར་རུང་བས་ལྷ་འདྲེའི་འདོད་པ་འགེང་བར་བྱེད་པ་སྟེ། མདོས་ཀྱིས་བསྐང་བ་ལ། སྐོང་མདོས་ཞེས་གྲགས། མདོས་ཁོ་རང་ནི། ལྷ་འདྲེའི་མཐུན་རྫས་ལ་བྱ་བ་རགས་པ་ཙམ་དང༌། ཅུང་ཟད་ཞིབ་པར་བཏང་ན། ལྷ་འདྲེ་ལ་མཐུན་རྫས་སྤྱིར་ཡོད་དོ་ཅོག་ལའང་མདོས་མི་ཟེར་ཏེ། ཟེར་ན་སྒོག་པ་རི་ལ་སྐྱེས་པ་རྣམས་ཀྱང་རང་བཞིན་གྱིས་མདོས་ཡིན་པར་ཐལ་བའི་ཕྱིར་ཏེ། དེ་མཐུན་རྫས་སུ་འགྲོ་བའི་འདྲེ་ཡོད་པའི་ཕྱིར་རོ། །དེས་ན་རིག་སྔགས་འཆང་བ་རྣམས་ཀྱིས་སྔགས་དང༌། བསམ་པའི་ཁྱད་པར་གྱིས་བགེགས་ལ་སོགས་པ་ཚིམ་པའི་ཕྱིར་བྱིན་གྱིས་བརླབ་པའམ་ནུས་མཐུས་བསྒྱུར་བ་དང༌། གང་བསྒྱུར་རྒྱུའི་རྫས་དེའང་ལྷ་འདྲེ་དེ་དང་དེའི་མཐུན་རྫས་ཡིན་པའི་གཞི་མཐུན་ཅིག་ལ་བྱ་བ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་དགོངས་པར་ཡང་སྣང་ངོ༌། །མདོ་སྡེ་སོགས་ནས་མདོས་ཡས་ཀྱི་བརྡ་ཆད་དངོས་སུ་མ་བྱུང་ཡང༌། འཇིག་རྟེན་གྱི་ཁམས་འབྱོར་པས་གཏམས་ནས་རྒྱལ་བ་སྲས་བཅས་ལ་མཆོད་པ་ཡིད་སྤྲུལ་བྱ་བ་ཡང་གསུངས་ཤིང༌། དེ་མཆོད་པ་དང༌། འདི་སྦྱིན་པ་ཙམ་ཡིན་པའི་ཁྱད་པར་མ་གཏོགས་འདྲ་བའི་ཕྱིར་དང༌། དེར་ཡང་མ་ཟད་སྟོང་


LT17_Page_323
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རིན་པོ་ཆེ་ལ་སོགས་པས་བཀང་སྟེ་སེམས་ཅན་རང་རང་གིས་གང་འདོད་བཞིན་སྟེར་བ་ཡང་མདོ་ལས་གསུངས། རིག་སྔགས་ཀྱི་སྟོབས་ཀྱིས་སེམས་ཅན་གྱི་ཉེ་བར་སྤྱད་པ་གང་ཡང་སྣང་བར་བྱེད་ནུས་པ་ཡང་མདོ་ལས་མང་དུ་གསུངས་པས། ལྷ་འདྲེའི་མཐུན་རྫས་ནམ་རྒྱང་མདའ་འཕང་ལ་སོགས་པ་རང་རང་གི་འདོད་པའི་དངོས་པོ་ཅི་ལྟར་འབྱོར་བ་ལ། རིག་སྔགས་ཀྱི་མཐུས་མང་དུ་སྤེལ་ནས་སྦྱིན་པ་ལ་མདོས་གཏོང་ཟེར་བས་དོན་ནི་འདྲ་ལ། མཁས་པས་ཚིག་ཙམ་གྱི་རྗེས་གཅོད་པར་མི་བྱེད་དོ། །གླུད་ནི། སྐྱེས་རབས་སུ། ངང་པའི་རྒྱལ་པོའི་སྲོག་གླུད་དུ། །བདག་ཉིད་མཆིད་ཀྱིས་འཚལ་བར་བགྱི། །ཞེས་བརྡ་ཆད་ཀྱང་དངོས་སུ་བྱུང་ལ། འདིའི་གླུད་ཀྱི་དངོས་པོ་ཁོ་རང་བེམ་པོ་ཡིན་པའི་ཕྱིར་སྨྱོ་འབོགས་ཅན་སོགས་ནད་པའི་ཚབ་ཏུ་རུང་བའི་ཤ་ཁྲག་དྲོད་དབུགས་དང༌། ཁྱད་པར་དུ་ལྷ་འདྲེ་ལ་མཁོ་བའི་མདངས་སམ་བླ་མེད་མོད་ཀྱི་རིག་སྔགས་ཀྱི་མཐུས་ལྷ་འདྲེའི་ངོར་དེ་དག་དངོས་སུ་ཡོད་པར་སྣང་བ་མི་འགལ་ཀྱང༌། རིག་སྔགས་ཀྱི་མཐུས་རྩམ་གོང་གང་ཟག་ཏུ་བསྒྱུར་ཆོག་ཟེར་བ་མིན་ནོ། །ཞར་ལ་འོངས་པའོ། །མ་མཉམ་པ་ལས་སྨྱོ་བ་ལ་ནི་སྨན་པ་རྣམས་ཀྱིས་གསོ་དཔྱད་ཀྱི་ཆོ་གས་ཞི་བར་བྱེད་དོ། །མྱ་ངན་ལས་གྱུར་པ་ནི་མྱ་ངན་བསང་བ་ལ་བརྟེན་ཏེ། མྱ་ངན་སྲབ་པར་བྱེད་པ་དང༌། དགའ་བའི་དངོས་པོ་ཐོབ་པ་ལས་མྱ་ངན་བརྗེད་པར་འགྱུར་བ་ལ་སོགས་པ་རྣམ་པ་དེ་ལྟ་བུ་དག་གིས་ཕན་པ་ཉིད་དོ། །


LT17_Page_324
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། ལྷ་མཉེས་པར་བྱ་བ་དང་འབྲེལ་བ་དང༌། དེ་ལས་གཞན་པའི་ཚུལ་གཉིས་ཏེ། སྔ་མ་ནི་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་སུ། ཙནྡྲ་ཀ་ར་གུབྟ། ཕན་ཚུན་བཟློག་པས་འཁྲུལ་པ་འཇོམས། །ཞེས་བཤད་པ་ལྟ་བུ་ལ་སོགས་པའོ། །ཕྱི་མའི་ཕྱོགས་ལའང༌། སྤྱིར་རྣམ་གྲངས་མང་ཞིང་སྔགས་བླ་མེད་ཀྱི་རྒྱུད་སྡེའི་ལུགས་ཐུན་མོང་མ་ཡིན་པའི་གེགས་སེལ་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་རབ་ཡང་ཏིག་ཡིད་བཞིན་ནོར་བུ་ལ་སོགས་པར་བཤད་ཅིང༌། དེ་ལས་ཀྱང་ཆེས་ཟབ་པའི་གེགས་སེལ་གྱི་མཆོག་ནི་བསམ་གཏན་ངལ་གསོ་ལས་ཤེས་པར་བྱའི། སྨྱོ་བ་བཤད་པའི་ཡིག་ཕྲན་ཞིབ་ཏུ་སྨོས་ཀྱིས་མི་ལྡང་སྟེ། དེའང་འཇམ་དཔལ་དཀར་པོའི་མན་ངག་ལས་བཤད་པ་འདྲ་བ་ནི་ངེས་རྟོག་ཕྱོགས་གཅིག་ཏུ་གཡོ་བ་དང་རྣམ་པ་དངོས་འགལ་ཡིན་པ་དང༌། དེ་ལས་གཞན་པ་ཕལ་ཆེ་བ་ནི་སྨྱོ་བའི་རྒྱུ་ཚོགས་དང་འགལ་བ་ལ་སོགས་པའོ། །གནད་དེ་དག་བཤད་ན་ནི་ཆུ་གཏེར་གཞི་ནས་དཀྲུགས་ཏེ་འཆད་དགོས་ཤིང༌། ཞིབ་མོར་མ་བཤད་ན་འདྲ་འདྲ་མོའི་ཆོས་སྐད་ཙམ་གྱིས་གོ་བའི་གནད་དམིགས་ནས་ཟིན་པ་ཉུང་བར་སྣང་བས། བདག་ལྟ་བུའི་བྱིས་པ་བླུན་པོའི་ཁ་ལ་མི་བལྟ་བར་རིག་འཛིན་བརྒྱུད་པའི་མན་ངག་གི་གནད་རྗེན་པར་རྟོགས་ནས་ཕ་ཤུལ་བུས་ཟིན་པ་རེ་ཨེ་འོང་བལྟ་དགོས་སོ། །སྤྲོས་བཤད་མཁའ་ལྡིང་གཤོག་རླབས་ཤག་པོ་མིན། །བསྡུས་བཤད་རྐྱལ་པ་མཆུ་བཅིང་ཡིག་ཆུང་འདི། །ཁ་བཤད་གོ་བ་མེད་པའི་ཧོབ་རྐྱལ་དེས། །སྨྱོ་བཤད་སྨྱོ་འབོགས་གདུང་སེལ་བདུད་རྩིར་སྦྱར། །


LT17_Page_325
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོ་འབོགས་སེལ་ཐབས་དང་བཅས་པ་བསྡུས་ཏེ་བཤད་པའི་ཡིག་ཆུང་ཉུང་ངུ་སྨྱོ་བརྗེད་ཤ་ཟའི་གཤེད་མ་ཞེས་བྱ་བ་གཞོན་ནུ་ཀུན་བཟང་འཇིགས་མེད་པས་རང་ལོ་ཉི་ཤུ་པའི་སྟོན་འབྲིང་དམར་ཕྱོགས་ཀྱི་དགའ་བའི་ཉིན་བར་ཞིག་ཏུ་བྲིས་པ་དགེ །།།

གུག་ནར་ཞབས་འབྲེང་མེད་པའི་ཡིག

༈ ནང་ནས་བསླབ་པ་རྣམ་དག་མ་སྦྱང་ན། །ལྟར་སྣང་ཆ་བྱད་བཟང་ཡང་ཕན་པ་དཀའ། །སྤང་བླང་གནས་ལ་འབད་པས་བག་མཛད་ན། །བཅའ་ལག་ར་ལྤགས་མནབ་ཀྱང་དམ་པ་ལགས། །ད་ལྟ་དད་ཟས་ཟ་བ་ལ་བསམ་ནས། །ཀ་སྨད་ཁ་བྱང་བྱས་ཚད་གཟན་ཤམ་སྤྲད། །བསྟན་པ་རྟགས་ལ་གནས་སྙམ་བླ་མ་ཕལ། །ལྷ་འབག་གདན་ལ་བཞག་ལྟར་རྒྱགས་པ་རྒྱས། །གྲྭ་པས་ཁ་ཙམ་དད་པ་ཁ་ལ་བཏགས། །བླ་མས་ང་མཁས་སྙམ་ནས་ང་རྒྱལ་མཛད། །འཆད་ཉན་བྱ་མང་ནང་ན་བྱ་སྐད་ལྟར། །མང་མང་གྲགས་ཀྱང་རྩ་བ་ཕྲ་བར་སྣང༌། །སྐ་རགས་བ་བླ་འདྲ་ཡང་སྣལ་མ་ཙམ། །གྲྭ་སར་བཅས་བཟང་སྤྲད་ཀྱང་ཁྲག་རྐྱལ་ཙམ། །བལྟ་དགའ་བཀྲག་མདངས་གསལ་ཡང་ཤ་ལྤགས་ཙམ། །ཐམས་ཅད་རྨ་བྱ་འདྲ་ཡང་སྣང་བརྙན་ཙམ། །བཤད་ཡམ་ཁ་རླང་འདྲ་བས་ཁ་ནང་ཟད། །བསམ་གཏན་ཉམས་ལ་བལྟས་ཀྱང་ཨ་ཐང་ཆད། །བག་ཡང་རང་སར་བསྡད་ན་ཐ་མལ་པ། །ཧ་ཧ་གང་ལ་བལྟས་ཀྱང་འབག་འཆམ་འདྲ། །ཡང་དག་ལམ་བཟང་བཤད་ན་རྣ་བ་དགབ། །རྟ་གཡག་ནང་རྫས་བསྟན་ན་སྣང་ཉམས་དགའ། །སངས་རྒྱས་རྒྱལ་སྲས་ཡ་མཚན་རྣམ་ཐར་ཅན། །སྤྲང་འཁྱམ་ང་འདྲས་བལྟས་ཀྱང་བཞད་གད་


LT17_Page_326
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །རྟགས་གསལ་ཐལ་སྐད་ཅག་ཅག་བརྩད་ན་ཡང༌། །ཆང་བརྒྱག་ལག་འཐབ་སྤྲད་ལྟར་ཞལ་རས་དམར། །ཨ་གཏད་བཞག་ནས་དྲན་པ་བསྡམ་ན་ཡང༌། །རྒྱ་ནག་ཧ་ཤང་ལྟ་བ་འདྲ་ལ་ཁད། །སངས་རྒྱས་བསྟན་པ་བསྐྱང་སྙམ་དབང་བཀའ་བཤད། །དབང་བཀས་ར་ཚང་ནང་ནའང་གསང་བ་བསྒྲགས། །གསང་བ་བསྒྲགས་ན་དམ་ཉམས་སྐར་ལྟར་མང༌། །དམ་ཉམས་མང་ན་དམྱལ་ཁམས་ཆབ་འབང་རྒྱས། །རྔ་སྐད་ཁྲང་ཁྲང་བསྒྲགས་ནས་ངན་སྔགས་བཅས། །དབྱངས་གདངས་ཐག་པ་བརྐྱངས་ལྟར་ན་ར་ར། །བསྟན་དགྲ་ར་རྒན་བཤས་ནས་ཞལ་བསྟབ་མཛད། །སྨད་ལས་དགའ་དང་འགའ་ལ་མཚར་ཉམས་ཤར། །ཁ་ནས་གདམས་ངག་བཤད་པ་ཆར་ལྟར་འབབས། །ནང་ནས་བསམ་ངན་འཆར་ཆ་སྔར་ལས་ལྷག །གཞན་ཕན་བྱ་བ་བྱས་བྱས་རང་རྩ་ཉམས། །ང་འདྲས་ཁ་བཤད་ལབ་ལབ་བྲག་ཆ་འདྲ། །ནག་ཆང་ནང་བསམ་མཚན་བསམ་ཐལ་དྲག་པས། །གཟན་དཀར་རལ་པ་བཞག་ནས་རས་པ་མཛད། །བཤད་ཚད་ཁྲམ་པ་འདྲ་བར་ཡ་མ་བརླ། །སྔགས་འཆང་ས་ར་ཧ་ལྟར་སྙད་ཀྱང་བཏགས། །ཟབ་ལམ་གདམས་པས་རང་སྣང་མ་དག་པར། །གཞན་སྣང་དད་པ་ཙམ་ལ་དགའ་དྲག་ནས། །ཞྭ་ཚད་ལྷམ་ལ་བླང་བ་མང་ན་ཡང༌། །རྒན་རབས་མཁས་པས་བརྟག་ན་རང་མཚང་གསལ། །ལ་ལས་དམར་ན་བཟང་སྙམ་འགགས་ཤམ་གཟབ། །ལ་ལས་སྐྱ་ན་དགའ་སྙམ་ལྤགས་སྐྱ་སྤྲད། །རྟགས་དང་མཛད་པ་ཐ་དད་གནས་བརྟན་དག །རང་རང་མཁས་སྙམ་བྱས་ཀྱང་བལྟས་ན་གསལ། །ཨ་


LT17_Page_327
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་མང་མང་བཤད་ན་ཁ་ཏྭ་འདྲ། །ཞྭ་ལྷྭམ་རང་སར་བཞག་ན་དགའ་བ་ལ། །སྤྲང་འཁྱམ་རང་ལ་ཤར་ཚད་བསྙད་པ་ལགས། །སྣང་བ་དགྲར་ལང་ལགས་ན་བཤགས་པས་འཆགས། །ཕན་མཛད་སངས་རྒྱས་འཕྲད་པ་བརྒྱ་ལམ་ཙམ། །ཟབ་རྒྱས་ལམ་བཟང་ཡང་ཡང་མཇལ་དཀའ་བས། །ད་ལྟ་དལ་བ་བརྒྱད་ལྡན་གནས་སྐབས་ན། །ཡང་དག་བསླབ་པ་སྦྱང་འཚལ་སྐལ་བཟང་དག །ཅེས་གུག་ནར་ཞབས་འགྲེང་མེད་པའི་ཨ་ཡིག་ངེས་པ་དང་སྦྱར་བའི་སྨྱོ་གཏམ་གཡོས་བླུག་མ་འདིའང་རྡོ་རོང་གི་སྤྲང་པོ་འཇིགས་མེད་པས་གང་དྲན་བྲིས་པ་དགེའོ།། །།

ཡི་གེའི་འཇུག་པ།

༈ ཡི་གེའི་འཇུག་པ་གཅིག་ཀྱང་དོན་གྱི་སྒོ། །བྱེ་བ་ཁྲག་ཁྲིག་དུ་མའི་རྣམ་འབྱེད་དུ། །སྟོན་ལ་མི་འཇིགས་སྤོབས་པའི་མཐུ་གྲུབ་པ། །ཆོས་ཀྱི་སློབ་དཔོན་མཆོག་ལ་ཕྱག་འཚལ་ལོ། །དོན་གྱི་རྣམ་དབྱེ་གཅིག་ཀྱང་ཡི་གེའི་སྒོ། །ཁྲག་ཁྲིག་བྱེ་བ་སྙེད་ཀྱིས་སྟོན་མཛད་མོད། །དེ་ཡི་བློ་གྲོས་འཇུག་པ་འཛད་མེད་ཅན། །ཡི་གེའི་སློབ་དཔོན་དེ་ལ་ཕྱག་འཚལ་ལོ། །ཡི་གེའི་དེ་བཞིན་ཉིད་དང་ཡི་གེའི་ཆོས། །རོ་གཅིག་སོ་སོ་མ་ཡིན་ཚུལ་མཁྱེན་ནས། །ཡི་གེའི་སྒོ་འཕར་གཅིག་གིས་ཤེས་བྱ་ཀུན། །སྟོང་དང་རྟེན་འབྱུང་ཟབ་མོའི་ངོ་བོར་འདོམ། །ཡི་གེ་མཉམ་པ་ཉིད་ཀྱིས་མཉམ་ཉིད་དོན། །ནམ་མཁས་ནམ་མཁའ་བྲིས་བཞིན་མི་མཚོན་མོད། །རྟེན་འབྱུང་རྨི་ལམ་ལྟ་བུའི་སྣང་ཆ་ན། །ཚིག་དོན་མ་བརྟགས་ཉམས་དགའི་རོལ་མོར་སྟོན། །ཡི་གེ་ཚིག་གིས་ཕ་མཐར་རྣམ་བཞག་མོད། །ཚིག་ཀྱང་ཡི་གེ་ཉིད་ལས་བརྩམས་ཏེ་འབྱུང༌། །ཚིག་དང་ཡི་གེ་འདི་དག་བཏགས་


LT17_Page_328
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །རང་བཞིན་གྲུབ་པའི་མཚན་མ་རྡུལ་ཙམ་མེད། །གང་གིས་ཡི་གེ་གང་ཞིག་རྣམ་བརྗོད་པ། །དེ་ཚེ་ཡི་གེ་གཞན་ནས་འོང་མིན་ཞིང༌། །ཡི་གེ་གང་ནའང་གནས་པ་མ་མཆིས་མོད། །ཡི་གེ་སྒྲ་བརྙན་བཞིན་དུ་དེ་ཚེ་སྣང༌། །སུ་ཞིག་ཡི་གེའི་སྒོ་ལ་དམིགས་གྱུར་པ། །དེ་ཚེ་ཡི་གེ་འཕེལ་མེད་འགྲིབ་མེད་དེ། །ཇི་ལྟར་མེ་ལོང་དག་ལ་གཟུགས་བརྙན་བཞིན། །དེ་ནི་དེ་ཡི་ཡིད་ལ་སྣང་ཙམ་ཉིད། །དོན་གང་ཡི་གེའི་དུ་མས་རྣམ་བཤད་པ། །དེ་དག་བརྗོད་འདོད་དབང་ལས་མ་གཏོགས་པ། །དོན་དང་ཡི་གེ་གཅིག་མིན་ཐ་དད་མིན། །དེ་དག་རང་བཞིན་ཉིད་ཅེས་བརྗོད་མི་བྱ། །དོན་དང་ཡི་གེ་གཅིག་ན་ལྷུན་པོའི་ཚིག །བརྗོད་འདོད་མགྲིན་པའི་དབུས་སུ་རི་སྣང་འགྱུར། །དེ་དག་ཐ་དད་ཉིད་ནའང་ཚིག་གིས་དོན། །སྟོན་པའི་གོ་སྐབས་སྣང་བ་མི་རིགས་སོ། །སྒྲ་དང་རྟོག་པས་རབ་བཞག་ཡི་གེའི་སྒོ། །བྲག་ཆ་བཞིན་དུ་ཐེར་ཟུག་མ་མཆིས་མོད། །བྱིས་པ་སྨིག་རྒྱུའི་ཕུང་པོས་རི་དྭགས་བཞིན། །དོན་དང་ཡི་གེས་བདག་ཏུ་རྨོངས་པར་འགྱུར། །དེ་ལྟར་ཤེས་ནས་མཁས་པ་བློ་གྲོས་ཅན། །ཆགས་མེད་ཡེ་ཤེས་མཁའ་ལ་ཉི་མ་བཞིན། །མཚན་མར་འཛིན་པའི་ལྟ་བ་རབ་བཅད་དེ། །རྨི་ལམ་ལྟ་བུའི་ཡི་གེས་རྨོངས་མི་འགྱུར། །དེ་དག་བསྐལ་པ་དུ་མར་ཆོས་སྟོན་ཀྱང༌། །ཆོས་ཀྱི་དབྱིངས་ལ་བྲི་གང་མེད་ཤེས་ནས། །སྤོབས་པའི་ཆུ་རྒྱུན་འཛད་པ་མེད་འགྱུར་ནས། །ཐོགས་པ་མེད་པའི་བློ་གྲོས་སྣང་བ་འབྱུང༌། །ཞེས་པའང་འཇིགས་མེད་བསྟན་རྒྱམ་པས་བྲིས།། །།

དགྲ་ཐབས་འདུན་གྲོས་སུ་གླེང་བ་སྒྱུ་མའི་སྒྲུང་རབས།

༈ རྗེ་བཙུན་འཇམ་པའི་དབྱངས་མཁྱེན། འཁོར་བ་སྡུག་བསྔལ་གྱི་


LT17_Page_329
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྲུ་སྔོན་དང་ཕྱི་མའི་མཐའ་མི་མངོན་པས་ས་ཁ་རྒྱ་ཆེ་ཞིང་གནམ་ལྟོ་བ་ཡངས་པའི་ས་ཆ། ཞི་བའི་རི་ངོགས་མེད་ཅིང༌། བདུད་རྩིའི་ནགས་འདབ་མེད་པ། འཕགས་པའི་ལམ་གྱི་ཆུ་མེད་པ། ཕྱིན་ཅི་ལོག་གི་ཉོན་མོངས་པའི་ཚ་དུབ་ལ་བཟོད་ཐབས་མེད་པ། །གང་དུ་བལྟས་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་སྨུག་ལྟེམ་མེ་བའི་ནང་ན་འཁྲུལ་པའི་སྨིག་མང་པོ་ལང་ལོང་དུ་རྒྱུ་བ། མི་འགྲོའི་རང་དབང་ཟད་པ། སོང་ན་གཏད་སོ་བྲལ་བ། དོན་མེད་རང་སྡུག་མྱོང་བའི་ལམ་རིང་པོ་འཛད་དུས་མེད་པ། འཕགས་པའི་དགའ་བ་ཟང་ཟིང་མེད་ཅིང་གྱ་ནོམ་པའི་བཀྲག་མེད་པ། ཆོས་ཀྱིས་ཕོངས་པའི་མུ་གེའི་ཐལ་བ་སྐྱ་ཐལ་ལེབ། ཁ་བརྒྱར་གྱེས་པ་ཅན། སྟོང་སྡེ་ཁྲི་ཤོག་མང་པོའི་གྲོང་ཚོ་ཆགས་པ། སྟོད་གཟུགས་ཁམས་དང་གཟུགས་མེད་ཀྱི་འབྲོག་ན་བསོད་ནམས་ཀྱི་བེ་ལུག་འཚོ་སྐྱོང་མཁས་པས་ཏིང་ངེ་འཛིན་གྱི་དཀར་སྣ་མོད་པ། སྨད་འདོད་ཁམས་ཀྱི་རོང་ཡུལ་ན་དགེ་སྡིག་གི་ལས་རྣམ་པ་སྣ་ཚོགས་ཞིང་དུ་རྨོ་བས་སྐྱིད་སྡུག་གི་འབྲུ་སྣ་ལ་འདི་མི་དར་བྱ་བ་མེད་པ། རྒྱུ་འབྲས་ཀྱི་ཉོ་ཚོང་ལ་སྐྱེད་འཕེལ་བརྩི་བ། སྐྱེ་ཤིའི་ས་ཚུགས་རྩིས་ཀྱིས་མི་ཆོད་པ་མུ་ནས་རྒྱུད་དུ་མཐུད་པ། ས་ཚུགས་རེ་དང་བར་ན་རྟག་འཛིན་གྱི་བྱ་བྱེད་འཆར་གྲངས་མང་ལ་གཟུང་དུ་མེད་པའི་དྲི་ཟའི་གྲོང་འབུམ་ཚོ་མང་པོས་བརྒྱན་པ། སྐད་ཅིག་རེ་ནས་ཅི་ཡང་མེད་པ། ཕར་འགྲོ་དང་ཚུར་འོང་གི་འདུ་འགོད་རྒྱུན་མི་འཆད་པས་མགྲོན་པོའི་བུན་ལོང་མིག་སྦྲིད་པ་ལྟ་བུ། ཆ་ལུགས་སྤྱོད་ཚུལ་མི་མཐུན། ཟ་ཐང་དང་ལོངས་སྤྱོད་


LT17_Page_330
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ། གྲོང་ཤོགས་དང་སྐད་རིགས་མི་གཅིག་པའི་སེམས་ཅན་གཞལ་དུ་མེད་པ། འཇིག་ཚོགས་ལ་ལྟ་བའི་མི་དཔོན་གཅིག་གི་ཁེབ་ཞབས་སུ་ཆུད་པའི་མངའ་རིས་འདི་ན། བུ་རང་ཉིད་མིན་པའི་དཔའ་བོ་དང་ཐུག་མ་ཐུབ། །དགྲ་ཕར་འདུལ་མིན་པའི་ཚུར་རྒོལ་དང་ཕྲད་མ་མྱོང༌། གནས་རང་ཁྱིམ་མིན་པའི་ས་མཐའ་གཅོད་དགོས་མ་བྱུང་བའི་དཔོན་ཨ་མའི་གོ་ཁའི་གཅེས་ཕྲུག་པོ་ཁོ། ཁྲིམས་ལ་ཡོ་དྲང་མེད་དེ་ངན་གཡོའི་ལྟ་རྒྱུད་དུ་བྱུང༌། འབངས་ལ་སྐྱོང་ལུགས་མེད་དེ་ཉོན་བདུད་ཀྱི་ཐ་སྙད་ཆགས། དྲིན་ལ་ངོ་སོ་མེད་དེ་སེམས་གཤིས་ཕྱིན་ཅི་ལོག་གི་གཙོ་བོར་གྱུར་ནས། གྱོད་གཞི་ན་ཡོད་པ་བུན་དུ་འཇོག་པ། གྱོད་རྩ་ནང་དུ་བསྡུས་ནས་གཏང་རག་གཏོང་བ། སྡུག་སེམས་ན་མེད་པ་ཐོག་འཇོག་བྱེད་པ། བློའི་སྐོར་ལུགས་རེ་ལ་ལོ་བརྒྱའི་མནར་ཐབས་ཚང་བ། འཕྲལ་དགའ་ལ་མཐའ་ངན་པའི་ཁྲིམས་ཀོ་དམར་གྱི་འབྲེང་རློན་ལྟ་བུས་སེམས་ཅན་སྡུག་ཐག་གཅོད་པའི་སྐབས་སུ། དཔོན་ལ་ཟ་ཚོད་ཡོད་རུང་གཡོག་ལ་འཇལ་ཚོད་མེད་པའི་དཔྱ་ཁྲལ་ཡ་མེད། རྗེ་ལ་མགུ་དུས་མེད་རུང་བྲན་ལ་སུན་དུས་འབྱུང་བའི་ཞབས་ཏོག་ཡ་མེད། ཁྲིམས་ལ་མནར་ཕོད་ཡོད་རུང་འབངས་ལ་བརྣག་ནུས་མེད་པའི་ཆད་པ་ཡ་མེད། གཤེད་མ་གསོད་སྙིང་ཆེ་རུང་བཙོན་བུ་འཆི་སྙིང་མེད་པའི་རང་ཉམས་ལྷུག་པ་འདི་ཚོ་བསམས་ནས། ཤ་ཚ་རང་ལ་འཆོར་བའི་མི་འདྲ་སྲིད་ན་ནི། །ད་བབ་སྡུག་གི་ཁུར་པོ་རི་ལྟར་ལྕི་བས་ཐོ་བཞག །ཕྱིས་འབྱུང་ཕུང་པོའི་སེམས་ཁྲལ་ནད་ལྟར་ན་བས་གླེང་བསླང༌། སྔར་བརྐོས་ལས་ཀྱི་སྡུག་ཡུས་མི་


LT17_Page_331
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ལྟར་ངམ་གནག་པ་བསྐྱེད་དེ། གནམ་གྱིས་རྭ་ཅོ་བརྡར། ས་ཡིས་རྔ་མ་གཡུགས། གནམ་ས་ཆ་ལང་བརྡབ། སྲིད་པ་ཐོག་འོག་ལོག་པའི་དུས་ནམ་ཤར་རུང༌། རྗེའི་སྐུ་ཚོད་འཛིན་པའི་ཐོབ་ཐང་མི་དབང་ཡང༌། བདེན་རྫུན་རང་ལམ་ལེན་པའི་སྤྱི་ལུགས་དེ་མི་དབང་དོན་མི་འདུག་པས། ཡོ་དྲང་གི་ས་དམིགས་དང༌། སྐྱིད་སྡུག་གི་དབང་སྐལ་ཐིག་གིས་བགོ་བའི་གླེང་གཞི་ཞིག་སློང་དགོས། དེ་ལ་མི་དཔོན་འདི་རིགས་རྣམས་རང་ཅི་འདོད་ཀྱི་ངང་ལ་སྣང་བ་བྱུང་རྒྱལ་དུ་འཇོག་རྒྱུ་ཡོད་མེད། ཁོང་གི་ཡབ་མེས་ལ་ཐོབ་ཐང་དབང་ཚུལ། །ལྷ་སྲས་ཀྱིས་རང་སྲིད་བསྐྱང་རབས། སྐྱེས་བུའི་སྐྱོན་ཡོན་ཡོ་ལུགས་དང་བཅས་པ་ཟུར་ཙམ་ཞིག་དྲང་པོར་བརྗོད་ན། གནའ་རབས་དང་པོའི་ཐོག་མ། འདི་པའི་ཡབ་མེས་ཆོས་སྐྱོང་རྒྱལ་དང༌། ཆོས་ཕྱུག་འབུམ་ལ་སོགས་པ་རིགས་ངན་མ་ནིང་གི་སྡེབ་ལས་སྐྱེས་ཤིང༌། ལུས་སེ་དྲིའི་སྡོང་པོ་ལྟས་ངན་གྱི་ཤ་གཟུགས་སུ་གྲུབ་པས། ཡ་རབས་ཀྱི་མི་ཁྱུར་མ་ཆུད། གཉན་སྣ་རྫི་ཅན་དང་སྡེབས་མ་རྙེད་ནས། འབྱུང་བ་རྫས་སྣ་དགུ་འདུས་ཞེས་བྱ་བའི་ཡུལ་ས་མིན་རྡོ་མིན་ལས་གྲུབ་པའི་གཅོང་རོང༌། སྔོ་ལྡུམ་དང་མེ་ཏོག་མེད་པ། སྟེང་ནས་ཉི་མ་དང་རླུང་གིས་རྨྱ་བ། ཞབས་ནས་འདམ་རུལ་དང་བ་ཚྭས་གཤེར་བ། ཕྱི་འཁྲང་ལ་ནང་མྱགས་པ། རླན་དྲི་དང་དྲོད་རླངས་འདྲེས་མ་དང༌། ལུད་འབུ་རིགས་མི་གཅིག་པ་མང་པོས་ཁྱབ་པ། རྩ་འཇག་མ་ཤུགས་རིང་འབྱིན་པའི་སའི་སྐུངས།


LT17_Page_332
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་པའི་གཏིང་དོང༌། རྡོ་གོར་མོ་ཡིན་ཡང་ས་མི་ཟིན་པ་ལྟ་བུ་ཞིག་ན། ཆུ་གད་པ་གཉིས་དང་པུས་མོ་མཉམ་བཙུགས། རྫ་ཕ་བོང་གཉིས་དང་ངོ་འཇིགས་སྟོན་རེས་བྱེད་པའི་སྐྱེ་མཆེད་ཀྱི་གྱང་རོལ་བྱ་བ། ནང་ནས་བལྟས་ན་ཕྱི་མི་བསྒྲིབ་པའི་གོག་པོ་ཁ་རལ། ནང་ན་མི་མ་བསྡད། ཕྱི་ན་དུ་བ་མི་འོང་བ་ཞིག་ཡོད། དེ་ལ་རྟེན་མཁར་གྱི་གཙོ་བོ་བྱས་ཏེ། སྣོད་བཅུད་གོ་མ་འཛོལ་བའི་དུས་དེ་ཙམ་ན་ཡང༌། སས་ཡར་ལ་གཅིག་བལྟས་ན། གནམ་གྱིས་མར་ལ་གཅིག་ལྟ། ཀྭི་ཕར་ལ་གཅིག་བོས་ན་རི་བྲག་གིས་ལད་མོ་ཞིག་ཟློ་བ་ལྟ་བུ་མ་གཏོགས། ཁྱིམ་མཚེས་ཀྱི་ཨ་ཡ་དང་གཅིག །ཕྱུགས་ལུག་གི་སྐྱོང་སྤེལ་དང་གཉིས། རྨོ་རྐོ་སོ་ནམ་དང་གསུམ། དེ་རིགས་ཚོར་ཡང་མྱོང་ཚོད་དུ་མི་འདུག་པ་དེ་ལྟར་ཡིན་རུང༌། གདུང་ཨ་ཚ་རྐེ་རིང་གི་རྒྱུད་དུ་བྱུང་བས་མུ་གེས་མ་ཐུབ། མ་སྡུག་མོ་ཁེར་སྡུག་གི་བུ་རྒྱུད་ཡིན་པས་ཡིད་གཅོང་མ་ལོང༌། མེས་གླེན་རིགས་ལུགས་སྨྱོན་མགོའི་ཚ་རྒྱུད་ཡིན་པས་སེམས་ཤེད་མ་ཆད་དེ། གྱོང་པོ་ཁྱིས་མ་ཆོད། རོ་ཁུར་འདྲེས་མ་འདོད་པའི་ཁ་དཔེ་ལྟར་སྡུག་ཚེ་དམྱལ་བ་བས་ཀྱང་རིང་བར་བྱུང༌། དེ་ཚོའི་རིང་ལ་སེམས་ཅན་གྱི་རང་བཞིན་དར་བས་འཇམ། གཡོན་ཅན་གྱི་ཉམས་རྒྱུ་མི་ཤེས། ཅི་ཟེར་ལ་བདེན་ཁ་སྟེར། ཁྱི་བས་བྲིད་སླ། ཁྭ་བས་ཅོལ་ཆུང༌། བྱིས་པ་བས་མགུ་སྐྱེན་ཞིང༌། བདེན་ཡིད་ཁ་འཕྲོགས་པ་མེད་ཀྱང་ཟོག་པོ་རྫུན་ལ་བྱང་བའི་སྟབས་དང་མཛངས་རྣམ་དཔྱོད་བཟང་བ་མིན་ཀྱང་མི་ཁྲམ་བློ་ཤོ་


LT17_Page_333
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་པ་དང༌། དཔའ་བོ་སྙིང་ཤེད་ཆེ་བ་མིན་ཀྱང་སྔར་མ་གབ་ལ་མཁས་པའི་རྐྱེན་ལས། ངན་པ་གོང་དུ་ཤོར། མ་རབས་མགོ་མཐོན་དུ་སོང་བའི་ཐོག །དཔོན་འཇིག་ཚོགས་ལ་ལྟ་བའི་སྤུན་སྡེ་ཉི་ཤུ། སྐུ་ངོ་གང་ཟག་སྐྱབས་དང༌། ཤེད་བུ་སྲུང་སོགས་ཕུ་ནུ་སྟག་ཤར་མང་པོ་དང་བཅས་པ་སྲིད་པ་ལས་ཀྱི་གཉའ་ཤིང་དུ་བྱུང་སྟེ། མི་དབང་བ་ལ་ཞིང་རྨོས་མི་འོས་མི་ལ་བཙན་བཙུགས། མི་དགོས་ལས་ལ་ནན་བརྡུང༌། མི་དར་དཔེ་ལ་ཁེབ་བླང་ཁྲིམས་ཚེ་སྡུག་གི་རྒྱ་མ་ཆེ་ལ་གཉན་པ་ཐོག་མར་བཙུགས། སྐྱེ་དགུའི་ཆོ་རིགས་གསེར་ལྟར་བཙུན་པའི་ནང་དུ་གདོལ་སྤྱོད་ཀྱི་ཁྲིམས་ལུང་དང་པོར་བསྟན། འགྲོ་བའི་སེམས་གཤིས་འོ་མ་ལྟར་དང་བ་ལ་ངན་དགུ་དུག་བཅུའི་སྡིག་ལས་ཀྱི་རུ་མ་བརྒྱབ། འདུ་བྱེད་ལ་གཞི་བཏིང་སྲེད་ལེན་ལ་སྒྲུབ་བྱེད། སྲིད་པ་ལ་འཕེལ་རྩི། རྒ་ཤི་ལ་གཟུང་གསོག་བྱེད་པའི་སྲོལ་ས་སྟེང་ན་སྲིད་མ་མྱོང་བ་ཕྱི་རབས་ཀྱི་བཙས་སུ་བཞག་སྟེ། སྟོང་ཁམས་གསུམ་གྱི་འཇིག་རྟེན་སྡུག་བསྔལ་གྱི་ར་བ་གཅིག་དང༌། སྲིད་པའི་སྡེ་རིས་ཕལ་ཆེར་སྡིག་སྤྱོད་ཀྱི་ཁྱུ་གཅིག་ཏུ་ཁ་ལོ་སྒྱུར། སྔོན་གྱི་མི་རྒྱུད་མ་འཆུགས་པའི་རྟགས་སུ། ས་པདྨ་འདབ་བརྒྱད་རྒྱ་ཁྱོན་ཡངས་པ། གནམ་འཁོར་ལོ་རྩིབས་བརྒྱད་ཐ་གྲུ་ཆེ་བའི་ཕྱི་སྣོད་འཇིག་རྟེན་གྱི་རྣམ་གྲངས་འདི་ཙམ་ཞིག་ཡོད་རུང༌། སྡེ་འདིས་ཆུས་སྲིད་བཟུང་ནས་ལོ་གྲངས་དང་མི་རབས་འདི་ལོན་གཞལ་བར་མི་ནུས་པའི་དུས་ཀྱི་མཐར་ཡང་ཕ་གཞིས་ཀྱི་ལུད་ཁང་ཚ་རོ་མ་འདི་མིན་པའི་རེམ་རྒྱུ་མེད་པ་འདི། གྲོང་ཁྱེར་གྱི་སེང་གེ་རྔ་ལེབ་


LT17_Page_334
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཁོང་རྣམ་པ་ཚོ་རིགས་གཙང་ཡ་རབས་ཀྱི་སྡེབ་ནས་མཆེད་པའི་རྟེན་འབྲེལ་མི་བསླུ་བའི་བདེན་པ། བཏུམ་ན་མི་ཐུམ། བཟུང་ན་མི་ཐུབ། བསུབ་ན་མི་ཟུབ་པའི་ངོ་བོ་མི་འགྱུར་བ་དེ་ཀ་ཡིན། ཧ་ཧ། ད་དེ་ལྟར་བཤད་ན། མི་ཐམས་ཅད་རང་ཡུལ་ན་ཆེ། སྡེ་ཐམས་ཅད་རང་ས་ན་བརྗིད། རིགས་ཐམས་ཅད་རང་ཐོབ་ལ་གཉན་པ་མ་གཏོགས། དོན་ཡིན་ལུགས་ཀྱི་ངོས་ན་དཔོན་འབངས་ཀྱི་འབྲེལ་བ་མ་གྲུབ། མཆོག་དམན་གྱི་ཐ་སྙད་ཇི་སྲིད་པའི་ཇ་སིག་ཞིག་ཡིན་ལ། དགོས་འཇིག་ཚོགས་ལ་ལྟ་བའི་བློ་ངན་འདི་ལ་ཕ་ཐོབ་ཀྱི་འཕྲུ་ཏོག་སྟོན་རྒྱུ། རང་དཔུང་གི་རལ་གྲི་བསྡིགས་རྒྱུ། ངས་བྱས་ཀྱི་བཟང་ཡུས་འདྲེན་རྒྱུ། དབང་སྐལ་གྱི་ཟ་ཐང་རྒྱུག་རྒྱུ་སོགས་སྣ་གཅིག་ཙམ་ཡང་མེད་ཀྱི་སྟེང༌། འཇིག་རྟེན་ཕལ་པ་ཚོས། དགྲ་འདྲེ་གཉིས་ཀྱི་གཡབ་མོ། །ལྟས་ངན་སྟོང་གི་ཐོག་མ། བྱུར་ཆག་གི་སྙིང་རྡོ་བརྒྱ་དོད་མ་འདི་ཁྱིམ་དུ་བཅུག །ཟོན་ཕྱི་རོལ་དུ་བྱེད་ཟེར་ནས་དོན་མེད་ཀྱི་སྟོང་འདང་མང་པོ་གྲོས་སུ་ཤོམ་པར་འདུག་སྟེ། དེ་ལྟ་བུ་མིན། ཚེ་ཐོག་མ་མེད་པའི་དུས་ཀྱི་ཕུང་རྒན་པོ་འདི་ནི་ཉེས་བྱས་ཀྱི་ཚད་ལ་གཞལ་ན། ནམ་མཁའ་ལ་བླ་བྲེ་རྒྱོང་རྒྱོང༌། བར་སྣང་ལ་འཁོར་ལོ་སྐོར་སྐོར། ས་གཞི་ལ་ཀོ་བ་རྡུང་རྡུང་དུ་བརྡུང་རུང་སྡུག་སྙིང་མི་ཚིམ་ཞིང༌། ཞེ་འཁོན་ཕུང་ཤུལ་གྱི་མིང་སྐམ་ལ་ཡང་བརྗེད་མི་ཐུབ་པའི་ཚོད་ཡིན། བདག་ཆད་ཀྱིས་འཇིགས་པའི་སེར་སྣ་ཅན་དག །དཔོན་གཞུང་བཟང་ཕྱི་ཐག་རིང་བའི་སྐུ་དྲིན་འདི་མིན་ན་དམངས་རང་ཡུལ་གྱི་མངའ་རིས་ན་སྡོད་ཐབས་མི་འོང་ཟེར་ཏེ། མི་གླེན་པ་རྒྱུས་མེད་


LT17_Page_335
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་མགོ་འཁོར་བ་མ་གཏོགས་ཤེས་བྱ་མི་སྲིད་དགུ་སྲིད། རྒྱལ་ཁམས་མི་དར་དགུ་དར་ཡིན་པས། སྐྱིད་པའི་རྒྱལ་ཁམས་མེད་ནས་འགྲོ་ས་ཟད་པ་ག་ལ་ཡིན། དེ་ཡང་ཟུར་ཙམ་བཤད་ན། སྡིག་སྤྱོད་མྱང་ངམ་ཐང་འདིའི་ཕ་མཐའ་རྫོགས་མཚམས། འཛད་མེད་སྡུག་སྣ་མང་པོའི་རྒྱ་གྲོང་ཟད་མཚམས། བསོད་ནམས་ཕྱུག་སྡེ་འབོལ་མོའི་སྡེ་སྣེ་ཐུག་མཚམས་ཞིག་ན། ལམ་བདུད་རྩིའི་ཆུ་ཀླུང་གཡས་སུ་འཁྱིལ་བའི་འགྲམ་ངོགས། གཙང་ཚངས་སྤྱོད་སིལ་མའི་སྤོས་ངད་ལྡང་བའི་ས་ཕྱོགས། མཐོ་དབེན་པ་ལས་སྐྱེས་པའི་ཉམས་དགའ་གཡང་དུ་ཆགས་པའི་ཡུལ་གླིང༌། ཏིང་ངེ་འཛིན་གྱི་ནགས་ཚལ་ཕྱུག་ལ་སྤུན་པ་དང༌། ཤིན་སྦྱང་གི་བདེ་བའི་འཁྲི་ཤིང་ལྡེམ་ལ་མཉེན་པ། སྙིང་རྗེའི་འབབ་ཆུ་བསིལ་ལ་དང་བ་དང༌། བྱམས་པའི་མེ་ཏོག་དགོད་ལ་བཀྲ་བ། མངོན་པར་ཤེས་པའི་རྩེ་སྣ་འཁྱུགས་ལ་མཚར་བ་སོགས་ངོ་མཚར་སྒྱུ་མའི་བཟོ་བཀོད་ཟད་མི་ཤེས་པའི་སྨན་ལྗོངས། སྲིད་པ་སྒྱུ་མའི་ཁང་བཟང་དང༌། སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་པའི་རྒྱལ་སྲས་སྙིང་སྟོབས་ཅན་རྣམས་འདོད་དགུར་བསྒྱུར་བའི་ཡེ་ཤེས་ཀྱི་རོལ་རྩེད་དབྱར་གྱི་ལྗོང་རྒྱུ་ལྟར་སྟོན་པའི་ལྟད་མོ་མཐོང་ཞིང༌། ཐུབ་དབང་སེང་གེ་འདུས་མང་འཕགས་བཞིའི་དགེ་འདུན་དང་བཅས་པ་བདེ་སྐྱིད་འཆི་བ་མེད་པའི་སྟོན་མོ་མཛད་དེ། ཟབ་ཞི་རྡུལ་དང་བྲལ་བའི་བསམ་གཏན་གྱི་གྲིབ་མ་ལ་བརྗོད་དུ་མེད་པའི་འགྲོ་བས་དུས་ཡོལ་བར་མཛད་པའི་མངའ་རིས་ཡོད་དེ། ས་དེ་ན་ནི་ང་ཁྱོད་ཀྱི་བདག་བཟུང་མེད།


LT17_Page_336
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དབུལ་གྱི་དབྱེ་བ་མེད། ལྟོ་གོས་ཀྱི་རྩོལ་སྒྲུབ་ཐམས་ཅད་མེད་པར། དུས་རྟག་ཏུ། གཏན་བདེའི་ངང་ལ་གུ་ཡངས། ཞི་བའི་མལ་དུ་ལྷོད་ཆགས་ནས། རྣམ་པར་གྲོལ་བའི་དགའ་བ་ཤུགས་འབྱུང་དུ་སྐྱོང་ཆོག་པའི་དགེ་མཚན་གྱི་གཟི་འོད་འབར། དེ་དག་ཀྱང་གནམ་ཐོག་སོ་བཅོ་བརྒྱད་ཀྱི་སྟེང་ན་མི་རྙེད་ཀྱི་ནོར་སྣ་ཡོད་རབས། ས་རིམ་པ་བཅུ་གསུམ་གྱི་མར་ཞབས་ན་མི་སླེབ་ཀྱི་ཚོང་རྡལ་ཡོད་རབས། འབྲེལ་མེད་ཕོངས་པའི་རྣ་བ་ཁ་གཡང་གིས་བྲིད་པ་ལྟ་བུ་ཞིག་གཏན་ནས་མིན་ཏེ། བླ་ན་མེད་པའི་སྟོན་པ་དང༌། སྟོན་པའི་རྒྱལ་ཚབ། མཉམ་པ་ཉིད་ཀྱི་དབྱིངས་ལ་སྐུ་བཞུགས་ཀྱང༌། །ཐུགས་རྗེ་ཆེན་པོའི་སྤྱན་རས་རྗེས་འཇུག་ལ་ཆགས་པ་རྣམས་ཀྱིས། ཕྱིས་འབྱུང་གི་འདང་ལ་མཁས་ཤིང༌། སྐྱིད་སྡུག་གཉིས་ཀྱི་ཆུས་སྲིད་ལ་གཏན་བརྗེ་ཕོད་པའི་མི་བཟང་བློ་སྟོབས་ཅན་མང་པོ་ད་ལྟ་དང་མ་འོངས་པའི་དུས་སུ་འབྱུང་བར་གཟིགས་ནས། སྲིད་པའི་སྲང་སྒོ་གཅོད་ལུགས། ཞི་བའི་འཇུག་ཕྱོགས་མཚོན་ལུགས། །སྲིད་ཞིའི་ས་མཚམས་བགོ་ལུགས། འཁོར་བ་དང་མྱང་འདས་ཀྱི་བར་ན་དམུ་ཐག་གསེར་ཟམ་གྱི་ཕྲེང་བ་ཚར་དུ་དངར་བའི་ས་ལམ་གྱི་རྒྱུ་འབྲས་དང་བཅས་པ་རྗོད་བྱེད་ངག་ལམ་དུ་དྲངས་ཏེ། མཁས་བྱའི་མ་མོ་བཞག །སྤང་བླང་གི་སྦྱོར་ཚུལ་བསླབ། ཉམས་ལེན་གྱི་ཁོག་གཞུང་བསྒྲིགས་པའི་དམར་ཁྲིད་གདམས་ངག་ཏུ་བཏབས། བསྐྱར་ལྡབ་རྗེས་བསྟན་ལ་མཛད། གདམས་ལྷག་ཞལ་ཆེམ་དུ་བཞག །བསྟན་རྒྱུན་གླེགས་བམ་དུ་བཀོད། དུས་བབས་


LT17_Page_337
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་མཐོང་གི་གདུལ་བྱ་སྐུ་དངོས་ཀྱི་མཛད་པས་རྗེས་སུ་བཟུང་ཞིང༌། མ་འོངས་ཕྱི་རབས་ཀྱི་འདུལ་སྐལ་བརྒྱུད་འཛིན་ཐུགས་སྲས་ལ་གཏད་དེ། ལེགས་གསུང་སྐྱེ་དགུའི་ཉི་མ་ཕྱི་མཐའི་བར་དུ་བྲི་གང་དང་བྲལ་བར་བྱིན་གྱིས་བརླབས་ནས། གདུལ་བྱ་མཆོག་དམན་མེད་པའི་ཉམས་རངས་སུ་སྤྱོད་ཆོག་པའི་སྐུ་དྲིན་མཐོང་ཆོས་ན་ཡོད། རྒྱུད་ཕྲེང་ཐག །ལུང་ཕྲེང་རྡོག །དྲོད་ཚད་བཅུ་ཚར། གནད་མདོ་འཛིན་དུ་སྦྱར་བའི་ལམ་ཡིག་མུ་ཏིག་གི་ཕྲེང་བ་ལྟ་བུ་འདི་ཚོ་ཡོད་བཞིན་དུ། ལམ་མཁན་ལ་འཕྲིགས་མ་ཚུད་པར། སློབ་གསར་ལ་ཞིབ་ཅིག་ཡོད་མདོག་བྱེད་ཅིང༌། གླེན་སྒོམ་སེམས་གནས་ཀྱི་གཡག་རྒན་འཇིག་ལྟའི་སྒོ་སྔུན་དུ་བཏགས་ནས། ཨུ་ཚུགས་རང་ལྟ་མཆོག་འཛིན་གྱི་སྙིང་རུས་ཆེན་པོས་ནན་ལྟར་ཞོན་ཏེ། གཡག་རྒན་ལ་འགྲོ་ལུགས་མེད་ཀྱང་ཁ་རྣམ་པར་གྲོལ་བའི་ཕྱོགས་སུ་བལྟས་ནས་འགྲོ་ཀྱིན་ཡོད་སྙམ་པའི་སྟོང་འདང་ཞིག་ལ་སྔས་བྱས་ནས་བསྡད་པས་མི་ཆོག །ལྷ་ཁམས་གསུམ་གྱི་ཆོས་རྗེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསེར་ཡིག་བཀའ་ཐམ་གྱི་རྭེ་ཁ་མ་ཉམས་པ་འདི་ལ་གདེང་བཅས། གཏན་འདུན་གྱི་སྙིང་པོ་འཆུག་མེད་ཅིག་ལ་རྡོག་པ་གཏད་དེ། དཔའ་འདི་བྱས་ཟེར་རྒྱུ་མེད་པར། དཔའ་སྐད་ཀྱི་ཁ་བོ་ཆེ་བ་ཙམ་ཡིན་པར། བདུད་ངོ་འཇིགས་ཅན་དང་ལྟ་རེས། དགྲ་ཁ་ཚན་ཅན་དང་གཤེ་རེས། དཔའ་ལག་དམར་ཅན་དང་འཇུ་རེས་བྱས་ནས་ཁེ་ཕམ་གྱི་རང་སྐལ་མངོན་སུམ་དུ་ལོང་བ་ཞིག་ལ་བསམ་སྦྱོར་ཆིག་སྒྲིལ་


LT17_Page_338
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པར་མཐོང༌། རང་དང་གཞན་ལ་དགོས་ངེས་ཀྱི་དགྲ་ཐབས་འདུན་གྲོས་སུ་གླེང་བ་སྒྱུ་མའི་སྒྲུང་རབས་ཞེས་བྱ་བའི་གཏམ་ནག །མདོ་ཁམས་རོལ་ཆེན་བཅོ་བརྒྱད་དུ་གྲགས་པའི་ཡ་གྱལ། རྡོ་རོལ་གྱི་ཆ་ལས་ཡུལ་གྱི་དགེ་བཅུ་མ་ཚང་བ་མེད་པའི་སའི་ལྟེ་བ། ལྷ་ཆེན་རྡོ་རྗེ་མགར་དམར་སྲིད་པའི་བདེ་སྡུག་གི་བཟོ་ཁྱད་མང་པོ་མགར་དུ་རྡུང་ཞིང་མཐའི་སོ་ཁ་ལ་ལྟ་བའི་རྫོང་ཟུར། ཟང་ཡག་དམར་པོ་བྲག་གདན་གཡུ་ཀླུང་གི་སྐ་རགས་ཅན་ལ་བརྗིད་པའི་ཀེའུ་ཚང་ནས་བྲག་སྲིན་འཇིགས་བྱེད་འབར་མ་མེལ་ཚེ་བྱེད་པའི་གནས་རྩེ། གསུང་གི་རིག་འཛིན་རྟ་མཆོག་ཁྲག་འཐུང་གཉིས་པ། །དབང་ཆེན་དགྱེས་རབ་རྡོ་རྗེའི་ཞལ་སྔ་ནས། གསང་ཆེན་དངོས་གྲུབ་གླིང་གི་ཆོས་གྲྭ་ཞེས་བདེན་ཚིག་གྲུབ་པའི་གསུང་བྱིན་རླབས་ཀྱི་མེ་ཏོག་སིལ་མར་བསྙིལ་བའི་གྲུབ་པའི་རི་ངོགས་ཉམས་དགའ་བ་ནས་མི་སྨྱོན་ལྕགས་ཀོང་ད་རི་དྲས་བྲིས། མངྒ་ལཾ།། །།

བདེན་བཞིའི་རྣམ་བཞག

༈ སྨྲ་བའི་སེངྒེ་ཟུར་ཕུད་ལྔ་པ་དང༌། །རྒྱལ་བའི་རྒྱལ་ཚབ་མི་ཕམ་བླ་མའི་ཞབས། །དད་པའི་སེམས་ཀྱིས་སྤྱི་བོས་རབ་མཆོད་དེ། །བདེན་བཞིའི་རྣམ་བཞག་ཉུང་ངུའི་ཚིག་གིས་སྤྲོ། །ཐར་འདོད་རྣམས་ཀྱིས་བསླབ་བྱ་བདེན་པ་བཞིའི་ནང་ཚན། སྡུག་བསྔལ་བདེན་པའི་མཚན་གཞི་གང་ཞེ་ན། མ་དག་པའི་སྣོད་དང་མ་དག་པའི་བཅུད་གཉིས་པོའོ། །སྡུག་བསྔལ་བདེན་པའི་མཚན་ཉིད་གང་ཞེ་ན། །རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི་ཆ་ནས་བཞག་པའི་ཟག་བཅས་ཀྱི་སྤང་བྱའི་རིགས་སུ་གནས་པའོ། །སྡུག་བསྔལ་གྱི་ངོ་བོའི་དབྱེ་བ་གང་ཞེ་ན། འགྱུར་བའི་སྡུག་བསྔལ་དང༌།


LT17_Page_339
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རྣམས་སོ། །འགྱུར་བའི་སྡུག་བསྔལ་གང་ཞེ་ན། ཚོར་བ་བདེ་བའོ། །སྡུག་བསྔལ་གྱི་སྡུག་བསྔལ་གང་ཞེ་ན། ཚོར་བ་སྡུག་བསྔལ་བའོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གང་ཞེ་ན། ཟག་པ་དང་བཅས་པའི་ཉེར་ལེན་གྱི་ཕུང་པོའོ། །སྡུག་བསྔལ་གྱི་རྣམ་པའི་དབྱེ་བ་གང་ཞེ་ན། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། སྟོང་པའོ། །མི་རྟག་པའི་རྣམ་པ་གང་ཞེ་ན། སྐད་ཅིག་མའོ། །སྡུག་བསྔལ་བའི་རྣམ་པ་གང་ཞེ་ན། ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་ཕུང་པོ་ལྔའོ། །བདག་མེད་པའི་རྣམ་པ་གང་ཞེ་ན། ངོ་བོར་གྱུར་པའི་བདག་གིས་སྟོང་པའི་དེའོ། །སྟོང་པའི་རྣམ་པ་གང་ཞེ་ན། དབང་བསྒྱུར་བའི་བདག་དོན་གཞན་གྱིས་སྟོང་པའི་དེའོ། །སྡུག་བསྔལ་གྱི་བདེན་པ་ནི་ཤེས་པར་བྱ་བ་སྟེ། ཇི་ལྟར་རླུང་ངམ་མཁྲིས་པའམ་བད་ཀན་ནམ་འདུས་པའི་ནད་བྱུང་བའི་མིས་དེ་ཤེས་པར་བྱ་བ་བཞིན་ནོ། །ཀུན་འབྱུང་བདེན་པའི་མཚན་གཞི་གང་ཞེ་ན། ལས་དང་ཉོན་མོངས་པའོ། །ཀུན་འབྱུང་བདེན་པའི་མཚན་ཉིད་གང་ཞེ་ན། རང་འབྲས་སྡུག་ལྡན་སྐྱེད་བྱེད་ཀྱི་ཆ་ནས་བཞག་པའི་ཟག་བཅས་ཀྱི་སྤང་བྱའི་རིགས་སུ་གནས་པའོ། །ཀུན་འབྱུང་གི་ངོ་བོའི་དབྱེ་བ་གང་ཞེ་ན། དགེ་བ་དང༌། མི་དགེ་བ་དང་ལུང་མ་བསྟན་གྱི་ལས་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྟེ་ཉོན་མོངས་པའོ། །ཀུན་འབྱུང་གི་རྣམ་པའི་དབྱེ་བ་གང་ཞེ་ན། རྒྱུ་དང༌། ཀུན་


LT17_Page_340
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དང༌། རབ་སྐྱེ་དང༌། རྐྱེན་གྱི་རྣམ་པའོ། །རྒྱུ་གང་ཞེ་ན། སྡུག་བསྔལ་གྱི་རྩ་བར་གྱུར་པའི་སྲེད་པ་ལྟ་བུའོ། །ཀུན་འབྱུང་གི་རྣམ་པ་གང་ཞེ་ན། སྡུག་བསྔལ་ཡང་ཡང་སྐྱེད་པའི་སྲེད་པ་ལྟ་བུའོ། །རབ་སྐྱེའི་རྣམ་པ་གང་ཞེ་ན། སྡུག་བསྔལ་ཤུགས་དྲག་ཏུ་སྐྱེད་པའི་སྲེད་པ་ལྟ་བུའོ། །རྐྱེན་གྱི་རྣམ་པ་གང་ཞེ་ན། སྡུག་བསྔལ་གྱི་ལྷན་ཅིག་བྱེད་པའི་སྲེད་པ་ལྟ་བུའོ། །ཀུན་འབྱུང་གི་བདེན་པ་ནི་སྤང་བྱ་སྟེ། ཇི་ལྟར་ནད་གང་ཡང་རུང་བའི་རྒྱུ་སྤང་བྱ་ཡིན་པ་བཞིན་ནོ། །འགོག་པའི་བདེན་པའི་མཚན་གཞི་གང་ཞེ་ན། སྡུག་ཀུན་གཉིས་ཀྱི་བྲལ་འབྲས་ལྟ་བུའོ། །འགོག་བདེན་གྱི་མཚན་ཉིད་གང་ཞེ་ན། རང་རྒྱུ་ལམ་བདེན་བསྒོམ་སྟོབས་ཀྱིས་ཐོབ་པའི་བྲལ་འབྲས་སོ། །འགོག་བདེན་གྱི་ངོ་བོའི་དབྱེ་བ་གང་ཞེ་ན། བརྡའི་འགོག་པ་དང༌། དོན་དམ་པའི་འགོག་པའོ། །བརྡའི་འགོག་པ་གང་ཞེ་ན། སོ་སོའི་སྐྱེ་བོའི་རྒྱུད་ཀྱི་ཉོན་མོངས་ཅི་རིགས་རེ་ཞིག་གི་བར་དུ་མི་སྐྱེ་བར་བྱས་པའི་ཆའོ། །དོན་དམ་པའི་འགོག་པ་གང་ཞེ་ན། འཕགས་རྒྱུད་ཀྱི་སྤང་བྱ་ཅི་རིགས་གཏན་མེད་དུ་བྱས་པའི་ཆའོ། །འགོག་བདེན་གྱི་རྣམ་པའི་དབྱེ་བ་གང་ཞེ་ན། འགོག་པ་དང༌། ཞི་བ་དང༌། གྱ་ནོམ་དང༌། ངེས་འབྱུང་གི་རྣམ་པའོ། །འགོག་པའི་རྣམ་པ་གང་ཞེ་ན། སྡུག་བསྔལ་གྱི་བྲལ་འབྲས་སོ། །ཞི་བའི་རྣམ་པ་གང་ཞེ་ན། ཀུན་འབྱུང་གི་བྲལ་འབྲས་སོ། །གྱ་ནོམ་པའི་རྣམ་པ་གང་ཞེ་ན། ཕན་བདེའི་ངོ་བོར་གྱུར་པའི་འཕགས་རྒྱུད་ཀྱི་དེའོ། །ངེས་འབྱུང་གི་རྣམ་པ་གང་ཞེ་ན། འཁོར་བ་


LT17_Page_341
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར་པའི་དེའོ། །འགོག་བདེན་ནི་ཐོབ་བྱ་སྟེ་ནད་མེད་པའི་བདེ་བ་ཐོབ་བྱ་ཡིན་པ་དང་འདྲའོ། །ལམ་བདེན་གྱི་མཚན་གཞི་གང་ཞེ་ན། འཕགས་རྒྱུད་ཀྱི་མཁྱེན་པའོ། །ལམ་བདེན་གྱི་མཚན་ཉིད་གང་ཞེ་ན། རང་འབྲས་འགོག་བདེན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་འཕགས་རྒྱུད་ཀྱི་མངོན་རྟོགས་སོ། །ལམ་བདེན་གྱི་ངོ་བོའི་དབྱེ་བ་གང་ཞེ་ན། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་པའི་ལམ་མོ། །ལམ་བདེན་གྱི་རྣམ་པའི་དབྱེ་བ་གང་ཞེ་ན། ལམ་དང༌། རིགས་པ་དང༌། སྒྲུབ་པ་དང༌། ངེས་འབྱིན་གྱི་རྣམ་པའོ། །ལམ་གྱི་རྣམ་པ་གང་ཞེ་ན། ཐར་པར་འགྲོད་པའི་འཕགས་རྒྱུད་ཀྱི་དེའོ། །རིགས་པའི་རྣམ་པ་གང་ཞེ་ན། ཉོན་མོངས་པའི་གཉེན་པོར་གྱུར་པའི་དེའོ། །སྒྲུབ་པའི་རྣམ་པ་གང་ཞེ་ན། སེམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་དེའོ། །ངེས་འབྱིན་གྱི་རྣམ་པ་གང་ཞེ་ན། གཏན་བདེ་འཁོར་བར་མི་ལྡོག་པའི་གནས་སུ་འཁྲིད་པར་བྱེད་པའི་འཕགས་རྒྱུད་ཀྱི་རྣལ་འབྱོར། ལམ་བདེན་ནི་ཉམས་སུ་བླང་བྱ་སྟེ། ཇི་ལྟར་སྨན་བསྟེན་པར་བྱ་བ་དང་འདྲའོ། ༈ །ཁ་ཅིག་ན་རེ། ཀུན་འབྱུང་རྒྱུར་གྱུར་པའི་འབྲས་བུ་ཡིན་ན། སྡུག་བདེན་ཡིན་པས་ཁྱབ་ཟེར་ན། ལྷས་སྦྱིན་གྱི་རྒྱུད་ཀྱི་འདོད་ཆགས་ཀྱི་རྟོག་པ་སྔ་མའི་ཕྱི་ལོགས་སུ་བྱུང་བའི་རྗེ་བཙུན་བྱམས་པའི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་ཆོས་ཅན། སྡུག་བདེན་ཡིན་པར་ཐལ། ཀུན་འབྱུང་རྒྱུར་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། སྡུག་བདེན་མ་ཡིན་པར་ཐལ།


LT17_Page_342
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བདེན་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་ཆོས་ཅན། དེར་ཐལ། ཁྱོད་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། འགའ་ཞིག་ན་རེ། ཚོར་བ་ཡིན་ན་སྡུག་བསྔལ་ཡིན་པས་མ་ཁྱབ་སྟེ། ཚོར་བ་བདེ་བ་ཆོས་ཅན། ཚོར་བ་ཡིན་པ་གང་ཞིག་སྡུག་བསྔལ་མ་ཡིན་པའི་ཕྱིར་ཟེར་ན། ཚོར་བ་བདེ་བ་ཆོས་ཅན། སྡུག་བསྔལ་ཡིན་པར་ཐལ། མདོ་ལས། གང་ཅི་ཚོར་བ་ཡང་རུང་སྟེ་སྡུག་བསྔལ་བའོ། །ཞེས་གསུངས་པ་གང་ཞིག །ཁྱོད་ཚོར་བ་ཡིན་པའི་ཕྱིར། ལ་ལ་ན་རེ། སྣོད་བཅུད་གཉིས་པོ་གང་རུང་ཡིན་ན་སྡུག་བསྔལ་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་རང་སྣང་ལས་གྲུབ་པའི་སྣོད་དང་ལོངས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཕལ་ཆེར་ན་རེ། སྡུག་བསྔལ་ཡིན་ན་ཀུན་འབྱུང་ཡིན་པས་ཁྱབ་ཟེར་ན། རྡོ་ཆོས་ཅན། ཀུན་འབྱུང་ཡིན་པར་ཐལ། སྡུག་བདེན་ཡིན་པའི་ཕྱིར། གཞན་དག་ན་རེ། འགོག་ལམ་གཉིས་ལ་གཞི་མཐུན་ཡིན་ཟེར་ན། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ལ་གཞི་མཐུན་ཡོད་པར་ཐལ། འགོག་བདེན་དང་ལམ་བདེན་གཉིས་དེ་ཡིན་པའི་ཕྱིར། འདོད་ན། དེ་ལ་གཞི་མཐུན་མེད་པར་ཐལ། རྟག་མི་རྟག་གཉིས་འགལ་བ་ཡིན་པའི་ཕྱིར། དེ་གཉིས་འདུས་བྱས་དང་འདུས་མ་བྱས་ཡིན་པ་རྟགས་མ་གྲུབ་ཟེར་ན། ངོ་བོ་ཉིད་ཆོས་སྐུ་ཆོས་ཅན། བྱས་པར་ཐལ་ཏེ། འགོག་བདེན་འདུས་མ་བྱས་མ་ཡིན་ལ་ལམ་བདེན་འདུས་བྱས་མ་ཡིན་པ་གང་ཞིག །ངོ་བོ་ཉིད་སྐུ་འགོག་བདེན་ཡིན་པའི་ཕྱིར། འདོད་ན། སྟོང་ཉིད་ཆོས་ཅན། མ་རིག་པ་ཡིན་པར་ཐལ། རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུ་སྟོང་ཉིད་ཡིན་པ་གང་ཞིག་དེ་བྱས་པ་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས་འགོག་ལམ་ངོ་བོ་


LT17_Page_343
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་མེད་ཟེར་ན། །མཐོང་ལམ་རྣམ་གྲོལ་ལམ་པའི་རྒྱུད་ན་འགོག་བདེན་མེད་པར་ཐལ། ལམ་བདེན་དང་ངོ་བོ་གཅིག་པའི་འགོག་བདེན་མེད་པའི་ཕྱིར། ཁ་ཅིག་ན་རེ། གཞི་གྲུབ་ན་བདེན་བཞི་གང་རུང་ཡིན་པས་ཁྱབ་ཟེར་ན། ནམ་མཁའ་ཆོས་ཅན། བདེན་བཞི་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། ཁྱོད་སྡུག་ཀུན་གཉིས་མ་ཡིན་པ་གང་ཞིག་འགོག་ལམ་གཉིས་མ་ཡིན་པའི་ཕྱིར། དེ་དག་ཀྱང་ནོར་འཁྲུལ་གྱི་དབང་དུ་གྱུར་པ་ལས་ལེགས་པར་བཤད་པས་དབེན་པའི་ནོངས་ཚོགས་སྲས་བཅས་རྒྱལ་བའི་སྤྱན་སྔར་འཆགས་སོ། །འདི་ལས་ཉེར་བསྐྲུན་དགེ་བའི་མཐུ་ཡིས་ནི། །མཐའ་ཡས་འགྲོ་ཀུན་རྒྱལ་བའི་ས་ཐོབ་སྟེ། །སྟོབས་སོགས་རྣམ་པར་བྱང་བའི་ཡོན་ཏན་ཀུན། །བདག་གིར་བྱེད་པའི་དཔལ་དང་ལྡན་གྱུར་ཅིག །བདེན་བཞིའི་རྣམ་བཞག་སྙིང་པོར་དྲིལ་བ་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ཞེས་བྱ་བ། བཙུན་པ་མ་ཏི་བྷ་དྲའི་ངག་གིས་བསྐུལ་བ་ལྟར་རྨོངས་པ་དཀོན་མཆོག་མིང་པས་ཡར་ངོའི་ཚེས་བཅུ་གཅིག་གི་ཉིན་སྦྱར་བ་རྫོགས་སོ།། །།

རྡོར་དྲིལ་མཚོན་དོན།

༈ འདིར་སྔགས་པ་རྣམས་ཀྱིས་རྟག་ཏུ་མི་འབྲལ་བར་བཅང་བར་བྱ་བའི་རྡོར་དྲིལ་ནི་སྔགས་ཀྱི་ཉམས་ལེན་གྱི་རིམ་པ་རྫོགས་པར་མཚོན་པས་དོན་ཆེན་པོ་ཅན་ཡིན་ཏེ། དེ་ལ་རྡོ་རྗེ་ནི་སྣང་ཕྱོགས་ཀྱི་ཆ་མཚོན་བྱེད་ཡིན་པས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་སྔགས་བླ་མེད་ཀྱི་ལམ་གནད་མཐར་ཐུག་པ་དེ་མཚོན་བྱེད། དེ་ཉིད་ཀྱི་ལྟོ་བ་ཟླུམ་པས་ཡེ་ཤེས་དེ་ཉིད་ཆོས་ཉིད་སྟོང་པ་ཉིད་ལ་གཉིས་སྣང་དང་བྲལ་བར་མཉམ་པར་བཞག་པའི་ཡེ་ཤེས་དེ་


LT17_Page_344
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཞིང༌། ཡེ་ཤེས་དེ་ཉིད་ལམ་དུས་དང་འབྲས་དུས་ཀྱི་ཁྱད་པར་གྱི་དྲི་མ་ཐམས་ཅད་དང་འབྲལ་བྱེད་དམ་བྲལ་བའི་བདག་ཉིད་ཅན་ཡིན་པ་དང་ནམ་དུའང་ཡེ་ཤེས་དེ་ཉིད་དྲི་མའི་ངོ་བོ་སྐྱེ་མི་སྲིད་པས། ཡེ་ཤེས་དེ་ཉིད་ཡེ་ཤེས་ལྔ་དང་ཡུལ་གྱི་ཆོས་ཉིད་ལྔ་མཚོན་པའི་ཡར་མར་གྱི་རྩེ་ལྔ། ཐུགས་རྗེ་ཆེན་པོས་འཁྱུད་པ་མཚོན་པས་ཆུ་སྲིན་གྱི་ཁ་དང༌། ཡེ་ཤེས་དེ་ཉིད་ཀྱིས་གདུལ་བྱའི་རེ་བ་སྐོང་བ་རྒྱུན་མི་ཆད་པའི་བརྡར་རིན་པོ་ཆེའི་ཕྲེང་བ་དང་ལྡན་པ་ཡིན་ལ། གཞན་ཡང་ཡེ་ཤེས་དེ་ཉིད་ཀྱི་རྩལ་དུ་རིགས་ལྔ་ཡབ་ཡུམ་སེམས་དཔའ་ཡབ་ཡུམ་དང་འགྲོ་འདུལ་གྱི་ཕྲིན་ལས་ཀྱི་མཛད་པ་རྣམས་མཚོན་པའི་བརྡར་ཡར་མར་གྱི་རྩེ་ལྔ་དང་པད་འདབ་བརྒྱད་རིན་པོ་ཆེའི་ཕྲེང་བས་མཛེས་པར་བྱས་པ་ཡིན་ནོ། ༈ །དྲིལ་བུ་ནི་ཆོས་ཉིད་སྟོང་པ་ཉིད་རྟོགས་པའི་ཤེས་རབ་མཚོན་བྱེད་ཡིན་པས་དབྱིངས་ཕྱུག་མའི་ཞལ་གྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བདེ་ཆེན་གྱི་ཡེ་ཤེས་དེ་ཉིད་ཀྱིས་མངོན་སུམ་གྱིས་གཟིགས་པ་མཚོན་པ་དང༌། རྒྱལ་བའི་ཐུགས་རྟག་ཏུ་ཆོས་ཉིད་ལས་མི་གཡོ་བར་མཉམ་པར་བཞག་པས་རྡོ་རྗེའི་ཕྲེང་བ་དང༌། ཡེ་ཤེས་དེ་ལ་ས་དང་ལམ་གྱི་ཡོན་ཏན་མཐའ་དག་རྫོགས་པས་བུམ་པ་དང༌། ཡེ་ཤེས་དེ་ཉིད་ཐུགས་རྗེ་ཆེན་པོའི་བདག་ཉིད་མཚོན་བྱེད་ཆུ་སྲིན་གྱི་ཁ་དང་དེའི་རྩལ་ཕྲིན་ལས་རྒྱུན་མི་ཆད་པའི་དྲྭ་བ་དྲྭ་ཕྱེད། ཡེ་ཤེས་དེ་ཉིད་ཡུམ་ལྔ་དང་སེམས་མ་བརྒྱད་ལ་སོགས་པ་ལྷའི་རྣམ་པར་འཕྲུལ་བ་པད་འདབ་དང་མགོ་རྩེ་ལྔ་སོགས་དང་ལྡན་པ་ཤེས་པར་བྱ་དགོས་སོ། །མཚོན་ལྡན་གཞན་ཡང་ཡོད་པ་ནི་གཞིར་བཅའ་འོ། །དགེའོ།། །།

དྲིས་ལན་འདོད་ར་མ།


LT17_Page_345
[མ་དཔེ་གཟིགས་ན་འདིར་གནོན།]

༈ དྲིས་ལན་འདོད་ར་མ་ཞེས་པ། ཡོན་ཏན་འདོད་ན་གལ་གང་ཆེ། གང་ལ་གོམས་པ་དེ་མཁས་བྱ་བ་ཡིན་པས་གོམས་པ་གལ་ཆེའོ། །གོམས་པར་བྱེད་པ་ལ་ཅི་དྲག །སྒོམ་པ་གལ་ཆེའོ། །བསྒོམས་ཀྱང་མ་གོམས་པ་ཅིས་ལན། སྒོམ་རླུང་གིས་ཁྱེར་བར་ཟད་དོ། །དེ་ལ་ཅི་དྲག་གཡེང་བའི་ཡུལ་རྐྱེན་ཐག་བསྲིང་བ་དྲག་གོ༌།བསྲིང་ཡང་རླུང་གིས་ཁྱེར་བ་ཅིས་ལན། འདུ་འཛི་བཅད་ཀྱང་རྣམ་གཡེང་མ་བཅད་པས་ལན་ནོ། །འདུ་འཛིར་འཕྱན་པ་ལ་སྒོམ་ཆེན་ཡོད་དམ། བརྟན་པ་ཐོབ་ནས་ཡོད་དོ། །བརྟན་པ་མ་ཐོབ་པ་འདུ་འཛིར་བསྒོམ་ན་ཅིར་འགྱུར། རླུང་མར་ནང་ན་མར་མེ་ལྟར་འགྱུར་རོ། །འདུ་འཛི་བཅད་ཀྱང་ཕྱིར་ལ་ལོག་པ་ཅིས་ལན། རྟོད་ཐག་རྐེ་ལ་འཁྲིལ་བས་ལན་ནོ། །རྟོད་ཐག་གང་ཡིན། འཇིག་རྟེན་ཆོས་བརྒྱད་དོ། །དེ་གཅོད་ན་ཅི་དགོས། ཞེན་ལོག་གི་རལ་གྲི་དགོས་སོ། །རལ་གྲི་དེ་འདོད་ན་གང་ཟབ། བློ་ལྡོག་རྣམ་བཞི་སྒོམ་པ་ཟབ་མོད། དགོས་མེད་ཁ་ཏོན་དུ་བཏོན་ན་ཅི་འདྲ། ཁ་ངན་གྱིས་དགྲ་བོ་མི་ཐུབ་ཟེར་རྒྱུ་དེར་ཟད། འོ་ན་དེ་ལ་དགོས་པ་གཏན་ནས་མེད་དམ། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང༌། །བྱ་བ་ཡིན་པས་དེའང་མིན། ཆོས་བརྒྱད་སྤངས་ནས་དབེན་པ་བསྟེན་ཟེར་རམ། དབེན་པ་བསྟེན་ནས་ཆོས་བརྒྱད་སྤོང་ཟེར། གཉིས་ཀ་ཟེར་ཏེ་བྱ་དང་སྒོ་ང་བཞིན་ནོ། །དབེན་པར་ཆོས་བརྒྱད་སྒྲུབ་པ་ཁྱོད་ལྟ་བུ་ལ་ཅི་ཟེར། ཁྱིམ་ཆེན་སྤངས་པའི་ཁྱིམ་ཆུང་ཟེར། དེ་ལ་བྱ་བྲལ་མི་ཟེར་རམ། ད་ལྟ་རང་ཁྱིམ་ཆུང་གི་བཟའ་དཔོན་བྱས་པ་དེ་


LT17_Page_346
[མ་དཔེ་གཟིགས་ན་འདིར་གནོན།]

མ་གོ་འམ། ཁྱིམ་པ་ལ་བྱ་བྲལ་ཟེར་རམ་ཅི། གཞན་གྱིས་ཆོས་པར་སེམས་ཤིང༌། རང་ཆགས་སྡང་སྒོམ་པ་ཁྱོད་ལྟ་བུ་ལ་ཅི་ཟེར། ཟོག་པོ་ཟེར་བ་ཡིན་མོད། དེ་ལྟར་ཡིན་པར་ཤེས་ན་དེ་ཙུག་བྱེད་པ་ཅི་ཡིན། ལས་ངན་གྱི་འབྱུང་པོས་གཙེས་པ་ཡིན་མོད། འབྱུང་པོ་འདི་ལས་ཐར་ཐབས་ལ་ཅི་དགོས། ཞིང་གི་མཐུ་ལ་བརྟེན་ཅིང༌། ཚེ་རབས་ཀུན་ཏུ་དབེན་གནས་པ། །ཕུན་སུམ་ལྡན་པ་ཐོབ་པར་ཤོག །བསམ་གིན་བསྡད་ན་དགའ་འམ་སྙམ། །དབེན་པ་བསྟེན་ན་སྐྱོ་བ་སྐྱེ་བས་མི་ཟུག་གམ། དེ་ཉིད་དེའི་ཕན་ཡོན་ཏེ། སྐྱོ་ཤས་ཆོས་ཀྱི་མགོ་བོར་འཇོག་པ་ཡིན་མོད། དེ་གཉིས་སྐྱོ་བ་ཞེས་པའི་མིང་དུ་མཐུན་ཡང་དོན་གཏན་ནས་མི་གཅིག་པས་ཅི་ཟེར། འོ་ན་དབེན་པར་ཅི་ཞིག་དྲན་ནས་སྐྱོ་ཟེར། བདེ་སྐྱིད་ཀྱི་ཕུན་ཚོགས་དྲན་ནས་སྐྱོ་བ་ཡིན་མོད། སྐྱིད་སྡུག་འབྱེད་པའི་བློ་མིག་ཡོད་ན་བདེ་བའི་མཆོག་གིས་སྐྱོ་ནས་བདེ་སྐྱིད་ངན་པ་ལ་དགའ་བ་གར་སྲིད། འོ་ན་དབེན་པ་ན་བདེ་སྐྱིད་ཅི་ཡོད། སེམས་སྐྱིད་པ་ཡོད་དེ། བདེ་བའི་མཆོག་ནི་སེམས་སྐྱིད་པ། །ཞེས་སོ།། །།

གངས་ལྗོངས་བསྟན་སྲིད་ཞབས་རིམ།

༈ བདེ་སྐྱིད་བཀྲ་ཤིས་འབྱུང་བའི་གཞི་གཅིག་པུ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ཏེ། དེ་འཛིན་པའི་དམ་པ་ཕལ་ཆེར་ཟད་པ་དང༌། སྐྱེ་དགུ་ཆོས་མིན་སྤྱོད་པའི་དུས་སུ་ལྷ་དང་མི་རྣམས་རྒུད་ཅིང༌། ལྷ་མ་ཡིན་སོགས་ངན་འགྲོའི་ཕྱོགས་རྣམས་སྟོབས་འཕེལ་བ་ནི་ཆོས་ཉིད་ཡིན་ལ། ལྷག་པར་བོད་འབངས་རྣམས་ཀྱི་གངས་ལྗོངས་སྐྱོབ་པའི་མགོན་གཅིག་བླ་མ་ཨོ་རྒྱན་རིན་པོ་ཆེ་དང༌། ལྷ་ཐུགས་རྗེ་ཆེན་པོ་བརྗེད་དེ། སྐྱབས་


LT17_Page_347
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་འབྱུང་པོ་ལ་འཚོལ། ལས་སུ་མི་དགེ་བ་ཁོ་ན་བྱེད་པ་ན། བསོད་ནམས་ཀྱི་ལྡེ་ཁ་སྨོན་ལམ་ལོག་པས་བསྒྱུར་བའི་མི་ནག་ཕོ་མོ་དང༌། བནྡྷེ་ཁྲིམས་འཆལ། སྔགས་པ་དམ་ཉམས་རྣམས་ནག་ཕྱོགས་ཀྱི་འབྱུང་པོ་མཐུ་ཆེན་དུ་སྐྱེས་ནས་ལྷ་སྲིན་སྡེ་བརྒྱད་ནང་འཁྲུགས་སློང་ཞིང༌། མཐའ་བཞིའི་རྒྱ་འདྲེ་མ་རུངས་པ་རྣམས་ཀྱིས་སྣ་ཁྲིད་བྱས་ཏེ་འགོང་པོ་སྤུན་དགུའི་དམགས་དཔུང་དགུན་གྱི་འཚུབ་མ་ལྟར་ལངས། དཀར་ཕྱོགས་ཀྱི་གཞི་བདག་མང་པོ་ཡུལ་བཏོན་ནས། ཕལ་ཆེར་གཉའ་མནན་ནས་ལྡང་མི་ནུས་པ་བྱས། སངས་རྒྱས་མཐོང་བའི་བསྟན་སྲུང་མཐུ་བོ་ཆེ་རྣམས་ཀྱང་བོད་འབངས་ཆོས་ཀྱི་གཟི་བྱིན་དང་བྲལ་བའི་དབང་གིས་སྐྱོབ་པའི་ཐབས་མེད་པར་ཤེས་ནས་ཟངས་མདོག་དཔལ་རི་སོགས་རིག་པ་འཛིན་པའི་གྲོང་ཁྱེར་ཁྱད་པར་ཅན་རྣམས་སུ་བཞུད་དེ། གངས་ཅན་གྱི་ལྗོང་འདི་མི་མེད་ཀྱི་འབྲོག་སྟོང་ལྟ་བུར་སོང་བའི་གནས་སྐབས་ན། མཐའ་དབུས་ཀྱི་འབྱུང་པོ་འདྲེས་པའི་རྟགས་སུ་མི་རྣམས་ཀྱང་མཐའ་དབུས་འདྲེས་ཤིང༌། ཡུལ་ཁམས་ཕན་ཚུན་ནང་འཆོལ་བ་དང༌། ཆས་སྤྱོད་འཆོལ་བ་སོགས་འབྱུང༌། དེའི་དུས་སུ་སྤྱིར་ནད་མུག་འཁྲུགས་རྩོད་སོགས་ཕྱི་ནང་གི་འཇིགས་པ་རགས་ལ་མང་བ་དང༌། ཁྱད་པར་མཐའ་བཞིའི་དམག་དཔུང་མང་པོས་ལན་གཅིག་མ་ཡིན་པར་འཇོམས་ཚུལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་གཏེར་ལུང་རྣམས་སུ་གསུངས་ཤིང༌། དེའང་དུས་འགྱུར་ཆེན་པོ་བཅུ་ཡོང་བའི་ནང་ནས་དེང་


LT17_Page_348
[མ་དཔེ་གཟིགས་ན་འདིར་གནོན།]

སང་བརྒྱད་པ་ཕལ་ཆེར་རྫོགས་ནས་དགུ་པ་ལ་ཉེ་བ་ཡིན། དེ་བཟློག་ཐབས་ཡོད་ཀྱང་བོད་འབངས་སྤྱིའི་ལས་དབང་གིས་བྱུང་བའི་སྡུག་བསྔལ་གང་ཟག་རེ་རེ་གཉིས་རེས་བཟློག་དཀའ། མང་པོས་ནི་སྒྲུབ་རོགས་མི་བྱེད་ཅིང་བློ་མཐུན་རྒྱུ་མ་རེད་ཀྱང༌། སྒྲུབ་མཁན་བྱུང་ན། སྤྱིར་བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་རིག་སྔགས་འཆང་ནུས་ལྡན་རྣམས་ཀྱིས་གཡུལ་མདོས། ས་གནད་མེ་བཙའ། གཏོར་བཟློག །འགོང་པོ་ཨར་གཏད། དམ་སྲི་མནན་པ། ཆོས་སྐྱོང་སྤྱི་དང་བྱེ་བྲག་བརྟན་མ་བཅུ་གཉིས་སོགས་ཀྱི་གསོལ་མཆོད། ཞི་དྲག་གི་སྦྱིན་སྲེག་ཚད་ལྡན། ལྷ་སྲིན་དམ་བསྒྲགས་སོགས་བསྟན་འགྲོ་སྤྱི་ལ་སྨན་པའི་ལྷག་བསམ་ཟོལ་མེད་ཀྱིས་བསྒྲུབ་ན་སྟོབས་ཆེ་ཡང་དེ་འདྲ་ཚད་ལྡན་བྱེད་པ་མང་པོ་འོང་དཀའ་སྒྲུབ་སླ་ལ་ཆོད་ཆེ་ངེས་ནི། བན་སྔགས། མི་ནག་ཕོ་མོ། ཁྱེའུ་བུ་མོ་ཐམས་ཅད་ཀྱི་མ་ཎི་དུང་ཕྱུར་མང་པོ་འདོན་ཅིང་དུས་ཆེན་རྣམས་སུ་མ་ཎིའི་འུར་སྒྲ་ཆེན་པོ་བྱེད། མ་ཎི་རྡོ་ལ་བརྐོ། དར་དུ་འཛུགས་པ་སོགས་དང༌། གུ་རུ་སིདྡྷི་དེ་མཚུངས་རྩལ་དུ་བཏོན། བསམ་ལྷུན་འབུམ་ཐེར་མང་པོ་དང༌། ཁྱད་པར་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གྱི་དང་པོ། ཧོར་སོགས་འཇིགས་པའི་དམག་གིས་མཐའ་བསྐོར་ནསཿ ཞེས་པའི་གསོལ་འདེབས་ཁྲི་འབུམ་མང་པོ་གསོག །ལྷ་མོ་འོད་ཟེར་ཅན་གྱི་ཕྱག་འཚལ་དང་གཟུངས་སྔགས་ཚར་གྲངས་མང་པོ་འབྲི་འདོན། ཤེར་སྙིང་བདུད་བཟློག་ཅི་མང༌། སྒྲོལ་མའི་མཎྜལ་ཆོ་ག་རྣམ་དག་མང་པོ་དང༌། ཕྱག་འཚལ་ཉེར་གཅིག་བྱེ་བ་སོགས་ཅི་ཐོན། ཏཱ་རེ་ཡིག་བཅུ་དུང་ཕྱུར་ཅི་འགྲུབ། སྒྲོལ་


LT17_Page_349
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དར་ཆེན་མང་དུ་འཕྱར་བ་རྣམས་ཤིན་ཏུ་གལ་ཆེ། འདི་རྣམས་ནི་རང་ཉིད་ཀྱིས་མོ་ཕྱྭ་བགྱིས་པའམ། རིམ་གྲོ་འདི་དག་བཟང་ཡོང་སྙམ་དུ་ཞེ་རྩིས་གང་ཆེ་རྣམས་བྲིས་པ་ལྟ་བུ་གཏན་ནས་མིན་གྱི། ཨོ་རྒྱན་སངས་རྒྱས་གཉིས་པའི་གཏེར་ལུང་ལྷད་མེད་ལྟར་བྲིས་པ་ཡིན་པས་ཡིད་ཆེས་ཀྱི་གནས་སུ་བཟུང་ཆོག་པར་ཡོད། སྤྱིར་འདི་འདྲའི་རིགས་རྣམས་ཆུ་མ་ཤོར་གོང་དུ་རག་པ་རྒྱང་ནས་བྱེད་པ་ལྟར་ཐོག་ཏུ་མ་བབས་གོང་ནས་སྒྲུབ་དགོས་པ་ཡིན་ཀྱང་ཐལ་ཟིན་དེར་ཟད། ད་དུང་ཡང་ཚད་ལྡན་སྒྲུབ་མཁན་མང་པོ་སྲིད་ན་ཁོལ་བུ་རེ་བདེ་བ་ལ་ཕན་ནམ་སྙམ་ནས་བྲིས་པ་དགེ་བར་གྱུར་ཅིག། །།

སྐྱིད་སྡུག་ལམ་ཁྱེར།


LT17_Page_351
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། །གང་ཞིག་རྟག་ཏུ་ཕ་རོལ་བདེ་བས་བདེ་འགྱུར་ཞིང༌། །གཞན་དག་སྡུག་བསྔལ་གྱུར་པས་མཆོག་ཏུ་འོ་བརྒྱལ་བ། །ཐུགས་རྗེ་ཆེན་པོའི་ཡོན་ཏན་ཤིན་ཏུ་བསྒྲུབས་པ་གང༌། །དེ་ནི་རང་གི་བདེ་སྡུག་སྤངས་ཏེ་འདུག་པ་ཡིན། །ཞེས་ཇི་སྐད་གསུངས་པའི་ཡོན་ཏན་རྗེས་སུ་དྲན་ནས་ཕྱག་བྱས་ཏེ། དམ་པ་རྣམས་ཀྱི་ཉེར་མཁོའི་ལག་ཆ་འཇིག་རྟེན་ན་རིན་ཐང་དང་བྲལ་བ་སྐྱིད་སྡུག་ལམ་འཁྱེར་གྱི་མན་ངག་ཆ་ཙམ་བརྗོད་པར་བྱ་སྟེ། དེ་ལ་གཉིས། སྡུག་བསྔལ་ལམ་དུ་འཁྱེར་ཚུལ་དང༌། །སྐྱིད་པ་ལམ་དུ་འཁྱེར་ཚུལ་ལོ། །དང་པོ་ལ་གཉིས། ཀུན་རྫོབ་དང༌། དོན་དམ་ལ་བརྟེན་པའོ། །དང་པོ་ནི། སེམས་ཅན་དང་སེམས་ཅན་མ་ཡིན་པའི་འཚེ་བ་ནམ་བྱུང་དུ་སྡུག་བསྔལ་གྱི་འདུ་ཤེས་འབའ་ཞིག་འཇོག་པ་ལ་བློ་གོམས་ན་ཡུལ་རྐྱེན་ཕྲ་མོ་རེས་ཀྱང་སེམས་ཀྱི་ཟུག་རྔུ་ཆེས་ཆེན་པོ་སྐྱེད་དེ། བདེ་སྡུག་གི་འདུ་ཤེས་གང་ལ་གོམས་པ་དེ་འཕེལ་འགྲོ་བ་ཆོས་ཉིད་ཡིན་པས་སོ། །དེ་ལྟར་རིམ་གྱིས་གོམས་པའི་སྟོབས་འཕེལ་ཏེ། ཅི་ཞིག་ན་གང་སྣང་ཕལ་ཆེར་ཡིད་མི་བདེ་འདྲེན་པའི་རྒྱུར་སོང་ནས་བདེ་བའི་གོ་སྐབས་ཡེ་མེད་པ་ཞིག་འོང༌། དེ་རང་གི་བློ་གོམས་ཚུལ་གྱིས་ལན་ཡོད་པ་མི་ཤེས་པར་ཕྱི་རོལ་གྱི་ཡུལ་རྐྱེན་ཁོ་ནས་ཉེས་པར་བཟུང་བས་ཕྱི་ཕྱིར་ཁོང་ཁྲོ་སོགས་ལས་ངན་སྡུག་བསྔལ་གྱི་


LT17_Page_352
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྕེ་ཐུག་མེད་དུ་མཆེད་པར་འགྱུར་ཏེ། སྣང་བ་དགྲར་ལང་བ་བྱ་བ་ཡིན། སྙིགས་མའི་སེམས་ཅན་སྡུག་བསྔལ་གྱིས་གཟིར་བའི་རྒྱུ་མཚན་སོ་སོར་རྟོག་པའི་སྟོབས་དམན་པ་འདི་ལ་ཐུག་ཡོད་པས་ཞིབ་ཏུ་ཤེས་དགོས། དེའི་ཕྱིར་དགྲ་དང་ནད་གདོན་ལ་སོགས་པའི་བར་ཆད་ཀྱིས་མི་ཚུགས་པའི་དོན་ནི། ནད་སོགས་དེ་དག་བྱུང་བ་ལྡོག་པ་དང༌། ཕྱིས་མི་འབྱུང་བ་ལ་མི་བྱེད་ཀྱི། དེ་དག་ལམ་སྒྲུབ་པའི་བར་ཆད་དུ་སྐྱེ་མི་ནུས་པ་ལ་བྱའོ། །དེ་ལྟར་འོང་བ་ནི། རང་སྡུག་བསྔལ་བ་ལ་མཐའ་གཅིག་ཏུ་མི་འདོད་པའི་བློ་དགག་པ་དང༌། སྡུག་བསྔལ་དེ་བྱུང་བ་ལ་དགའ་བའི་བློ་སྐྱེད་པ་གཉིས་ཀྱིས་སྒྲུབ་དགོས་པའི། དང་པོ་ནི། སྡུག་བསྔལ་ལ་མཐའ་གཅིག་ཏུ་མི་མཐུན་པའི་རྣམ་པར་བལྟས་ནས་ཡིད་མི་དགའ་བའི་བཟེ་རེ་ཅི་ཙམ་བྱས་ཀྱང་དགོས་ནུས་མེད་ཅིང༌། ཉེས་དམིགས་ཆེ་བའི་ཚུལ་ལ་ངེས་པ་ཡང་དང་ཡང་དུ་དྲང་ལ། དེང་ཕན་ཆད་སྡུག་བསྔལ་ཇི་ལྟ་བུ་བྱུང་ཡང་བཟེ་རེ་མི་བྱའོ་སྙམ་དུ་འཕེན་པ་དྲག་པོ་མང་དུ་གོམས་པར་བྱ་ཞིང༌། སྙིང་སྟོབས་ཆེར་སྐྱེད་པ་ལ་བསླབ་བོ། །དེ་ལ་དགོས་ནུས་མེད་པ་ནི། སྡུག་བསྔལ་དེ་བཅོས་སུ་ཡོད་ན་མི་དགའ་བ་བྱ་མི་དགོས་ཤིང༌། འཆོས་སུ་མི་བཏུབ་ན་མི་དགའ་བ་བྱས་ཀྱང་ཕན་པ་མེད་པའོ། །ཉེས་དམིགས་ཆེ་བ་ནི། བཟེ་རེ་མ་


LT17_Page_353
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་སེམས་སྟོབས་ཀྱིས་སྡུག་བསྔལ་ཆེན་པོ་ཡང་རེ་བལ་ལྟར་ཡང་ཞིང་སྲབ་པར་ཚོར་ནས་འཁུར་སླ་བ་ཡིན་པ་ལ། བཟེ་རེ་བྱས་པའི་དབང་གིས་སྡུག་བསྔལ་ཆུང་ངུ་ཡང་ཡིད་མི་བདེའི་ཚོར་བ་མི་བཟད་པ་བསྣན་ནས་ཤིན་ཏུ་བཟོད་དཀའ་བའོ། །དེའང་དཔེར་ན་མཛེས་མའི་མཚར་སྡུག་ལ་རྟོག་བཞིན་དུ་འདོད་ཆགས་དགག་ལོ་བྱས་ཀྱང་ངལ་བ་ཙམ་དུ་ཟད་པ་ལྟར། སྡུག་བསྔལ་གྱིས་གདུང་བའི་རྣམ་པ་ལ་ཡིད་ཤས་ཆེར་གཏད་ནས་བཟོད་སྲན་སྐྱེད་མི་ནུས་པས་དབང་པོའི་སྒོ་སྡོམ་པའི་མན་ངག་རྣམས་ལས་འབྱུང་བ་ལྟར། སྡུག་བསྔལ་དེ་ལ་ཡིད་ཤེས་ཀྱིས་མཚན་མར་མི་བཟུང་བར་བློ་རྣལ་དུ་བཞག་ལ་རང་སོ་གཟུང་བ་ཞིག་གོམས་དགོས་སོ། །གཉིས་པ་ནི། སྡུག་བསྔལ་ལ་ལམ་གྱི་གྲོགས་སུ་བལྟས་ནས་དགའ་བ་སྒོམ་པ་སྟེ། དེའང་སྡུག་བསྔལ་གང་བྱུང་རང་གི་བློའི་ནུས་པ་དང་བསྟུན་པའི་དགེ་སྦྱོར་རེ་དང་བསྲེ་རྒྱུ་མེད་ན། སྤྱིར་ཐབས་མཁས་དང་ལྡན་ན་སྡུག་བསྔལ་ལ་བརྟེན་ནས་ཕན་ཡོན་འདི་དང་འདི་ལྟ་བུ་འཐོབ་ཏུ་ཡོད་དོ་ཞེས་པ་ཙམ་ཞིག་མང་དུ་བསམ་ཀྱང༌། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང༌། །ཞེས་པ་ལྟར་སོང་ནས་དགོས་པ་འགྲུབ་དཀའོ། །དེས་ན་རེ་ཞིག་སྡུག་བསྔལ་ལ་བརྟེན་ནས་ངེས་འབྱུང་གི་བསམ་པ་སྦྱང་བ་ནི། ཇི་སྲིད་དབང་མེད་དུ་


LT17_Page_354
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་འཁྱམས་པ་དེ་སྲིད་འདི་ལྟ་བུའི་སྡུག་བསྔལ་འབྱུང་བ་ནི་མི་འོས་པ་ཞིག་བྱུང་བ་མ་ཡིན་གྱི་འཁོར་བའི་ངང་ཚུལ་དེ་ལྟ་བུ་ཡིན་ནོ་སྙམ་པ་དང༌། རེ་ཞིག་བདེ་འགྲོ་ན་སྤྱོད་པའི་སྡུག་བསྔལ་ཉི་ཚེ་ཡང་འདི་ལྟར་བཟོད་པར་དཀའ་ན། ངན་འགྲོའི་སྡུག་བསྔལ་ལྟ་ཅི་སྨོས་ཏེ། ཀྱེ་མའོ་འཁོར་བ་ནི་གཏིང་མཐའ་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་ནོ་སྙམ་དུ་སྐྱོ་བ་བསྐྱེད་དེ། ཡིད་ཐར་པ་ལ་ཕྱོགས་པར་བྱའོ། །སྐྱབས་འགྲོ་སྦྱང་བ་ནི། དེ་ལྟར་ཚེ་རབས་བརྒྱུད་མར་འཇིགས་པ་འདི་ལྟ་བུས་ཡང་དང་ཡང་དུ་ཉེན་པ་ལ་མི་བསླུ་བའི་སྐྱབས་སུ་གྱུར་པ་ནི་དཀོན་མཆོག་གསུམ་ཁོ་ན་ཡིན་པས་ཅིས་ཀྱང་དེ་ཁོ་ན་ལ་བརྟེན་པར་བྱ་ཞིང༌། དེ་གསུམ་ཅི་ལ་བབས་ཀྱང་གཏང་བར་མི་བྱའོ་སྙམ་དུ་ངེས་པར་བྱས་ནས་སྐྱབས་འགྲོ་སྒོམ་པའོ། །དྲེགས་པ་བསལ་བ་ནི། གོང་དུ་བཤད་པ་ལྟར་རང་ལ་དབང་མེད་ཅིང༌། རྟག་ཏུ་སྡུག་བསྔལ་གྱི་གཞན་དབང་ཅན་ལས་མ་འདས་པའི་ཚུལ་ལ་བརྟེན་ཏེ། ལེགས་ཚོགས་འཇོམས་པའི་དགྲ་བོང་རྒྱལ་དང༌། གཞན་ཁྱད་དུ་གསོད་པའི་བློ་ངན་ཚར་གཅད་པར་བྱའོ། །སྡིག་པ་སྦྱང་བ་ནི། སྡུག་བསྔལ་འདི་ལྟ་བུ་དང༌། འདི་བས་ཆེས་ཆེ་བ་དཔག་ཏུ་མེད་པ་ནི་སྡིག་པ་འབའ་ཞིག་ལས་བྱུང་ངོ་ཞེས་ལས་ངེས་པ་དང༌། འཕེལ་ཆེ་བ་དང༌། མ་བྱས་པ་དང་མི་འཕྲད་པ་དང༌། བྱས་པ་ཆུད་མི་ཟ་བ་བཞིའི་


LT17_Page_355
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་ལེགས་པར་བསམ་ལ། དེའི་ཕྱིར་སྡུག་བསྔལ་མི་འདོད་ན་དེའི་རྒྱུ་མི་དགེ་བ་སྤོང་དགོས་སོ་སྙམ་དུ་སྔར་བསགས་སྟོབས་བཞིས་བཤགས་ཤིང༌། ཕྱི་མ་བསྡམ་པ་ལ་འབད་དོ། །དགེ་བ་ལ་དགའ་བ་ནི། སྡུག་བསྔལ་ལོག་པའི་བདེ་བ་ལ་དགའ་ན་དེའི་རྒྱུ་དགེ་བ་ལ་འབད་དགོས་སོ་སྙམ་དུ་རྒྱས་པར་བསམ་ལ་སྒོ་དུ་མ་ནས་དགེ་བའི་ཕྱོགས་ཅི་འཕེལ་བྱའོ། །སྙིང་རྗེ་ལ་སློབ་པ་ནི། བདག་བཞིན་དུ་སེམས་ཅན་གཞན་ཡང་སྡུག་བསྔལ་དེ་ལྟ་བུ་དང༌། དེ་ལས་ཆེས་ཆེ་བས་མནར་ཚུལ་རྣམས་བསམ་ལ་དེ་དག་ཀྱང་སྡུག་བསྔལ་ཐམས་ཅད་དང་བྲལ་ན་ཅི་མ་རུང་སྙམ་དུ་སྦྱང་ངོ༌། །དེ་བས་ཕོངས་པ་ལ་དམིགས་ནས་བྱམས་པ་སྒོམ་ཚུལ་ཡང་དེས་ཤེས་སོ། །བདག་པས་གཞན་གཅེས་སྒོམ་པ་ནི། བདག་འདི་ལྟར་སྡུག་བསྔལ་གྱིས་མི་གཏོང་བ་ནི་ཐོག་མ་མེད་པ་ནས་རང་གཅེས་པར་བཟུང་བས་ལན་པས། ད་ནི་བདེ་ལེགས་ཀྱི་འབྱུང་གནས་གཞན་གཅེས་འཛིན་ཁོ་ན་ལ་གནས་པར་བྱའོ་སྙམ་དུ་སྒོམ་པའོ། །དེའང་གདོང་ཐུག་དུས་ཤིན་ཏུ་དཀའ་བས། རྐྱེན་ངན་དང་བསྲེ་རྒྱུའི་དགེ་སྦྱོར་དེ་དག་སྔ་ནས་འདྲིས་པ་གལ་ཆེ་ཞིང༌། རང་ཉིད་གང་ལ་གོམས་པ་གསལ་བ་ཞིག་གཙོ་བོར་བཟུང་སྟེ་བསྲེས་ན་ཁྱད་ཆེའོ། །སྡུག་བསྔལ་དགེ་སྦྱོར་གྱི་གྲོགས་སུ་སོང་བ་གཅིག་པུས་ཀྱང་མི་ཆོག་གི་དེ་ལྟར་སོང་བ་དེ་


LT17_Page_356
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ངོ་ཤེས་ནས་དེས་དྲངས་པའི་དགའ་བ་ཤུགས་དྲག་ལ་རྒྱུན་བརྟན་པོར་འཇུག་པ་ཞིག་ངེས་པར་དགོས་པས་ཇི་སྐད་བཤད་པ་དེ་དག་གང་གི་ཚེ་ཡང༌། འདི་ལྟར་སྡུག་བསྔལ་འདིས་བདག་ལ་ཤིན་ཏུ་རྙེད་པར་དཀའ་བའི་མཐོ་རིས་དང་ཐར་པའི་བདེ་སྐྱིད་བཟང་ལ་མང་བ་སྒྲུབ་པའི་གྲོགས་རྒྱ་ཆེར་བྱས་ཤིང༌། ཚུལ་འདིས་ད་དུང་ཡང་བྱེད་པར་འགྱུར་བས་འདི་ནི་རྩུབ་ཀྱང་མཆོག་ཏུ་དགའ་བའི་གནས་ཏེ། སུག་སྨེལ་ན་ལེ་ཤམ་བསྲེས་པའི། །ཤ་ཁ་ར་ཡི་ལ་དུ་བཞིན། །ཞེས་པ་ལྟ་བུའོ་སྙམ་དུ་དེའི་ཚུལ་ཞིབ་ཏུ་ཡང་ཡང་བསམ་ལ་ཡིད་བདེ་བ་གོམས་པར་བྱའོ། །དེ་ལྟར་བྱས་པས་བདེ་བའི་ཡིད་བྱེད་ལྷག་པའམ་ཤས་ཆེ་བའི་དབང་གིས་དབང་ཤེས་ཀྱི་སྡུག་བསྔལ་མི་མངོན་པ་ལྟ་བུར་སོང་སྟེ། དེས་སེམས་ལ་གནོད་མི་ནུས་པ་ནི་བཟོད་པས་ནད་ཟིལ་གྱིས་ནོན་པའི་ཚད་ཡིན་ལ། དེས་དགྲ་འདྲེ་སོགས་ཟིལ་གྱིས་ནོན་པའི་ཚད་ཀྱང་ཤེས་པར་བྱའོ། །གོང་དུ་བཤད་པ་ལྟར་སྡུག་བསྔལ་ལ་མི་འདོད་པའི་འདུ་ཤེས་ཟློག་པ་ནི་སྡུག་བསྔལ་ལམ་དུ་སློང་བའི་རྟེན་གཞི་ཡིན་ཏེ། བཟེ་རེས་སྤྲོ་ཤི་ཞིང་རྒྱུད་འཁྲུགས་བཞིན་དུ་སྡུག་བསྔལ་ལམ་དུ་སློང་བར་མི་ནུས་པའི་ཕྱིར་རོ། །སྡུག་བསྔལ་ལམ་ཁྱེར་དངོས་ལ་སྦྱང་བས་ཀྱང་སྔ་མ་ལ་བོགས་དབྱུང་བར་བྱེད་དེ། སྡུག་བསྔལ་གྱིས་དགེ་སྦྱོར་འཕེལ་བ་མྱོང་ཐོག་ཏུ་ཁེལ་བས་ཕྱི་ཕྱིར་སྤྲོ་བ་


LT17_Page_357
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ཕྱིར་རོ། །འདི་དག་སྡུག་བསྔལ་ཆུང་རིམ་ནས་སྦྱང་ན་སླ་བའི་གོ་རིམ་ཞེས་པ་ལྟར་མཐར་གྱིས་ཆེན་པོ་ལའང་འབྱོང་བར་གསུངས་པས་དེ་ལྟར་དགོས་ཏེ། རང་གི་རྒྱུད་ཚོད་དང་མི་འཚམས་པའི་མྱོང་བ་རྙེད་དཀའ་བའི་ཕྱིར་རོ། །ཐུན་མཚམས་རྣམས་སུ་བླ་མ་དཀོན་མཆོག་ལ་སྡུག་བསྔལ་ལམ་དུ་ལོང་བའི་ཆེད་དུ་གསོལ་བ་འདེབས་པ་དང༌། བློའི་མཐུ་ཅུང་ཟད་ཆེར་སོང་བ་ན་དཀོན་མཆོག་དང་འབྱུང་པོ་མཆོད་ནས་བདག་གི་དགེ་སྦྱོར་རྩལ་སྦྱོང་བའི་ཕྱིར་རྐྱེན་ངན་ཐོང་ཞིག་ཅེས་ལས་འཆོལ་བྱ་ཞིང༌། དུས་ནམ་ཡང་དགའ་སྤྲོའི་གདེང་ཚད་དང་ལྡན་པར་བྱའོ། །དང་པོར་སློབ་དུས་འདུ་འཛི་རྒྱང་བསྲིང་ནས་སྒོམ་པའང་གཅེས་ཏེ། འདུ་འཛིའི་གསེབ་ཏུ་སྡུག་བསྔལ་དང་བརྙས་སྨོད་སོགས་ག་ལ་བཟོད་ཟེར་བའི་གྲོགས་ངན་མང་བའི་ཤན་འགོ་བ་དང༌། དགྲ་གཉེན་ལོངས་སྤྱོད་ལ་བརྟེན་པའི་སེམས་ཁྲལ་མང་པོས་ཤེས་པ་རྙོགས་ཤིང་དབང་མེད་དུ་འཁྲུགས་ནས་ལང་ལ་འཆོར་བ་དང༌། དེ་ལས་གཞན་ཡང་གཡེང་བའི་ཡུལ་རྐྱེན་སྣ་ཚོགས་ཀྱིས་ཕྲོགས་ནས་འགྲོ་ཞིང༌། དབེན་པའི་གནས་སུ་དེ་དག་མེད་པས་རིག་པ་ཤིན་ཏུ་དྭངས་ལ། དེའི་དབང་གིས་བློ་བཀོལ་བར་སླ་བའི་ཕྱིར་ཏེ། གཅོད་ཡུལ་བ་རྣམས་སྡུག་བསྔལ་ཐོག་རྫིས་ཀྱི་ཡིད་བྱེད་སྦྱོང་བ་ན། དང་པོར་


LT17_Page_358
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་འཛིའི་ནང་དུ་མིའི་གནོད་པ་ལ་བརྟེན་ནས་སྦྱོང་བ་བཞག་སྟེ། དུར་ཁྲོད་གཉན་ས་དབེན་པར་ལྷ་འདྲེའི་ཆོ་འཕྲུལ་ལ་བརྟེན་ནས་སྦྱོང་བ་གཙོ་བོར་བྱེད་པའི་རྒྱུ་མཚན་ཡང་འདི་ཡིན་པར་བཤད་དོ། །མདོར་བསྡུ་ན། རྐྱེན་ངན། སྡུག་བསྔལ་ཐམས་ཅད་ཀྱིས་སེམས་ལ་མི་གནོད་པར་མ་ཟད། དེ་དག་ཉིད་ཀྱིས་བདེ་བའི་ཡིད་བྱེད་འདྲེན་ཐུབ་པར་བྱེད་པ་ལ། ནང་གི་ནད་དང༌། ཕྱིའི་དགྲ་འདྲེ་དང་གཏམ་ངན་སོགས་དེ་དག་མི་འདོད་པའི་རྣམ་པར་འཆར་བ་བཀག་སྟེ། ཡིད་འོང་གི་རྣམ་པ་ཁོ་ནར་འཆར་བ་ལོབ་དགོས། དེ་འོང་བ་ལ་ཉེར་འཚེ་དེ་དག་སྐྱོན་གྱི་ཕྱོགས་སུ་ལྟ་བ་དགག་ཅིང༌། ཡོན་ཏན་དུ་ལྟ་བ་འབད་པ་ཐམས་ཅད་ཀྱིས་བསླབ་དགོས་ཏེ། ཡུལ་དེ་ཡིད་འོང་ཡིན་མིན་ནི་བློས་འཛིན་ཚུལ་ལ་ཐུག་པའི་ཕྱིར་ཏེ། དཔེར་ན་འདུ་འཛིའི་ཉེས་དམིགས་ཀྱི་ཕྱོགས་ནས་མང་དུ་བསམ་པ་རྣམས་འཁོར་དང་ལོངས་སྤྱོད་སོགས་ཅི་ཙམ་རྒྱས་པ་དེ་ཙམ་དུ་སུན་སྣང་ཆེར་འགྲོ་ཞིང༌། འདུ་འཛི་ལ་ཕན་ཡོན་དུ་ལྟ་བ་རྣམས་ནི་མངའ་ཐང་རྒྱས་པ་ལ་ཡིད་སྨོན་ཚུན་ཆད་བྱེད་པ་བཞིན་ནོ། །དེ་ལྟར་བློ་སྦྱངས་པས་རྒྱུད་འཇམ། ཁོག་ཡངས། འགྲོགས་ན་བདེ། ཁོང་དཔའ། ཆོས་ལ་བར་ཆད་མེད། རྐྱེན་ངན་ཐམས་ཅད་དཔལ་དང་བཀྲ་ཤིས་ཀྱི་ཕྱོགས་སུ་འཆར། རྟག་ཏུ་ཞི་བའི་བདེ་བས་རྒྱུད་ཚིམ་པ་འབྱུང་སྟེ། སྙིགས་མའི་


LT17_Page_359
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ལམ་སྒྲུབ་ན་གོ་ཆ་འདི་ལྟ་བུ་མེད་དུ་ཡེ་མི་རུང་ངོ༌། །དེའི་ཚེ་བཟེ་རེའི་སྡུག་བསྔལ་མེད་པའི་དབང་གིས་སྡུག་བསྔལ་གཞན་རྣམས་ཀྱང་དམག་མི་ལག་ཆ་ལྟུང་བ་ལྟ་བུར་འགྲོ་བར་མ་ཟད། ནད་སོགས་ཉིད་ཀྱང་ཕལ་ཆེར་རང་ལོག་ཏུ་འགྲོ་སྟེ། སྔོན་གྱི་དམ་པས་གང་ལའང་མི་དགའ་བ་དང་ཡིད་མི་བདེ་མ་བྱས་པས་སེམས་མི་འཁྲུགས། དེ་མ་འཁྲུགས་པས་རླུང་མི་འཁྲུགས་དེའི་དབང་གིས་ལུས་ཀྱི་འབྱུང་བ་གཞན་ཡང་མི་འཁྲུགས། དེས་ཀྱང་སེམས་མི་འཁྲུགས་པ་སོགས་བདེ་བའི་འཁོར་ལོ་འཁོར་བར་གསུངས་པ་དང༌། རྟ་བོང་སྒལ་རྨ་ཅན་ལ་བྱ་རྣམས་གླགས་རྙེད་པ་ལྟར་འཇིགས་པའི་རང་བཞིན་ཅན་ལ་འདྲེ་རྣམ་ཀྱིས་གླག་བཙལ་སླ་ཞིང༌། ངང་བརྟན་པ་རྣམས་ཐུབ་པར་དཀའ་བར་གསུངས་པ་ལ་སོགས་པས་ཤེས་སོ། །དེ་ལྟར་ན་མཁས་པ་ནི་སྐྱིད་སྡུག་ཐམས་ཅད་སེམས་ལ་རག་ལས་པར་མཐོང་ནས། བདེ་སྐྱིད་སེམས་ཀྱི་སྟེང་ནས་འཚོལ་ཏེ། སྐྱིད་ཀྱི་རྒྱུ་ཚོགས་རང་ལ་ཚང་བས་ཕྱི་རོལ་ལ་རག་མ་ལས་ཤིང༌། སེམས་ཅན་དང་སེམས་ཅན་མ་ཡིན་པའི་གནོད་པ་གང་གིས་ཀྱང་བརྫིར་མེད་པ་དང༌། འཆི་བའི་ཚེ་ཡང་རྗེས་སུ་འབྲང་བ་སོགས་ཡིན་ཏེ། དུས་རྟག་ཏུ་རང་དབང་ཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་བདེ་བས་ནོན་པའི་


LT17_Page_360
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ཡང་འདི་ལྟར་སྒྲུབ་པ་ཡིན་ལ། བླུན་པོ་ནི་བདེ་སྐྱིད་ཕྱི་རོལ་གྱི་ཡུལ་ལས་ཚོལ་དུ་རེ་ནས་རྒྱུག་སྟེ། དེ་ལ་ནི་སྐྱིད་ཆེ་ཆུང་གང་སྒྲུབ་ཀྱང༌། དབང་མི་ལག །ཅོ་ཏོ་ཤིང་ལག་ཟེར་བ་ལྟར་སོང་ནས། མ་སླེབས་པ་དང༌། མ་འཛོམ་པ་དང༌། ཚོད་མ་ཐིག་པ་སོགས་ཐོག་ཏུ་མ་འཁྱོལ་བ་ཁོ་ན་མང་ཞིང༌། དགྲ་རྐུན་སོགས་ཀྱི་གནོད་པའི་གླག་དང་བཅས་པ་དང༌། སྙད་འདོགས་ཅུང་ཟད་རེས་ཀྱང་བྲལ་ནས་འགྲོ་བས་བྱ་རོག་གིས་ཁུ་བྱུག་གི་བུ་ཅི་ཙམ་གསོས་ཀྱང་རང་གི་བུར་འོང་མི་སྲིད་པ་ལྟར་ཡིད་བརྟན་མི་རུང་བ་ཤ་སྟག་ཏུ་ཟད་པས། ལྷ་འོ་བརྒྱལ་ལ། འདྲེ་ཉོན་མོངས་པ། རང་སྡུག་བསྔལ་བ་ཞིག་ལས་མེད་དེ། གནད་བརྒྱ་འགག་གཅིག་ལ་དྲིལ་བའི་སྙིང་གཏམ་ཡིན་ནོ། །ལམ་སྒྲུབ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་དང་དུ་ལེན་ལུགས་དང༌། ཞི་བྱེད་སོགས་ལས་བཤད་པའི་ནད་གདོན་ལམ་ཁྱེར་གྱི་མན་ངག་གཞན་ཡང་མང་དུ་ཡོད་མོད། འདིར་ནི་སྡུག་བསྔལ་དང་ལེན་སྤྱི་ཁྱབ་ཙམ་འཕགས་པ་ཞི་བ་ལྷ་དང་དེའི་རྗེས་འབྲངས་མཁས་པའི་གཞུང་ལ་བརྟེན་ནས་གོ་བདེ་བར་བཤད་དོ། །གཉིས་པ་ནི། མཐའ་བཞིའི་སྐྱེ་འགོག་ལ་སོགས་པའི་རིགས་པའི་འཕྲུལ་གྱིས་རྐྱེན་ངན་སྡུག་བསྔལ་ལྟ་ཅི། དེ་དག་གི་མིང་ཙམ་ཡང་མི་རྙེད་པའི་གནས་ལུགས་སྟོང་པ་ཉིད་མཆོག་ཏུ་ཞི་བ་ལ་ཡིད་དྲངས་ཏེ་བཞག་ཅིང༌། དེ་ལས་ལངས་པ་ནའང་སྔར་


LT17_Page_361
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སྐྲག་དང་ཞུམ་པ་སོགས་སྐྱེ་དུས་ཀྱི་བློ་ངོར་སྡུག་བསྔལ་འཆར་ལུགས་ལྟར་མ་ཡིན་པར། མིང་ཙམ་གྱི་གསོག་ཏུ་ལྟ་བས་ཟིལ་གྱིས་མནན་པར་བྱ་སྟེ། རྒྱས་པར་མ་བརྗོད་དོ། །གཉིས་པ་ལའང་གཉིས་ཀྱི། ཀུན་རྫོབ་ལ་བརྟེན་པ་ནི། བདེ་བ་དང་བདེ་བའི་ཡུལ་རྐྱེན་བྱུང་བའི་ཚེ་དེའི་དབང་དུ་ཤོར་ན་ཁེངས་དྲེགས་དང༌། རྒྱགས་པ་དང༌། ལེ་ལོ་སོགས་འཕེལ་ནས་ལམ་ལ་བར་དུ་གཅོད་པར་བྱེད་དེ། ཕ་དམ་པས། མི་རྣམས་སྐྱིད་ལ་ཁྱག་ཆུང༌། སྡུག་ལ་ཁྱག་ཆེ། གསུངས་པ་ལྟར་འདིའི་དབང་དུ་མི་འགྲོ་བ་དཀའོ། །དེའི་ཕྱིར་དངོས་པོ་དེ་དག་མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པར་སྒོ་དུ་མ་ནས་བལྟས་ལ་སྐྱོ་ཤས་ཆེན་པོ་བསྐྱེད་དེ་ཡིད་བག་མེད་ལས་བཟློག་པ་ལ་འབད་ཅིང༌། ཡང་འདི་སྙམ་དུ། དེ་ལྟར་སྲིད་པའི་བདེ་འབྱོར་ཐམས་ཅད་མནོག་ཆུང་ལ་ཉེས་དམིགས་མང་པོ་དང་འབྲེལ་བ་ཡིན་མོད་ཀྱི། འོན་ཀྱང་འགའ་ཞིག་ལ་ཡོན་ཏན་ཡོད་དེ། སྟོན་པས་སྡུག་བསྔལ་གྱིས་རང་དབང་ཉམས་པར་བྱས་པའི་མིས་བྱང་ཆུབ་སྒྲུབ་པ་ནི་ཆེས་དཀའ་ཞིང༌། བདེ་བར་གནས་པས་བྱང་ཆུབ་སྒྲུབ་པ་ནི་ཆེས་སླ་བར་གསུངས་ཏེ། བདག་འདི་ལྟར་སྐྱིད་ཀྱི་ངང་ནས་ཆོས་སྒྲུབ་ཏུ་ཡོད་པ་ནི་བསོད་ནམས་ཆེ་བ་ཡིན་གྱིས། དུས་འདིར་ཅི་ནས་ཀྱང་བདེ་སྐྱིད་འདིས་ཆོས་ཉོ་ཞིང༌། ཆོས་ལས་ཀྱང་བདེ་སྐྱིད་བརྒྱུད་མར་འབྱུང་བའི་ཚུལ་


LT17_Page_362
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཆོས་དང་བདེ་བ་གཉིས་ཕན་ཚུན་གྲོགས་སུ་འགྲོ་བ་ལ་སྦྱང་བར་བྱ་སྟེ། གཞན་དུ་ན་ཤིང་གི་སྣོད་དུ་བཏུང་བ་བསྐོལ་བ་ལྟར་དང་པོ་གང་ཡིན་དེ་ཉིད་ཐ་མའི་གནས་སྐབས་སུ་འགྱུར་རོ་སྙམ་དུ་བསྒྲིམ་ལ་བདེ་སྐྱིད་གང་བྱུང་ཆོས་དང་བསྲེ་བས་སྙིང་པོ་བླང་དགོས་ཏེ་རིན་ཆེན་ཕྲེང་བའི་དགོངས་པའོ། །སྐྱིད་ཀྱང་དེ་ངོས་མ་ཟིན་པས་ཆོས་སྒྲུབ་པའི་ལག་ཆར་མི་འགྲོ་བར་ད་དུང་བདེ་སྐྱིད་ཟུར་པ་ཅིག་འོང་དུ་རེ་ནས་དོན་དང་བྱ་བ་མང་པོའི་ངང་ལ་ཚེ་གཏུགས་པའི་གཉེན་པོར་ཡང་དེ་རྣམས་ཇི་ལྟར་མཐུན་མཐུན་དུ་སྦྱར་ལ་ཆོག་ཤེས་ཀྱི་བདུད་རྩི་བསྟེན་པར་བྱའོ། །དཀོན་མཆོག་གི་བཀའ་དྲིན་དྲན་པ་དང༌། བྱང་ཆུབ་སེམས་སྦྱོང་གི་གདམས་པ་ལ་བརྟེན་ནས་སྐྱིད་པ་ལམ་དུ་འཁྱེར་ཚུལ་སོགས་གཞན་ཡང་ཡོད་མོད་དེ། རེ་ཞིག་དེ་ཙམ་མོ། །འདི་ཡང་དབེན་པ་བརྟེན་ནས་བསགས་སྦྱང་དང་སྦྲེལ་མར་སྦྱང་དགོས་པ་ནི་སྡུག་བསྔལ་ལམ་ཁྱེར་དང་འདྲའོ། །དོན་དམ་ལ་བརྟེན་པའང་སྔ་མས་ཤེས་སོ། །སྡུག་དུས་དེའི་སེམས་ལས་ཀྱིས་ཆོས་མི་ནུས་ཤིང༌། སྐྱིད་དུས་དེ་ལ་ཆགས་ནས་ཆོས་མི་ནུས་ན། དེ་ནས་ཆོས་བྱེད་དུས་ཤིག་ཡོང་ཐབས་མེད་པས་ཆོས་བྱེད་ན་འདི་ལས་ཐབས་ཆག་པ་མེད་ཅིང༌། འདི་ཡོད་ན་གནས་དབེན་པ་དང་གྲོང་ཡུལ་གང་དུ་བསྡད་ཀྱང༌། གྲོགས་བཟང་ངན་སུ་དང་འགྲོགས་ཀྱང༌། འབྱོར་རྒུད་བདེ་སྡུག་ཅི་བྱུང་ཡང༌། གཏམ་བསྟོད་སྨད་


LT17_Page_363
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་གང་ཐོས་ཀྱང་རང་ཉིད་ཉམས་སུ་དོགས་པའི་འཇིགས་པ་མེད་པས་སེང་གེ་ལྟ་བུའི་རྣལ་འབྱོར་པ་བྱ་བ་ཡིན་ཏེ། ཇི་ལྟར་བྱས་ཀྱང་བློ་བདེ་ལ་གུ་ཡངས་པ། ཞེ་གཙང་ལ་མཐའ་བཟང་བ། ལུས་མ་དག་པའི་ཞིང་ན་གནས་ཀྱང་སེམས་དག་པའི་ཞིང་གི་རྒྱལ་སྲས་ལྟར་བསམ་གྱིས་མི་ཁྱབ་པའི་བདེ་བའི་དཔལ་ལ་རོལ་པ་ཡིན་ཏེ། བཀའ་གདམས་རིན་པོ་ཆེས། སྐྱིད་ཀྱི་ཁ་གནོན། སྡུག་གི་མཇུག་སྡུད། གཅིག་པུར་འདུག་ན་སྐྱོ་གྲོགས་བྱེད། ན་ན་ནད་གཡོག་བྱེད། ཅེས་གསུངས་པ་དང་ཚུལ་མཚུངས་སོ། །དཔེར་ན་གསེར་མགར་གྱིས་གསེར་མེ་ལ་བསྲེགས་ནས་དྲི་མ་སྦྱང༌། ཆུས་ཡང་ཡང་བཀྲུས་ནས་མཉེན་པར་བྱེད་པ་ལྟར། སེམས་ཀྱང་སྐྱིད་པ་ལམ་ཁྱེར་གྱིས་གདུང་བར་བྱས། སྡུག་བསྔལ་ལམ་ཁྱེར་གྱིས་དང་བར་བྱས་ན་ལུས་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་ཁྱད་པར་ཅན་རྣམས་བདེ་བླག་ཏུ་འགྲུབ་ལ། ལེགས་ཚོགས་ཀྱི་རྩ་བ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱེད་པའི་མན་ངག་ལའང་འདི་རང་ཟབ་པར་གོ་སྟེ། སྐྱིད་པ་ལ་མ་ཆགས་པས་རབ་ཏུ་བྱུང་བའི་ཚུལ་ཁྲིམས་ཁྱད་པར་ཅན་གྱི་རྟེན་གཞིར་བྱེད་ཅིང༌། སྡུག་བསྔལ་ལ་མི་འཇིགས་པས་ཚུལ་ཁྲིམས་དེ་ཡོངས་སུ་དག་པར་བྱེད་པའི་ཕྱིར་ཏེ། སྦྱིན་པ་ཚུལ་ཁྲིམས་ཀྱི་རྟེན་དང༌། བཟོད་པ་ཚུལ་ཁྲིམས་


LT17_Page_364
[མ་དཔེ་གཟིགས་ན་འདིར་གནོན།]

དག་བྱེད་དུ་གསུངས་པས་ཤེས་སོ། །ད་ལྟ་འདི་ལྟར་སྦྱངས་པས་ལམ་མཐོན་པོར་སླེབས་པ་ན། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། ཤེས་རབ། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། སྙིང་རྗེ། །འབྱོར་པའི་དུས་དང་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་པ་ལྟར་འབྱུང་བ་ཡིན་ནོ། །སྟོན་པའི་རྣམ་ཐར་དང་བྱང་ཆུབ་མ་བརྙེས་གོང་དུ་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་རྩྭ་ལྟར་སྤངས་པ་དང༌། ནཻ་རཉྫ་ནར་དཀའ་སྤྱད་དྲག་པོ་ལ་ཅི་མི་སྙམ་པར་བཞུགས་པས་རང་དོན་བདུད་རྩི་རྟོགས་པ་ལ་སྐྱིད་སྡུག་རོ་སྙོམས་དགོས་པར་བསྟན་ལ། བྱང་ཆུབ་བརྙེས་ནས་འོག་མིན་གྱི་བར་གྱི་ལྷ་དང་མིའི་དབང་པོ་རྣམས་ཀྱིས་ཞབས་སྤྱི་བོར་བླངས་ཤིང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བསྟབས་པ་དང༌། བྲམ་ཟེ་བྷ་ར་དྷྭ་ཛས་སྤྱོ་བ་བརྒྱས་སྤྱོས་པ་དང༌། བྲམ་ཟེའི་བུ་མོ་དྲེགས་མས་མི་ཚངས་སྤྱོད་ཀྱིས་སྐུར་པ་བཏབ་པ་དང༌། རྒྱལ་པོ་མེས་བྱིན་གྱི་ཡུལ་དུ་ཟླ་བ་གསུམ་དུ་རྟ་ཆས་ཀྱི་ནས་རུལ་པ་གསོལ་བ་སོགས་ལ་ཐུགས་མཐོ་དམན་དུ་འགྱུར་བ་མེད་པར་རི་རབ་རླུང་གིས་མི་སྒུལ་བ་ལྟ་བུར་བཞུགས་པས་སེམས་ཅན་གྱི་དོན་བྱེད་པ་ལ་རོ་སྙོམས་དགོས་པར་བསྟན་ཏོ། །འདི་ཇོ་བོ་བཀའ་གདམས་པ། སྡུག་ན་སྐད་ངན་མི་འདོན་ཞིང༌། སྐྱིད་ན་སྐྱོ་ཤས་ཆེ་བ། ཞེས་པའི་རྣམ་


LT17_Page_365
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ཅན་རྣམས་ཀྱིས་འཆད་རྒྱུ་ཞིག་ཡིན། བདག་འདྲས་བཤད་ན་རང་གི་ལྕེས་ཀྱང་ཁྲེལ་ལམ་སྙམ་པ་དེ་རེད་ཀྱང༌། རང་ཉིད་ཆོས་བརྒྱད་རོ་སྙོམས་ལ་བག་ཆགས་འཇོག་ཕྱིར་དམིགས་ནས་སྤྲང་རྒན་བསྟན་ཉིས་བྱ་མང་གི་ནགས་སུ་བྲིས་པའོ།། །།འཕྲུལ་ཆེན་སྤར་གི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།

གཅོད་ཀྱི་བརྗེད་ཐོ།


LT17_Page_367
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་བརྗེད་ཐོ། སེམས་ཚོལ་གྱིས་གཞི་རྩ་ཆོད་པར་བྱས་ནས་རྣམ་པར་མི་རྟོག་པའི་དབྱིངས་ལ་ཤེས་པ་གཏད་དེ་དབྱིངས་རིག་སྲེ་བ་ལ་སྦྱང་ན་མི་རྟོག་པའི་དབྱིངས་དེ་སྟོང་ཉིད་ཀྱི་རང་བཞིན་དུ་ཇེ་གསལ་ལ་འོང་བ་ཡིན་གྱི། གཞི་རྩ་མ་ཆོད་པར་ཡུམ་དོན་ངོ་འཕྲོད་ལུགས་མེད། དེ་ནས་དབྱིངས་རིག་སྲེ་བ་དངོས་ལ། རིག་པ་ཕུང་པོའི་གཟེབ་ཀྱིས་བཏུམ་ནས་གཅེར་བུར་འབུད་མི་ཐུབ་པ་དེ། དམིགས་པས་རྟེན་དང་ཕྲལ་ཏེ་གཅེར་བུར་བཏོན་ནས་དབྱིངས་ལ་སྲེ་བ་ནི། རིག་པ་རྟེན་མེད་དུ་ཕྱུངས་ནས་དབྱིངས་རིག་སྲེ་བ་ཞེས་པར་འགྱུར་ཏེ་གཅོད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡིན་གསུང༌། སེམས་ཀྱི་ཐིག་ལེ་མས་རིམ་ནས་སྤར་ཏེ་ལུས་སེམས་ཕྲལ་ལུགས་འདི་ལ་རིགས་དྲུག་གནས་སྦྱོང་ཡང་ཚང་ཞེས་འབྲུག་ཆེན་གསུང༌། དེ་ལྟར་དབྱིངས་རིག་སྲེ་བ་ཚད་ལྡན་ཞིག་བྱུང་ན་དེའི་སྟེང་ནས་གཟན་སྐྱུར་བྱས་ན་ལུས་ལ་རང་ལུས་སུ་མི་འཛིན་པར་རྩ་དང་རྩིག་པ་ལྟ་བུའི་བློ་འཆར་བདེ་བས་གཅེས་འཛིན་གྱི་འཁྲི་བ་བཙན་ཐབས་སུ་གཅོད་པའི་མན་ངག་གི་རལ་གྲི་རྣོན་པོའོ། །དབྱིངས་རིག་སྲེ་བ་བྱང་ཚེ་ལུས་སེམས་མ་ཕྲལ་བར་ཡུམ་དོན་བསྐྱང་ནའང་འདྲ་གསུང༌། དེའང་ནམ་མཁའ་སྒོ་འབྱེད་དུས་དབྱིངས་རིག་བསྲེས་ཐོག་དེར་རྩེ་གཅིག་བཞག་དེ་ལ་གནས་ན་གཟན་སྐྱུར་གྱིས་ཞེན་འཛིན་བཅད་དེ། དེ་ཀའི་ངང་ལ་ཡང་དབྱིངས་རིག་སྲེ་སྟེ། འདིའི་དམིགས་རིམ་ཐམས་ཅད་ཡུམ་དོན་སྐྱོང་བའི་རྣམ་འགྱུར་དང་རྩལ་སྦྱོང་ཡིན་གསུང༌།


LT17_Page_368
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དོན་གྱི་རྟོགས་པས་བདུད་བཞི་གཅོད་ཚུལ་ལ། ཕྱེ་ན་མང་དུ་ཡོད་ཀྱང༌། མདོར་དྲིལ་ན། བདུད་ཐམས་ཅད་སྙམ་བྱེད་ཀྱི་བདུད་ལ་འདུ། སྙེམ་བྱེད་ཅེས་པ་སྙམ་དུ་སེམས་པར་བྱེད་པ་སྟེ་རྣམ་རྟོག །དེས་ན་འཛིན་ཞེན་གྱི་རྣམ་རྟོག་ཉིད་སྙེམ་བྱེད་ཀྱི་བདུད་དུ་འཇོག །དགའ་སྡུག་རེ་དོགས་སོགས་ཀྱི་རྣམ་རྟོག་ཅི་ལྟ་བུ་བྱུང་ཡང་དེའི་རྗེས་མི་གཅོད། ཆོ་འཕྲུལ། ལྟས་ངན། རྨི་ལམ། འདོད་ཡོན་ལོངས་སྤྱོད་སོགས་སྐྱིད་སྡུག་གི་ཡུལ་རྐྱེན་གང་དང་ཕྲད་ཀྱང་རྩིས་གདབ་མི་བྱ་བར་ཤེས་པ་རྒྱ་བསྐྱེད། ཁོང་ལྷོད་དེ་ཆོས་ཉིད་ཀྱི་ངང་ལ་གློད་ནས་བཞག་པས་རང་གྲོལ་དུ་སོང་སྟེ། བློ་བདེ་འབོལ། ཉམས་དགའ་ཡལ། བག་དྲོ་འུར་འགྲོ་བ་ནི་སྙེམ་བྱེད་ཀྱི་བདུད་གཅོད་ལུགས་དང་ཆོད་ལུགས་ཡིན། ཡུལ་གང་གི་ཐོག་ཏུ་གཅོད་ཀྱང་གཅད་རྒྱུ་དངོས་ནི་སྙེམ་བྱེད་ཁོ་ན་སྟེ། ཞེ་སྡང་ཕོ་གདོན་འདོད་ཆགས་མོ་གདོན། གཏི་མུག་ཀླུ་གདོན་སོགས་ཐམས་ཅད་དེའི་བྱེ་བྲག་གོ །ཕཊ་ཀྱི་དོན་ཡང་སྙེམ་བྱེད་བཅད། །སྙེམ་མེད་ཀྱི་རིག་པ་ཧུར་ཕྱུངས་ཏེ་་དབྱིངས་ལ་སྲེ་བའོ། ༈ །ལྟ་བ་རྟོགས་ཀྱང་སྤྱོད་ཡུལ་ཐམས་ཅད་དང་མ་བསྲེས་ན་ཡུལ་རྐྱེན་དྲག་པོ་བྱུང་ཚེ་འཇིགས་སར་སྐྱེལ་མས་བོར་བ་ལྟ་བུར་འགྲོ། །གཉན་ས་གཅིག་ཆོད་པ་ལྟ་བུ་རྐྱེན་སྣང་གཅིག་ལ་རོ་སྙོམ་ནུས་ཀྱང༌། དེ་ཙམ་གྱིས་ཆོག་ཤེས་བྱས་ན་རྩལ་ཕྱོགས་མེད་དུ་རྒྱས་མི་ཐུབ་པས་རོ་སྙོམ་གྱི་ཉམས་ལེན་རྟག་འགྲུས་སུ་སྦྱོང་ཞིང༌། ཡུལ་རྐྱེན་ཐམས་ཅད་ལ་སྲེ་བ་གལ་ཆེ།


LT17_Page_369
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམ་བྱེད་ཀྱི་བདུད་དྲག་པོ་རྒྱུ་བའི་ཡུལ་དེ་ཉེར་བཅུག་ནས་དེའི་ཐོག་ཉིད་དུ་སྙེམ་ཐག་བཅད་ནས་དབྱིངས་རིག་གི་རྟོགས་གོམས་གདེང་དུ་འགྱུར་བའི་ཕྱིར་གཉན་ས་གཅོད་པ་ཡིན། དེར་འདྲེ་ལྷོང་བ་ནི་དབྱིངས་རིག་སྲེ་བའི་ཤེར་ཕྱིན་གྱི་རྣལ་འབྱོར་ཟབ་མོའི་གཟི་བརྗིད་མི་བཟོད་ནས་ཡིན་གྱི། དྲག་གཅོད་དགོས་པའི་ངེས་པ་མེད་ཅེས་འབྲུག་ཆེན་ནོ། །ལྷོང་ཚད་ཐོན་དུས་སྐྲག་པ་དང་དོགས་པ་སོགས་བྱུང་ན་ཡེངས་ནས་སྙེམ་ཤོར་བ་ཡིན་པས་དེ་མ་ཐག་ངོས་བཟུང་ལ་སྙེམས་སམ་རྣམ་རྟོག་བཅད་དེ་དབྱིངས་རིག་བསྲེ་བའི་ངང་ལ་བཞག ༈ །མཛེ་ཕོ་དང༌། དམ་ཉམ་སོགས་ལ་བཅད་པས་དབྱིངས་རིག་གི་ཉམས་མྱོང་དང་བར་དུ་སྙེམ་ཞུགས་པས་ཆོད་ཤོར་ན་སེམས་རྨུགས་འཐིབ་དང༌། སྐྲང་པ། ནད་འགོབ་སོགས་ཡོང༌། དེ་ལ་གང་གིས་ལན་པ་དེ་ཉིད་དང་སླར་བསྲེས་ལ་སྙེམ་དང་མ་བྲལ་བར་དུ་ཉམས་སུ་བླང་བས་རང་ཞིར་འགྲོ། ལར་ཐོག་བརྫིས་ཀྱི་གོ་དོན། ཐག་ཁྲ་སྦྲུལ་དུ་མཐོང་ནས་སྐྲག་ཚེ་ཐག་ཁྲ་དེ་ཉིད་ཀྱི་ཐོག་ཏུ་ཕྱིན་ནས་བལྟས་པས་འཇིགས་སྐྲག་དེ་རྩད་མེད་ཁུངས་མེད་དུ་ཆོད་པ་ལྟར། གང་ལ་ཉམ་ང་ཞིང་བག་ཚ་བའི་ཡུལ་རྐྱེན་དེ་ཉིད་ལ་ཐོག་འགེལ་བཙན་འགྱེལ་བྱས་ནས་ཡུམ་དོན་བསྐྱང་བས་སྔར་ནས་སྣང་བ་སེམས་དང༌། སེམས་སྟོང་པར་ངོ་འཕྲོད་ཟིན་པ་ལྟར་སྣང་སེམས་མཐའ་དག་དམིགས་མེད་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་འཇིགས་མེད་ཀྱི་གདེང་ཆེན་ཐོབ་པ་སྟེ། ལེ་ལག་ལས། དཔེར་ན་སྨིག་རྒྱུ་ཆུར་


LT17_Page_370
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ། །ཐོག་ཏུ་ཕྱིན་པས་ཆུ་མེད་བཞིན། །ལྷ་དང་ཀླུ་དང་ཉམས་གྲིབ་སོགས། །དེ་ཐོག་བསྒྱུར་བས་ཡོད་མི་སྲིད། །ཅི་ཕྱིར་རང་གི་སེམས་ཡིན་པས། །དེ་ན་སྙེམ་མེད་ལྷུག་པར་ཞོག །ཅེས་གསུངས་ཏེ། འདི་ལ། ནད་པ་འདྲེ་ལ་གཏད་པས་གཉིས་མེད་རང་སར་གྲོལ། །སྐྱེལ་མ་དགྲ་ལ་གཏད་པས་འཇིགས་མེད་མཐའ་རུ་བསྐྱལ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་མེད། །རྐྱེན་ངན་སྲིད་དུ་ཆོད་པས་ཡུལ་ན་དགྲ་མེད་འདྲ། །ཞེས་གསུང་ངོ༌། །གཅོད་འདི་རྐྱེན་ངན་ལམ་ཁྱེར་ལ་ཤིན་ཏུ་རྣོ་ཡང༌། བཟང་རྐྱེན་ལམ་འཁྱེར་མི་འདུག་སྙམ་ན། དགའ་བྲོད་ཀྱི་བདུད་ངོས་འཛིན་དང༌། དེ་གཅོད་ཚུལ། ཆོད་མཚམས་སོགས་ལྟོས་དང་ཤེས་པར་འགྱུར། ༈ མཐའ་གཏད་ཅེས་པ། དཔེར་ན་རྔོན་པ་རྣམས་ཀྱིས་ཐང་ལྟ་བུ་ལ་རི་དྭགས་ཇི་ལྟར་བྱས་ཀྱང་མ་ཟིན་ན་བྲག་ལ་སོགས་པའི་མཐའ་གཅིག་ལ་གཏད་ནས་དེད་པས་གཞན་དུ་འགྲོ་ས་མེད་ནས་ཟིན་པ་བཞིན། གཉན་ཁྲོད་དུ་ན་ཚ་ལྟ་བུའི་ལྷ་འདྲེའི་ལྷོང་བྱུང་བ་ན་མ་ཆོད་པར་སྙེམ་བྱེད་མགོ་རྒྱལ་དུ་ཤོར་བས། གཞན་དུ་བྱོལ་བ་དང༌། ཡས་སྟག་བྱིན་པ་སོགས་བྱས་ཀྱང་མི་ཕན་པས། སླར་ཁོ་གནས་པའི་ས་གཉན་བརྐོ། ཆུ་གཉན་དཀྲུགས། ཤིང་གཉན་བཅད། ཐབ་གཞོབ་ཆེན་པོ་བཏང་སྟེ། སྙེམ་བྱེད་བཅད་ནས་ཆོས་ཉིད་ཀྱི་ངང་དུ་གློད་ལ་བསྡད་པས་རང་ཞིར་འགྲོ། འདིར་རི་དྭགས་ཀྱི་དཔེ་དང་སྦྱོར་རྒྱུ་གཉན་སའི་ལྷ་འདྲེ་ལ་བྱས་ན་གོ་བ་ཆུང་བས་སྙེམ་བྱེད་ཀྱི་བདུད་ལ་བྱའམ་


LT17_Page_371
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་སྟེ། དཔེ་དོན་འདི་ལེ་ལག་ལས་སོ། ༈ །གཅོད་པས་རི་ཁྲོད་གཉན་ས་དབེན་པ་རྣམས་བསྟེན། གྲོང་ཡུལ་དུ་མི་སྡོད། ཚོགས་པ་མི་སྐྱོང༌། ལྡོམ་བུ་ཡང་ཡུན་རིང་མི་བྱ་སྟེ། དེ་དག་གིས་སེམས་གཡེངས་ཏེ། ཉམས་མྱོང་ཤོར། དྲོད་ཚད་ཡལ་བའི་ཉེན་ཆེ་བས་སོ། །མི་མ་ཡིན་དབང་དུ་འདུས་པ། དམ་ལ་ཐོགས་པ། གདོན་ཐུལ་བ་སོགས་ཅི་བྱུང་ཡང་དགའ་བྲོད་མི་བྱ་སྟེ། དེ་ཉིད་དགའ་བྲོད་ཀྱི་བདུད་ཅེས་བྱ་བའི་སྙེམ་བྱེད་ཆེན་པོ་ཡིན་པས་སོ། །གཅོད་པའི་གོལ་ས་གསུམ་ནི། གཅོད། མོ། སྨན། འདོད་ཡོན། དྲག་སྔགས་སུ་ཤོར་བ་རྣམས་ཏེ། དང་པོ་ནི། སྔར་ལྟར་གཉན་ཁྲོད་འགྲིམ་ཞིང་ཉམས་ལེན་བསྐྱངས་པས་རིག་པ་དྭངས་སྙིགས་ཕྱེད་དེ་གསལ་སྣང་ལ། འདྲེ་གནོད་མི་གནོད་དང༌། ནད་པ་འཚོ་འཆི་སོགས་ཤར་ཏེ། གཞན་ལ་བཟླས་པས་རྣོ་མཐོང་གི་རྒྱུས་ཚོར་ནས་མི་ཀུན་ཡང་ཡང་འདྲིར་འོང༌། དེ་ལ་གཡེང་བས་ཉམས་རྟོགས་ཡལ་འགྲོ་བའོ། །གཉིས་པ་ནི། བསོད་ནམས་སྙན་གྲགས་སྣ་ཚོགས་བྱུང་བས་མགོ་འཁོར་ཏེ་སྒོམ་གཡེང་བས་ཁྱེར་བའོ། །གསུམ་པ་ནི། ཤེར་ཕྱིན་གྱི་ཉམས་མྱོང་བསྐྱངས་བའི་བྱིན་རླབས་ཀྱིས་ནད་པ་དང༌། འདྲེ་ཅན་རིགས་ལ་བྱིན་རླབས་བྱས་པས་སང་སོང་སྟེ། ཡོན་བདག་མང་པོས་བོས་ནས་གྲོང་ཁ་འགྲིམ་པས་ཉམས་རྟོགས་འགྲིབ། བྱིན་རླབས་ཡལ། དེ་ནས་འདྲེ་འདུལ་དྲག་སྔགས་ལ་རེ་དགོས་པ་འོང་བའོ། །གཅོད་ཀྱི་མྱོང་བ་


LT17_Page_372
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མཐོན་པོ་ཡིན་ན་འདི་འདྲའི་དོགས་པ་མི་དགོས་སམ་སྙམ་སྟེ་དམ་པ་རྒྱ་གར་བཞིན་ནོ། ༈ །གཅོད་པ་ལ་གདོན་བགེགས་བར་ཆད་ཀྱིས་མི་ཚུགས་པའི་གནད་ནི། བྲམ་ཟེ་ཨཱརྱ་དེ་བས། དེ་ལྟར་ཉམས་སུ་ལེན་པ་ལ། །ཕ་རོལ་ཕྱིན་པའི་བྱིན་རླབས་དང༌། །ཆོས་རྣམས་སྟོང་པར་རྟོགས་པ་དེས། །བར་ཆད་འབྱུང་བར་མི་འགྱུར་ཏེ། །སྟོང་པ་ཉིད་ལ་སྟོང་ཉིད་ཀྱིས། །གླགས་རྙེད་པ་ལྟ་ག་ལ་སྲིད། །ཅེས། མ་ཞིག་ན་བར་གྱུར་ལ་བུ་ནི་སོགས་སྡུད་པ་ལས་གསུངས་པ་ལྟར། རྒྱལ་ཡུམ་གྱི་བྱིན་རླབས་དང༌། དོན་དམ་པའི་སྲུང་བ་ཁྱད་པར་ཅན་ཡིན་པའི་རྒྱུ་མཚན་གཉིས་གསུངས། དབྱིངས་རིག་སྲེ་བ་ལ་རང་གི་ལུས་སེམས་དང༌། སྦྱིན་ཡུལ་ལྷ་འདྲེ་སོགས་སྣང་སྲིད་ཐམས་ཅད་ཤེར་ཕྱིན་གྱི་ཀློང་དུ་རོ་གཅིག་པར་སྲེ་བ་ཡོད་པས། རྣམ་ཤེས་ལུས་ལས་བཏོན་ཀྱང་འཕོ་རབ་ཚེ་ཐུང་བའི་ཉེན་མི་འབྱུང་བ་ཡིན་ནམ། འདི་ནི་ཁུངས་མ་རྙེད་པས་དཔྱད་དགོས། །དགེའོ། ༈ །ཡང་ཚོམ་ལས། སྐྱིད་ལ་འབྲལ་བར་མི་ཕོད་དང༌། །སྡུག་ལ་སྤྱོད་པར་མི་ཕོད་དང༌། །ལྷ་ལ་མི་ཕང་མི་ཕོད་དང༌། །འདྲེ་ལ་ལུས་སྐྱུར་མི་ཕོད་དང༌། །རང་ཁྱིམ་སྤོང་བར་མི་ཕོད་དང༌། །གཉན་ས་འགྲིམ་པར་མི་ཕོད་དང༌། །ནད་དང་རིམ་ལ་སོགས་པ་ལ། །མི་ཕོད་བཞིན་དུ་ཐོག་བརྫིས་ན། །རོ་སྙོམ་སྤྱོད་པ་ཁྱད་པར་འཕགས། །ཀུན་ཀྱང་ཡོན་ཏན་མཉམ་པར་འགྱུར། །དགག་སྒྲུབ་རྟོག་པ་ཆུང་བར་འགྱུར། །དགག་སྒྲུབ་མེད་པའི་དོན་རྟོགས་ན། །བཏང་སྙོམ་ཆེན་པོའི་ངང་


LT17_Page_373
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གོ །ཞེས་སོ། །བགེགས་དང་སྟོང་ཉིད་ཀྱི་དབྱིངས་གཉིས་ཀྱི་བར་དུ་སྙེམ་བྱེད་ཞུགས་དུས་གནོད་ནུས་ཀྱི། འདྲེར་འཛིན་གྱི་རྩ་བ་བཅད་དེ་སྟོང་པའི་དབྱིངས་ལས་མ་གཡོས་ན། བདུད་ཀྱི་སྤྱོད་ཡུལ་བརྒལ་ཏེ། སངས་རྒྱས་ཀྱི་སྤྱོད་ཡུལ་ན་གནས་པ་ཡིན་པས། ལྷ་འདྲེ་ཡོད་ཀྱང་ཅི་གནོད་དེ། སྤྱོད་ཡུལ་ཤིན་ཏུ་བསྐལ་བའི་ཕྱིར་ཏེ། རྨི་ལམ་གྱི་ཁྱིས་སད་དུས་ཀྱི་རྗེ་ངར་མི་འབིགས་པའམ། རྒྱ་གར་གྱི་དུག་སྦྲུལ་བོད་ལ་མི་གནོད་པ་བཞིན་ནོ། །ཞེས་བྱའོ། ༈ །གཅོད་འདིའི་ཡུམ་དོན་སྐྱོང་ལུགས། ཕར་ཕྱིན་པའི་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་སྒྲུབ་ལུགས་ནི་མིན་ཏེ། དཔྱད་སྒོམ་རྩལ་དུ་འདོན་ཕྱོགས་གཏན་མིན་པའི་ཕྱིར་རོ། །སྟོང་ཉིད་ལ་དམིགས་པའི་ཞི་གནས་སྒྲུབ་ཚུལ་ཙམ་ཡང་མིན་ཏེ། དེ་ཙམ་གྱིས་རྒྱུད་ཡོངས་སུ་གྲོལ་མི་ནུས་པའི་ཕྱིར་རོ། །གསང་སྔགས་ཕྱི་པ་མིན་ཏེ། བླ་མེད་ཐུན་མིན་གྱི་ལྷ་ཁྲོས་ནག་དང་འབྲེལ་བ་དང༌། ཚུལ་འདིས་འཆི་བ་འོད་གསལ་ངོས་ཟིན་པར་ཉིང་ཚོམ་དང་ལེ་ལག་ཏུ་བཤད་པའི་ཕྱིར་རོ། །བླ་མེད་སྤྱི་འགྲོ་མིན་ཏེ། བསྐྱེད་རྫོགས་ཀྱི་འགྲོས་སྤྱི་ལྟར་བརྩི་རྒྱུ་མེད་པའི་ཕྱིར་རོ། །རྫོགས་ཆེན་ལྟར་ཡང་མིན་ཏེ། སེམས་རིག་འབྱེད་པ་མེད་པའི་ཕྱིར་རོ། །སེམས་མི་རྟོག་པར་བཞག་པས་འོད་གསལ་སྒོམ་པར་འགྲོ་ན་ཧ་ཤང་ཡང་རྫོགས་རིམ་མཁན་པོ་ཡིན་པར་ཐལ་ལོ། །གྲུབ་ཐོབ་ཀྱི་ལམ་སྲོལ་མ་ནོར་བ་ནི་ཡིན་འདུག་པས་ཇི་ལྟར་གཟུང་ཞེས་པ་རྣམས་


LT17_Page_374
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དོགས་པ་བསླང་བའོ། །དེའི་ལན་ལ་གཞན་ཚོས་ཅི་འདེབས་ཅི་ཤེས། རང་གི་གོ་ཚོད་ལྟར་ན། སེམས་ཚོལ་དུས་སྟོང་ཉིད་ཀྱི་ལྟ་བ་མ་ནོར་བ་ཞིག་རྙེད་དགོས། །དེ་ནས་ནམ་མཁའ་སྒོ་འབྱེད་དུས་འབུམ་དང་ཉི་ཁྲི་སོགས་ནས་བསྟན་པའི་ཤེར་ཕྱིན་དང༌། སྔགས་བླ་མེད་པའི་འོད་གསལ་ཐམས་ཅད་རང་སེམས་མི་རྟོག་པའི་ངོ་བོ་འདི་ལས་གཞན་ན་མེད་པར་ཐག་བཅད་དེ། འོད་གསལ་འཆར་དུས་སྟོང་ཉིད་སྒོམ་ཚུལ་དང་མཐུན་པར་བསྐྱངས་བས་རྒྱུད་ཡོངས་སུ་དག་པ་ན། སེམས་ཀྱི་ཆ་རྣམས་དག་སྟེ་རིག་པའི་ཡེ་ཤེས་ཉག་གཅིག་ཏུ་གོ་འཕོ་བས། ཡུམ་དོན་དང་པོ་སྐྱོང་དུས་ནས་འོད་གསལ་དམིགས་ཁོངས་སུ་ཆུག་པ་དང༌། འོད་གསལ་གྱི་སྟངས་བྱས་ནས་སྒོམ་པ་དགོས་སོ། །མི་ཏྲའི་ཕྱག་ཆེན་སོགས་ཕྱག་ཆེན་སྐོར་མང་པོར། སེམས་ཀྱི་གཞི་རྩ་བཅད་དེ་ཅི་ཡང་ཡིད་ལ་མི་བྱེད་པར་རྟེན་མེད་དུ་བཞག་པས། རིམ་གྱིས་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་དབྱིངས་སུ་སེམས་ངལ་སོས་ཡོང་བར་གསུངས་པ་ཐམས་ཅད་འདི་ལྟར་རེད་དེ། དཔེར་ན་ལྟེ་བ་དང་སྤྱི་བོའི་འཁོར་ལོ་ལ་གནད་དུ་བསྣུན་ཚུལ་ཙམ་ལས་མ་བཤད་པའི་རྫོགས་རིམ་མང་པོ་སྙིང་ཀའི་སྡུད་རིམ་ལ་གཞོལ་བ་ལྟར། དང་པོ་ནས་སྔགས་ཀྱི་འོད་གསལ་ཡིན་ཞེས་རྩལ་འདོན་མེད་ཀྱང༌། འདི་ལྟར་བསྐྱང་བས་ནམ་ཞིག་ན་བླ་མ་དང་མཁའ་འགྲོའི་བྱིན་རླབས་རྒྱུད་ལ་སྨིན་ནས་སྔར་བསྒོམས་པའི་ཡུམ་དོན་དེའི་སྟེང་ནས་རང་བཞིན་ལྷན་སྐྱེས་ངོ་འཕྲོད་ཡོང་བས། འདི་བཞིན་དང་པོ་སྒོམ་དུས་ནས་སྒོམ་འདིའི་ཁོང་


LT17_Page_375
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔགས་ཀྱི་འོད་གསལ་མི་གསལ་བའི་ཚུལ་གྱིས་སྐྱོང་ལུགས་ཡོད་པར་མངོན་ནོ། །དེའང་འདིའི་དབྱིངས་རིག་བསྲེ་ཐད། ཤེས་པ་རྟེན་མེད་དུ་བཞག་པས་གློ་བུར་བའི་དམིགས་རྟེན་ཅན་གྱི་བློའི་སྤྲོས་པ་ཤས་ཇེ་ཆུང་ལ་རིམ་གྱིས་སོང་ནས། རྟེན་མེད་ཀྱི་ཤེས་རིག་གཉུག་མའི་ཆ་ཞིག་རྗེན་ལ་བུད་ཡོང༌། །དེ་ཀ་བཟོ་མེད་རང་བབས་སུ་བསྐྱང་བ་ལས་ལྷག་པ་ནི་རྫོགས་ཆེན་ཁྲེགས་ཆོད་ལ་ཡང་མ་མཐོང་ངོ༌། །རྫོགས་ཆེན་ནས་ཀྱང༌། ཐ་མས་ཐོག་མར་ཞི་གནས་འབའ་ཞིག་བཙལ། །ཞེས་སོགས་རིག་ཐོག་ཏུ་སྣ་འཁྲིད་ལུགས་མང་པོ་བཤད་དོ། །གཅོད་ཀྱི་འདི་ཞི་གནས་སྐྱོང་ཚུལ་དང་ཡང་མཐུན་མི་མཐུན་དཔྱད་དགོས་ཏེ། འདི་ལ་ཤེས་པ་རྟེན་མེད་དུ་དབྱིངས་ལ་འཇོག་པ་ཡོད་ཀྱང༌། གནས་ཆ་འཚོལ་ལུགས་བཤད་པ་མི་གསལ། ད་དུང་དཔྱོད་དང་ཤེས་ཡོང༌། ༈ བླ་མ་ལ་ཕྱག་འཚལ་ལོ། །འོད་གསལ་རྫོགས་པ་ཆེན་པོའི་ལམ་ནི་མཆོག་སྒྲུབ་ཀྱི་རྒྱལ་པོ་ཡིན་པས་ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་ཙམ་གྱི་ཕྱིར་དོན་དུ་གཉེར་བྱ་མ་ཡིན་མོད་ཀྱི། དེ་ཉམས་སུ་བླང་བས་ལོ་ལེགས་ན་ཕུབ་མ་ཞར་ལ་འབྱུང་བ་ལྟར་ཐུན་མོང་གི་འདོད་དོན་གཞན་ཡང་འབད་མེད་དུ་འབྱུང་བ་ལས། རེ་ཞིག་ནད་ཀྱི་སྡུག་བསྔལ་སེལ་བའི་མན་ངག་ཏུ་འགྲོ་ལུགས་འཆར་གཞི་ཙམ་སྨོས་ན། ལུགས་འདིའི་ཐུན་མོང་མ་ཡིན་པའི་ངོ་སྤྲོད་ཐེབས་པ་རྣམས་ཀྱིས། རྩལ་ཐོག་ཏུ་གཏན་མ་ཤོར་བར་རང་བབས་གཉུག་མའི་རིག་པ་དབྱིངས་ལ་བསྲེས་


LT17_Page_376
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཞག་པས། རེ་ཞིག་ན་ཚ་ཉིད་མ་ཞི་ཡང་དེ་ལ་མཚན་མར་འཛིན་པའི་སེམས་དང༌། དེ་ལས་བྱུང་བའི་རེ་དོགས་ཀྱི་སྒྲོག་མདུད་ཞིག་པའི་དབང་གིས་རིག་པ་གཅེར་བུ་བག་ཡངས་སུ་ངལ་སོས་ནས་ན་ཚ་དེ་མི་ཚོར་བ་ལྟ་བུར་ཟིལ་གྱིས་མནན་པ་དང༌། དེར་མ་ཟད་རང་ལུས་ན་ཚ་དང་བཅས་པས་མཚོན་གང་སྣང་ཐམས་ཅད་ཟང་ཐལ་རྗེན་པའི་རིག་པ་འབའ་ཞིག་ཏུ་སོང་བ་ལྟ་བུའི་ངང་ལ་བདེ་ཕྲིལ་ལེར་གནས་པ་འབྱུང༌། དེ་ནི་ནད་དང་ནད་ཀྱི་གཞི་སྙིགས་མའི་འབྱུང་བ་ཐམས་ཅད་ཀ་དག་གཉུག་མའི་བདེ་དབྱིངས་སུ་ཐིམ་པར་གྱུར་ཞེས་ཆེད་དུ་དམིགས་པའི་རྩོལ་བ་མ་བྱས་ཀྱང༌། དོན་གྱིས་དེ་ལྟ་བུའི་བསྡུ་རིམ་གྱི་རྣལ་འབྱོར་ཁྱད་པར་ཅན་དུ་སོང་ཡོད་ལ། དེའང་རང་བབས་ཀྱི་གནད་མཐར་ཐུག་ལ་བརྟེན་པ་ཡིན་པས་ཐབས་དེས་རླུང་དང་དེའི་རྩ་བ་ཅན་གྱི་ནང་འབྱུང་ཐམས་ཅད་དུལ་ཞིང་ལས་རུང་གི་དངོས་པོར་གྱུར་ནས་རང་བབས་སུ་འཇུག་པ་ལ་ཚེགས་མེད་ཅིང༌། དེ་ལྟར་ནང་གི་ཁམས་རྣམས་རང་བབས་སུ་གནས་པའམ་རྣལ་དུ་གནས་པ་དེ་ལ་རྣམ་པར་མ་གྱུར་པའི་བདེ་བ་ཞེས་ནད་མེད་པའི་བདེ་བའི་གནས་སྐབས་འདོགས་སོ། །དེའང་ནད་རྩ་ཐིག་རླུང་གསུམ་ལ་བརྟེན། དེ་གསུམ་ཡང་རྩ་བ་གཉུག་སེམས་ལ་བརྟེན་པས་གཉུག་སེམས་ལས་སུ་རུང་ན་ས་ལ་གཏིང་དྲོད་བབས་ཚེ་ཁ་དར་རང་ཤུགས་ཀྱི་ཞུ་བ་བཞིན་གཞན་རྣམས་ངང་གིས་ཁོང་མཉེན་ཅིང་ལྷོད་དུ་འགྲོ་བ་ཆོས་ཉིད་ཡིན་ནོ། །ནད་དེ་དང་དེ་རྣམ་པ་ཐམས་ཅད་དུ་ཞི་བར་བྱ་བའི་བསམ་པས་རིག་པ་དབྱིངས་ལ་གཏད་ན་ནི་དོན་དེ་དམིགས་ཕུག་ནས་


LT17_Page_377
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་འགྲོ་སྟེ། ལུགས་འདིར་ཕྲིན་ལས་རྣམ་པ་བཞི་གང་བྱེད་ཀྱང་གནད་ཀྱི་མན་ངག་འདི་ཁོ་ན་ཡིན་པར་བཤད་དོ། །སྒོམ་དུས་རྩལ་ཐོག་ཏུ་ཤོར་ཕན་ཆད། ནད་གདོན་སོགས་ཀྱི་མེ་རོ་གསོས་པ་ཡིན་པས་ཞི་བར་འདོད་ཀྱང་ངལ་བ་ཙམ་སྟེ། ཆུ་དཀྲུགས་པས་རྙོགས་མ་དྭངས་སུ་རེ་བ་བཞིན་ནོ། །དེས་ན་ཨ་ཚ་ཨ་ན་ཞེས་རིག་པ་དང་ན་ཚའི་བར་དུ་སེམས་ཀྱིས་བརྡ་སྦྱོར་བའི་སྒོ་ནས་ནད་གསལ་འདེབས་པ་དང༌། ཅུང་ཟད་ཞི་བ་ན་དགེ་སྦྱོར་གྱིས་ནད་ལ་དྭངས་སྐྱེད་ཐོན་པ་ཡིན་ནམ་སྙམ་པ་སོགས་རྩལ་ཐོག་ཤོར་བའི་འཕྲང་ལ་གཟབ་དགོས་སོ། །མཉམ་བཞག་གི་མཐུས་རྩལ་རང་མལ་དུ་ཐིམ་པའི་ལམ་རྙེད་ནས་ལས་རླུང་ཡེ་ཤེས་ཀྱི་ཁམས་སུ་དག་སྟེ། ཕུང་པོའི་ཟག་པ་ཟད་ཅིང་ཕྲ་རགས་སྡུག་བསྔལ་གྱི་རྒྱ་མཚོ་རྒལ་བའི་ཚུལ་ནི་ཕྱོགས་འདིའི་གཞུང་ཆེན་པོ་རྣམས་ལས་ཤེས་པར་བྱའོ། །ཨོ་རྒྱན་སྨན་གྱི་བླ་མ་དགྱེས་པའི་རོལ་མོར་སྤྲོས་སོ། ༈ །ཡིག་འབྲུའི་ཚུལ། ཞེས་པ། གོང་དུ་ལེའུ་གསུམ་པ་བཞི་པའི་འབྲེལ་ལྟར། སངས་རྒྱས་ཀྱི་མཉམ་པ་ཆེན་པོའི་ཏིང་ངེ་འཛིན་མཚོན་བརྗོད་ལས་འདས་ཀྱང་དེ་ཉིད་མཚོན་བྱེད་ཀྱི་ཡེ་གེ་མིང་ཚིག་དུ་མར་ཤར་ནས་ཆོས་སྟོན་པའི་ཚུལ་གྱིས། སེམས་ཉིད་སྐྱེ་བ་མེད་ཀྱང་དེ་ཉིད་རོལ་པ་ལྷའི་སྐུ་གསུང་ཐུགས་སུ་འཆར་ཞེས་མཛུབ་མོས་ཟླ་བ་སྟོན་པ་ལྟར་བྱེད། དེས་མི་ལོན། ཡི་གེ་ལ་བརྗོད་དོན་མཚོན་རྒྱུ་མེད་ཀྱང༌། བརྡ་དང་ཐ་སྙད་ཀྱི་ངོར་དོན་སྣ་ཚོགས་སྟོན་བྱེད་དུ་འཆར་བ་ལྟར། སེམས་


LT17_Page_378
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རང་བཞིན་ལ་སྐྱེ་བ་མེད་ཀྱང༌། མིང་བརྡས་བཏགས་པའི་ཐ་སྙད་ཙམ་དུ་སྐུ་གསུང་ཐུགས་ཀྱི་རོལ་པ་ཚད་མེད་པར་སྣང༌། ཞེས་པ་འདི་དག་གང་རུང་ཨོས་རེད། ༈ ཡང་གསང་བླ་སྒྲུབ་ལས། ཆོས་བདག་གསུམ་གསུང་བ་ནི། ཞབས་དྲུང་ཡང་སྟེང་པ་རྭ་སྟོན། ལྕགས་ཟམ་རིན་པོ་ཆེ། བོ་དོང་སྦྱོར་ར་རིན་པོ་ཆེ་རྣམས་ཏེ། གྲུབ་པའི་གཙོ་དང༌། སྙན་ངག་མཁན་སོ་སོར་འགྲིགས་ཤིང༌། འདི་ནས་ལོ་གསུམ་སོགས་དང་ཡང་འགྲིགས། ༈ །སྐུ་ཚེའི་ཚད་ཞེ་ལྔ་ཡིན་ཀྱང༌། མཚོ་རྒྱལ་གྱིས་ཉེར་ལྔ་བྱིན་ཞེས་གསུངས་པ་ནི། ཞེ་ལྔ་པ་ཆུ་མོ་སྦྲུལ། དེ་ལོར་མཚོ་རྒྱལ་བླ་མཚོའི་བརྡ་བསྒྱུར་ཕྱག་ཏུ་སོན། དེའི་ལུང་བསྟན་ན། རྟེན་འབྲེལ་མ་འཆོལ་ལས་ཅན་སྐྱེས་བུའི་ཚེཿ སོགས་འབྱུང་བ་སྐུ་ཚེའི་ལུང་བསྟན་ཡིན་འདུག་པས། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཆོས་གཏེར་གྱི་སྐབས་དེར་སྐུ་ཚེ་བསྲིང་བར་གསལ། ༈ །མཁའ་འགྲོའི་གད་རྒྱངས་ནི། རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པས་བརྟུལ་ཞུགས་ལམ་འཁྱེར་གྱི་ཆེད་དུ་ཕུང་པོ་གཟན་སྐྱུར་ཙམ་བསྟན་པ་སྟེ། གོང་འོག་ཏུ་ཡུམ་དོན་སྐྱོང་བ་ཐམས་ཅད་ཁྲེགས་ཆོད་ཀྱི་དབྱིངས་རིག་སྲེ་བའི་ཅོག་བཞག་གི་གནད་ཁོ་ནར་བྱེད་ཅིང༌། བདུད་བཞི་དབྱིངས་གཅོད་ཀྱང་དེ་ཉིད་ཀྱིས་བྱེད་པས། འདིའི་ལུགས་ལ་ཁྲེགས་ཆོད་སྒོམ་པ་མིན་པའི་ཡུམ་དོན་ངོ་སྤྲོད་ནམ་མཁའ་སྒོ་འབྱེད་སོགས་ཟུར་པ་མེད་དོ། །དེས་ན་འདི་ཉམས་སུ་ལེན་མཁན་གྱིས་དང་པོར་ཀ་དག་ཁྲེགས་


LT17_Page_379
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ཀྱི་རྟོགས་པའི་གདེང་ཅི་རིགས་རེ་ཐོབ་དགོས་སོ། །དེའི་ཕྱིར་གཅོད་གཞུང་སྤྱི་དང་འདི་གཉིས་ལ་ཐུན་ཁྱད་ཀྱི་ཁྱད་པར་ཆེའོ། །འདི་ཡང་རྗེ་ཉིད་ཀྱི་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ། འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུབྷཾ་མསྟུ་སརྦ་ཛ་ག་ཏཾ།། །།

བརྗེད་ཐོ་སྣ་ཚོགས།


LT17_Page_381
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་ཐོ་སྣ་ཚོགས། བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་པས། འདིའི་སྒོ་ནས་རང་ཉིད་སྐལ་པ་མཆོག་ལྡན་དུ་བྱིན་གྱིས་བརླབས་ཤིང༌། སྔར་ལྷ་དང་མཁའ་འགྲོའི་བྱིན་རླབས་གཡེལ་བཞུད་དུ་སོང་བ་སོགས་ཀྱང་ལེགས་པར་གསོས་སྟེ། དེ་ནས་ཡི་དམ་དུ་བསྒྱུར་ནས་སྒྲུབ་ན་བར་ཆད་མེད་ཅིང་དངོས་གྲུབ་ཤིན་ཏུ་མྱུར་ལ། དེ་ནས་མཁའ་འགྲོའི་སྒྲུབ་པས་བོགས་དབྱུང་བར་བྱེད་པས། རྩ་གསུམ་སྒྲུབ་ཐབས་ཀྱི་གཞུང་བཀོད་པའི་རིམ་པའང་ལེགས་པར་གནས་སོ། །དེས་ན་དང་པོར་བླ་མའི་སྒྲུབ་ལུགས་ཉིད་ལ་བརྩོན་པར་བྱ་སྟེ། རས་ལ་དང་པོར་འབྱར་རྩི་བརྒྱབ་སྟེ། གདོད་ཚོན་ཆུར་བཅུག་ན་ཇི་ལྟར་འདོད་པར་ཚོན་འཛིན་དུ་བཏུབ་པས་ཁ་དོག་བཟང་པོ་འབྱུང་བ་བཞིན་ནོ། །དེའང་གསང་རྫོགས་ལས། སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ལྷའི་འཁོར་ལོ་དངོས་སུ་མཐོང་མི་ནུས་པའི་གདུལ་བྱའི་དོན་དུ། དཀྱིལ་འཁོར་གྱི་བདག་པོ་ཧེ་རུ་ཀ་བརྒྱད་པོ་ཉིད་རིག་པ་འཛིན་པའི་གཙོ་བོའི་ཚུལ་དུ་སྣང་ཞེས་འབྱུང་སྟེ། བཀའ་སོ་སོ་བའི་རིག་འཛིན་པདྨ་གསུང་གི་ནཱ་ག་ཛུ་ན་སོགས་བརྒྱད་དང་བཀའ་བརྒྱད་སྤྱི་དྲིལ་གྱི་རིག་འཛིན་པདྨ་ཀཱ་རའི་ཞབས་ཉིད་དུ་བཤད་དོ། །དེ་ནི་གཞན་ལས། ལོངས་སྐུ་དང་མཆོག་སྤྲུལ་དངོས་དང་མི་མཇལ་བ་རྣམས་ལ། སངས་རྒྱས་རྣམས་སློབ་དཔོན་གྱི་ལུས་ལ་ཞུགས་ནས་རྗེས་སུ་འཛིན་པར་གསུངས་པས། སློབ་དཔོན་ལ་རྟོགས་པ་མཐོ་དམན་གྱི་རིམ་པ་མང་དུ་ཡོད་པ་ལས། ཆེས་མཐོན་པོ་འགའ་ཞིག་གི་ཁྱད་པར་རོ། །དེས་ན་སྐུའི་རྣམ་པ་འདི་ནི་དེ་བཞིན་


LT17_Page_382
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་སྐུ་པདྨ་གར་དབང་དང་ཧེ་རུ་ཀ་སོགས་ཀྱི་རྣམ་པར་མཐོང་བའི་ནུས་པ་མ་རྙེད་པའི་གདུལ་བྱ་མང་པོར་དངོས་སུ་ཞལ་བསྟན་ནས། གསང་སྔགས་བླ་མེད་ཁོ་ནའི་ལམ་ནས་འཁྲིད་པའི་རྡོ་རྗེ་སློབ་དཔོན་མཛད་པའི་ཕྱིར། གསུང་རྡོ་རྗེ་འོད་དཔག་མེད་ཀྱིས་རང་ཉིད་ཀྱི་སྐུ་ལུས་དེ་ལྟར་ཆེད་དུ་བྱིན་གྱིས་བརླབས་པ་ཡིན་པས། ཡི་དམ་གཞན་ལས་འགྲུབ་ཐག་ཉེ་བ་སྟེ། བྱིན་རླབས་དངོས་གྲུབ་ཁྱད་པར་མྱུར་འདོད་ན༔་རྩ་གསུམ་ཀུན་འདུས་པདྨ་ང་ཉིད་སྒོམ༔་ཞེས་ཡེ་ཤེས་སྙིང་པོར་རོ། །ཇི་སྐད་བཤད་པའི་གནད་ཀྱིས་སྐུའི་རྣམ་འགྱུར་འདིའི་འཁྲུངས་རབས་ཐམས་ཅད་ཀྱང་རྣལ་འབྱོར་བླ་མེད་པའི་ཀུན་སྤྱོད་ཉག་ཅིག་གི་སྟེང་ནས་སོང་ཡོད་པས། གར་མཁན་རྔ་མཁན་གྱང་དང་རོལ་མོ་མཁན། །ཞེས་སོགས་ལྟ་བུའི་བཟོ་སྐྱེའི་སྤྲུལ་སྐུ་གཞན་དང་ཡང་མི་མཉམ་སྟེ། སྤྲུལ་སྐུ་མཆོག་དམན་ནི་རྒྱུད་ཚོད་ལས་མིན་གྱི། མཛད་སྤྱོད་ཀྱིས་ཕྱེ་བའི་ཕྱིར་རོ། །བླ་མེད་ཀྱི་སྔགས་པའི་ནང་ནས་ཀྱང༌། གཙོ་བོར་པདྨའི་རིགས་ཀྱི་སྒྲུབ་པ་པོ་དང༌། གྲུབ་ཆེན་གྱི་གཟུགས་སུ་བསྟན་པའི་སྐུ་ཡིན་ཏེ། བལྟམས་དུས་ནས་མཚན་མཁན་རྣམས་ཀྱིས་དེ་ལྟར་མཚན་བསྒྲགས་པ་དང༌། མཁའ་འགྲོ་ཀུན་དགའ་མོ་ལ་དབང་བཞེས་པ་དང༌། མ་ར་ཏི་ཀ་དང༌། ཨོ་རྒྱན་རང་བྱུང་གི་ཕུག་ཏུ་སྒྲུབ་པ་མཛད་པའི་ལོ་རྒྱུས་དང༌། གཏེར་ཕྱོགས་ཀུན་ན་ཆོས་སྐུ་འོད་མཛད། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་པདྨ་ཞེས་གསུངས་པ་དང༌། ཤ་འུག་ཐུགས་


LT17_Page_383
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོར། གུ་རུ་ཉིད་རིགས་ཐམས་ཅད་ལས་པདྨའི་རིགས་སུ་སྒྲུབ་ན་སྔོན་སྨོན་གྱི་དབང་གིས་ལྷག་པར་མྱུར་བར་གསུངས་པ་སོགས་མཐའ་ཡས་པས་ཤེས་པའི་ཕྱིར་རོ། །དེ་ལྟ་བུའི་སྐུ་དེ་ཉིད་གླིང་བཞི་པའི་འཇིག་རྟེན་འདི་ཉིད་ཀྱི་རྔ་ཡབ་གླིང་ན་ད་ལྟའནག་དངོས་སུ་བཞུགས་པ་དང༌། བསམ་ཡས་ཀྱི་གཙུག་ལག་ཁང་དང༌། སྒྲུབ་གནས། སྐུ་ཚབ། སྐུ་དང་ཕྱག་ཞབས་ཀྱི་རྗེས། ཚེས་བཅུའི་དུས། གཏེར་སྟོན། གཏེར་གནས་སོགས་ནས། ཐ་ན་བོད་ཀྱི་ལྷ་འདྲེ་ཆེན་པོ་རྣམས་གུ་རུ་རིན་པོ་ཆེ་རྗེས་དྲན་གྱི་སྒོར་སོང་འདུག་པའི་བར་དུ་རྗེས་དྲན་གྱི་མཚན་མ་བཞག་པ་དང༌། རྒྱུད་འབུམ་བསྒྱུར་ཞུས། ཇོ་བོ་རྗེ། མི་ཏྲ། སྙིང་པོའི་ཞབས་སོགས་སྤྲུལ་པའི་མཛད་པ། བཀའ་ནས་བཀར་བརྒྱུད་པ། གཏེར་བརྒྱུད། དག་སྣང་གི་བརྒྱུད་པའི་རྒྱུན་བསམ་གྱིས་མི་ལངས་པ་བཙུགས་ཏེ། དབང་ལུང་མན་ངག་གི་ལམ་སྲོལ་བརྒྱུད་མར་ཕྱེ་བ་ལ་སོགས་པའི་སྒོ་ནས་བོད་ཀྱི་ཡུལ་འདི་ལྷག་པར་ཕྱག་མཚན་དུ་བཞེས་པ་ལ་ལེགས་པར་བསམ་ན། བོད་ཀྱི་བླ་མའི་སྐལ་པ་གུ་རུ་ཉིད༔་ཅེས་པའི་བཀའ་ལ་ངེས་པ་སྟེར་རོ། །བཀའ་བརྒྱད་ཀྱི་སྒྲུབ་ཆེན་དུས་ཞག་རེར་བྱིན་འབེབས་ལེན་དྲུག་རེ་དགོས་པར་གསུངས་པའི་བྱིན་འབེབས་རིག་འཛིན་བརྒྱད་དམ་དགུའི་འབེབས་ཆོག་ལ་བྱེད་པ་ཡང་མ་ལ་ཡའི་ནགས་ཀྱི་དྲི་བསུང་གི་ཁ་ལོ་རླུང་གིས་བསྒྱུར་ནས་འོང་བ་ལྟར། དཔལ་ཧེ་རུ་ཀའི་དངོས་གྲུབ་བླ་མ་རིག་འཛིན་གྱི་བྱིན་རླབས་ཀྱིས་


LT17_Page_384
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དྲངས་ཏེ་འབྱུང་བའི་རྒྱུ་མཚན་གྱིས་ཡིན་ནོ། །ཉང་གི་མཁའ་འགྲོ་ཆེན་མོའི་ཆོས་སྐོར་སློབ་དཔོན་པདྨའི་གསོལ་འདེབས་ཆེན་མོ་ལས། ཕྱི་རབས་ཀྱི་གང་ཟག་སློབ་དཔོན་གྱི་གཏེར་དང་ཕྲད་པ་རྣམས་བཀྲ་ཤིས་པར་བྱ་བ་དང་ཿ བྱིན་རླབས་ཆེ་བར་བྱ་བ་དང་ཿ དངོས་གྲུབ་མྱུར་བར་བྱ་བའི་དོན་དུཿ སློབ་དཔོན་པདྨའི་གསོལ་འདེབས་འདི་ལ་དོན་བཅུ་སྟེཿ ཞེས་དང༌། འདིས་ནི་སྒྲིབ་པ་སྦྱང་བ་དང་ཿ དངོས་གྲུབ་ཐོབ་པ་དང་ཿ སློབ་དཔོན་གྱི་ཆོས་གང་བསྒྲུབ་ཀྱང་འགྲུབ་པ་དང་༔་དུས་ཕྱི་མའི་སློབ་དཔོན་གྱི་གཏེར་གྱི་ཆོས་དང་ཕྲད་པའི་གང་ཟག་ལ་བྱིན་རླབས་དང་དངོས་གྲུབ་མྱུར་དུ་འབྱུང་བར་བྱ་བའི་ཕྱིརཿ སློབ་དཔོན་པདྨར་ལུང་ཞུས་ནསཿ མཚོ་རྒྱལ་བདག་གིས་ཡི་གེར་བཀོདཿ སློབ་དཔོན་པདྨའི་ཆོས་དང་གང་ཕྲད་དེཿ སློབ་དཔོན་པདྨ་ལ་མོས་པ་ཆེ་རུ་མཛོདཿ བྱིན་རླབས་དངོས་གྲུབ་ཡ་མཚན་ཐོབ་པར་འོང་ཿ ཞེས་གསུངས་སོ། །འདི་དག་གིས་ནི་རྩ་གསུམ་གྱི་དང་པོར་བླ་མ་སྒྲུབ་པ་གལ་ཆེ་བ་དང༌། ཁྱད་པར་དུ། ཐུགས་རྗེ་ཆེན་པོ་ཞི་ཁྲོ་བསྒྲུབ་ན་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་པ་གལ་ཆེ་བ་དང༌། པདྨའི་བརྒྱུད་འཛིན་ཡིན་ན་དེའི་རྩ་བའི་ཐུགས་དམ། དབང་ཆེན་ཞི་ཁྲོ་ལ་ཡི་དམ་བྱས་ན་སྔགས་རྒྱུད་བྱིན་གྱིས་བརླབས་ཡོད་པས་དངོས་གྲུབ་ཆེ་ཞིང་མྱུར་བ་ཀུན་བསྟན་ཏོ། །གསང་སྔགས་ཀྱི་བླ་མའི་མཚན་ཉིད་རྣམས་ཀྱི་གཙོ་བོར་རྣམ་དག་དབང་གི་ཆུ་བོའི་མཛོད་འཆང་བ་ཞིག་དགོས་


LT17_Page_385
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྔགས་ཀྱི་སྐབས་འདིར་དབང་ནི་རྒྱ་ཆུང་ཆུང་ཞིག་མིན་གྱི་བསྟན་པ་ཡོངས་རྫོགས་ཀྱི་སྒྲོམ་ཆེན་པོ་ཡིན་ནོ། །དེའི་རིགས་པས་བླ་སྒྲུབ་ཀྱི་རྗེས་འབྲེལ་ལ་ཡང་དབང་གི་བཀའ་བབས་དང༌། འབྲེལ་བའི་བྱིན་རླབས་འཇུག་ཆོག་ཅིག་ཤིན་ཏུ་གལ་ཆེ་ཡི། ལས་ཚོགས་གཞན་དེ་ཙམ་མི་གཙོའོ། །དེའི་ཕྱིར་བསྙེན་པ་ཐེམས་ནས་ནི་འདིའི་བདག་འཇུག་ལ་འབད་པ་གཅེས་སོ། །ཡང་མཁའ་འགྲོ་ཆེན་མོའི་རྟ་ཕག་གི་གསང་སྒྲུབ་བཀའ་རྒྱ་ཅན་ལས། ལྷ་སྒོམ་པའི་དང་པོར་རང་ཐ་མལ་པའི་སྤྱི་བོའི་སྟེང་དུ་བླ་མ་བཀའ་དྲིན་ཆེ་བ་གཅིག་བསམཿ དེ་ཡང་ཡི་དམ་དང་ཐ་མི་དད་དུ་བསམཿ དཀོན་མཆོག་གསུམ་གྱི་རྩ་བ་བླ་མ་ཡིན་སྙམ་དུ་འདུན་པ་དྲག་པོ་བྱའོཿ དེས་སྒྲུབ་པ་ལ་བར་ཆད་མི་ཡོང་ཞིང་ཿ བྱིན་རླབས་མྱུར་དུ་འགྲུབ་པར་བྱེད་པ་ཡིན་ནོཿ ཞེས་ཀྱང་བྱུང༌། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་རྣམ་ཐར་འཆད་ཚུལ་གྱི་སྒོ་མཐའ་ཡས་ཀྱང༌། གཙོ་བོ་ནི་རིག་འཛིན་སློབ་དཔོན་གྱི་རྣམ་པ་ཅན་ཡིན་པས་རིག་འཛིན་རྣམ་པ་བཞིའི་སྒྲོམ་ནས་འཆད་པ་འདི་ཡིན་ཏེ། དང་པོར་ཨོ་རྒྱན་གྱི་རྒྱལ་པོའི་སྲིད་སྤངས་ནས་དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས་པ་དང༌། ས་གསུམ་གྱི་དྲེགས་པ་རྣམས་བྲན་དུ་བཀོལ་བ་དང༌། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཞལ་གཟིགས་པ་སོགས་ནི་རྣམ་སྨིན་རིག་འཛིན་ལ་བཞུགས་པའི་


LT17_Page_386
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དང༌། དེ་ནས་བྲག་ཕུག་མཱ་ར་ཏི་ཀར་མནྡ་རཱ་ལ་བསྟེན་ནས་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་བརྙེས་ཏེ་ས་ཧོ་ར་དང་ཨོ་ཊི་ཡཱ་ནར་རྫུ་འཕྲུལ་ཆེན་པོ་བསྟན་པ་དང༌། རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་རྒོལ་བ་ངན་པ་རིགས་པ་དང་སྔགས་ཀྱིས་བཏུལ་བ་སོགས་ནི་ཚེ་དབང་རིག་འཛིན་ལ་བཞུགས་དུས་ཀྱི་མཛད་པ་དང༌། ཡང་ལེ་ཤོད་དུ་་དེ་བ་དང་ལྷན་ཅིག་ཕྱག་རྒྱ་ཆེན་པོ་གྲུབ་སྟེ། བོད་དུ་མི་དང་མི་མིན་གྱི་གདུལ་བྱ་དཔག་ཏུ་མེད་པ་རྡོ་རྗེ་ཐེག་པའི་ལམ་ནས་སྨིན་གྲོལ་དུ་མཛད་པ་དང་མཐའ་དབུས་ཐམས་ཅད་དཔའ་བོ་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་ཆེན་མང་པོས་བཀང་བ་དང༌། ཆོས་དང༌། ནོར་དང༌། གྲུབ་པའི་རྫས་ཀྱི་གཏེར་ཁ་གྲངས་མེད་པ་བཅུག་པ་སོགས་ནི་ཕྱག་ཆེན་རིག་འཛིན་ལ་བཞུགས་པའི་མཛད་པ་དང༌། ལྷོ་ནུབ་རྔ་ཡབ་གླིང་གི་རིག་པ་འཛིན་པའི་གནས་ཁྱད་པར་ཅན་ན་རིག་འཛིན་གྱི་འཁོར་ལོས་སྒྱུར་བ་མཆོག་གི་གཟུགས་སུ་བཞུགས་པ་ནི་ལྷུན་གྲུབ་རིག་འཛིན་དང༌། སྲིན་པོའི་འཇིག་རྟེན་ཐམས་ཅད་སྒྱུ་འཕྲུལ་གྱི་རོལ་པ་ཚད་མེད་པས་འདུལ་བ་དང༌། བོད་དུ་སྤྲུལ་པ་མང་པོ་འགྱེད་ཅིང་སྐལ་ལྡན་གྱི་དོན་མཛད་པ་སོགས་ནི་ལྷུན་གྲུབ་རིག་འཛིན་ལ་བཞུགས་ཚུལ་བསྟན་པའི་མཛད་པ་སྟེ། འདི་གལ་ཆེ་ཡང་ཤེས་མཁན་ནི་ཉུང་གསུང༌། སློབ་དཔོན་འདི་ནི་ཤིན་ཏུ་གདུལ་དཀའ་བའི་གདུལ་བྱ་ཤས་ཆེར་འདུལ་བའི་ཕྲིན་ལས་ཅན་ཏེ། འཕགས་པའི་ཡུལ་དང༌། འགྲོ་ལྡིང་གི་ཡུལ་དང༌། བོད་ཡུལ་དང༌། སྲིན་པོའི་


LT17_Page_387
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཁམས་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གདུལ་ཞིང་རྒྱ་ཆེ་བར་རྗེ་བཙུན་ཏཱ་ར་ནཱ་ཐས་བཤད། ༈ །སྔགས་ཀྱི་གོ་ཆའི་སྐབས། གནས་གསུམ་བྱིན་རླབས་འདི་གོ་ཆའི་རྣལ་འབྱོར་དུ་ངོ་འཕྲོད་པ་ཉུང་ཡང༌། ཐུན་མཚམས་ཀྱི་ལྷར་ལྡང་སྐབས། ཕྱག་རྒྱ་གཅིག་པའི་གནས་གསུམ་དུཿ ཡི་གེས་མཚན་པས་རྣམ་རྟོག་སྲུང་ཿ ཞེས་པ་ལྟ་བུའི་གཏེར་ལུང་སྨོས་ཀྱིས་མི་ལྡང་ཞིང༌། སྒྱུ་འཕྲུལ་ལས་ཀྱང་ཐུན་མཚམས་ཀྱི་ལྷའི་གནས་གསུམ་དུ་འབྲུ་གསུམ་བསྒོམས་ནས། བཛྲ་ཀཱ་བ་ཙི་རྐྵ་ཧཾ། ཞེས་བརྗོད་པར་བཤད་དེ། འདུས་པའི་དཀྱིལ་ཆོག་སོགས་གསར་མའི་གཞུང་ཚད་ལྡན་དུ་མར་ཡང༌། མིག་སོགས་སྐྱེ་མཆེད་བྱིན་རླབས་དང༌། གནས་གསུམ་བྱིན་རླབས་གཉིས་རྒྱས་བསྡུས་ཙམ་ལས་འདྲ་བར་བཤད་པ་ལ་སོགས་པས་ཤེས་ནུས། དེས་ན་ཏིང་ངེ་འཛིན་གསུམ་གྱིས་བསྐྱེད་རིམ་པའི་སྐུ་གསུམ་སྒྲུབ་པ་དེ་ཉིད་བགེགས་ཀྱི་མཚོན་ཆས་མི་ཤིགས་པར་བྱེད་པའི་གོ་ཆའི་རྣལ་འབྱོར་གཞན་ཐམས་ཅད་གནས་གསུམ་སྲུང་བ་ཉིད་ལ་འདུ་བར་དགོངས་འདུས་རྣམ་བཤད་དུའོ། །པདྨའི་ལམ་རིམ་ལས་ཀྱང༌། སྲུང་འཁོར་དྲུག་གི་ཐད་དུ། གནས་གསུམ་གྱི་འབྲུ་གསུམ་ཇེ་ཆེར་སོང༌། ལུས་ཀྱི་ཕྱིར་ཐོན་ནས་རྫོང་དང་གོ་ཁྲབ་ཀྱི་ཚུལ་དུ་གཡོགས་པར་བསམ་པར་བཤད་དོ། །རློབ་བྱེད་ཐོག་མེད་ནས་གྲུབ་པའི་རྒྱལ་བ་ཐམས་ཅད་རྡོ་རྗེ་གསུམ་གྱི་རིགས་སུ་


LT17_Page_388
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས། དེ་གསུམ་འབྲུ་གསུམ་དུ་ཤར་བའི་རྒྱས་བཏབ་པར་བསྒོམས་པས་རིས་མེད་པའི་དེ་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་གོ་ཆའམ་སྲུང་བར་འགྱུར་བ་ནི། སྒྱུ་འཕྲུལ་སྐོར་ན། ཨོཾ་གྱི་འོད་ཟེར་གྱིས་བསྐུལ་བས་སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཨོཾ་ལ་ཐིམ། དེ་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར་སོགས་སྤྱིའི་ལུགས་སོ། །འབྲུ་གསུམ་དེ་ཉིད་བརླབ་བྱ་རང་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་བལྟ་དགོས་པ་ཡིན་ལ། དེ་ཉིད་རང་གི་སྒོ་གསུམ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་དམ་བདག་ཉིད་དུ་བརླབས་པ་སྟེ་བསྒྱུར་བའི་དོན་དུའང་གོ་དགོས་སོ། །འདི་ལའང་བསྐྱེད་ཆོག་རྒྱས་བསྡུས་མང་སྟེ་གནད་འདྲའོ། །གང་བརླབ་བྱའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཀྱང་གསང་སྲོག་གསུམ་དུ་ངོ་སྤྲོད་ཚུལ་རིག་འཛིན་ཡོངས་འདུས་ལས། ཐབས་ནི་ཨོཾ་ལ་ཤེས་རབ་ཨཱཿ དབྱེར་མེད་ངོ་བོ་ཧཱུྃ་དུ་འདུསཿ སྣང་བ་ཨོཾ་ལ་སྟོང་པ་ཨཿ ཟུང་འཇུག་ངོ་བོ་ཧཱུྃ་དུ་འདུསཿ ཞེས་དང༌། སྣོད་ནི་ཨོཾ་ལ་བཅུད་ནི་ཨཱཿ ངོ་བོ་གཅིག་པུ་ཧཱུྃ་དུ་འདུསཿ ཞེས་སོགས་ལྟར་ཤེས་ནས། དེ་ནས་ཡི་གེ་གསུམ་པོ་དེ་རྒྱལ་བ་རྣམས་ཀྱི། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང༌། །སོགས་དང༌། ཀུན་ཏུ་དབུ་དང་ཕྱག་ལྡན་གྱི། །སོགས་ལྟར་རོ་མཉམ་གྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མོས་ཏེ། དེ་ལྟར་བྱས་པས་རང་གི་སྒོ་གསུམ་སོགས་


LT17_Page_389
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་ཀྱི་དངོས་སྣང་ཐམས་ཅད་ལ་སངས་རྒྱས་ཀྱི་གསང་སྲོག་གསུམ་ཞུགས་ནས་བྱིན་གྱིས་བརླབ་པར་བལྟས་ན་རང་གི་གནས་ལུས་ལོངས་སྤྱོད་ཐམས་ཅད་འབྲུ་གསུམ་གྱི་སྒྲོམ་དུ་བཅུག་པར་འགྲོའོ། །སྒྱུ་འཕྲུལ་གྱི་འབྲུ་གསུམ་གོ་བགོའི་སྐབས་སུ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་དང༌། གསང་རྫོགས་མ་ཧཱའི་སྒོམ་ཁོག་ཏུ། །ཨོཾ་སྣང་བ་སྐུ་ཡི་དཀྱིལ་འཁོར་དུ། ཨཱཿསྒྲ་གྲགས་གསུང་གི། ཧཱུྃ་དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་དུ་དག་པའི་རྒྱ་རྟགས་སུ་སྒོམ་པར་བཤད་པ་ལ་ཤིན་ཏུ་འགྲིགས་པ་ཡིན་ནོ། །གོ་ཆ་དང་སྲུང་འཁོར་གྱི་ཏིང་ངེ་འཛིན་འདི་རྣམས་སྤྱིར་དུས་ཐམས་ཅད་དང༌། ཁྱད་པར་དུ་ཐུན་མཚམས་དང༌། དེ་ལས་ཀྱང་སྲོད་དུས་སོགས་ལ་སྒོམ། གནས་གསུམ་གྱི་གོ་ཆ་འདིས་ལུས་ནད་མཚོན་དུག་གསུམ་སོགས་ལས་སྐྱོབ་པ་དང༌། ངག་བྱད་དུ་ཆུད་པ་སོགས་ལས་སྲུང་བ་དང༌། བཟླས་བརྗོད་ཀྱི་ནུས་པ་སྐྱེད་པ་དང༌། སྨྲ་བ་གསལ་བ་དང༌། ཚིག་བཙན་པར་བྱེད་པ་དང༌། ངག་གིས་རང་གཞན་ལ་ཕན་ཐོགས་པ་དང༌། ཀུན་གྱིས་ཡིད་དུ་འོང་ཞིང་མཐུན་པའི་ངག་འཐོན་པ་དང༌། ཡིད་རྨོངས་པ་དང༌། སྨྱོ་འཐིབ། བརྗེད་ངས། ཕྱིན་ཅི་ལོག་གི་རྟོག་ངན་སོགས་ལས་སྲུང་བ་དང༌། ཏིང་ངེ་འཛིན་བརྟན་པ་དང༌། སྤོབས་པའི་སྟོབས་སམ་གཟི་བརྗིད་མི་ཆོམ་པ་སྐྱེད་པ་སོགས་མཐའ་མེད་པ་འཕྲུལ་རུང་ངོ༌། །དེའང་ཡི་གེ་དེ་དང་


LT17_Page_390
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོད་ཟེར་གྱིས་ལུས་ཐམས་ཅད་བཀང་བས་ཐ་མལ་གྱི་སྣང་ཞེན་ལག་རྗེས་དང་བཅས་པ་མུན་ཁུང་དུ་ཉི་ཟེར་ཞུགས་པ་ལྟར་དག་པར་དམིགས་པར་བྱའོ། །བཞིན་ལག་རྣམ་ཅན་གྱི་གོ་ཆའི་ལྷ་མེད་ཀྱང༌། གོ་ཆའི་ལྷ་མེད་མི་དགོས་ཏེ། འབྲུ་གསུམ་དེ་རྡོ་རྗེ་གསུམ་གྱི་ལྷར་འགྱུར་བའི་ཕྱིར་ཏེ། སྡོམ་འབྱུང་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །སྔགས་ཀྱི་གཟུགས་ཅན་རྣལ་འབྱོར་མ། །གལ་ཏེ་གོ་འཕང་མཆོག་འདོད་ན། །དེ་དག་དབྱེ་བ་བརྟགས་མི་བྱ། །ཞེས་ལྷ་ལ་སྔགས་ཀྱི་དང༌། སྔགས་ལ་ལྷའི་ང་རྒྱལ་འཇོག་པར་གསུངས་སོ། །སེམས་ཅན་དུས་ཀྱང་བཞིན་ལག་མ་དོད་ཀྱང་གང་ཟག་ཏུ་ཡོད་པ་ནི། ནུར་ནུར་པོའི་དུས་ཀྱི་སེམས་ཅན་ལྟ་བུ་ཡིན་ནོ། །སྨན་མཆོད་མཐར། གནས་གསུམ་གྱི་ལྷ་དེ་དག་མཆོད་པའི་བསམ་པས། སོ་སོའི་གནས་སུ་ཐིག་ལེ་བྱས་པས་ཤིན་ཏུ་མཉེས་ཤིང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་བར་བསམ་པར་བཤད་དེ། གོ་ཆའི་ལྷ་གཟི་བརྗིད་སྐྱེད་པའི་ཆོ་ག་སྟེ། བདུད་རྩིའི་ཆེ་བ་བརྗོད་པ་ན། ལྷ་ལ་ཕོག་ན་དགྱེས་པ་སྐྱེདཿ མཆེད་ལ་ཕོག་ན་གཡར་དམ་སྐོང་ཿ བགེགས་ལ་ཕོག་ན་རྡུལ་དུ་རློགཿ ཅེས་མཁའ་འགྲོ་ཆེན་མོ་དང༌། གཏེར་གསང་བི་མའི་བླ་སྒྲུབ་སོགས་མང་པོ་ལས་གསུངས་པ་ལྟར་ངེས་པ་སྐྱེད། ༈ །འཕགས་པའི་ཕྱག་མཚན་ཐམས་ཅད་ཀྱི་གཙོ་བོ་ནི། ཉིད་ཀྱི་མཚན་ལའང་ཕྱག་ན་


LT17_Page_391
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཞེས་གྲགས་པ་དང༌། མཚན་བརྒྱར། པདྨ་དྲི་མེད་ཕྱག་གི་དབུས་ན་བསྣམས། །ཞེས་པ་ལྟར་པདྨ་ཡིན་ཏེ། ལྷ་འདི་པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཡིན་ཞིང༌། རིགས་དེའི་མཚན་མཐུན་མིན་ནི་དེ་ཡིན་པའི་ཕྱིར་ཏེ། རྡོ་རྗེ་རིགས་ཀྱི་འཁོར་སྒྱུར་ལག་ན་རྡོ་རྗེའི་ཕྱག་མཚན་རྡོ་རྗེ་བཞིན་ནོ། །དོན་ཞགས་དང་ཕྱག་སྟོང་གི་ཆོ་ག་ཞིབ་མོ་ལས་པདྨའི་ལས་ཚོགས་ངོ་མཚར་བ་གསུངས་ཤིང༌། དེ་ཉིད་བསྡུས་པ་དང༌། རྡོ་རྗེ་སྙིང་པོ་རྒྱན་ལས་པདྨའི་རིགས་ཀྱི་དངོས་གྲུབ་རབ་འབྱམས་ཐམས་ཅད་པདྨ་ལ་བརྟེན་ནས་སྒྲུབ་ཚུལ་རབ་འབྱམས་བསྟན་ཏོ། །དེ་ལ་པད་དཀར་གྱི་དེ་ཉིད་སློབ་དཔོན་སངས་རྒྱས་གསང་བའི་རྣམ་སྣང་མངོན་བྱང་གི་འགྲེལ་པ་ལྟར་བཀྲལ་ན། འགྲེལ་པ་དེར། སྤྱན་རས་གཟིགས་ཀྱི་གདན་པད་དཀར་འཆད་པ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་མཚོན་བྱེད་དུ་བཤད་ཀྱང༌། གཙོ་ཆེ་བའི་དབང་དུ་བཏང་ན། རྣམ་སྣང་གི་གདན་གྱི་སྐབས་པད་དཀར་བསོད་ནམས་ཀྱི་ཚོགས་སུ་གསུངས་པ་ལྟར་རོ། །བསོད་ནམས་ཀྱི་ཚོགས་སུ་བཤད་པ་འདི་གདན་ཁོ་ནའི་མིན་པ་ནི། ཡོ་གར། ཇི་ལྟར་པདྨ་དམར་པོ་འདི། །ཞེས་སོགས་དང་བཤད་ཚུལ་མི་འདྲ་བའི་དོགས་སྤོང་མཛད་པ་དང༌། རྟ་མགྲིན་གྱི་རྒྱན་གྱི་པདྨ་ལ་ཡང་དེ་ལྟར་གསུངས་པས་ཤེས་སོ། །གདན་གྱི་ཐད་དུ། ས་བཅུ་དང་ཕྱིན་དྲུག་གི་གྲངས་ཚད་


LT17_Page_392
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སོར་བཅུ་དྲུག་པར་བྱ་བར་བཤད་པ་སོགས་སློབ་ལམ་སྐབས་དང་སྦྱར་མོད། དེ་ཁོ་ན་མིན་པར་དེའི་རྒྱུ་མཐུན་ལས་བྱུང་བ་སངས་རྒྱས་ཀྱི་སའི་བསོད་ནམས་ལ་ཡང་བྱ་སྟེ། སྤྱན་རས་གཟིགས་འདི་ལོངས་སྐུ་ཡིན་པར་རྒྱུད་དེའི་བསྡུས་དོན་དུ། ཕྱག་ན་པདྨོའི་ལུས་འདྲ་བ། །ཞེས་སོགས་རྒྱུད་ཚིག་གིས་བསྒྲུབས་ཤིང་དཀྱིལ་འཁོར་རིམ་པ་ནང་མ་ལ་འགོད་པའི་རྒྱུ་མཚན་གྱིས་ཤེས་ལ། པདྨ་དང་རྡོ་རྗེ་སོགས་ཐུགས་མི་ཟད་པ་བཀོད་པའི་རྒྱན་གྱི་དཀྱིལ་འཁོར་དུ་བསྡུས་དོན་ལས་གསུངས་པས་སངས་རྒྱས་ཉིད་ཀྱི་ཐུགས་མཚོན་བྱེད་ཡིན་པས་སོ། །དེའང་བསྡུས་དོན་དེར། ཡི་གེའི་དཀྱིལ་འཁོར་གྱི་མདུན་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་པདྨ་ལ་དབང་སྐུར་བར་གསུངས་པའི་ཐད་ན། སེམས་ཅན་གྱི་དོན་ལ་རྗེས་སུ་ཆགས་ཀྱང༌། ཉེས་པ་ཐམས་ཅད་ཀྱིས་མི་གོས་པའི་མཚོན་བྱེད་དུ་བཤད་པ་འདི་དང་བསྒྲིགས་ནས། ཇི་ལྟར་མེ་ཏོག་པདྨ་ནི་རླན་གྱིས་ཡོངས་སུ་གང་བའི་རློན་པར་དམིགས་ཏེ། དེ་བཞིན་དུ་འཇམ་དཔལ་རྩ་རྒྱུད་ལས། མགོན་པོ་སྤྱན་རས་གཟིགས་པ་ཡི། །ཐུགས་ནི་ཐུགས་རྗེ་བྱུང་བ་དང༌། །ཐུགས་རྗེ་ཆེན་པོས་ཐུགས་བརླན་པར། །སངས་རྒྱས་སྔ་མས་གསུངས་པའང་དྲན། །ཞེས་པ་ལྟར་བཅོམ་ལྡན་འདས་ཀྱི་བསོད་ནམས་ཀྱི་སྡོང་པོ་ཡང་སྙིང་རྗེ་ཆེན་པོའི་རླན་གྱིས་ཤིན་ཏུ་ནོན་པ་དང༌། པདྨ་ནི་ཆུ་སྟེ་རླན་ལས་སྐྱེ་ཞིང༌། ཆུའི་ནང་ཁོ་ནར་


LT17_Page_393
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་གྱི་གཞན་དུ་མ་ཡིན་པ་ལྟར། སྦྱིན་སོགས་བསོད་ནམས་ཀྱི་ཚོགས་རྣམས་ཀྱང་འཁོར་བ་ལ་བརྟེན་ནས་སྐྱེ་ཞིང༌། ཡུན་རིང་པོར་འཁོར་བ་ན་གནས་ཏེ་བསྐྱེད་བསྲིང་པས་ཤིན་ཏུ་རྒྱས་པར་འགྱུར་བ་ཡིན་གྱི། གཞན་དུ་མ་ཡིན་པ་དང༌། པད་དཀར་གྱི་ཁ་དོག་ཟླ་བ་ར་རི་མེད་པ་སྟོན་གནམ་ལ་ཤར་བ་ལྟར་དག་པའི་ཚོན་དུ་བྱུང་ལ། ཆུ་ཞག་དང་ཉ་ལྕིབ་དང་དྲི་ང་བ་སོགས་ཆུའི་ཉེས་པ་ཀུན་གྱིས་མ་བསླད་པར་སྐྱེ་བ་ལྟར། བསོད་ནམས་ཀྱི་ཚོགས་དེ་ཡང་ཆོས་ཐམས་ཅད་རང་བཞིན་དག་པར་རྟོགས་པའི་ཤེས་རབ་ཀྱིས་ཁ་དོག་བསྒྱུར་བས། བདེན་ཞེན་གྱི་དྲི་མ་མེད་པའི་ཤིན་ཏུ་གཙང་མ་ཁོ་ནར་སྐྱེ་སྟེ། འགྲེལ་པ་དེར་པད་དཀར་བསོད་ནམས་ཀྱི་ཚོགས་ཙམ་ལ་མ་སྦྱར་བར་བསོད་ནམས་ཀྱི་ཚོགས་ཡོངས་སུ་དག་པ་དང་སྦྱར་བའང་དེ་ལྟར་ཡིན་ཏེ། ཡོངས་སུ་དག་པ་མ་སྨོས་ན་དཀར་པོའི་དོན་མ་ཚང་ངོ༌། །ཡོ་ག་ལས་པདྨ་དམར་པོར་བཤད་པ་དང་འགལ་སྤོང་སྐབས། ཤེས་རབ་ཀྱིས་ཆོས་ཐམས་ཅད་ཤིན་ཏུ་དག་པར་རྟོགས་པའི་མཚོན་བྱེད་དུ་དཀར་པོར་བསྟན་ཅེས་པ་ཙམ་ལས་མི་གསལ་ཡང༌། འཇིག་རྟེན་དབང་ཕྱུག་གསང་སྔགས་ནི། །ལས་ཀྱི་བྱེ་བྲག་དག་ལས་དཀར། །ཞེས་པའི་འགྲེལ་པར། སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་སྤྱན་རས་གཟིགས་ཀྱི་ལྷ་སྔགས་སོགས་དཀར་པོར་བཤད་དེ། རྒྱུད་འདིར་པད་གདན་སོགས་


LT17_Page_394
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་གང་བྱུང་དུ་རྣམ་པར་དག་པའི་མཚོན་བྱེད་ཅེས་བཤད་ཀྱང༌། སོར་རྟོག་ཡེ་ཤེས་ལ་སྦྱར་བ་ནི་ལྷ་འདིའི་སྒོས་ཆོས་ཏེ། དེའི་གོང་དུའང༌། སྤྱན་རས་གཟིགས་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། སྟོན་པ་རྣམ་སྣང་ཉིད་ཆོས་དབྱིངས་ཡེ་ཤེས། ཕྱག་རྡོར་བྱ་གྲུབ་ཡེ་ཤེས་སོགས་སུ་བཤད་པས་སོ། །པདྨ་ཆུ་དང་འགྲོགས་པས་ཆེས་ཡིད་དུ་འོང་བའི་ལང་ཚོ་རྒྱས་པར་འགྱུར་གྱི་ཆུའི་ཉེས་པས་ཅུང་ཟད་ཀྱང་མི་གོས་པ་ནི་དེའི་མ་འདྲེས་པ་སྟེ། དེ་བཞིན་དུ་ཐེག་མཆོག་བསོད་ནམས་ཀྱི་ཚོགས་རྣམས་འཁོར་བའི་རྙོག་པ་ཐམས་ཅད་ཀྱི་ནང་དུ་སྤྱོད་ཀྱང་དེ་དག་གིས་བག་ཙམ་ཡང་མི་གོས་ཤིང༌། སླར་ལ་ཀུན་ཏུ་བཟང་པོའི་གཟི་མདངས་འབར་བར་འགྱུར་བ་ནི་ཐབས་མཁས་ཀྱི་ཆེ་བ་སྟེ། ཆེས་ཡ་མཚན་པའོ། །པད་འདབ་ཀྱི་གྲངས་ནི་བརྒྱད་དུ་བྱེད་པར་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་བྲིས་ཐད་ཀྱི་འགྲེལ་པར། རྡོ་རྗེ་དེའི་སྟེང་དུ་པདྨོ་ཆེན་པོ་འདབ་མ་བརྒྱད་པ་བྲིས་ཏེ། ཞེས་སོ། །དེའང་རྣམ་ཤེས་ཚོགས་བརྒྱད་གནས་གྱུར་པའི་ཡེ་ཤེས་ཀྱི་ལྡོག་པ་བརྒྱད་ལ་སོ་སོར་བསོད་ནམས་ཀྱི་ཚོགས་དེ་གྲོགས་སུ་འབྲང་བའི་ཆ་བརྒྱད་དམ། བསོད་ནམས་ཀྱི་ཚོགས་ཡེ་ཤེས་ཀྱི་ལྡོག་པ་བརྒྱད་ཀྱི་སྒོ་ནས་རྒྱས་པ་མཚོན། ཡང་ན་དཀར་བའི་དེ་ཉིད་དུ་འོང་རྒྱུའི་སོར་རྟོག་ཡེ་ཤེས་དེ་ཉིད་ཡེ་ཤེས་ཀྱི་ལྡོག་པ་བརྒྱད་ཀྱི་བདག་ཉིད་དུ་དགོངས་པ་སྟེ། འདི་ཡང་རྒྱུད་འགྲེལ་ཉིད་ལ་བརྟེན་པའོ། །


LT17_Page_395
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ཟེ་བའི་དེ་ཉིད་ནི། འགྲེལ་པར། ཟེ་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུའི་ཡོན་ཏན་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་མཚན་མར་བརྟགས་པ་ཡིན་ལ། བསོད་ནམས་ཀྱི་ཚོགས་དེ་ཡོན་ཏན་དེ་རྣམས་དང་ལྡན་པའོ། །ཞེས་གསུངས་ཏེ། འདི་རྣམ་སྣང་གི་གདན་གྱི་ཐད་དུ་བཤད་པ་སྟེ། དེའི་གདན་པདྨ་ལ་བྱེད་པ་ནི་པདྨའི་དེ་ཉིད་ཀྱི་འབྱུང་ཁུངས་ཅན་ཡིན་པས་སོ་ཞེས་བཤད་པའི་རིགས་པས། པདྨའི་ཟེ་བ་ལ་བཞུགས་པ་ཡང་རྣམ་སྣང་ཉིད་ཟེ་བའི་དེ་ཉིད་ལས་བལྟམས་པ་རྒྱུ་མཚན་དུ་བྱེད་པར་མངོན་ལ། གཟུགས་སྐུའི་འབྱུང་ཁུངས་ཆོས་སྐུ་ཡིན་པས་ཆོས་སྐུའི་ཕྱོགས་ཀྱི་ཡོན་ཏན་ཁོ་ན་མ་གཏོགས་མཚན་དཔེ་སོགས་ཟེ་བའི་དེ་ཉིད་དུ་མི་བཤད་པའང་དེའི་གནད་ཀྱིས་ཡིན་ནམ་སྙམ་སྟེ། དེ་བཞིན་དུ་འདིར་ཡང་ཕྱག་མཚན་ཐུགས་ཀྱི་གསང་བའི་མཚན་མར་བཤད་པས། ཐུགས་ཡེ་ཤེས་ཆོས་སྐུའི་ཕྱོགས་ཀྱི་ཡོན་ཏན་དང་སྦྱོར་འཐད་དོ། །འདིར་འོ་ན་རྣམ་སྣང་ཡང་པདྨའི་རིགས་ཡིན་ནམ་ཞེས་པའི་དོགས་པའང་བཅད་པར་བྱའོ། །པདྨའི་མཛེས་སྡུག་གིས་སྐྱེ་དགུའི་དགའ་བ་སྐྱེད་པའི་དེ་ཉིད་ནི་དངོས་ཟིན་དེ་དག་ཏུ་མི་གསལ་ཡང༌། དེ་ཉིད་སྣང་ཆེན་ལས། རབ་དགའ་དེ་ཉིད་དོན་ནི་མཛེས་པའི་དེ་ཁོ་ན་ཉིད་དེ། རང་བཞིན་གྱིས་དག་པའི་དོན་ལ་དེ་སྐད་


LT17_Page_396
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱའོ། །རྡོ་རྗེ་པདྨོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་པདྨོའི་ཕྱག་རྒྱ་ལ་བྱའོ། །རབ་དགའ་བྱེད་ཅེས་བྱ་བ་ནི། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ཤིན་ཏུ་སྦྱོང་བར་་འདི་སེམས་དབང་དུ་གྱུར་པ་མཐར་སོན་པའི་སོར་རྟོག་གིས་རང་རྒྱུད་ལ་ཤིན་སྦྱང་གི་དགའ་བདེ་ཕུལ་བྱུང་འདྲེན་པའི་དོན་དུ་བཤད་དགོས། མཆན། མཛད་པས་ན་རབ་དགའ་བྱེད་དོ། །ཞེས་བཤད་པས་དཔག་ན། དག་ཅིང་དགེ་བ་ནི་འདིར་མཛེས་པའི་དོན་དང༌། དེ་འདྲ་བའི་དཔལ་གྱིས་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང༌། སེམས་ཀྱི་རྙོག་པ་དང་བར་བྱེད་ལ། ཟང་ཟིང་མེད་པའི་དགའ་བ་དཔེ་ལས་འདས་པས་རྒྱུད་ཚིམ་པར་བྱེད་པ་ཞེས་བཤད་དུ་རུང་ངམ་སྙམ། གཞན་ཡང་རྣམ་སྣང་མངོན་བྱང་ལས། །སངས་རྒྱས་རྣམས་ནི་ཐམས་ཅད་དང༌། །དེའི་སྲས་བློ་ལྡན་རྣམས་ཀྱི་གདན། །པདྨ་ཡིད་ལས་བྱུང་བའི་མཆོག །བཀྲི་ཤིས་འཇིག་རྟེན་རྣམས་ཀྱིས་བསྔགས། །ཞེས་བཀྲ་ཤིས་པ་དང༌། ཀུན་གྱིས་བསྔགས་པའི་ཡོན་ཏན་གསུངས་ཤིང་ཕྱག་རྒྱའི་ལེའུ་ལས། རྒྱལ་བ་རྣམས་བྱང་ཆུབ་བརྙེས་པ་ན་པདྨའི་གདན་ལ་བཞུགས་ཏེ་འཚང་རྒྱ་ཞིང༌། བྱང་སེམས་ཆེན་པོ་རྣམས་ཀྱང་པདྨ་ལས་འཁྲུངས། ཞེས་པདྨ་ལ་ཆེ་བརྗོད་མཛད་དོ། །ཡང་དེ་ཉིད་ལས། དབུས་སུ་པདྨ་དཀར་པོ་མཆོག །དེ་ནི་སྙིང་པོ་ཞེས་སུ་བསྒྲགས། །དཀྱིལ་འཁོར་སྙིང་རྗེ་འབྱུང་བ་ཀུན། །དེས་ནི་སྙིང་པོ་ཅན་དུ་བྱས། །


LT17_Page_397
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཏེ། དོན་ནི། པད་དཀར་ནི་བསོད་ནམས་ཀྱི་ཚོགས་དག་པའོ། །རྐང་པ་གཉིས་པའི་སྙིང་པོ་ཞེས་པ་ནི་འབྱུང་བའི་གནས་ཏེ། སྐད་དོད་ཀྱི་སྟེང་ནས་སོ། །དེའང་བསོད་ནམས་ཀྱི་ཚོགས་དེ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འབྱུང་བའི་གནས་སོ་ཞེས་པའོ། །སྙིང་རྗེ་དེ་ལས་དཀྱིལ་འཁོར་འདི་འབྱུང་བས་རྐང་པ་གསུམ། འདི་སྙིང་རྗེ་ཆེན་པོ་སྟེ་བསོད་ནམས་ཀྱི་ཚོགས་ཀྱི་རིགས་དང་བསོད་ནམས་ཀྱི་ཚོགས་ཐམས་ཅད་བསྡུས་པ་ཡིན་པ་ལ་བཤད་ནས་དེ་པད་དཀར་ཉིད་དང་སྦྱར་ནའང་འགལ་བ་མ་མཐོང༌། དེ་ལྟར་བྱེད་ན་པདྨ་བསོད་ནམས་ཀྱི་ཚོགས་ཡིན་ཞེས་པའི་བསོད་ནམས་ཚོགས་ནི་སྙིང་རྗེ་ཆེན་པོའོ། །མཆན། པ་མན་ཆད་དོ། །རྐང་པ་གཉིས་པའི་དོན་ནི། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དེ་ཉིད་ཆོས་དབྱིངས་ཀྱི་མཐའ་ཀླས་པའི་འགྲོ་བ་ཐམས་ཅད་ཀྱི་དགོས་པ་མཐའ་དག་སྐལ་བ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱ་བ་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འབྱུང་བ་ནི། སྔོན་བསྐལ་པ་དཔག་མེད་དུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་སྦྱངས་པ་ལས་བྱུང་ཞེས་པ་སྟེ། སྙིང་རྗེ་ཆེན་པོ་འབྱུང་བའི་ལེའུ་ཀླད་ནས་ཤེས་སོ། །དེ་ལྟར་ན་འདིར་ཡང༌། སྙིང་རྗེས་འགྲོ་བ་སྐྱོང་བའི་རིགས་ཀྱི་ཕྱག་མཚན་གྱི་བཤད་པར། སྙིང་རྗེ་ཆེན་པོའི་རླན་དེ་ཉིད་བསོད་ནམས་ཀྱི་ཚོགས་དག་པའི་པདྨ་དཀར་པོ་དང་འབྲེལ་ན་སེམས་ཅན་ཐམས་ཅད་དགའ་བར་བྱེད་ནུས་ཞེས་བཤད་པ་ལ་


LT17_Page_398
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ཐོབ་བོ། །ཡོ་ག་ལས་རྣམ་པར་སྣང་མཛད་པདྨའི་དེ་ཉིད་ཀྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུགས་འཛིན་པར་གྱུར་པར་དང༌། དེ་སློབ་ལམ་དུ་པདྨའི་དེ་ཉིད་བསྒོམས་པ་ལ་འཁྲུངས་པའི་ཕྱིར་པདྨ་སྐྱེས་ཞེས་བརྗོད་པར་གསུངས་པ་ལྟར་གཙོ་བོར་པདྨའི་དེ་ཉིད་ལས་གྲུབ་པས་ན་པདྨའི་རིགས་སམ་སྐྱེ་གནས་པར་འཇོག་པ་ནི་འདྲའམ་སྙམ། དེའང་པདྨའི་རང་ལྡོག་གི་དེ་ཉིད་ལས་མང་དུ་བསྒོམ་ན། དེ་དང་རྗེས་སུ་མཐུན་པའི་འཇིག་རྟེན་གསུམ་དབང་དུ་འགྱུར་བ་སོགས་ཤས་ཆེར་འཐོབ་ཅིང༌། དཀར་བའི་དེ་ཉིད་ཀྱི་སྟེང་ནས་བསྒོམ་པ་གཙོ་བོར་བྱས་ན་དྲན་པ་དང་ཤེས་རབ་འཕེལ་བ་དང༌། ཚེ་རབས་ཐམས་ཅད་དུ་འཁོར་བའི་རྙོག་པ་དང་མི་འདྲེ་བ་ལ་སོགས་པ་ཤས་ཆེར་འཐོབ་བོ། །སྲོང་བཙན་གྱིས་མཛད་པའི་བསྟོད་པར། ཕྱག་གཡོན་པདྨ་དཀར་པོ་བསྣམས། །འགྲོ་དྲུག་གནས་སུ་དོན་མཛད་ཀྱང༌། །འཁོར་བའི་སྐྱོན་གྱིས་མ་གོས་རྟགས། །རྗེ་ཡེ་སངས་རྒྱས་ལ་ཕྱག་འཚལ་བསྟོད། །ཅེས་པའང་འདི་དག་གི་དོན་བསྡུ་ལྟ་བུར་སྣང༌། །ཡོ་གར་སངས་རྒྱས་རྣམས་ཀྱིས་པདྨ་ཕྱིན་ནས་རྡོ་རྗེ་སྤྱན་ནམ་སྤྱན་རས་གཟིགས་ཞེས་མིང་རྡོ་རྗེའི་ཅོད་པན་བཏགས་ཏེ་དབང་བསྐུར་བར་བཤད་པ་སོགས་ངོ་མཚར་བའི་གཏམ་གཞན་ཡང་དྲན་པར་བྱའོ། །འདི་འབྲི་བ་ལ་ཞུགས་ཚེ་ཁྱད་མཚར་གྱི་ལྟས་ཀྱང་བྱུང་གསུང༌། ༈ །གདུང་


LT17_Page_399
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ལས་འཁྲུངས་པ་ནི་རང་ཉིད་ཀྱང་པདྨའི་མཚན་ཉིད་དང་ལྡན་པར་གོ་དགོས་ཏེ། ནས་ཀྱི་རིགས་ལས་སྐྱེས་པའི་འབྲུ་ནས་ཡིན་པའམ་གདུང་ཡིན་ན་རང་ཉིད་ཀྱང་ཡིན་པ་བཞིན་ནོ། །འཕགས་པ་ཉིད་པདྨ་ལྟ་བུར་འཇོག་ལུགས་ནི་དཔེར་ན། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་པདྨ་དང་འདྲ་བ་ཉིད་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མ་གོས་པ་རྣམས་ཡིན། སྡིག་པ་ཆུང་ངུ་དང་ཡང་ལྷན་ཅིག་མི་གནས་པ་རྣམས་ཡིན། ཚུལ་ཁྲིམས་ཀྱི་དྲི་ཞིམ་པ་རྣམས་ཡིན། གཙང་བ་རྣམས་ཡིན། བཞིན་འཛུམ་པ་རྣམས་ཡིན། མི་རྩུབ་པ་ཉིད་ཡིན། མཐོང་ན་བཀྲ་ཤིས་པ་རྣམས་ཡིན། བློ་རྣམ་པར་ཕྱེ་བ་རྣམས་ཡིན། བློ་ཡོངས་སུ་སྨིན་པ་རྣམས་ཡིན། ཤིན་ཏུ་ཡོངས་སུ་བཟུང་བ་རྣམས་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མ་གོས་པ་རྣམས་ཡིན་པ་ནས་ཇི་ལྟར་ན་ཤིན་ཏུ་ཡོངས་སུ་བཟུང་བའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པདྨ་ནི་ཆུའི་ནང་ནས་འབྱུང་ཡང་མི་ཆགས་པར་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཁོར་བའི་ཆུ་ལས་འབྱུང་ཡང་མི་ཆགས་པར་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ཐབས་དང་ཤེས་རབ་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །བྱང་ཆུབ་


LT17_Page_400
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཐབས་མཁས་པ་ནི་འཁོར་བ་ན་སྤྱོད་ཀྱང་འཁོར་བའི་ཉེས་པ་དག་གིས་མ་གོས་ཏེ། དེའི་ཐབས་དེ་ནི་ཤེས་རབ་ཀྱིས་ཡང་དག་པར་ཟིན་པ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པདྨ་ལ་ནི་ཆུའི་ཐིགས་པ་ཆུང་ངུ་ཡང་མི་ཆགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་སྡིག་པ་ཆུང་ངུ་ཡང་མི་ཆགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སའི་ཕྱོགས་གང་དུ་པདྨ་སྐྱེས་པར་གྱུར་པའི་སའི་ཕྱོགས་དེ་དྲིས་ཁྱབ་པར་འདུག་གོ། །དེ་བཞིན་དུ་ཡུལ་དང་ཡུལ་གྱི་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པ་དེ་ཐམས་ཅད་ཚུལ་ཁྲིམས་ཀྱི་དྲིས་ཁྱབ་པར་འདུག་གོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པདྨ་ནི་སའི་ཕྱོགས་གར་སྐྱེས་པའི་ས་ཕྱོགས་དེ་གཙང་ཞིང་བྲམ་ཟེ་དང་རྒྱལ་རིགས་དང་གྲོང་པ་དང་ཡུལ་གྱི་མི་ཐམས་ཅད་ཀྱང་འདུ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གར་སྐྱེས་ཀྱང་རུང༌། འདི་ལྟ་སྟེ། ཚུལ་ཁྲིམས་དང༌། གཙང་སྦྲ་ཀུན་ཏུ་སྤྱོད་པས་གཙང་བ་ཡིན་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་འདུ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་པ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པདྨ་ནི་ཁ་ཕྱེ་ན་འདི་ལྟ་སྟེ། སེམས་ཅན་


LT17_Page_401
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཡིད་དུ་འོང་བས་འཛུམ་པ་ལྟ་བུར་སྣང་ངོ༌། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཁྲོ་གཉེར་མེད་ཅིང་དབང་པོ་ཤིན་ཏུ་དང་བས་བཞིན་རྟག་ཏུ་འཛུམ་པ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པདྨ་ནི་རང་བཞིན་གྱིས་འཇམ་ཞིང་མི་རྩུབ་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རང་བཞིན་གྱིས་འཇམ་ཞིང་དལ་གྱིས་སྨྲ་བ་ཡིན་མི་བརླང་ཞིང་མུ་ཅོར་མི་སྨྲ་བའི་རང་བཞིན་ཅན་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པདྨ་ནི་རྨི་ལམ་དང་ལྟས་དང་ཡུད་ཙམ་དག་ལ་མཐོང་ན་ཡང་འདི་ལྟ་སྟེ། དོན་འགྲུབ་པའི་ཕྱིར་བཀྲ་ཤིས་ཤིང་རབ་ཏུ་བསྔགས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཐོང་བ་ཡང་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་དུས་ཐམས་ཅད་དུ་བཀྲ་ཤིས་ཤིང་རབ་ཏུ་བསྔགས་པ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པདྨ་ནི་ནམ་སྐྱེས་པ་དེ་ན་རྣམ་པར་ཕྱེ་བ་ཞེས་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ནམ་ཤེས་རབ་དང་བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་རྒྱས་པ་དེ་ན་བློ་རྣམ་པར་ཕྱེ་བ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པདྨ་ནི་ནམ་ཡོངས་སུ་སྨིན་པར་གྱུར་པ་དེ་ན་བལྟས་ན་མིག་གི་དབང་པོ་ཚིམ་པར་བྱེད་དོ། །མཉན་ན་རྣ་བའི་དབང་པོ་ཚིམ་པར་བྱེད་དོ། །བསྣམས་ན་སྣའི་དབང་པོ་ཚིམ་པར་བྱེད་དོ། །རེག་ན་ལུས་ཀྱི་དབང་པོ་ཚིམ་པར་བྱེད་དོ། །སེམས་རབ་ཏུ་དགའ་བས་ཡིད་ཀྱི་དབང་པོ་ཚིམ་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ནམ་ཤེས་རབ་ཀྱི་སྣང་བ་ཡོངས་


LT17_Page_402
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྨིན་པར་གྱུར་པ་དེའི་ཚེ་བལྟས་ན་མིག་གི་དབང་པོ་ཡོངས་སུ་དག་པར་བྱེད། མཉན་ན་རྣ་བའི་དབང་པོ་ཡོངས་སུ་དག་པར་བྱེད། ཚུལ་ཁྲིམས་དང་ཡོན་ཏན་གྱི་དྲི་བསྣམས་ན་སྣ་བའི་དབང་པོ་ཡོངས་སུ་དག་པར་བྱེད། རེག་པ་དང་བསྙེན་བཀུར་བྱས་ན་ལུས་ཀྱི་དབང་པོ་ཡོངས་སུ་དག་པར་བྱེད། ཡོན་ཏན་བརྗོད་པ་རྣམ་པར་བསམ་པས་ཡིད་ཀྱི་དབང་པོ་རྣམ་པར་དག་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པདྨ་ནི་སྐྱེ་བའི་ཚེ་འདི་ལྟ་སྟེ། མི་དང་མི་མ་ཡིན་པ་དག་གིས་ཤིན་ཏུ་ཡོངས་སུ་བཟུང་བ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དེ་མ་ཡིན་པ་གཞན་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དག་གིས་ཤིན་ཏུ་ཡོངས་སུ་བཟུང་བ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་མ་གོས་པ་ནས་ཤིན་ཏུ་ཡོངས་སུ་བཟུང་བའི་བར་དུ་ཡིན་ཏེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་པདྨ་དང་འདྲ་བ་རྣམས་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ།། ༈ །།སློབ་དཔོན་རིན་པོ་ཆེས་དང་པོར་ཨོ་ཌི་ཡཱ་ནའི་སྐྱེད་ཚལ་ཞིག་ཏུ་བསྙེན་སྒྲུབ་ཟླ་དྲུག་མཛད་པས། ཐོག་མར་ཁྱིམ་ཞིག་པ་དང༌། ཚལ་ལ་མེ་ཤོར་བ་སོགས་ལྟས་མ་རུང་བ་མང་དུ་བྱུང་ཡང་དེའི་དབང་དུ་མ་བཏང་བར་བསྒོམས་པས་ཇི་ཞིག་ན་འདོད་པའི་དངོས་གྲུབ་བརྟན་པོ་བརྙེས་པར་གསུངས་ཤིང༌། དཔལ་


LT17_Page_403
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་མཛད་ཀྱིས་ཀྱང༌། གཞོན་ནུའི་དུས་ནང་ཅིག་སྡིག་པ་ར་ཙའི་ཕུང་པོ་ཞིག་མདུན་དུ་ཧྲིགས་ཀྱིས་འབབས་པ་གཟིགས། དེས་ཐུགས་མ་གཡོས་པའི་ཕྱིར་ན་འཕགས་མ་སྒྲོལ་མས་མངོན་སུམ་དུ་བྱིན་གྱིས་བརླབས་ཤིང༌། འཁོར་རྣམས་ཀྱིས་དུས་དེར་ཇོ་བོའི་མདུན་དུ་ཨུཏྤལ་གསར་པའི་ཆུན་པོ་ཆེ་བ་ཞིག་མཐོང་བར་བཤད་པ། འཕགས་བོད་ཀྱི་སྐྱེས་མཆོག་རྣམས་ཀྱི་ལོ་རྒྱུས་ན་འདི་འདྲ་ཆེས་མང་དུ་འབྱུང་བས། མཚམས་སྒྲུབ་སོགས་ཀྱི་ཚེ་གློ་བུར་ཡེ་འདྲོགས་ན་ཚ་དང་ལྟས་ངན་སོགས་ཅི་བྱུང་ཡང་ཁྱི་རྡོ་རྗེས་སུ་སྙེགས་པ་ལྟ་བུའི་རེ་དོགས་ཀྱི་ཙབ་ཙུབ་མི་བྱ་བར་དགེ་སྦྱོར་གྱི་རང་ས་འཛིན་ནུས་ན་རྣལ་འབྱོར་མགོ་རྒྱལ་དུ་འགྲོ་བའི་གནད་ཅིག་དེ་ན་ཡོད་དོ། ༈ །བཀའ་བརྒྱད་རང་ཤར་གྱི་ལྷ་ཁྲིད་ལས། ལྷ་ཡི་དམ་གང་མོས་པ་གཅིག་ལ་བདེ་གཤེགས་ཀུན་དོན་འདུས་ཚུལ་ནི༔་དཔེར་ན་ལྤགས་རློན་ཆུས་བཀང་བ་ཁད་དེ་གནས་པ་ལ་མཛུབ་མོས་སྟོད་སྨད་གང་ན་མནན་སར་ཆུ་བྱོ་བ་ལྟ་བུཿ ཡི་དམ་གང་མོས་གཅིག་ལ་བསྙེན་སྒྲུབ་མཐར་ཕྱིན་པར་བྱས་ནཿ བདེ་གཤེགས་ཡོངས་ཀྱི་བྱིན་རླབས་འབྱུང་ཞིང་ཿ ཕྲིན་ལས་ཐམས་ཅད་འགྲུབ་བོཿ ཅིའི་ཕྱིར་ལུང་ལསཿ ཐམས་ཅད་ངོ་བོ་མཉམ་ཉིད་སྐུ་གསུང་ཐུགསཿ ཆོས་སྐུར་གཅིག་ཕྱིར་གཅིག་འགྲུབ་ཀུན་གྱི་ངང་ཿ ཞེས་གསུངས་སོཿ ཞེས་སོ། །གཞན་ལ་དབང་བསྐུར་བ་སོགས་ཀྱིས་


LT17_Page_404
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ནུས་པ་ཉམས་པ་རྟེན་འབྲེལ་སྙིང་པོའི་གཟུངས་སྒྲུབ་ཀྱིས་གསོ་བར་འབྲི་གུང་ཆོས་གྲགས་ཀྱིས་བཤད་པའང་མཁོ། །དེའང་རབ་གནས་ཀྱི་གཞུང་ལྟར་བྱའམ་དཔྱད། ལྷའི་བྱིན་རླབས་ཞུད་པ་ཞེས་བྱ་བ་ནི། བྱིན་རླབས་འདྲེད་པ་ཞེས་པའི་དོན་ཏེ། སྲིན་དུག་ཤོར་མ་ལ་སྲིན་སྨན་མི་ཐེབས་པའམ་མི་ཟུག་པར་དར་ཞུད་འཐེན་པ་ལྟར་སོང་བ་ལ་སྨན་འདྲེད་པ་དང་དྲེད་པར་འཇོག་ཆོག་པ་ལྟ་བུར་མངོན། དེ་ལ་རྐྱེན་གང་གིས་གཡེལ་ཞུད་དུ་གྱུར་པ་ཡིན་ཡང་གཏོར་ཚོགས་དང་བསྐང་བཤགས་ཀྱིས་གསོ་བར་ཆོས་དབང་གི་སྲིད་པའི་གཏེར་ཁྱིམ་ལས་བཤད་དེ། དོན་དུ་བདག་གནས་ཡོ་བྱད་ལ་འབྱར་རྩི་རྒྱགས་པ་གལ་ཆེ་ཞིང༌། འབྱར་རྩི་ཡང་ཚོགས་གསོགས་ཡིན་པ་དང༌། དེ་འབྱར་རྩིར་འགྲོ་བ་རས་གཞིའི་དྲི་མ་སྦྱོང་བ་ལྟ་བུའི་སྡིག་སྦྱང་ལ་ལྟོས་པར་དགོངས་པ་སྟེ། བྱུར་དང་མི་ཤིས་པ་སྦྱོང་བའི་ཆོ་ག་གཞན་རྣམས་ཀྱང་གལ་ཆེ་བ་འདྲའོ། །སྒོམ་བཟླས་ཀྱིས་དངོས་གྲུབ་མཐོང་ཆོས་ལ་འགྲུབ་པ་ནི་དག་པའི་སྣང་ཞེན་འགྲུས་པ་དང་རྒྱུན་མི་འཆད་པར་གོམས་པའི་མཐུ་ཡིན་པར་བསམ་གཏན་ཕྱི་མའི་འགྲེལ་པར་གསུངས་ཤིང༌། གཞན་དུ་གཙུབ་ཤིང་ངལ་གསོ་ཞིང་གཙུབ་པས་མེ་མི་འབྱུང་བའི་དཔེས་གསུངས་པ་དང༌། གཞན་དུ་གཡེངས་པའི་སེམས་ཀྱིས་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་ཏེ། དཀྱུས་གཅིག་ལ་བྱས་པ་མིན་པའི་བསྙེན་


LT17_Page_405
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྙེན་པའི་གོ་མི་ཆོད་པ་དང༌། གཡེང་བཞིན་བཟླས་པའང་དེ་དང་འདྲ་བ་དང༌། ཐུན་མཚམས་སུའང་དྲན་འཛིན་ཆེན་པོ་བསྟེན་ནས་སྤྱོད་ལམ་གྱི་རྣལ་འབྱོར་ལས་མི་འདའ་བ་བྱེད་དགོས་པ་ཀུན་དེའི་གནད་ཀྱིས་ཡིན་ནོ། ༈ །བླ་མ་དགོངས་འདུས་ཀྱི་ཆིངས་ལྔ་ལས། ཆོས་ལོ་ལེགས་པའི་སྙེ་མ་མཐོང་བའམ་བུ་ཆུང་མེ་ཏོག་གི་ཚལ་དུ་སླེབས་པ་ལྟར་གང་བྱས་ན་དྲག་གམ་གང་ཉམས་སུ་བླང་ན་དྲག་གམ་སྙམ་ནས་འདམ་རེས་ཀྱི་ངང་དུ་མི་ཚེ་བུད་པ་མ་ཚོར་བ་འབྱུང་སྲིད་པསཿ དེ་ལྟར་མ་ཡིན་པར་རང་ཉམས་དང་བསྟུན་པར་ཆོས་གང་དད་པ་ཞིག་གི་ཕུ་ཐག་བཅད་དེ་སྤང་ལེན་ཐང་སློད་རེ་དོགས་གཉིས་འཛིན་མེད་པར་རྩེ་གཅིག་ཏུ་ཉམས་སུ་བླང་ཿ དེ་ལྟར་བསྐྱེད་རྫོགས་ལ་སོགས་གང་ཡིན་གཅིག་ལ་བརྟན་པ་ཐོབ་ཕན་ཆད་ཆོས་ཐམས་ཅད་ཀྱི་དགོངས་པ་ལོན་ནས་གཅིག་ཤེས་ཀུན་ལ་མཁས་པར་འགྱུར་རོཿ ཞེས་དང༌། པདྨའི་གསང་སྔགས་ལམ་རིམ་གྱི་རང་འགྲེལ་ལས་ཀྱང་འདི་ཁོ་ན་བཞིན་ནན་ཏན་དུ་གདམས་སོ། །འདི་ནི་སྐྱབས་རྗེ་གཏེར་ཆེན་བླ་མ་རྣམ་པ་གཉིས་ཀས་ཡང་དང་ཡང་དུ་གདམས་པར་མཛད་ཅིང༌། སྔོན་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་སྤྱི་ལུགས་གལ་པོ་ཆེར་སྣང་ངོ༌། །རང་གི་ཡི་དམ་གྱི་ལྷ་དང་གདམས་ངག་ལ་གཉིས་འཛིན་མི་བྱ་བར་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་བློ་ཧྲིལ་གཏོད་པ་ནི་སྲོག་ལྟར་གཅེས་སོ།། ༈ །།སེམས་ཉིད་ངལ་བསོ་རྩ་བའི་ཕྲིན་ལས་སུ། དེ་བཞིན་གཤེགས་པ་ཐམས་


LT17_Page_406
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིཿ སྙིང་པོ་ཡི་གེ་བརྒྱ་པ་ཡང་ཿ ཐུན་མཚམས་རྣམས་སུ་ཉེ་བར་བཟླཿ སྒྲིབ་དག་ནུས་པ་མཆོག་ཏུ་འགྱུརཿ ཞེས་གསུངས་ཤིང༌། གཞན་དུ་མར་ཡང་ཡིག་བརྒྱས་ཆད་ལྷག་གི་ཉེས་པ་ཞི་བ་དང༌། བྱིན་རླབས་བརྟན་པར་བྱེད་པར་གསུངས་པས་ཐུན་མཚམས་སུ་བཟླ་བ་གཅེས་སོ། །འདི་གཡེལ་ཞུད་སྐོར་སྲུང་བ་ལ་ཟབ་པར་དེ་ཉིད་བསྡུས་པ་ལས་གསུངས། ༈ །ཟབ་གཏེར་ཆེན་པོ་རྣམས་ལ་སྒྲུབ་འབྲས་མཐོང་ཆོས་སུ་འབྱིན་པའི་འབྲས་བུའི་དུས་དང༌། ཉམས་ལེན་ཚད་ལྡན་བྱེད་པ་རེ་མང་ཡོད་པའི་སྒྲུབ་པའི་དུས་དང༌། དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཙམ་རྣལ་མ་ཡོད་པའི་ལུང་གི་དུས་དང༌། དེའང་ཉམས་པ་རྟགས་ཙམ་འཛིན་པའི་དུས་ཀྱི་རིམ་པ་སོ་སོར་ཡོད་པར་རྗེ་བླ་མས་གསུངས། དེ་ནི་གཏེར་ཁ་གོང་འོག་དང༌། བི་མ་དང་མཁའ་འགྲོའི་སྙིང་ཐིག་བྱང་གཏེར་སོགས་ཀྱི་ལོ་རྒྱུས་ལ་བརྟགས་ན་ཤེས་པ་ཡོད་དོ། །དེའང་རཏྣའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམསཿ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང་ཿ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བསཿ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞགཿ ལས་ཅན་བུ་དང་ཕྲད་པའི་སྨོན་ལམ་བཏབཿ ཅེས་པ་ལྟར་བོད་ན་སྔགས་ཀྱི་གདུལ་བྱ་མང་བ་དང༌། དེའི་ནང་ནས་ཀྱང་མང་པོ་ཞིག་སྨོན་ལམ་གྱི་མཐུ་ཅན་ཡིན་ཡང་གསར་ངས་ཆེ་བ་ཡིན་


LT17_Page_407
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་ལ་སྙད་བཏགས་ནས་གསུང་རྡོ་རྗེ་པདྨ་སཾ་བྷ་ཝས་གཏེར་ཆོས་རྣམས་ལ་ཐད་ཀ་ཐད་ཀའི་འབྲས་བུའི་དུས་རེ་བྱིན་གྱིས་བརླབས་པར་སྣང་སྟེ། གསང་སྔགས་ཀྱི་ཆོས་ཀྱི་བྱིན་རླབས་ནི་གདུལ་བྱས་དད་གུས་དང་གསང་རྒྱ་སོགས་གཅེས་སྤྲས་མ་ཉམས་པས་ལྷག་པར་འགྱུར་ལ་གཅེས་སྤྲས་དེའང་གསར་ངས་ཅན་གྱིས་ནི་གསར་པ་ལ་སྒྲིམ་ཞིང་རྙིང་པ་ལ་ལྷོད་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ན་གཏེར་ཆོས་གསར་པ་རྣམས་ལ་མཁའ་འགྲོའི་ཁ་རླང་དད་པ་མ་ཡལ་བའི་ཆོས་ཞེས་གཙིགས་ཆེར་འཛིན་ཏེ། ཆོས་དབང་གཏེར་བྱོན་མཁའ་རིའི་ཞུས་ལན་དུའང༌། བོད་འདིར་ཐུགས་གཏེར་ལྔ་དང༌། གཏེར་ཆེན་བརྒྱ་རྩ། གཏེར་ཕྲན་བྱེ་བ་སྦས་པར་གསུངས་ནས། དེ་ཙམ་དུ་མང་བ་སྦེད་པའི་རྒྱུ་མཚན་བོད་ཀྱི་རྒྱལ་ཁམས་གསར་ངས་ཆེ་བའི་ཕྱིར་རོ་ཞེས་བཤད། སྙིགས་མའི་གདུལ་བྱ་བརྩོན་འགྲུས་དང་ཤེས་རབ་དམན་པ་རྣམས་ལ་སློབ་དཔོན་རིན་པོ་ཆེ་ཉིད་བཀའ་དྲིན་ཟླ་མེད་པར་བྱེད་དོ། །གཏེར་དཔེ་ལས་ཆོས་བསྒྱུར་དུས་རྟོག་པ་གཞན་གྱིས་གཏན་ནས་བར་མ་ཆོད་པ་དགོས་ཏེ། དེ་ཆོད་ན་ངེས་པར་བཅོས་ཕོག་པའི་ཉམས་ཀྱི་འཆར་ཆ་དང༌། བླ་མ་མཁའ་འགྲོའི་བྱིན་རླབས་ཀྱིས་ཚུར་གཏད་པའི་སྣང་བ་གང་ཡིན་བྱེད་མི་ནུས་པར་སོང་ནས་ཚིག་དོན་ལ་བསླད་སྐྱོན་ཞུགས་འགྲོ་བས། གཏེར་ཆོས་དེ་


LT17_Page_408
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷད་ཞུགས་མ་ཞུགས་གཏེར་སྟོན་རང་གིས་ཀྱང་ངེས་དཀའ་བ་ལྟ་བུར་ཡོད་ཅེས་གསུང་རྒྱུན་དུ་འབྱུང་སྟེ། ཆོས་རྒྱལ་རིན་ཆེན་གླིང་པའི་གཏེར་ཆོས་སོགས་ལའང་ལྷད་ཅན་ཡོད་པར་མཁའ་འགྲོ་ཡང་ཏིག་ལས་གསུངས་པ་དེ་འདྲ་ལ་དགོངས་ཀྱི་རྫུན་ལབ་ཟེར་བ་མིན་ནོ། །འདི་ལ་ནི་ནང་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་དང༌། ཕྱི་བླ་མ་མཁའ་འགྲོའི་བྱིན་རླབས་སྨིན་ཚབས་ཆེ་བ་དགོས་ཏེ། གཏེར་སྟོན་བརྒྱུད་པའི་གསང་ཚིག་གཅིག་གོ༌།དེས་ན་གཏེར་གསར་གྱི་ནང་ནས་ཀྱང་བདེ་བ་ཆེན་པོའི་རྣལ་འབྱོར་ལས་རུང་མཐར་སོན་པ་རླབས་པོ་ཆེའི་གཏེར་སྟོན་གྱི་ཆོས་ལ་གཙོ་བོར་བྱ་དགོས་སོ། །གཏེར་གསར་དུས་ཀྱི་ལོ་ཏོག་བརྗེ་བ་ལྟར་བརྒྱུད་མར་འབྱུང་བའི་སྒོ་ནས་གུ་རུ་བཀའ་དྲིན་ཆེ་བར་བྱེད་པའི་ཚུལ་ད་དུང་བཤད་ན། རིང་རྒྱུད་རྣམས་སྣོད་མིན་ལ་འཕེལ་བས་བཀའ་འཆལ་བ་དང༌། དམ་སེལ་གྱིས་བར་བཅད་པ་དང༌། གཟུ་ལུམ་རང་བཟོའི་ལྷད་སྐྱོན་ཞུགས་པ་དང༌། བརྒྱུད་པ་ལ་འདྲེ་སོགས་བར་ཆད་འཇུག་པའི་སྲོལ་དོད་པ་དང༌། བར་སྐབས་སུ་བརྒྱུད་འཛིན་བརྩོན་འགྲུས་ཆུང་བས་ལེགས་པར་མ་བསྒྲུབ་པའི་ཉེས་པས་བསྒྲུབ་འབྲས་ཐོབ་པ་མ་བྱུང་ནས་ཡུན་རིང་སོང་བ་ལ་སོགས་རྒྱུ་མཚན་མང་པོ་ཞིག་གིས་དངོས་གྲུབ་ཤིན་ཏུ་འགྲུབ་པར་དཀའ་བའི་དུས་ན་གཏེར་བརྒྱུད་གསར་པ་ལ་བརྟེན་ནས་གསང་སྔགས་སྒྲུབ་སླ་བར་མཛད་ཅིང༌། དེའང་མི་ཐོག་རེ་གཉིས་ལ་དེ་འདྲ་བྱུང་བ་ཙམ་མིན་པར་མ་འོངས་ཕྱི་མ་ཕྱི་


LT17_Page_409
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དུས་མཐའི་བར་དུ་ཚུལ་དེས་གསང་སྔགས་ཀྱི་བསྟན་པ་གསོ་བའི་ཕྲིན་ལས་རྒྱུན་མི་ཆད་པར་འབྱུང་བ་ལ་བསམས་ན་དུས་ངན་སྙིགས་ལས་ཆེར་སྙིགས་འདི་ལྟ་བུར་མཐའ་འཁོབ་ཀྱི་ཡུལ་དུ་སྐྱེས་པའི་སྔགས་ཀྱི་གདུལ་བྱ་རྣམས་ལ་མ་ལྟར་བརྩེ་བའི་མགོན་པོ་འདི་དང་མཉམ་པ་སུ་ཞིག་རྙེད་དེ། ངམ་ཤོད་རྡོར་སེམས་ཁ་བྱང་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ གདོང་དམར་བོད་ཀྱི་རྒྱལ་ཁམས་སུཿ མདོ་སྔགས་ཆོས་ཀྱི་སྒྲོན་མེ་སྤརཿ ཉོན་མོངས་དུག་ལྔའི་མུན་པ་བསལཿ མ་འོངས་སྐྱེ་བོ་བྱོལ་ཉོག་པསཿ གཟུ་ལུམ་རས་ཆོད་དར་བའི་ཚེཿ ཟབ་ཆོས་ཕལ་གྱི་ནུས་མཐུ་ཡལཿ བསྒྲུབ་ཀྱང་དོན་མེད་ངལ་བས་ནཿ བརྩེ་ཆེན་འགྲོ་ལ་ཕན་བཞེད་ནསཿ ཟབ་མོའི་གདམས་པ་ཇི་སྙེད་པཿ བཀའ་རྒྱས་བཏབས་ནས་གཏེར་ཏུ་སྦསཿ དུས་རྟགས་གདུལ་བྱ་འཛོམས་པ་ནཿ རིམ་བཞིན་བཏོན་ནས་དོན་བྱེད་པརཿ སྨོན་ལམ་གཏད་རྒྱས་གཉེར་དུ་གཏདཿ ཅེས་སོ། །འདི་དག་ཨོ་རྒྱན་རིན་པོ་ཆེའི་བྱིན་རླབས་དང༌། དེའི་སྤྱན་སྔར་སྨོན་ལམ་མཐུ་ཆེན་ཐེབས་པའི་གཏེར་སྟོན་རྣམས་ཀྱི་ལས་སྨོན་གཉིས་འཛོམས་པ་ལས་བྱུང་བས། གཏེར་སྟོན་སྤྲུལ་པའི་སྐུ་རྣམས་ཀྱི་བཀའ་དྲིན་དུའང་སྦྱོར་ཆོག་གོ།། ༈ །།གུ་རུ་རིན་པོ་ཆེས་བོད་ཡུལ་འདི་ལྷག་པར་ཕྱག་མཚན་དུ་བཞེས་ཚུལ་ནི། ཕྱོགས་འདིར་བསྟན་པ་ལ་འགལ་རྐྱེན་བྱེད་པ་


LT17_Page_410
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚར་བཅད་པ་ནི། བཀའ་གདམས་གླེགས་བམ་དུ། སྤྲུལ་པ་གཅིག་ནི་ལྷ་འདྲེ་འདུལ་དུ་འགྲོ། །ཞེས་པ་ལྟར་རྒྱལ་བའི་ཕྲིན་ལས་ལ་བར་ཆད་བྱེད་པའི་ལྷ་འདྲེ་ཆེན་པོ་རྣམས་བཏུལ། ནང་བོད་ཁམས་རང་དང༌། ཕྱི་རོལ་ཀླ་ཀློ་སོགས་བསྟན་པ་ལ་སྡང་བའི་མི་རྣམས་དང་ཕྱི་དུས་གསར་སྐྱེས་ཀྱི་ལྷ་འདྲེ་ནག་ཕྱོགས་པ་རྣམས་ཚར་བཅད་ཕྱིར་དྲག་སྔགས་མང་པོ་བསྟན་ཅིང་གཏེར་དུ་བསྐུངས། ཆོས་འགལ་གྱི་བོན་རྣམས་བསྣུབས། སྡོམ་གསུམ་རབ་དབྱེར། རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སོགས་ལྟར་བརྟན་མ་བཅུ་གཉིས་ལ་བོད་དུ་མུ་སྟེགས་པ་མི་འཇུག་པའི་གཉེར་གཏད་མཛད་པ་སོགས་སོ། །བསྟན་པའི་མཐུན་རྐྱེན་འདུ་མཛད་པ་ནི། ཕན་བདེའི་རྩ་ལག་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་ཤིང་རབ་གནས་མཛད། དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། གནས་པའི་ཕོ་བྲང་ཆེན་པོ་ལྟར་བྱིན་གྱིས་རློབས་པ་ཞེས་པ་དང་ཚུལ་མཐུན་པར། དཀྱིལ་ཆོག་དང༌། ཚོགས་འཁོར་མང་པོ། ལྟ་ཕྲེང་ཉན་བཤད། ཟབ་གཏེར་སྦས་པ་སོགས་ཀྱི་སྒོ་ནས་མཐའ་དབུས་ཀྱིས་ཆ་མང་པོ་རྡོ་རྗེའི་གནས་ཡུལ་དུ་བྱིན་གྱིས་བརླབས་ནས་སངས་རྒྱས་མཐོང་བའི་ལྷ་དང༌། སྔགས་བསྟན་ཀླུ་ལ་ཆུ་གཡང་ལྟར་ཆགས་པའི་རིག་འཛིན་ཌཀྐི་རྣམས་དབྱར་སྤྲིན་བཞིན་འདུ་བའི་རྩ་གསུམ་སྲུང་མའི་བླ་ཆགས་ཀྱི་གནས་སུ་


LT17_Page_411
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ཉིད་ཀྱིའནག་སྐུ་ཚབ་དང་ཕྱག་ཞབས་ཀྱི་རྗེས་སོགས་ཤིན་ཏུ་མང་བ་བསྟན་པའི་བཙས་སུ་བརླབས་ཏེ་བཞག །ཡུལ་མིའི་བསམ་སྤྱོད་ནི་ཡུལ་བདག་བྱེད་པའི་ལྷ་སྲུང་གི་དབང་གིས་སྒྱུར་བར་བཤད་ཅིང༌། ལྷག་པར་བོད་མ་སང་འདྲེའི་ཡུལ་ཟེར་བ་ལྟར་རྟག་ཆགས་ཀྱི་ཡུལ་ལྷ་ཤམ་པོ་དང་ཐང་ལྷ་སོགས་ནི་བོད་འདིར་དབང་ཆེ་བ་ཡིན་པས། དེ་རྣམས་སྐྱབས་འགྲོ་དང་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་བཀོད་དེ། སེམས་བསྐྱེད་ཕོག །དཀྱིལ་འཁོར་དུ་བཅུག་ནས་གསང་སྔགས་ཀྱི་སྲུང་མར་བསྐོས་པ་ནི། ཕྱོགས་འདིར་བསྟན་པ་སྤྱི་དང༌། བྱེ་བྲག་བསྟན་པའི་ཉིང་ཁུ་སྔགས་བསྟན་རྒྱས་ཤིང་ནུབ་དཀའ་བའི་ཐབས་མཁས་ཆེན་པོའོ། །ཚེ་སྒྲུབ་དང་ནོར་སྒྲུབ། དབང་སྡུད་སྣ་ཚོགས། ཆོས་ལྡན་རྒྱལ་པོ་སོགས་ཀྱི་རིགས་བརྒྱུད་དང་མངའ་ཐང་གསོ་བ་ལ་སོགས་པའི་གཏེར་ཁ་ཟད་མི་ཤེས་པ་རྣམས་ཀྱང་མཐུན་རྐྱེན་ནོ། །བསྟན་པ་ཉིད་གསལ་བར་མཛད་ཚུལ་ནི། ཞི་འཚོ་དང༌། བླ་ཆེན་པོ། དཔལ་ལྡན་ཨ་ཏི་ཤ་རྣམས་ཀྱང་གུ་རུ་འདི་ཉིད་ཡིན་པར་བཀའ་གདམས་གླེགས་བམ་དུ་འབྱུང་ལ། དེར་སྤྲུལ་པ་གཅིག་ནི་མདོ་ཁམས་སྨད་དུ་འགྲོ། །ཞེས་པ་རྗེ་བཙུན་ཙོང་ཁ་པར་གྲགས་ཏེ། རྗེ་དགེ་འདུན་རྒྱ་མཚོ། པཎ་ཆེན་ཆོས་རྒྱན་སོགས་ཀྱིས་ཀྱང་བཤད་དོ། །དེས་ན་དེ་དག་གིས་བསྟན་པ་སྤྱིར་བསྐྱངས་པའི་


LT17_Page_412
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་རྣམས་ཀྱང་འདིའི་མཛད་པར་ངེས་ཤིང༌། སྐུའི་རྣམ་འགྱུར་འདི་དབང་དུ་ན། ལམ་རིམ་དུ། པདྨ་སཾ་བྷ་བས་བསྟན་པའི་སྲོལ་གཙུགས། ཞེས་ཏེ། ཇོ་བོའི་རྣམ་ཐར་ན། སློབ་དཔོན་པདྨས་མཁའ་འགྲོའི་གནས་ནས་རྫུལ་འཕྲུལ་གྱིས་བླང་བར་མངོན། ཞེས་དང༌། དེ་དུས་ཀྱི་བསྟན་པ་འདྲ་བ་རྒྱ་གར་ནའང་དཀའ། ཞེས་པ་ལྟར་སྔགས་རྒྱུད་ཁྱད་པར་ཅན་མང་པོ་སྤྱན་དྲངས་ཤིང༌། བསྒྱུར་ཞུས་མཛད། སྒྱུ་འཕྲུལ་དང༌། སངས་རྒྱས་མཉམ་སྦྱོར། བཀའ་བརྒྱད་ལ་སོགས་པའི་ཆོས་འཁོར་བསྐོར་ཏེ་རྒྱུད་སྡེ་རབ་འབྱམས་ལ་མཁས་པ་དང༌། དངོས་གྲུབ་བརྙེས་པའི་སྐྱེས་མཆོག་བཻ་རོ་དང་ནམ་སྙིང་རྨ་ལོ་སོགས་བགྲང་བར་དཀའ་བའི་བསྟན་འཛིན་བསྐྲུན་ཅིང་བསྟན་རྒྱུན་བཞག །གཏེར་བརྒྱུད་ཀྱིས་སྔགས་བསྟན་བརྒྱུད་མར་གསོ་བའི་ཞལ་བཞེས་སྩལ་བ་ལྟར་བདེན་འབྲས་མངོན་སུམ་དུ་བསྟན། དེ་སྲིད་དུ་གུ་རུ་ཉིད་ཀྱི་གདུལ་བྱའི་འཕྲོ་སྐྱོང་ཞིང་ཕྲིན་ལས་ཀྱི་རྒྱུན་གསོ་བའི་ཆོས་ཀྱི་རྒྱལ་ཚབ་རེའང་རྒྱུན་མི་འཆད་དུ་འབྱུང་བ་ཡིན་ནོ། །དེའི་ཕྱིར་ས་པཎ་གྱིས། བརྡུལ་ཞུགས་གྲུབ་པ་པདྨ་སཾ་བྷ་བ། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །ཞེས་སོ། །དེ་ལ་དགོངས་ནས་དཔལ་ལྡན་ཞི་འཚོས། པདྨ་སཾ་བྷ་བ་ཞེས་བྱ་བ་འཛམ་བུའི་གླིང་ན་ཆེ་བའི་རིགས་སྔགས་མཁན་ཞིག་ཡོད། དེ་སྤྱན་དྲངས་ན་ཆོས་རྒྱལ་ཉིད་དང་སྨོན་ལམ་གཅིག་པས་དོན་འགྲུབ་པར་འགྱུར་ཞེས་


LT17_Page_413
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་སྲོང་ལ་ལུང་བསྟན་ནོ། །ལར་གུ་རུ་ཞི་བ་བྱང་ཆུབ་སྟེར་བ་དང༌། དྲག་པོ་བར་ཆད་འདུལ་བ་ལ་བསྔགས། དང་པོ་འདི་ལ་གཏེར་ཕྱོགས་སུ་ཟ་ཧོར་མ་ཤས་ཆེ་བས། དེའི་རྒྱུ་མཚན་བཤད་ན། བཀའ་གདམས་གླེགས་བམ་ལས་བླ་མ་དྲི་མ་མེད་པ་རྒྱ་གར་དུ་གྲུབ་ཐོབ་ལྔ་བཅུར་གྲགས་ཚུལ་གྱི་ཐད་ན། ཐམས་ཅད་ཀྱང་ཉན་ཐོས་ཀྱི་ཆ་བྱད་ཁོ་ནར་སྟོན་ནོ། །ཞེས་པ་ལྟར། ཆོས་གོས་གསོལ་བ་ནི་དཀྱུས་མའི་ཆ་བྱད་ཡིན་ཏེ། སྔ་ནས་རབ་འབྱུང་གི་ཆས་སུ་བཞུགས་པས་སོ། །གསང་ཕོད་བེར་འདུང་པད་ཞྭ་རྣམས་ནི་ས་ཧོ་རའི་རྒྱལ་པོ་གཙུག་ལག་འཛིན་གྱིས་རང་གི་ཞྭ་གོས་གསར་པ་ཆེ་རྟགས་སུ་ཕུལ་བའི་དུས་ཀྱི་སྐུ་ཆས་སོ། །དེའང་སློབ་དཔོན་རིན་པོ་ཆེ་འཛམ་གླིང་ཡུལ་དབུས་ཀྱི་མིའི་སྐྱེ་བོ་བགྲང་བར་དཀའ་བའི་མདུན་དུ་མཐུན་སྣང་ལ་སྔགས་ཀྱི་ཐེག་པ་རྒྱ་ཆེར་བཤད་པར་གསོལ་བ་འདེབས་པ་པོའི་ཐོག་མ་ནི་རྒྱལ་ཆེན་གཙུག་ལག་འཛིན་ཡིན་ལ། དེས་གང་གི་ཚེ་གསོལ་བ་བཏབ་པ་ནི། ཡུལ་དེར་སྔགས་ཀྱི་ཀུན་སྤྱོད་དང་འབྲེལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པ་ནའོ། །ཚུལ་ཇི་ལྟར་བཏབ་ན། དཔག་ཚད་དུ་མར་ཁྱབ་པའི་མིའི་ཁྲོམ་ཚོགས་ཀྱི་དབུས་སུ་ས་ཧོ་རའི་རྒྱལ་སྲིད་ཕུལ་ཞིང༌། དེའི་རྟགས་སུ་རང་གི་ཞྭ་ཐོད་ཟབ་བེར་སོགས་སྐུ་ལ་གསོལ་ནས་སོ། །དེའི་ལྷའི་དབང་པོ་བརྒྱ་བྱིན་འཁོར་བཅས་ཀྱིས་ཀྱང་བསྟོད་དབྱངས་རོལ་མོ་དང་བཅས་པས་མཆོད་དེ།


LT17_Page_414
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་མི་དང་ལྷ་ཡུལ་པའི་གཙོ་བོ་དག་གིས་དྲེགས་པའི་རལ་པ་དུས་གཅིག་ཏུ་བསྙིལ་ནས་བཏུད་དོ། །དེར་གུ་རུ་ཉིད་ཀྱིས་ཀྱང༌། རྒྱལ་པོ་འཁོར་བཅས་ཀྱི་ཚོགས་རྫོགས་པའི་ཕྱིར་ཆས་འདི་དག་བཞེས་པའི་སྟེང་ནས་སྔགས་ཀྱི་ཆོས་འཁོར་ཁྱབ་གདལ་དུ་བསྐོར་རོ། །འདི་སྐབས་ནི་སྐལ་ལྡན་བརྒྱ་འམ་སྟོང་སོགས་སྨིན་གྲོལ་ལ་བཀོད་པ་ཙམ་མིན་གྱི། ཟ་ཧོར་མ་སྨིན་བར་དུ་བསྡད་ཀྱིས་གསུངསཿ སེམས་ཅན་མ་སྨིན་པ་ནི་གཅིག་ཀྱང་མེདཿ ཅེས་ཡུལ་འཁོར་ཆེན་པོའི་མི་ཚོགས་སངས་རྒྱས་ཀྱིས་ལ་ཁྱུ་དེད་བཏང་བའི་མཛད་ཆེན་ནོ། །ཐུན་མོང་བའི་སྣང་ངོར་སྐུ་ཚེ་འདིར་འགྲོ་འདུལ་གྱི་ཕྲིན་ལས་རྒྱ་ཆེར་རྒྱས་པའི་ཐོག་མ་ནི་དེ་ཡིན་པར་གཏེར་ཕྱོགས་ཞིབ་ཏུ་བལྟས་ན་ཤེས་སོ། །འདི་ཟངས་གླིང་མ་དང་དགོངས་འདུས་ལོ་རྒྱུས་ཤེལ་གྱི་མེ་ལོང་དང༌། ཆོས་དབང་མཛད་པ་བཅུ་གཅིག་མར་མ་ར་ཏི་ཀར་ཚེ་དབང་བསྒྲུབས་རྗེས་ཀྱི་དང༌། ཤེལ་བྲག་མར་མ་བསྒྲུབ་གོང་གི་མཛད་པ་ལྟར་བཤད། དགེ་སློང་གི་རྣམ་པར་ནི་དེ་གོང་ནས་བཞུགས་པས་ཆས་དེ་ནི་མཛད་ཆེན་དེ་བསྟན་རྗེས་སུ་དང་མ་བསྟན་གོང་གཉིས་ཀའི་སྐུ་ཆས་ཐུན་མོང་བ་ཡིན་ལ། ཆ་བྱད་འདི་ནི་དེ་ཚུན་མ་གཏོགས་མེད་པས་ཐུན་མིན་ཏེ། དེས་ན་གུ་རུས་རྡོ་རྗེ་ཐེག་པའི་བསྟན་པ་ཁྱབ་གདལ་དུ་སྤེལ་བའི་མཛད་པ་བསྟན་རྗེས་ཀྱི་སྐུའི་རྣམ་པ་བྱེ་བྲག་ཏུ་མཚོན་ནུས་པ་ལ་འདི་ཁོ་ན་བཟང་བས། རྡོ་རྗེ་ཐེག་པའི་ཆོས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་


LT17_Page_415
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྗེས་སུ་འཛིན་པར་འདོད་ན་འདི་གཙོ་བོར་བྱེད་དགོས་སོ། །ཆ་བྱད་སྣ་ཚོགས་བསྲེས་པ་འདིས་འདོད་དགུར་བསྒྱུར་བའི་འཕྲུལ་མཚན་དང༌། མཛད་པ་སྣ་ཚོགས་ཅན་དུའང་མཚོན། དེ་དག་གི་ཕྱིར་གཏེར་སྦེད་ཀྱི་མཛད་པ་སྟོན་དུས་ཀྱང་ཆ་བྱད་འདི་བཞེས་པར་བཤད་དེ། དེས་ན་གཏེར་སྦེད་ཀྱི་གླེང་གཞི་དང་འབྲེལ་བའི་ཆ་ལུགས་འདི་ཡིན་པའི་གནད་ཀྱིས་གཏེར་གཞུང་རྣམས་སུ་འདི་མང་བ་ཡིན་ནམ་སྙམ། ཕྱག་མཚན་ལ། མཉམ་བཞག་ཐོད་པ་ཅན་སོགས་ཀྱང་ཡོད་མོད་དེ། འདིར་ནི་རྡོ་རྗེས་དངོས་གྲུབ་ཀྱི་བར་ཆད་ཚར་གཅོད་པ་དང༌། བུམ་ཐོད་སྒྲུབ་པ་པོ་དངོས་གྲུབ་ཀྱིས་རྗེས་སུ་འཛིན་པ་སྟེ། ཕྱི་མ་ལའང༌། བདེ་ཆེན་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བ་དང༌། དེ་ལ་བརྟེན་ནས་འཆི་མེད་ཀྱི་དངོས་གྲུབ་སྟེར་བའི་མཚན་མར་ཐོད་ཆང་དང༌། ཚེ་བུམ་རིམ་བཞིན་ནོ། །དངོས་གྲུབ་བརྟན་གཟིགས་སུ། རྡོ་རྗེ་ལས་གུར་དྲག་དང༌། ཐོད་བུམ་ལས་ལྷ་མོ་མགྱོགས་མ་སྤྲོ་བར་བཤད་པའང་འདི་དང་མཐུན། སྐུ་འདི་དང་པོར་པདྨའི་མཚོ་གླིང་དུ་བལྟམས་དུས་ནས་ཕྱག་མཚན་རྡོར་ཐོད་ཅན་དུ་བྱུང་བར་ཟངས་གླིང་མ་ལས་བཤད་ཅིང༌། ཕྱིས་ཀྱང་དེ་དང་མཐུན་པའི་མཛད་པ་ཅན་དུ་བྱོན་པར་སྣང་སྟེ། ལྷ་སྲིན་དམ་འདོགས་སོགས་སྣང་སྲིད་ཟིལ་གྱིས་གནོན་པའི་ཕྲིན་ལས་ནི། རྡོ་རྗེ་བསྡིགས་མཛུབ་ཀྱི་དང༌། སྐལ་ལྡན་གྲངས་མེད་ལ་དགོངས་པ་


LT17_Page_416
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ཅིང༌། བདེ་བ་ཆེན་པོའི་ལམ་དབང་རིམ་གཉིས་བཅས་བསྟན་ནས་འཆི་མེད་ཀྱི་གོ་འཕང་ལ་སྦྱར་བ་ནི་མཉམ་བཞག་བུམ་ཐོད་ཀྱིའོ། །ཞལ་ཞི་འཛུམ་ཁྲོས་པའི་ཉམས་སུ་བཤད་པའང་འདིས་བཤད་ནུས། པད་ཞྭའི་སྐབས། པད་ཞྭ་གང་ཡིན་ཟ་ཧོར་མའི་ཆས་སུ་བྱེད་དགོས་པ་ནི་མིན་ཏེ། པདྨ་ཁ་འབུས་ཀྱི་ལོ་རྒྱུས་སོགས་ཀྱིས་ཤེས་སོ། །དེས་ན་གུ་རུ་ཟ་ཧོར་མ་ཡིན་མིན་ཀུན་ལ་པད་ཞྭ་ལྷུབ་ཆེན་སོགས་པད་ཞྭ་རེ་གསོལ་བ་ནི། ཞྭ་བྱས་ཀྱང་དོན་དུ་པདྨའི་རྣམ་པའི་ཅོད་པན་འཆང་བ་སྟེ། པདྨའི་རིགས་སུ་སྟོན་པའོ། ༈ །བསྙེན་མཚམས་སྐབས། སྔོན་དུ་དཀོན་མཆོག་ལ་མཆོད་པ། སྡིག་ལྟུང་སྤྱི་དང་ཁྱད་པར་ཉམས་ཆག་བཤགས་སྦྱངས། གསུང་རབ་སྒྲོགས་པ། སཙྪ་གདབ་པ། སྲོག་བསླུ་བ། ལམ་འཕྲང་འཆོས་པ་ཆ་གསུམ་དང་ཆུ་གཏོར་སོགས་གཏོར་མའི་རྣལ་འབྱོར་གྱིས་མཚོན་དགེ་བའི་དཔུང་ཅི་འགྲུབ་བསྒྲུབས་པར་བྱས་ན་རྒྱུད་འབྱོངས་ཤིང་བར་ཆད་མི་འཇུག་པ་དང༌། དངོས་གྲུབ་མྱུར་དུ་འཐོབ་པར་གསུངས། མ་གྲུབ་ཀྱང་ཆད་སྐྱོན་དུ་མི་འགྱུར། དེ་ནས་གནས་བྱི་དོར་བྱ་སྟན་འོག་ཏུ་འབྲས་སམ་ས་དཀར་པོས་གཡུང་དྲུང་གཡས་བསྐོར་འབྲི། ཀུ་ཤའི་གདིང་བ་བཀྲམ། སྔར་སྔོན་འགྲོའི་བསགས་སྦྱང་མ་སོང་བ་འམ་སོང་ཡང་ཁ་གསོའི་ཚུལ་དུ་བྱེད་ན། དུས་བཟང་པོའི་


LT17_Page_417
[མ་དཔེ་གཟིགས་ན་འདིར་གནོན།]

དགོང་མོ་བདག་བསྐྱེད་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཟླས་པའི་བར་གྱི་མཐར། བསྡུ་ལྡང་བྱས་ཏེ། ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་སོགས་དཀར་ཕྱོགས་པ་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་ལ་བགེགས་གཏོར་བྱིན་ནས་བཀའ་བསྒོ་སྔགས་ཐུན་སོགས་ཀྱིས་བགེགས་བསྐྲད་བྱེད། སྲུང་འཁོར་བསྒོམ། དེ་ནས་བློ་ལྡོག་བཞི་ཅི་ནུས་སུ་བསྒོམས་པས་རྒྱུད་བསྐུལ་ཏེ། སྐྱབས་སེམས་ཡིག་བརྒྱ་མཎྜལ་རྣམས་དང༌། བླ་རྣམ་གྱི་ཡན་ལག་བཅུ་པ་དང༌། གསོལ་འདེབས། སིདྡྷི་རྣམས་ཐུན་དུ་བཅད་དེ་ཤར་སྒོམ་གྱི་ཚུལ་དུ་ཅི་འགྲུབ་བྱ། མཎྜལ་བླ་རྣམ་དུ་བཅུག་ཀྱང་རུང་བ་འདྲ། ཐུན་རེ་བཞིན་སྔོན་འགྲོ་ཁ་ཚང་རེ་གཏོང་བའི་ལུགས་ཏེ། ཐུན་བཞི་བྱ། དེ་ལྟར་ཞག་གསུམ་མམ་བདུན་ནམ་ཉེར་གཅིག་སོགས་འབད། དེ་སོང་ནས་ཡང་བདག་བསྐྱེད་དཀར་གཏོར། བགེགས་སྐྲོད་རྣམས་སྔར་བཞིན་བཏང་རྗེས། རྒྱལ་ཐོའི་ཆོ་གས་ཐོ་གཟུགས། སྲུང་ཁོར་རྒྱས་པར་བསྒོམ། འདི་ནས་བཟུང་སྔར་དམིགས་འོག་ཏུ་མ་བཅུག་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཀྱང་སྤང༌། དེ་ནས་བཤམས་བཀོད་གཙང་དག་བྱ། དེ་ཀའི་དགོང་མོ་ལས་གཞུང་མི་སྲོང་ན་བྱིན་འབེབས། མཆོད་རློབ། ཤིས་བརྗོད་བཅས་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་


LT17_Page_418
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནའང་ལེགས་སྙམ། འཕྲོ་རྣམས་སླ། སྔོན་འགྲོའི་བསགས་སྦྱང་འབུམ་ལྔ་སྐོར་གསོག་མི་དགོས་ན་ནི་མཚམས་གཅོད་ཐང་གཉིས་མི་དགོས་ཏེ། ལར་གཞུང་ལས། མེད་དུ་མི་རུང་ལམ་སྟེགས་སོཿ ཞེས་གསུངས་པས་སྔོན་འགྲོའི་སྐོར་གསོག་ནི་ངེས་པར་གསོག་དགོས་སོ། །ཡང་རིལ་སྒྲུབ་དང་གཏོར་བཟློག་སོགས་ཤིན་ཏུ་གཟབ་སྤྲོ་བྱེད་སྐབས་ནི། སྔར་བསྙེན་སྒྲུབ་སོང་ཚར་ཡང་ཁ་གསོའི་བསྙེན་སྒྲུབ་ཐེམ་པར་བྱས་ལ་གདོད་བརྩམ་པར་བྱ་སྟེ། ལྷག་པར་དབང་གི་སྐབས་ལ་བསྙེན་པ་ཁ་གསོ་གལ་ཆེའོ། །གཏོར་ཟློག་གི་དུས་སྔོན་དུ་ལྷ་སྲུང་མཆོད་གཏོར་གྱིས་མཉེས་པ་དང༌། འབྱུང་པོ་གཏོར་མས་བརྔན་པ་གལ་ཆེ་བར་གསང་རྫོགས་གཏོར་ཟློག་ཏུ་བཤད་དེ། དེའང་དཀྱིལ་འཁོར་པ་རྣམས་ཐུགས་དམ་སྐོང་དགོས་ཚུལ་ལས་ཟུར་དུ་བཤད། ལར་ཡང་སྲུང་མ་ལ་གཏོར་མ་མི་སྦྱིན་པ་དང༌། བྱིན་ཡང་ཆུང་ཞིང་ངན་པ་དང༌། ཁྱད་པར་དུ་གཏོར་མ་མེད་པར་ལས་བཅོལ་ནན་གྱིས་བྱས་ན་སྔགས་པ་ལྟོགས་ཤིང་དབུལ་ཕོངས་འོང་བར་བཤད། གཡང་སྒྲུབ་མཁན་པོ་ཁ་ཅིག་རྫས་ཆ་དང་བསེ་རག་བཀར་བ་སོགས་གཟབ་ནས་བྱེད་ཀྱང་སྦྱིན་བདག་སོགས་ཇེ་དབུལ་དུ་འགྲོ་བར་སྣང་བ་ཡང་གཏོར་ཚོགས་ཞན་པས་ཡིན་ནམ་སྙམ། ཆར་འབེབས་ལའང་དང་པོར་ཀླུ་གཏོར་བཟང་མང་གཙང་སྦྲ་ཐོན་པར་བསྔོས་ན་ཆར་མོད་པ་དང་


LT17_Page_419
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བཟང་བའི་གནད་ཡོད་པ་འདྲ་སྟེ། ཀླུ་དབུལ་པོ་ལ་ཆར་སློང་བྱས་ན་འབབས་ཀྱང་མང་པོ་མི་འབྱུང་ཞིང༌། དེ་ལ་ཧ་ཅང་ཆར་བྱུང་ཆེས་ན་ཀླུ་རྒུད་ནས་ཡུལ་གྱི་ས་བཅུད་ལ་གནོད་པར་བཤད་ཡོད། ཀླུ་བུམ་སྦས་ནས་ས་བཅུད་གསོ་བའི་གོ་དོན་ཡང༌། ས་བདག་ཆུ་བདག་བྱེད་པའི་ཀླུ་རྣམས་ལ་བུམ་པ་བཟང་པོའི་དངོས་གྲུབ་བྱིན་ནས་ཕྱུག་དང་བདེ་སྐྱིད་འཛོམ་པའི་གོ་འཕང་ལ་བཀོད་པའི་སྒོ་ཕྱི་སྣོད་ཀྱི་དཔལ་འབྱོར་གསོ་བ་ཡིན་པར་སྣང༌། ཡང་པདྨ་གསུང་གི་སློབ་དཔོན་ལ། ཐབས་ལ་མཁས་པ་ཕུན་སུམ་ཚོགས་པ་དང༌། བཟླས་བརྗོད་ལ་རྟག་ཏུ་དགའ་ཞིང་བརྩོན་པ་དང༌། སྤྱོད་ལམ་ཐམས་ཅད་དུ་སེང་གེ་ལྟར་སྤྱོད་པ་དང༌། གླུ་གར་རོལ་མོ་རྣམས་ལ་དགའ་ཞིང༌། མཆོད་པའི་བྱེ་བྲག་ལ་མཁས་པ་དང༌། ལྷ་དང་བླ་མའི་འཀའ་བཞིན་དུ་བྱེད་པ་ལས་མི་འདའ་བ་དང༌། སྤུན་ལ་གདུང་ཞིང་སེམས་ཅན་ལ་འདུད་པ་དགོས་པ་དང༌། དེའི་སློབ་མ་ལ་ཡང༌། འགྲོ་བའི་སེམས་མི་དབྱུང་བ་དང༌། གླུ་གར་རོལ་མོ་སྣ་ཚོགས་ལ་བརྩོན་ཞིང་མཁས་པ་སོགས་དགོས་པར་ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས་གསུངས་སོ།། ༈ །།ཐུགས་སྲོག་ཧྲཱིཿཡིག་གི་དོན་ནི། འདི་ནས་ལྡེབ་གྲངས་ཉེར་ལྔའི་བར་ཐུགས་ཆེན་སྐོར་ལྡེབ་གྲངས་དྲུག་ཅུ་རེ་ལྔ་པར་འཁོད་འདུག་ཀྱང་ཤིང་པར་དུ་དེ་བཞིན་བཀོད་འདུག་པས་བཅོས་བསླད་མ་བྱས། དེ་ཉིད་བསྡུས་པའི་དུམ་བུ་གསུམ་པ་ལས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིག་ལས་བྱུང་བའི་བྱིན་གྱིས་


LT17_Page_420
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པདྨོ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙི་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ༌། །ཧྲཱིཿ དེ་ནས་དེ་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་པདྨ་ལྟ་བུའི་འོད་ཟེར་ཁ་དོག་དང་གཟུགས་དང་རྟགས་དང་སྤྱོད་ལམ་དང་འོད་རྣམ་པ་དུ་མ་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་དང༌། ཆོས་ཉིད་ཀྱི་ཡེ་ཤེས་ཡང་དག་པར་སྦྱངས་ནས་ཡང་སླར་ལོག་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ཀར་ཞུགས་སོ། །ཞེས་གསུངས་ཏེ། སྙིང་པོ་འདི་ལ་དེ་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་གསུངས་པའི་ཆོས་ནི་པདྨའི་རིགས་རྣམས་ཏེ། རང་བཞིན་དག་པའི་ཆོས་མཁྱེན་པའི་ཤེར་ཕྱིན་གྱི་ངོ་བོ་ཉིད་ཡིན་པས་སོ། །དམ་ཚིག་ནི་རྒྱུའི་དོན་ཏེ། རིགས་དེ་སྤྲུལ་པའི་རྒྱུ་ཡིན་པས་སོ། །དེ་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་པ་ནི་ཐུགས་ཀའི་སེམས་པའི་རྡོ་རྗེའི་ངོ་བོ་ཉིད་ཡིན་པས་སོ། །དེ་བྱུང་མ་ཐག་ཏུ་སོགས་ཀྱིས་ནི་ཧྲཱིཿཞེས་བྱ་བའི་སྙིང་པོ་འདིས་པདྨའི་རིགས་ཐམས་ཅད་སྤྲུལ་ཚུལ་དང༌། སྤྲུལ་ནས་རང་གི་རིགས་དང་མཐུན་པའི་མཛད་པ་མཛད་ཚུལ་རྣམས་སྟོན་ཏེ་ཀུན་སྙིང་ལྟར་བྱས་སོ། །དཔལ་མཆོག་ལས་ཀྱང༌། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པ་ཡང་


LT17_Page_421
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག་རྟེན་ན་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དྲི་མ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག་རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཤེས་པ་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་རོ། །ཞེས་པ་ནས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དོན་གྱི་གནས་འདི་ཉིད་ཡང་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་དམུལ་ཏེ་པདྨའི་འདབ་མ་ཁ་འབྱེད་པས་འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ལ་ལྟ་ཞིང༌། འགྲོ་བ་ཐམས་ཅད་ཀྱི་ཕྱིར་པདྨའི་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཧྲཱིཿ དེ་ནས་འདི་གསུངས་པ་ཙམ་གྱིས་པདྨ་ཆེན་པོ་དེ་ལས་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཐམས་ཅད་བཅོམ་ལྡན་འདས་དང་འདྲ་བའི་པདྨས་མཚན་པའི་གཟུགས་ཅན་ངེས་པར་བྱུང་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་རིམ་པ་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པར་གྱུར་ཏོ། །ཞེས་གསུངས་ཏེ། སྤྱན་རས་


LT17_Page_422
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། དོན་གྱི་གནས་འདི་ཉིད་ཅེས་པ་ནི། འདོད་ཆགས་རྣམ་པར་དག་པ་སོགས་གོང་གི་གཞུང་ཚན་བཞིས་བསྟན་པ་རྣམས་ཏེ། ཡང་རྒྱ་ཆེར་སྟོན་ཅིང་ཞེས་ནི་ཧྲཱིཿ ཞེས་བྱ་བའི་ཡི་གེ་སྤྲུལ་པའི་སྒོ་ནས་སླར་ཡང་སྟོན་པར་མཛད་པའོ། །འགྲོ་བ་ཐམས་ཅད་ནི་པདྨའི་རིགས་རྣམས་ཏེ། དེ་ཡོངས་སུ་རྫོགས་པར་སྐྱེད་པའི་ཕྱིར་སྙིང་པོ་འབྲུ་གཅིག་འདི་གསུངས་པའོ། །པདྨའི་གཟུགས་སྣ་ཚོགས་པ་ཞེས་པ་ནི་སྙིང་པོའི་ཡི་གེ་ཧྲཱིཿ ཞེས་པ་འདིའི་མིང་ངོ་ཞེས་དཔལ་མཆོག་འགྲེལ་ཆེན་ལས་སོ། །པདྨའི་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་ཞེས་པ་འདི་ལ་ཤེར་དུམ་གྱི་འགྲེལ་པར། ཀུན་སྙིང་གི་འགྲོ་བ་ཐམས་ཅད་ཀྱི་གཟུགས་སུ་སྣང་བས་ན་གཟུགས་སྣ་ཚོགས་དང༌། དེ་ལྟར་སྣང་ཡང་འཁོར་བའི་ཉེས་པ་རྣམས་ཀྱིས་མི་གོས་པས་ན་པདྨ། དེ་འདྲའི་སྙིང་པོ་དངོས་ནི་གཟུགས་ཐམས་ཅད་ངེས་པར་སྟོན་པའི་ཡེ་ཤེས་ཉིད་ཡིན་ཡང༌། དེ་མཚོན་པར་བྱེད་པའི་ཧྲཱིཿ ཡིག་ལ་བཏགས་ནས་བསྟན་གསུངས། འདི་གསུངས་པ་ཙམ་གྱིས་སོགས་ནི། སྙིང་པོ་འདིའི་མཐུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་པདྨའི་རིགས་ཀྱི་རྣམ་པར་གྱུར་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་མཚན་པདྨོ་ལས་བྱུང་ཞེས་པདྨའི་རིགས་སྤྲོ་བྱེད་དུ་གསུངས་པའོ། །མན་སྙེ་ལས། ཧྲཱིཿནི་གསལ་བར་གྱིས་ཤིག་པ་སྟེ། ཉེ་བ་མ་


LT17_Page_423
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ཉེ་བར་གྱུར་པ་གསལ་པོར་གྱིས་ཤིག་པའོ། །ཞེས་སྐབས་གཞན་དུ་བཤད་དེ། ཤེར་ཕྱིན་གྱི་ས་བོན་ཡིན་པ་དང༌། གསལ་བར་བྱེད་པ་ལ་སྦྱར་བ་གཉིས་གནད་འདྲ་བར་མཐོང་ཞེས་དམ་པ་དག་འཆད། དེ་དཔལ་མཆོག་དང་བསྒྲིགས་ན། པདྨ་ལྟ་བུ་གོས་པ་མེད་པའི་ཤེར་ཕྱིན་གྱི་རིགས་ཀྱི་གཟུགས་སྣ་ཚོགས་གསལ་བར་གྱིས་ཞེས་པར་བཤད་དགོས་པ་འདྲ། གྲོལ་ཐིག་གཏེར་གཞུང་དུ་ཆོས་ཀྱི་དབྱིངས་ཀྱི་མཐའ་དང་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཧྲཱིཿ ཞེས་པ་ལྟར་ན། རྒྱུད་བླ་མར། གཞལ་མེད་གྲངས་མེད་མི་མཉམ་དང་སོགས་ངོ་བོ་ཉིད་སྐུ་ཁྱད་པར་ལྔ་ལྡན་དུ་གསུངས་པ་ལྟར། ཤེར་ཕྱིན་གྱི་མཐུས་ཆོས་ཀྱི་དབྱིངས་ཀྱི་གཏིང་གཡོགས་པ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་ས་ལེར་གསལ་བར་གྱིས་ཤིག་ཅེས་འཆད་ཚུལ་ཡང་ཡོད་དམ་སྙམ། གཡུང་དྲུང་འཁྱིལ་བ་གསུམ་གྱི་ཞལ་གདམས་དང༌། དོ་ཧ་སྐོར། ཡེ་ཤེས་འོད་མཆོག་གི་བཤད་ཚུལ་གཞན་དུ་ལྟོས། ༈ ཡིག་དྲུག་གི་སྔགས་དོན་ལ། ཨོཾ་ཨ་ཨུ་མ་གསུམ་གྱིས་སྐུ་གསུང་ཐུགས་གསུམ་མཚོན་ལ། དེ་གསུམ་གཅིག་ཏུ་སྦྱར་བའི་ཨོཾ་ཡིག་གིས་རྡོ་རྗེ་གསུམ་དབྱེར་མེད་པའི་གོ་འཕང་མཚོན་ཏེ། སྔགས་དོན་དེ་ལྟར་དྲན་ནས་བརྗོད་པས་མཆོག་སྩོལ་ཞིང་བསོད་ནམས་ལེན་པའི་ཕྱིར་ནོར་བུ་འཛིན་པ་ཞེས་རྡོ་རྗེ་རྩེ་མོར་རོ། །དེ་ནས་ནི། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པར་ཡིག་དྲུག་འདི་ནད་


LT17_Page_424
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞི་བར་བྱེད་པའི་སྔགས་སུ་གསུངས་པའི་འགྲེལ་པར་ལྷའི་རིགས་ཀྱི་བློ་གྲོས་ཆེན་པོས། མ་ཎི་ཞེས་བྱ་བ་ནི་ཤིན་ཏུ་རིན་ཐང་མེད་པའི་ནོར་བུ་དང་འདྲ་བའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཅི་སྟེ་ཡེ་ཤེས་སོ་སོར་རྟོག་པ་ཡིན་ན་རྟོག་པ་དང་བཅས་པར་མི་འགྱུར་རམ་ཞེ་ན། པདྨ་ཞེས་བྱ་བ་སྨོས་ཏེ་ཇི་ལྟར་པདྨ་འདམ་གྱིས་མ་གོས་པ་ལྟར་ཡེ་ཤེས་དེ་རྟོག་པའི་སྐྱོན་གྱིས་གོས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཧཱུྃ་ཕཊ་ཅེས་བྱ་བ་སྨོས་ཏེ། ཧཱུྃ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་དོ། །ཕཊ་ཅེས་བྱ་བ་ནི་རྣམ་པར་རྟོག་པ་འདྲལ་བའོ། །ཞེས་གསུངས་ཏེ། སོར་རྟོག་ཡེ་ཤེས་ནོར་བུའི་རྒྱལ་པོ་དང་འདྲ་ཚུལ་ནི། མདོ་རྒྱན་ལས་སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་པའི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་འཕགས་པ་སངས་རྒྱས་ཀྱིས་ལ་བརྟེན་ནས་བཤད་དོ། །ཡེ་ཤེས་དེ་སོ་སོར་རྟོག་པ་ཡིན་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མི་འཐད་དོ་ཞེ་ན། པདྨ་འདམ་ལས་སྐྱེས་ཀྱང་ཆུ་ཞག་དང་ཉ་ལྕིབས་སོགས་འདམ་གྱི་ཉེས་པ་རྣམས་ཀྱིས་མ་སྦགས་པ་ལྟར། ཡེ་ཤེས་དེ་མིང་ཚིག་ཡི་གེའི་རྣམ་པ་ཅན་གྱི་རྟོག་པ་ཡོངས་སུ་


LT17_Page_425
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས་སྐྱེས་ཀྱང༌། ཕྱིན་ཅི་ལོག་གི་ཆ་ཐམས་ཅད་ལོག་པའི་ཕྱིར་གཉིས་སྣང་འཁྲུལ་པའི་རྟོག་པ་གཏན་མིན་ཞེས་པ་སྟེ། རྟོག་པ་ནི་མི་གསལ་བ་སྟེ། འདམ་གྱིས་སྦགས་པའི་ནག་ནོག་ཏུ་འགྱུར་བ་དང་འདྲའོ། །ཡེ་ཤེས་འདི་ནི་སོར་རྟོག་ཡིན་ཡང་ཤེས་བྱ་ཐམས་ཅད་མངོན་སུམ་དུ་བལྟ་བ་ལ་བཟང་ཞིང་ཤིན་ཏུ་གསལ་བའི་ཡོན་ཏན་གྱིས་མཛེས་པའམ། འཁྲུལ་པའི་བག་ཆགས་ཀྱི་གཉིད་མ་ལུས་པ་སད་པས་ཤིན་ཏུ་རྒྱས་ཤིང་ཁ་ཕྱེ་བས་ན་པདྨ་ལྟ་བུར་བཤད་ཅེས་འཆད་དམ་བརྟགས། མཆན། སངས་རྒྱས་ལ་ཞེན་རིག་གི་རྟོག་པ་གཏན་མེད་ཀྱང༌། ཐ་སྙད་བྱེད་པའི་བློ་རིག་ཡོད་དགོས་ཏེ། སོ་རིག་བཞིས་ཤེས་པའི་ཕྱིར་རོ། །དེས་ན་གཉིས་སྣང་གི་འཁྲུལ་པའི་རབ་རིབ་མཐའ་དག་དང་བྲལ་བའི་སོ་སོར་རྟོག་པའི་སྤྱན་ཤིན་ཏུ་གསལ་བ་ཡིན་ཞེས་ཧཱུྃ་གིས་བསྟན་ཏོ། །འདི་ལྟར་ན་སོར་རྟོག་ཡེ་ཤེས་གཅིག་པོ་དེ་གདུལ་བྱའི་བསམ་པ་རྫོགས་པར་མཛད་པའི་ཆ་ནས་ནོར་བུ་དང༌། དེ་ཉིད་གདུལ་བྱའི་བསམ་པ་ཐ་དད་པ་དང༌། དེ་ལ་ཇི་ལྟར་འཚམས་པའི་ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་པ་ཐམས་ཅད་མ་འཛིང་བར་འབྱེད་པའི་སོར་རྟོག་ཡིན་ཡང༌། རྟོག་པའི་སྐྱོན་གྱིས་མ་གོས་པར་མི་འགལ་བའི་ཆ་ནས་པདྨ་སྟེ་གཉིས་ཀར་འཇོག་པར་གསལ་ལོ། །ད་དུང་གོ་བདེ་བར་བཤད་ན། སོར་རྟོག་ཡེ་ཤེས་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། འགྲོ་བའི་རེ་བ་སྐོང་བའི་མཐུ་ཕུལ་དུ་བྱུང་བའི་ཕྱིར་མ་ཎི་སྟེ་ནོར་བུའི་རྒྱལ་པོའོ། །དེ་རྣམ་རྟོག་མེད་པར་མི་འཐད་དེ། སོར་རྟོག་ཡིན་པའི་ཕྱིར་རོ་ཞེ་ན།


LT17_Page_426
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྟོག་པ་ལས་སྐྱེས་ཀྱང༌། རྟོག་པའི་དྲི་མས་མ་བསླད་པར་སྐྱེས་ཏེ། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པས་མ་གོས་བར་སྐྱེ་བ་བཞིན་ནོ། །དེར་མ་ཟད་སོར་རྟོག་དེ་ཉིད་ཀྱི་མཐུས་གཟུང་འཛིན་འཁྲུལ་པའི་གཡེང་བའི་གནས་ངན་ལེན་གྱི་ཆ་མ་ལུས་པ་འཇོམས་ཤིང་འགོག་པས་ན་ཧཱུྃ་ཞེས་སོ། །བདེ་ཆེན་ཤེས་རབ་སྙིང་རྗེ་མཆོག །ཅེས་པའི་སྒྲུབ་ཐབས་སུ་དཔལ་མི་ཏྲ་ཛོ་ཀིས་ནི། ཨོ་མ་ཎི་ཧཱུྃ། ཤེས་རབ་ཆེན་པོ་དྲི་མ་མེད། །རྣམ་པར་ཤེས་ཀུན་མཚན་ཉིད་དེ། །མ་སྐྱེས་མི་གནས་འགག་པ་མེད། །གདོད་ནས་རྣམ་གྲོལ་མངོན་སུམ་པ། །ཨོཾ་ཨཱ་ཧྲཱི་པདྨེ་ཧཱུྃ། །སྙིང་རྗེ་ཆེན་པོ་ལྷུན་གྱིས་གྲུབ། །དམིགས་པ་ཀུན་གྱི་མཚན་ཉིད་དེ། །མི་ཕྱེད་མི་འགྱུར་འབྲལ་བ་མེད། །སྐྱོ་མེད་རེ་བ་རྣམ་སྤངས་པའོ། །ཞེས་བཤད་དེ། མ་ཎི་ནི་ཤེས་རབ་ཀྱི་ཕར་ཕྱིན་ཏེ་རྣམ་རྟོག་མེད་ཅིང༌། མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །པདྨ་ནི་སྙིང་རྗེ་ཆེན་པོ་སྟེ། །འདམ་རྫབ་ལྟ་བུའི་འཁོར་བ་ལ་བརྟེན་ནས་སམ་དམིགས་ནས་སྐྱེ་བ་དང༌། སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཕྱིར་རོ། །དེའང་བྱང་སེམས་ཀྱི་མཉམ་བཞག་ཏུ་ནི་སྙིང་རྗེས་ཟིན་པའི་ཤེས་རབ་མངོན་གྱུར་དུ་འཇུག་སྟེ་སྤང་བྱ་དངོས་སུ་སྤོང་བ་སོགས་ལ་འདི་ཁོ་ན་དགོས་ཤིང་སྙིང་རྗེའི་མཐུ་དང་བྱེད་ལས་གཞན་ཡང་དེ་ལ་ཡོད་དོ། །རྗེས་ཐོབ་ཏུ་ནི་ཤེས་རབ་ཀྱིས་ཟིན་པའི་སྙིང་རྗེ་སྟེ། དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་ཏེ། གཞན་དོན་གྱི་བྱ་བ་དངོས་སུ་སྒྲུབ་པ་


LT17_Page_427
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་འདི་ཁོ་ན་དགོས་ཤིང༌། ཤེས་རབ་ཀྱི་མཐུ་དང་བྱེད་ལས་གཞན་ཡང་དེ་ལ་ཡོད་དོ། །སངས་རྒྱས་ཀྱི་ས་ན་ནི་དེ་གཉིས་ཀ་བློ་གཅིག་ལ་མངོན་གྱུར་དུ་ལྡན་པས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཅེས་བརྗོད་པ་ཡིན་ཏེ། འདི་དག་ནི་ལམ་དང་འབྲས་བུའི་དུས་ཀུན་ཏུ་མ་ཎི་དང་པདྨེ་གཉིས་མི་འབྲལ་བར་ཕན་ཚུན་གྲོགས་སུ་འཇུག་པའི་ཚུལ་ལོ། །ཐེག་ཆེན་གྱི་བསམ་སྦྱོར་གཉིས་ལས་བསམ་པ་སྙིང་རྗེ་ཆེན་པོ་པདྨེ་དང༌། སྦྱོར་བའམ་སྤྱོད་པའི་གཙོ་བོ་དང་རབ་མཆོག་ཤེར་ཕྱིན་མ་ཎིར་བཞག་པས། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་དང་ས་བཅུ་པར་བཤད་པའི་སྨོན་ལམ་འབུམ་ཕྲག་གྲངས་མེད་བཅུ་སོགས་པདྨེར་སྡུད་ཅིང༌། སྦྱིན་སོགས་ཕར་ཕྱིན་སྔ་མ་ལྔ་མ་ཎིར་བསྡུ་བ་འདྲ། ཕྱི་མ་ཅུང་ཟད་བཤད་ན། དཔེར་ན་མ་རིག་པ་ནི་མ་འདྲེས་པའི་མ་རིག་པ་ཙམ་དུ་མ་ཟད་ཀྱི། ཆགས་སོགས་ཉོན་མོངས་པའི་སྒོ་སྣ་ཚོགས་དང་བསྡོང་ནས་ཕྱི་ཕྱིར་སྟོབས་རྒྱས་པར་འགྱུར་བས། ཆགས་སོགས་དེ་དག་ནི་མ་རིག་པའི་དཔུང་གྲོགས་སོ། །དེ་བཞིན་དུ་ཤེར་ཕྱིན་ཡང་རང་རྐྱང་ཙམ་སྒོམ་པ་མིན་གྱི། སྦྱིན་སོགས་རྒྱ་ཆེ་བའི་སྤྱོད་ཕྱོགས་ཐམས་ཅད་དེས་མ་ཟིན་པ་མེད་པར་བྱས་ཏེ་སྦྱངས་པས། སྒོ་སྣ་ཚོགས་ཤིག་ནས་ཤེར་ཕྱིན་སྟོབས་རྒྱས་པར་འགྱུར་ཏེ། དེས་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་རི་མོ་མཁན་དུ་མས་འཁོར་སྒྱུར་གྱི་གཟུགས་གཅིག་འདྲི་བའི་དཔེས་མདོ་དང་རྒྱུད་བླ་མར་བཤད་པའི་


LT17_Page_428
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་མཚན་ཉིད་ཡོངས་སུ་རྫོགས་པའི་ཤེར་ཕྱིན་གྱི་རྟོགས་པ་རྙེད་པ་ནི་ཚོགས་མཐའ་ཡས་པ་ལ་ལྟོས་པས་ཚོགས་དེ་དག་ནི་དེའི་དོན་དུ་གསུངས་སོ། །རྐང་པ་གཉིས་པ་གཉིས་ཀྱི་དོན་ནི། མ་ཎིར་འཇོག་རྒྱུའི་ཤེས་རབ་ཏེ་ཤེས་པ་རྣམ་པར་དག་པ་རང་དོན་ཕུན་ཚོགས་ཟབ་པ་ཡེ་ཤེས་ཆོས་སྐུའི་ངོ་བོ་ཉིད་དང༌། པདྨེར་འགྲོ་རྒྱུའི་སྙིང་རྗེ་དེ་དམིགས་པའམ་ཤེས་བྱ་རྣམ་པར་དག་པ་གཞན་དོན་ཕུན་ཚོགས་རྒྱ་ཆེ་བ་གཟུགས་སྐུའི་མཚན་ཉིད་དམ་འཇོག་བྱེད་ཡིན་པ་སྟེ། དེ་ལྟར་ན་སྔར་ཕྱག་མཚན་ཐད་དུ་བརྗོད་པ་ལྟར་བྱས་ཀྱང་འགྲིགས་པ་ཡོད། དེའང་ཐེག་ཆེན་གཉིས་ཀྱི་ཐུན་མོང་ལྟར་ཡིན་ལ། ད་དུང་བརྒྱུད་པའི་ཟབ་རྒྱ་ཆེའི་ལམ་གཉིས་སྒྲུབ་ཚུལ་ནས། སྔགས་བླ་མེད་པའི་འོད་གསལ་དང༌། ཤེས་བྱ་ཡེ་ཤེས་ཀྱི་སྐུ་སྒྲུབ་ལུགས་ཀྱི་བར་སོ་སོར་སྦྱར་ནས་བཤད་ན་རླབས་ཆེའོ། །པདྨ་ཞེས་བྱ་རྒྱུ་ལ། པདྨེ་ཞེས་སྦྱར་བ་ནི་བོད་པའི་དོན་ཏེ། ནོར་བུ་པདྨ་ཞེས་སྤྱན་རས་གཟིགས་ལ་ཉེ་བའི་སྒོ་ནས་བོད་པའི་དོན་ཡིན་པས་འཕགས་པའི་ཐུགས་རྒྱུད་རང་ལ་ཉེ་ལྷང་བ་ལྟ་བུར་ཡོད་པར་བསྒོམ་ལ་བཟླ་ཞེས་རྒྱལ་དབང་དགེ་འདུན་རྒྱ་མཚོས་བཤད། །ཡང་སྒྲུབ་ཐབས་དེ་ཉིད་ལས། རྣལ་འབྱོར་རྒྱལ་པོ་ཤེས་རབ་ཐབས། །རིག་འཛིན་དཀྱིལ་འཁོར་བླ་ན་མེད། །དཔལ་ལྡན་ཕ་རོལ་ཕྱིན་དྲུག་དངོས། །ཆོ་གའི་དམ་པ་འདི་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ། གསང་སྔགས་རྒྱལ་པོ་ཡི་གེ་དྲུག །ལུགས་འབྱུང་བ་དང་ལུགས་ལྡོག་ལས། །རྒྱུད་དྲུག་འགོག་དང་ལམ་དྲུག་སྦྱོང༌། །


LT17_Page_429
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དྲུག་ལ་རབ་སྦྱོར་ཉིད། །དེ་བཞིན་རྒྱུད་དྲུག་བསྐྱེད་པ་དང༌། །ལམ་དྲུག་ལ་ནི་སྦྱོར་བ་དང༌། །འབྲས་བུ་དྲུག་ནི་མངོན་དུ་བྱ། །གཟི་བརྗིད་དྲུག་པ་ཞེས་བཤད་དོ། །ཞེས་ཡི་གེ་དྲུག་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་ཉིད་དང༌། འགྲོ་བ་དྲུག་སྦྱོང་བྱེད་སོགས་སུ་གསུངས་ཏེ། འདི་ནི་སྲོང་བཙན་བཀའ་འབུམ་དང་བཀའ་གདམས་གླེགས་བམ་སོགས་སུའང་བཤད་དོ། །སྲོང་བཙན་བཀའ་འབུམ་ན་གཞན་ཡང་རྡོ་རྗེ་དང་རིན་པོ་ཆེ་ལ་སོགས་པ་རིགས་ལྔ་རིགས་ཐམས་ཅད་བསྡུས་པ་དང་བཅས་པའི་དྲུག་གི་ངོ་བོར་སྦྱོར་ཚུལ་དང༌། ཡེ་ཤེས་ལྔ་ལྷན་སྐྱེས་ཡེ་ཤེས་དང་དྲུག་ལ་སྦྱར་བ་དང༌། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་སོ་སོར་འབེབས་པ། བྱིན་རླབས་ཐམས་ཅད་ཐོགས་མེད་དུ་འབྱུང་བ་དང་བཅས་པའི་དྲུག་ལ་སྦྱར་བ་དང༌། དུག་ལྔ་ཉོན་མོངས་སྤྱི་དང་དྲུག་སྦྱོར་བྱེད་དུ་སྦྱར་བ། འབྱུང་བ་ལྔ་སོ་སོ་དང༌། ཐམས་ཅད་འདུས་པ་སྟེ་དྲུག་ལ་སྦྱར་བ་སོགས་ཆེས་མང་དུ་གསུངས་ཤིང༌། ཕྱིན་དྲུག་དང་སྦྱོར་ཚུལ་ལ་ཡང་ཨོཾ་སྦྱིན་པ་ནས་ཧཱུྃ་ཤེས་རབ་ཀྱི་བར་གོ་རིམ་བཞིན་དུ་སྦྱར་བ་དང༌། ཨོཾ་ཤེས་རབ། མ་བསམ་གཏན། ཎི་ཚུལ་ཁྲིམས། པད་བརྩོན་འགྲུས། མེ་སྦྱིན་པ། ཧཱུྃ་བཟོད་པ་དང་སྦྱར་ཏེ་བསྟན་པ་སོགས་ཡོད་དེ་དེ་ཉིད་དུ་བལྟ་བར་བྱའོ། །ལྷན་སྐྱེས་རོལ་པས་མཛད་པའི་སྒྲུབ་ཐབས་སུ། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་རྟོག་པའི་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་འདི་མཚན་མ་མེད་


LT17_Page_430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྱོར་བས་བལྟ་ཞིང་བཟླས་པ་བྱའོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་སོགས་རྒྱ་གཞུང་རྣམས་ལས་ཡིག་དྲུག་ཁོ་ན་འབྱུང་ཡང༌། བྱང་གཏེར་ལས། ཕྱི་ནི་སྲོག་སྦས་ཞི་བའི་ཚུལཿ ཡི་གེ་དྲུག་པ་རྡོ་རྗེའི་སྒྲཿ ཞེས་པ་ནས། གསང་བ་སྲོག་གི་མཐའ་རྟེན་ཅནཿ སྙིགས་མའི་དུས་སུ་སྲོག་མཐར་རྟེནཿ ཞེས་གསུངས་ཏེ། སྤྱིར་ཡིག་དྲུག་རང་ཡང་ཐུགས་སྲོག་བསྐུལ་བའི་སྔགས་ལས་མ་འདས་མོད། འོན་ཀྱང་སྐུལ་བྱེད་ཡིག་དྲུག་དང༌། བསྐུལ་བྱ་སྲོག་ཡིག་གཉིས་ཀ་དངོས་སུ་སྦྲེལ་ནས་བཟླས་ན་ཐུགས་གནད་ནས་བསྐུལ་བ་ལ་ལྷག་པར་རྣོ་བས་སྔགས་འགྲུབ་པར་དཀའ་བའི་དུས་སུ་འདི་གཙོ་བོར་བཟུང་ཞེས་པ་ཡིན་ནམ་དཔྱོད། ༈ །དེ་ཉིད་སྣང་ཆེན་དང་དཔལ་མཆོག་འགྲེལ་པར། སེམས་ཅན་གཏི་མུག་ཤས་ཆེ་བ་རྣམས་སྦྱོང་བྱེད་དུ་ཤེས་རབ་ཀྱི་ཕར་ཕྱིན་འཇིག་རྟེན་དབང་པོའི་དཀྱིལ་འཁོར་དུ་སྤྲུལ་པར་གསུངས་པ་དང༌། རང་བཞིན་དག་པའི་ཆོས་ལ་སོར་རྟོག་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པའི་ཆ་ནས་སྤྱན་རས་གཟིགས་སུ་བརྗོད་ཚུལ་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་དང་དོན་ཞགས་སོགས་མང་པོར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོས་ལྷར་བསྔགས་པ་དང༌། རྣམ་སྣང་མངོན་བྱང་དང་ཡོ་ག་དང་བླ་མེད་རྒྱུད་ཀུན་ཏུ་སོར་རྟོག་ཡེ་ཤེས་ཀྱི་ལྷ་མཐར་ཐུག་ཏུ་བཤད་ཅིང་ཡེ་ཤེས་དེ་སྔོན་ཆོས་བསྟན་པའི་རྒྱུ་ལས་བྱུང་བ་དང༌། ཆོས་ཀྱི་ལོངས་


LT17_Page_431
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྒྱས་པའི་བྱེད་ལས་ཅན་དུ་མདོ་རྒྱན་ལས་གསུངས་པ་དང༌། གསང་འདུས་སོགས་ལས་འདི་ཉིད་རྡོ་རྗེ་སེམས་དཔའི་ལྗགས་ལྷའི་གཟུགས་སུ་ཤར་བར་གསུངས་ཏེ་ལྗགས་ནི་གསུང་རབ་ཐམས་ཅད་ཀྱི་བདག་པོ་ཡིན་ཚུལ་བསྔགས་འོས་བསྔགས་བསྟོད་ཀྱི་བཅུ་གཅིག་པ་ལྟར། དེ་སོགས་མང་པོས་དཔྱད་ན་འཕགས་པ་འདི་བློ་འཕེལ་གྱི་ལྷ་ཕུལ་དུ་བྱུང་བ་ཡིན་ཞིང༌། རྡོ་རྗེ་སྙིང་པོ་རྒྱན་ལས། འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ནི། །སོགས་དང༌། བཤེས་སྤྲིང་ལས། འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །ཞེས་པ་རྩ་འགྲེལ་དང༌། ཡོ་གའི་མཁས་པ་གསུམ་གྱིས་པདྨའི་དེ་ཉིད་ལ་གཟིགས་པས་ཁམས་གསུམ་གྱི་དབང་པོ་བརྙེས་ཚུལ་རྒྱ་ཆེར་བཤད་པ་སོགས་དབང་བྱེད་ཀྱི་ལྷར་བསྔགས་པའི་མཚོན་བཤད་རྒྱུ་མང་ཡང༌། སྒྲུབ་ཐབས་ཕལ་ཆེར་ལས་སྙིང་རྗེའི་ལྷར་བསྔགས་པ་ཤས་ཆེ། དབང་བྱེད་ཀྱི་ལྷར་བསྔགས་པ་ཡང་ཕུག་གཏུགས་ན་འདི་དང་གཅིག་དེ་ཡང་ཟ་མ་ཏོག་བཀོད་པར་འཕགས་པ་འདིའི་རྣམ་ཐར་ཐམས་ཅད་སེམས་ཅན་སྡུག་བསྔལ་བ་རྣམས་ལ་རྗེས་བརྩེ་མཛད་ཚུལ་འབའ་ཞིག་གི་སྟེང་ནས་གསུངས་ཤིང༌། སྡོང་པོ་བཀོད་པར། བདེ་གཤེགས་སྲས་པོ་ངས་ནི་རྣམ་ཐར་གཅིག་བསྒོམས་ཏེ། །ཡེ་ཤེས་སྙིང་པོ་རྒྱལ་བ་ཀུན་གྱི་ཐུགས་རྗེ་སྡུག །འགྲོ་བ་ཐམས་ཅད་བསྐྱབ་ཅིང་ཡོངས་སུ་བསྡུ་ཕྱིར་བྱུང༌། །ཞེས་སོགས་རྒྱ་ཆེར་གསུངས་པ་དང༌།


LT17_Page_432
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཡང་དག་པར་སྡུད་པའི་གོང་འོག་གཉིས་སུ་རྗེ་བཙུན་འདིས་སྟོན་པའི་སྤྱན་སྔར་རང་གི་རྟོགས་པ་བརྗོད་པ་ན་སྙིང་རྗེ་ཆེན་པོ་ཉིད་ཀྱི་སྟེང་ནས་བརྗོད་པ་དང༌། ༈ །སྤྱོད་འཇུག་ཏུ་བདག་གཅེས་འཛིན་གོམས་པའི་དབང་གིས་རང་ལ་མི་སྙན་པ་ཆུང་ངུའང་མི་བཟོད་པ་ལྟར། བརྩེ་བ་གོམས་པའི་ཤུགས་རྒྱས་པ་ན་གཞན་གྱི་མི་བདེ་བ་ཕྲ་མོ་ཡང་མི་བཟོད་པའི་དཔེར་རྗེ་བཙུན་འདིའི་རྣམ་ཐར་དྲངས་ཏེ། དེ་བས་ཇི་ལྟར་སོགས་ནས། མཚན་ཡང་བྱིན་གྱིས་བརླབས། ཅེས་པའི་བར་རོ། །མཆན། །སྙིང་རྗེ་པད་དཀར་ལས་སྤྱན་རས་གཟིགས་ཞེས་པའི་མཚན་འདི་ཡང་སྙིང་རྗེ་ཆེན་པོའི་ཡོན་ཏན་གྱི་སྒོ་ནས་སྔོན་གྱི་སངས་རྒྱས་ཀྱིས་བཏགས་པར་གསུངས་པ་དང༌། ལག་ན་རྡོ་རྗེ་དབང་བསྐུར་གྱི་གླེང་གཞིར་སངས་རྒྱས་འོད་དཔག་མེད་ཀྱིས་རྗེ་བཙུན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱི་རྡོ་རྗེ་པདྨའི་མཆོག་གི་སྙིང་པོ་བྱིན་ནས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་བཀོད་པའི་ཞིང་འདི་ལུས་ཀྱི་སྤྲིན་རྣམས་ཀྱིས་བཀང་ནས་སྣང་བར་བྱེད་དུ་བཏང་བར་གསུངས་པ་དང༌། དེ་ཉིད་བསྡུས་པར་བདག་ཅག་གི་སྟོན་པ་རྣམ་སྣང་ཉིད་སྙིང་རྗེའི་ཉམས་ཀྱིས་འདུལ་བའི་སེམས་ཅན་གདུལ་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་བསྟན་པར་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ཐད་དུ་གསུངས་པ་དང༌། སྤྱན་རས་གཟིགས་ཞེས་པའི་སྒྲ་བཤད་ཀྱང་སོར་རྟོག་ཡེ་ཤེས་ཀྱི་སྤྱན་གྱིས་རང་བཞིན་དག་པའི་ཆོས་ལ་རྟག་ཏུ་གཟིགས་


LT17_Page_433
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་པ་ལྷུར་ལེན་པའི་ཕྱོགས་ནས་བཤད་ཚུལ་གཉིས་དེ་ཉིད་སྣང་ཆེན་དང༌། ཀོ་ས་ལའི་རྒྱན། དཔལ་མཆོག་འགྲེལ་ཆེན་རྣམ་སྣང་མངོན་བྱང་གི་འགྲེལ་པ་རྣམས་སུ་གསུངས་པའི་ཕྱི་མ་དང༌། ལེགས་གྲུབ་ཏུ་ཡང༌། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་སོགས་མཐའ་ཡས་སོ། །རི་དྭགས་་པགས་པས་ནུ་གཡོན་བཀབ་པར་བཤད་པའང་དེ་ལྟར་ཡིན་ཏེ། དབུ་མ་སྙིང་པོར། སྙིང་རྗེའི་པགས་པ་གནག་འཆང་ཞིང༌། ཞེས་པར་འདྲའོ། །འདིར་ལམ་གྱི་གཙོ་བོ་སྙིང་རྗེ་ཆེན་པོར་བྱེད་པའི་རྒྱུ་མཚན་ཡང༌། མདོ་སྔགས་ཁྱད་འབྱེད་སྐབས་གཞན་དོན་བཟོ་ཁོག་དང༌། རྫོགས་བྱང་སྒྲུབ་པའི་ལམ་ཐམས་ཅད་དེའི་ཆ་ལག་ཏུ་བྱེད་པ་ལ་ཐེག་ཆེན་གཉིས་འདྲ་བར་བཤད་པ་བཞིན། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གཟུངས་སྤོབས་མངོན་ཤེས་སོགས་ཡོན་ཏན་ཐམས་ཅད་སྙིང་རྗེ་ཆེན་པོའི་བཞེད་དོན་སྒྲུབ་བྱེད་ཀྱི་འཁོར་ཁོ་ནར་ཟད་པས། རིན་ཆེན་བདུན་གྱི་བདག་པོ་འཁོར་སྒྱུར་ཡིན་པ་ལྟར། ཡོན་ཏན་དེ་ཐམས་ཅད་ཀྱི་རྩ་བའི་སྙིང་རྗེ་ཆེན་པོ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་ཀྱི་གཙོ་བོའམ་བདག་པོའང་སྐྱེ་ལ་ཐུགས་


LT17_Page_434
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་ཡིན་ཏེ། འབྲས་དུས་ཀྱི་རྣམ་གཞག་མང་པོ་སྔོན་གྱི་རྗེས་སུ་འབྲངས་པའི་སྒོ་ནས་བྱེད་པར་གསུངས་པ་བཞིན་ནོ། །དེའང་སློབ་ལམ་དུ་སྙིང་རྗེ་ཆེན་པོ་དེ་ཐེག་གསུམ་གྱི་རྟོགས་རིགས་མཐའ་དག་དང་འབྲེལ་བར་སྦྱངས་པའི་མཐར་སོན་པ་ན་བརྩེ་ཆེན་གྱི་བློ་མངོན་གྱུར་པ་དེ་ཉིད་ལམ་གྱི་རྣམ་པ་མ་ལུས་པའི་ངོ་བོར་སྐྱེ་བ་ལ་བགེགས་སུ་གྱུར་པའི་གནས་ངན་ལེན་གྱི་ཆ་ཐམས་ཅད་རྒྱུན་མཐའི་རྡོར་ཏིང་གིས་བཅོམ་ནས། དེའི་རྣམ་གྲོལ་ལམ་ལ་སླར་ཡང་སྙིང་རྗེ་ཆེན་པོ་མངོན་གྱུར་དུ་འབྱུང་སྟེ། དེ་ནི་སྟོང་ཉིད་ལ་མཉམ་པར་བཞག་པ་སོགས་ལུང་རྟོགས་ཀྱི་ཡོན་ཏན་རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅན་དུ་སྐྱེའོ། །དངོས་གྲུབ་ཀྱི་སྙིང་པོ་དེ་ལྟར་ངོས་ཟིན་ནས་དེ་ཉིད་རྒྱ་གང་ཆེ་ནས་བསྒྲུབ་དགོས་ཀྱི། གཞན་དུ་དཔེར་ན་བླ་མ་མཁས་གྲུབ་ཆེན་པོ་དང་མཇལ་ཡང་སྐར་མའི་དཔྱད་ལྟ་བུའི་དོན་དམན་པ་ཞིག་ལས་ཅི་ཡང་མ་དྲིས་ན་གདམས་པའི་མཆོག་རྣམས་ཟུར་ཙམ་ཡང་མི་ཐོབ་པ་དང་འདྲའོ། །སྤྱིར་ཡང་སྒོ་ཐམས་ཅད་ནས་སྙིང་རྗེ་ལ་མང་དུ་གནས་པར་བྱ་བ་ནི་སྤྱན་རས་གཟིགས་ཀྱི་བསྔགས་པའི་ཁྱད་པར་གྱི་དམ་ཚིག་ཡིན་པར་ཕྱག་སྟོང་སྤྱན་སྟོང་གི་མདོ་དང༌། རྒྱལ་པོ་བཀའ་འབུམ། ཀུན་བཟང་ཐུགས་གཏེར་སོགས་ལས་ནན་ཏན་དུ་གསུངས་ཏེ། དེ་ལ་བརྩོན་ན་འཕགས་པ་དང་བརྟུལ་ཞུགས་གཅིག་ལ་གནས་པར་འགྱུར་བས་འཕགས་པ་དགྱེས། དེའང་སྤྱིར་སྙིང་རྗེ་སྒོམ་པ་ཙམ་གྱིས་མི་ཆོག་གི༌།དེ་འཕགས་པ་


LT17_Page_435
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་ཆེད་དུ་དམིགས་ནས་སྒོམ་པ་ཞིག་དགོས་ཏེ། འདིའི་དམ་ཚིག་ཁྱད་པར་བར་འགྲོ་ལུགས་ཤེས་པའི་སྟེང་ནས་སོ། །མཆན། པའི་དཀའ་ཐུབ་ཀྱི་ནོར་ཅན་ཏེ། རྗེས་འཛིན་གྱི་གནད་ཆེས་ཆེན་པོའོ། ༈ །ཧ་རླུང༌། ར་གཏུམ་མོ། །ཨ་བདེ་བ། ཨི་དོན་དམ། ཧ་ལོངས་སྐུ། ར་སྤྲུལ་སྐུ། ཨ་ཨི་སྦྱར་བ་ཆོས་སྐུའོ། །དེ་ལྟར་ན་རླུང་གིས་གཏུམ་མོ་བསྐུལ་བས་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་ལ་བརྟེན་ནས་སྐུ་གསུམ་གྱི་གོ་འཕང་ལ་སྦྱོར་ཞེས་པ་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་ལྟར་རོ།། ༈ །།བླ་མ་ལ་ཕྱག་འཚལ་ལོ། །སྲིད་པའི་བདེ་སྡུག་དངོས་ཀུན་སེམས་ལས་བྱུང༌། །འཁྲུལ་དང་གྲོལ་བ་གཉིས་ཆར་སེམས་ཀྱིས་བྱས། །དེ་ཕྱིར་རང་སེམས་འདུལ་བའི་མན་ངག་ལ། །གཙིགས་སུ་འཛིན་པ་འདུན་མའི་འགྲོ་ཕྱོགས་བཟང༌། །སེམས་འདུལ་ཐབས་མཆོག་ཐེག་པ་ཆེ་ཆུང་དང༌། །ཐེག་ཆེན་མདོ་སྔགས་གསང་སྔགས་ཕྱི་ནང་གི། །ལྟ་སྒོམ་སྤྱོད་པའི་རྣམ་གྲངས་མཐའ་ཡས་ལས། །ཐར་ཐུག་སྙིང་པོ་རྡོ་རྗེ་རྩེ་མོ་ཡིན། །དེ་ཡི་གནད་གསང་རྒྱ་མཚོ་ལྟར་ཟབ་ཅིང༌། །མཁའ་ལྟར་རྒྱ་ཆེ་བྱིས་བློས་དཔག་དཀའ་ཡང༌། །འགག་དོན་སེམས་དང་རིག་པ་ཤན་ཕྱེ་སྟེ། །རིག་པ་རྐྱང་འདེད་བྱེད་པ་གཅིག་པུར་འདུས། །ཡུལ་གྱིས་མ་གོས་སེམས་ཀྱིས་མ་བཅིངས་ཤིང༌། །དཔྱད་འཇོག་ཐབས་ཀྱིས་གསར་དུ་བྱས་མིན་པ། །སྤང་བླང་བསལ་བཞག་བྲལ་བའི་


LT17_Page_436
[མ་དཔེ་གཟིགས་ན་འདིར་གནོན།]

རང་བབས་ཀྱི། །ཤེས་རིག་མ་བཅོས་ཐད་ཀར་སྐྱོང་བ་གཅེས། །གང་ལྟར་བརྟགས་ཀྱང་བློ་ཡི་རི་མོ་སྟེ། །ཅི་ཙམ་བཅོས་ཀྱང་ཀུན་རྟོག་སྤྲོས་པའི་གཟེབ། །ངོས་བཟུང་བསམ་ཡུལ་ལས་འདས་རིག་པའི་གཤིས། །གཏད་མེད་ངང་ལ་འཛིན་མེད་ལྷུག་པར་ཞོག །སྣ་ཚོགས་ཡུལ་སྣང་སྒྱུ་མའི་བསླུ་བྲིད་དང༌། །བཟང་ངན་ཕྲ་རགས་རྣམ་རྟོག་སྤྲེའུ་གར། །ཇི་ལྟར་ཤར་ཡང་གླང་པོའི་ལྟ་སྟངས་ཀྱིས། །བོར་ཏེ་བཟང་ཐལ་རིག་པ་རང་སོ་བཟུང༌། །དེ་ལ་གཏད་མེད་གཡང་མེད་འཕྲང་དང་བྲལ། །གོལ་ཤོར་ནོར་གསུམ་ཟེར་བ་ཚིག་ཏུ་ཟད། །རྒྱ་ཡན་ཁྱབ་གདལ་རིག་པའི་བདེ་ཐང་ནས། །སྐུ་ལྔའི་ས་ལ་མིག་འཕྲུལ་བཞིན་དུ་སླེབ། །ཆོས་འདི་སྐལ་ལྡན་སྤྱི་ཡི་ནོར་ཡིན་ཀྱང༌། །ལྷག་པར་མོས་གུས་དམ་ཚིག་ལྡན་པ་དང༌། །བློ་བརྟན་བརྩོན་འགྲུས་ཅན་གྱི་ནོར་ཡིན་ཕྱིར། །བརྩོན་པས་རྩེ་གཅིག་སྒྲུབ་ལ་སྙིང་སྟོབས་སྐྱེད། །ཅེས་པའང་ཆོས་ཤུལ་བླ་མ་མཐུ་དཔལ་གྱི་ངོར་འཇིགས་མེད་བསྟན་ཉིས་སྨྲས་རིམ་བཞིན་དཀོན་མཆོག་ཆོས་འཕེལ་གྱིས་བྲིས་པ་དགེ།

གསལ་རྒྱན་གྱི་དངོས་ཟིན།


LT17_Page_437
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རྒྱན་གྱི་དངོས་ཟིན་རྣམས་བཀོད་ན། ཕ་མ་སོགས་མི་གུས་པ། དེ་དག་གི་ངག་བཅག་པ། གཞན་ལ་བསམ་ངན་འཆང་བ། ཡོན་གནས་རྣམས་ལས་ཕྱག་དང་བསྙེན་བཀུར་བླངས་པ། དད་རྫས་ལ་སྤྱད་པ། ཕ་རོལ་གྱི་སྡིག་པའི་སྤྱོད་པ་ལ་ཡི་རང་བྱས་པ། དེ་དག་གི་དགེ་བའི་ཆོས་ཀྱི་བར་ཆད་བྱས་པ། གཞན་གྱི་དགེ་བ་བྱས་པ་ལ་མ་རང་བ། བྱམས་ལ་སྙིང་རིང་བྱས་པ། བྱས་པ་མི་གཟོ་བ། རྫུན་སྨྲ་ནས་བདེན་པའི་རྒྱལ་མཚན་མེད་པར་བྱས་པ། ཕྲ་མ་སོགས་ངག་གི་ལྷག་མ་གསུམ། ཕ་རོལ་གྱི་གྲགས་པ་མ་ཡིན་པ་གསལ་བར་བྱེད་པའམ་བླ་བཙག་མ་བསླབས་གསར་བུའི་རྒྱལ་སྲས་ལ་བརྙས་པ། སུ་ལའང་ཁྱད་གསོད་བྱེད་པ། ཆོས་དང་ཆོས་སྨྲ་བ་ལ་བརྟེན་པའི་སྡིག་པ་སྐོར། ཟང་ཟིང་གནས་ཡོ་སོགས་ལ་སེར་སྣ་བྱེད་པ། གཞན་མི་དང་དུད་འགྲོ་ལ་སོགས་པའི་གནས་ཡོ་ཕྲོགས་པ། ཆོས་ལ་དཔེ་མཁྱུད་བྱེད་པ། སུ་ལ་ཅིས་ཀྱང་རུང་སྟེ་གཡོ་སྒྱུ་བྱེད་པ། རང་གི་ཉེས་པ་གཞན་ལ་སྒྱུར་བ། ཁོང་ཁྲོ་དང་འཁོན་འཛིན། ཕྲག་དོག་གཞན་གྱི་དྲན་པ་དང་ཤེས་རབ་འཁྲུགས་སུ་བཅུག་སྟེ་གནོད་པ་བྱེད་པ། སྒྱུ་མའི་དྲྭ་བ་དང་སེམས་སྐོར་སོགས་ཁོང་དུ་ཆུད་ཀྱི་ཕྲིན་ལས་རྒྱས་པའི་གེགས་བྱས་པ། གཞན་ལ་འཇིགས་སྐྲག་དང་སྤ་འགོང་


LT17_Page_438
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡུག་བསྔལ་བསྐྱེད་པ། མིའམ་དུད་འགྲོ་སོགས་གཞན་དག་གནས་གྲོགས་འཁོར་ཡོ་སོགས་སྡུག་པ་དང་ཕྲལ་བ། གཞན་གྱི་རེ་ཐག་བཅད་ཅིང་འདོད་དོན་ལ་བར་ཆད་བྱས་རིགས་ངན་གཟུགས་ངན་སོགས་རྒས་པ་ནད་པ། ལ་བརྙས་པ་དང་འཕྱ་བ། ཕ་མ་བླ་མ་ཁྲིམས་ལྡན་སོགས་བརྙས་ཤིང་འཕྱ་བ་དང་སྨོད་པ་སེམས་མི་བདེ་བ་བསྐྱེད་པ། གཞན་ལ་བརྡེག་འཚོག་ཕ་མ་དང་ཁྲིམས་ལྡན་དང་ཕོང་བ་དང་ནད་པ་སོགས་ཀྱི་འཚོ་བ་ཕྲོགས་པ། གཞན་གྱི་གནས་དང་ཡོ་བྱད་མ་རུངས་པར་བྱས་པ། དིག་ལྐུགས་གླེན་གསུམ་སོགས་འཕྱས་ཤིང་བརྙས་པ། ཆོས་ཐུན་ཧ་ཅང་རིང་བ་དང་གཞན་གྱིས་ཀློག་འདོན་ལ་ཚ་འཇུན་བྱས་པ་སོགས་ཀྱིས་སུན་དུས་ཆོས་ལ་འབྲལ་འདོད་སྐྱེས་ཉེན་ཆེ་བས་ཆོས་སྒྲིབ་ཆེ་བ་བཤགས་དགོས། སྐུ་གསུང་ཐུགས་རྟེན་མུན་རྡུལ་ཁྲོད་དུ་འོ་བརྒྱལ་བར་བྱས་ཤིང་དྲི་ང་སོགས་ཀྱིས་བཀུར་སྟི་མིན་གྱིས། ༈ །འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། །

བསྟན་རྒྱས་སྨོན་ཚུལ།


LT17_Page_439
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་བྱེད་ནུས་པར་བྱིན་གྱིས་རློབ་པའི་ཆེད་གསོལ་བ་བཏབ་པར་འཕགས་པ་ཐོགས་མེད་དང་ཙོང་ཁ་པ་ཆེན་པོའི་ལོ་རྒྱུས་ལྟར། སྒོ་ཐམས་ཅད་ཅེས་པ་ནི། འཆད། རྩོད། རྩོམ། གཙུག་ལག་ཁང་བཞེངས་པ། ཆོས་གཞི་འཛུགས་པ་དང༌། རྙེད་བཀུར་གྱིས་མཆོད་པ། དགེ་འདུན་གྱི་སྡེ་སྤེལ་བ། གསུང་རབ་ཀྱི་གླེགས་བམ་སྤེལ་བ། སྒྲུབ་ཚུགས། རྒྱལ་པོ་ཆེན་པོ་སོགས་ཆོས་ཀྱིས་དབང་དུ་བྱེད་པ་ལྟ་བུ། དེ་ཐམས་ཅད་མངོན་ཤེས་ཡོད་ན་ཕུལ་བྱུང་དུ་བྱེད། དེའང་ཡུལ་དུས་སྐྱེ་བའི་སྒོ་ནས་ཡོངས་སུ་མ་ཆད་པ་བཟུང་བྱའནག་ཕྱོགས་རེར་མ་ཆད་ཅིང༌། སངས་རྒྱས་ཐམས་ཅད་ཀྱི་དང༌། བཟུང་ཚུལ་ཡང་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མས་མ་སྦག་ཅིང༌། བསམ་པ་རླབས་ཆེ་ལ་ཕུན་སུམ་ཚོགས་པས་རྒྱལ་བའི་དགོངས་པ་ཇི་བཞིན་གཟུང་ངོ། །བསྟན་པ་དངོས་སུ་འཛིན་བྱེད་ནི་བཤད་སྒྲུབ་གཉིས་སུ་ངེས་ཏེ། མཛོད་ལས། སྟོན་པའི་ནས་ཁོ་ན་ཡིན། །ཞེས་པའི་ཁོ་ནའི་སྒྲས་སོ། །ཉན་པ་ཡང་སྨྲ་བས་བསྡུས་ཏེ། སྨྲ་བ་དེ་ཉིད་སློབ་པར་ཟད་པའི་ཕྱིར་རོ། །རྩོམ་པ་ཡང་སྨྲ་བས་བསྡུས་ཏེ། བཤད་པ་ཉིད་ཡི་གེར་བཀོད་པར་ཟད་པའི་ཕྱིར་རོ། །རྩོད་པ་དང༌། ཀློག་པ་དང༌། ཁ་ཏོན་སྨྲ་བས་བསྡུས་པ་ནི་སླའོ། །དེའང་སྒོ་གསུམ་གྱི་བྱ་བ་མཐའ་དག་བསྟན་པའི་བྱ་བ་བཟང་ཞིང་དྲི་མ་མེད་ལ་རླབས་ཆེ་བ་ཤ་སྟག་ཏུ་ངང་གིས་འགྱུར་བ་དང༌། བདག་མཐོང་བ་དང་ཐོས་པ་དང་དྲན་


LT17_Page_440
[མ་དཔེ་གཟིགས་ན་འདིར་གནོན།]

རེག་ཙམ་ཡང་དངོས་སམ་བརྒྱུད་ནས་བསྟན་པ་ལ་ཕན་འདོགས་པ་ཁོ་ནའི་དོན་དུ་འགྱུར་བར་སྨོན་དགོས། ཚེ་རབས་ཐམས་ཅད་དུ་རྒྱལ་བསྟན་ཚང་ལ་མ་ནོར་བ་རྒྱལ་དགོངས་ཇི་བཞིན་འཛིན་པའི་བསམ་སྦྱོར་ཕུལ་བྱུང་རྒྱུན་མི་འཆད་པར་སྨོན་པ་གལ་ཆེ། རྒྱུན་དེ་ཆད་ན་ཟངས་རྦབ་རི་སྐེད་ནས་ཤོར་བའམ། གཅིག་ནས་འཆུགས་ན་ལྔའི་བར་ལྟར་སོགས། འདི་ནི་ལམ་བཟང་སྒྲུབ་པ་བར་མི་འཆད་པའི་སྨོན་ལམ་སྟེ། སྐྱེ་བའང་དེ་ཁོ་ན་དང་མཐུན་པའི་མངོན་མཐོ་ལ་སྨོན་དགོས། བཤེས་གཉེན་དམ་པས་འཛིན་པའི་སྨོན་ལམ་སོགས་ཀྱང་དེ་ལྟར་འགྲེའོ།། །།

ཟབ་མོ་རྣོ་མཐོང་གི་མན་ངག


LT17_Page_441
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་རྣོ་མཐོང་གི་མན་ངག་ཟླ་ཤེལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


LT17_Page_442
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་གནས་ཁང་མུན་པ་མེད་ཅིང་ཤིན་ཏུ་གཙང་ལ་ཉམས་དགའ་བར། གཟའ་སྐར་མིག་དམར་དང༌། བྲ་ཉེ་སྐག་སྣྲོན་ས་ག་རྣམས་མེད་ཅིང༌། ཉ་སྟོང་བརྒྱད་དང༌། དགུ་གསུམ་བྱི་བའི་ཉི་མ་དང༌། མ་རིག་རྣམ་ཤེས་སྲེད་ཚོར་རྒ་ཤིའི་རྟེན་འབྲེལ་སོགས་མ་ཡིན་པའི་དུས་བཟང་པོའི་སྔ་དྲོ་ཉི་མ་རྩེ་ཤར་གྱི་སྐབས། མོ་གདན་ཕྱིང་དཀར་གཙང་མ་གྲུ་བཞི་པའི་སྟེང་དུ་འབྲུ་ཚོམ་ལྔ་བཀོད་དེ། དབུས་མའི་ཁར་མེ་ལོང་བཤམ། མཐའ་སྐོར་དུ་མཆོད་པ་ལྔ་དང༌། ཕྱེ་མར། སྐྱེམས་ཕུད་བཅས་བཀོད། བྱུང་ན་རྟེན་འབྲེལ་སྙིང་པོའི་གཟུངས་ཆབ་ཀྱིས་ཁྲུས་བྱ། དེ་ནས་སྤོས་དཀར་སོགས་གུ་གུལ་མེད་


LT17_Page_443
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤོས་དང་བཟང་ཤིང་གི་དུད་པ་གཏོང་ཞིང༌། སྤོས་མེའི་པྲ་བརྟག །དུ་བ་དཀར་ན་རྒྱལ་པོ། དམར་ན་བཙན་བདུད། སྔོ་ན་ཀླུ་སྨན། སེར་ན་མི་ཁ༌།སྣ་ལྔ་རྒྱུན་རིང་བྱུང་ན། འཁྱིལ་བའི་ཚུལ་དེ་ཟས་ནོར་འཕེལ། འཚུབ་པའི་ཚུལ་དེ་དར་གུད་ཆེ། བརྐྱང་པའི་ཚུལ་དེ་ལམ་ངོ་ཡིན། བཀུག་པའི་ཚུལ་དེ་དགྲ་ངོ་ཡིན། །འཁྱིལ་ཞིང་ཀུན་ཁྱབ་དུས་བདེ་ཡོད། འཁྲིལ་བའི་ཚུལ་དེ་འཆི་ངོ་ཡིན། བསླང་བའི་ཚུལ་དེ་ལྷ་ངོ་མཐོ། མཆན་བུ། རྟེན་མཆོད་བྱིན་གྱིས་བརླབ། མདའ་དར་གཡོབ་ཅིང༌། ལྷ་འབོད་བདེན་བདར་རྒྱས་པར་བྱ། མོ་ནས་དང་སྐྱེམས་ཕུད་གཏོར། ཡེ་་མང་དུ་བཟླའོ། །དེ་ནས་དུང་ངམ། ལྷ་ཤིང་གཙང་མ་ལས་བཟོས་བའི་ཤྭ། ཤར་དུ་ཟླ་བ།


LT17_Page_444
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་ཆུ་གཏེར། ནུབ་ཏུ་མདའ། བྱང་དུ་མེ། བླ་འོག་ཏུ་མིག་དང་རོ་བཀོད་པ་ཟུང་གཅིག །འབྱུང་ལྔའི་སྔགས་ཨཱ་ལི་ཀཱ་ལི་དང༌། རྟེན་འབྲེལ་གྱི་སྔགས་ཡེ་་ཅི་མང་བཟླས་པས་བྱིན་གྱིས་བརླབས་ནས། གཅིག་བརྩི་བྱ་དང༌། ཅིག་ཤོས་ལེགས་ཉེས་ལུང་སྟོན་གྱི་མཚན་མར་བཟུང་ལ། ཕན་ཚུན་མི་ནོར་བར་བྱས་ཏེ། ཕྱྭ་དཀྱིལ་དུ་སྒྲིལ་ལོ། །དེའང་སྒྲིལ་ཐེང་བཞིར་བསྐྱར་བའི། མཛོད་མིག་དང་པོ་ཀླུང་རྟའི་རྒྱལ་མཚན་ཡིན་ཏེ། གཙོ་བོ་ཡོན་ཏན་ཅན་དང༌། དགྲ་ལྷའི་ས། ཕག་ལུག་ཡོས་གསུམ་གྱི་ལོ་མ་ལ། མོའི་མིག་ཡིན། གཉིས་པ་སྲོག་གི་ཀ་བ་ཡིན་ཏེ། མི་ཕོ་དང་རྟ་བོང་གི་ས། བྱི་འབྲུག་སྤྲེལ་གསུམ་གྱི་ལོ་མ་ལ། མོའི་སྲོག་ཡིན། གསུམ་པ་དབང་ཐང་གི་གདུང་མ་ཡིན་ཏེ། ཁྱིམ་བདག་མོ་དང་གནག་ཕྱུགས་ཀྱི་ས་བྱ་གླང་སྦྲུལ་གསུམ་གྱི་ལོ་མ་ལ། མོའི་སྙིང་ཡིན། བཞི་པ་ལུས་གཏན་པ་ཡིན་ཏེ། རྒན་བྱིས་དང་ར་ལུག་གིས། ཁྱི་རྟ་སྟག་གསུམ་གྱི་ལོ་མ་ལ། སྒོ་ཐེམ་ཕྱི་ནང་གི་ས་མཚམས་ཡིན། དེས་ན་གནས་མལ་དང་པོ་བཟང་ན། བནྡྷེས་ཆོས་མགོ་དང༌། སྔགས་པས་མཐུ་རྩལ་ཐོན། མཁས་བཙུན་གྱི་ཡོན་ཏན་བྲིན། གཙོ་བོའི་གྲོས་ཕུགས་ལེགས། དབང་ཕྱུག་དང་སྙན་གྲགས་ཆེན་པོ་འཐོབ། དགྲ་འདྲེའི་གཉའ་བ་རྡོག་པས་རྫི། ཁྱིམ་མི་སྤྱི་ལ་བཏབ་ཀྱང་ཕ་ཁུ་ཆེ་རྒན་


LT17_Page_445
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། བླ་མཆོད་རིགས་དང༌། ཀླུང་རྟ་མེ་ཁམས་པ་ལ་སྒོས་སུ་བཟང་ཞིང༌། དགྲ་ལྷའི་དབུ་རྨོག་མཐོ་བའི་ངོ་ཡིན། གཉིས་པ་བཟང་ན། ཚེའི་དབང་སྐལ་མི་དམན་ཞིང༌། བར་ཆད་ཀྱི་རྐྱེན་མེད། ཅུང་ཟད་ཡོད་ཀྱང་སྲོག་གི་གསེར་ཟམ་མི་འཆག་མ་འསྒྲིགས་ལྷུན་གྲུབ་ཀྱི་རིང་ཚོའི་རྟེན་འབྲེལ་མང༌། ཚེའི་སྲུང་བ་གང་བྱས་སྨིན་སླ། སྐྱེས་དར་མ་དང་ཀླུང་རྟ་ཤིང་ཁམས་པ། རྟ་ཕོའི་མོ་ལ་ཁྱད་པར་དུ་བཟང༌། གསུམ་པ་བཟང་ན། ནང་གི་དཀོར་མཛོད་དང༌། ཕྱིའི་རྨོ་ཞིང༌། བར་གྱི་གནག་ལྷས་ཐམས་ཅད་ཕྱུག་དར་འཛོམ། ནོར་གཡང་གི་ལྷ་འགོ༌།བུད་མེད་ལ་སྲིད་དང༌། བཟའ་བཏུང་ལ་བཅུད་འཆག །གསོག་སྲུང་སྤེལ་གསུམ་གང་བྱས་ཆུད་མི་ཟ། སྨན་དར་མ་དང༌། ཀླུང་རྟ་ཆུ་ཁམས་པ། གནག་ཕྱུགས་ཀྱི་མོ་ལ་ཁྱད་པར་དུ་བཟང༌། བཞི་པ་བཟང་ན། ལུས་ལ་ནད་གདོན་སོགས་ཀྱི་ཉེར་འཚེ་མེད་ཅིང༌། དབང་པོ་གསལ། བཀྲག་མདངས་ཡང་རྩལ་ཕུན་སུམ་ཚོགས། ལྟོ་གོས་སོགས་འཚོ་ཆས་ཐམས་ཅད་ལུས་དང་འཕྲོད། སྒོ་ཐེམ་བརླིང་བས་དཔལ་འབྱོར་བརྟན། གདོན་དང་རྐུན་པོའི་རྒྱུ་སྲང་འགག་རྒན་བྱིས་དང་ཀླུང་རྟ་ལྕགས་ཁམས་པ། ར་ལུག་ཁྱི་གསུམ་གྱི་མོ་ལ་ལྷག་པར་བཟང༌། དེ་བཞིན་དུ་མཛོད་མིག་དང་པོར་སྡིག་ལྟས་ཤར་ན་ལྷ་


LT17_Page_446
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་གཟི་བྱིན་ཉམས། ལྷ་འཁྲུགས་སོང་ངམ། ཕ་མེས་ཀྱི་དུར་ས་ལྡང་ནའང་ཐང༌། གནམ་སྒོ་རལ་བའམ་གནམ་གྱི་འཇུ་ཐག་ཆད་པ་ཡིན་པས་ཐོག་སེར་དང་ཁྱིམ་གྱི་ཐོག་རྡིབ། གོང་མའི་བཀའ་ཆད་ལ་སོགས་པའི་འཇིགས་པ་འབྱུང༌། མཐོན་པོ་གནས་ནས་ལྷུང༌། བཙན་པོའི་ཁ་དྲག་ཉམས། བཟང་བྱས་ཀྱི་དགེ་མི་ཐོན། དགྲ་གཉེན་ཚན་དང༌། གྱོད་རྡོག་སྣེ་ནས་ལང༌། ཡོན་ཏན་ཅན་དང༌། ལོ་ཀླུང་མེ་ཁམས་པ་ལ་རྩུབ། གཙུག་ཏོར་དང་རྒྱལ་མཚན་རྩེ་མོ། །ལྷ་གསོལ་དང་བསང་མཆོད། ཀླུང་རྟ་ཀ་འཛུག་མཆོད་རྟེན་ཆེན་པོར་གདུགས་འདོགས་པ། ས་ཙྪ་ལོ་གྲངས། ལྷ་ཁང་མཆོད་རྟེན་མང་པོར་དཀར་མེ་སྙན་ཤལ། ཁམས་དང་མཐུན་པའི་དར་ཕྱར་འཛུགས། ལམ་འཕྲང་དང་ཟམ་པ་འཆོས་པ། མི་ཁ་བཟློག་གཏོ་དང༌། དགྲ་མནན་སོགས་གནས་མལ་རང་དང་བསྟུན་པའི་བཅོས་ཆོག་བྱ། གཉིས་པར་ཤར་ན། སྲོག་གི་འཁྲུལ་འཁོར་ཤུགས་བྲི་བས་འཕེལ་ཆུང་ཞིང་ཉམས་སླ། བར་ཆད་ཀྱི་རྐྱེན་མང་ལ་རྒོད། ཁང་ས་གྲུམ་པ་ཡིན་པས་མཁར་རྫོང་འཆོར་བའམ། གནས་ཁང་བཀྲ་མི་ཤིས། བྱ་བཞག་གང་ཡང་འདུན་མའི་ཁོག་ཤིང་འཆུག་སྟག་ཤར་དཔའ་བོའི་གྲ་མདངས་ཉམས། རྟ་བོང་རྔོག་འཕྲུ་ཅན་ལ་གཟན། ལོ་ཀླུང་ཤིང་ཁམས་པ་ལ་རྩུབ། གསོ་ཆོག་


LT17_Page_447
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། ཚེ་ལྷའི་སྐུ་གཟུགས་བཞེངས་ཤིང༌། ཚེའི་མདོ་གཟུངས་སྒྲོགས་པ་གསུང་རབ་རྡོ་ལ་བརྐོ་བ། སྲོག་བསླུ་ཉེའུ་འདོན་པ། སྲོག་བསྐྱེད་པའི་འཁོར་ལོ་བཅང་བ། ཞི་རྒྱས་ཀྱི་སྦྱིན་སྲེག་ཁྲམ་ཟློག་ཚེ་དབང༌། བླ་བསླུ། བརྒྱ་བཞིའི་ཆོ་ག་སོགས་བྱ། གསུམ་པར་ཤར་ན། ནོར་བུ་ལོན་དུ་འགྱུར་བའི་མཚན་མ་ཡིན་པས། ཚོང་ཉེས་དང་དགྲ་ལ་འཇལ་སྟོང༌། ཕྱུགས་གོད་དང་ཤིད་ཀྱི་གཏོར་བརླག་སོགས་གྱོང་སྒོ་འབྱུང༌། ཟ་འདྲེ་འགོང་པོའི་རྒྱུ་ལམ་ཐོད་ཅིང༌། སའི་རྟེན་ཕུར་ཐོན་པ་དང༌། ཞིང་ས་སྟོང་པའི་མོ། །བྱ་བ་གང་བརྩམས་ལ་སྙིང་སྟོང་འོང༌། ཡུལ་འཕོ་ཡུལ་འཆུག་དང་ས་གཡོའི་འཇིགས་པ་འབྱུང་ཉེན་ཡོད། མ་བང་སྟོང་བས་སྲིད་ལ་ངན། ཁྱིམ་འཛིན་གྱི་བུད་མེད་དང་ལོ་ཀླུང་ཆུ་ཁམས་པ་ལ་རྩུབ། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན། བྱ་ཁྱི་སྤྲང་གསུམ་ལ་སྦྱིན་པ། བྱིས་པ་ལོ་གྲངས་ལ་སྟོན་མོ། །གསེར་འོད་དམ་པ་སོགས་གསུང་རབ་འབྲི་ཀློག་ཆོས་སྨྲ་བ་ལ་མཆོད་སྟོན། གཏོར་མ། གཡང་ཆོག་ས་བདག་འཁྲུགས་བཅོས། དབང་ཐང་བསྐྱེད་པའི་འཁོར་ལོ་གདགས་པ་སོགས་བྱ། བཞི་པར་ཤར་ན། ལུས་ལ་སྔར་མེད་ཀྱི་ན་ཚ་འབྱུང༌། སྔར་ཡོང་གཏིང་ལྕི། སྒོ་ཐེམ་ཞིག་པས་ནང་གཡང་ཕྱིར་ཐོན། གཅན་


LT17_Page_448
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་གྱི་ཟ་ཁ་འཛུག་བྲན་གཡོག་མཐའ་འདབ་ལ་དན། བྱིས་པའི་རྩེར་ཤོར། ར་ལུག་གི་ལྷས་མལ་སྟོང༌། རྒན་འཁོག་དང་ལོ་ཀླུང་ལྕགས་ཁམས་པ་ལ་རྩུབ། སྐུ་གཟུགས་མཆོད་རྟེན་ལ་དཀར་གསོལ་དང་ཞིག་གསོ། འབྱུང་བཞིའི་གཏོར་མ་དང་སཙྪ། གསུང་རབ་རྡུལ་སྤྲུག་སྨན་བླའི་ཆོ་ག་བྱ་བ་ཁྲུས། གླུད་དང་ཆང་བུ་བསྔོ་བ། མིང་སྤོ་ལུས་བསྒྱུར། སྲུང་བའི་འཁོར་ལོ་འདོགས་པ། མ་མོའི་ཁྲག་མདོས་སོགས་བྱ། ཁྱད་པར་དུ་ཕྱེ་ན། གཞི་ཕྱྭ་དཀྱུས་ལ་བཤད་མ་ཐག་པ་ལྟར་མཛོད་མིག་བཞི་ཀ་དང༌། ཆོས་ཕྱྭར་དང་པོ་གཙོ། སྲིད་ཕྱྭར་གསུམ་པ་མ་བང་དང་བཞི་པ་ཆུང་ཚང་གཙོ། བུའི་ཐོག་མར་ཕོ་མོ་གང་འབྱུང་ལ་གཉིས་པ་ཕོ་ས་དང་གསུམ་པ་མོ་ས་ངོ་གང་མཐོ་བལྟ། མཐོ་དམན་མཉམ་ན་འབྱུང་བ་ཕོ་མོའི་སྟེང་ནས་བཤད། བློ་ཕྱྭ་དང་དོན་ཕྱྭ་ཚོང་ཕྱྭ་ནོར་ཕྱྭ་ལོ་ཏོག་གི་མོ་རྣམས་ལ་གསུམ་པ་སྙིང་ཁྱིམ་གཙོ། མཛའ་བོ་ཨེ་རྙེད་ལ་སྒོ་ཐེམ་དང༌། རྙེད་ན་ལེགས་ཉེས་དཔྱོད་པར་སྙིང་ཁྱིམ་གཙོ། ས་ཆ་ཡུལ་བཟུང་ལ་གསུམ་པ་ས་སྒོ་གཙོ། མཚེར་ཕྱྭར་གཉིས་པ་ཁང་ས་དང་གསུམ་པ་ལྷས་མལ་གཙོ། དུར་ཁང་ཞིང་གསུམ་བཤད་ཟིན། ནད་པ་འཚོ་འཆིར་སྲོག་མཁར་གཙོ། ནད་ཡུན་རིང་ཐུང་ལ་ལུས་མལ་གཙོ། གདོན་ཕྱྭར་ཁྱིམ་ས་སྟེ་གསུམ་པ་དང་ལོ་མལ་གཙོ། ལེའུ་སྨན་པའི་མོ་ལ་དང་པོ་རྩི་འཛིན་དང་གསུམ་པ་


LT17_Page_449
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཕོར་གཙོ། སྨན་ཨེ་འཕྲོད་ལ་ལུས་མལ་གཙོ། ཞུ་བ་ཨེ་གནང་ལ་རྩེ་འཛིན་དང་སྙིང་ཁྱིམ་གཙོ། མགྲོན་པོ་ཨེ་ཡོང་ལ་སྒོ་ཐེམ་གཙོ། རྟ་ཕྱུགས་ར་ལུག་མོར་སོ་སོའི་ས་མལ་གཙོ། སྒོ་ཁྱི་དང་ར་ལུག་གནས་མལ་གཅིག་བོར་སྟོར་མོ་ལ་སྙིང་ཁྱིམ་དང་ཐེམ་པ་གཙོ། སྲོག་ཆགས་སྟོར་བ་ལ་ཉེར་འཚེ་ཨེ་འབྱུང་རང་རང་གི་ས་མལ་གཙོ། ཆང་དང་ཞོ་འོའི་མོར་སྐྱེམས་ཁང་དང་ཐེམ་བུ་གཉིས་ཀ་གསུམ་པ་ཡིན་པས་དེ་གཙོ། ཆང་འཚོང་མཁན་ཕོ་མོའི་ས་མལ་གང་དར་དེ་ཤིས། ཁ་ཆར་མོ་ལ་གནམ་སྒོ་གཙོ། དགྲ་ཕྱྭར་ཀླུང་རྟ་གཙོ་བོར་བཟུང་ངོ། །འོན་ཀྱང་གཞི་ཕྱྭ་དང༌། དགྲ་ཕྱྭ། ཐག་རིང་གི་ཚོང་ཕྱྭ་དང༌། མགྲོན་ཕྱྭ། བློ་ཕྱྭ་དོན་ཕྱྭ་རྒྱ་ཆེན་པོའི་སྐོར་སོགས་ལ་མཛོད་མིག་བཞི་ཀ་དང༌། དེ་ལས་གཞན་པའི་ཕྲན་ཚེགས་ཀྱི་སྐོར་རྣམས་ལ་དེ་དང་དེའི་གནས་མལ་ཁོལ་དུ་བཏོན་ཏེ་གདབ་པ་སོགས་སྐབས་དང་འཚམས་པར་སྦྱར་རོ། ༈ །གནས་མལ་དེ་རྣམས་སུ་ལེགས་ཉེས་ཀྱི་འབྱུང་འགྱུར་ལུང་སྟོན་བྱེད་དངོས་ནི། ཤྭ་མིག་གཅིག་ཤིང་བཞི་མེ་གཉིས་དྲུག་ས། །ལྔ་ལྕགས་གསུམ་ཆུ་གོ་རིམ་བཞིན། །ཡར་དེད་མ་ལ་མར་དེད་བུ། །ཨ་ཕྱི་དགྲ་ལ་ཚ་བོ་གྲོགས། །ཞེས་ངེས་པར་བྱས་ཏེ། སྔར་བཤད་པའི་ཤོ་གཉིས་པོ་ནང་འཛོམ་ཚུལ་གྱི་སྟེང་ནས་འཕྲད་དེ་དག་བརྩི་བར་བྱའོ། །དེ་ལ་གྲོགས་ཕྲད་


LT17_Page_450
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ལ། མ་ཕྲད་རབ་སྟེ། ལྷག་པར་མ་ཕྲད་ལྕི་བས་བརྟན་ལས་ཀྱི་རིགས་ལ་བསྔགས་ཤིང༌། གྲོགས་ཕྲད་ཡང་བས་གཡོ་ཞིང་མྱུར་བའི་ལས་ལ་བསྔགས་ཏེ། དེས་འཕྲལ་མགྱོགས་སུ་སྒྲུབ་རྒྱུའི་རིགས་ལ་མ་ཕྲད་ཕྱི་དལ་ལམ་བུལ་ངོ་ཡིན་པ་དང༌། ལྕི་བརྟན་གྱི་རིགས་ལ་གྲོགས་ཕྲད་གཞི་མི་བརླིང་བར་བཤད་པའི་སྐབས་ཀྱང་ཡོད་པར་ཤེས་སོ། །གཞན་ཡང་མ་ཕྲད་མང་ཆེས་ན་སྐྱིད་ཀྱི་ལ་བརྒལ་དང༌། ནད་པ་ཧ་ཅང་ཟུངས་ཟད་ལྟ་བུའི་ཡུལ་མི་འཚམས་པ་ལ་བྱུང་ན་གཡུལ་ལོག་རྗེས་དགྲ་ངོ་ཞིང་ལྟར་མོ་མིག་ནས་ཐོན་པའི་ཉེན་ཡོད་ཅིང༌། གྲོགས་ཕྲད་མང་ཆེས་ན་བྲེལ་ཟིང་གི་ལྟས་སུ་འགྲོ་བའི་གནས་ཀྱང་ཡོད་དོ། །ས་མ་མེ་ཕྲད་ལྟ་བུར་འཕྲད་ལ་དཔྱད་ན་བརྟན་པ་དང༌། འབྱུང་ཁམས་ལ་བརྟགས་ན་གཡོ་བ་ཡིན་པས་ཁོག་བརྟན་ལ་ཅུང་ཟད་གཡོ་བ་རྒྱ་མཚོའི་རྦ་རླབས་ལྟ་བུར་བཤད་དེ། གཞི་ཕྱྭར་འཕྲལ་མཐོ་དམན་མང་པོ་འོང་ཡང་ཕུགས་ཆུས་བརྟན་པ་དང༌། མགྲོན་ཕྱྭར་ཕྱི་དལ་ཆེ་ཡང་མྱུར་དུ་ཁ་སྐད་གསལ་པོ་ཐོས་པར་ངོས་འཛིན་པ་ལ་སོགས་པས་མཚོན་ནས་འཕྲུལ་ཤེས་པར་བྱའོ། །འབྱུང་བ་བུ་འཕྲད་དུ་བྱུང་ན་ཉེར་འཚེ་ཕྲ་མོ་དང་ཁ་འགྱོད་ཡིན་ཏེ། གསོ་ཆོག་ཉུང་ངུ་འམ་ཕྲ་མོས་ཞི་བར་ནུས་ཤིང༌། དགྲ་ཕྲད་བྱུང་ན་འཇིགས་པ་ཆེན་པོ་དང་སྙིང་འགྱོད་ཡིན་ཏེ་བཅོས་ཐབས་ཆེན་པོ་དང་མང་པོས་ཞི་བའི་ཁྱད་མ་


LT17_Page_451
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་དེ་གཉིས་ཕྱོགས་མཚུངས་སུ་བཤད་རྒྱུ་ཡིན་ནོ། །ས་ནང་མ་ཕྲད་དང༌། ཆུ་ནང་གྲོགས་ཕྲད་དང་ཕྱོགས་མཐུན་པ་ལ། མ་གྲོགས་ལས་དམན་པ་ཙམ་དུ་བཤད་པར་བྱ་ཞིང༌། ཤིང་ལྕགས་མེ་གསུམ་ནང་ཕྲད་བཟང་ངན་འདྲེས་མ་དང༌། རྒྱལ་ཕམ་གཉིས་མེད། ལྷ་འདྲེས་འཐེན་རྩོད་ལྟ་བུའི་དབྱེ་བསལ་དཀའ་བ་དང༌། རིམ་གྲོའི་རྒྱབ་དཔུང་དྲག་ཞན་གྱི་རྗེས་སུ་འགྲོ་བར་ལུང་སྟོན་ནོ། །འབྱུང་བ་སོ་སོའི་སྒོས་བཤད་ཀྱིས་ཤིན་ཏུ་གསལ་བར་ལུང་སྟོན་ཚུལ་ནི། ཐོག་མར་སྤྱིའི་འགྲོ་ཕྱོགས་མ་བསླབས་ན་མང་དུ་བཤད་པས་མགོ་རྨོངས་པར་འགྱུར་བས་འདི་དག་བློ་ལ་བྱང་བར་བྱ་སྟེ། རུས་སྦལ་གྱི་རྩིབས་གཡས་ཤར་ཤིང་ཁམས། མགོ་བོ་ལྷོ་མེ་ཁམས། རྩིབས་གཡོན་ནུབ་ལྕགས་ཁམས། མཇུག་མ་བྱང་ཆུ་ཁམས་ཏེ། ལུང་པ་དང༌། ཁྱིམ་དང༌། མལ་དང༌། མི་དང་དུད་འགྲོ་ལ་སོགས་པའི་ལུས་ལའང་དེ་ལྟར་སྦྱར་རོ། །ཁ་དོག་ལྗང་ཀུ་ཤིང༌། དམར་པོ་མེ། སེར་པོ་ས། དཀར་པོ་ལྕགས། ནག་མཐིང་ཆུའོ། །གྲངས་ཤོ་མིག་བཞིན་ཏེ། མཉམ་པ་གསུམ་དང༌། མི་མཉམ་པ་གསུམ་མོ། །དབྱིབས་འཇོང་ནར་ཤིང༌། གྲུ་གསུམ་མེ། གྲུ་བཞི་ས། ཟླ་གམ་ལྕགས། ཟླུམ་པོ་ཆུའོ། །གནས་ལུགས་ཀེ་རེ་ལང་བ་ཤིང༌། ལྷབ་ལྷུབ་འབར་བ་མེ། ཅ་རེ་བསྡད་པ་ས། རྣོ་


LT17_Page_452
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་རོག་པ་ལྕགས། ཞོད་དེ་འགྲོ་བ་ཆུའོ། །ལྕི་ཡང་ཤིང་མེ་ཆུ་གསུམ་ཡང་བ། ས་ལྕགས་གཉིས་ལྕི་བའོ། །མགོ་དབྱིབས་མགོ་ཕྲུག་ཤིང༌། རལ་བ་མེ། རྦད་མགོ་ས། ཅོ་བྲེག་ལྕགས། ལྟག་སྐྲ་ཆུའོ། །ཕོ་མོ་ཤིང་ལྕགས་ས་གསུམ་ཕོ། མེ་ཆུ་མོའོ། །མི་རིགས་རྒྱལ་རིགས་ས། རྗེ་རིགས་མེ། བྲམ་ཟེ་ཤིང༌། དམངས་རིགས་ཆུ། གདོལ་པ་ལྕགས་སོ། །ཡང་རྒྱལ་པོ་ཤིང༌། བུད་མེད་མེ། བཙུན་པ་ས། བྱིས་པ་ལྕགས། བོན་པོ་ཆུའོ། །བནྡེ་མེ། ཕྱུག་པོ་ས། སྟག་ཤར་ལྕགས། བུད་མེད་ཆུར་བཤད་པའང་ཡོད་དོ། །ཉེ་དུ་ཕ་ཁུ་ཤིང༌། བུ་ཚ་མེ། མ་ཕྱི་ཡུལ་མཁར་ས། ནོར་གྲོགས་ལྷ་སྲུང་ལྕགས། གཉེན་ལམ་མཐའ་བཞི་ཆུའོ། །བརྗོད་པ་སྐད་འགག་གྲེ་འདར་ཤིང༌། སོ་བར་སྒྲ་འདོན་མེ། སྣ་སྐད་འདོན་པ་ས། ཁ་གདང་ལྕེ་འཕྱར་ལྕགས། མཆུ་རུབ་མཆུ་འཛུམ་ཆུའོ། །མཚན་མ་ལྦ་བ་ཤིང༌། ངོ་རྨེན་ཅན་མེ། རྒུར་པོ་ས། མཆན་ཁུང་སྨེ་བ་ཅན་ལྕགས། ཤོ་རེ་ཆུའོ། །ལས་ཡང་ཞིང་གཡོ་བ་ཤིང༌། ཚ་བསྲེག་མེ། ལྕི་འཐིབ་ས། རྣོ་ཟུར་ལྕགས། རླན་གཤེར་ཆུའོ། །བཟོ་ཤིང་མཁན་ཤིང༌། རྫ་མཁན་སོགས་མེ། གྱང་མཁན་དང་ཞིང་པ་སོགས་ས། མགར་ར་ལྕགས། གྲུ་པ་དང་ལྷམ་མཁན་སོགས་ཆུའོ། །ལོངས་སྤྱད་


LT17_Page_453
[མ་དཔེ་གཟིགས་ན་འདིར་གནོན།]

ར་དང་བོང་བུ་ཤིང་སྤྱད་སོགས་ཤིང༌། རས་སྣམ་གོས་དར་རྟ་སོགས་མེ། ཞིང་དང་གཡག་ལུག་སོགས་ས། རིན་པོ་ཆེ་དང་གོ་མཚོན་སོགས་ལྕགས། སྦྲ་ཕྱྭར་ཇ་སིག་སོགས་ཆུའོ། །ཟས་ཤིང་ཏོག་སྔོ་ཚོད་ཤིང༌། བསྲེག་ཤ་མགོ་ཤ་ཁྲག་ཚོད་མེ། ཁུར་བ་དང་རྐང་ལག་གི་ཤ་ས། རྩིབས་མའི་ཤ་དང་དཀར་གསུམ་ལྕགས། ཆང་དང་ཆུ་དང་དར་བ་ཆུའོ། །རོ་ཁ་བ་ཤིང༌། ཚ་བ་མེ། མངར་བ་ས། བསྐ་བ་ལྕགས། སྐྱུར་བ་ཆུའོ། །བྲོ་བ་རེངས་པ་ཤིང༌། སྐྱུར་བ་མེ། བསྐ་བ་ས། ཞིམ་མངར་ལྕགས། སླ་ལ་བསིང་བ་ཆུར་བཤད་པའང་འབྱུང་ངོ༌། །ནད་རྩ་རྒྱུས་རེངས་པ་དང་རླུང་ནད་ཤིང༌། མགོ་ནད་དང་ཚ་བ་མེ། ཤ་ནད་དང་ལྕི་འཐིབ་ས། གཟེར་ཟུག་རྣག་དང་རུས་ནད་ལྕགས། གྲང་བ་རོ་སྨད་ན་བ་ཆུའོ། །དོན་སྣོད་མཆིན་མཁྲིས་ཤིང༌། རྒྱུ་སྙིང་མེ། ཕོ་མཚེར་ས། གློ་ལོང་ལྕགས། མཁལ་ལྒང་ཆུའོ། །སྒོ་མིག་ཤིང༌། ལྕེ་མེ། མཆུ་ས། སྣ་ལྕགས། རྣ་བ་ཆུའོ། །འདྲེ་གཉན་དང་ཐེ་རང་ཤིང༌། བཙན་དང་གྲེ་ཕོ་མེ། ས་བདག་ཡུལ་འདྲེ་ས། དཀོར་བདག་རྒྱལ་པོ་ལྕགས། ཀླུ་དང་མ་མོ་ཆུ་སྟེ་ལྕགས་གྲི་གཤེད་དང༌། ཤིང་རྒྱལ་པོར་ཡང་བཤད་དོ། །ལོ་ཟླ་ཞག་དུས་ནི་སྟག་ཡོས་ཤིང༌། རྟ་སྦྲུལ་མེ། སྦྲེལ་བྱ་ལྕགས། བྱི་ཕག་ཆུ། གཤེད་བཞི་


LT17_Page_454
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྟེ། སྲོག་ཆགས་བཅུ་གཉིས་པོ་ཡང་དེ་ལྟར་སྦྱར་རོ། །དེ་དག་ཀྱང༌། ཕྱོགས་མདོག་གྲངས་དབྱིབས་གནས་ལུགས་དང༌། །ལྕི་ཡང་སྒྲ་ཚད་ཕོ་མོ་རིགས། །ཉེ་དུ་བརྗོད་པ་ཤ་མཚན་ལས། །ལོངས་སྤྱོད་ཟས་ཐོ་ནད་འདྲེ་ལོ། །ཞེས་སྡོམ་དུ་དྲིལ་ནས་བཟུང་ངོ། །དེ་ལྟར་ཤེས་པ་ན་ཕྲད་དང་འབྱུང་བ་རྐྱང་དཔྱད་གཉིས་སྦྲགས་ནས་སྟོན་ཚུལ་དངོས་ནི། རེ་ཞིག་ཡིག་ཚོགས་ཉུང་བའི་ཕྱིར་བཤད་པ་བཟང་ངན་འབྲིང་གསུམ་དུ་རིགས་བསྡུས་ནས། དགྲ་གྲོགས་ནང་ཕྲད་གསུམ་གྱིས་མཚོན་ཏེ་བརྗོད་པར་བྱའོ། ༈ །དེ་ལ། ཤིང་གྲོགས་ས་ཕྲད་དུ་བྱུང་ན། ཁྱིམ་ཕྱྭར་སྲིད་པའི་རི་རབ་རྨིང་འགྲམ་བརྟན་པས་བཟང་ཡང་མང་དྲག་ན་ཉི་མ་ལྷོ་ནུབ་ནས་འབྱུང་བ་ས་ཁམས་པའི་ཕྱོགས་ཀྱི་སྐད་ཆ་འུར་ཟིང་ཅན་ཡོད་ངོ་ཡིན། བསྟན་ཆུས་དང་ཆོས་ཕྱྭར་ཡང་གསེར་གྱི་ས་གཞི་ལ་དཔག་བསམ་གྱི་ཤིང་སྐྱེ་བའི་ངོ་ཡིན་པས་བཟང༌། སྲིད་མི་ཉེ་མི་རིང་བའི་དུས་སུ་ཐོན་བུ་བུ་ཕོ་སའི་མི་རིགས་ཤིག་འབྱུང་ལྟས་དང་བུ་ཚ་མིང་སྲིང་གཉིས་སམ་བཞི་སོགས་མཉམ་པའི་གྲངས་ཤིག་སྐྱེ་ངོ་ཡོད། མི་རབས་གཅིག་པའི་སྤུན་གྲངས་དེ་འདྲ་ཞིག་མ་བྱུང་རུང་རྒྱུད་ཀྱི་ཕྱི་མཐའ་དེ་འདྲ་ཞིག་ཏུ་སྡུད་ན་ཐང༌། བློ་ཕྱྭ་དང་དོན་ཕྱྭ་གཏན་ལས་རིགས་ལ་ཤིན་ཏུ་བཟང་སྟེ། མཐའ་བཟང་ལ་ཡིད་བརྟན་ཉན་པ་འོང༌། དེ་མིན་འཕྲལ་གྱི་བྱ་བ་ལ་དལ་ངོ་དང་ཕུགས་སུ་དགེ་ཞིང་ལེགས་


LT17_Page_455
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་མ་ཡིན། དེའང་ཉི་མ་ལྷོ་ནུབ་ནས་རྫ་མཁན་ནམ་ཕྱུག་པོ་གཙོ་བོའི་རིགས་ཀྱིས་གྲོགས་བྱས་ནས་ས་ཡུལ་གྲུ་གད་པ་སེར་པོ་ཡོད་པའམ་ཐང་ཆེན་པོའི་དཀྱིལ་དུ་དོན་ཆོད། ཚོང་ཕྱྭར་ལོངས་སྤྱོད་གཞི་བརྟན་ཅིང་ཁེ་སྤོགས་ཀྱི་འཕེལ་ཀ་ཆེ། ཁྱད་པར་དུ་རྫས་སེར་པོའི་རིགས་ལས་ཁེ་སྐྱེད་ཆེན་པོ་འབྱུང༌། ནོར་ཕྱྭ་དང་ལོ་ཏོག་ལེགས་ཉེས་ལའང་ཤིན་ཏུ་མཆོག་ཞུ་དོན་གཉེར་ན། བརྟན་ཆགས་ཀྱི་ལས་དོན་ཞིག་ཡིན་ན་ཤིན་ཏུ་འགྲུབ། དེ་མིན་ན་ཕྱི་དལ་ཆེ། མཛའ་བོ་ཨི་རྙེད་ན་ཁྱོད་ཀྱི་མཛའ་བོར་འོང་རྒྱུའི་མི་དེ་མདོག་སེར་་བ། ལུས་པོ་ལྕི་ཞིང་བོང་ཐུང་ལ་ཤ་ཆེ་བ། ཁ་ཉུང་ལ་གཏམ་བདེན་པ་ཞིག་ཡོད་ན་ཐང༌། དེ་མེད་ན་དེ་ལྟ་བུའི་མི་རིགས་ཀྱིས་གྲོགས་བྱས་ནས་ནམ་ཕུགས་དབང་དུ་འདུ་ངོ་དང་མཛའ་བ་བརྟན་ཆགས་འོང་བའི་ལྟས། དུར་མོ་དང་ཁང་ས་མཚེར་སའི་མོ་ལས་དཔལ་ཆེ་ཞིང་སྐྱིད་ཀྱི་དམུ་ཐག་ཡོད་པས་ཤིན་ཏུ་བཟང༌། ཞིང་ས་བཟང་ངན་ལ་ཞིང་གྲུ་བཞི་ངོས་མཉམ། ཁང་པའི་ལྷོ་ནུབ་སོགས་མཚམས་བཞིའི་གང་རུང་ཞིག་ཏུ་ཡོང་ན་ཐང་སྟེ་གང་ལྟར་ཡང་བཟང༌། ནད་ཕྱྭར་ཞག་བཞི་ཚུན་ཆད་ཁ་གསལ་ཞིག་འདུག་དེ་མ་བྱུང་ཚེ་གཏིང་ཅུང་ཟད་ལྕི་ཡང་ནམ་ཕུགས་སྐྱོན་མེད། གདོན་ཕྱྭར་མཚམས་བཞིའི་གང་རུང་ནས་གཞི་བདག་དང་རྒྱལ་པོ་གནོད་དེ་ད་ལྟ་འབྱུང་པོས་ཕྱི་ལམ་རྙོགས་


LT17_Page_456
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་ཡིན་པས་བཟང༌། ལེའུ་སྨན་པའི་མོ་དང་སྨན་བསྟེན་ན་འཕྲོད་མིན་འདེབས་ན། ས་བཟང་པོ་ལ་ཤིང་ནྱ་གྲོ་དྷའི་ས་བོན་བཏབ་པ་དང་འདྲ་སྟེ། སྲོག་ལུས་གཉིས་ཀའི་ས་ན་སྐྱེད་ཆེ། མགྲོན་ཕྱྭར། མགྲོན་པོ་མི་རིག་ཞྭ་ཐོད་རིག་པའི་ངོ་ཡིན་ཡང་ཐང༌། ཞག་བཞིའི་མཚམས་ཚུན་ཆད་མ་ཐོན་ན་ཤོལ་འགྱང་ཆེ། ལར་བྱེས་བགྲོད་ཉེ་ཞོ་མེད་ཅིང་རྫས་སྤྱད་སེར་པོའི་རིགས་ཀྱི་རྙེད་པ་དང༌། མངར་ཞིང་ཞིམ་པའི་བཟའ་བཏུང་གི་ཕམ་ཕབ་འོང༌། རྟ་ཕྱུགས་ཁྱི་དང་ར་ལུག་མོར་སྲོག་ཆགས་དེ་དང་དེ་ཤ་འཐུག་ཅིང་ཁ་དོག་སེར་པོ་ཞིག་ཡོད་ཤས་ཆེ་སྟེ། དགེ་ཞིང་ཕན་ཐོགས་འོང༌། བོར་སྟོར་མལ་ས་དང་ཁྱིམ་གྱི་གྲ་བཞི་གང་རུང་ཞིག་ཏུ་རྫ་སྣོད་དམ་ས་རྗེན་ལ་བརྟན་པའམ་གདུ་བུ་དང་ཕུ་དུང་ལྟ་བུའི་ཡན་ལག་གི་ཆས་ཅི་ཡང་རུང་བའི་ཟུར་དྲིལ་ཐུམ་སེར་པོ་ཅན་ཞིག་ན་ཡོད། ཕྱི་རོལ་དུ་སྟོར་ན་ལུང་པའི་གཡོན་ཕྱོགས་ཀྱི་ཕུ་ལྟ་བུར་ཡོད་དམ། ཐང་ཆེན་པོ་དང་རིའི་མཚམས་བཞི་གང་རུང་ནས་རྙེད་ངོ་ཡོད། ལར་རང་ས་མ་བོར་ན་མ་གཏོགས་རྙེད་ཅུང་ཟད་དཀའ། ཆང་དང་ཞོ་འོ་སྙོལ་ན་ཕྱུག་པོ་གཙོ་བོའི་ཁྱིམ་ནས་ཕབ་དང་ཞོ་གཏའ་ལོངས་ལ་ཚུལ་བཞིན་སྙོལ་དང་རོ་བཅུད་ནུས་པ་ཕུལ་བྱུང་འབྱུང༌། ཆང་བཙོ་མཁན་མཚམས་བཞིའི་ལོ་པ་དང་རྫ་མཁན་ལྟ་བུས་བཙོས་ན་བཟང༌། ཁ་ཆར་མོ་ལ་སྤྲིན་གྱི་ཟོ་བ་ལ་


LT17_Page_457
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམ་བུ་བཅུག་པས་རེ་ཞིག་མི་འབབ། འོན་ཀྱང་དུས་ཆར་འདོད་ན་སྤྲིན་ཆེན་པོའི་མདོ་ཀློག་སྒྲོགས་དང་གཞན་ཡང་འབྱུང་བ་ཆུའི་རྟེན་འབྲེལ་མང་པོ་བསྒྲིགས་ན་རྙེད་ངོ་འདུག་དགྲ་ཕྱྭར། ལྕགས་རིའི་ཤིང་རྡོ་མ་འགུལ་བས་དགྲ་མེད། ཡོད་ཀྱང་མི་མགོ་ལྕགས་ལས་སྲ་བས་དོན་ཕམ་མེད་དོ། ༈ །མེ་གྲོགས་ལྕགས་ཕྲད། ཁྱིམ་ཕྱྭར། མངའ་ཐང་སྟོབས་ཀྱི་འབྱོར་པ་རྡོ་རྗེའི་བྲག་ལྟར་སྲ་བས་བཟང༌། ཧ་ཅང་མང་ན་ཉི་མ་ནུབ་ཕྱོགས་ནས་འབྱུང་བ་ལྕགས་རིགས་ཀྱི་འུར་ངོ་ཡིན། བསྟན་ཆུས་དང་ཆོས་ཕྱྭར། ལྷ་སྲུང་བཟང་པོས་མགོན་བྱེད་པས་བཟང༌། འོན་ཀྱང་དཀའ་ཚེགས་ཆེན་པོས་འགྲུབ་པའི་ངོ་ཞིག་འདུག་སྲིད་ཕྱྭར། བག་ཙམ་རིང་བའི་དུས་སུ་ཐོན་བུ་བུ་ཕོ་ལྕགས་ཁམས་པ་ཞིག་འབྱུང་ལྟས་དང་གྲངས་མི་མཉམ་པ་སྐྱེ་ངོ་ཡིན། བུ་ཚ་ཅུང་ཟད་གསོ་དཀའ། བློ་ཕྱྭ་དང་དོན་ཕྱྭ་དཀའ་ལས་ཀྱིས་བསྒྲུབ་རྒྱུ་ཞིག་ཡིན་ན་ཐང༌། དེ་མིན་ན་དཀའ་དཀའ་ལྟར་རིམ་གྱིས་འགྲུབ། ལར་བཟང༌། དེའང་ནུབ་ཕྱོགས་ནས་བྱིས་པའམ་སྟག་ཤར་མགར་བ་བྱ་སྤྲེལ་ལོ་པ་ལྟ་བུས་གྲོགས་བྱས་ནས་ས་ཡུལ་ཟླ་གམ་མམ་མཚོན་ཆའི་དབྱིབས་ཅན་ས་ཤར་དང་གད་བྲག་དཀར་པོ་ཡོད་སར་དོན་ཆོད། ཚོང་ཕྱྭར། ཚོང་ར་མང་པོ་འགྲིམ། རྨེད་མང་པོ་བཅོལ་བའི་མཐའ་ཞིག་ན་ཁེ་སྤོགས་འོང༌། ཁྱད་པར་


LT17_Page_458
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྫས་སྤྱད་དཀར་པོའི་རིགས་ལས་རྙེད་པ་འགྲུབ། ནོར་ཕྱྭ་དང་ལོ་ལེགས་མིན་ལའང་སྤྱིར་བཟང་མོད་ཀྱི་ལོ་ཏོག་སྐྱེ་ཚན་ཆུང༌། ཞུ་བ་ཨེ་གནང་ན། ཁ་སྲ་བཞིན་དོན་ལ་སྙིང་དགའ་འོང༌། མཛའ་བོ་འཚོལ་ན། མི་དེ་མདོག་དཀར་པོ། ཤ་གྱོང་བ། ཤེས་པ་གསལ་ཞིང་སྐད་འཐུག་པ། ཁྲོ་ཞིང་ཁ་ཚ་བ་ཞིག་ཡིན་མཆི། དེ་མིན་ན་དེ་འདྲའི་མི་རིགས་ཞིག་གིས་གྲོགས་བྱས་ནས་མི་རྙེད་འདྲ་བའི་ངང་ལ་རྙེད་པར་འགྱུར། དུར་མོ་དང་ཁང་མཚེར་ཕྱྭ་ཞིང་ས་བཟང་ངན་རྣམས་ལས་དེ་ཟླ་གམ་བྲག་ཆུང་དཀར་པོ་ཡོད་པ་ཞིག་ཡིན་ན་ཐང༌། མཚེར་སའི་རྩྭ་འབྲོག་དང་ཞིང་ནུབ་ཕྱོགས་ན་ཡོད་དེ་བཟང༌། ནད་ཕྱྭར་ཞག་ལྔ་ཚུན་ལ་ཁ་གསལ་ཅིག་འདུག་དེ་མིན་ན་སྨན་པ་བརྟེན་འཚོལ་སོགས་དཀའ་བ་དུ་མའི་མཐར་ནད་སོས་འཁུན་པ་དེངས། གདོན་ཕྱྭར། ནུབ་ཕྱོགས་ནས་གྲི་ཕོ་དང་དཀོར་བདག་གནོད་དེ་སྐྱོན་ཆུང༌། ལེའུ་སྨན་པའི་མོ་སོགས་ལ། ཁྱོད་ཀྱི་ལེའུ་སློབ་དཔོན་དང་སྨན་པ་དེ་དག་མི་ཁུག་པའི་ཉེན་ཅིག་འདུག་ཁུག་ན་ལྕགས་ལས་མེ་འབྱུང༌། སྨན་ལས་ནུས་པ་འཐོན། སྔགས་ལས་བྱིན་རླབས་འགྲུབ་པས་ཆེས་བཟང༌། མགྲོན་པོ་ཨེ་འོང་ན། མི་ཁྱོད་ཀྱི་མགྲོན་པོ་དེ་ལ་དཀའ་ཚེགས་མང་པོའི་ཡུས་ཅིག་འདུག་སྟེ་དོན་ཕམ་མི་འདུག་རྫས་སྤྱད་དཀར་པོའི་རིགས་ཀྱི་རྙེད་པ་དང༌། བཟའ་བཏུང་


LT17_Page_459
[མ་དཔེ་གཟིགས་ན་འདིར་གནོན།]

རོ་བསྐ་བ་ཞིག་ཀྱང་གསར་རྙེད་ཡོད། ཞག་ལྔ་ཚུན་ལ་མ་སླེབས་ན་བུལ་ངོ་ཡིན། རྟ་ཕྱུགས་ཁྱི་དང་ར་ལུག་མོད། རྟ་རྒོད་དང་གཡག་རྒོད། ཁྱི་གཏུམ་བག་ཅན་ལྟ་བུ་ཁ་དོག་དཀར་ཤས་ཆེ་བ་ཡོད་ན་ཐང་སྟེ་བཟང༌། བོར་སྟོར་མལ་དང་ཁྱིམ་གྱི་གཡོན་ངོས་ཁྲོ་ལྕགས་ལྟ་བུའི་སྣོད་ནང་ངམ་ལྕགས་སྤྱད་ཀྱི་ཟུར་དང་དྲིལ་ཐུམ་དཀར་པོའི་ནང་དུ་ཡོད། ཕྱི་རོལ་དུ་ན་ལུང་པའི་གཡོན་ལག་ནུབ་ཕྱོགས་ཀྱི་རིའམ་རིའི་སྲིབ། རྫ་བྲག་ཆེན་པོའི་རྒྱུད་དང༌། རྡོ་ཁྲོལ་བུའི་ཁྲོད་སོགས་ན་ཡོད། ཚེགས་ཆེན་པོས་བཙལ་ན་རྙེད་མཆི། ཆང་དང་ཞོ་འོའི་མོར། ཞིམ་མངར་གྱི་བྲོ་བ་བཟང་དགུ་འབྱུང་བས་རབ་ཡིན། ཆང་བཙོ་མཁན་སྟག་ཤར་བྱ་སྤྲེལ་ལོ་པ་ལྟ་བུས་བཟང༌། ཁ་ཆར་ཨེ་འབབ་ལ། རེ་ཞིག་འབེབ་དཀའ་ཡང་གཉུག་བསྲིང་ན་གངས་དཀར་མུ་ཏིག་གི་དོགས་པ་ལྟ་བུ་འཐོར་ངོ་ཡོད། དགྲ་ཕྱྭར། དགྲ་ལྷ་ཕྲག་ན་བཞུགས་པས་མཛུབ་མོས་བསྣུན་ན་མདུང་དང་ཁུ་ཚུར་བརྡེག་ན་ཐོ་བར་འགྲོ་སྟེ་དགྲ་མགོ་གྱེན་དུ་མི་འབུར། ༈ །ས་གྲོགས་ཆུ་ཕྲད། ཁྱིམ་ཕྱྭར་སྲིད་པ་ལས་ཀྱི་རྒྱ་མཚོར་ཕྱྭ་གཡང་གི་ནོར་བུ་འདུ་བས་ཤིན་ཏུ་བཟང༌། མང་ཆེས་ན་འབྱུང་བ་ཆུ་ཁམས་ཀྱི་འུར་ངོ་ཡིན། བསྟན་ཆུས་དང་ཆོས་ཕྱྭར་ཡང་བཟང༌། ལྷ་སྲུང་མོ་རྒྱུད་རིགས་ཀྱིས་གྲོགས་བྱེད།


LT17_Page_460
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཕྱྭར་དབང་ཐང་རིན་པོ་ཆེའི་གཞོང་པར། སྲིད་ཀྱི་གཡུ་མཚོ་འཁྱིལ་བས་བཟང༌། དུས་ཉེ་བའི་ས་ནས་ཐོན་བུ་བུ་མོ་འོང་ཞིང་ལར་མི་མཉམ་པའི་གྲངས་འབྱུང༌། བློ་ཕྱྭ་དང་དོན་ཕྱྭ་མྱུར་དུ་བསྒྲུབ་རྒྱུ་ཞིག་ཡིན་ན་འགྲུབ། དེ་མིན་ན་ཡོངས་རྫོགས་འགྲུབ་དཀའ་ཡང་ཅུང་ཟད་འགྲུབ། དེའང་བྱང་ཕྱོགས་ནས་གྲུ་པའམ་བུད་མེད་གོས་སྔོན་པོ་ཅན་བྱི་ཕག་ལོ་པ་དང་ཤོ་རེ་ཡོད་པས་གྲོགས་བྱས་ནས་ས་ཡུལ་ཟླུམ་པོ་གད་བྲག་སྔོན་པོའམ་ནག་པོ་ཡོད་པ་དང་མཚོའམ་ཆུ་བོའི་འགྲམ་ལྟ་བུར་དོན་ཆོད། ཚོང་ཕྱྭར་འབྱུང་བ་ཆུའི་མི་རིགས་ལས་ཚོང་སྤོགས་མྱུར་དུ་འགྲུབ། ཁྱད་པར་དུ་ཟོང་སྔོ་ནག་གི་རིགས་ལས་ཁེ་འབྱུང༌། ནོར་ཕྱྭ་དང་ལོ་ལེགས་ཉེས་ལ་དཔལ་ཆོག་ཤེས་དང་ནོར་རྒྱུན་མ་སོགས་གཡང་ལྷ་བུད་མེད་རིགས་ཀྱིས་མགོན་མཛད་པས་ཤིན་ཏུ་བཟང༌། དེ་དག་གི་གཟུངས་འདོན་ཟློས་དང་ཞིང་དཀྱིལ་དུ་གླུའི་གཏེར་བུམ་སྦ། ཞུ་དོན་འདོད་ན་ཁ་གྲོག་ཆེ་སྟེ་དོན་གྲོག་གི་ངོས་ན་མནོག་ཆེ་རྒྱུ་མི་འདུག་མཛའ་བོ་འཚོལ་ན། མི་དེ་མདོག་སྔོ་བ། ཀུ་ཅོ་མང་ལ་གཙང་སྦྲ་ཆུང་བ། འབྲོག་སྦྲ་ནག་ཅན་གྱི་རིགས་ཤིག་ཡིན་ན་ཐང༌། དེ་མིན་དེ་ལྟ་བུའི་མི་རིགས་ཀྱིས་གྲོགས་བྱས་ནས་མྱུར་དུ་རྙེད། དུར་དང་ཁང་མཚེར་ཞིང་ས་རྣམས་ལ་བྱང་གི་ཕྱོགས་ན་དབྱིབས་ཟླུམ་པོ་ཡུར་སྲུབ་དང་ཀོ་མོག་ཡོད་པའམ་ན་སྤང་མང་པོ་དང་


LT17_Page_461
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་འགྲམ་ལྟ་བུར་ཡོད་ན་ཐང༌། ཇི་ལྟར་ཡང་བཟང༌། ནད་ཕྱྭར། ཞག་གསུམ་ཚུན་ལ་རི་རྩེའི་སྨུག་པ་ཡར་དེངས་སུ་འགྲོ་བས་བཟང༌། གདོན་ཕྱྭར་བྱང་ཕྱོགས་ནས་མོ་གདོན་ནམ་དམ་སྲི་གནོད། གདོན་ངོ་ཡང་བས་སྙིང་སྟོང་མི་འགྲོ། ལེའུ་སྨན་པའི་མོ་ལ་མཆི་མེད་བདུད་རྩིའི་གཏེར་རྙེད་པས་ཤིན་ཏུ་བཟང༌། མགྲོན་འོང་ངམ་ཞེ་ན། མགྲོན་པོ་མི་ནག་རྟ་ནག་ཅན་ནོར་སྦྱད་སྔོན་པོའི་རིགས་དང་བཟའ་བཏུང་སྐྱུར་པོའི་རིགས་ཀྱི་རྙེད་པ་དང༌། ཁ་དགའ་གཏམ་སྙན་དང་བཅས་ཏེ་མྱུར་པོར་འོང༌། དེ་མིན་ཡང་བྱང་ཕྱོགས་ཀྱི་མི་བྱི་ཕག་ལོ་པའི་ངག་ལམ་ན་གཏམ་གསལ་ཡོད། རྟ་ཕྱུགས་ཁྱི་དང་ར་ལུག་མོར་རྒོད་མ་བ་འབྲི་ཁྱི་མོ་སོགས་ཤ་རིད་ཅིང་བོང་ཆུང་བ་ཞིག་ཡིན་ཤས་ཆེ། ཁ་ལྟ་བདེ་སྦྱིན་འོང༌། བོར་སྟོར་ཁྱིམ་མམ་མལ་སའི་སྒོའམ་རྟེན་མའི་ཕྱོགས་ཆུའི་ནང་དང་ཆུ་སྣོད་ཀྱི་ཟུར། སྒྱེ་ནག་ལྟ་བུ་ཆུ་རླུང་མི་ཆགས་པའི་སྣོད་དང་དྲིལ་སྔོན་པོའི་ནང་ན་ཡོད། ཕྱི་རོལ་དུ་ལུང་པའི་སྒོ་གཞུགས་དང་རིའི་བྱང་ངོས། ཆུ་འགྲམ་མམ། ས་བྲག་སྔོན་པོ་ཡོད་པའི་ནང་དུ་རྙེད་དེ་མགྱོག་ངོ་ཡོད། ཞོ་ཆང་མོར། དུང་གཡུའི་སྐྱེམས་བུམ་དུ་བདུད་རྩིའི་གཡང་ཞག་འཁྱིལ་བས་བཟང༌། ཆང་བཙོ་མཁན་སྨན་ཤར་བྱི་ཕག་ལོ་པ་ལྟ་བུས་བཙོས་ན་བཟང༌། ཁ་ཆར་ཨེ་འབབ་ན། སྤྲིན་དཀར་གྱི་རྒྱལ་བ་ཁ་རལ། ཆུའི་


LT17_Page_462
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་རྡོལ་བས་ཤིན་ཏུ་འབབ། ཁ་ཆས་ཆུག་ཆར་ཟོན་གྱིས། དགྲ་ཕྱྭར། རང་མགོ་རི་ལས་མཐོ། དགྲ་མགོ་ཆུ་བས་དམའ་སྟེ་སྐྱོན་མེད་དོ། ༈ །ལྕགས་གྲོགས་ཤིང་ཕྲད། ཁྱིམ་ཕྱྭར། འཁོར་འདབ་ལོངས་སྤྱོད་ནྱ་གྲོ་དྷའི་ཡལ་ག་ལྟར་རྒྱས་པས་ཤིན་ཏུ་བཟང༌། མང་ཆེ་ན་ཤར་ཕྱོགས་ནས་ཤིང་ཁམས་པའི་སྐད་ཆ་འུར་ཅན་འོང༌། བསྟན་ཆུས་དང་ཆོས་ཕྱྭར་ལེགས་དགུའི་ཡོན་ཏན་ཡར་འཕེལ་དུ་འགྱུར་ཏེ་རབ་ཡིན། སྲིད་ཕྱྭར། ཤིན་ཏུ་མྱུར་བའི་དུས་སུ་ཐོན་བུ་བུ་ཕོ་ཤིང་ཁམས་པའི་མི་དང་མིང་སྲིང་མི་མཉམ་པའི་གྲངས་སུ་འབྱུང་ངོ་ཡིན། བློ་ཕྱྭ་དང་དོན་ཕྱྭར་བཟང་གཡོ་དྲག་མྱུར་བའི་ལས་ལ་ཁྱད་པར་དུ་མཆོག་དེའང་ཤར་ཕྱོགས་ནས་ཕུ་ནུའམ་ཤིང་མཁན་སྟག་ཡོས་ལོ་པ་དང་རྒྱལ་པོ་ལ་བུས་གྲོགས་བྱས་ནས་ས་ཡུལ་ནར་འཇོང་ལྗོན་ཤིང་གི་དབྱིབས་ལྟ་བུའམ་ཤིང་རྩི་བན་བུན་ཡོད་པ་དང་བྲག་གད་སྔོ་ལྗང་རིགས་ཡོད་པར་དོན་འགྲུབ། ཚོང་ཕྱྭར། ཚོང་ཡ་ཤིང་གི་མི་རིགས་ལས་ཁེ་སྤོགས་ཆེན་པོ་འོང༌། ཁྱད་པར་རྫས་སྤྱད་སྔོ་ལྗང་རིགས་སམ་ཤིང་ཆས་རིགས་ལས་རྙེད་པ་འགྲུབ། ནོར་ཕྱྭ་དང་ལོ་ལེགས་ཉེས་ལ་བཟང་རབ་ཀྱི་རྩེ་མོ་ཡིན། ཞུ་བ་གནང་ངམ་ཞེ་ན། གཙུག་ན་ཟླ་བའི་དབང་སྡུད་རླུང་གི་ཞགས་པ་དེ་མི་ཁྱོད་ལ་ཡོད་པས་འདུན་མའི་ཇུས་ལེགས། མཛའ་བོ་རྙེད་དམ་ན། མི་དེ་མདོག་སྔོ་ཞིང་ཁ་བློ་མང་བ།


LT17_Page_463
[མ་དཔེ་གཟིགས་ན་འདིར་གནོན།]

བོང་རིང་རྒུར་པོ། འགྲོས་མགྱོགས་ཤིང་སྤུན་ཟླ་མང་བ་ཞིག་ཡིན་མཆི། རྙེད་ཀྱང་རྙེད་ལ་ཕན་ཐོགས་ཀྱང་འོང་ངོ། །དུར་དང་ཁང་མཚེར་ཞིང་ས་རྣམས་ལ་དབྱིབས་ནར་མོ། །ཤིང་རྩི་མང་པོ་ཡོད་པ་ཤར་གྱི་ཕྱོགས་སུ་ཡོད་ན་ཐང་སྟེ་བཟང༌། ནད་པར་ཞག་གཅིག་ཚུན་ལ་ཁ་གསལ་ཡོད། ནད་རྒྱུན་རིང་ཞིང་གཏིང་ཅན་ཡིན་ན་ཡང་ཆེས་པས་མི་བཟང༌། དོན་ཕྱྭར་ཤར་ཕྱོགས་ནས་གཉན་དང་རྒྱལ་པོ་ཐེའུ་རང་གནོད་དེ་ཉེས་སྐྱོན་མེད། ལེའུ་སྨན་པ་དང་སྨན་བསྟེན་ན་འཕྲོད་མིན་ནི། ཁྱོད་ཀྱི་ལེའུ་སློབ་དཔོན་ནམ་སྨན་པ་དེ་ཉི་མ་ཤར་གྱི་ཕྱོགས་སུ་ཡོད་ན་ཐང༌། ད་རེས་ཀྱི་གདམ་ཁ་འདི་མ་ནོར་འདུག་པས་བརྩོན་པ་བསྐྱེད་ཅིག་མགྲོན་ཕྱྭར། མེ་བུས། ཤིང་ཤོག་སྐྱེམས་སྐོལ་ལ་སྡོད་དང་མིག་མཐོང་གང་གི་སར་སླེབ་ལ་ཁད་དུ་འདུག་ནོར་ལྗང་སྔོན་ནམ་ཤིང་སྤྱད་བཟང་པོ་དང༌། བཟའ་བཏུང་རོ་ཁ་བའི་རིགས་ཀྱི་རྙེད་པ་ཡོད། ཡང་ན་ཤར་ཕྱོགས་ཀྱི་མི་ཤིང་ཁམས་པ་ཞིག་གི་ཁ་ནས་ངག་གསལ་ཐོས་ངོ་ཡོང༌། རྟ་ཕྱུགས་ཁྱི་དང་ར་ལུག་མོར་རྟ་མདོ་བ་འགྲོས་ལྡན་དང་ཁྱི་དབྱིབས་འཇོང་རིང་སོགས་ཡོང་ཤས་ཆེ། དོན་ལ་བཟང༌། བོར་སྟོར་མལ་ལམ་ཁྱིམ་གྱི་གཡས་ངོས་པར་བུ་ལྟ་བུའི་ཤིང་སྣོད་ཀྱི་ནང་ངམ་ཀ་བ་དང་ཤིང་སྤྱད་ཅི་ཡང་རུང་བའི་ཟུར་དྲིལ་ཐུམ་ལྗང་སྔོན་སོགས་ན་ཡོད།


LT17_Page_464
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་དུ་ན་ལུང་པའི་གཡས་ཕྱོགས། རིའི་ཉིན་དང་ཤར་ཕྱོགས་ཀྱི་རི་བོའི་ངོས། ཤིང་རྩི་བན་བུན་ཡོད་པ་ནས་སྟག་ཡོས་ལོ་པ་དང་སྐད་འགགས་གྲེ་འདར་རིགས་ཀྱིས་རྙེད་དེ་མྱུར་དུ་ཚོལ། ཞོ་ཆང་གི་མོ་ལའང་ཤིན་ཏུ་བཟང༌། ཆང་བཙོ་མཁན་འབྱུང་བ་ཤིང་ཁམས་པས་བྱས་ན་བཟང༌། ཁ་ཆར་ཨེ་འབབ་ན། ཁྱིམ་གྱི་ཤར་ཕྱོགས་སུ་ཆུ་མིག་བཅུ་གསུམ་གྱི་ཟླ་བ་ལྟ་བུ་ཞིག་ཡོད་སྲིད་པས་དེའི་ངོགས་སུ་ཀླུ་གཏོར་རྒྱ་ཆེན་བཏང་ན་ཉི་མ་ཤར་ཕྱོགས་ནས་ཆུ་རླུང་ཆེན་པོས་བསྐྱོད་པའི་ཁ་ཆར་འོང༌། དགྲ་ཕྱྭར། མི་ཁྱོད་ལ་རྣོ་ཟུར་ལྕགས་ཀྱི་སྟོབས་ཡོད། དགྲ་ཕྱིར་རྒོལ་ལ་རྒྱ་ལྕང་ཕྲ་མོའི་སྟོབས་ལས་མེད་པས་རྒོལ་བ་ཡོང་སྙམ་མི་དགོས། ༈ །ཆུ་གྲོགས་མེ་ཕྲད། ཁྱིམ་ཕྱྭར། སྐྱེ་བོ་ཆེད་དགུའི་རིགས་ཀྱིས་འགྲམ་བཏེགས་ཏེ་ཆུས་སྲིད་བཙན་དར་ཆེ་བ་འོང༌། བསྟན་པའི་ཆུས་ཕྱྭ་དང་ཆོས་ཕྱྭར་དགེ་སྦྱོང་ངུར་སྨྲིག་ཅན་དང་བློ་གསལ་རིག་པ་མཁན་རྒྱུན་མི་འཆད་པས་རབ་ཡིན། སྲིད་ཕྱྭར། མི་རིང་བའི་དུས་སུ་ཐོན་བུ་བུ་མོ་འབྱུང༌། ཡང་ན་འབྱུང་བ་མེ་ཁམས་པའི་བུ་ཅིག་འོང༌། སྲིད་མཉམ་པའི་གྲངས་ཞིག་སྐྱེ་ངོ་ཡོད། བློ་ཕྱྭ་དང་དོན་ཕྱྭ་གང་ཡིན་ཀྱང་མྱུར་དུ་འགྲུབ་དེའང་ལྷོ་ཕྱོགས་ནས་བནྡྷེ་གོས་དམར་ཅན་དང་གོས་བཟོའམ་ཞང་ཉེ་རྟ་སྦྲུལ་ལོ་པ་ལྟ་བུས་གྲོགས་བྱས་ནས་ས་ཡུལ་གྲུ་གསུམ་ས་བྲག་དམར་པོ་ཡོད་པ།


LT17_Page_465
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཕུ་ལྟོར་བསྟན་ཞིག་ཏུ་དོན་འགྲུབ་ཤས་ཆེ། ཚོང་ཕྱྭར། ཡུལ་མཁར་དམར་པོའི་ནང་དུ་ཚོང་ཡ་རིགས་མཐོན་པོ་དང་གཞན་ཡང་མེ་ཁམས་པའི་ཕྱོགས་ཤིག་ལས་ཁེ་འོང༌། རྫས་སྤྱད་དམར་པོའི་རིགས་ལས་ཁྱད་པར་དུ་རྙེད། ནོར་ཕྱྭ་དང་ལོ་ཏོག་ལེགས་ཉེས་ལ། ཁྱོད་ཀྱི་ཕྱུགས་འཁོང་དང་ལོ་ཞིང་དེ་དག་ཉི་མ་ལྷོ་ཕྱོགས་སུ་ཡོད་ན་ཐང་སྟེ། ཕྲ་མོ་ཆེར་སྨིན་ཞིང་ཉུང་ངུ་མང་པོར་འཕེལ་བས་བཟང༌། ཞུ་བ་ཨེ་གནང་གི་མོ་ལ་མཆོག་ཡིན། མཛའ་བོ་འཚོལ་ན། མི་དེ་མདོག་དམར་ལ་བོང་འཚམས་པ། ཁ་འཕང་མཐོ་ཞིང་བློ་རྣོ་ལ་ཆོ་རིགས་བཙུན་པ་ཞིག་ཡིན་ཤས་ཆེ། དེ་མིན་ན་དེ་འདྲའི་མི་རིགས་ཤིག་གིས་གྲོགས་བྱས་ནས་མྱུར་དུ་རྙེད། དུར་མོ་དང་ཁང་མཚེར་མོར་ཡང་བཟང༌། ཞིང་ས་བཟང་ངན་ལ་ཁྱོད་ཀྱིས་ཞིང་དེ་ལྷོ་ཕྱོགས་སུ་དབྱིབས་གྲུ་གསུམ་ཞིག་ཡོད་ཐང་སྟེ། ཁ་དགེ་བཀྲ་ཤིས་འོང༌། ནད་ཕྱྭར། ནད་ཀྱི་གཞི་ཡང་བས་སྐྱོན་མེད། ཞག་བཞིའི་ནང་དུ་ཁ་གསལ་ཡོད། གདོན་ཕྱྭར། ལྷོ་ཕྱོགས་ནས་བདུད་བཙན་དང༌། བསེན་མོ་གནོད། གདོན་རང་ལམ་འདེད་པས་བཟང༌། ལེའུ་སྨན་པ་སོགས་ལ། སྐྱིད་ཀྱི་ཉི་མ་ལྷོ་ཕྱོགས་ནས་འཆར། པདྨ་ཁ་འབུས་པ་ལ་ཉི་ཟེར་རེག་པ་དང་འདྲ་སྟེ་མཆོག་སློབ་དཔོན་ལེའུ་མིང་ག་གེ་མོ་བྱ་བ་གཉིས་ལས་གང་དྲག་


LT17_Page_466
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ན། མེ་ཁམས་འདི་མཉམ་པའི་གྲངས་ཤིག་གི་ངོ་བོ་ཡིན་པས་འདྲི་བྱེད་ཀྱིས་ཐ་མར་སྨོས་པ་དེ་དགའ། མགྲོན་ཕྱྭར། མགྲོན་པོ་མི་དམར་ཅན་ད་ལྟ་སླེབ་ནའང་ཐང༌། ཞག་གསུམ་ཚུན་ཆད་ངེས་པར་འོང༌། དེ་མཐོན་ན་རྗེའུ་རིགས་རྟ་སྦྲུལ་ལོ་པ་ལས་གཏམ་གསལ་ཐོས། བྱེས་བགྲོད་ཀྱི་རྙེད་ནོར་རྫས་སྤྱད་དམར་པོའི་རིགས་དང་བཟའ་བཏུང་རོ་ཚ་བ་འགའ་རེ་འདུག་མོ་འདི་བབས་གྲངས་མང་ན་ཉི་མ་ལྷོ་ཕྱོགས་ཀྱི་འུར་ངོ་ཡོད། རྟ་ཕྱུགས་ཁྱི་དང་ར་ལུག་འདི་བསྟེན་ན་འཕྲོད་དམ་མི་འཕྲོད་ཅེ་ན། སྤུ་རྟགས་དམར་པོ་ཅན་མགོ་ཅུང་ཟད་ཆེ་བ། མེ་ཁམས་པའི་མི་ལག་ནས་བརྒྱུད་པ་ཞིག་ཡིན་ན་ཐང༌། ཤིན་ཏུ་འཕྲོད་དོ། །བོར་སྟོར་ཁྱིམ་མམ་མལ་སྔས་ཕུག་དང་སྔས་མགོ་མེ་མདའ་དང་མེ་ཆ་ལྟ་བུའི་མེ་རྫས་ཀྱི་ཟུར། དྲིལ་ཐུམ་སོགས་སྣོད་སྤྱད་དམར་པོའི་ནང་དུ་ཡོད་དེ་རྙེད། ཕྱི་རོལ་དུ་སྟོར་ན་ལུང་པའི་ཕུ། ལྷོ་ཕྱོགས་ཀྱི་རིའམ་རིའི་རྩེ་རྫ་བྲག་དམར་པོ་ཡོད་པའམ། ལམ་ཇ་བསྐོལ་བའི་མེ་སོལ་དང་སྒྱེད་རྡོ་ནགས་སུ་རེ་བ་ཡོད་སར་སོ་བར་སྒྲ་འདོན་ལྟ་བུས་རྙེད། ཞོ་ཆང་མོ་ལ། ཆང་བཙོ་མཁན་བུ་ཚ་རྟ་སྦྲུལ་ལོ་པ་ལྟ་བུས་བཙོས་ན་བཟང༌། ཁ་ཆར་ཨེ་འབབ་ན། འབབ་མི་འདོད་ནས་འདྲི་ན་སྤྲིན་མེད་ཉི་མ་འཆར་བས་ཤིན་ཏུ་བཟང༌། ཁ་ཆར་འདོད་ཐོག་ཡིན་ན་རང་དབང་དུ་མི་འབབ་


LT17_Page_467
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆར་བྱུང་བགྱིས་ན་ངོ་སྙི་བར་འདུག་དགྲ་ཕྱྭར། མེ་འབར་རི་ལུང་ཚིག་ཀྱང་རྒྱ་མཚོ་ཆེན་པོའི་ཀློང་རུམ་ན་ཡང་མེད་པས་ཅི་བདེར་སྡོད། འབྱུང་བ་མ་ཕྲད་ཀྱང་དེས་འགྲེས། ༈ །ཤིང་དགྲ་ལྕགས་ཕྲད། ཁྱིམ་ཕྱྭར། ཕྱི་རོལ་དུ་མཚོན་དང་གནམ་ལྕགས་འབབ་པ་དང་རྦབ་རྒོད་ཀྱི་འཇིགས་པ་འོང༌། ནང་དུ་ལོག་ནས་འབྱུང་བའི་ནད་རིགས་སྐྱེ། ཕ་ཁུ་ཆེ་རྒན་ལ་རྩུབ། སྔགས་པ་བེར་ཕུར་ཅན་གྱི་བྱད་ཁ་ཡོད། གྲི་བཏུལ་དང་གདུགས་བཟློག་བྱ། རིགས་སྔགས་ཟབ་མོའི་རླུང་འཁོར་བསྐོར། བསྟན་ཆུས་དང་ཆོས་ཕྱྭར། ཆོས་དང་འདོད་པ། ནོར་དང་ཐར་པ་སྟེ་སྡེ་བཞིའི་ལྗོན་ཤིང་ལ་བདུད་ཀྱི་སྟ་གྲི་ཐེབས་པས་ཤིན་ཏུ་ངན། གནས་བརྟན་ཕྱག་མཆོད་དང་མདོ་སྡེ་ཀློག་སྒྲོག་སོགས་བསགས་སྦྱང་གི་བསྲུང་བ་གྱིས། སྲིད་ཕྱྭར། སྲིད་ཀྱི་སྡོང་པོ་སྐམ་པས་ཤིན་ཏུ་ངན། བློ་ཕྱྭ་དང་དོན་ཕྱྭར་གོང་དུ་བཤད་པའི་མི་རིགས་ལྕགས་ཁམས་པ་ཞིག་གིས་བར་ཆད་བྱེད་ངོ་ཡོད། དེ་མིན་ན་མི་བློ་འདྲེས་བརྐུས། དོན་ཆུང་ཆུང་གི་རྗེས་ན་བྱུར་ཆེན་པོ་ཡོད། ཚོང་ཕྱྭར། མཁར་དཀར་པོ་དང་ཕ་བོང་ཐག་ཐུག་ཡོང་སར་ཚོང་བྱས་པ་མི་འདྲ། ཇག་ཉེས་པ་འདྲ་བའི་ལོ་རྒྱུས་འབྱུང༌། ནོར་ཕྱྭར། ནོར་དཀར་མཚན་ཅན་མི་ལག་ཏུ་ཤོར་བས་རྐྱེན་བྱས་གཡང་གི་སྒོ་རལ། རི་སྦྱང་གི་ཟ་ཁ་དོད་པས་ངན། ནོར་གཟུངས་དང་གཡང་འབོད་


LT17_Page_468
[མ་དཔེ་གཟིགས་ན་འདིར་གནོན།]

ཐོངས། ལོ་ལེགས་ཉེས་ལ་ཞིང་དགྲ་སེར་བའི་གནོད་པ་འོང་བས་སེར་གཅོད་ཀྱི་བསྲུང་བ་གྱིས། ཞུ་བ་གནང་ངམ་ན། ཞུས་དོན་མི་གནང་གི་སྟེང་དུ་མི་སྙན་པའི་ཚིག་ངན་སྟ་རེ་ལྟ་བུ་ཞིག་ཀྱང་ཐོས་ངོ་ཡོད། མཛའ་བོ་འཚོལ་ན། ཁ་གྲོག་དང་མ་ཕྲད་པར། སྣ་རྡོལ་ཐུག་པའི་ཉེན་ཅིག་འདུག་པས་བྱ་བ་མ་མང༌། དུར་ཕྱྭར། དུར་ས་ཕུ་ནུབ་བསྟན་གྲི་ཤི་གྲི་གཤེད་མང་པོའི་ཚང་བཅས་པ་ཞིག་འདུག་སྟེ་མི་འཕྲོད། ཁང་ཕྱྭར། ཁྱོད་ཀྱི་ཁང་པ་དེ་སྒོ་ནས་བལྟས་ན་ལམ་སྐྱ་དྲང་ངེ་མཐོང་བ་ཞིག་འདུག་དེར་བསྡད་ན་བཀྲ་མི་ཤིས་པས་སྤོས་དང་དགའ། ཞིང་གི་མོར་ས་ཞིང་ཟླ་གམ་ཅིག་ཡོད་ན་ཐང་སྟེ་ངན། བཅོས་ཀ་སླ། ནད་ཕྱྭར། ཕྱི་ཡུལ་རྒྱུས་པ། ནང་ཡུལ་གློ་ལོང་མེ་ཏོག་སྣ་སྟེ་དེ་རྣམས་གང་རུང་གི་ནད། གཉན་སྲིན་ལྟ་བུ་ཤིན་ཏུ་ཐུ་བ་གཅིག་འདུག་ཡང་ན་བད་རླུང་དང་སྐྲན་རིགས་ཡིན་ལར། ཤིན་ཏུ་ངན། རྟ་ཕྱག་ཁྱུང་གསུམ་གྱི་སྔགས་སྒྲུབ་སོགས་རྫས་སྔགས་ཀྱི་བསྲུང་བ་རྣོན་པོ་མེ་ལྟ་བུ་མང་དུ་བསྟེན། ད་ལྟ་གངས་བྲག་གམ་མཆོད་རྟེན་དཀར་ཞིང་རིང་བའི་གཤམ་ཆ་ཐེར་དཀར་པོ་ལྟ་བུའི་ནང་དུ་གནས་བཅས་ཡོད་ན་ཐང་བས་དེ་འདྲ་ན་རེ་ཞིག་སྡོད་མི་རུང༌། གདོན་ཕྱྭར། བྲག་གཉན་བཤིག་པས་ཉེས་ན་ཐང༌། དེ་མེད་ན་དམེ་མགར་ལྟ་བུའི་འགྲུལ་སྣ་དང༌། སྒམ་ཁོམ་ཕད་སྒྱེ་སོགས་སྣོད་དཀར་པོ། དར་རམ་


LT17_Page_469
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་རས་དང་རིན་པོ་ཆེ་དཀར་པོའི་རིགས་སམ། ཤིང་ལྕགས་སྤྲད་མའི་རིགས་ཁྱིམ་གྱི་གཡོན་ཕྱོགས་ན་ཡོད་རྒྱུ་ཞིག་གྲིབ། ཡང་ན་དང་པོ་ནུབ་ཕྱོགས་ཀྱིས་ཡུལ་ཟླ་གམ་སོགས་ནས་བྱུང་བའི་འབྲུ་དང་ཤིང་ཐོག་དཀར་པོའི་རིགས་དང༌། ཞོ་དར་མར་ཐུད་ཁུར་བ་ཕུ་མ་དང་བྱ་སྤྲེལ་གྱི་ཤའམ་སྲོག་ཆགས་ཅི་ཡང་རུང་བའི་རྩིབས་མ་གཡོན་ཕྱོགས་ཀྱི་ཤ་སོགས་ཁ་ནུབ་ཏུ་བལྟས་ནས་ལྕགས་སྣོད་ལྟ་བུར་ཟོས་པ་དེ་ཉེས། རྫས་སྤྱད་དེ་དག་གི་ཕྱིར་འབྲང་ཡིན་ན་གདོན་རིགས་ངོས་བཟུང་མི་དགོས་ཀྱང༌། གཙོ་ཆེར་དཀོར་བདག་རྒྱལ་པོ་དང་གྲི་གཤེད་གནོད། དེ་དག་ལ་མདོས་ཡས་ཐོངས། གྲི་འདུལ་གནད་སྨིན་སྒྲུབ། ལྷ་སྲུང་ཁྲོས་པའི་དུར་ངོ་ཞིག་ཀྱང་འདུག་པས་བསྐང་བཤགས་ལ་བརྩོན། ལེའུ་སྨན་པའི་མོར། རང་རྡུང་གི་ཐོ་བ་ཡིན་ཏེ་ཤིན་ཏུ་ངན་ནོ། །མགྲོན་ཨེ་འོང་ན། མགྲོན་པོ་དགྲ་དང་ཕྲད། རལ་གྲིའི་ཁ་དབྲག་དང་མདའི་སོ་དབྲག་ན་ཡོད་དེ། ད་དུང་མི་སླེབ། རྟ་ཕྱུགས་ཁྱི་དང་ར་ལུག་མོར། གཏུམ་བག་སོགས་གྲོགས་ཕྲད་སྐབས་དང་འདྲ་ཡང་འདི་ཁོག་ངན་པས་སྤངས། བོར་སྟོར་ཤིན་ཏུ་རྙེད་དཀའ། ཉི་མ་ནུབ་ཕྱོགས་ཀྱི་རྐུན་པོ་ཅོ་སྐྲ་བྲེག་པ་ཁྲོ་གཏུམ་ཅན་སོགས་སྔར་བཤད་པའི་ལྕགས་ཀྱི་མི་རིགས་ལྔ་ལ་སོགས་པས་རྫ་ཁྲོད་ལྟ་བུར་བསྐུང་ཡོད་


LT17_Page_470
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་ཐང༌། དཀའ་ཚེགས་ཆེན་པོ་བྱས་པའི་མཐའ་ཞིག་ཏུ་རྩད་ཆོད་འབྱུང་སྲིད། ཆང་དང་འོ་ཞོའི་མོར། སྐྱེམས་འདྲེ་ཅན་དུ་འདུག་པས་མི་ཞིམ་པའམ། ཞིམ་ཀྱང་དེའི་སྣ་ལ་བྱུར་ཅིག་འདུག་ཆང་བཙོ་མཁན་མེ་ཁམས་པས་བྱས་ན་བཟང༌། ཁ་ཆར་འབབ་བམ་ཞེ་ན། མི་འདོད་ན་འབབ། འདོད་ན་མི་འབབ་པའི་ཕྱིན་ཅི་ལོག་ཏུ་འབྱུང༌། དགྲ་ཕྱྭར། དགྲ་ལྷའི་རུ་མཚོན་ཆག་པས་ངན། ཉི་མ་ནུབ་ཕྱོགས་ཀྱི་དགྲ་ཁ་བཙན་ཅན་འོང་ནས་གནོད་པ་བྱེད། ཁམས་དང་མཐུན་པའི་དར་འཕྱར་བ་དང༌། ལྷ་གསོལ་དགྲ་བྲུབ་འབྱུང་བའི་རྟེན་འབྲེལ་སོགས་བྱའོ། །འདིར་མཆན་བུ། འབྱུང་བ་མེ་ཁམས་པའི་གཟའ་སྐར་ཚེས་གྲངས་འཛོམ་དུས་རྟ་སྦྲུལ་ལོ་པས་གོས་དམར་པོ་གྱོན་ནས་དགྲ་འོང་ཕྱོགས་སུ་མེ་པུར་བྱ། ༈ །མེ་དགྲ་ཆུ་འཕྲད། ཁྱིམ་ཕྱྭར། ཆུའི་འཇིགས་པ་དང་འབྱུང་བ་ཆུའི་ནད་རིགས་སྐྱེ། བུ་ཚ་མ་སྨད་ལ་རྩུབ། གྲིབ་ཀྱི་རེ་སྒྱེ་ནག་པོ་མགོ་ལ་གྱོན་འདུག་པས་ངན། ཞི་རྒྱས་ཀྱི་སྦྱིན་སྲེག་དང༌། རྣམ་འཇོམས་བྱ་བ་ཁྲུས་ལྷ་བསང་ཆེན་པོ་སོགས་བྱའོ། །བསྟན་ཕྱྭ་དང་ཆོས་ཕྱྭར། ལྷའི་ནོར་བུ་མེ་ཤེལ་གཅིན་འདམ་དུ་ལྟུང་བའི་ངོ་ཞིག་ཡོད། ལྷ་གསོལ་དང་བར་ཆད་སེལ་བའི་ལྷ་བསྙེན་སྒྲུབ་ལ་འབད། སྲིད་ཕྱྭར། ཁྱོད་ཀྱི་མཆིས་བྲང་དེ་མོ་གཤམ་མམ་ཡང་ན་མངལ་འདྲེ་ཅན་དུ་འདུག་པས་མའི་བང་དང་བྱིས་པའི་རྩེར་གཉིས་སྟོང་


LT17_Page_471
[མ་དཔེ་གཟིགས་ན་འདིར་གནོན།]

པར་འོང༌། བློ་ཕྱྭ་དང་དོན་ཕྱྭར། འབྱུང་བ་ཆུའི་མི་རིགས་ཀྱིས་ཁ་འགོག་བྱེད། དེ་མ་བྱས་རུང་དོན་ཉམས་ཞེ་འགྱོད་ཆེན་པོ་འོང་བས་མི་བཟང༌། ཚོང་ཕྱྭར། གྲུ་ཟམ་ཆེན་པོའི་འགྲམ་ལ་སོགས་པར་ཆུའི་མི་རིགས་ལས་དོན་ཕམ་འབྱུང༌། ནོར་ཕྱྭར། མ་འབྲི་སོགས་ལ་གོད་ཁ་འོང་བས་རིམ་གྲོ་བྱ། ལོ་ཏོག་ལ་འདེབས་ན་འཁྱག་སད་ཆེན་པོ་འོང༌། སད་སྲུང་ནན་ཏན་གྱིས། ཞུས་དོན་གཉེར་ན་མེ་ཆུ་ནང་དུ་འབུད་པ་དང་འདྲ་སྟེ་མི་འགྲུབ། མཛའ་བོ་ཚོལ་ན། མི་འདི་ལ་བློ་གཏད་མི་འདུག་མཛོད་ནས་མི་ལྡང་རྐུན་པོ་ལྡང་བྱ་བ་ཡིན་པས་བཤོལ་དགོས། དུར་དང་ཞིང་ཁང་གི་མོར། དུར་ས་ཕུ་བྱང་བསྟན་དང་གནས་ཁང་མུན་པ་ཅན་སོགས་ཡོད་ཐང༌། ཀླུ་སྲིན་མ་རུངས་པས་བདག་བྱས་པས་མི་འཕྲོད། ནད་ཕྱྭར། ཕྱི་ཡུལ་རོ་སྨད། ནང་ཡུལ་མཁལ་རྒང༌། སྒོ་རྣ་བ་གང་རུང་གི་ནད། བད་ཀན་གྲང་བ་དམུ་ཆུ་ཆུ་འགག་ཆུ་སེར་སོགས་བསིལ་ཞིང་འཇམ་པའི་རིགས་ཏེ་མི་ཁྱོད་ལ་རམ་འབར་ཐུམ་ཤི་འོང༌། །ཕྱག་སྐོར་གཏར་དཔྱད་སོགས་ནད་བབས་དང་བསྟུན་པའི་བཅོས་ཀ་བྱ། ད་ལྟ་ས་ཡུལ་དམའ་ཞིང་ནག་ལ་སྣུམ་པ། ཁང་ཁུང་དང་ཆུ་མིག་མང་པོ་ཡོད་སར་སྦྲ་ནག་ལྟ་བུའི་ནང་དུ་ཡོད་ན་ཡུལ་བརྗེ་གྱིས། གདོན་ཕྱྭར། མཚོ་སྨན་ཀླུ་དང་ཆུ་འདྲེ་དམ་སྲི་གནོད། དེའང་ཆུ་མིག་གཉན་ལ་ཕོག་ཐུག་སོང་


LT17_Page_472
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། མི་རིགས་ཆུ་ཁམས་པའི་འགྲུལ་སྣ་དང༌། སྒྱེ་ཕྱྭར་སྒམ་ཁོམ་སོགས་སྣོད་དང་སྤྱད་པ་དམ་གནག དབྱིབས་ཟླུམ་པོ་ཁྱིམ་གྱི་སྒོ་འགྲམ་ན་ཡོད་རྒྱུ་ཞིག་གྲིབ། ཡང་ན་བྱང་ཕྱོགས་ཀྱི་རྒྱུད་ནས་བྱུང་བའི་བཟའ་བཏུང་སླ་ལ་བཅུད་ཆུང་བའི་རིགས། ཉ་ཕག་དང་བྱི་བའི་ཤའམ་གཞུག་ཤ་སོགས་ཟས་སྤྱོད་ཉེས། གྲིབ་ངོ་ཤིན་ཏུ་ཆེ་བས་བསང་ཁྲུས་དང༌། གཞན་ཡང༌། རྒྱ་ཆེན་ཤུགས་ལྡན་གྱི་ཆུ་སྦྱིན་ཀླུ་གཏོར་དམ་སྲི་མནན་པ་འདྲེ་མོ་བཀར་ཡས་སོགས་གདོན་རིགས་དང་བསྟུན་པའི་རིམ་གྲོས་བཅོས། ལེའུ་སྨན་པའི་མོར། བདུད་རྩིའི་སྣོད་དུ་དུག་འཕྱུར་བས་ཆེས་ངན། མགྲོན་པོ་འོང་ངམ་ཞེ་ན། མགྲོན་ལམ་ཁ་བས་བཅད་དམ། ཆུ་ཆེན་ཟུམ་པས་སྔུན་འགག་ནས་འདུག་སྟེ་ད་དུང་མི་སླེབ། ཆུའམ་ཆུ་ཁམས་པའི་དགྲ་བོ་དང་ཐུག་ནས་སྙིང་འགྱོད་ཆེན་པོ་འོང་ངོ་ཡོད། རྟ་ཕྱུགས་ཁྱི་དང་ར་ལུག་མོར་ཡང་ངན་ཏེ་མི་འཕྲོད། བོར་སྟོར་ཆུ་ནང་དུ་ཆུད་ཟོས་པའམ། བྱང་ཕྱོགས་ཀྱི་རྐུན་པོ་ལྟག་སྐྲ་དང་ཤོ་རེ་ཅན་ཤ་མདོག་སོགས་སྔར་བཤད་པའི་ཆུའི་མི་རིགས་གསུམ་ལ་སོགས་པས་ཆུ་འགྲམ་དང་རི་ཞོལ་ལྟ་བུར་བསྐུང་ཡོད། ཆང་དང་འོ་ཞོའི་མོར། སྐྱུར་ཞིང་སླ་ལ་བཅུད་ཆུང་བ་ཞིག་འོང༌། ཆང་བཙོས་མཁན་ས་ཁམས་པས་བྱས་ན་དགའ། ཁ་ཆར་ཨེ་


LT17_Page_473
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་ན། འབབ་མོད་ཀྱི་ཆུའི་ཤྭ་སྣ་རྡོལ་བ་སོགས་ཆག་སྒོ་འོང༌། དགྲ་ཕྱྭར། གཉེན་ལམ་མཐའ་བཞིའི་རིགས་ཀྱི་ལེ་ལན་ཞིག་གིས་བྱང་ཕྱོགས་ནས་ཆུ་ཆེན་དལ་གྱིས་གཡོ་བ་ལྟ་བུའི་དགྲ་འབྱུང༌། དམག་མདོས་དང་འབྱུང་བ་སའི་རྟེན་འབྲེལ་སོགས་ཀྱི་བཟློག ༈ ས་དགྲ་ཤིང་ཕྲད། ཁྱིམ་ཕྱྭར། ཕྱེ་བྲལ་འཐོར་ཞིག་ས་འཕོ་ཡུལ་འཕོ་སོགས་དང༌། ཤིང་གི་ནད་རིགས་འོང༌། ཁ་སྨྲས་གླེང་བརྗོད་མང་པོའི་ངོ་ཡོད། རི་རབ་ས་རྡུལ་དུ་ཞིག་པས་ཤིན་ཏུ་ངན། རྟེན་སྙིང་སྲོག་ཞུགས་ཀྱི་སཙྪ་འབུམ་ཕྲག་དང༌། མཆོད་རྟེན་གསར་བཞེངས་དང་གདན་ཁྲི་ཞིག་གསོ། མི་ཁ་བྲམ་ཆུའི་བསྒྱུར་གཏོ་སོགས་བྱ། བསྟན་ཆུས་དང་ཆོས་ཕྱྭར། བྱ་བ་བློ་སྣ་མང་པོ་ཤིང་སྐམ་ཡལ་ག་རེངས་པ་ལྟ་བུས་རྐྱེན་བྱས་ནས་ལས་མཐའ་སད་ཀྱིས་འཁྱེར། སྲིད་ཕྱྭར། སྲིད་ཀྱི་གཞོང་པར་ཐེའུ་འགོང་གི་བཤལ་རྒྱགས་འབྱུང་བས་ངན། བློ་ཕྱྭ་དང་དོན་ཕྱྭར། ཁ་མང་བློ་མང་དང༌། ཁྱད་པར་འབྱུང་བ་ཤིང་ཁམས་པའི་མི་རིགས་ཀྱིས་བར་ཆད་བྱེད། ལར་ཡང་བྱ་བ་འདིས་ཕུང་བཤིག་པའི་ཐང་ཤིང་ཞིག་མིན་པ་ཡོང་རྒྱུར་མི་འདུག་ཚོང་ཕྱྭར། ཤར་ཕྱོགས་ཀྱི་གྲོང་དུ་རྫུན་པོ་ཆེའི་མགོ་སྐོར་འོང་བས་གཟབ། ག་གོན་དང་བཟང་པོ་ལ་


LT17_Page_474
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཤིས་བརྗོད་ཀྱི་མདོ་སྟོང་ཕྲག་སོགས་བཀླག་ནོར་ཕྱྭར། རྡང་ཆད། ཕུར་པ་ཐོན། ཕྱུགས་ཁྱུ་འཐོར་འོང་བས་ངན། ལོ་ལེགས་ཉེས་ལའང་ཐན་པ་འོང༌། གཉིས་ཀར་ཕྱུགས་གླུད་དང་ཆབ་གཏོར་སོགས་མཆོད་སྦྱིན་རྒྱ་ཆེར་སྒྲུབ། ཞུ་བ་ཕུལ་ན། རླུང་ནག་འཚུབ་མའི་ནང་དུ་ས་རྡུལ་གཏོར་བ་ལྟར་སྙིང་པོ་སྟོང་ཐལ་གྱིས་འགྲོ། མཛའ་བོ་ཚོལ་ན། མི་དེ་བསམ་པ་འགྱུར་ལྡོག་ཆེ། རྙེད་སྲིད་ཀྱང་རྙེད་པ་ལ་ཏིག་ཏིག་མི་མཆི། དུར་དང་ཁང་མཚེར་ཞིང་ཕྱྭ་རྣམས་ལ། དུར་ས་ཕུ་ཤར་བསྟན་ན་རི་སྒོ་ཀླུང་སྒོ་ཡོད་པ་དང༌། ཁང་པ་སྒོ་ཤར་བསྟན་སྒོ་ནས་བལྟས་ན་ནེའུ་སེང་ངམ་ལྗོན་པ་སྔོ་ཕྱུགས་སེ་མཐོང་བ་དང༌། ཞིང་ནར་མོ་སོགས་ཡོད་ན་ཐང་སྟེ་ཤིན་ཏུ་ངན། ས་བཅོས་དང་རིམ་གྲོ་གྱིས། ནད་པར། ཕྱི་ཡུལ་རྐེད་པ། ནང་ཡུལ་མཆིན་མཁྲིས་སྒོ་སོ་མིག་གང་རུང་གི་ནད། འོན་ཏིག་སྨྱོ་འབོག་རླུང་དང་རྩ་རྒྱུས་རེངས་པའི་རིགས་སམ་གཞོགས་གཡས་ཀྱི་ནད་རིགས་ཡིན་ཡང་ཐང༌། སྨན་བླའི་ཆོ་ག་དང་མདོ་བརྒྱད་བརྒྱ་པ་ཀློག་སྒྲོགས་སོགས་སྤྱི་འགྲོའམ། བྱེ་བྲག་ནད་ཁམས་དང་བསྟུན་པའི་བཅོས་རིམ་བྱ། ད་ལྟ་ས་ཡུལ་གས་རལ་དང་གད་པ་ཧྲལ་ཧྲོལ་ཅན་ནགས་ཀླུང་ངམ་བུག་པ་མང་པོ་དོད་པ་དང༌། ཧ་ཅང་གཡེལ་བའི་ཤིང་ཁྱིམ་ལྟ་བུར་ཡོད་ན་གཞན་ན་སྤོས། གདོན་ཕྱྭར།


LT17_Page_475
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་དང་རྒྱལ་པོ་ཐེའུ་རང་གནོད། དེའང་ཤིང་གཉན་བཅད་པ་དང༌། མི་རིགས་ཤིང་ཁམས་པའི་འགྲུལ་སྣའམ། ཤིང་སྤྱད་དང་རྫས་སྔོ་ལྗང་རིགས་ཅུང་ཟད་ནར་བ་ཁྱིམ་གྱི་གཡས་ལོགས་ན་འཇོག་རྒྱུ་ཞིག་གྲིབ། ཡང་ན་བྱང་ཕྱོགས་ཀྱི་རྒྱུད་ནས་འོང་བའི་སྔོ་ཚོད་ཤིང་ཏོག་སྟག་དང་རི་བོང་གི་ཤ་སྤགས་རྩིབས་གཡས་ཕྱོགས་ཀྱི་ཤ་སོགས་ཟོས་པས་ཉེན། རྒྱལ་མདོས་དང་ཐེ་བཀར་སོགས་གཏོ་ཡས་མདོས་རྫོང་ཐོངས། ལེའུ་སྨན་པའི་མོར་ཡང༌། འཚུབ་ལྷོང་ཤིན་ཏུ་ཆེ་བས་སྟབས་གཟབ་དགོས། མགྲོན་པོ་འོང་ངམ་ན། འོང་ན་ཐང་སྟེ། ཁ་ངན་གཏམ་ངན་སྙིང་མྱ་ངན་ཕྱོད་དེ་བ་འབྱུང༌། རྟ་ཕྱུགས་ཁྱི་དང་ར་ལུག་མོར། སྣ་འདྲེས་དྲངས། བྱུར་གྱིས་རྗེས་དེད་པས་ངན། བོར་སྟོར་རླུང་གིས་ཁྱེར་རམ། ནགས་ཀླུང་འཐུག་པོར་སྟོར་ཏེ་རྙེད་དཀའ། ཤར་ཕྱོགས་ཀྱི་རྐུན་པོ་མགོ་ཕྲུག་ལྦ་བ་ཅན། སྨྲ་བློ་སོགས་གོང་སྨྲོས་ལྟ་བུས་ཁྱེར་ཏེ་ཤིང་ནང་དུ་བསྐུང་ནའང་ཐང༌། ཆང་དང་ཞོ་འོའི་མོར། བྲོ་བ་རེད་ཉམས་ཅན་ཤིན་ཏུ་མི་ཞིམ་པ་འབྱུང༌། འགོང་ཆིང་དང་དབྱུག་པ་མེ་འབར་སོགས་བསྲུང་བ་བསྒྲུབ། བཙོ་སྙོལ་མཁན་ལ་ལྕགས་ཁམས་པ་བཟང༌། ཁ་ཆར་འབྱུང་ངམ་ཞེ་ན། དུས་མིན་གྱི་རླུང་ལོག་འོང་ནས་གནོད་པ་བྱེད། རླུང་ནོན་གཟབ་ལ་


LT17_Page_476
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། དགྲ་ཕྱྭར། ཉི་མ་ཤར་ཕྱོགས་ནས་དགྲ་ཀེ་རེ་ལང་བ་འབྱུང༌། གཏོར་བཟློག་དང་འབྱུང་བ་ལྕགས་ཀྱི་རྟེན་འབྲེལ་ལ་སོགས་པས་བཟློག ༈ ལྕགས་དགྲ་མེ་ཕྲད། ཁྱིམ་ཕྱྭར། མེའི་འཇིགས་པ་དང་ཚ་རིམས་འོང༌། ནོར་གྲོགས་དང་ལྷ་སྲུང་རྒུད་པས་ངན། རྗེ་བཙུན་འཕགས་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་མཆོད་སྒྲུབ་སོགས་ལ་འབད། བསྟན་ཆུས་དང་ཆོས་ཕྱྭར། རལ་གྲིའི་རྣོ་དབལ་ཆགས་པས་ཤིན་ཏུ་ངན། ཕྱག་ན་རྡོ་རྗེ་དང་རྗེ་བཙུན་མའི་སྣང་བརྙན་འབུམ་ཕྲག་སོགས་བཞེངས་སྒྲུབ་བྱ། སྲིད་ཕྱྭར། སྲིད་མངལ་དུ་འཆགས་ཀྱང་མགོ་ཐོན་མི་འོང༌། གདོན་ཆེན་བཅོ་ལྔའི་མདོས་ཐོང༌། ཚོགས་གསོག་མང་དུ་གྱིས། བློ་ཕྱྭ་དོན་ཕྱར། འབྱུང་བ་མེ་ཁམས་པའི་མི་གདོང་ཚན་ཆེན་པོ་ཞིག་གིས་བར་ཆད་བྱེད་དམ། ཇི་ལྟར་ཡིན་ཡང་འགྲུབ་ངོ་ཞིག་མི་འདུག་ཚོང་ཕྱྭར། ཉི་མ་ལྷོ་ཕྱོགས་ཀྱི་གྲོང་པ་མདོག་དམར་ཏིང་ངེ་བར་ཟོང་གི་འགྱུར་ལྡོག་འོང༌། དབང་ཐང་སྐྱེད་པའི་འཁོར་ལོ་སོགས་ཀྱིས་འཆོས། ནོར་ཕྱྭར། ད་ལྟ་ཁྱིམ་དུ་ཤ་དམར་ལྤགས་དམར་འདྲ་མེད་ན་འཕར་གཅན་དང་ཕྱུགས་གོད་ཆེན་པོ་འབྱུང༌། ནོར་རྒྱུན་མའི་སྙིང་པོའི་བཟླས་བརྗོད་སོགས་བསྲུང་བ་སྒྲུབ། ལོ་ཏོག་མོ་ལ་བཙའ་རྡུལ་དམར་པོ་བར་སྣང་ནས་འཕྱུར་བས་ངན། བཙའ་བསྲུང་གི་རྟེན་འབྲེལ་གྱིས། ཞུ་དོན་


LT17_Page_477
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ། མི་ཆེན་པོའི་ས་ནས་གནམ་གྲུམ་པ་ལྟ་བུའི་ཚིག་ངན་ཐོས། ཡོས་བུ་རྔས་བྲན་དུ་འོང་བས་བྱ་གླག་དང་ཐུག་པས་བཤོལ་ཅིག་མཛའ་བོ་འཚོལ་ན། མི་རྙེད་ཤས་ཆེ། རྙེད་ན་ཡང་གདུག་ཅིང་སྙིང་རིང་བ་ཞིག་འདུག་པས་མི་དགེ་དུར་ཁང་མཚེར་ཞིང་གི་མོར། དུར་ས་ལྷོར་བལྟ་བའམ། རི་རྩེ་ཁ་བྲག་ཅན་དང༌། ཁང་པ་སྒོ་ནས་བལྟས་ན་རི་དམར་པོ་མདུང་འདྲ་མཐོང་བ་དང༌། ཞིང་ཟུར་གསུམ་སོགས་ཡོད་ན་ཐང༌། བཙན་གྱི་རྒྱུ་སྲང་སོགས་ངན་དགུ་དུག་བཅུ་འདུག་པས་གཞན་དུ་བསྒྱུར། ནད་ཕྱྭར། ཕྱི་ཡུལ་རོ་སྟོད། ནང་མཛོད་རྒྱུ་སྙིང་སྒོ་སོ་ལྕེའི་རིགས་ཀྱི་ནད་དམ། མགོ་དང་མཇིང་པའི་ནད་རིགས། ཁྲག་འཁྲུགས། འབྲུམ་ལྷོག་སོགས་ཚ་བའི་ནད་ཡིན། བྱ་སྤྲེལ་ལོ་པ་ཡོད་ན་སཙྪ་དཀར་པོ་ལོ་གྲངས་དང༌། གླུད་དཀར་པོ་ལོ་གྲངས་ནུབ་ཕྱོགས་སུ་བསྐྱལ། ད་ལྟ་ས་ཡུལ་དམར་རྩུབ། ཚེར་མ་དང་རྡོ་ཧྲལ་མེ་རི་འདྲ་བ་སོགས་ཡོད་པ། ཚད་རླང་ཧ་ཅང་ཆེ་བའི་རིགས་ཤིག་ཏུ་ཡོད་མདོག་ཁ་བས་དེ་སྤོས། གདོན་ཕྱྭར། རོ་བསྲེགས་དང་མེ་ཉེར་ཉལ་བ། བྲག་དམར་གཉན་པོའི་ཟུར་དུ་དམར་ཐབ་བཏང་བ་དང༌། ལྷོ་ཕྱོགས་ཀྱི་མགྲོན་མེ་ཁམས་པའི་འགྲུལ་སྣའམ། རྟ་རྐྱང་གི་ཤ་ལྤགས་སམ། རྟ་དམར་ཞུར་ཅན་དང༌། ཡང་ན་ཞྭ་ཐོད་ལྟ་བུའི་གོས་སྤྱད་དམར་པོ་གྲུ་


LT17_Page_478
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་མཚན་མ་ཅན་ཁྱིམ་གྱི་ཕུག་ཏུ་འཇོག་རྒྱུ་ཞིག་གྲིབ། ཁྲག་ཚོན་དང་མགོ་ཤ་ལྟ་བུའི་དམར་ངན་ཞིག་ཁ་ལྷོར་ཕྱོགས་པས་ཟངས་སྣོད་སོགས་སུ་བཟའ་བཏུང་བྱས་པས་བསླང་ནའང་ཐང༌། གདོན་གྱི་ངོ་བོ། །དམུ་བཙན་བདུད་དང་སྟེང་གདོན་སོགས་གནོད། བཙན་མདོས་དང་གཟའ་འཇོམས་ཀྱི་སྲུང་བ་བྲི་གདགས། གཟུངས་གྲྭ་ལྔ་ཀློག་འདོན་སོགས་རིམ་གྲོ་རྒྱ་ཆེར་བྱ། ལེའུ་སྨན་པའི་མོ་དང་དཔྱད་ཀྱི་མོ་ལ་ཤིན་ཏུ་ངན་པས་སྤང་བར་བྱ། མགྲོན་པོ་འོང་ངམ་ན། རྨ་ཁྲག་གི་ངོའམ་རྫས་དམར་འོད་ཅན་མི་ལག་ཏུ་ཤོར་བ་ལྟ་བུའི་འགྱོད་གཅིག་འདུག་ཞག་བཞིའི་ནང་དུ་ཁ་སྐད་གསལ་པོ་ཐོས། རྟ་ཕྱུགས་ཁྱི་དང་ར་ལུག་མོར། སྤུ་རྟགས་དམར་ཤས་ཅན་ཡིན་ན་ཐང་སྟེ་མི་འཕྲོད། བོར་སྟོར་མེ་ནང་དུ་ཚིག་གམ། ཡང་ན་ལྷོ་ཕྱོགས་ཀྱི་རྐུན་པོ་རལ་བ་དང་ངོ་སྨེན་ཅན་གྲངས་སོགས་སྔར་བཤད་ལྟ་བུས་ཁྱེར་ཏེ་རྫ་བྲག་དམར་པོའི་ནང་དུ་བསྐུང༌། སྒོ་ནོར་ཁྱེར་ན་བཤས་ཚར། ཆང་དང་ཞོའོའི་མོར། རོ་ཚ་སྐྱུར་གང་རུང་གི་རིགས་ཅན་འབྱུང་སྟེ་མི་ཞིམ། ཆང་བཙོ་མཁན་ཆུ་ཁམས་པའི་མི་རིགས་ཀྱིས་བྱས་ན་བཟང༌། ཁ་ཆར་ཨེ་འབབ་ན། མི་འབྱུང་དུ་མ་ཟད་སྤྲིན་མེད་ཉི་མའི་ཚ་དབལ་རྣོན་པ་འོང༌། དགྲ་ཕྱྭར། རི་ཀླུང་རྟ་རོ་དམར་པོ་ཁ་ཕྱེ་བ་ལྟ་བུའི་ནང་དུ། དགྲ་མི་དམར་རྟ་དམར་ཅན་འོང༌། དམར་ངོ་ཁྲག་ངོ་རྨས་འགྲམ་གྱི་ངོ་


LT17_Page_479
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་ངན། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འབྲི་ཀློག་སོགས་དགྲ་འཆོས་རེམ། ༈ །ཆུ་དགྲ་ས་ཕྲད། ཁྱིམ་ཕྱྭར། ས་གཡོ་དང་ཁང་པ་རལ་གྲུམ། སའི་ནད་རིགས་དང༌། བྱད་གཏད་ཀྱི་ངོ། ཉེས་པ་ཀུན་ཐུབ་ཀྱི་གསེར་འཁོར་འབྲི་འདོགས་དང༌། འབྱུང་བཞིའི་གཏོར་མ་སོགས་ཐོངས། བསྟན་ཆུས་དང་ཆོས་ཕྱྭར། བདུད་ནག་པོའི་ཐིབ་ཀྱིས་ནོན་པའི་ངོ་ཡིན། བདུད་བཟློག་དང་ཚོགས་བསགས་ལ་བརྩོན། སྲིད་ཕྱྭར། སྲིད་ཀྱི་ཆུ་མིག་ཞབས་རྡོལ་བས་ངན། དོན་ཕྱྭ་བློ་ཕྱྭའི་རིགས་ལའང་ངན། ཁྱད་པར་དུ་འབྱུང་བ་ས་ཁམས་པའི་མིས་གེགས་བྱེད། ཚོང་ཕྱྭར། རྒྱུ་དང་མི་རྒྱུའི་ས་ཁམས་གང་རུང་གིས་དོན་འགྱོད་འོང༌། སྐྱབས་འགྲོ་ཁ་ཏོན་གྱིས། ནོར་ཕྱྭར། ནོར་སེར་པོའི་རིགས་ལས་གྱོང་ཕམ་འབྱུང༌། ཡང་ན་སྨིག་ཟླུམ་གྱི་ལྷས་ངན་འོང༌། ཟ་འདྲེ་འགོང་པོ་ཁ་སྒྱུར་སོགས་ཐོངས། ལོ་ཏོག་མོ་ལའང་ཆེས་ངན། ཞུ་དོན་གཉེར་ན། གཏིང་ལྕི་བས་མི་འགྲུབ། མཛའ་བོ་འཚོལ་ན། རི་རབ་ཞགས་པས་འཐེན་པ་དང་འདྲ་སྟེ་མི་ཁུག་དུར་ཁང་འཆོར་ཞིང་གི་མོར། དུར་ས་ཁང་པ་མཚམས་བཞིར་ལྟ་བ་དང༌། ཞིང་ས་གྲུ་བཞི་སོགས་ཡོད་ན་ཐང༌། ས་བདག་གདུག་པ་ཅན་གནས་པས་མི་འཕྲོད། ནད་ཕྱྭར། ཕྱི་ཡུལ་


LT17_Page_480
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་དང་རྐང་ལག་ནང་མཛོད་ཕོ་མཚེར། སྒོ་མཆུ་སྟེ་དེ་རྣམས་གང་རུང་གི་ནད། ཤུ་ཐོར་དང༌། ཞ་གྲུམ། ཆམ་པ། ལྕི་འཐིབ་རིགས་ཏེ་བཅོས་དཀའ། སྲོག་བསླུ་དང་ཚེ་མདོ་ཁ་ཏོན་སོགས་རིམ་གྲོ་རྒྱ་ཆེན་གྱིས་ལ་སྨན་བསྟེན། ད་ལྟ་ས་ཆ་ཁོད་སྙོམས་ཤིང་མདོག་སེར་བ། གྲུ་བཞི་འཐུག་ཅིང་སྒུག་པ་ལྟ་བུ། འཐིབ་ཤས་ཆེ་བ་དེ་འདྲ་ན་མོད་མདོག་ཁ་བས་བརྗེ་དགོས། གདོན་ཕྱྭར། དུར་ལྡད་དང་ཐབ་འཆའ་འཛུགས་སོགས་ལྕི་བརྟན་ལས་ཀྱིས་ནོངས་པའམ། རྫ་སྣོད་དང་ཉེར་སྤྱད་སེར་པོའི་རིགས་གྲུ་བཞི་ཁྱིམ་གྱི་ཟུར་རམ་མལ་ཆའི་ཟུར་དུ་འཇོག་རྒྱུ་དང་མཆིལ་ལྷམ་སོགས་གྲིབ། ཡང་ན་ས་ཁམས་པའི་མི་ལས་ཐོབ་པའི་ཞུན་མར་ལུག་གླང་རྡོལ་བུ་འཕྱི་བ་གྲུམ་པ་ལྟ་བུའི་ཁོག་ཤ་དང་སྟུ་ཤ་དེ་མིན་ན་བཟའ་བཏུང་མངར་པོའི་རིགས་སོགས་གྲིབ། གདོན་གྱི་ངོ་བོ། ས་བདག་དང་ཡུལ་འདྲེ་རྒྱལ་གདོན་སོགས་གནོད། ས་བདག་འཁྲུགས་བཅོས་དང༌། གནམ་ས་སྣང་བརྒྱད་སོགས་གང་འཚམས་སྒྲུབ། ལེའུ་སྨན་པའི་མོར། མི་རྙེད་པའམ་རྙེད་ཀྱང་ཕན་མི་ཐོགས་ཀྱི་སྟེང་དུ་ཆུ་ས་རྡུལ་གྱིས་རྙོག་པ་ལྟར་ཇེ་ཐུར་འགྲོ་བས་སྤོངས། མགྲོན་ཕྱྭར། ཁྱོད་ཀྱི་མགྲོན་པོ་དེ་ད་ལྟ་གཞི་ནས་མ་ཁྱོགས་པས་མི་སླེབ། དེ་མིན་ན་དགྲ་ས་ཁམས་པ་དང་ཐུག་ནས་འདུག་རྟ་ཕྱུགས་


LT17_Page_481
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་དང་ར་ལུག་འདི་བསྲེལ་ན་རུང་ངམ་ཞེ་ན། མི་རུང་བའི་ངོ་ཡིན་ཏེ་རྒྱལ་གདོན་གྱི་འཁྲི་བ་ཡོད། བོར་སྟོར་རྡུལ་ཁྲོད་དུ་ཡོད་ན་ཐང་སྟེ་མི་རྙེད། སྔར་གྲོགས་ཕྲད་བཤད་པའི་སྐབས་བཞིན་ཡོད་ཀྱང་སྲིད་དེ་མི་རྙེད། མཚམས་བཞིའི་རྐུན་པོ་ལུས་རྒུར་ཞིང་རྦད་མགོ་བྱས་པ་གོང་གསལ་ལྟ་བུས་ཁྱེར་ཏེ་དོང་ནང་སོགས་སུ་སྦས་ཡོད། ཆང་དང་འོ་ཞོའི་མོར། སྐྱུར་འདྲེ་ཅན་དུ་འདུག་པས་མི་ལེགས། ཆང་བཙོ་མཁན་སྟག་ཡོས་ལོ་པས་གྱིས། ཁ་ཆར་ཨེ་འབབ་ན། སྔགས་བཙུན་ནུས་པ་ཅན་གྱིས་ཆར་ནོན་འདུག་པས་འབེབས་ཤིན་ཏུ་དཀའ། ཀླུ་ཁྲུས་དང་གཏོར་མ་ཐོངས། དགྲ་ཕྱྭར། ལྷོ་ནུབ་ནས་དགྲ་དཔུང་ཁུར་དུ་ལྕི་བ་རིས་ནོན་པ་ལྟ་བུ་འབྱུང༌། དུས་འགྱངས་ཤིག་ན་ཡོད་པས་ད་ལྟ་ནས་བཟློག་ཐབས་རེམ། འབྱུང་བ་བུ་ཕྲད་ཀྱང་འགྱོད་ཕུལ་ཆེ་ཆུང་ཙམ་མ་གཏོགས་ཕྱོགས་དེ་དང་འདྲ་བས་རིགས་འགྲེ་སྦྱར། ༈ །ཤིང་ནང་ཕྲད། ཁྱིམ་ཕྱྭར། འཐོར་ཞིག་དང༌། འཕོ་འགྱུར་མང་དུ་འོང༌། བསྟན་ཕྱྭ་དང་ཆོས་ཕྱྭ་རྩ་བ་གཡོ་ཞིང་མི་བརྟན་པས་ངན། སྲིད་རྒྱུད་ཆགས་དཀའ། དོན་ཕྱྭར་བློ་ཕྱྭ་གང་ཡང་སྟོང་འུད་ཆེ་སྟེ་དོན་ལ་མི་འགྲུབ། ཚོང་ཕྱྭར། ནོར་ལ་ཁ་འཐོར་འོང་བས་ལོངས་སྤྱོད་མི་ཆགས། ནོར་ཕྱྭ་དང་ལོ་ཏོག་མོར་ཡང་དེ་མཚུངས། ཞུ་དོན་ལ་


LT17_Page_482
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འབང་ཞལ་མི་འཆམ་སྟེ་འགྲུབ་དཀའ། མཛའ་བོའི་མོ་ལ་འཐེན་འཁྱེར་འོང་ཞིང་རྙེད་ཀྱང་འདུམ་མི་འོང༌། དུར་ཁང་སོགས་ལའང་ངན། ནད་ཕྱྭར། ཡང་ཞིང་གཡོ་བའི་མོ་འཚུབ་ཉམས་ཅན། གདོན་སྔར་བཞིན་ཆག་སྒོ་སྨིན་དྲུག་གི་རྔ་ཚུབ་ལྟ་བུ་འོང་ངོ་ཡོད། ལེའུ་སྨན་པ་སྨན་དཔྱད་སོགས་ཀྱིས་ནད་ཉལ་བ་སློང་ནུས་ཀྱང་བསླང་བ་གསོད་དཀའ། མགྲོན་ཕྱྭར། འུར་ཟིང་དང་སྐྲག་ངོ་ཡོད་དེ་མགྱོགས་པར་སླེབ། རྟ་ཕྱུགས་སོགས་མི་འཕྲོད། བོར་སྟོར་མྱུར་དུ་བཙལ་ན་རྙེད་ཐང་སྟེ་ཅུང་ཟད་རལ་གྲུམ་དང་མང་པོར་སོང་འདུག་སྐྱུར་གྱི་མོ་ལ་རོ་ངན། བཙོ་སྙོལ་མཁན་སྔར་བཞིན། ཁ་ཆར་ཤིན་ཏུ་དཀོན། དགྲ་ཕྱྭར། མཁོན་འཛིང་གི་ངོ་ཡོད་ཀྱང་རྒྱབ་བསྲུང་བཟང་ན་བསྔོ་ཐུབ། ༈ མེ་ནང་ཕྲད། ཁྱིམ་ཕྱྭར། དར་རྒུད་ཟོ་ཆུན་གྱི་འཁོར་ལོ་འདྲ་སྟེ་ཡིད་རྟོན་མི་མཆི། བསྟན་ཕྱྭ་དང་ཆོས་ཕྱྭ་ཡང་དེ་དང་ཕྱོགས་འདྲ། སྲིད་ཕྱྭར། སྲིད་ཆགས་ཀྱང་ངེས་ངེས་མི་འདུག་བློ་ཕྱྭར་དོན་ཕྱའི་རིགས་ལ་འགྲུབ་འགྲུབ་འདྲ་བོ་ཡོད་དེ་འགྱུར་ལྡོག་ཆེ། ཚོང་ཕྱྭ་ནོར་ཕྱྭ་ལོ་ཏོག་རྣམས་ལ་ཡང་ཉམས་ཡོད། ཞུ་དོན་དང་མཛའ་བོ་རྙེད་མིན་ཡང་དོན་ཕྱྭ་དང་འདྲ། འདི་དབང་སྡུད་རིགས་ལ་བཟང་བར་བཤད་པའང་ཡོད་པས་དེ་གཉིས་གུང་བསྒྲིགས། དུར་མོ་ལ་ངན། ཁང་ཞིང་གི་མོར་འབྲིང་


LT17_Page_483
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ཡིན། ནད་ཕྱྭ་གདོན་ཕྱྭར། འཕྲལ་སོས་སོས་འདྲ་ཡང་ཕུགས་མི་བདེན། ལེའུ་སྨན་པ་སོགས་ལ། ཕན་ཐོགས་ཅུང་ཟད་ཡོད་ཀྱང་གཅིག་ཐོག་ཏུ་སྡོད་དཀའ། མགྲོན་ཕྱྭར་མགྲོན་པོ་ཀྲོང་གིས་ལང་ཙོག་གེར་བསྡད་དེ་སྙེམ་ཐག་མ་ཆོད་པར་གདའ། རྟ་ཕྱུགས་སོགས་འཕྲལ་བཟང་ཡང་ནམ་ཞིག་ལད་ངོ་ཡོད། བོར་སྟོར་བྲི་གང་འཕེལ་འགྲིབ་ཀྱི་ངོ་ཞིག་ཡོད་དེ་ལར་རྙེད། སྐྱུར་གྱི་མོ་དང་ཁ་ཆར་ལ་ངན། དགྲ་ཕྱྭར། རྨ་ཁྲག་གི་ངོ་ཅུང་ཟད་ཡོད། ༈ །ས་ནང་ཕྲད། ཁྱིམ་ཕྱྭར། བརྟན་ཆགས་ཀྱི་ངོ། བསྟན་ཕྱྭ་ཆོས་ཕྱྭ་ཡང་དེ་མཚུངས། སྲིད་ཕྱྭར། དལ་འགྱང་ཆེ། ལར་རིམ་གྲོ་བསྒྲུབ་ན་འབྱུང་ཐང༌། བློ་ཕྱྭ་དོན་ཕྱྭ་ཚོང་ཕྱྭ་རྣམས་ལ་ཕྱི་དལ་ཆེ་ཡང་ཁོག་བརྟན་པས་བཟང༌། ནོར་ཕྱྭ་དང་ལོ་ཕྱྭ་ལ་རབ་ཡིན། ཞུ་བ་ཕུལ་ན་སྙན་སྲ་བར་འདུག་ཕུགས་འགྲུབ་ཀྱང་སྲིད། མཛའ་བོ་ཚོལ་ན་རྙེད་དཀའ། དེ་མིན་ན་བཟང༌། དུར་ཁང་གི་མོ་སོགས་ལ་ས་བདག་གཞན་གྱིས་བདག་བྱས་ན་ཐང་བས་བཅོས་ཐོངས་དང་བཟང༌། ནད་ཕྱྭ་གདོན་ཕྱྭ་ཕྲ་མོའི་རིགས་ལ་སྐྱོན་མེད། དེ་མིན་གཏིང་ལྕི། ལེའུ་སྨན་པ་སོགས་ལ། ངང་བསྲིང་ན་ཕན་ཐོགས་འོང༌། མགྲོན་པོ་ལ་ཉེ་ཞོ་མི་འདུག་ཀྱང་ཤོལ་སྡོད་ཆེ། རྟ་ཕྱུགས་སོགས་བསྲེལ་ན་ལེགས་


LT17_Page_484
[མ་དཔེ་གཟིགས་ན་འདིར་གནོན།]

པར་འོང༌། བོར་སྟོར་རང་ཁྱིམ་ནས་མ་རྙེད་ན་འཚོལ་དཀའ། ཆང་དང་འོ་ཞོའི་མོར་བཟང༌། བཙོ་སྙོལ་མཁན་སྔར་གསལ། ཁ་ཆར་རེ་ཞིག་མི་འབྱུང་བས་ཆུ་འབོད་གྱིས། དགྲ་ཕྱྭར། ཕན་ཚུན་གཉིས་ཀར་རྒྱལ་ཕམ་ཆེར་མི་འགྲོ་སྟེ་འབྲིང་སྟོད། ༈ །ལྕགས་ནང་ཕྲད། ཁྱིམ་ཕྱྭར། གྲི་ཁ་ལྟ་བས་ངན། བསྟན་ཕྱྭ་ཆོས་ཕྱྭ་གང་ལའང་བར་ཆད་མང༌། སྲིད་ཕྱྭར་ཅུང་ཟད་ངན། བློ་ཕྱྭ་དོན་ཕྱྭ་ཚོང་ཕྱྭ་རྣམས་བསྒྲུབ་དཀའ། ནོར་ཕྱྭ་དང་ལོ་ལེགས་ཉེས་ལ་དགྲ་མང་བས་བསྲུང་བ་བྱ། ཞུ་བ་ཕུལ་ན་མི་འགྲུབ། མཛའ་བོ་མི་རྙེད། རྙེད་ཀྱང་མི་དགེ །དུར་ཁང་སོགས་ཀྱི་མོ་ལ་གྲི་ཚང་ཡིན་ཏེ་ངན། ནད་ཕྱྭ་གདོན་ཕྱྭར་འཚུབ་ཆ་ཆེ་བས་གཟབ། ལེའུ་སློབ་དཔོན་སྨན་པ་སོགས་མི་འཕྲོད། མགྲོན་པོ་ལ་དཀའ་ཚེགས་ཆེན་པོ་བྱུང་འདུག་ད་དུང་མི་སླེབ། རྟ་ཕྱུགས་སོགས་བསྲེལ་ན་མི་དགེ །བོར་སྟོར་ཚུལ་བཞིན་མི་རྙེད་པས་འབད་པ་མ་མང༌། སྐྱུར་གྱི་མོ་ལ་རོ་བཟང་ཡང་ཁ་དགེ་མི་འོང༌། བཙོ་སྙོལ་མཁན་གོང་གིས་ཤེས། ཁ་ཆར་མི་འབབ་སེར་བ་འདྲ་འབྱུང་ཐང༌། དགྲ་ཕྱྭར། མཚོན་འཁྲུགས་རྭ་ཅོ་བརྡར་བ་ལྟ་བུ་ཡོད་པས་དགྲ་འཆོས་གྱིས། ༈ ཆུ་ནང་ཕྲད། ཁྱིམ་ཕྱྭར། འཇམ་ཞིང་ཞི་བའི་མོ་སྟེ་བཟང༌། བསྟན་ཕྱྭ་ཆོས་ཕྱྭར་ལྷ་ངོ་དམའ་བས་རིམ་གྲོ་བྱ། ཧ་ཅང་ངན་


LT17_Page_485
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཡང་མེད། སྲིད་ཕྱྭར། བུ་མོ་བཙའ་སྟེ་སྲིད་པའི་ལྟེ་བསྒྱུར་དང་རྒྱབ་ཆོས་དགེ་ལས་ལ་འབུང༌། བློ་ཕྱྭ་དོན་ཕྱྭ་ཚོང་ཕྱྭ་རྣམས་འབྲིང་ཙམ་འགྲུབ། ནོར་ཕྱྭ་དང་ལོ་ཏོག་ལ་བཟང༌། མཛའ་བོ་རྙེད་མིན་དང་ཁང་ཞིང་སོགས་ཀྱི་མོར་ཡང་དགེ་ཞིང་བཀྲ་ཤིས། ནད་ཕྱྭར་སྐྱོན་མེད། མྱུར་དུ་ཁ་གསལ་འོང༌། གདོན་ཕྱྭར་མོ་གདོན་གནོད་དེ་ངོ་ཡང་བས་བཅོས་སླ། ལེའུ་སོགས་བརྟན་ན་འཕྲོད། མགྲོན་མྱུར་དུ་སླེབ་བམ། ཡང་ན་སྐད་སྙན་ཐོས། རྟ་ཕྱུགས་སོགས་སྤྱིར་འཕྲོད་ཀྱང་རྟས་ཅུང་ཟད་དམའ་བས་རྟ་བདག་མཆོད། རྟ་གཟུངས་ཐོན། བོར་སྟོར་མྱུར་བར་རྙེད། སྐྱུར་གྱི་མོ་ལ་འབྲིང་སྨད་ཡིན། ཁ་ཆར་ཆེན་པོ་འབྱུང༌། དགྲ་ཕྱྭར། དགྲ་སྙིང་དར་བས་འཇམ་སྟེ་སྐྱོན་མེད་དོ། །དེའང་འཕྲད་དང་འབྱུང་བ་རྐྱང་དཔྱད་ལ་ཅུང་ཟད་མི་མཐུན་པ་འབྱུང་ན་གཙོ་བོ་ཕྲད་དཔྱད་ཀྱིས་བྱེད། དེ་ལ་སོགས་པ་གོང་འོག་གི་ལྷུ་ལེགས་པར་བསྒྲིགས་ནས་སྒྲིན་ཞིང་ཞིབ་མོའི་རྣམ་དཔྱོད་ཀྱིས་དཔྱོད་པ་གལ་ཆེའོ། །དཔལ་རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་རྒྱ་མཚོ་གདན་བཞི་སོགས་རྒྱུད་ཀྱི་རྒྱལ་པོ་དུ་མར་ཡང་མོ་གདབ་ཐབས་ཡོད་ལ། དཀོན་བརྩེགས་ལེའུ་གསུམ་པར་བརྟགས་རིལ་སྒྲིལ་བའི་ཁུངས་ཀྱང་ཡོད་པ་དང༌། གཞན་ཡང་གཡུང་དྲུང་བོན་ལུགས་ཚུན་ཆད་ཀྱི་མོའི་གཞུང་མང་པོ་ཡོད་


LT17_Page_486
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། ཉུང་ངུ་རྣམ་གསལ་ཡང་དག་རྫོགས། །ཞེས་པ་ལྟ་བུའི་ཁྱད་པར་ཅུང་ཟད་ཀྱིས་བརྒྱན་ཏེ་བཤད་པ་འདི་ནི་བློ་གསལ་རྣམས་འཇུག་པ་བདེ་བའི་ཆེད་དུ་ཁོ་བོས་བྱས་སོ། །རྣམ་དཔྱོད་འོ་མའི་ཆུ་གཏེར་འཁྱིལ་བའི་ངོགས། །གཙུག་ལག་ངང་མོ་འབུམ་ཕྲག་གར་རྩེས་པའི། །དབྱངས་སྙན་རྒྱང་གླུའི་འགྱུར་བ་ལྷུང་ལྷུང་འདི། །བློ་གསལ་ཁྱེའུ་ཆུང་རྣ་བ་རབ་དགའི་དཔྱིད། །མ་མཐོང་མཐོང་རྫུ་འཕགས་པའི་ཐ་སྙད་དང༌། །འགལ་བའི་རྫུན་ཚིག་བྱིས་པ་འདྲིད་པའི་ཟོག །སྤངས་ནས་ལྐོག་གྱུར་བལྟ་བའི་མེ་ལོང་འདིར། །ཡང་དང་ཡང་དུ་བློ་གྲོས་མིག་འབུར་གཏོད། །ཟབ་མོ་རྣོ་མཐོང་གི་མན་ངག་ཟླ་ཤེལ་ནོར་བུའི་མེ་ལོང་ཞེས་བྱ་བ་འདི་ནི་མདོ་ཁམས་ཤར་ཕྱོགས་ཀྱི་བནྡྷེ་འཇམ་དཔལ་རིག་པའི་རལ་གྲིས་སྔོན་ཆད་རྩིས་ནག་གི་གཞུང་ལ་སྦྱང་གོམས་ཆུང་ཡང་སྐབས་ཐོག་ཉེར་མཁོའི་དབང་གིས་བི་རོ་བྷི་ཞེས་པ་ས་མོ་གླང་གི་ལོའི་ནག་པ་ཉ་བའི་ཡར་ཚེས་ཀྱི་རྒྱལ་བ་དང་པོའི་ཉིན་རྫོགས་པར་བྱས་པ་དགེ་ཞིང་ཤིས་པའི་སྣང་བ་འབད་མེད་དུ་འཇོ་བའི་རྒྱུར་གྱུར་ཅིག་མངྒ་ལམ།། །།

རྩིས་ཀྱི་མོ་གཙུག་ལག་རྒྱ་མཚོའི་མེ་ལོང་།


LT17_Page_487
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་མོ་གཙུག་ལག་རྒྱ་མཚོའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཐའ་ཡས་སྲིད་དང་ཞི་བའི་ཤེས་བྱ་ཀུན། །མཁྱེན་རབ་ཡེ་ཤེས་མེ་ལོང་འོད་པོ་ཆེས། །སྟོང་ཉིད་ནམ་མཁའི་ཐིག་ལེར་སྡོམ་མཛད་པ། །བླ་མ་བརྟན་པའི་འཁོར་ལོས་དགེ་ལེགས་སྩོལ། །ཤར་ཕྱོགས་གནམ་སྐྱོང་རྒྱལ་པོའི་ཡུལ་གྲུ་རུ། །གཙུག་ལག་མ་དྲོས་ཆུ་གཏེར་འཁྱིལ་བའི་གཞི། །སྲིད་པ་རུས་སྦལ་ཁོག་པའི་མེ་ལོང་ལ། །སྤང་བླང་རི་མོ་འབུམ་བྲག་པྲ་རུ་འབེབས། །དེ་ལ་གཉིས་ཏེ། བསྡུས་བཤད་སྡོམ་ཚིག་ཏུ་བརྗོད་པ་དང༌། སྤྲོས་བཤད་ངག་འགྲོས་སུ་བཀོད་པའོ། །དང་པོ་ནི། བརྩི་གཞི་རུས་སྦལ་གན་རྐྱལ་ཏེ། །མགོ་བོ་ལྷོ་ལ་གཞོག་གཡས་ཤར། །མཇུག་མ་བྱང་དང་གཞོག་གཡོན་ནུབ། །མཚམས་བཞིའང་དེ་ཡིས་ཞར་ལ་ཤེས། །དེ་རྣམས་མེ་ཤིང་ཆུ་ལྕགས་དང༌། །ས་ལྔ་གོ་རིམ་བཞིན་སྦྱར་ནས། །མ་བུ་དགྲ་གྲོགས་ངེས་པ་ཡིས། །ལོ་ཟླ་ཞག་དང་དུས་ཚོད་བརྩི། །གཞི་ཕྱྭ་ལོ་དང་མགྲོན་ཕྱྭ་ཟླ། །དགྲ་ཕྱྭ་ཞག་དང་སྲོག་སོགས་དུས། །རྣམ་པར་སྦྱར་བའི་རིགས་པ་དང༌། །རྡེལ་ཞག་གཞན་ཡང་མང་དུ་དབྱེ། །གནམ་ལོའི་འབྱུང་དགྲས་ཟླ་ངོས་བཟུང༌། ཟླ་འབྱུང༌།


LT17_Page_488
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་ཞག་མགོ་འཛིན། མཆན། བ་གང་ཡང་རུང༌། །ཟླ་ཞག་དེ་ཡི་དགྲ་ནས་འཛིན། །ཞག་གི་བུ་ནི་དུས་ཚོད་དེ། །དུས་ཚོད་མ་གཏོགས་སྦྲག་མར་བརྩི། །ཟླ་བའི་ཐོག་མ་སྤྲེལ་གྱི་ཟླ། །ཞག་ལ་ཕོ་དྲུག་སྟག་གིས་ཚེས། །དེ་བཞིན་མོ་དྲུག་སྤྲེལ་གྱིས་ཏེ། །རིམ་བཞིན་འབྲུག་དང་ཁྱི་ཡིས་ཉ། །དེ་ལྟར་བརྟགས་ནས་བརྩི་ཚུལ་དངོས། །བརྩི་བྱ་དེ་ཉིད་ལོ་སོགས་འཐབ། །སྲོག་ལུས་དབང་ཐང་རླུང་རྟ་ཡི། །ས་མལ་ལོ་མལ་ཀུན་ལ་དཔྱད། །གྲོགས་ཕྲད་རབ་ལ་མ་བུ་འབྲིང༌། །མེ་ལྕགས་ཤིང་ནང་ངན་པ་ལ། །ས་ཆུ་ནང་བཟང་དགྲ་ཕྲད་ངན། །བྱེ་བྲག་གཞན་ཡང་རབ་ཤེས་བྱ། །གཙོ་བོར་དུས་ཚོད་ལ་སོགས་པ། །རང་རང་གང་ལ་གང་བསྔགས་པ། །དེ་ཉིད་གཞིར་བཟུང་སྤར་སྨེ་ཡི། །རྣོ་ཁྱད་འདོན་པ་འདི་ཡི་ལུགས། །ན་ཤི་དགྲ་དུར་གེགས་རྣམས་དང༌། །བདུན་ཟུར་བཞི་གཤེད་དགུ་མིག་སོགས། །རྒྱ་ཆེར་པགས་རུས་ཤ་གསུམ་གྱིས། །བརྩི་བ་དོན་གྱི་སྙིང་རྡོ་ཡིན༌། །གཞན་ཡང་དཔྱོད་ཚུལ་ཁྱད་པར་ནི། །རུས་སྦལ་ལུས་ལ་འབྱུང་ལྔ་སྦྱར། །དེ་རྣམས་དབྱིབས་མདོག་གྲངས་ཕྱོགས་སོགས། །སོ་སོའི་རྣམ་པར་བླན་ལས་ཤེས། །གཉེན་ཕྱོགས་མ་ཕྱི་འོག་རྟ་ཁྱི། །རང་དང་གྲོགས་ཡིན་དགྲ་ཕྱོགས་དགྲ། །


LT17_Page_489
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་སྒོ་ནི་རང་དང་མ། །གདོན་དང་རང་དགྲ་ཕྱོགས་ལའོ། །འདི་དག་བློར་བཟུང་ན་འོག་ནས་འཆད་པའི་རྩིས་འབྲས་རྣམས་ཀྱང་ཡིད་ལ་འཛིན་སླ་བ་ཡིན་ནོ། །གཉིས་པ་ནི། ནམ་རྟེན་འབྲེལ་གྱི་རྩིས་བྱ་བར་འདོད་པའི་དུས་དེར། ཐོག་མར་སྐྱབས་སེམས་སྔོན་འགྲོས་འབྱུང་བའི་ལྷ་དང་གཙུག་ལག་གི་སྟོན་པ་རྣམས་ལ་གཏོར་མ་ཕུལ། །བདེན་པ་བདར། མེ་ཏོག་ལ། ཨ་ཀར་ཁ་ཡེར་ཡ་ཝ་ཡང་ཨུར་ཏེ་ཏཾ་ཏ། ཞེས་ཉེར་གཅིག་བཟླས་ཏེ་འཐོར། དེའི་འོག་ཏུ་སྐོར་མགོ་ལ་འཇུག་གོ །དེའང་རྩིས་ཀྱི་སྐོར་མགོ་དངོས་ནི། གནམ་ལོའི་འབྱུང་བ་གང་ཡིན་གྱི་དགྲ་ཐོག་ནས་ཟླ་བའི་སྐོར་མགོ་བྱ་སྟེ། དེའང་འདིའི་ལུགས་ཀྱི་ལོ་མགོ་ཧོར་ཟླ་བཅུ་གཉིས་པ་སྤྲེལ་ཟླས་འཛིན་རྒྱུ་ཡིན་ལ། ཟླ་བ་བཅུ་གཉིས་པོའི་ནང་ཚན་ཕོ་མོའི་ཟླ་བ་ཕྲུག་གཉིས་རེ་འབྱུང་བ་གཅིག་ཅིང་བརྩི་དུས་ཀྱང་དེ་ལྟར་བརྩིའོ། །དེ་ལྟར་ཟླ་བ་གར་སླེབས་ཀྱི་སྟེང་ནས་ཞག་གི་སྐོར་མགོ་ནི། སྤྲེལ་སོགས་ཟླ་བ་ཕོ་དྲུག་སྟག་གིས་ཚེས་ཤིང་བྱ་སོགས་ཟླ་བ་མོ་དྲུག་སྤྲེལ་གྱིས་ཚེས་རྒྱུ་ཡིན་པས། དེ་དག་གཞིར་བཟུང་ལ། ཞག་གི་ངོས་འཛིན་དངོས་ནི། གཅིག་བཅུ་གསུམ་ཉེར་ལྔ་ཞེས་པའི་སྡེ་ཚན་གསུམ་པོ་གང་རིགས་སྐབས་བསྟུན་གྱི་སྟེང་ན་


LT17_Page_490
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་བསྐོར་བས་རྟོགས་ནུས། དེ་ལ་ཟླ་བ་གཉིས་ནི་འབྱུང་བའི་སྐོར་མགོ་དང་སྦྲག་མར་བརྩི་ལུགས་གཅིག་ཏུ་བྱ་དགོས་པས། གཅིག་གཉིས་རང༌། གསུམ་བཞི་བུ། ལྔ་དྲུག་གྲོགས། བདུན་བརྒྱད་དགྲ། དགུ་བཅུ་མ་ཞེས་བགྲང་ངོ༌། །དུས་ཚོད་ཀྱི་སྐོར་མགོ་ནི། ཞག་གི་བུ་ཐོག་ནས་བྱ་སྟེ་ནམ་ལང་ཡོས། ཉི་ཤར་འབྲུག་ཉི་དྲོས་སྦྲུལ། ཉིན་གུང་རྟ། ཕྱེད་ཡོལ་ལུག་དགུང་ཆེན་སྤྲེལ། དགུང་ཆུང་བྱ། མུན་རུབ་ཁྱི། སྲོད་འཁོར་ཕག་ནམ་གུང་བྱི་བ། ནམ་ཕྱེད་གླང༌། ཐོ་རངས་སྟག་སྟེ་དུས་ཚོད་བཅུ་གཉིས་པོའི་ནང་གར་བབ་ངོས་འཛིན། འདི་ལ་ནི་འབྱུང་བ་རྐྱང་དེད་བྱའོ། །དེ་དག་རྩིས་ཐང་གི་སྤྲོས་པ་ལ་མི་ལྟོས་པར་ལག་པའི་སོར་མོ་འབའ་ཞིག་གི་སྟེང་ནས་བརྩི་ལུགས་བློ་ཆུང་ལས་དང་པོ་པ་རྣམས་ཀྱི་དོན་དུ་གནམ་ལོ་ཤིང་བྱ་ཁྱིའི་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉི་ཤར་ལྟ་བུ་ལ་དཔེ་བརྗོད་བྱས་ན། ལག་པའི་གུང་འཛུབ་སྲིན་གསུམ་རེའུ་མིག་དགུར་ཕྱེ་བའི་ཤར་ཤིང༌། ལྷོ་མེ། ནུབ་ལྕགས། བྱང་ཆུ། ལྷོ་ནུབ་ས་སྒོ་ཆེ་བར་དཔྱད་ལ། ཐོག་མར་གནམ་ལོ་ཤིང་ཞེས་ཤིང་ཁམས་སུ་བླན་ནས་སླར་ཡང་ལྕགས་སྤྲེལ་གྱི་ཟླ་བ་ལོ་མགོར་བཞག་སྟེ་ནུབ་ཏུ་འཕོས། དེའི་སྟེང་ནས་ཟླ་བའི་


LT17_Page_491
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་མགོ། ལྕགས་ཀྱི་སྤྲེལ་བྱ། ཆུའི་ཁྱི་ཞེས་སྔ་མ་ལས་གནས་གཅིག་བགྲོད་པས་བྱང་དུ་སླེབ། དེའི་རང་ཐོག་ནས་ཞག་གི་བརྩི་ལུགས། ཆུའི་སྟག་ཡོས། ཤིང་གི་འབྲུག་སྦྲུལ། མེའི་རྟ་ལུག་སའི་སྤྲེལ་བྱ་བགྲང་བས་ལྷོ་ནུབ་ཏུ་ཕྱིན། དེའི་བུ་ཐོག་ནས། ནམ་ལང་སྟག་ཡོས། ཉི་ཤར་ཆུ་འབྲུག་ཅེས་དེ་ཉིད་དུ་རང་ས་འཛིན་པ་བཞིན་ནོ། །དེ་ལྟར་མགྱོགས་རྩིས་ཀྱི་རྣམ་བཞག་ཆགས་པར་བྱས་ནས་ད་ནི་བྱེ་བྲག་ཏུ། གཞི་ཕྱྭ་ལོ། མགྲོན་ཕྱྭ་ཟླ་བ། དགྲ་ཕྱྭ་ཞག་སྲོག་ཆོས་སྲིད་དོན་སོགས་དུས་ཚོད་དང་སྦྱར་ཏེ་བརྩི་ལུགས་རགས་པ་ཙམ་བརྗོད་ན། གཞི་ཕྱྭར་བརྩི་བྱའི་སྲོག་ལུས་དབང་ཐང་རླུང་རྟ་རྣམས་གནམ་ལོའི་སྲོག་སོགས་བཞི་དང་འཐབ་ལ། སླར་ཡང་རང་དུས་ཀྱི་ཟླ་བའི་སྲོག་སོགས་བཞི་པོ་བརྩི་བྱ་དང་འཐབ། དེ་བཞིན་དུ་ཞག་དང་བརྩི་བྱ། དུས་ཚོད་དང་བརྩི་བྱ་བཅས་ལེགས་པར་ལྟོ་སྦྱར་ལ། མ་ཕྲད་དང་གྲོགས་ཕྲད་རབ། བུ་ཕྲད་དང་ཤིང་ལྕགས་མེ་གསུམ་ནང་ཕྲད་ངན་པ། ས་ཆུ་ནང་ཕྲད་བཟང་བ། དགྲ་ཕྲད་ཤིན་ཏུ་ངན་པ་སྟེ་འདི་དག་གི་གོ་བ་གཞིར་བཞག་ནས། བཟང་ཕྱོགས་མང་ན་དགེ་ཞིང༌། བཟང་ངན་མཉམ་ན་འགྱུར་ལྡོག་ཐེ་ཚོམ་ཅན་དང༌། ངན་ཕྱོགས་མང་ན་མི་དགེ་བའི་ལྟས་


LT17_Page_492
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། འདི་ལ་ཞིབ་ཏུ་ན་སྲོག་ལུས་དབང་ཐང་རླུང་རྟ་སོ་སོའི་ས་མལ་ལོ་མལ་རྣམས་ལ་བྱང་བ་ཞིག་གནད་དུ་ཆེ་བས། དེ་བཤད་པར་བྱའོ། །སྤྱིར་བཏང་དུ་སྲོག་ནི་གང་ལའང་གལ་ཆེན་དགོས་མོད་ཀྱི། ཁྱད་པར་གྱི་ས་དང་ལོའི་མལ་ནི་འཆི་འཚོ་གཉིས་ཀྱི་ལ་ཤན་ཕྱེས། འོག་རྟ་དང་སྐྱེས་པའི་ས་མལ། བྱི་འབྲུག་སྤྲེལ་གསུམ་གྱི་ལོ་མལ། གཞིས་ལ་ལྷག་པར་གཙོ་བ་ཡིན་ནོ། །ལུས་ནི་ན་ཚ་འབྱུང་མི་འབྱུང་བརྟགས་ས་ལུག་དང་རྒན་བྱིས་ཀྱི་ས་མལ། ཁྱི་རྟ་སྟག་གསུམ་གྱི་ལོ་མལ། སྒོ་ཐེམ་གྱི་ས་དང་ཕྱི་ས་ཡིན་ནོ། །དབང་ཐང་ནི་ཕྱུག་དབུལ་གཉིས་ཀྱི་སོ་འཚམས་ཕྱེ་ས། ནོར་ཞིང་བུད་མེད་ཁྱིམ་གྱི་ས་མལ། བྱ་གླང་སྦྲུལ་གསུམ་གྱི་ལོ་མལ། བློ་ཕྱྭ་དང་དོན་ཕྱྭ་ལ་ལྷག་པར་གཉན་པ་ཡིན་ནོ། །རླུང་རྟ་ནི་དགྲ་རྐུན་གྱི་འཇིགས་པ་བརྟགས། བན་བཙུན་དང་གཙོ་བོ་རྒན་རབས་རྣམས་ཀྱི་ས་མལ། ཕག་ལུག་ཡོས་གསུམ་གྱི་ལོ་མལ། ཆོས་ཕྱྭ་དང་ལྷ་ས་དྲག་ཞན་དཔྱོད་པའི་གནས་ཆེ་ས་ཡིན་ནོ། །དེ་རྣམས་རེ་རེ་ནས་འབྲས་བཤད་བཟང་ངན་འབྲིང་གསུམ་བཤད་མ་ཐག་པ་ལྟར་བརྟགས་ལ། ངན་འབྲིང་གཉིས་ལ་བཅོས་ཀ་བྱ་སྟེ། མཐུན་ཕྱོགས་ལོ་པ་ཡོད་ན་དེ་དང་བསྟུན། ཁྱད་པར་ལོ་མལ་གང་ཞན་གྱི་མི་དེ་འདྲ་ཁྱིམ་དེར་མེད་ན། བརྩི་བྱའམ་དེ་ལས་


LT17_Page_493
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་ས་མལ་དབང་བཙན་དུ་བྱ་ཞིང༌། ཡོད་ན་དེ་ཉིད་གཙོ་བོར་བྱས་ཏེ། ལོ་ཀེགས་ཆེ་ཆུང་དང་སྤར་སྨེའི་འབྲས་རྩིས་རེ་རེ་ནས་བསྐོར་ལ། དེའི་སྒོ་ནས་འཁྱུག་དཔྱད་ཀྱི་སྦྱོར་བ་གང་འོས་སུ་དཀྲི་བ་ནི་རྣོ་སྟངས་སྤར་སྨེས་གཅོད་དོ་ཞེས་རྩིས་རིག་སྨྲ་བའི་ངག་སྒྲོས་ལས་བྱུང་བའི་དོན་ནོ། །གལ་ཏེ་རླུང་རྟའི་མལ་ལྟ་བུ་ཟླ་ཞག་དུས་ཚོད་གསུམ་ངན་ཞིང་གནམ་ལོའི་རླུང་སྐལ་དང་གྲོགས་འཕྲད་ལྟ་བུའི་དགེ་ལྟས་སྣང་ན། གཞི་ཕྱྭ་གནམ་ལོ་གཙོ་བ་དང༌། བཟང་ངན་གྱི་ཕྱོགས་གང་ན་མང་བ་དེ་ཉིད་དབང་བཙན་དགོས་པ་གཉིས་ཀ་བཤད་ཟིན་པས་དེ་ལ་ཇི་ལྟར་ལུང་དུ་སྟོན་ཞེ་ན། དེ་ནི་གནས་སྐབས་སུ་དགྲ་ཡོད་ཀྱང་ནམ་ཕུགས་སུ་དགྲའི་གཞན་དབང་ཅན་དུ་མི་འགྲོ་བའི་ལྟས་དང༌། རིམ་གྲོ་རྒྱ་ཆེར་བྱས་ན་བཟློག་ནུས་པའི་ལྟས་ཡིན་གྱི། དགྲ་ཕྱྭ་ཧ་ཅང་འཁྲུགས་པའི་རྟགས་སུ་མི་གཟུང་ངོ༌། །འོན་ཀྱང་གཙོ་བོར་ནི་རྩིས་མཁན་ཉིད་ཀྱི་ཞེ་འདོད་ལ་རག་ལས་པས། རྟེན་འབྲེལ་དེ་བརྟག་པ་ནི། དང་པོར་ལོ་དབང་བཙན་གྱི་སྟེང་ནས་བརྟག་གོ་སྙམ་ན་ལོ་ཉིད་གཙོ་ཆེ་ཞིང༌། དུས་ཚོད་འབའ་ཞིག་དབང་བཙན་དུ་བྱེད་པར་སྤྲོ་ན་དེ་ཉིད་གཙོ་བོར་འགྱུར་བ་སོགས་འདི་འདྲའི་རིགས་མང་པོ་ཞིག་རྩིས་པའི་བློའི་གཡོ་བ་ལ་ཐུག་པར་བླ་མ་རྣམས་


LT17_Page_494
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཡང་གཞི་ཕྱྭའི་ལེགས་ཉེས་ཀྱི་རྟེན་འབྲེལ་དེ་བས་ཀྱང་བསྡུས་ཏེ་བརྟག་པར་འདོད་ན། གནམ་ལོའི་སྲོག་སོགས་བཞི་དང་བརྩི་བྱའི་སྲོག་སོགས་བཞི་འཐབ་པའི་འོག་ཏུ་དུས་ཚོད་ཀྱི་འབྱུང་བ་རྐྱང་དེད་བྱས་ནས་དབང་ཐང་གི་སྐལ་པ་དང་ཕན་ཚུན་འཐབ་པས་ཀྱང༌། སྤྱིར་བཏང་དུ་ས་མལ་དྲག་ཞན་དང༌། དམིགས་བསལ་དུ་སྐྱིད་སྡུག་གང་སྟོང་རྣམས་ལེགས་པར་ཤེས་ནུས་ཏེ། དེའང་གནམ་ལོའི་སྟེང་ནས་སྤྱིར་བཏང་གི་ལེགས་ཉེས་འཇལ་ཚུལ་ནི་གོང་དུ་བཤད་པ་རྣམས་ཀྱིས་རྟོགས་པར་སྣང་བས། འདིར་དུས་ཚོད་ཀྱི་དབང་སྐལ་ནས་དམིགས་བསལ་བའི་ལེགས་ཉེས་བརྟག་ལུགས་ཙམ་ཞིག་འཆད་དོ། །དེ་ནི་མ་བུ་དགྲ་གྲོགས་ནང་འཕྲད་དང་ལྔའི་སྒོ་ནས་ཕྱེ་སྟེ། སྤྱིར་ནི་མ་ཕྲད་ནི་ཕྱི་འཇིགས་ཙམ་དང༌། བུ་འཕྲད་འགྱོད་དོ། །གྲོགས་འཕྲད་དགེ་ལྟས་སོགས་ཡིན་པ་གཞིར་བཞག་ལ། བྱེ་བྲག་ཏུ་ཤིང་མ་ཆུ་འཕྲད་ལ། གཞི་ཕྱྭ་ཅུང་ཟད་འཁྲུགས་ལྟས་དང༌། བྱང་ཕྱོགས་ནས་ལྷགས་པའི་གདོན་ངོ་ཆེ་ཞིང༌། རང་དང་ཉེ་འབྲེལ་ལ་རྐྱེན་ངན་འོང་བའི་ལྟས་ཡིན། མེ་མ་ཤིང་འཕྲད་ལ་ལྷ་སྲུང་འཁྲུགས་པའི་བཀའ་ཆད་དང༌། ཉི་མ་ཤར་ཕྱོགས་ཀྱི་གདོན་ངོ་ཡོད་གཞན་ཡང་ཉེ་དུ་སོགས་ལ་དམར་བཤལ་ལྟ་


LT17_Page_495
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཡམས་ནད་འབྱུང་ངོ་དང༌། དམར་ངོ་ཡོད། ས་མ་མེ་འཕྲད་ལ། ཕུག་ལྷ་བཙན་འགོང་མེད་ན་བཙན་དང་ས་བདག་གི་གནོད་པ་དང༌། ལྷོ་ཕྱོགས་ཀྱི་གདོན་ངོ་ཡིན། ལྕགས་མ་ས་འཕྲད་ལ། ཕ་མྱེས་ཀྱི་དུར་ས་ལང་ནས་ཤུལ་ཕྱི་དབུལ་ཞིང་ཕོངས་པ་དང༌། མཚམས་བཞིའི་གཤེད་ཁ་ལྟ་བའི་ངོ༌། ལོ་ཏོག་ལ་འཚེ་བའི་ལྟས་ཡིན། ཆུ་མ་ལྕགས་འཕྲད་ལ། དམེ་འཁྲུགས་ནང་འཐབ་དང་གནམ་ལྕག་འབབ་པའི་ལྟས། ཉི་མ་ནུབ་ཕྱོགས་ཀྱི་གདོན་ངོ་སྟེ་མ་འཕྲད་སྐོར་གྱི་འབྲས་བཤད་ཟིན་ཏོ། །ཤིང་བུ་མེ་འཕྲད་ལ། ལྷོ་གདོན་དང་དང་བཙན་གཤེད་ཀྱི་ཁ་ལྟ། རྟ་ནོར་དང་ཞིང་ལ་བཀྲ་མི་ཤིས་ཤིང༌། ནད་ཡམས་མཆེད་པའི་ངོ། །མེ་བུ་ས་འཕྲད་ལ། མའམ་སྲིང་མོ་ལ་ངན། འཚམས་བཞི་དང༌། ཁྱད་པར་ལྷོ་ནུབ་ཀྱི་བགེགས་ངོ་ཡིན། ས་བུ་ལྕགས་འཕྲད་ལ། གཡང་གི་ཁང་སྒོ་རལ། མི་ནོར་གང་རུང་རྦབ་འོག་ཏུ་བསྡུ། དགྲ་རྐུན་དང་ནུབ་ཕྱོགས་ཀྱི་གཤེད་ངོ་ཡོད། ཁྱིམ་གྱི་བུད་མེད་འཆི་བའི་ལྟས་ཡིན། ལྕགས་བུ་ཆུ་འཕྲད་ལ། ཤི་ཆད་དང༌། ཁྱད་པར་དུ་བྱང་ཕྱོགས་ཀྱི་ཆུ་རྒྱུད་ནས་གཤིན་པོའི་ལག་པ་ཟེད་པའི་རྟགས་ཏེ། དེའི་དབང་གིས་འཁྲུགས་རྩོད་དང་


LT17_Page_496
[མ་དཔེ་གཟིགས་ན་འདིར་གནོན།]

གོད་ཁ་འབྱུང་ངོ་ཡོད། ཆུ་བུ་ཤིང་འཕྲད་ལ། ཤར་ཕྱོགས་ནས་ཤི་གཤེད་ཀྱི་ཁ་ལྟ་བས་མི་དང་ནོར་ལ་འཚེ་ངོ་ཡིན། དེ་དག་ནི་བུ་ཕྲད་ཀྱི་སྡེ་ཚན་ནོ། །ཤིང་དགྲ་ལྕགས་འཕྲད་ལ། ཤར་རམ་ནུབ་ནས་འོང་བའི་ཕུ་ནུའི་རུས་འདྲེ་དང་གྲི་གཤེད་གདོན། ཡང་ན་ཡུལ་དེའི་གཞི་བདག་གམ་ཁྱིམ་བདག་གམ་ཁྱིམ་ལྷ་བཙན་པོ་ལ་ཕོག་ཐུག་སོང་བའི་ངོ་དང༌། རྫས་ཤིང་ལྕགས་སྤྲད་མའི་ཕྱིར་འབྲང་བའི་གདོན་རྒོད་ངན་པས་སྨྱོ་འབོགས་གཏོང་ངོ་ཡིན་ཞིང་ནོར་ཕྱུགས་ལ་གོད་ངོ་ཆེ། མེ་དགྲ་ཆུར་འཕྲད་ལ། ལྷོ་ཕྱོགས་སམ་བྱང་ཕྱོགས་ནས་འོང་བའི་རྫས་དམར་པོའི་རིགས་ཀྱི་ཕྱིར་འབྲང་གི་ཉེ་དུའི་རུས་འདྲེ་དང་བཙན་འགོང་དང་མོ་སྲིས་གནོད་ངོ༌། ཁྱིམ་དེར་ཤ་དམར་པགས་དམར་འདྲ་ད་ལྟ་མེད་ན་ངེས་པར་ཕྱུགས་ལ་གོད་འོང༌། ས་དགྲ་ཤིང་འཕྲད་ལ། མཚམས་བཞིའམ་ཤར་ཕྱོགས་ཀྱི་ཤག་པོ་ལས་བླང་བའི་རིན་པོ་ཆེའི་རིགས་སམ་གྲོགས་ཀྱི་རྗེས་འབྲང་གི་རྒྱལ་པོ་དང༌། མི་ཁ་གླེང་བརྗོད། གཟའ་མི་བྱེ་བྲལ་སོགས་འབྱུང་བའི་ལྟས་ཡིན། ལྕགས་དགྲ་མེ་འཕྲད་ལ། ནུབ་བམ་ལྷོ་ནུབ་ནས་འོང་བའི་མགར་སྐྱེས་དར་མའམ་མིའི་གཙོ་བོའི་རིགས་དང་ལྕགས་ཆའི་ཕྱིར་འབྲང་གི་གྲི་བཙན་ནམ་ཤི་གཤེད་གནོད། ལྷ་འཁྲུགས་དང་བྱད་ཕུར་རྦོད་གཏོང་གི་


LT17_Page_497
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས། ལྷོ་རྒྱུད་ནས་དགྲ་རྐུན་ངོ༌། །ཡང་ན་གློ་བུར་གྱི་འུར་ངོ་ཆེན་པོ་ཡོད། ཆུ་དགྲ་ས་འཕྲད་ལ། བྱང་ངམ་ལྷོ་ནུབ་གཙོ་བོར་གྱུར་པའི་མཚམས་བཞི་གང་རུང་ནས་མ་དང་བུ་མོ་སོགས་བུད་མེད་ཀྱི་རིགས་འགའ་ཞིག་གི་ཕྱིར་འབྲང་མོ་སྲི་གདོན། གོད་ངོ་དང་ནད་ངོ༌། ཁྱད་པར་དུ་གཟའ་མི་ནང་རྩོད་དང་རྐྱེན་ངན་གློ་བུར་བ། མྱ་ངན་དང་སྙིང་སྟོང་ཆེན་པོའི་ལྟས། དེ་རྣམས་དགྲ་འཕྲད་ཀྱི་དུམ་བུའོ། །ཤིང་གཉིས་ནང་འཕྲད་ལ། ཕ་ཁུ་སོགས་ཉེ་དུའམ། ཤར་དང་ལྷོའི་ཕྱོགས་ཀྱི་གཤིན་ལྕགས་རྒྱལ་པོའམ་གཉན་རིགས་དང་བསྡོངས་ནས་འཚེ་བའི་ངོ༌། །མེ་གཉིས་ནང་འཕྲད་ལ། བཙན་གཤེད་ཀྱི་གདོན་ངོ་དང༌། རྟ་ཕོ་གྲིར་འཆི་བའི་སྔ་ལྟས། འགོ་བའི་ནད་ཡམས་མཆེད་ལྟས་སོགས་ཡིན། ས་གཉིས་ནང་འཕྲད་ལ། རྒྱལ་གདོན་དང་ས་བདག་འཁྲུགས་པའམ། ཡང་ན་བན་བོན་སྔགས་པས་གཏད་མནན་བྱས་པའི་ངོ་ཡིན། གཏད་བྱེད་སའི་ངོས་འཛིན་ནི། མཚམས་བཞིའི་དུས་ཚོད་ལས་དཔྱད་དེ། ས་གླང་རི་སྣ་དང༌། ས་འབྲུག་བྲག་སྣ། ས་ལུག་ཐང་ཆེན་པོའི་རྔམ་ཞོལ། ས་ཁྱི་ཆུ་མིག་དང་མཚོའི་འགྲམ་ལྟ་བུར་གཏད་ཡོད་ངོ་ཡིན། དེ་འདྲའི་བྱད་གཏད་མེད་


LT17_Page_498
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཁར་གྱི་ལས་འགའ་ཞིག་ཉེས་ཟེར། ལྕགས་གཉིས་ནང་འཕྲད་ལ། ཕལ་ཆེར་བྱད་ཕུར་ཆེ་བའི་ངོ་ཡིན་ཞིང༌། ཡང་ན་གྲི་བཙན་འཁྲི། དེ་དག་གང་ཡང་མེད་ན་དགྲ་དང་རྐུན་མའི་ལྟས། ཆུ་གཉིས་ནང་འཕྲད་ལ། བྱང་ཕྱོགས་ཀྱི་ཆུ་རྒྱུད་ནས་ལྷགས་པའི་མོ་འདྲེའམ། ཀླུ་གཉན་ས་བདག་གམ། ཆུའི་ཡུལ་འདྲེ་ལྟ་བུའི་ངོ། ཆུ་མིག་ལ་ཕོག་ཐུག་སྔར་སོང་ཡོད་ན་དེ་འདྲའི་རྟགས་མཚན་ཡིན་ནོ། །འདི་དག་ནི་ནང་འཕྲད་ཀྱི་གྲས་སོ། །དེའང་གདོན་ངོ་གང་བབས་ཀྱི་འདྲེ་བགེགས་དེ་འདྲ་ཁྱིམ་དུ་མེད་པའམ་མ་བྱུང་ན་དགྲ་ངོ་ཡིན་པས་དེ་འདྲའི་རིགས་གཞན་ཡང་ཞིབ་མོའི་བློས་དཔོག་ཤེས་པར་བྱའོ། །ཤིང་གྲོགས་ས་འཕྲད་ནི། ས་བདག་རྒྱལ་པོས་ཕྱི་ལམ་འདེད་པ་དང༌། ལྷ་སྲུང་གི་འཁུ་ལྡོག་རང་ཞིར་སོང་ལྟས། ཕུང་སེལ་གྱི་ངན་སྔགས་ལས་གྲོལ་བའི་དགེ་མཚན་ཁྱད་པར་ཅན་ཡིན། མེ་གྲོགས་ལྕགས་འཕྲད་ནི། གྲི་གཤེད་རང་ཡུལ་བླང་ངོ་དང༌། ནད་པ་འཆི་བདུད་ཀྱི་ཁྲིམས་འོག་ནས་ཐར་བའི་ལྟས། ཕྱུགས་ཀྱི་གོད་ཟག་དང༌། ཡུལ་ཁམས་ཀྱི་བཀྲ་མི་ཤིས་པ་ཐམས་ཅད་རང་ཞིར་ཐལ་བའི་ངོ། ས་གྲོགས་ཆུ་འཕྲད་ནི། མོ་སྲི་ཁ་དམར་རྣམས་རང་ཡུལ་སྙེགས་ལྟས་དང༌། ཁྱིམ་བདག་གི་ནོར་


LT17_Page_499
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་འཕེལ་ཞིང་ལོ་ལེགས་སྐྱ་རྒྱལ་ཆེན་པོའི་ངོ་ཡིན། ལྕགས་གྲོགས་ཤིང་འཕྲད་ནི། གདོན་དང་རྒྱལ་པོས་ཕྱི་ལམ་སྙེགས་ངོ། །ལྷ་རྣམས་དགའ་ཞིང་སྡོང་གྲོགས་ལ་ཡོང་ལྟས། བན་བོན་སྔགས་པའི་བྱད་ཐག་ལ་རྩང་ཟོར་བབས་པའི་ངོ་ཡིན། ཆུ་གྲོགས་མེ་འཕྲད་ལ། བཙན་གདོན་རང་གནས་སུ་ལྡོག་པའི་མཚན་མ། མི་ནོར་བདེ་ཞིང་དཔལ་འབྱོར་རྒྱས་པའི་དུས་ཏེ་གྲོགས་འཕྲད་ཀྱི་ལེའུ་མཚན་ནོ། །དེ་ལྟར་ཕྲད་ཉི་ཤུ་རྩ་ལྔར་ཕྱེ་བ་ལས། བཟང་པོའི་ཕྱོགས་ལ་གྲོགས་འཕྲད་ཀྱི་བཤད་པ་ནི་ཤིན་ཏུ་གསལ་ཞིང༌། མ་འཕྲད་ངན་པ་ཤ་སྟག་ལྟར་བཤད་པ་ཡང་ཕྱི་འཇིགས་ཙམ་ཡིན་གྱི། བརྩི་ཡུལ་དངོས་ལ་ནི་སྐྱོན་མེད་པར་བཤད་དེ་གཞན་གོ་སླའོ། །དོན་གཉིས་པ་མགྲོན་ཕྱྭ་ཟླ་བ་དང་འཐབ་སྟེ་བརྩི་བ་ནི། སྤྱིར་མགྲོན་པོ་ཕར་ཚུར་འོང་གཉིས་ཀྱི་ཕྱི་མ་དུས་ཚོད་ཀྱི་སྒོ་ནས་རྣོ་སྟངས་གཅོད་པའི་ཕྱོགས་ཉིད་ཕྱག་བཞེས་སུ་མཛད་པས། དེ་ནི་འོག་ཏུ་བཤད་པར་བྱ་ཞིང༌། འདིར་སྔ་མ་ཟླ་བའི་སྟངས་གཅོད་དུ་སྦྱར་ཏེ་འཆད་པ་ནི། འདིའི་ཟླ་བ་ཞེས་པ་བརྩི་དུས་ཀྱི་དེའང་ཡིན་མོད། འོན་ཀྱང་གཙོ་བོར་ནི་འགྲོ་དུས་ཀྱི་ཟླ་བ་ཉིད་དབང་བཙན་པས་དེ་ཉིད་དང་བརྩི་བྱའི་སྲོག་སོགས་བཞི་འཐབ་ལ། སྲོག་མའམ་


LT17_Page_500
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་དང་འཕྲད་ན་ཚེ་རིང༌། ལུས་མའམ་གྲོགས་དང་འཕྲད་ན་ནད་མེད། དབང་ཐང་མ་དང་ཕྲད་ན་དོན་འབྲིང༌། གྲོགས་དང་ཕྲད་ན་རབ། རླུང་རྟ་མའམ་གྲོགས་ཕྲད་ལ་དགྲ་མེད། བུ་འཕྲད་བཞི་ལ། ཚེ་ཉམས་དང༌། ན་ཚ་ཕྲན་བུ། ཕྱུགས་གོད་དོན་ཤོར་མེད་པའི་དགྲ་ངོ། །དགྲ་འཕྲད་གོ་ནུས། ནང་འཕྲད་འབྱུང་བ་རྐྱང་དཔྱད་ཐུན་མོང་བ་ནི། འབྱུང་བ་ཤིང་གི་དུས་ཡིན་ན་ཤར་ཕྱོགས་སུ་འགྲོ་བ་དགེ །ཤིང་བན་བུན་ཡོད་སར་མཛའ་བོས་གྲོགས་བྱེད། ནོར་ལྗང་རིགས་སམ་ཤིང་སྤྱད་བཟང་པོ་རྙེད་ངོ་དང༌། ཟས་ཤིང་ཐོག་སོགས་ལ་སྤྱོད་ངོ་ཡོད། ལྷོ་རུ་འགྲོ་ན་སྤྱིར་ཁ་འགྱོད་དང༌། ཁྱད་པར་བྲག་དམར་ས་དམར་ཡོད་པའི་ལོགས་སུ་རྐུན་པོ་འབྱུང༌། ནོར་དམར་མཚན་ཅན་མི་ལག་ཏུ་འགྲོ་ངོ་ཡོད། མཚམས་བཞི་གང་རུང་དུ་འགྲོ་ན་རི་མཐོན་པོའི་རྩེ་མོའམ། ཐང་ཆེན་པོའི་དཀྱིལ་ནས་གྲོགས་རྙེད། ནོར་གསེར་མདོག་ཅན་དང་ཟས་འབོལ་ཞིང་སྣུམ་བག་ཅན་ལ་སྤྱོད་ངོ་ཡིན། ནུབ་ཏུ་འགྲོ་ན། མགྲོན་པོ་སྤྱི་དང་ཁྱད་པར་ཇག་མགྲོན་ལ་ངན། རྫ་བྲག་དཀར་པོའམ་དཀར་ཤལ་ཡོད་པའི་སར་ཆོམ་པོ་རྟ་དཀར་ཅན་ཡོང༌། ནོར་དཀར་མཚན་ཅན་དགྲ་ལག་ཏུ་འཆོར་ཉེན་ཆེ། ཟས་དཀར་གསུམ་དང་


LT17_Page_501
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བའི་རིགས་ལས་ནད་འབྱུང༌། བྱང་དུ་འགྲོ་ན་ཕྱི་འཇིགས་ཡོད་ཀྱང་དོན་ཕམ་མེད། མི་ཕལ་པའམ་བུད་མེད་རིགས་ཀྱིས་གྲོགས་བྱེད། དེས་མཚོན་ཏེ་མེ་སོགས་ལྷག་མ་རྣམས་ཀྱང་རང་ཕྱོགས་དང་མ་གྲོགས་བཟང་བ། བུ་དང་དགྲ་ཕྱོགས་ངན་པར་ཤེས་པར་བྱའོ། ༈ །གསུམ་པ་དགྲ་ཕྱྭའི་སྟངས་ཞག་གིས་བཅད་དེ་བརྩི་བ་ནི། བརྩི་བྱའི་སྲོག་སོགས་བཞི་དང་ཞག་གི་སྲོག་སོགས་བཞི་ནང་ཕན་ཚུན་འཐབ་ལ། སྔར་བཤད་པའི་སྲོག་ལུས་དབང་ཐང་གི་ས་མལ་དང་ལོ་མ་ལ་གྱི་སྟེང་ནས་རྣོ་ཁྱད་འདོན་པ་ནི་སྲོག་དགྲ་དང་ཕྲད་ན་བྱི་འབྲུག་སྤྲེལ་གསུམ་ལོ་པ་ལ་ཉི་མ་ནུབ་ཕྱོགས་ཀྱི་དགྲ་ངོ་དང༌། ལྷོ་ནས་རྐུན་མ་འཇབ་དོགས་ཡོད། སྲོག་ལ་ཆད་འབིག་འགྲོ། ལུས་དགྲ་དང་ཕྲད་ན་བྱ་གླང་སྦྲུལ་གསུམ་གྱི་ལོ་པ་ལ་མཚམས་བཞིའི་ཕྱོགས་ནས་དགྲ་ངོ་དང༌། ཤར་ནས་རྐུན་ངོ་ཡོད། ལུས་ལ་རྨས་འགྲམ་འབྱུང༌། དབང་ཐང་དགྲ་དང་ཕྲད་ན་ཁྱི་རྟ་སྟག་གསུམ་ལོ་པ་ལ་ལྷོ་ནས་དགྲ་དང་བྱང་ནས་རྐུན་ངོ༌། །སྙིང་ནོར་མི་ལག་ཏུ་འགྲོ་དོགས་ཡོད། ཀླུང་རྟ་དགྲ་དང་འཕྲད་ན། ཕག་ལུག་ཡོས་གསུམ་ལོ་པ་ལ་བྱང་ནས་དགྲ་ངོ་དང༌། མཚམས་ནས་རྐུན་ངོ་དང༌། ཁྱད་པར་དུ་རང་མགོ་དགྲ་ཞབས་


LT17_Page_502
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཚུད་ཉེན་ཆེ། དེས་ན་རླུང་རྟ་ནི་ཤིན་ཏུ་གཙོ་ཆེ་བ་ཡིན་ནོ། །སྲོག་སོགས་བཞི་མའམ་གྲོགས་དང་ཕྲད་ན་སྤྱིར་བཏང་བཟང༌། དམིགས་བསལ་མ་ཕྲད་མང་ན་ཕྱི་འཇིགས་དང༌། གྲོགས་ཕྲད་མང་ན་འུར་ངོ་ཡིན་ལ་བུ་འཕྲད་སྙིང་འགྱོད་ཀྱི་ངོ་ཞེས་གྲགས་ཤིང༌། ནང་ཕྲད་ལ། ཤིང་གཉིས་ནི་མཚམས་བཞིའི་ལོ་པ་ཡོད་ན། ཤར་རམ་ནུབ་ནས་དགྲ་དར་མའི་ངོ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་ནས་རྐུན་པོ་འཇབ་པའི་ལྟས་ཡིན། མེད་ན་ནུབ་ནས་དམིགས་བསལ་ཅན་གྱི་དགྲ་ངོ་ཅུང་ཟད་ཡོད། དེ་མིན་གཞན་དུ་དགྲ་མེད་པའི་ངོ༌། དེས་མཚོན་ཏེ། མེ་ནང་ལ་བྱའམ་སྤྲེལ་ལོ་ཡོད་ན་ལྷོའམ་བྱང་ནས་དགྲ་དང༌། ལྷོ་ནུབ་སོགས་ནས་རྐུན་ངོ༌། །མེད་ན་བྱང་ཕྱོགས་ནས་དམིགས་བསལ་བ་དགྲ་ངོ༌། །དེ་མིན་སྐྱོན་མེད། ས་ནང་ལ། བྱི་ཕག་ལོ་པ་ཡོད་ན་མཚམས་བཞི་དང་ཤར་གྱི་ཕྱོགས་ནས་དགྲ་ངོ་དང༌། ནུབ་ནས་རྐུན་ངོ༌། །མེད་ན་ཤར་ནས་དམིགས་བསལ་བའི་དགྲ་ངོ་ཅུང་ཟད་ཙམ་ཡིན་མོད། མཐའ་གཅིག་ཏུ་མ་ངེས། དེ་འདྲ་མེད་ཕན་ཆད་སྐྱོན་མེད། ལྕགས་ནང་ལ། སྟག་ཡོས་ལོ་པ་ཡོད་ན་ནུབ་བམ་ལྷོ་ནས་དགྲ་ངོ་དང༌། བྱང་ནས་རྐུན་ངོ་ཡིན། དེ་དག་མེད་ན་ལྷོ་ནས་དམིགས་བསལ་བའི་དགྲ་ངོ། །ལྷག་མ་གོང་


LT17_Page_503
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། ཆུ་ནང་ལ། རྟ་སྦྲུལ་ལོ་པ་ཡོད་ན་བྱང་དང་མཚམས་ནས་དགྲ་དང༌། ཤར་ནས་རྐུན་ངོ༌། །མེད་ན་མཚམས་ནས་དམིགས་བསལ་ཅན་གྱི་དགྲ་ངོ། །ལྷག་མ་གོང་བཞིན། མདོར་ན་དགྲ་ཕྱྭ་ལ་ལྷག་པར་གལ་ཆེ་བ་ནི་རླུང་རྟ་ཡིན་པས་གཙོ་བོར་དེ་ཉིད་ཀྱིས་སྟངས་གཅོད་བྱའོ། ༈ །བཞི་པ་སྲོག་ཆོས་སྲིད་དོན་སོགས་དུས་ཚོད་ལས་རྣོ་སྟངས་གཅོད་པ་ལ། སྲོག་ཕྱྭ། སྲིད་ཕྱྭ། བུ་ཆུང་གི་མཐུ་ཕྱྭ། དོན་ནམ་བློ་ཕྱྭ། ནད་ཕྱྭ། གདོན་ཕྱྭ། བོར་སྟོར་རྙེད་མིན། མགྲོན་ཕྱྭ། ཆོས་ཕྱྭ་རྣམས་སུ་ཡོད་པའི། དང་པོ་ནི། དུས་ཚོད་ཀྱི་སྲོག་སོགས་བཞི་དང་བརྩི་བྱའི་སྲོག་སོགས་བཞི་པོ་ནང་འཐབ་ལ། ཕྲད་ཀྱི་འབྲས་བཤད་འབའ་ཞིག་གིས་ལེགས་ཉེས་ལུང་སྟོན་པ་ནི། འབྱུང་བ་མ་ཕྲད་གྲོགས་ཕྲད་རབ། བུ་ཕྲད་འབྲིང༌། ནང་ཕྲད་འགྱུར་ལྡོག་ཅན། དགྲ་ཕྲད་ཤིན་ཏུ་ངན་པ་སྟེ་སྤྱི་ཁོག་དེ་ལྟར་དཔྱད་ལ། ཁྱད་པར་དུས་ཚོད་དེ་ཉིད་བརྩི་བྱའི་ལོའི་བདུན་ཟུར་དང་བཞི་གཤེད་ལ་བབ་པའམ་ན་ཤི་དུར་ཀེགས་དང་སྲོག་དགྲ་གཤེད་དུ་སོང་བ་རྣམས་ཤིན་ཏུ་ངན་པས་དེ་དག་ལ་ཞིབ་ཏུ་དཔྱད། འདི་དང་གོང་སྨོས་ཀྱི་གཞི་ཕྱྭ་གཉིས་ཀར་པགས་པ་ལོའི་འབྲས་བཤད་དང༌། རུས་རྩིས་སྤར་ཁའི་རྣམ་བཞག་དང༌། ཤ་རྩིས་སྨེ་བའི་རབ་དབྱེ་སྟེ་འདི་གསུམ་ཤིན་ཏུ་གལ་ཆེ་བར་ཡོད་པས་གཙུག་ལག་པད་ཚལ་ལས་ཤེས་པར་


LT17_Page_504
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེའང་སྐྱེས་དར་སྲོག །རྒན་བྱིས་ལུས། བུད་མེད་དབང་ཐང༌། ཡོན་ཏན་ཅན་ལ་རླུང་རྟ་གལ་ཆེན་བྱ་ཞིང་བརྩི་བ་ནི། སྔར་ནས་ཀྱང་ཤུགས་བསྟན་དུ་གླེང་ཟིན་ཏོ། །གཉིས་པ་ནི། དང་པོར་བརྩི་ཡུལ་ཁྱོ་ཤུགས་གཉིས་ཀའི་སྲོག་སོགས་བཞི་རེ་རེ་ནས་དུས་ཚོད་དང་འཐབ་སྟེ་བརྩིས་ལ། དཔྱད་ལུགས་ལ་སྤྱིར་ཕོ་མོ་གཉིས་ཀ་དང་ཁྱད་པར་ཕོའི་སྲོག་རླུང་གཉིས་དར་ན། སྲིད་དུ་བུ་བཙའ་ངོ། གཙོ་བོར་བརྩི་བྱའི་ལུས་དབང་དར་ཞིང་སྲོག་རླུང་གི་ཁམས་རྣམས་ཞན་ན། སྲིད་དུ་བུ་མོ་འབྱུང་བའི་ལྟས་ཡིན། སྲོག་རྒུད་ན་ལུས་དབང་ཐང་རླུང་རྟ་གསུམ་དར་ཡང་སྲིད་ལ་རྐུན་བུ་མེད་པའི་སྔ་ལྟས་ཙམ་ལས། སྲིད་བུ་འབྱུང་བའི་ལྟས་མ་ཡིན་ལ། བརྩི་བྱའི་སྲོག་དབང་ཀླུང་རྟ་གསུམ་རྒུད་ཅིང་ལུས་འབའ་ཞིག་དར་ན་སྲིད་ཅུང་ཟད་འབྱུང་ལྟས་ཡིན་ཡང་མི་མཐུན་པའི་འགལ་རྐྱེན་མང་བར་ལུང་སྟོན། དབང་ཐང་ཁོ་ན་ཙམ་ཞིག་དར་ཡང་ལྷག་མ་རྣམས་རྒུད་ན་སྲིད་མྱུར་དུ་མི་འབྱུང་ཡང་རིམ་གྲོ་རྒྱ་ཆེར་བྱས་ན་འབྱུང་བའི་ལྟས་ཡིན། དེ་སོགས་གཞན་ཡང་རིག་པའི་རྣམ་འཕྲུལ་གྱིས་དཔག་པར་བྱའོ། །གཞན་དུ་ན་སྲོག་སོགས་ཐམས་ཅད་རྒུད་ན་རབ་ཆད་དང༌། ཐམས་


LT17_Page_505
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དར་ན་སྲིད་ཤིན་ཏུ་རྒྱས་པའི་ངོ་ཡིན་ནོ། །ཡང་ཤིང་སོགས་འབྱུང་བ་དེ་རྣམས་བརྩི་བྱ་དང་གྲོགས་ཕྲད་དུ་གྱུར་ན་སྲིད་ཀྱི་གྲངས་འཛིན་བྱ་བ་ནི། ཤིང་གཅིག་ཆུ་གཉིས། མེ་གསུམ། ས་བཞི། ལྕགས་ལ་ལྔ་སོགས་མ་ངེས་པའི་སྒོ་ནས་ལུང་དུ་སྟོན་མོད་ཀྱི། ཧ་ཅང་ཡང་ངེས་པ་མེད་དོ། །གལ་ཏེ་རྩིས་མཁན་གྱི་འདོད་པས་འབྱུང་བ་རྐྱང་དཔྱད་བྱེད་པར་སྤྲོ་ན་ནི་དེ་ལྟར་བྱ་སྟེ། འབྱུང་བ་ཤིང་དང་མེ་གཉིས་ནི་དུས་ཉེ་བར་བུ་འབྱུང་བའི་ངོ་ཡིན་ཞིང༌། ས་དུས་ཕྱི་དལ་ཆེ་བའི་ལྟས་དང༌། ལྕགས་དུས་སྲིད་དཀོན་པའི་ངོ༌། །ཆུ་དུས་བུ་མོ་བཙའ་བའི་མཚན་མ་རྣམས་སུ་གཟུང་ངོ། །གསུམ་པ་ནི། བརྩི་བྱ་བུ་ཆུང་གི་སྲོག་སོགས་བཞི་དང་དུས་ཚོད་ཀྱི་སྲོག་སོགས་བཞི་འཐབ་ལ། རྩིས་འབྲས་ནི། །སྲོག་མ་དང་ཕྲད་ན་ཚེ་རིང༌། ལུས་མ་དང་ཕྲད་ན་ནད་མེད། དབང་ཐང་མ་དང་ཕྲད་ན་ལོངས་སྤྱོད་འཕེལ། རླུང་རྟ་མ་དང་ཕྲད་ན་གདོན་ལས་གྲོལ་བའི་དགེ་ལྟས་དང༌། དེ་བཞིན་དུ་སྲོག་སོགས་བཞི་བུ་ཕྲད་ལ། གོ་རིམ་ལྟར། སྲོག་ལ་སྲི་རྐུན་འཇུག་ལུས་ལ་ནད་གཟེར་ཕྲན་བུ། དབང་ཐང་ལ་སྡུག་བསྔལ་སྣ་ཚོགས། རླུང་རྟ་ལ་བྱད་གདོན་སྣ་ཚོགས་ཏེ་སྤྱིར་


LT17_Page_506
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་དང༌། དེ་དག་ལས་ཀྱང་ཁྱད་པར་བའི་རྣོ་སྟངས་དབང་ཐང་གིས་གཅོད་རྒྱུ་ཡིན་པས། དེ་བྱེ་བྲག་ཏུ་བཤད་ན། ཤིང་བུ་མེ་ཕྲད། རིམས་ངོ་ཡམས་ངོ་དང་ཆུང་སྲི་ཁ་དམར་གྱིས་འཚེ་བའི་ལྟས། མེ་བུ་ས་ཕྲད། སྤྱིར་མ་ལ་ངན་ཞིང་ཁྱད་པར་དུ་ས་བདག་ཀླུ་གཉན་གྱི་གདོན་ངོ། །ས་བུ་ལྕགས་འཕྲད། གཡང་སར་ལྷུང་བ་དང་བཙན་ཐེལ་གྱི་བྱུར་ངན་ལྡང་བའི་ལྟས། ལྕགས་བུ་ཆུ་འཕྲད། ཤི་འདྲེ་གནོད་ཅིང་གཤིན་པོའི་ཤི་རྒབ་མཆོད་པའི་ངོ། །ཆུ་བུ་ཤིང་ཕྲད། ཕ་མེས་ཀྱི་ཤི་གཤེད་གནོད་དེ་སྲིད་ཕྱྭ་ཤིན་ཏུ་གཟན་པའི་རྟགས་སོ། །འོན་ཀྱང་ཕའི་སྲོག་སོགས་བཞི་དང་དུས་ཚོད་འཐབ་ན་དབང་ཐང་ཡང་གཙོ་ཆེར་བྱེད་མོད་བུ་ཆུང་ཁོ་རང་གི་སྲོག་སོགས་དང་འཐབ་ན་ལུས་ཀྱི་ས་མལ་ཉིད་དབང་བཙན་པར་མཐོང་ངོ༌། །ཡང་སྲོག་སོགས་བཞི་པོ་དགྲ་དང་འཐབ་ན་གོ་རིམ་བཞིན་དུ། ཚེ་ལ་བར་ཆད་དང༌། ལུས་ཀྱི་ན་ཚ། བཀྲེན་ལྟོགས་ཀྱི་དབུལ་ཕོངས། གདོན་བགེགས་ཆེ་བའི་རྟགས་ཡིན། འབྱུང་བ་ནང་ཕྲད་ལ། རིག་པས་དཔག་སྟེ་གདོན་ངོས་འཛིན་དང༌། དེ་དང་བསྟུན་པའི་རིམ་གྲོ་ལུང་དུ་སྟོན་ཞིང༌། ནམ་ཕུགས་སུ་སྐྱོན་མེད་པར་སྟངས་གཅོད་བྱེད་དོ། ༈ །བཞི་པ་ནི། དོན་འདི་ལ་དབང་ཐང་གི་


LT17_Page_507
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་འབའ་ཞིག་གཙོ་ཆེ་བས། བརྩི་བྱ་དང་དུས་ཚོད་ཀྱི་དབང་ཐང་འཐབ་སྟེ་བརྩིས་པས། མ་དང་ཕྲད་ན་ལར་བཟང་ཡང་ཅུང་ཟད་ཕྱི་དལ་ཆེ་བའི་ངོ་ཡིན་ཞིང༌། བུ་དང་ཕྲད་ན་དོན་དང་བྱུར་གཉིས་ཀ་མེད་པའི་ངོ་ཡིན། དགྲ་དང་ཕྲད་ན་བསམ་པའི་དོན་ཚུར་མི་འོང་སྟེང་དུ་མི་འདོད་པའི་སྡུག་བསྔལ་གཉའ་བར་འབབ་པའི་ལྟས་ཡིན། གྲོགས་དང་ཕྲད་ན་ཇི་ལྟར་འདོད་པའི་དངོས་པོ་དེ་ཉིད་མྱུར་དུ་འགྲུབ་པའི་ལུང་སྟོན། ནང་ཕྲད་ལ། ཤིང་མྱུར། ས་དལ། ཆུ་མཆོག་མེ་བཟང་ཡང་འགྱུར་ལྡོག་ཅན། ལྕགས་ཤོལ་སྡོད་དམ་དཀའ་ལས་ཆེན་པོས་འགྲུབ་པའི་ལྟས་ཏེ། འདི་དག་ནི་རགས་པ་ཙམ་མོ། །གཞན་དུ་ན་ཤིང་གྲོགས་ས་དང་འཕྲད་ན་ཤར་ཕྱོགས་ཀྱི་ཕ་ཁུས་དོན་སྒྲུབ། གྲུབ་དོན་འབྲིང༌། མེ་གྲོགས་ལྕགས་དང་ཕྲད་ན་ལྷོ་ནས་ཞང་ཉེའི་རིགས་ཀྱི་གྲོགས་བྱེད། གྲུབ་དོན་མྱུར་ཞིང་བཟང༌། ས་གྲོགས་ཆུ་དང་ཕྲད་ན་ཤག་པོའམ་བནྡྷེའི་རིགས་ཀྱིས་གྲོགས་བྱེད། ཕྱི་དལ་ཆེ། ལྕགས་གྲོགས་ཤིང་དང་ཕྲད་ན་དམེ་ཕོའམ་མགར་བའི་རིགས་ཀྱིས་གྲོགས་བྱེད། གྲུབ་དོན་མི་འབྱུང༌། བྱུར་ངོ་ཡོད། ཆུ་གྲོགས་མེ་དང་འཕྲད་ན་བྱང་གི་མགྲོན་པོ་དང་བུད་མེད་རིགས་ཀྱིས་དོན་སྒྲུབ། ཁ་གྲོགས་ཆེ།


LT17_Page_508
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲོགས་ཆུང༌། དོན་མྱུར། ཁ་འགྱོད་ཕྲན་ཕྲིན་གྱི་ངོ། དེ་སོགས་མང་པོ་ཞིག་རིག་པས་དཔྱད་དེ་རྟོགས་སུ་ཡོད་མོད་ཀྱི་ཀུན་ཀྱང་རྩིས་མཁན་གྱི་བསམ་པ་ཉིད་ལ་ཐུག་པར་སྔར་བརྗོད་ཟིན་ཏོ། ༈ །ལྔ་པ་ནི། ཤིང་གི་དུས་ཚོད་ལ་བབ་ན་ནད་པའི་ལུས་ཀྱི་གཡས་ཕྱོགས། གློ་བ་དང༌། རྩ་རྒྱུས་མི་བདེ་བ་ལས་གྱུར་པ། གཡོ་ཞིང་བསྐྱོད་པ་རླུང་གི་རིགས་ཏེ། རྒྱལ་ནད་དང་གཉན་རིགས་ཀྱི་ནད། བཅོས་སླ་ཞིང་འཚོ་སླ་བའོ། །མེའི་དུས་ཚོད་ལ་བབ་ན། མགོ་བོ་དང་བྱང་ཁོག་སྟོད་ཀྱི་ནད། སྙིང་ནད་དང་ཁྲག་མཁྲིས་ཚད་རིགས། གཉན་དང་བཙན་གྲིབ། དྲག་ཤིང་རྩུབ་པའི་གཟེར་རྒོད་བཅོས་ཐབས་སླ་བའི་ངོ། །སའི་དུས་ཚོད་ལ་བབ་ན། ཤ་ལྤགས་ཆུ་སེར་དང༌། ཡན་ལག་བཞི། མཆིན་སྲོག་ཕོ་མཚེར་སོགས་དོན་སྣོད་ཕལ་མོ་ཆེའི་ནད། ཡང་ན་ཆམ་རིགས་སམ་སྣ་འགགས། རྒྱལ་པོ་དང་ས་བདག་གི་ནད་ངོ། །ལྕི་ཞིང་འཐིབ་པ། བཅོས་ཐབས་དཀའ་བའི་ཁམས་སོ། །ལྕགས་ཀྱི་དུས་ཚོད་ལ་བབ་ན་རྩིབ་མ་གཡོན་ཕྱོགས་སམ། མཆིན་པ་དང་རུས་པའི་ནད། སྲིན་ནམ་སྐྱུག་སྦྱོང་གི་ངོ༌། །བད་ཀན་ལས་གྱུར་པ། གྲི་བཙན་གདུག་པའི་རིགས་ཀྱི་གདོན། ནད་ཡུན་རིང་བའི་ལྟས།


LT17_Page_509
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་དུས་ཚོད་ལ་བབ་ན། བྱིང་ཁོག་སྨད་ཀྱི་ཕྱོགས། མཁལ་མ་དང་ལྒང་བའི་ཁམས་མི་མཉམ་པ་ལས་གྱུར་པའི་ངོ༌། ཁྱད་པར་དུ་ཀླུ་ནད། གྲང་བ་དང༌། དམུ་ཆུ། ཆུ་འགག་རྩ་འགྲམ་ཆུ་སེར་གྱི་ནད་རིགས། མོ་གདོན་དང་དམུ་ཐེལ་གྱི་གྲིབ། བཅོས་ཐབས་སླ་ཞིང་སོས་ལམ་རྙོགས་པའི་ངོ༌། །ནད་སློང་བའི་ཟས་རྐྱེན་ནི། ཤིང་གི་དུས་ཚོད་དུ་བྱུང་ན་ཤིང་ཐོག་དང་ཤིང་མངར་སྔོ་སྡུམ་ནས་སྲན་གྲོ་འབྲས་ཚོད་མའི་རིགས་གང་རུང་ངམ། ཤིང་མཁན་བཟོ་བོའི་རིགས་ལས་བླང་བའི་རྐྱེན་བྱས་ན་དེ་གྲིབ། མེའི་དུས་སུ་བྱུང་ན། ཇ་ཤ་རྔོན་ཟས་སྟོད་ཤ་ཁྱི་སྤྱང་གི་ཐེད་རོ་སོགས་དམར་ངན་གྱི་རིགས་བཟོ་བོའི་ལག་ནས་བྱུང་བ་ཡོད་ན་དེ་གྲིབ། སའི་དུས་སུ་བྱུང་ན། མར་ཐུད་ཁུར་བ་ཁོག་ཤའམ་ལྷུ་ཤ་ཚིལ་བུ་སོགས་སྣུམ་འབོལ་བཅུད་ཆེན་གྱི་རིགས། རྫ་མཁན་ལས་བླང་བའི་གྲིབ་ངོ་ཡིན། ལྕགས་ཀྱི་དུས་སུ་བྱུང་ན། དཀར་གསུམ་རིགས་སམ། བཅའ་བ་དང་སྒོག་པའི་རིགས། དམེ་མགར་ལས་བླང་བའི་ངོ། །ཆུའི་དུས་སུ་བྱུང་ན་བུར་ཀར་དང་ཆང་སོགས་མངར་སྐྱུར་བཏུང་བའི་རིགས་སམ་སྨད་ཤ་ལྟ་བུ་མོ་བཙུན་བུད་མེད་སོགས་ལས་བླང་བའི་ལྟས་ཏེ། འདི་དག་གདོན་ཕྱྭ་དང་


LT17_Page_510
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འབྲེལ་མོད་ཀྱི། སྐབས་འདིར་ནི་ནད་ཕྱྭའི་རྟེན་འབྲེལ་གྱི་ཞར་ལ་འོང་བར་བྱས་སོ། ༈ །དྲུག་པ་ནི། ཤིང་གི་དུས་ཚོད་ལ་བབ་ན། རྒྱལ་གདོན་དང༌། རྫས་ཤིང་གི་ཉེར་སྤྱད་དམ་རས་སོགས་ལྗང་ཀུའི་རིགས། དབྱིབས་ནར་མོ་དང་གྲངས་གཅིག་ཕ་ཚན་དང་ཕུ་ནུའི་ཕྱོགས་ནས་བླང་བའམ། ཡང་ན་དེ་འདྲའི་མི་རིགས་ཞིག་གནོད་ཟེར། མེའི་དུས་ཚོད་ལ་བབས་ན་བཙན་གཤེད་གདོན། རྫས་སུ་ཟངས་ཀྱི་སྤྱད་པ་དང་ཤ་དམར་ལྤགས་དམར་སོགས་དམར་པོའི་རིགས་དབྱིབས་གྲུ་གསུམ་མདོག་དམར་པོ། གྲངས་གསུམ་ཅན་ལྟ་བུ་ཡོད་ན་ཐང༌། བནྡྷེ་ཞང་བློན་རིག་གནས་མཁན་གྱི་མི་རིགས་སམ། དེ་ལས་བླང་བའི་དཀོར་ཆ་གནོད། སའི་དུས་སུ་བབ་ན། རྒྱལ་འགོང་དམ་སྲི་དང་ཁྱད་པར་ས་བདག་གནོད། རྫས་སུ་ལྷ་ཆ་མཆོད་ཆའམ། རས་དར་སོགས་མདོག་སེར་པོ། དབྱིབས་གྲུ་བཞི་གྲངས་བཞི་ཅན། ཕྱུག་པོ་གཙོ་བོའི་རིགས་ལས་རྩིབས་མ་གཡས་ཕྱོགས་ཀྱི་ཤ་ལྟ་བུ་ཞིག་བླང་བའམ། ཡང་ན་དེ་འདྲའི་མི་རིགས་གནོད། ལྕགས་ཀྱི་དུས་སུ་བབས་ན་གྲི་ཤི་གྲི་གཤེད་དང་ཕོ་འདྲེ་གྲི་བོ་གནོད། རྫས་སུ་མཚོན་ལྕགས། རིན་ཆེན་རིགས། དཀར་འོད་ཅན། དབྱིབས་ཟླ་གམ། གྲངས་ལྔ།


LT17_Page_511
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཕོ་སྐྱེས་གཞོན་དར་ལས་རྙེད་པའམ། དེ་འདྲའི་མི་རིགས་གནོད། ཆུའི་དུས་སུ་བབ་ན་མོ་འདྲེའམ་ཆུ་གྲིའི་རིགས་གནོད། རྫས་སུ་ཐབ་ཁ་རེ་ཧྲུལ་ཞོན་པ་མཆིལ་ལྷམ་སོགས་དབྱིབས་ཟླུམ་པོ། མདོག་སྔོ་ནག་གང་རུང༌། གྲངས་གཉིས་ཅན་ཡོད་ན་ཐང༌། སྨན་དར་མའམ་གཞན་ཡང་བུད་མེད་ཀྱི་རིགས་ལས་བླང་བའི་རྫས་སྤྱད་དང་མི་རིགས་དེ་འདྲ་གནོད། གདོན་ནོར་གར་ཡོད་ཀྱི་ཕྱོགས་དང་སྣོད་སྤྱད་ངོས་འཛིན་ནི། ཤིང་ལ་བབ་ན་ཁྱིམ་གྱི་ཤར། སྦྲའམ་ཁང་པའི་གཡས་ཕྱོགས། ལུས་ཀྱི་ལོག་འགྲམ་གཡས། མལ་སའི་གཡས་ངོས་ལྟ་བུར། ཤིང་སྣོད་ཀྱི་རིགས་ཤུབ། སྒམ། པར་བུ་སོགས། ཡང་ན་ཤིང་གི་ཁམས་གང་རིགས་དང་ལྷན་ཅིག་པར་ཡོད་ཟེར། དེ་འདྲ་མེད་ན་རས་དྲིལ་དང་གལ་ལྟ་སྔོན་པོའམ་ལྗང་ཀུའི་ནང་ན་ཡོད་ངོ་ཡིན། མེ་ལ་བབ་ན། ཁྱིམ་གྱི་ལྷོ། སྦྲའམ་ཁང་པའི་ཕུག །ལུས་ཀྱི་མགོ་དང་རྐེ། མལ་སའི་སྔས་ཕྱོགས་དང༌། སྣོད་དུ་ཝ་སྤྱང་གི་པགས་པའི་རྐྱལ་བུའམ་ལྗོན་དམར་དང་ཟངས་ཀྱི་གབ་ཚེ་ཞྭ་གོས་སོགས་དམར་པོའི་རིགས་མེ་ཆ་དང་མེ་མདའི་ཆ་ལག་ལྟ་བུ་མེའི་རྫས་དང༌། ཡང་ན་ཐབ་ཀའི་ཟུར་སོགས་ན་ཡོད། ས་ལ་བབ་ན་སྤྱིར་ཁྱིམ་གྱི་


LT17_Page_512
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཞི་གང་རུང༌། ཁྱད་པར་ལྷོ་ནུབ་ཀྱི་ཕྱོགས། ལུས་ཀྱི་ཡན་ལག་བཞི། སྦྲའམ་ཁང་པའི་ཟུར་མཆོག་མལ་སའི་ཟུར་བཞི་ལྟ་བུ་ཕྱོགས། དངོས་རྫས་གདུ་བུ་དང་ཆུན་འཕྱང་སོགས་རྫས་སྣོད་དམ་ས་རྗེན་ལ་བསྟེན་པ། ལྕགས་ལ་ཁྱིམ་གྱི་ནུབ་ཕྱོགས། སྦྲ་ཁང་དང་ལུས་སམ་མལ་ཆའི་གཡོན། རས་སོགས་དཀར་པོའི་སྣོད་དམ། ཁྲོ་ལྕགས་སོགས་རིན་པོ་ཆེའི་སྣོད་དུ་ཡོད་ན་ཐང༌། ཡང་ན་ལྕགས་ཆ་དང་ལྷན་ཅིག་ཡོད་ཟེར། དངོས་རྫས་འོད་ཅན་དང་ཕྲ་རྒྱན་ཅན་གྱི་རིགས་ཡིན། ཆུ་ལ་བབ་ན། ཁྱིམ་གྱི་བྱང༌། སྦྲའམ་ཁང་པའི་སྒོ་འགྲམ། ལུས་ཀྱི་སྨད་ཆ། མལ་སའི་རྟེན་མ་སོགས་ཕྱོགས་དང༌། སྣོད་དྲིལ་སྔོན་པོའམ་ཆུ་རླུང་མི་ཆགས་པ་སྒྱེ་ཧྲུལ་ལྟ་བུ། ཡང་ན་རྫ་བུམ་སོགས་ཆུ་སྣོད་དུ་ཡོད། ཡང་ན་འབྱུང་བ་ལྔ་གོ་རིམ་བཞིན་དུ། ཤིང་གཉན་བཅད་པ་སོགས་ཤིང་གི་ལས། རི་གཉན་ལ་མེ་བཏང་བ་སོགས་མེའི་ལས། ས་ལྡད་དུར་ལྡད་དང་ས་རྐོ་རྡོ་རློག་སོགས་སའི་ལས་དང་བྱད་ཁ་དང་བྲག་གཉན་གཤིག་པ། ཆུ་མིག་གཉན་པོ་དཀྲུག་པ་སོགས་ཆུའི་ཉེས་པ་ལས་གྱུར་པ་སྟེ། དེ་སོགས་མང་པོ་ཞིག་འབྱུང་བ་དང་སྤར་ཁའི་སྐོར་མགོ་ལས་རྟོགས་པར་བྱ་བ་ནི། རྩིས་གཞུང་བཻཌཱུར་དཀར་


LT17_Page_513
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནས་ཞིབ་ཏུ་ཤེས་པར་བྱ་ལ། ཤིན་ཏུ་རགས་པ་རེ་གཙུག་ལག་པད་ཚལ་དུའང་སྟོན་ནོ། ༈ །བདུན་པ་ནི། སྟོར་བ་ཁྱིམ་དུ་ཡོད་ན་སྒོ་ཕུག་ལོག་ཟུར་ལ་དཔྱད་ལུགས་གདོན་རྫས་ངོས་འཛིན་གྱི་སྐབས་སུ་བཤད་པ་འདི་ཉིད་ལས་ཤེས་ཤིང༌། ཕྱི་རོལ་གྱི་ས་ཕྱོགས་ལ་དཔྱོད་པ་ནི། ཤིང་གི་དུས་ཚོད་ལ་བབ་ན། གཡས་ཕྱོགས་ཀྱི་རིའམ། རིའི་གཡས་ངོས། ཤིང་ཚབ་ཚུབ་ཅི་རིགས་པའི་ནང་ན་ཡོད་དེ་མྱུར་དུ་རྙེད། མེའི་དུས་ཚོད་ལ་བབ་ན། ལྷོ་ཕྱོགས་ཀྱི་རི་མཐོན་པོའི་རྩེའམ། ས་ཤལ་དམར་པོའམ་བྲག་གི་རྒྱུད་དམར་པོ་ཡོད་པའི་ཞོལ་སོགས་ན་ཡོད་དེ་རྙེད་སླ། སའི་དུས་ཚོད་ལ་བབ་ན། ལྷོ་ནུབ་གཙོ་བོར་གྱུར་པའི་མཚམས་བཞི་གང་རུང་ངམ། མ་ཕྱོགས་ཀྱི་རི་རྒྱུད་ན་ཡོད་དེ་དཀའ། ལྕགས་ཀྱི་དུས་ལ་བབ་ན། ཉི་མ་ནུབ་ཕྱོགས་ཀྱི་རིའམ། རིའི་སྲིབ་ངོས། ཡང་ན་རི་བོའི་གཡོན་ལོག་གི་རྫ་རྒྱུད་ན་ཡོད། རྐུན་པོས་ཁྱེར་ཡང་ཐང་སྟེ་རྙེད་ཤིན་ཏུ་དཀའ། ཆུའི་དུས་ཚོད་ལ་བབ་ན། མདུན་རིའི་ཞོལ་སོགས་རིའི་ཆའམ། བྱང་ཕྱོགས་ཀྱི་ཆུ་རྒྱུད་མིག་མཐོང་གང་གི་ས་ན་ཡོད་དེ་མྱུར་དུ་རྙེད། གལ་ཏེ་མ་རྙེད་ན་རྐུན་པོའི་མི་ངོས་འཛིན་བྱ་སྟེ། ཤིང་གི་དུས་ཚོད་ལ་བབ་ན། མི་གྲངས་གཅིག་ཤར་ནས་


LT17_Page_514
[མ་དཔེ་གཟིགས་ན་འདིར་གནོན།]

འོང་ཞིང༌། ལུས་བོང་རིང་བ། བློ་སྣ་མང་པོ་ཅན་གྱིས་ཁྱེར་ཏེ་ཤིང་ནང་དུ་བསྐུང༌། བོང་ཁ་གྲུ་བཞིའི་རྣམ་པ་ཅན་གཟུགས་པོ་ཐུང་ལ་སྙིང་ཁམས་ཆེ་བའི་རིགས་ཀྱིས་མྱུར་བར་བཙལ་ན་རྙེད་ཟེར། མེའི་དུས་ཚོད་ལ་བབ་ན། ལྷོ་ནས་རྐུན་པོ་ཤ་རྩ་དམར་ཞིང་གོས་དམར་ཅན་གསུམ་མམ་གཅིག་སོགས་ཀྱིས་ཁྱེར་ཏེ། ལྷོ་ཕྱོགས་ཀྱི་རྫ་དམར་པོའི་ནང་དུ་སྦས་པའམ། ཡང་ན་བཤས་ཏེ་བཞག་པའི་ངོ། རྩད་གཅོད་མ་འགྱང་ན་རྙེད་ཀྱང་སྲིད། སའི་དུས་ཚོད་ལ་བབ་ན། ལྷོ་ནུབ་སོགས་འཚམས་བཞིའི་རྐུན་མ་མི་གྲངས་བཞི་སོགས་ཀྱིས་ཁྱེར་ཏེ། རི་ཆེན་པོའི་རྒྱུད་ན་སྦས་ཡོད། བཙལ་ཀྱང་རྙེད་དཀའ་བའི་ངོ། །ལྕགས་ཀྱི་དུས་ཚོད་ལ་བབ་ན། རང་གི་དགྲ་ཟླའམ་རིགས་མི་མཐུན་པའི་རྐུན་པོ་ལྔ་སོགས་ཕྱེ་བྲལ་གྱི་རིགས་གྲངས་མ་ངེས་པ་ཤ་མདོག་སྐྱ་ཞིང་གྱོང་བས་ནུབ་ཏུ་ཁྱེར། རྫའམ་བྲག་ནག་པོའི་ཁྲོད་དུ་བསྐུངས་ཏེ་རྙེད་ཤིན་ཏུ་དཀའ། ཆུའི་དུས་ཚོད་ལ་བབ་ན། ཤ་མདོག་སྔོ་ཞིང་རིད་པ་ཁ་ཆུ་སྣ་ཆུ་དང་མིག་རྔུ་མང་བའི་རྐུན་མ་མི་གཉིས་པ་ཞིག་བྱང་ཕྱོགས་ཀྱི་ཆུ་རྒྱུད་ནས་ཁྲིད་དེ་སོང༌། རྙེད་ངོ་ཆེན་པོ་ཡོད། བརྒྱད་པ་ནི། འདྲི་བ་པོ་དང་མགྲོན་པོ་གང་ཡང་རུང་བའི་སྲོག་སོགས་བཞི་དང༌། དུས་ཚོད་ཀྱི་སྲོག་སོགས་བཞི་དང༌། དུས་ཚོད་ཀྱི་སྲོག་


LT17_Page_515
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཞི་ནང་འཐབ། ཁྱད་པར་དུ་མགྲོན་པོ་ཁོ་རང་བརྩི་བྱར་བཞག་པ་འདི་རྣོ་ཚབས་ཆེ། དེ་ལ་སྲོག་མ་འཕྲད་དང་གྲོགས་འཕྲད་མགྲོན་པོ་འཚོ། ལུས་མ་ཕྲད་ལུས་ཟུང་བདེ། དབང་ཐང་མ་འཕྲད། དོན་བཟང་འགྲུབ། རླུང་རྟ་མ་འཕྲད། དགྲའི་ཉེ་ཞོ་མེད། སྤྱིར་མ་ཕྲད་ལ་རང་ས་མ་མནན་ན་ཕྱི་དལ་ཆེ་བའི་ངོ་ཡིན། སྲོག་བུ་ཕྲད་སྡངས་སྐྲག་གི་ངོ་ཡིན། ལུས་མ་འཕྲད། ནད་ངོ་ཆེ། དབང་ཐང་བུ་ཕྲད་གྱོད་གོད་ཀྱི་ངོ་ཆེ། རླུང་རྟ་མ་འཕྲད། རྐུན་ངོ་ཡིན། བུ་ཕྲད་མྱུར་དུ་སླེབ་མིན་མ་ངེས་པ་དང༌། སླེབས་ཀྱང་ཁ་འགྱོད་ཡོད་ངོ་ཡིན། སྲོག་དགྲ་ཕྲད་མགྲོན་པོ་རང་ཡུལ་དུ་ཐོན་དཀའ་བའི་ངོ། །ལུས་དགྲ་འཕྲད། ནད་ངོ་ཤིན་ཏུ་ཆེ། དབང་ཐང་དགྲ་འཕྲད། ནོར་གྱི་སྟོར་བརླག་དང་ཕམ་སྟོང་འབྱུང་བའི་ངོ། རླུང་རྟ་དགྲ་འཕྲད། དགྲ་ཁ་བཙན་ཅན་གྱི་ངོ། །དགྲ་ཕྲད་ཀྱི་སྤྱི་བཤད་ཕལ་ཆེར་བུ་ཕྲད་ཀྱི་ཕྱོགས་དང་འདྲ་བ་ལ། འདིར་ན་ཁ་འགྱོད་ཕྲན་བུ་ཙམ་ཞིག་མིན་གྱི། དེ་ལས་ཆེ་བའི་བྱུར་ངན་འགའ་ཞིག་གི་ལྟས་སོ། །གྲོགས་ཕྲད་རྣམས་མ་འཕྲད་དང་འདྲའོ། །ནང་ཕྲད་ནི་གོང་དུ་སྨོས་པའི་འབྱུང་བ་རྐྱང་དཔྱད་ཀྱི་སྐོར་མགོ་དང་སྦྱར་བས་ཆོག་དེ་རྣམས་ཐག་རིང་གི་མགྲོན་པོ་དོ་གལ་ཆེན་པོའི་དབང་དུ་བྱས་


LT17_Page_516
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་ལ། ཐག་ཉེའི་མགྲོན་ཉི་ཚེ་ཡིན་ན་ནི། དབང་ཐང་ལ་བརྩིས་པས་འགྲུབ་སྟེ་མ་ཕྲད་ཕྱི་དལ། བུ་ཕྲད་ཁ་འགྱོད། དགྲ་ཕྲད་དོན་མེད་སྟོང་པའམ་གཏམ་ངན། གྲོགས་ཕྲད་ཁ་གསལ་དང་དོན་འགྲུབ་པའི་ངོ། །ནང་ཕྲད་ཀྱི་ཤིང་ཆུ་མེ་གསུམ་མྱུར། ས་ལྕགས་དལ་བའམ། ཡང་ན་རང་ས་ནོན་ངོ༌། །འབྱུང་བ་རྐྱང་དཔྱད་དང་ཕྲད་ཀྱིས་འབྲས་རྩིས་གང་ལའང་སྦྱར་དུ་རུང་བ་ནི། ཤིང་གི་དུས་ལ་བབ་ན་མི་ལྗང་རྟ་ལྗང་གི་མགྲོན་པོ་ཡིན་ན་ཐང་སྟེ་ཞག་གཅིག་ཚུན་ལ་སླེབ་པར་འདུག་ཟེར། མེའི་དུས་ལ་བབས་ན། མི་དམར་རྟ་དམར་ཅན་ཡོད་ན་ཐང་སྟེ་ཞག་གསུམ་ནས་སླེབ་ངོ་ཡིན་འོན་ཀྱང་དང་པོ་ཀྲོགས་སེ་ལང༌། བར་དུ་ཙེན་ནེར་བསྡད། ཐ་མ་ཡུལ་གཞན་དུ་སོང་ངམ་མ་སོང་ཆ་མེད་དེ་འཕོ་འགྱུར་ཆེ་ཟེར། སའི་དུས་ཚོད་ལ་བབས་ན། མི་སེར་རྟ་སེར་ཅན་ཡོད་ན་ཐང་སྟེ། དེ་སྔོན་རང་ས་མ་ནོན་ན་ཕྱི་དལ་ཆེ། ཡང་ན་ཞག་བཞི་ནས་སླེབ་ཟེར། ལྕགས་ཀྱི་དུས་ཚོད་ལ་བབས་ན། མགྲོན་པོ་མི་དཀར་རྟ་དཀར་ཅན་ཡོད་ན་ཐང་སྟེ་ཕྱི་དལ་ཤིན་ཏུ་ཆེ། ཡང་ན་ཞག་གྲངས་ལྔའི་འཕྲོར་སླེབ་ཟེར། ཆུའི་དུས་ཚོད་ལ་བབས་ན། མགྲོན་པོ་མི་སྔོན་རྟ་སྔོན་ཅན་ཡོད་ན་ཐང་སྟེ། མགྱོགས་ངོ་ཡོད། ཞག་གཉིས་ནས་སླེབ་བོ། །


LT17_Page_517
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་ཁ་དོག་གི་དབང་དུ་དེ་ལྟར་བཤད་ཀྱང་གཞན་དུ་ན་ནག་པོ་དང་ངང་པ་ལ་སོགས་པ་འོག་རྟའི་པགས་མདོག་ཐ་དད་པ་རྣམས་ཀྱང་ཁ་དོག་གི་སྡེ་ཚན་འདི་དག་གི་ཁོངས་སུ་བསྡུ་ལ། ༈ ཡང་མགྲོན་པོ་མྱུར་དུ་སླེབ་མིན་ལ། ཤིང་གྲོགས་ས་ལྟ་བུ་ཞིག་བྱུང་ན་གྲོགས་ཕྲད་ཁ་གསལ་དང༌། ས་ཕྱི་དལ་ཡིན་པས་གཏམ་གསལ་ཐོས་ཤིང་མགྲོན་པོ་མྱུར་དུ་མི་འོང་བའམ། ལར་དལ་མྱུར་གཉིས་ཀྱི་ནང་ནས་མྱུར་ཚབས་ཆེ་ཡང༌། ད་ལྟ་ད་ལྟར་སླེབ་ཡོང་ཟེར་རྒྱུ་ཙམ་རྔོ་མི་ཐོགས་པ་ཞིག་ཡིན་ནོ། །དེ་སོགས་རིགས་པའི་རྣམ་འཕྲུལ་གྱིས་དཔྱད་ཤེས་པར་བྱའོ། །དགུ་པ་ནི། བརྩི་བྱའི་རླུང་རྟ་དང༌། དུས་ཚོད་ཀྱི་རླུང་རྟ་འཐབ། འབྲས་བཤད་ལ་ཕྲད་དང་རྐྱང་དཔྱད་གཉིས་སུ་ཕྱེ་བའི་དང་པོ་ནི། མ་ཕྲད་དང་གྲོགས་ཕྲད་བཟང༌། བུ་ཕྲད་འབྲིང༌། དགྲ་ཕྲད་ངན། ནང་ཕྲད་རྣམས་ཀྱི་རྣམ་བཞག་རྐྱང་དཔྱད་ལྟར་བྱའོ། །གཉིས་པ་ནི། ཤིང་བབ་སྐྱེས་བུ་དར་མའི་ཆོས་ཕྱྭ་ལ་བཟང་ཞིང༌། དེས་མཚོན་ཏེ་བཙུན་པའི་ཆོས་ཕྱྭར་མེ། འཕན་ཕྱུག་ཅན་ལས། དམེ་ཕོ་སྡིག་ཅན་ལ་ལྕགས། ཇོ་མོ་དང་བུད་མེད་ལ་ཆུ་ཉིད་མཆོག་གོ་གཞན་ཡང་འབྱུང་བའི་ཁ་དོག་མཐུན་སྡེབ་ལ་བརྟེན་ནས་ཚོང་ནོར་ཤེས་པ་དང་མི་ཤེས་པའི་ཤན་འབྱེད་བྱ་


LT17_Page_518
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་མང་པོ་ཞིག་ཡོད་དེ། བྲི་བར་མ་ནུས་སོ། །དེ་ལྟར་རྩིས་འབྲས་གཙོ་བོའི་རིགས་རྣམས་བརྗོད་ཟིན་ནས། ༈ །ད་ནི་རྣོ་སྟངས་གཅོད་པའི་ཐོར་བུའི་རིགས་འགའ་ཞིག་མདོར་བསྡུས་སུ་བཤད་པར་བྱ་སྟེ། གང་གི་ཚེ་རྟེན་འབྲེལ་ཞུ་བ་པོ་དེའི་གཉེན་འདུན་དང་འོག་རྟ་སོགས་གར་ཡོད་ཀྱི་ཕྱོགས་བསྟན་པ་ལ། དུས་ཚོད་ཀྱི་འབྱུང་བ་གར་བབས་དེའི་མ་ཕྱོགས་སམ་བུ་ཕྱོགས་གང་རུང་གཉེན་འདུན་ཐ་མལ་བའི་ས་དང༌། གྲོགས་ཕྱོགས་མཛའ་བོ་སྙིང་དམར་ཅན་གྱི་ས་ཡིན། སྒོ་ཁྱི་རང་ཕྱོགས་དང་འོག་རྟ་གྲོགས་ཕྱོགས། རྟ་དང་ཁྱིའི་ཁ་དོག་དང་ལུས་དབྱིབས་རང་མཐུན། ཁྱིམ་གྱི་སྒོ་རང་ངམ་མ་ཕྱོགས། གདོན་བགེགས་རང་དང་དགྲ་ཕྱོགས། དགྲ་ཕྱོགས་སུ་མི་མཐུན་པའི་དགྲ་ཡོད་པ་སྟེ། དཔེར་བརྗོད་བྱས་ན། འབྱུང་བ་ཤིང་གི་དུས་སུ་རྟེན་འབྲེལ་ཞུ་མི་བྱུང་ན་དེའི་གཉེན་འདུན་བྱང་དང་ལྷོ་ན་ཡོད། ཤིན་ཏུ་སྡུག་པའི་གྲོགས་གཅིག་ལྷོ་ནུབ་གཙོ་བོར་གྱུར་པའི་མཚམས་བཞི་གང་རུང་ཞིག་ན་གནས། སྒོ་ཁྱི་ལུས་རིང་ར་སྔོན་མདོག་ཅན་གཅིག་ཤར་ན་ཡོད། འོག་རྟ་ར་སྔོན་མདོག་ཡོད་ན་ཐང་སྟེ། གྲངས་གཅིག་གམ། བཅུ་གཅིག་དང༌། ཉེར་གཅིག་སོགས་གཅིག་ཅན་གང་རུང་ཞིག་ཡོད། རྟ་འདོགས་ས་ལྷོ་ནུབ་ལྟ་བུའམ་མཚམས་ཀྱི་གྲ་ཞིག་


LT17_Page_519
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱེད། སྒོ་བྱང་ངམ་ཤར་དུ་ལྟ་བ་ཡོད། གནོད་པའི་གདོན། ཤར་ནུབ་གང་རུང་དང༌། ནུབ་ཕྱོགས་ན་དགྲ་ཟླ་སྐྱེས་བུ་དར་མའི་རིགས་ཤིག་ཡོད་ཟེར། དེ་བཞིན་དུ་མེ་ལ་སྒོ་ཁྱི་ལུས་དབྱིབས་མཐོ་ཞིང་མགོ་ཆེ་བ་དམར་པོའི་རིགས་ས་ལ་བབས་ན། སྒོ་ཁྱི་ལུས་བོང་ཐུང་ཞིང་ཤ་འཐུག་པ་རྒྱ་སེར། ལྕགས་ལ་སྒོ་ཁྱི་དཀར་པོའམ་དཀར་མཚན་ཅན་ལུས་བོང་ཆེ་ཞིང་གཏུམ་པ། ཆུ་ལ་སྒོ་ཁྱི་ལུས་བོང་ཆུང་ལ་མདོག་སྔོན་པོ་ཁྱི་མོའི་རིགས། དེ་སོགས་ལྷག་མ་རྣམས་གོ་སླའོ། །གཞན་ཡང་བྱ་ར་དང་ཕྱེད་ཡོལ། ཐིག་སྡོང་སྟེ་དེ་གསུམ་བརྩི་གཞིར་བྱས་ནས་གཅོད་འདྲལ་དང་དར་རྒུད་ཀྱི་རྩིས་འབྲས་བརྟགས་པ་སོགས་ངོ་མཚར་ཅན་གྱི་གཏམ་དང༌། ཁྱད་པར་མན་ངག་གི་རྩིས་འདིའི་རྣམ་བཞག་རྒྱས་པ་རྡེལ་ཞག་བཅུ་གསུམ་པ། འབྲིང་པོ་རྡེལ་ཞག་དྲུག་པ། བསྡུས་པ་རྡེལ་ཞག་བཞི་པ། ཤིན་ཏུ་བསྡུས་པ་རྡེལ་ཞག་གཉིས་པ་སྟེ། དོན་གྱི་རླབས་ཆེ་ཞིང་བློ་གསལ་དགའ་བ་བསྐྱེད་པའི་ཚུལ་མང་པོ་ཞིག་བཤད་པ་ཡོད་མོད་ཀྱི། རེ་ཞིག་དེ་ཙམ་མོ། །དྲིལ་ན་སོར་གསུམ་རྩེ་མོའི་འཕྲུལ་འདེགས་ཏེ། །བཀྲལ་ན་རྟེན་འབྲེལ་སྒོ་བརྒྱའི་དོན་སྟོན་པ། །འབྱུང་རྩིས་གཙུག་ལག་རྒྱ་མཚོའི་མེ་


LT17_Page_520
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་འདི། །བློ་གསལ་བླང་དོར་བལྟ་བའི་མིག་ཀྱང་ཡིན། །དེ་སླད་སྔོན་བྱུང་མཁས་པའི་མན་ངག་འདིར། །དགའ་དང་གུས་པའི་ཉམས་བརྒྱས་འདར་བཞིན་དུ། །ཆུ་སྐྱར་ཆུ་བོ་མཐོང་ལྟར་ཞུགས་ཤིག་དང༌། །ལུང་སྟོན་བདེན་པའི་ཚིག་འབྱུང་བསླུ་བ་མེད། །ཞེས་པའང་རང་ཉིད་གཙུག་ལག་གི་སྒོ་འདིར་བག་ཆགས་འཇོག་པ་དང༌། ཁྱད་པར་ད་ལྟའི་དུས་ན་གཡོན་ཅན་གྱི་ཟོག་པོ་ཕལ་ཆེར་ཞིག་མངོན་མཁྱེན་དུ་སྙད་བཏགས་པའི་སྟོང་ཟོབ་ཁོ་ནས་སྣང་བ་བྲིད་དེ་ལག་རྩིས་འདི་ཙམ་ལའང་དཔེ་མཁྱུད་ཀྱི་ཉེས་པ་མ་བཟད་པར་གསོག་པར་མཐོང་ནས་སྟོང་ཟོབ་ཁོ་ནས་དེ་དག་གི་རྫུན་ཁུང་འདོན་པའི་ཕྱིར་རྡོ་ཤོད་སྲིན་མོའི་རྫོང་གི་སྤྲང་རྒན་གསལ་བྱེད་ཀྱི་ང་རོ་གསུམ་པའི་ཡི་གེ་སྲོག་ཏུ་ཞུགས་ཤིང༌། དེ་འོག་ལྔ་པའི་དང་པོ་དབྱངས་བཅུ་གསུམ་པའི་སྙིང་པོ་ཅན་གྱི་གྲགས་པས་བཅིངས་པའི་བྷུ་སུ་ཀུ་ཞིག་གིས་སྦྱར་བ་དགེ་ཞིང་བཀྲ་ཤིས།། །།

སྨན་བཙུན་མའི་ཤྭ་མོ་དུས་གསུམ་ཀུན་གསལ།

༈ རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བཀའ་སྲུང་སྨན་བཙུན་མའི་ཤྭ་མོ་དུས་གསུམ་ཀུན་གསལ་ཞེས་བྱ་བ། ན་མོ་གུ་རུ་པདྨ་སཾ་བྷ་བེ། །འབུམ་བྲག་དཔའ་བོ་་ཡེ་ཤེས་སྲོག །བདེ་སྟོང་ཐིག་ལེ་གཅིག་ཏུ་ཟླུམ་པའི་དབྱིག །ཀློང་ཆེན་སྒྱུ་མའི་གཟུགས་ཅན་འཇིགས་བྲལ་གླིང༌། །བྱང་ཆུབ་བར་དུ་


LT17_Page_521
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བདག་པོར་བསྙེན། །དེའང་ཇི་སྐད་དུ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས། མ་འོངས་ལྟ་སྒོམ་ཏིང་འཛིན་གྱིཿ དྲོད་ཚད་མེད་པར་འོལ་ཚོད་ཀྱིསཿ མངོན་ཤེས་ཅལ་ཅོལ་སྒྲོགས་པའི་ཚེཿ སྨན་བཙུན་སེམས་ཀྱི་ཆོ་འཕྲུལ་ལྔསཿ ཐེ་ཚོམ་མདུད་པ་རང་སར་གྲོལཿ ཞེས་ཐོས་གྲོལ་རྡོ་རྗེའི་གསུང་གིས་རྗེས་སུ་བསྔགས་པ་ལྟར་སྨན་བཙུན་མཁའ་འགྲོའི་གཙོ་མོ་བཀྲ་ཤིས་ཚེ་རིང་མའི་ཕྲིན་ལས་ཀྱི་གབ་ཡིག་དོན་ཡོད་ཞགས་པའི་ལུགས་ཀྱི་རྣོ་མཐོང་ཟབ་མོ་ལག་ལེན་དུ་བསྟར་བ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གནས་དབེན་ཞིང་ཉམས་དགའ་བར་སྟེགས་བུ་ཁེབས་ལྡན་མཉྫི་དང་བཅས་པ་ལ་སྨན་བཙུན་མའི་བླ་རྡོ་སྲོག་འཁོར་གཞུང་ནས་བཤད་པ་བཞིན་བསྟར་བའི་མདུན་དུ་འབྲུ་དཀར་གྱི་ཚོམ་བུའི་ཁར། དུང་ཤྭ་གཙང་མ་ཚུལ་བཞིན་བཟོས་པའི་ཤྭ་མིག་ཅན་བཤམ། མཐའ་བསྐོར་ཕྱི་ནང་གི་མཆོད་པ་སྤྱི་དང༌། བྱེ་བྲག་གསེར་སྐྱེམས། ཕྱེ་མར། འོ་ཆོལ་སོགས་ཚར་དུ་དངར། གཞན་ཡང་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བྱའོ། །གཉིས་པ་ནི། ཐོག་མར་རིག་འཛིན་ཡབ་ཀ་དང་ཡུམ་ཀ་གང་རུང་ལ་བརྟེན་པའི་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་ཕྲིན་ལས་དཔག་


LT17_Page_522
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡོངས་འདུ་རྒྱས་པར་བཏང་རྗེས། །བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །འོད་ཟེར་དྲྭ་བ་རབ་འཕྲོས་པས། །སྨན་བཙུན་འཁོར་བཅས་ཐུགས་རྒྱུད་བསྐུལ། །འདོད་དོན་མངོན་དུ་སྒྲུབ་པར་གྱུར། །ཞེས་དམིགས་ཏེ་རྩ་བའི་རིག་པ་ལྔ་ཁྲི་ཁ་སྐོང་བཅས་བཟླས་བརྗོད་བྱ། དེ་ནས་ལས་སྦྱོར་གྱི་ཚེ། མདུན་བསྐྱེད་ཐུགས་ཀའི་བཾ་ཡིག་ལས། །འོད་འཕྲོས་སྣང་སྲིད་གསལ་བར་བྱས། །ཚུར་འདུས་བདག་ལ་ཐིམ་པ་ཡིས། །རྣོ་མཐོང་དངོས་གྲུབ་ཐོབ་པར་དམིགས། །ཧྲཱིཾ་བཛྲ་པྲ་མོ་ཧ་ལོ་ཀ་སརྦ་མུ་མུ་ཕྱེ་ཕྱེ༌། སྟོང་ཕྲག་གཅིག་བཟླ། སྟོང་ཚིག་གིས་མཆོད་བསྟོད་བྱ་ཞིང་སྤྲོ་ན་ཚོགས་ཀྱི་འཁོར་ལོས་ཀྱང་མཆོད། ༈ །བརྟགས་པ་བྱ་ཚུལ་དངོས་ནི། གཞུང་ལས། དེ་ནས་མེ་ལོང་གཡའ་བྲལ་སྟེང་ཿ གང་འདོད་དོན་སྨོས་ཤྭ་སྒྲིལ་བསཿ ཞེས་གསུངས་པ་ལྟར། འདོད་དོན་ལ་དམོད་བོར་བཞིན་ཐེ་ཚོམ་མེད་པའི་ཡིད་ཀྱིས་ཤྭ་སྒྲིལ་བས། དང་པོ་ཐིག་ལེ་ཤར་ན། བསྟན་པའི་ཆུས་ཕྱྭར། མི་ཁྱོད་ཀྱི་ཆུས་སྲིད་མ་སྨིན་སྨིན་འདྲའི་ཨ་མྲ། བལྟས་ན་མཛེས། དོན་རྩ་ན་གསོག་པ་ཞིག་སྣང་སྟེ། ཐབས་ལ་མཁས་ན་བཟང་པོར་འོང༌། ཁྱིམ་ཕྱྭར། མི་ནོར་ལ་གང་སྟོང་བག་ཙམ་འོང་སྟེ་སྲིད་པའི་ཉི་ཟླ་འཕོ་འཆུགས་འགྲོ་བ་མི་སྣང༌། སྲོག་ཕྱྭར། གནམ་གྱི་


LT17_Page_523
[མ་དཔེ་གཟིགས་ན་འདིར་གནོན།]

འཇུ་ཐག་ཆད། སའི་རྟོད་ཕུར་ཐོན་ཏེ་ཤིན་ཏུ་ངན། ཆོས་ཕྱྭར། དང་པོ་ཆོས་བྱེད་འདོད་ཀྱི་ངེས་འབྱུང་སྤུ་སུ་དེ་ནམ་ཞིག་རང་མཚང་རྡོལ་བའི་དུས་མཆི། དོན་ཕྱྭར། བང་གང་གི་རྟ་བརྒྱུག་ནས། ཁ་གང་གི་རྒྱལ་ཟ་བ་ལྟ་བུའི་དོན་གཅིག་ཡིན་ན་མཆི་སྟེ། རྔམ་ཆེན་མི་འོང༌། གྲོགས་ཕྱྭར། གྲོགས་ཤ་དུམ་ཙམ་ལ་དགྲ་བྱ་གླག་ཙམ་གཅིག་འོང་བའམ་ཡང་ན་ལག་སྟོང་དུ་འཁོར། མགྲོན་ཕྱར། ཡོང་ཁ་ལ་བཏགས་ནས་མི་ཡོང་ལག་ཏུ་ལེན་པར་འདུག་དགྲ་ཕྱྭར། བདུད་ཀྱི་བླ་ཤིང་ལ་ལྕགས་ནག་གི་སྟ་རེ་ཐེབས་པས་བཟང༌། གཉིས་པ་ཚོམ་བུ་ཤར་ན། བསྟན་པའི་ཆུས་ཕྱྭར། ཆོས་སྲིད་སྨན་གྱི་སྡོང་པོ་གཞི་བསྟན་ཡང་འཁོར་ནང་འཐབ་འོང་བའི་སྲི་ཞིག་འདུག་པས་དེ་འདུལ་བ་ལ་དྲག་པོ་སྔགས་ཀྱི་འཁྲུལ་འཁོར་དགོས་སོ། །ཁྱིམ་ཕྱྭར། གཙོ་བོའི་འདུན་ཁང་མ་མཛེས་པའི་མཁོན་འགའ་ཞིག་ལྡང་བ་མ་གཏོགས་ལར་ཕྱྭ་གཡང་ལོངས་སྤྱོད་ཀྱི་ཆར་པ་འབབ་པས་བཟང༌། སྲོག་ཕྱྭར་ཚེའི་དམུ་ཐག་དཀར་པོ་ལ་འཆི་མེད་ཀྱི་མདུད་པ་དགུ་ཡོད་དེ་ཤིན་ཏུ་མཆོག །ཆོས་ཕྱྭར། ལྷའི་རྔ་སྒྲ་དབྱངས་ཐག་རིང༌། ཆོས་ཀྱི་མར་མེ་འབར་ཡུན་རིང་བས་བཟང༌། དོན་ཕྱྭར། བློ་དོན་ཡོད་ཞགས་པའི་སྐོར་མགོ་འདི་གང་དུ་བབས་


LT17_Page_524
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དངོས་གྲུབ་ཁོ་ན་ཡོང༌། གྲོགས་ཕྱྭར། གྲོགས་འབྲས་དཀར་གྱི་སྙེ་མ་དེ་བྲེར་བླུག་ན་མི་གང༌། ཕུལ་དུ་བླུག་ན་མི་ཤར་འབྲིང་ཙམ། མགྲོན་ཕྱྭར། མགྲོན་པོ་དལ་མྱུར་གཉིས་ཀྱིས་མཚམས་ན་ཡོད་དེ་དུས་རེ་ཞིག་ནས་སླེབ། དགྲ་ཕྱྭར། དགྲའི་མགོ་ལ་དམུ་གབ་ཀྱི་ཞྭ་ནག་གྱོན་པས་ངེས་པར་ཐུབ། གསུམ་པ་ཚངས་པ་ཤར་ན། བསྟན་པའི་ཆུས་ཕྱྭར། བསོད་ནམས་ལས་ཀྱི་ཤེ་མོང་དར་དྲག་ལ་ཡུན་ཐུང་བས་རིམ་གྲོ་ལ་འབུངས། ཁྱིམ་ཕྱྭར། མར་མེ་འདའ་ཁ་ན་གསལ། ལ་འཛད་ཁ་ན་མཐོ་སྟེ་ནམ་ཕུགས་མི་བདེན། སྲོག་ཕྱྭར། ཤིའོ་ཟེར་བའི་སྲོག་ཕམ་མེད་ཀྱང་འཆིའམ་སྙམ་པའི་འཇིགས་ངོ་ཅིག་འདུག་པས་བསྲུང་བཟློག་གི་རི་ཆེན་སྙིལ། ཆོས་ཕྱྭར། སྐ་རགས་ཀྱི་ཚོས་མདོག་ཁོ་ནས་མིང་རབ་བྱུང་དུ་བཏགས་པའི་གཡོན་ཅན་སྒྱུ་མ་མཁན་ཅིག་འོང་མཆི། དོན་ཕྱྭར། ས་གོམ་གསུམ་སྤོས་ན་དོན་གསུམ། མདའ་ཐེང་གསུམ་འཕང་ན་འབེན་གསུམ་ཆོད་དེ་བཟང༌། གྲོགས་ཕྱྭར། གྲོགས་ཀྱི་གཡུ་རི་ཕྱུག་མོ་ནས། དངོས་གྲུབ་རིན་པོ་ཆེའི་གཏེར་ཁ་རྡོལ་བས་ངེས་པར་བརྩོན་འཚལ། མགྲོན་ཕྱྭར། ཆང་སིང༌། གདན་ཐིང་ལ་ལྟོས་དང༌། ཞྭ་ཐོད་ཀྱི་རྩེ་མོ་མཐོང༌། དགྲ་ཕྱྭར། དགྲ་མགོ་


LT17_Page_525
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ལས་སྲ། དགྲ་དཔུང་སྟག་ལས་ངར། མི་ཁྱོད་ཀྱིས་མི་ཚད་ཁྱོད་འདྲ་བརྒྱས་རྒོལ་ཀྱང་ཐུབ་པའི་ས་ན་མི་འདུག་བཞི་པ་སྒྲོམ་བུ་ཤར་ན། བསྟན་པའི་ཆུས་ཕྱྭར། ཆོས་འཁོར་གན་དྷོ་ལའི་དབུ་རྩེར་གྲགས་པ་དཀར་པོའི་དུང་འབུད་ཅིང་བསྟན་པའི་གདུགས་དཀར་བླ་ནས་བླར་མཐོ། ཁྱིམ་ཕྱྭར། ཕྱུགས་ཀྱི་གཡང་ར་མ་ཞིག་རྩེ་འཛིན་གྱི་བ་གམ་མ་རལ་བར་སྐྱིད་ཆི་ལེ་འོང༌། སྲོག་ཕྱྭར། སྟོན་བརྒྱའི་ལྟད་མོ་མ་མཐོང༌། མི་བརྒྱའི་ཚེ་ཚད་མ་རྫོགས་པར་ཁྱོད་མི་འཆི། ཆོས་ཕྱྭར། འཇིག་རྟེན་མཐུན་འཇུག་གི་ཆོས་གཟུགས་ལྟོ་འབོལ་བ་ཞིག་ཡོད། དོན་ཕྱྭར། ལག་སྟོང་ཁར་བཅུག་གལ་སྟོང་ཕྲག་ལ་གཟད་དེ་སྐྱོ་གླུ་རིང་མོ་ཞིག་ལེན་ཞིང་མཆི། གྲོགས་ཕྱྭར། ཕྱུག་དར་མའི་གཞོན་ནུ་གསེར་རྣ་ཅན་དེས། དངུལ་དཀར་གྱི་བུམ་པ་ཞིག་རུམ་ནས་བཏོན་ཏེ་སྟོན་པ་ཙུག་སྦེད་པ་ཙུག་བྱེད་དེ་མི་བརྟན་འགྱུར་ལྡོག་ཆེ་བའི་ངོ། །མགྲོན་ཕྱྭར། ཁྱོད་ཀྱི་མགྲོན་པོ་དེ་བྱིས་པ་ལྟད་མོ་ལ་ཡེངས་པ་ལྟར་ཡོང་སྙམ་ཡིད་ན་མེད་དེ་ཐང༌། དེ་མིན་ན་གཏམ་ངན་ཁུར་པོ་གང་ཁྱེར་ནས་སླེབ་འོང༌། དགྲ་ཕྱྭར། ད་རེས་རྩ་ལྟར་ཞུམ་པའི་དུས་མིན་སྙིང་སྟོབས་མེ་ལྟར་སྦར་བའི་དུས་ཡིན་ཏེ། དགྲ་ལྷའི་


LT17_Page_526
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྨོག་བཙན། ལྔ་པ་རྨིག་པ་ཤར་ན། བསྟན་པའི་ཆུས་ཕྱྭར། མཐོན་པོའི་གནམ་རལ། ཡངས་པའི་ས་གྲུམ། དཔལ་གྱི་ཉི་མ་ཐང་ལ་ལྷུང་བས་ཤིན་ཏུ་ངན། བདུད་བཟློག་དང་བསྲུང་བ་ལ་རེམ། ཁྱིམ་ཕྱྭར། ཕྱུག་པོའི་གཡང་སྒོ་རལ། བཙན་པོའི་རུ་དར་ཆག་འདུག་པས་གསུང་རབ་ཀློག་སྒྲོགས་དང་མཆོད་སྦྱིན་རྒྱ་ཆེར་གྱིས། སྲོག་ཕྱྭར། ཚེ་བདུད་ཀྱི་ཞགས་པས་བཏབ་ཀྱང་བཤའ་གྲིས་མ་ཐེབས་པས་ད་དུང་འཆི་བསླུ་དང་སྲོག་འདོན་སོགས་རིམ་འགྲོ་རྒྱ་ཆེར་བྱས་ན་འཚོ་ཙམ། ཆོས་ཕྱྭར། སྒྲུབ་བརྒྱུད་ཀྱི་བསྟན་པ་ཉི་མ་འདྲ་བ་དེ་མི་ཁྱོད་ཀྱི་ཐོད་ལ་འཆར། དོན་ཕྱྭར། ཐོག་སོ་བརྒྱ་པའི་མཁར་ལས་ལྟར་བརྩོན་འགྲུས་ཀྱི་ཡུན་མ་སོང་བར་ཉིན་ཅིག་ལ་ཧུར་ཐག་བྱས་པས་མི་ཡོང༌། ལར་འགྱང་ས་ཞིག་ནས་འགྲུབ་སྲིད། གྲོགས་ཕྱྭར། ནོར་བདུན་རྒྱུད་འཚེང་ནུས་མེད་དེ། ཟས་ཉིན་གཅིག་འགྲང་བ་ཡོད་ཟེར། མགྲོན་ཕྱྭར། དགའ་ཡ་ལེ། འཛུམ་མུ་ལེ། ཕྱི་ལམ་ཐག་པ་བཞིན་དུ་བསྡོགས་ནས་སྒོ་རྩ་ན་སླེབས་འདུག་དགྲ་ཕྱྭར། དཔའ་བོའི་གོ་རལ། སྔར་མའི་བང་ཟད། སྲིད་པའི་མདའ་མོ་སྐེད་ནས་ཆག་འདུག་པས་དགྲ་བྲུབ་དང་རླུང་རྟ་བསྐྱེད་པ་སོགས་བྱ། འདི་རྣམས་ཕལ་ཆེར་གཞུང་གིས་


LT17_Page_527
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བསྟན་དུ་བྱུང་ཞིང༌། དེ་ལས་གཞན་དུ་ན་ནད་ཕྱྭ་དང་གྲོགས་ཕྱྭ་ཁོག་གཅིག་ནོར་ཕྱྭ་དང་མཚེར་ཕྱྭ་སོགས་ཁྱིམ་ཕྱྭར་ཁོག་གཅིག་ཚོང་ཕྱྭ་དང་རྟ་ཕྱུགས་འཕྲོད་མིན་ལོ་ལེགས་ཉེས་མཛའ་བོ་ཨེ་རྙེད་རྣམས་གྲོགས་ཕྱྭ་དང་ཁོག་གཅིག་བློ་ཕྱྭ་དང་སྟོར་བ་རྙེད་མིན་ཞུ་བ་ཨེ་གནང་སྨན་དཔྱད་འཕྲོད་དམ་སོགས་དོན་ཕྱྭ་དང་ཁོག་གཅིག་པ་ལྟ་བུས་མཚོན་ཏེ་ཤེས་པར་བྱའོ། །གསུམ་པ་ནི། སླར་ཡང་གཏོར་ཕུད་ཁ་གསོ་ཞིང་གཏང་རག་གི་མཆོད་བསྟོད་ཕུལ་ཏེ་ཕྲིན་ལས་བཅོལ། གཏོར་མའི་རས་མ་ཅུང་ཟད་དངོས་གྲུབ་ཏུ་ཤེས་པས་ལོངས་སྤྱོད། ཚོགས་མཆོད་དང་འབྲེལ་བ་ཡིན་ན་མངའ་གསོལ་གཏོར་མ་བསྟབ་པ་སོགས་རྗེས་ཀྱི་ལས་རིམ་ཡོངས་སུ་རྫོགས་པས་མཐའ་རྒྱས་སུ་བྱའོ། །འདི་ཉིད་ཚུལ་བཞིན་བསྒྲུབ་ནས་རྟག་ཏུ་གསོལ་ཀ་ལ་བརྩོན་པ་དང༌། དུང་ཤྭ་མི་ལག་མི་འགྲིམ་པ་སོགས་གཞུང་ནས་གསུངས་པའི་སྤྱི་དང་བྱེ་བྲག་གི་དམ་ཚིག་མ་ཉམས་པར་བསྲུང་ན་བླང་དོར་བསླུ་མེད་དུ་སྟོན་པ་ནི་སངས་རྒྱས་པད་མའི་ལུང་གིས་ཡིད་ཆེས་ཤིང་རིགས་པས་ཀྱང་གྲུབ་པ་ཁོ་ནའོ། །རྟོག་གེ་འཆལ་བའི་ཚིག་གིས་མ་བསླད་ཅིང༌། ། ཞལ་གྱི་དྲོད་རླངས་མ་ཡལ་བ། །ཟབ་དོན་མན་


LT17_Page_528
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཟིལ་པ་འདི་རྙེད་པས། །སླན་ཆད་ཟོག་པོའི་ངག་ལ་དགའ་བ་སྤངས། །དེ་ལྟར་བོད་ཡུལ་གྱི་ལྷན་ཅིག་སྐྱེས་མ་རྡོ་རྗེ་སྨན་བཙུན་མའི་ཤྭ་མོ་འདི་ནི་གཞུང་འདི་ལ་གྲུབ་དབང་བྱང་ཆུབ་རྡོ་རྗེའི་མན་ངག་གི་ཡིག་ཆ་ཡོད་ཀྱང་ཚིག་ཚོགས་མང་ཆེས་པར་མཐོང་ནས་ཡི་གེ་ཉུང་ལ་ངག་དོན་གོ་སླ་བར་ཀུན་མཁྱེན་བླ་མའི་ཆོས་སྲས་ཀྱི་གཟུགས་བརྙན་འཛིན་པ་པདྨ་ཁྱབ་བདག་རྡོ་རྗེས་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

རྟེན་ཅིང་འབྲེལ་བ་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་


LT17_Page_529
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཏི་ཧྱ་ས་མུཏྤ་ད་ཧྲི་ད་ཡ་ཀཱ་རི་ཀཱ། བོད་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡན་ལག་བྱེ་བྲག་བཅུ་གཉིས་གང༌། །ཐུབ་པས་རྟེན་འབྱུང་གསུང་དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་དང༌། །གསུམ་པོ་དག་ཏུ་ཟད་པར་འདུས། །དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །བཅུ་གཉིས་ཆོས་ནི་གསུམ་དུ་འདུས། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་ཅི་ཡང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །བདག་དང་བདག་གི་མེད་པའི་ཆོས། །ཁ་ཐོན་མེ་ལོང་མར་མེ་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང༌། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གིས་ཆད་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་


LT17_Page_530
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་དོན་མ་མཐོང༌། །འདི་ལ་བསལ་བྱ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།

ཡེ་དརྨཱའི་ཟིན་བྲིས་ནྱ་གྲོ་དྷའི་ས་བོན།


LT17_Page_531
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་་ཟིན་བྲིས་ནྱ་གྲོ་དྷའི་ས་བོན། ན་མ་་མུ་ན་ཡེ། སྟོབས་བཅུའི་རྩལ་གྱིས་རྣམ་བསྒྱིངས་ཤིང༌། །འཁོར་གྱི་ནང་ན་བསྙེང་དང་བྲལ། །རྟེན་འབྱུང་སེང་གེའི་སྒྲ་སྒྲོག་པ། །སྐྱེས་བུའི་ཁྱུ་མཆོག་དེ་ལ་འདུད། །རྟེན་འབྲེལ་སྙིང་པོའི་ཚིགས་བཅད་འདི་ནི་འཕགས་པ་རྟ་ཐུལ་གྱིས་ཤཱ་རིའི་བུ་ལ་བཤད་པའི་བྱིན་གྱིས་བརླབས་པའི་བཀར་ཡོངས་སུ་གྲགས། དེ་ཁོ་ནར་ཡང་མ་ངེས་ཏེ། སྟོན་པ་རི་རབ་ཀྱི་རྩེ་མོར་བཞུགས་དུས་མཆོད་རྟེན་བྱེད་པར་འདོད་པའི་ལྷ་མང་པོའི་དོན་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཞུས་ནས་གསུངས་པ་གཟུངས་ཆེན་སྡེ་ལྔའི་ཡ་གྱལ་དུ་བཞུགས་ཤིང༌། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལས་ཀྱང་གསུངས། བྱ་བའི་རྒྱུད་དཔུང་བཟང་དུ་ཡང༌། གཙང་ཞིང་དབེན་པའི་ས་ཡི་ཕྱོགས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །ཅེས་གསུངས་ཤིང༌། དེའི་འགྲེལ་པར་རྟེན་འབྲེལ་སྙིང་པོ་ནི་རྣམ་སྣང་མངོན་བྱང་ལས་གསུངས་པར་བཤད། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས་ཀྱང༌། ལྷ་ཐམས་ཅད་ལ་ཕྱག་རྒྱས་འདེབས་པ་ནི་རྡོ་རྗེ་སེམས་དཔའ་དང༌། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་ཕྱག་རྒྱས་འདེབས་པ་ནི་ཡེ༌། ཞེས་གསུངས་ལ། གྲུབ་ཆེན་ནག་པོ་སྤྱོད་པས། དཔྱིད་ཐིག་ཏུ་ཡང་དྲངས་པ་སོགས་བླ་མེད་ཀྱི་ཆོས་སྐོར་ནས་ཀྱང་མང་དུ་བཤད་དོ། །ཤཱ་རིའི་བུས་ཚིགས་བཅད་འདི་


LT17_Page_532
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཅིག་ཐོས་པ་ཁོ་ནས་དོན་ཁོང་དུ་ཆུད་པ་དང༌། ཚིགས་བཅད་གཅིག་པོ་འདིས་དོན་མང་པོ་ལ་ཞུགས་པ་དང༌། ཤིན་ཏུ་ཕྲ་བའི་དོན་རྙེད་པ་དང༌། འདི་ཐོས་པའི་མོད་ལ་ཟག་པ་མེད་པའི་ཤེས་རབ་སྐྱེས་པ་དང༌། འདི་ཁོ་ན་ལས་བརྩམས་ཏེ་ཡུན་རིང་པོར་དྲིས་ལན་བྱས་ཀྱང་ཟད་མི་ཤེས་པས་ན་གོ་རིམ་བཞིན་དུ། ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ཤེས་རབ་ཡངས་པ་ཞེས་མདོ་སྡེ་ལས་བཤད་པར་རྣམ་བཤད་རིག་པ་ནས་གསུངས། འདི་བོད་སྐད་དུ་བསྒྱུར་བའི་འགྱུར་ལ་མི་འདྲ་བ་བཅུ་སྐོར་ཙམ་འབྱུང་ཡང་བཟང་ཤོས། ཆོས་གང་རྒྱུས་བྱུང་དེ་དག་དང༌། །རྒྱུ་དང་དེ་འགོག་གང་ཡིན་པའང༌། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཞེས་དཔུང་བཟང་གི་འགྲེལ་པ་ན་སྣང་བ་འདུལ་བ་ལུང་གི་ཤཱ་རིའི་བུའི་ཐད་ན། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང༌། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང༌། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་འབྱུང་བ་དང་ཤིན་ཏུ་མཐུན་ནོ། །ཆོས་གང་རྒྱུས་བྱུང༌། ཞེས་ཡར་བཅད། དེ་དག་ཅེས་མར་བཅད་པའི་དབང་དུ་བཏང་ན། ཆོས་གང་རྒྱུས་བྱུང་དེ་དག་གི། །རྒྱུ་དང་ཞེས་པའང་གོ་བདེའོ། །མདོ་འདིའི་དོན་ཇི་བཞིན་ཤེས་པ་ནི་རྟེན་འབྲེལ་མདོ་འགྲེལ་དང༌། ས་ལུ་ལྗང་པ་རྩ་འགྲེལ། དབུ་མ་རིགས་ཚོགས་སོགས་ཞིབ་ཏུ་བལྟ་བ་ལ་རག་


LT17_Page_533
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང༌། འདིར་ཚིག་འབྲུ་གནོན་ཚུལ་རྐྱང་པ་ཙམ་བརྗོད་ན། ཆོས་གང་ཞེས་པ་རྒྱུས་བྱུང༌། འོག་གི་རྒྱུ་དང་ཞེས་པ་གཉིས་ཆར་ལ་སྦྱོར་ཏེ། རྒྱུ་བྱུང་གི་ཆོས་གང་དང༌། རྒྱུར་གྱུར་པའི་ཆོས་གང་ཞེས་པའོ། །རྒྱུས་བྱུང་ཞེས་པ་ནི་སྤྱིར་འདུ་བྱེད་མ་རིག་པའི་རྒྱུས་བྱུང་བ་སོགས་ཡོད་ཀྱང་སྐབས་འདིར་དེ་ལ་མི་བྱའི། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྐྱེ་བ། རྒ་ཤི་སྟེ་སྡུག་བསྔལ་གྱི་ལམ་བདུན། རྒྱུ་དང་ཞེས་པ་མ་རིག་པ་དང་སྲེད་ལེན་གཉིས་ཏེ་ཉོན་མོངས་གསུམ། འདུ་བྱེད་དང་སྲིད་པ་སྟེ་ལས་ཀྱི་ལམ་གཉིས་དང་ལྔའོ། །དེ་རྣམས་ལ་ཆོས་གང་ཞེས་གསུངས་པའི་རྒྱུ་མཚན་ནི། དབུ་མ་རྟེན་འབྲེལ་སྙིང་པོར། འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་གང་ཡང་མེད། །ཅེས་གསུངས་པ་ལྟར་སེམས་ཅན་འཁོར་བར་འཁོར་ཞེས་པ་རྒྱུ་དང་འབྲས་བུའི་ཆོས་འདི་རྣམས་འཁོར་ལོ་བཞིན་དུ་འབྱུང་བ་ལ་བརྟེན་ནས་བཏགས་པར་ཟད་ཀྱི། འཁོར་བ་པོའི་གང་ཟག་གི་བདག་ནི་ཅུང་ཟད་ཀྱང་མེད་དོ་ཞེས་བསྟན་པའི་ཆེད་ཡིན་ནོ། །ཆོས་གང་རྒྱུས་བྱུང་ཞེས་སྦྱར་བས་རྣམ་ཤེས་ལ་སོགས་པའི་ཆོས་འདི་དག་ནི་རང་གི་རྒྱུ་ལས་ཉོན་གྱི་གཞན་དབང་ཁོ་ནས་བྱུང་གི། རང་དབང་གཏན་ནས་མེད་དོ་ཞེས་ཕྲ་བའི་སྡུག་བསྔལ་བསྟན། རྒྱུས་བྱུང་ཚུལ་ནི་སྔ་མ་ལས། ཁ་ཏོན་མེ་ལོང་མར་མེ་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་


LT17_Page_534
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡང༌། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་དཔེ་བརྒྱད་གསུངས་པ་ལྟར་རྒྱུ་མེད་པར་དེ་དག་མི་འབྱུང་ལ། རྒྱུ་ཉིད་དེ་དག་ཏུ་འཕོ་བའང་མ་ཡིན་གྱི། རྒྱུ་ལ་བརྟེན་ནས་འབྱུང་བའི་རྟེན་འབྲེལ་ཙམ་མོ། །རྒྱུ་འབྲས་སུ་འགྱུར་ཚུལ་ནི། མ་རིག་པ་དང་འདུ་བྱེད་གཉིས་འཕེན་བྱེད་ཀྱི་རྒྱུ། སྲེད་ལེན་སྲིད་པ་གསུམ་འགྲུབ་བྱེད་ཀྱི་རྒྱུ། རྣམ་ཤེས་ནས་ཚོར་བའི་བར་འཕང་འབྲས། སྐྱེ་བ་རྒ་ཤི་གཉིས་གྲུབ་པའི་འབྲས་བུ་སྟེ། མ་རིག་པའི་དབང་གིས་ཡང་སྲིད་མངོན་པར་འདུ་བྱེད་པའི་འདུ་བྱེད་ཀྱི་ལས་བསགས་ཏེ། རྣམ་ཤེས་ནས་ཚོར་བའི་བར་ལྔ་འགྲུབ་རུང་དུ་འཕང་བ་སྲེད་ལེན་གྱིས་གསོས་བཏབ་པས་འདུ་བྱེད་ཀྱི་བག་ཆགས་སྲིད་པའི་རྟེན་འབྲེལ་དུ་གོ་འཕོས་ཏེ་སྐྱེ་བ་འགྲུབ་ཅིང༌། དེའི་ཉེས་དམིགས་སུ་རྒ་ཤི་འཁོར་བཅས་འབྱུང་བ་ཡིན་ནོ། །བདག་ཉིད་ཆེན་པོ་ཉེ་རྒྱལ་ལྟ་བུའི་ཚེ་རབས་གཞན་དུ་རྟེན་འབྱུང་སྟོང་པའི་དོན་དུ་འགྲོ་ཚུལ་ལ་བློ་ཤིན་ཏུ་བྱང་བ་རྣམས་ལ་འདི་ལྟར་བརྟེན་ནས་བྱུང་བའི་རྟེན་འབྱུང་གི་ཆོས་བསྟན་པ་ཉིད་མཐའ་བྲལ་དབུ་མའི་དེ་ཁོ་ན་ཉིད་ཀྱི་ཆོས་ཡོངས་རྫོགས་བསྟན་པར་ཡང་འགྱུར་ཏེ། བརྟེན་ནས་སྐྱེས་པ་ཉིད་ཀྱིས་གཏན་མ་སྐྱེས་པ་དང་རང་དབང་བའི་སྐྱེ་བའམ་ངོ་བོ་ཉིད་ཀྱིས་སྐྱེ་བ་གཉིས་ཆར་གྱི་སྒྲོ་འདོགས་གཅོད་ནུས་པའི་ཕྱིར་རོ། །མངོན་རྟོགས་རྒྱན་ལས། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་པའི་ཐད་ཀྱི་བརྒྱད་སྟོང་འགྲེལ་ཆེན་དུ་


LT17_Page_535
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་འདིས་གང་ཟག་གི་བདག་མེད་ཙམ་བསྟན་པར་གསུངས་ཏེ། འདི་སྐོར་ལ་བཤད་རྒྱུ་མང་ངོ༌། །འཕང་འབྲས་འཕེན་བྱེད་ལ་བརྟེན་ནས་འབྱུང་བ་ལ་སོགས་པའི་རྟེན་འབྲེལ་གྱི་ངང་ཚུལ་ཤེས་པ་ན་དེའི་ལོག་ཕྱོགས་བདག་ཏུ་སྒྲོ་འདོགས་པ་དེ་རྨོངས་པ་མ་རིག་པ་དང་འཁོར་བའི་རྩ་བར་ཤེས་ལ། དེ་ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་སུ་མཐོང་ནས་རྟེན་འབྱུང་རྟོགས་པའི་ཤེས་རབ་ཀྱིས་སྤོང་ནུས་སུ་ཡང་མཐོང་བར་འགྱུར་ཏེ། བདེན་བཞིའི་བདེན་པ་དང་པོ་གཉིས་ཀྱི་གོ་རིམ་ཡང་དེ་ལྟར་རོ། །དེ་དག་ནི་ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་ཡིན་ལ། དེ་འགོག་ཅེས་པས་རྣམ་བྱང་ཕྱོགས་བསྟན་ཏེ། དེའང་ཚིག་ཟུར་དང་པོ་དེ་ཞེས་པ་འདི་རྒྱུས་བྱུང་དང༌། རྒྱུ་གཉིས་ཆར་ལ་མི་བྱ་བར། རྒྱུ་ཁོ་ནའི་དོན་ལ་བྱ་དགོས་ཏེ། འདིའི་འགྱུར་ཁ་ཅིག་ཏུ། རྒྱུ་ལ་འགོག་པ། ཞེས་འབྱུང་བ་ལྟར་ཡིན་ཞིང༌། འགོག་ཅེས་པའི་དོན་ནི་འཕགས་པས་མཛད་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྣམ་པར་འགྲེལ་པ་ལས་གསུངས་པ་ལྔར་འགོག་པ་ཉིད་གང་ཡིན་པ་འགོག་བདེན་དང༌། གང་གིས་འགོག་པ་ལམ་བདེན་གཉིས་སུ་བྱ་སྟེ། རྒྱུས་བྱུང་བདུན་པོ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ནི་རྒྱུ་ལྔའི་རྒྱུན་འབྱུང་བ་བཀག་པའི་འགོག་བདེན་ཐོབ་སྟོབས་ཁོ་ནས་ཡིན་ཏེ། འདིས་སྡུག་བསྔལ་ཉེར་ཞིའི་འགོག་བདེན་འཐོབ་ཚུལ་དང༌། འཐོབ་ནུས་གཉིས་ཀ་ཤེས་ནུས། ངེས་འབྱུང་གི་བསམ་པ་ཡོངས་རྫོགས་སྐྱེ་བ་ལ་དེ་ལྟར་ཤེས་པ་ངེས་པར་དགོས་གསུངས། དེ་ལྟ་


LT17_Page_536
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་འགོག་བདེན་ནི་རང་སྡེ་ཁ་ཅིག་རྫས་གྲུབ་དང༌། གཞན་དག་བྲལ་ཆ་ཙམ་ལ་བཞེད་ཀྱང་འཕགས་པ་ཀླུ་སྒྲུབ་ནི། དེ་ཁོ་ན་ཉིད་ཀྱི་ཁྱད་པར་ལམ་དང་རིག་པའི་དགག་བྱ་གཉིས་བཅད་པས་རབ་ཏུ་ཕྱེ་བ་ལ་བཞེད་དེ། རྒྱུས་བྱུང་བདུན་པོ་འགག་པ་རྒྱུ་འགག་པ་ཁོ་ནའི་སྟོབས་ཀྱིས་ཡིན་པར་ཤེས་པ་ན། རྒྱུ་འགོག་བྱེད་ཀྱི་ལམ་དེ་རྒྱུས་བྱུང་འགག་པའི་འགོག་བདེན་འཐོབ་བྱེད་དུ་མཐོང་བར་འགྱུར་ལ། རྒྱུ་ལྔའི་ནང་ནས་ཀྱང་ཉོན་མོངས་པའི་ལམ་ནི་རྩ་བ་གཅིག་བཅད་པས་ལས་དང་ཉོན་མོངས་ཐམས་ཅད་རང་ལོག་ཏུ་འགྲོ་བར་བྱར་ཡོད་ཅིང་ལས་ལ་ཚུལ་དེ་མེད་པ་དང༌། ཉོན་མོངས་པའི་རྩ་བ་ཡང་མ་རིག་པ་གཅིག་པུར་གོང་དུ་བརྗོད་ཟིན་པས་མདོར་ན་མ་རིག་པ་ཟློག་བྱེད་དེ་ཐར་པའི་ལམ་གྱི་དངོས་གཞིར་ངོས་ཟིན་ནོ། །དེའང་མ་རིག་པའི་འཛིན་སྟངས་ཀྱི་བཟློག་ཕྱོགས་སུ་འཇུག་པའི་བདག་མེད་རྣམ་ཅན་གྱི་ལམ་ཁོ་ན་དགོས་ཀྱི་མ་རིག་པ་ཚེར་མ་དབྱུང་བ་བཞིན་བྱར་མེད་ལ། བདག་མེད་གཏན་ལ་འབེབས་ཚུལ་ཡང་རྟེན་འབྱུང་སྟོང་པའི་དོན་དང་སྟོང་པ་རྟེན་འབྱུང་གི་དོན་དུ་འཆར་བའི་ཚིགས་བཅད་ཕྱེད་འདིས་བསྟན་པ་ཉིད་ལས་ལྷག་པ་གཞན་མེད་པས་ལམ་སྒོམ་ཚུལ་ལ་ངེས་པ་རྙེད་དོ། །འདས་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གྱི་དབྱེ་བ་ཐམས་ཅད་ཀྱང་གཙོ་བོར་ཉོན་མོངས་དང་དེ་ལས་ཀྱང་བདག་འཛིན་སྤོང་བ་དང་སྤངས་པའི་ལམ་གྱི་སྟེང་ནས་བཞག་པ་ལས་སྡུག་བསྔལ་སྤོང་བ་དང་སྤངས་པའི་རིམ་པས་བཞག་པ་མེད་དོ། །རྟེན་སྙིང་གཟུངས་ཆོག་ལས། ལས་དང་


LT17_Page_537
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་མེད་ན་འཁོར་བ་ལས་ཀྱང་ལྡོག །ཅེས་པར་ཡང་འདི་དག་དྲན་དགོས། འང་སྒྲས་འཁོར་བའི་འཇུག་རིམ་དུ་མ་ཟད་ལྡོག་ཚུལ་ཡང་བསྟན་ཞེས་པའོ། །རྐང་པ་གཉིས་པོ་འདིའི་དོན་དངོས་སྨྲ་བས་གཞན་དུ་བཤད་ཚུལ་ཡང་ཡོད་མོད་ཀྱི། སློབ་དཔོན་གྱི་རིན་ཆེན་ཕྲེང་བ་ལྟར་བྱེད་དགོས་སོ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། ཞེས་པ་ནི་སྔར་དྲངས་པའི་ལུང་ལས། དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །ཞེས་ཉིད་ཀྱི་སྒྲ་ཡོད་ཅིང༌། ཏོག་གཟུངས་ལས། སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །ཞེས་འབྱུང་བ་ལྟར་བཀའ་སྩལ་ཚུལ་ཁྱད་པར་ཅན་ཞིག་ཡིན་ཏེ། མངོན་འབྱུང་གི་མདོ་ལས། རང་གིས་མངོན་པར་ཤེས་ན་སུ་ལ་བསྟེན། །ཞེས་སློབ་དཔོན་མེད་པར་རང་དབང་དུ་གསུངས་པའོ། །དེ་སྐད་གསུངས་པ་ཞེས་པ་ནི་ལུང་ལས། དེ་སྐད་གསུངས་པའི་ཚུལ་ཅན་ཞེས་པ་ལྟར་ཏེ་འཕགས་པ་རང་སངས་རྒྱས་རྣམས་ཀྱང་སློབ་དཔོན་མེད་པར་རྟེན་འབྱུང་གཟིགས་པ་ཡིན་ཡང་མཛོད་འགྲེལ་ལས་གསུངས་པ་ལྟར་སྐྱེ་དགུ་རྒྱུན་ཕྱོགས་སུ་འཇུག་པ་རྒྱུ་ལས་བཟློག་པར་དཀའ་བའི་ཕྱིར་དང༌། སྙིང་རྗེ་དམན་པའི་ཕྱིར་དང༌། ཤེས་སྒྲིབ་མ་སྤངས་པས་གདུལ་བྱའི་ཁམས་དབང་མོས་པའི་ཁྱད་པར་ཕྲ་མོ་བཞིན་དུ་རྟེན་འབྱུང་གི་ཆོས་སྟོན་པ་ལ་འཇིགས་པ་དང་བཅས་པའི་དབང་གིས་ཉིད་ཀྱིས་བཀའ་སྩལ་ཞེས་མི་བརྗོད་ཅིང༌། དེ་སྐད་


LT17_Page_538
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཚུལ་ཅན་ཞེས་ཀྱང་མི་བརྗོད་དེ། སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་མཚན་དེ་ལས་བཟློག་པས་དེ་སྐད་གསུངས་པ་ཞེས་དང་གསུངས་པའི་ཚུལ་ཅན་ཞེས་བྱའོ། །དེའང་རྟེན་འབྱུང་གི་གཏམ་གསུངས་པའི་ཆེད་དུ་སྔོན་སྨོན་ལམ་བཏབ་ནས་བསྐལ་པ་གྲངས་མེད་གསུམ་དུ་རྟེན་འབྱུང་རྟོགས་པའི་ལམ་སྤྱོད་པ་རྒྱ་ཆེན་པོའི་གྲོགས་དང་བཅས་ཏེ་སྦྱང་བ་མཐར་སོན་ཏེ་འཇིག་རྟེན་དུ་བྱུང་བ་དང༌། ཆོས་བསྟན་པ་ཐམས་ཅད་དེ་ལས་བརྩམས་ཏེ་འཇུག་ཅིང༌། དེ་གསུངས་པ་ལ་སྐྱོ་དུབ་མི་མངའ་བ་དང༌། རྟེན་འབྱུང་གི་ཕྱག་རྒྱས་མ་བཏབ་པ་གང་ཡང་མི་གསུངས་པས་རྟེན་འབྱུང་གསུངས་པའི་ངང་ཚུལ་ཅན་ཞེས་པའི་ཚིག་ནུས་པ་ཅན་སྨོས་ཏེ། ཚུལ་ཅན་ཞེས་པ་དངོས་སུ་ཡོད་མེད་ཇི་ལྟར་ཡང་རྟ་ཐུལ་གྱིས་ཉེ་རྒྱལ་ལ་བཤད་པའི་ཚིགས་བཅད་ཀྱི་རྐང་པ་ཐ་མ་གཅིག་པོ་དེ་ཡིན་པས་དོན་གཅིག་པར་བཤད་དགོས་སོ། །དགེ་སྦྱོང་ནི་ཉོན་མོངས་པའི་དགྲ་ཐུལ་བ་དང༌། ཆེ་ཞེས་པ་ནི་དེ་རྣམས་ཀྱི་མཆོག་སྟེ་བཤད་མ་ཐག་པའི་བདེན་པ་བཞི་བསྟན་པའི་རྟགས་ཀྱིས་ལེགས་པར་སྤངས་པ་དང༌། མི་ལྡོག་པར་སྤངས་པ། མ་ལུས་པར་སྤངས་པའི་བདེ་གཤེགས་འགྲུབ་ཚུལ་རྣམ་འགྲེལ་ལེའུ་གཉིས་པ་ལས། རྒྱ་ཆེར་བཤད་པ་བཞིན་ནོ། །རྟེན་འབྱུང་སྨྲ་བ་ལས་ཕྱི་རོལ་དུ་གྱུར་པ་ལ་དགེ་སྦྱོང་གི་ཚུལ་དང་དགེ་སྦྱོང་ཚུལ་གྱི་འབྲས་བུ་གང་ཡང་མི་སྲིད་པས་བཅོམ་ལྡན་འདས་ཉིད་ཀྱིས། འདི་ཁོ་ན་ལ་བྲམ་ཟེ་ཡོད་ཀྱི། བསྟན་པ་


LT17_Page_539
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནི་དགེ་སྦྱོང་དང་བྲམ་ཟེ་དག་གིས་སྟོང་པ་ཡིན་ནོ། །ཞེས་སེང་གེའི་སྒྲས་གསུངས་སོ། །མདོར་ན་རྟེན་འབྱུང་གསུངས་པ་ཉིད་ཀྱིས་སྟོན་པ་མཚུངས་པ་མེད་པར་བསྟན་པ་སྟེ། དོན་འདི་ལ་དགོངས་ནས་རྩ་བ་ཤེས་རབ་ལས་ཀྱང༌། གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང༌། །ཞེས་པ་ནས། སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ། ཞེས་དང༌། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ཉིད་ཁྱོད་ཀྱིས་སྟོང་པར་བཞེད། །དངོས་པོ་རང་དབང་ཡོད་མིན་ཞེས། །མཉམ་མེད་ཁྱོད་ཀྱི་སེང་གེའི་སྒྲས། །ཞེས་སོགས་ཆེས་མང་དུ་གསུངས་སོ། །ནམ་ཞིག་འཕགས་ལམ་ཐོབ་དུས་སངས་རྒྱས་ལ་ཤེས་ནས་དད་པ་རྙེད་དེ་བདུད་དང་ཕས་ཀྱི་རྒོལ་བས་བཀྲིར་མི་བཏུབ་པའི་དགེ་འདུན་དཀོན་མཆོག་ཅེས་པའི་གྲངས་སུ་འགྲོ་བའང་རྟེན་འབྱུང་གི་དེ་ཉིད་མཐོང་བའི་སྒོ་ནས་སྟོན་པ་ལ་ཡིད་ཆེས་རྙེད་པ་འདིར་ཐུག་པས་ཚེ་རབས་ཀུན་ཏུ་སྟོན་པ་གཞན་ལ་མི་བསྟེན་པའི་དམ་པའི་གྲལ་དུ་སྡོད་པར་འདོད་ན་འདི་ལ་གཅེས་སྤྲས་ཆེན་པོ་བྱ་སྟེ། དོན་ཚུལ་བཞིན་བསམ་ན་ལྟ་ཅི་སྨོས། ཚིག་ཙམ་བཟླས་པ་ལ་ཡང་ཕན་ཡོན་ཚད་མེད་པ་འབྱུང་བའི་ཕྱིར་ཏེ། གཟུངས་ཆོག་ལས། རྟག་ཏུ་བཟླས་བརྗོད་བྱས་གྱུར་ན། །དམ་པའི་ཆོས་ཀྱང་བཟུང་བར་འགྱུར། །ཞེས་དང༌། མདོ་སྡེ་ལས། སངས་རྒྱས་


LT17_Page_540
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་རྙེད་པར་དཀའོ། །ཆོས་ཐོས་པ་རྙེད་པར་དཀའོ། །ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་པས་ཡོངས་སུ་བསྒོས་པའི་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་རྙེད་པར་དཀའོ། །ཞེས་གསུངས་པ་ལྟར་རོ། །བཀའ་འགྱུར་གྱི་གྲར་འདིའི་གཟུངས་ཆོག་ཚིགས་བཅད་མ་ཞིག་བཞུགས་ཤིང༌། རྟེན་སྙིང་གི་ཆོ་ག་ཞིབ་མོ་ཞེས་པ་ཚིགས་ལྷུག་ཏུ་མཛད་པ་ཞིག་བསྟན་འགྱུར་ཁྲོད་དུ་བཞུགས་ཏེ། ཕྱི་མ་འདི་ནེརྦན་རཀྵི་ཏས་རང་གི་བླ་མ་ལས་རྟེན་སྙིང་གི་ལས་ཀྱི་ཆོ་ག་བརྒྱ་ཐོས་པ་ལས་ཕྱིས་སུ་ཕལ་ཆེར་བརྗེད་དེ་ལྷག་མ་རྣམས་ཀྱི་བརྗེད་བྱང་དུ་བཏབ་པ་ཡིན་པར་གཞུང་རང་གི་མཇུག་ཏུ་གསལ་ལ། དེ་གཉིས་ཚིགས་བཅད་ལྷུག་ཙམ་ལས་ཁྱད་པར་མི་སྣང་ཞིང༌། ཚིགས་བཅད་མའི་མཐར་ཡང༌། དགེ་སློང་ནེརྦན་རཀྵི་ཏས། །ཐོ་གར་ཡུལ་ནས་རྙེད་པ་སྟེ། །ཞེས་འབྱུང་བས་གཉིས་ཀ་བསྟན་བཅོས་ཡིན་ནོ། །རྟེན་འབྲེལ་སྙིང་པོའི་སྔགས་ཐེམས་ཞིབ་མོར་བཀོད་པ་ཞེས་བྱ་བ་ཇོ་བོ་རྗེ་དང་ནག་ཚོས་བསྒྱུར་བ་ཞིག་དང༌། རྟེན་སྙིང་གི་སྲུང་བ་རྗེ་བཙུན་བིརྦ་པ་ནས་ས་སྐྱ་པ་ཆེན་པོ་ལ་བརྒྱུད་པའི་གདམས་སྐོར་དང༌། རྟེན་སྙིང་གི་ཟིན་བྲིས་འཇམ་དབྱངས་ས་པཎ་གྱིས་གསུང་སྒྲོས་ལྟར་འཕགས་པ་རིན་པོ་ཆེས་བཀོད་པ་དང༌། ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་རྣམ་བཤད་ཅེས་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ་དང༌། རྟག་པའི་རྡོ་རྗེས་མཛད་པའི་


LT17_Page_541
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་དང༌། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས་མཛད་པའི་རྟེན་སྙིང་གི་རྣམ་བཤད་བདེ་གཤེགས་དགོངས་རྒྱན་ཞེས་བྱ་བ་སོགས་ཡོད་པས་དོན་དུ་གཉེར་བ་རྣམས་ཀྱིས་དེ་དག་ལས་ཀྱང་བཙལ་བར་བྱའོ། །ཞེས་པའང་རྔ་ཆེན་ནག་ཟླའི་དགའ་བ་བཞི་པ་ལའོ།། ༄༅། །རྟེན་སྙིང་གི་གླེང་གཞི་ལས་འཕྲོས་ཏེ་འཕགས་པ་ཤཱ་རིའི་བུའི་ལོ་རྒྱུས་ཆད་དུམ་འགའ་ཞིག་བྲིས་པ། ཤཱ་རིའི་བུས་ཚིགས་བཅད་འདི་ལན་གཅིག་གསན་པ་ཁོ་ནས་བདུད་རྩི་རྟོགས་ཤིང༌། མཽང་གལ་བུས་ལན་གཉིས་གསན་ནས་རྟོགས་གསུངས། ཤཱ་རིའི་བུ་མངལ་ན་གནས་དུས་མ་ཤཱ་རི་ཀས་ས་སྟེང་གི་རྩོད་པ་སྨྲ་བའི་ཁྱུ་མཆོག་བྲམ་ཟེ་སྐར་རྒྱལ་ཚར་བཅད། སྟོན་པས། དེ་བཞིན་གཤེགས་པ་མ་གཏོགས་པ། །འཇིག་རྟེན་ཀུན་གྱི་ཤེས་རབ་ཀྱིས། །ཤཱ་རིའི་བུ་ཡི་ཤེས་རབ་ལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས། བྲམ་ཟེ་ཤིན་ཏུ་མཁས་པ་ཞིག་གིས་སྟོན་པ་ལ་བདག་རབ་ཏུ་བྱུང་ནས་ཆོས་བཀླག་ན་ཤཱ་རིའི་བུའི་བློ་གྲོས་ཙམ་འོང་ངམ་ཞུས་ཚེ་མི་འོང་གསུངས་ནས་རབ་ཏུ་མ་བྱུང༌། དེ་ཕྱིས་སྤོས་འཚོང་གི་བུར་སྐྱེས་པ་འཕགས་པ་ཉེ་སྦས་ཏེ། འདི་ལ་སློབ་མ་ཉིན་གཅིག་ལ་བདེན་མཐོང་འབུམ་ཕྲག་བཅོ་བརྒྱད་བྱུང་བ་དང༌། ཕུག་གྲུ་བཅུ་གཉིས་པ་དགྲ་བཅོམ་པས་བོར་བའི་ཤིང་བུས་གང་བ་སོགས་ཀྱིས་མཚན་མེད་པའི་སངས་རྒྱས་སུ་གྲགས། དྲང་སྲོང་རི་བོས་སྟོན་པ་ལ། ཁྱོད་ཀྱི་སློབ་མ་


LT17_Page_542
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་རྗེས་སུ་ཆོས་ཀྱི་འཁོར་ལོ་སྐོར་ཞིང་ཤེས་རབ་ཀྱི་འོད་བྱེད་པ་སུ་ཡོད་ཞུས་པས། ཉེ་རྒྱལ་ཡོད་ཅེས་སངས་རྒྱས་གཉིས་པར་བསྔགས། དྲང་སྲོང་ལས་རབ་ཏུ་བྱུང་བ་སྟོང་ལས་ལྔ་བརྒྱ་ཀ་པི་ན་ལ་དང༌། ཉིས་བརྒྱ་ལྔ་བཅུ་རེ་མཆོག་ཟུང་གཅིག་ལ་གཏད་ནས་སོ་སོར་བཏུལ་བས་ཟླ་བ་གསུམ་ན་ཀ་པི་ནས་གདམས་ངག་བཏབ་པ་རྣམས་དགྲ་བཅོམ། མཽང་གལ་བུས་བཏབ་པ་རྣམས་ཕྱིར་མི་འོང༌། ཤཱ་རིའི་བུས་བཏབ་པ་རྣམས་རྒྱུན་ཞུགས་ཐོབ་པས། བཅོམ་ལྡན་འདས་ཀྱིས་ལྔ་བརྒྱ་པོ་དབང་རྣོན་དང༌། ལྷག་མ་འབྲིང་དང་རྟུལ་པོ་ཡིན་པས་གལ་ཏེ་ཤཱ་རིའི་བུའི་སློབ་མ་རྣམས་ཀ་པི་ན་དང་མཽང་གལ་བུ་ལ་གཏད་ན་དེའི་ཚེ་གཅིག་གིས་ཀྱང་རྒྱུན་ཞུགས་མི་འཐོབ་གསུངས་ཏེ་གདུལ་བ་ལ་མཁས་པའི་ཁྱད་དེ་འདྲ་ཡོད། མཚོ་མ་དྲོས་པར་ལས་ཀྱི་རྒྱུ་བ་ལུང་སྟོན་པའི་སྐབས་སུ། མཆོག་ཟུང་རྫུ་འཕྲུལ་འགྲན་པས་མཽང་གལ་བུ་ཕམ་པ་ན། སྟོན་པས་ངས་རྫུ་འཕྲུལ་ལ་མང་དུ་གནས་པའི་སྒོ་ནས་མཽང་གལ་བུ་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་བསྟན་གྱི། རྫུ་འཕྲུལ་གྱི་ཡུལ་ཤེས་པའི་སྒོ་ནས་ནི་མ་ཡིན་ཞེས་དང༌། འཕགས་པ་མཽང་གལ་བུ་གང་ལ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ཕལ་ཆེར་གྱི་མིང་ཙམ་ཡང་ཉན་ཐོས་གཞན་གྱིས་མི་ཤེས། གང་ལ་ཤཱ་རིའི་བུ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ཕལ་ཆེར་མཽང་གལ་བུས་མིང་ཙམ་ཡང་མི་ཤེས་སོགས་བཀའ་སྩལ། མཆོག་ཟུང་དམྱལ་བ་མནར་མེད་རྒྱུར་བྱོན་པ་ན་མཽང་གལ་བུས་མནར་མེད་ཀྱི་འགྲོ་བ་ལ་སྙིང་


LT17_Page_543
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བས་ཤིང་རྟའི་འཕང་ལོ་ཙམ་གྱི་ཆར་རྒྱུན་ཕབ་པ་མེ་འོད་ཀྱིས་སྐམ་སྟེ་ས་ལ་འབབས་རྒྱུ་མ་བྱུང༌། ཤཱ་རིའི་བུས་མོས་པ་ལས་བྱུང་བའི་ཏིང་ངེ་འཛིན་གྱིས་མནར་མེད་པའི་འཇིག་རྟེན་བསིལ་བར་མཛད། དེ་ནས་མི་རིང་བར་ཤཱ་རིའི་བུ་དགྲ་བཅོམ་བརྒྱད་ཁྲི་དང་བཅས་པ་གྲོང་ན་ལན་དར་མྱ་ངན་ལས་འདས་ཚེ་འཕགས་པ་ཀུན་དགའ་བོས་སྟོན་པ་ལ་ཤཱ་རིའི་བུ་སྟོན་པ་གཉིས་པ་ལྟ་བུ་མྱ་ངན་ལས་འདས་པས་དེའི་ཤེས་རབ་དང་ཆོས་ཀྱི་ལོངས་སྤྱོད་དྲན་ནས་བདག་གི་ཡིད་མྱ་ངན་གྱིས་འཁྲུགས་ཏེ་ཕྱོགས་བསླད། ཐོས་པའི་ཆོས་རྣམས་ཀྱང་བརྗེད་སོགས་ཞུས་ཚེ། རི་ཉིལ་བ་ན་ཐོག་མར་རྩེ་མོའི་ཆ་འཇིག་པ་དང༌། ཤིང་གི་འབྲས་བུ་སྨིན་པ་ལྷུང་བ་ན་དང་པོར་རྩེ་ན་ཡོད་པ་རྣམས་ལྷུང་བ་ལྟར་ཉན་ཐོས་ཆེན་པོ་རྣམས་ཞི་བར་མནལ་བ་ན་ཐོག་མར་ཉན་ཐོས་ཐམས་ཅད་ཀྱི་ཏོག་འཕགས་པ་ཤཱ་རིའི་བུ་ལྟ་བུ་མྱ་ངན་འདའ་བ་ཡིན་གསུངས། ཤཱ་རིའི་བུའི་སྐུ་གདུང་ཀུན་དགའ་བོའི་ཕྱག་ན་བཞུགས་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞུས་པས་ཁོ་བོ་ཉིད་ཀྱིས་མཆོད་པ་བྱེད་དགོས་གསུང་ནས་མ་བྱིན། དེར་སྟོན་པས་འདི་ཙམ་གྱིས་ཁྱོད་ཤཱ་རིའི་བུ་ལ་དྲིན་གཟོ་མི་ནུས། དེ་ཁྱིམ་བདག་ལ་བྱིན་ཅིག་གསུངས་ནས་གདོད་བྱིན་ཏེ། ཁྱིམ་བདག་གིས་མཆོད་རྟེན་བརྩིགས་ཤིང་མཆོད་པ་རྒྱ་ཆེར་བྱས་སོ།། །།དགེ་ཞིང་བཀྲ་ཤིས།། །།

རྟེན་འབྲེལ་སྙིང་པོའི་གཟུངས་ཆོག


LT17_Page_545
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་་མུ་ན་ཡེ། རྟེན་སྙིང་གི་གཟུངས་ཟློ་བའི་ཆོ་གའི་ངག་འདོན་མདོར་བསྡུས་ནི། གང་དག་གིས་ནི་ཆོས་བསྟན་པའི། །སངས་རྣམས་ལ་ཕྱག་འཚལ་ལོ། །གང་ལ་སངས་རྒྱས་གུས་མཛད་པའི། །དམ་ཆོས་རྣམས་ལ་ཕྱག་འཚལ་ལོ། །གང་ལ་ཕུལ་ན་དོན་ཆེ་བའི། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་བདུད་རྩིའི་རྔ་ཆེན་པོ་བརྡུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་རྟ་ཐུལ་ལ་སོགས་པ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་གསུང་ལས་སྐྱེས་པའི་སྲས་ཉན་ཐོས་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་ཚབ་བྱམས་པ་དང༌། སྤྱན་རས་གཟིགས་དབང་ཕྱུག་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པས་བརྒྱན་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་དང༌། སྲེད་མེད་ཀྱི་བུ་དང༌། དབང་ཕྱུག་ཆེན་པོ་དང༌། ལྷའི་དབང་པོ་བརྒྱ་བྱིན་


LT17_Page_546
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་ལ་སོགས་པ་བདེ་བར་གཤེགས་པའི་བསྟན་པ་ལ་མངོན་པར་དགའ་བའི་ལྷ་རྫུ་འཕྲུལ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་འཕགས་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་བྱང་ཆུབ་སེམས་དཔའི་ཞུ་བ་ལུང་བསྟན་པ་ལྷ་དང་མི་རྣམས་ཀྱིས་མཆོད་རྟེན་གྱི་ཟ་མ་ཏོག་ཏུ་བཀུར་བའི་ཆོས་ཀྱི་རྣམ་གྲངས་འདི་བརྗོད་པར་བགྱི་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་བདག་གིས་གཟུངས་སྔགས་ཀྱི་ཚིག་འདི་འགྲུབ་པར་གྱུར་ཅིག་སྭཱ་ཧཱ། ཨོཾ་ཡེ་་སོགས་གཟུངས་བཟླ། རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་འདི་ནི་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྒོ་སྣ་ཚོགས་ནས་བྱིན་གྱིས་བརླབས་ཤིང་དཔལ་གྱི་མགུལ་ནས། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ་སུས་འདི་མཐོང་བ་དེས། དེ་བཞིན་གཤེགས་པ་མཐོང་ངོ། །ཞེས་བསྔགས་པ་གསུངས་པ་ཡིན་ཏེ་བདུད་རྩིའི་མདོ་སྡེ་དེ་ལྟ་བུ་བརྗོད་པའི་བྱིན་རླབས་ཀྱིས་བདག་ཅག་རྣམས་ཀྱིས་ཚེ་རབས་བརྒྱ་སྟོང་མང་པོ་ནས་བསགས་པའི་ལས་ཀྱི་སྒྲིབ་པ་ཅི་དང་ཅི་མཆིས་པ་ཐམས་ཅད་ཡོངས་


LT17_Page_547
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱང་བ་དང་ཟད་པའི་མཐར་ཐུག་པར་གྱུར་ཅིག་ཕྱི་ཕྱིར་ཚེ་ཡང་རྣམ་པར་འཕེལ་བར་གྱུར་ཅིག་ནད་ཐམས་ཅད་དང༌། རིམས་ཐམས་ཅད་དང༌། གདོན་ཐམས་ཅད་དང༌། གདུག་པའི་རིགས་སྔགས་ཐམས་ཅད་དང༌། ལྟས་ངན་པ་ཐམས་ཅད་དང༌། སྡུག་བསྔལ་ཐམས་ཅད་དང༌། གཞན་ཡང་འཇིགས་པའི་ཕྱོགས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཉེ་བར་ཞི་ཞིང་ཕྱིས་ཀྱང་མི་འབྱུང་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་གསལ་ཞིང་རྣམ་པར་དག་པ་དང༌། འཁོར་དང་ཡོ་བྱད་མཐུན་པ་དང༌། སྙིང་རྗེ་ཆེན་པོ་དང༌། ཤེས་རབ་ཀྱི་རྩལ་ཐོགས་པ་མེད་པ་ལ་སོགས་པ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དཔལ་ཐམས་ཅད་རྟག་ཏུ་ཉེ་བར་གནས་པར་གྱུར་ཅིག་ཐམས་ཅད་མཁྱེན་པའི་ཞལ་གྱི་བདུད་རྩི་འདི་ཉིད་ལ་བརྟེན་ནས་སེམས་ཅན་ཕོངས་ཤིང་སྡུག་བསྔལ་བ་མང་པོ་སྐྱོབ་པའི་སླད་དུ་བདེན་པའི་བྱིན་གྱིས་བརླབས་རྣམ་པ་སྣ་ཚོགས་ཀྱང་བདེ་བླག་ཁོ་ནར་ཡང་དག་པར་འབྱོར་བར་གྱུར་ཅིག །དེ་དག་གི་ཚེ་སྔོན་བཅོམ་ལྡན་འདས་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་ལྷ་རྣམས་ཀྱང་དགོས་པ་


LT17_Page_548
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་སྒྲུབ་པའི་སླད་དུ་བརྩོན་པར་གྱུར་ཅིག་ཅེས་པའང་ཆོས་འདི་ལ་ལྷག་པར་མོས་པའི་སྤྲང་རྒན་བསྟན་པའི་ཉི་མས་སོ། ༈ །བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་རྙེད་སླའི་གཏོར་མ་བསྔོ་བའི་ཆོ་ག་ཇི་ལྟར་བགྱི་བའི་ཚུལ་ལ་གཉིས། རྫས་འདུ་བྱ་བ་དང༌། བསྔོ་ཆོག་དངོས། དང་པོ་ལ། རྫས་བཤམ་པ་དང༌། བྱིན་གྱིས་བརླབས་པ་གཉིས། དང་པོ་སྣོད་གཙང་མར་ཟན་རིལ་མེ་ཏོག་ལ་སོགས་པའི་རྫས་དང་སྦྱར་བ་དང༌། ཆུ་དང༌། དྲི་དང༌། མེ་ཏོག་ཕྲེང་དང༌། མོན་སྲན་ལ་སོགས་པའི་ས་བོན་དང༌། མར་དང་སྦྲང་རྩི་ལ་དུ་སོགས་གདོན་རིགས་སྤྱི་ལ་མཐུན་པར་གསུང་བ་རྣམས་ཇི་ལྟར་རྙེད་པ་བཤམས། གཉིས་པ། ཡེ་༴ དགེ་སྦྱོང་ཆེན་པོའི་བདེན་མཐུ་དང༌། །མདོ་སྡེ་དཀོན་མཆོག་བྱིན་རླབས་ཀྱིས། །གནས་འདིར་མཆོད་སྦྱིན་དོན་སླད་དུ། །བཤམས་པའི་གཏོར་མ་འདི་དག་རྣམས། །ཉེས་སྐྱོན་ཐམས་ཅད་ཡོངས་བྱང་ནས། །མགྲོན་རྣམས་འདོད་པ་ལྟར་འཆར་ཞིང༌། །སྡུག་བསྔལ་མཐའ་དག་སེལ་བྱེད་པའི། །ལོངས་སྤྱོད་ནམ་མཁའ་གང་བར་ཤོག །ལན་གསུམ། གཉིས་པ་ལ། མགྲོན་འགུགས་པ། མཆོད་སྦྱིན་དངོས། བདེན་སྟོབས་ཀྱིས་རང་གཞན་གསོ་བ། རྗེས་ལ་


LT17_Page_549
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྟན་པ་སྟེ་བཞི། དང་པོ་ནི། ཡེ་༴ དགེ་སྦྱོང་ཆེན་པོའི་བདེན་མཐུ་དང༌། །མདོ་སྡེ་དཀོན་མཆོག་བྱིན་རླབས་ཀྱིས། །ས་འོག་རྣམས་དང་ས་སྟེང་དང༌། །དེ་བཞིན་ས་བླའི་འཇིག་རྟེན་དུ། །གཞན་གནོད་བགྱིད་ཅིང་རྒྱུ་བ་ཡི། །ལྷ་དང་ཀླུ་དང་ལྷ་མིན་དང༌། །དྲི་ཟ་གྲུལ་བུམ་གསང་བ་པ། །འདབ་བཟང་མིའམ་ཅི་དང་ནི། །ལྟོ་འཕྱེ་ཆེ་དང་སྨྱོ་བྱེད་དང༌། །མཚུན་དང་ཚངས་པའི་སྲིན་པོ་དང༌། །གྲིབ་གནོན་གནོན་པོའི་གདོན་རྣམས་དང༌། །ཤ་ཟ་ཞེས་བྱའི་གདོན་ལ་སོགས། །དགོས་སུ་བདག་ཅག་ལ་གནོད་པའི། །འབྱུང་པོ་གང་དང་སུ་མཆིས་པ། །ཐམས་ཅད་གཏོར་མ་ལེན་སླད་དུ། །མངོན་པར་དགའ་ནས་འདུ་གྱུར་ཅིག། ལན་གསུམ། གཉིས་པ་ལ། གཏམ་གྱིས་མཚམས་སྦྱར་བ་དང༌། མཆོད་སྦྱིན་དངོས་ལ་འཇུག་པ་གཉིས། དང་པོ་ནི། བདག་གི་བདེ་བ་ལ་ལྟོས་པས། །འབྱུང་པོ་ཐམས་ཅད་སྲོག་ལ་སྡུག །འགྲོ་བ་ཟས་ཀྱིས་གནས་པའི་ཕྱིར། །གདོན་ཡང་དེ་ལ་སེམས་པ་སྟེ། །ཉེ་འཁོན་མེད་པའི་བྱམས་པ་ཡིས། །བདག་འདིར་སྦྱིན་ལ་ཡང་དག་འཇུག །དེ་ཕྱིར་རབ་ཏུ་དགའ་


LT17_Page_550
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི། །སེམས་སུ་གྱིས་ལ་ལེགས་པར་འཁོད། །གཉིས་པ་ལ། ཟང་ཟིང་དང༌། ཆོས་ཀྱི་སྦྱིན་པ་གཉིས་ལས། དང་པོ་ལ་རྣམས་གྲངས་ཉེར་གཉིས་ཀྱི། དང་པོ། འབྱུང་པོ་མང་པོའི་དཀྱིལ་འཁོར་ན། །གང་དག་ལྷ་ལས་གྱུར་པའི་གདོན། །ཆེན་པོའམ་ཆུང་ངུ་སུ་འཁོད་པ། །དེང་འདིར་བདག་གམ་ཡོན་སྦྱོར་གྱི། །རྫས་ལས་དངོས་སུ་བསྟབས་པ་ཡི། །གཏོར་མ་ཁ་དོག་དམ་པ་དང༌། །དྲི་དང་རོ་བདའ་ཕུན་སུམ་ཚོགས། །བཟང་པོའི་བཏུང་བ་རྣམས་སུ་བཅས། །སྦྱངས་ཤིང་བསྒྱུར་ནས་རབ་སྤེལ་ཏེ། །མཆོད་ཀྱིས་ཅི་བདེར་ལོངས་སུ་སྤྱོད། །དགེ་སྦྱོང་ཆེན་པོའི་བདེན་མཐུ་དང༌། །མདོ་སྡེ་དཀོན་མཆོག་བྱིན་རླབས་ཀྱིས། །ལྷ་རྣམས་བགོ་སྐལ་དམན་མཆོག་གི༌།རྣམ་དབྱེ་མེད་པར་ཚིམ་པ་དང༌། །རྟག་ཏུ་སྲོག་ཆགས་ཐམས་ཅད་ལ། །བདེ་བ་འབའ་ཞིག་བྱེད་གྱུར་ཅིག །ཡེ་༴ གཉིས་པ། འབྱུང་པོ་མང་པོའི༴ ཆེན་པོའམ་ཆུང་ངུ༴ དེང་འདིར་བདག་གམ༴ རྫས་ལས་དངོས་སུ༴ གཏོར་མ་ཁ་དོག༴ དྲི་དང་རོ་བདའ༴ བཟང་པོའི་བཏུང་བ༴ སྦྱངས་ཤིང་༴ མཆོད་ཀྱིས་ཅི་བདེར༴ དགེ་སྦྱོང་ཆེན་པོའི༴ མདོ་སྡེ་དཀོན༴ ཀླུ་རྣམས་སྐལ་


LT17_Page_551
[མ་དཔེ་གཟིགས་ན་འདིར་གནོན།]

བ་དམན་མཆོག་གི༌།རྣམ་དབྱེ་མེད་པར༴ རྟག་ཏུ་སྲོག་ཆགས༴ བདེ་བ་འབའ་ཞིག༴ ཡེ་དྷ་རྨཱ༴ གསུམ་པ། འབྱུང་པོ་མང་པོའི༴ གང་དག་ལྷ་མིན་ལས་གྱུར་གདོན། ཆེན་པོའམ་ཆུང་༴ དེང་འདིར་བདག་གམ༴ རྫས་ལས་དངོས༴ གཏོར་མ་ཁ་དོག༴ དྲི་དང་རོ་བདའ༴ བཟང་པོའི་བཏུང་༴ སྦྱངས་ཤིང་༴ མཆོད་ཀྱིས་ཅི༴ དགེ་སྦྱོང་ཆེན༴ མདོ་སྡེ་དཀོན༴ ལྷ་མིན་བགོ་སྐལ་དམན་མཆོག་གི༌།རྣམ་དབྱེ་མེད་པར༴ རྟག་ཏུ་སྲོག་ཆགས༴ བདེ་བ་འབའ༴ ཡེ་༴ བཞི་པར། འབྱུང་པོ་མང་པོའི༴ གང་དག་རླུང་ལྷ་ལས་གྱུར་གདོན། །ཆེན་པོའམ་ཆུང་༴ དེང་འདིར༴ རྫས་ལས་དངོས༴ གཏོར་མ་ཁ༴ དྲི་དང་རོ་བདའ༴ བཟང་པོའི་བཏུང་༴ སྦྱངས་ཤིང་༴ མཆོད་ཀྱིས་ཅི་བདེར༴ དགེ་སྦྱོང་༴ མདོ་སྡེ༴ རླུང་ལྷའི་སྐལ༴ རྣམ་དབྱེ་མེད༴ རྟག་ཏུ་སྲོག༴ བདེ་བ་འབའ་ཞིག༴ ཡེ་༴ ལྔ་པར། འབྱུང་པོ༴ གང་དག་མཁའ་ལྡིང་ལས་གྱུར་གདོན། །ཆེན་པོའམ༴ དེང་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴


LT17_Page_552
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོང་༴ མདོ་སྡེ༴ མཁའ་ལྡིང་དཀལ་བ༴ རྣམ་དབྱེ༴ རྟག་ཏུ༴ བདེ་བ་འབའ༴ ཡེ་༴ དྲུག་པར། འབྱུང་པོ༴ གང་དག་དྲི་ཟ་ལས༴ ཆེན་པོའམ༴ དེར་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ མདོ་སྡེ༴ དྲི་ཟའི་སྐལ་བ༴ རྣམ་དབྱེ༴ རྟག་ཏུ༴ བདེ་བ༴ ཡེ་༴ བདུན་པར། འབྱུང་པོ་མང་པོའི་དཀྱིལ་འཁོར་ན། །གང་དག་མི་ཅི་ལས་གྱུར་གདོན། །ཆེན་པོའམ་ཆུང་ངུ་༴ དེང་འདིར་བདག་གམ༴ རྫས་ལས་དངོས་སུ༴ གཏོར་མ་ཁ་དོག༴ དྲི་དང་རོ་བདའ༴ བཟང་པོའི་བཏུང་བ༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ མི་ཅིའི་སྐལ་བ་དམན་མཆོག་གི༌།རྣམ་དབྱེ་མེད་པར༴ རྟག་ཏུ་སྲོག་ཆགས༴ བདེ་བ་འབའ་ཞིག༴ ཡེ་༴ བརྒྱད་པར། འབྱུང་པོ་མང་པོའི༴ གང་དག་ལྟོ་འཕྱེ་ཆེན་པོའི་གདོན། །ཆེན་པོའམ་ཆུང་༴ དེར་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ ལྟོ་འཕྱེའི་སྐལ་བ༴ རྣམ་དབྱེ༴


LT17_Page_553
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ༴ བདེ་བ༴ ཡེ་༴ དགུ་པར། འབྱུང་པོ༴ གང་དག་གནོད་སྦྱིན་ལས་གྱུར་གདོན། །ཆེན་པོ༴ དེང་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ གནོད་སྦྱིན་སྐལ་བ་དམན་མཆོག་གི༌།རྣམ་དབྱེ་མེད༴ རྟག་ཏུ༴ བདེ་བ་འབའ༴ ཡེ་༴ བཅུ་པར། འབྱུང་པོ༴ གང་དག་སྲིན་པོ་ལས་གྱུར་གདོན། །ཆེན་པོའམ༴ དེང་འདིར༴ རྫས་ལས༴ གཏོར་མ་ཁ་དོག༴ དྲི་དང་རོ་བདའ༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ སྲིན་པོའི༴ རྣམ་དབྱེ༴ རྟག་ཏུ་སྲོག༴ བདེ་བ་འབའ་ཞིག༴ ཡེ་༴ བཅུ་གཅིག་པ། འབྱུང་པོ༴ གང་དག་ཡི་དྭགས་ལས་གྱུར་གདོན། །ཆེན་པོའམ༴ དེང་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་རོ་བདའ༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ ཡི་དྭགས་སྐལ་བ༴ རྣམ་དབྱེ༴ རྟག་ཏུ༴ བདེ་བ༴ ཡེ་༴ བཅུ་གཉིས་པར། འབྱུང་པོ༴ གང་དག་ཤ་ཟ་ལས་


LT17_Page_554
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་གདོན། །ཆེན་པོའམ༴ དེང་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་རོ་བདའ༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ ཤ་ཟའི་སྐལ་པ་དམན་མཆོག་གི༌།རྣམ་དབྱེ༴ རྟག་ཏུ༴ བདེ་བ༴ ཡེ་༴ བཅུ་གསུམ་པར། འབྱུང་པོ༴ གང་དག་འབྱུང་པོ་ལས་གྱུར་གདོན། ཆེན་པོའམ༴ དེང་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ འབྱུང་པོའི་སྐལ་བ་དམན་མཆོག་གི༌།རྣམ་དབྱེ༴ རྟག་ཏུ༴ བདེ་བ༴ ཡེ་༴ བཅུ་བཞི་པར། འབྱུང་པོ་མང་༴ གང་དག་གྲུལ་བུམ་ལས་གྱུར་གདོན། ཆེན་པོའམ༴ དེང་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་རོ་བདའ༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ གྲུལ་བུམ་སྐལ་བ་དམན་མཆོག་གི༌།རྣམ་དབྱེ༴ རྟག་ཏུ༴ བདེ་བ༴ ཡེ་༴ བཅོ་ལྔ་པར། འབྱུང་པོ་མང་༴ གང་དག་སྲུལ་པོ་ལས་གྱུར་གདོན། ཆེན་པོའམ༴ དེང་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་༴ བཟང་


LT17_Page_555
[མ་དཔེ་གཟིགས་ན་འདིར་གནོན།]

པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ སྲུལ་པོའི་སྐལ་བ་དམན་མཆོག་གི༌།རྣམ་དབྱེ༴ རྟག་ཏུ༴ བདེ་བ༴ ཡེ་༴ བཅུ་དྲུག་པར། འབྱུང་པོ་མང་༴ གང་དག་ལུས་སྲུལ་ལས་གྱུར་གདོན། །ཆེན་པོའམ༴ དེང་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ༴ ལུས་སྲུལ་སྐལ་བ་དམན་མཆོག་གི༌།རྣམ་དབྱེ༴ རྟག་ཏུ༴ བདེ་བ༴ ཡེ་༴ བཅུ་བདུན་པར། འབྱུང་པོ་མང་༴ གང་དག་སྐེམ་བྱེད་ལས་གྱུར་གདོན། །ཆེན་པོའམ༴ དེང་འདིར༴ རྫས་ལས༴ གཏོར་མ༴ དྲི་དང་༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་༴ མདོ་སྡེ་དཀོན་མཆོག༴ སྐེམ་བྱེད་སྐལ་བ་དམན་མཆོག་གི༌།རྣམ་དབྱེ་མེད་པར༴ རྟག་ཏུ་སྲོག་ཆགས༴ བདེ་བ་འབའ་ཞིག༴ ཡེ་༴ བཅོ་བརྒྱད་པར། འབྱུང་པོ་མང་པོའི༴ གང་དག་སྨྱོ་བྱེད་ལས་གྱུར་གདོན། །ཆེན་པོའམ་ཆུང་༴ དེང་འདིར་བདག་གམ༴ རྫས་ལས་དངོས་སུ༴ གཏོར་མ་ཁ་དོག་དམ་པ༴ དྲི་དང་རོ་འདའ༴


LT17_Page_556
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས༴ དགེ་སྦྱོང་ཆེན་པོའི༴ མདོ་སྡེ་དཀོན་མཆོག༴ སྨྱོ་བྱེད་སྐལ་པ་དམན་མཆོག་གི༌།རྣམ་དབྱེ་མེད་པར༴ རྟག་ཏུ་སྲོག་ཆགས༴ བདེ་བ་འབའ་ཞིག༴ ཡེ་༴ བཅུ་དགུ་པར། འབྱུང་པོ་མང་པོའི༴ གང་དག་གྲིབ་གནོན་ལས་གྱུར་གདོན། །ཆེན་པོའམ་ཆུང་༴ དེང་འདིར་བདག་གམ༴ རྫས་ལས་དངོས་སུ༴ གཏོར་མ་ཁ་དོག༴ དྲི་དང་རོ་བདའ༴ བཟང་པོའི༴ སྦྱངས་ཤིང་༴ མཆོད་ཀྱིས་ཅི་བདེར༴ དགེ་སྦྱོང་ཆེན་པོའི༴ མདོ་སྡེ་དཀོན་མཆོག༴ གྲིབ་གནོན་སྐལ་བ་དམན་མཆོག་གི༌།རྣམ་དབྱེ་མེད་པར༴ རྟག་ཏུ་སྲོག་ཆགས༴ བདེ་བ་འབའ་ཞིག༴ ཡེ་༴ ཉི་ཤུ་པར། འབྱུང་པོ་མང་པོའི༴ གང་དག་བརྗེད་བྱེད་ལས་གྱུར་གདོན། །ཆེན་པོའམ་ཆུང་ངུ་༴ དེང་འདིར་བདག་གམ༴ རྫས་ལས་དངོས་སུ༴ གཏོར་མ་ཁ་དོག༴ དྲི་དང་རོ་བདའ༴ བཟང་པོའི་བཏུང་བ༴ སྦྱངས་ཤིང་བསྒྱུར་ནས༴ མཆོད་ཀྱིས་ཅི་བདེར༴ དགེ་སྦྱོང་ཆེན་པོའི༴ མདོ་སྡེ་དཀོན་མཆོག༴ བརྗེད་བྱེད་སྐལ་བ་དམན་མཆོག་གི། རྣམ་དབྱེ་མེད་


LT17_Page_557
[མ་དཔེ་གཟིགས་ན་འདིར་གནོན།]

པར༴ རྟག་ཏུ་སྲོག་ཆགས༴ བདེ་བ་འབའ་ཞིག༴ ཡེ་༴ ཉེར་གཅིག་པར། འབྱུང་པོ་མང་པོའི་དཀྱིལ་འཁོར་ན། །གང་དག་གནོན་པོ་ལས་གྱུར་གདོན། ཆེན་པོའམ་ཆུང་ངུ་སུ་འཁོད་པ། །དེང་འདིར་བདག་གམ་ཡོན་སྦྱོར་གྱི། །རྫས་ལས་དངོས་སུ་བསྟབས་པ་ཡི། གཏོར་མ་ཁ་དོག་དམ་པ་དང༌། །དྲི་དང་རོ་བདའ་ཕུན་སུམ་ཚོགས། །བཟང་པོའི་བཏུང་བ་རྣམས་སུ་བཅས། །སྦྱངས་ཤིང་བསྒྱུར་ནས་རབ་སྤེལ་ཏེ། །མཆོད་ཀྱིས་ཅི་བདེར་ལོངས་སུ་སྤྱོད། དགེ་སྦྱོང་ཆེན་པོའི་བདེན་མཐུ་དང༌། །མདོ་སྡེ་དཀོན་མཆོག་བྱིན་རླབས་ཀྱིས། །གནོན་པོའི་སྐལ་པ་དམན་མཆོག་གི༌།རྣམ་དབྱེ་མེད་པར་ཚིམ་པ་དང༌། །རྟག་ཏུ་སྲོག་ཆགས་ཐམས་ཅད་ལ། །བདེ་བ་འབའ་ཞིག་བྱེད་གྱུར་ཅིག །ཡེ་༴ ཉེར་གཉིས་པ། འབྱུང་པོ་མང་པོའི་དཀྱིལ་འཁོར་ན། །གང་དག་མདངས་དང་མངལ་ལ་ཟ། །སྲོག་འཕྲོག་གཏོར་མ་ཟ་བ་དང༌། །ཤ་ཟ་བ་དང་ཁྲག་འཐུང་དང༌། །ཞག་དང་ཚིལ་བུ་ཟ་རྣམས་དང༌། །དེ་བཞིན་རྐང་དང་བཙས་པ་ཟ། །དྲི་དང་མེ་ཏོག་འབྲས་བུ་དང༌། །ལོ་ཏོག་


LT17_Page_558
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་ཟ་བ་དང༌། །རྣག་དང་ཕྱི་སའི་ཟས་ཅན་དང༌། །གཅིན་དང་མཆིལ་མ་ངར་སྣབས་ཟ། །སྣབས་དང་ལྷག་མ་ཟ་བ་དང༌། །སྐྱུགས་པ་རྣམས་དང་མི་གཙང་ཟ། །སྟོར་ཁུང་ནས་འབབ་འཐུང་བའི་གདོན། །ཆེན་པོའམ་ཆུང་ངུ་སུ་འཁོད་པ། །དེང་འདིར་བདག་གམ་ཡོན་སྦྱོར་གྱི། །རྫས་ལས་དངོས་སུ་བསྟབས་པ་ཡི། །གཏོར་མ་ཁ་དོག་དམ་པ་དང༌། །དྲི་དང་རོ་བདའ་ཕུན་སུམ་ཚོགས། །བཟང་པོའི་བཏུང་བ་རྣམས་སུ་བཅས། །སྦྱངས་ཤིང་བསྒྱུར་ནས་རབ་སྤེལ་ཏེ། །མཆོད་ཀྱིས་ཅི་བདེར་ལོངས་སུ་སྤྱོད། །དགེ་སྦྱོང་ཆེན་པོའི་བདེན་མཐུ་དང༌། །མདོ་སྡེ་དཀོན་མཆོག་བྱིན་རླབས་ཀྱིས། །གདོན་རྣམས་བགོ་སྐལ་དམན་མཆོག་གི༌།རྣམ་དབྱེ་མེད་པར་ཚིམ་པ་དང༌། །རྟག་ཏུ་སྲོག་ཆགས་ཐམས་ཅད་ལ། །བདེ་བ་འབའ་ཞིག་བྱེད་གྱུར་ཅིག །ཡེ་༴ གཉིས་པ་ནི། ཆོས་གང་རྒྱུས་བྱུང་དེ་དག་གི། །རྒྱུ་དང་དེ་འགོག་གང་ཡིན་པའང༌། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །སྡིག་པ་ཅི་ཡང་སོགས། སྤྲོ་ན་གཏོར་ཆོག་རྒྱས་པའི་ཆོས་སྦྱིན་ལྟར་བྱ། གསུམ་པ་ནི། ཡེ་༴ དགེ་སྦྱོང་ཆེན་པོའི་


LT17_Page_559
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་དང༌། །ཡེ་ཤེས་ཚད་མེད་བདེན་མཐུ་དང༌། །མདོ་སྡེ་དཀོན་མཆོག་བྱིན་རླབས་དང༌། །སྤྱན་རས་གཟིགས་ཀྱི་སྙིང་རྗེ་དང༌། །བྱང་སེམས་ཉན་ཐོས་ཐམས་ཅད་དང༌། །ལྷ་རྣམས་ཀུན་གྱི་གཟི་བརྗིད་ཀྱིས། །ཉིན་གཅིག་པ་དང་ཉིན་གཉིས་སོགས། །རིམས་རྣམས་ཐམས་ཅད་ཞི་གྱུར་ཅིག །ཤུ་བ་མེ་དབལ་ལ་སོགས་པ། །གཉན་རྣམས་ཐམས་ཅད༴ ཀླད་ནད་གཞོགས་ཕྱེད་ན་བ་སོགས། །ནད་རྣམས་ཐམས་ཅད༴ ལྷ་དང་གནོད་སྦྱིན་ལ་སོགས་པ། །གདོན་རྣམས་ཐམས་ཅད༴༌།གྲུབ་དང་འབྱུང་པོས་བྱས་ལ་སོགས། །རིགས་སྔགས་ཐམས་ཅད༴༌།རྩ་བ་མཆེ་བའི་དུག་ལ་སོགས། །དུག་རྣམས་ཐམས་ཅད༴ དགྲ་དང་རྒྱལ་པོའི་ཆད་པ་སོགས། །འཇིགས་པ་ཐམས་ཅད༴ སྡིག་པའི་རྨི་ལམ་སྣ་ཚོགས་སོགས། །ལྟས་ངན་ཐམས་ཅད༴ ཞི་ནས་བདག་ཅག་འཁོར་དང་བཅས། །ཚེ་རིང་ནད་རྣམས་མེད་པ་དང༌། །དབང་ཕྱུག་བདེ་བ་དཔེ་མེད་ཤོག །དེ་བཞིན་འབྱུང་པོ་ཐམས་ཅད་ཀྱང༌། །རྟག་ཏུ་བྱམས་པ་ལ་གནས་ཤིང༌། །སྡུག་བསྔལ་ཀུན་དང་


LT17_Page_560
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བར་ཤོག །གང་མང་བཟླ། སྤྲོ་ན་ཁྲུས་ཀྱང་བྱ། བཞི་པ་ནི། དེ་ལྟར་མཆོད་སྦྱིན་དཀྱིལ་འཁོར་འདིར། །འབྱུང་པོ་ཐམས་ཅད་སྤྱན་དྲངས་ནས། །བརྔན་སྦྱིན་རྒྱ་ཆེར་བྱས་ཟིན་པས། །དུས་ཤེས་གྱིས་ལ་གཞན་དུ་དེངས། །ཤིང་གཅིག་ལྷ་ཁང་སྟོང་པ་དང༌། །དུར་ཁྲོད་ལ་སོགས་འབྱུང་པོའི་གནས། །ཇི་ལྟར་བདེ་བ་དེ་དང་དེར། །ཕྱི་མིག་མ་ལྟ་དགའ་མགུར་སོང༌། །ཟང་ཟིང་སྦྱིན་པས་རབ་མགུ་ཞིང༌། །ཆོས་སྦྱིན་བཟང་པོས་དུལ་བའི་སེམས། །ཕན་ཚུན་རྩོད་པ་མ་མཆིས་ཤིང༌། །ཀུན་ཏུ་གཞན་གནོད་མེད་པར་སོང༌། །སུ་དག་ཞི་བའི་ཡིད་ཅན་དང༌། །ཕན་པར་འདོད་པས་གནས་པ་ནི། །ཅི་བདེ་བར་ནི་སྤྱོད་ཅིང་འཁོད། །དེ་ཀུན་དོན་ཡང་འགྲུབ་པར་ཤོག །འབྱུང་པོ་གང་དག་གདམས་ན་ཡང༌། །བྱམས་པའི་དྲིན་ལ་མི་སེམས་ཤིང༌། །བདེན་པའི་ཚིག་ལ་མི་བརྩི་ན། །དེ་དག་མདོ་སྡེའི་ཞགས་པས་བརླག །གང་དག་མཆོད་སྦྱིན་གྱི་ཆོ་གས་ལེགས་པར་བརྔན་ཞིང་རིག་པའི་ཚིག་གིས་བསྒོ་ཡང་མི་འགྲོ་ཞིང་སླར་ལ་མི་ཕན་པར་སེམས་པ་དེ་དག་ལེགས་པར་གསུངས་པའི་གཟི་བརྗིད་ཀྱིས་ཉམས་ནས་རབ་ཏུ་ཕམ་


LT17_Page_561
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག་ཡེ་་བཟླ། ཤིས་བརྗོད་ཀྱི་མདོ་སྡེ་ཀློག་པ་སོགས་ཀྱང་བྱའོ། །རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་རྙེད་སླའི་གཏོར་མ་བསྔོ་བའི་ཆོ་ག་རྩི་སྨན་ལྗོན་པ་ཞེས་བྱ་འདིའང་འཇིགས་མེད་བསྟན་པའི་ཉི་མས་གཏོར་ཆོག་རྒྱས་པ་ནས་བསྡུས་ཏེ་བྲིས་པ་དགེ་བར་གྱུར་ཅིག། །།

རྟེན་སྙིང་གླུད་ཁྲིགས།


LT17_Page_563
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་་མུ་ན་ཡེ། རྟེན་སྙིང་ལ་བརྟེན་ནས་གླུད་གཏོར་བསྔོ་ཆོ་ག་འདི་ཉིད་གསུང་རབ་ཀྱི་ཁུངས་ལ་བརྟེན་ནས་འཆད་དུ་ཡོད་མེད་སོགས་སྤྲོ་རྒྱུ་མང་ཡང་གཞན་བཏང་སྙོམས་བྱས་ནས། ཤོམ་དང་འདོན་འགྲིགས་ཙམ་གསལ་བར་བརྗོད་ན། བླ་གབ་མེད་པའི་གནས་སོགས་གཙང་ཞིང་བྱི་དོར་བྱས་པའི་ཕྱོགས་སུ། གཟུངས་ཆོག་གི་ཤོམ་དཀྱུས་སུ་གསལ་བ་ལྟར་དང༌། དེའི་འོག་ཅི་བདེར་བ་བྱུང་གིས་བྱུགས་པའི་གཞི་འཁྱེར་བདེ་བར་རྒྱས་པ་བྱེད་ན་འཇིམ་པའམ་ཟན་སོགས་ལས་ཁང་བཟང་ལྕགས་རིས་བསྐོར་བ་བཅོས། བསྡུ་ན་ཚོད་ཕྱེ་དང་ཆུ་ཚོན་གང་རུང་གིས་རེ་ཁཱ་གྲུ་བཞི་ཉིས་རིམ་ཕྱི་མ་ལ་རྒྱ་ཕིབ་ཀྱི་རི་མོ། ཕྱོགས་བཞི་གའམ་ཤར་དུ་སྒོ་ཁང་གི་རྣམ་པ་དང་བཅས་པ། དབུས་སུ་པདྨ་འདབ་བརྒྱད། རྩིག་པ་སྔོ། རྒྱ་ཕིབ་སེར། པདྨ་དཀར། ལྟེ་བ་ལྗང༌། ནང་གི་ཁྱམས་དང་སྒོ་ཁང་གི་ནང༌། ཕྱི་རོལ་གྱི་གཞི་རྣམས་ལྗང་གུ། མཐར་རེ་ཁཱ་དཀར་པོ་དང་བཅས་པ་བྱ། པདྨའི་ལྟེ་བར་མཉྫི་ལྟ་བུའི་ཁར་རིན་པོ་ཆེའི་ཟ་མ་ཏོག་དར་དང་མེ་ཏོག་གིས་བརྒྱན་པར་རྟེན་སྙིང་གི་སཙྪ་བཞུགས། གཙང་སྦྲ་ལ་དགའ་བ་དང་དམེ་བ་སྤྱོད་པའི་གདོན་ཆེ་ཕྲ་རྣམས་ཀྱི་དོན་དུ་ནང་གི་ཕྱོགས་བཞིར་ཁམ་ཕོར་བཞིར། སྣུམ་ཁུར་དང༌། དཀར་གསུམ། མངར་གསུམ། འོ་ཐུག་འབྲས་ཆན། སྲན་ཆན། ཞོ། འབྲས་ཡོས་སོགས་གཙང་མའི་ཟས་རྣམས་ལོ་མ་ལྟ་བུའི་སྣོད་སོ་སོར་རྩོལ་ཏེ་བཤམས་པའི་སྟེང་རྣམས་གདུགས་དཀར་པོས་བརྒྱན། མཚམས་བཞིར་ཁམ་ཕོར་དུ་གོང་བཞིན་ལོ་མ་སོགས་ཀྱི་སྣོད་སོ་སོར། ལ་ཕུག་


LT17_Page_564
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཚྭ། སྒོག་བཙོང༌། ནས་ཆན། ཏིལ་གྱི་ཚིགས་མ་དང་ཕྱེ་མ། ཤ་བཙོས་རྗེན། ཁྲག་ཆང༌། ཁམས་ཕོར་ཐམས་ཅད་དུ་ཆུ་དང་བཅས་བཤམས་ཤིང་རིན་པོ་ཆེ་དང་དར་ཟབ་སོགས་ཀྱང་བཞག །དེའང་དཀར་གསུམ་མངར་གསུམ་སོགས་ཕྱོགས་བཞིའི་ཁམ་ཕོར་གྱི་གཏོར་མའི་རྫས་ཕལ་ཆེར་མཚམས་བཞིའི་ཁམ་ཕོར་དུའང་འཇུག་ལ། ཤ་ཁྲག་སོགས་མཚམས་བཞིའི་ཁམ་ཕོར་གྱི་ཟས་རྣམས་ཕྱོགས་བཞིའི་ཁམ་ཕོར་དུ་མི་འཇུག་པ་ཁྱད་པར་རོ། །གཏོར་མ་རྣམས་ཞག་མ་ལོན་ན་བཟང་ངོ༌། ཁྱམས་ཀྱི་ཕྱོགས་བཞིར་ཁམ་ཕོར་དུ་མཆོད་ཡོན་དང་མེ་ཏོག་སོགས་ཉེར་སྤྱོད་རྣམས་ཚར་བཞིའམ། བསྡུ་ན་ཚར་གཅིག་བཤམས། ཕྱིའི་ར་བའི་ནང་གི་ཤར་དབུས་སུ་ཁང་པ་བཀོད་ལེགས་འཇིམ་སོགས་ལས་བྱས་པའམ་བསྡུ་ན་ཤིང་བྱང་ལྟ་བུར་བྲིས་ནས་བཙུགས་པས་ཀྱང་ཆོག །གྲོང་ཁྱེར་ལྟ་བུའི་ཆེད་ཡིན་ན་ཁང་པའི་གཟུགས་བརྙན་ཡང་ཁྱིམ་གྱི་གྲངས་དང་མཉམ་པར་བྱེད། ཁང་པའི་ཁ་དབུས་སུ་བསྟན། དེ་མདུན་གོས་རྒྱན་བཟང་པོས་སྤྲས་པའི་གླུད་གཟུགས་འཁོར་ཇི་ལྟར་རིགས་པ་བཅས་དང༌། ལོ་མའི་སྣོད་སོགས་སུ་དུག་རིགས་མིན་པའི་མེ་ཏོག་དང༌། ཤིང་ཐོག་བཟང་པོ་དང༌། གཙང་མའི་འབྲུ་སྣ་སོགས་ཇི་ལྟར་རྙེད་པའི་རྫས་རུང་བ་སྦྱར་བའི་ཆང་བུ་དང༌། རིལ་བུ་ཅི་མང་བཀོད། ཕྱོགས་གཞན་གསུམ་ལ་ཅི་བདེར་བཤམས་པས་ཆོག་ཀྱང༌། དཔེར་བརྗོད་ལྟ་བུར། ལྷོར་རྟ་བྲེས་དང༌། ཕྱུགས་བྲེས་ཀྱི་རྣམ་པའི་ར་བ་སོ་སོར། རྟ་ཕྱུགས་ཀྱི་གཟུགས་གང་མང༌། ནུབ་ཏུ་རས་སྣམ་དར་ཟབ་སོགས་ལས་བྱས་པའི་རྐྱལ་ཆུང་འབྲུ་སྣས་གཏམས་པ་དང༌། ཤོག་བུའམ་ཟན་གྱི་སྒྲོམ་གཟུགས་གོས་དང་རིན་པོ་ཆེས་བཀང་


LT17_Page_565
[མ་དཔེ་གཟིགས་ན་འདིར་གནོན།]

བ་མང་པོ་བརྩིགས་ཐབས་སུ་བཀོད་པ། བྱང་དུ་ས་ནག་རློན་པ་བག་ཙམ་བཀྲམ་པར། གཤོལ་གྱི་རྗེས་ལྟ་བུ་ཅི་རིགས་བྲིས་པ་ལ། ནས། གྲོ། འབྲས། སྲན་མ་སོགས་གཏོར་བ་དང༌། སྨྱུག་ཐུར་ཕྲ་མོ་སོགས་ཀྱི་རྩེར་ཟན་གྱི་སྙེ་མའི་གཟུགས་འབྲུ་སྣས་སྦགས་པ་མང་དུ་བཙུགས། རྟ་ཕྱུགས་ཁོ་ནའི་བསྲུང་བ་ལྟ་བུ་ཡིན་ན། ཕྱོགས་བཞི་ཀ་དེ་དག་གི་གཟུགས་བརྙན་འབའ་ཞིག་གིས་བཀང་ཡང་རུང༌། གཟུགས་བརྙན་ཐམས་ཅད་གསལ་ཞིང་སྐྱེ་མཆེད་དོད་པ་གཅེས་ལ། ནམ་རྒྱང་མདའ་འཕང་ཤིང་རིས་སོགས་ཀྱང་ལྷ་འདྲེའི་མཐུན་རྫས་ཁྱད་པར་ཅན་ཡིན་པས་བར་མཚམས་ཅི་རིགས་པར་བཤམས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར། ཧ་ཅང་སྤྲོས་པ་ལ་དགའ་ན་ཕྱིའི་ར་བའི་ཁར། བྱ་རིགས་སྣ་ཚོགས་དང༌། འདོད་ཡོན་ལྔའི་གཟུགས་བརྙན་མང་པོ། དེའི་ཕྱི་རོལ་དུ་ལྗོན་ཤིང་གི་ཕྲེང་བ་དར་ཐག་གིས་སྦྲེལ་བ། བར་བར་དུ་རི་དྭགས་ཀྱི་གཟུགས་མང་པོ་བཀོད་པ་ཡང་རུང་ཞིང༌། དབུས་ཀྱི་རྟེན་སྙིང་གི་སཙྪའི་སྟེང་དུ་དར་གྱི་བླ་བྲེ་ཡང་བྲེ་བར་བྱའོ། །འདོན་འགྲིགས་དངོས་ལ་གཟུངས་ཆོག་འདོན་ཚུལ་དཀྱུས་གསལ་ལས་གཞན་མེད། གཏོར་ཆོག་གི་སྐབས་སུ་དུལ་ཞིང་ཞི་བའི་སེམས་ལ་གནས་པ་ཤིན་ཏུ་གལ་ཆེ་བས་བྱམས་པ་ཅི་ནུས་སུ་སྒོམ། གང་ཡང་འབྱུང་པོའི་དཀྱིལ་འཁོར་ན། སོགས་ཀྱི་ཚེ་སྤོས་གསུར་གྱི་དུད་པ་གཏོང་ཞེས་པར་སྤོས་ལ་གུ་གུལ་དང་གླ་རྩི་སོགས་མེད་པ་དགོས་ཏེ། འདི་ནི་གོང་དུ་ཉེར་སྤྱོད་ནང་གི་སྤོས་ལའང་འདྲའོ། །ནང་དུ་དཀར་གསུར་ཙམ་གཏོང་ཞིང༌། དམར་གསུར་རིགས་ཕྱི་རོལ་ཐག་རིང་པོར་གཏོང་བ་ལེགས།


LT17_Page_566
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་གཏོར་ཁ་གསོ་བྱེད་པ་དཀྱུས་སུ་མ་སྨོས་ཀྱང༌། བྱེད་ན་ཤོམ་གྱི་སྐབས་གླུད་དང་ཆང་བུ་ཟས་སྣ་དར་སྣ་སོགས་སླད་ནས་བསྣན་རྒྱུ་ཟུར་དུ་བཞག་ལ། ཞི་ཞིང་བྱམས་པའི་སེམས་སུ་མཛོད། །ཅེས་པའི་འཕྲོར་རྟེན་སྙིང་ལན་གསུམ་དང༌། དེ་བཞིན་གཤེགས་པ་བླ་ན་མེད་པའི་དགེ་སྦྱོང་ཆེན་པོའི་བདེན་པས་མཆོད་སྦྱིན་གྱི་ཡོ་བྱད་འདི་དག་ནམ་མཁའ་གང་བའི་ལོངས་སྤྱོད་མགྲོན་རིགས་སོ་སོའི་དབང་པོའི་སྤྱོད་ཡུལ་དུ་ཇི་ལྟར་འདོད་པ་བཞིན་འབྱུང་ཞིང་རྒྱས་པར་གྱུར་ཅིག་ཅེས་བྱིན་རླབས་བྱས་ནས་སྡེ་ཚན་རེ་རེ་བཞིན་གསོ། འོན་ཀྱང་སྲིན་པོ་དང་ཤ་ཟ་སོགས་ཀྱི་སྐབས་མ་གཏོགས་སྤྱི་ཁྱབ་ཏུ་ཤ་ཆང་སོགས་མི་བླུགས། བྱུང་དགུ་གླུད་ལ་འཕོ་བ་དང༌། ཞེས་པ་འདི་ནད་སྤོ་གདོན་སྤོ་ཞེས་འདུལ་བ་ལུང་གི་དྲང་སྲོང་དུང་དང༌། བྲེས་པའི་སྔོན་རབས་ཐད་ཀྱི་ལུང་ཁུངས་དང་འབྲེལ་བའི་གནད་ཆེན་ཡིན་པས་དམིགས་གནད་ནན་ཏན་བྱ། བདེན་སྟོབས་ཀྱིས་གསོ་བའི་མཇུག་ཏུ་སྲུང་སྐུད་འདོགས་ན་གཟུངས་སྒྲུབ་ཀྱི་དུས་ནས་སྔགས་སྐུད་ལེགས་པར་བསྔགས་ལ་སྐབས་དེར་སྦྱིན་པར་བྱ་སྟེ་འདུལ་བ་ལུང་ལས་སྔགས་སྐུད་དཔུང་པ་གཡོན་དུ་གདགས་པར་གསུངས། མདོས་ལམ་བསྟན་པའི་མགོར་མདོས་དཀྱིལ་དབུས་ཀྱི་རྟེན་སྙིང་གི་སཙྪ་བླང་ལ་མཆོད་གྲལ་དུ་འཇོག གཞན་དཀྱུས་ཀྱི་ཡིག་ཆུང་ངུ་གསལ་བས་ཟུར་དུ་མ་བྲིས།། ༈ །ཁྲམ་དབྱིའི་ཆོ་ག་འཆི་བའི་འཇིགས་སྒྲོལ་ནི་ཚིག་རྒྱ་ཕེར་བའི་ཆོ་ག་ཡིན་གྱི་མདོས་ཆོག་དང་སྦྲེལ་རྒྱུར་བྱས་པ་མིན་མོད། འོན་ཀྱང་གཉིས་ཀ་སྦྲེལ་ནས་བྱ་བར་འདོད་ན།


LT17_Page_567
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ཆོག་གི་མགྲོན་འབོད་པའི་མཐར། འདི་ལྟར་ལས་དང་སོགས་ནས། རི་མོའི་གཟུགས་སུ་དབབ་བོ། །མཚན་མ་བཏབ་བོ། །ཞེས་པའི་བར་ལོ་གྲངས་སོགས་ཀྱི་ཁྲམ་གཏབ། དེ་ནས་བདག་གི་བདེ་བ་ལ་ལྟོས་པས་སོགས་ནས། བདེན་སྟོབས་ཀྱིས་གསོ་བའི་བར་འདོན། དེ་མཚམས། འདི་ལྟར་ལས་དང་སོགས་ནས། ཞི་ཞིང་རབ་ཏུ་ཞི་བར་བགྱིའོ། །ཞེས་པའི་བར་ལོ་གྲངས་སོགས་ཀྱིས་ཁྲམ་དབྱི་ཞིང༌། ཤིང་བྱང་བཀྲུས་ལ་རྟེན་སྙིང་བྲི་བ་རྣམས་བྱས་ཏེ་མདོས་ལམ་བསྟན་པ་མན་ཆད་བྱའོ། །ཞེས་པའང་རིགས་སྔགས་འཆང་བའི་དབང་ཕྱུག་ནམ་མཁའ་རིན་པོ་ཆེའི་མཆོག་སྤྲུལ་དཔོན་སློབ་ཀྱི་ཐུགས་བཞེད་སྐོང་ཕྱིར་སྨྲས་རིམ་བཞིན། མ་ཏི་་ཡི་གེར་བྲིས་པ་དགེ །གལ་ཏེ་འབྱོར་པ་དམན་པས་གཏོར་མའི་ཡོ་བྱད་ཇི་བཞིན་མ་འབྱོར་ན་ཅི་ཙམ་རྙེད་པ་ལ་བརྟེན་ནས་བྱས་ཀྱང་ཉན་ནོ། །མངྒ་ལཾ་བྷ་བ་ཏུ།། །།

གླུད་ཆོག


LT17_Page_569
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའམ་རྫའི་སྣོད་དུ་ཆང་བུ་ཅི་འབྱོར་བཤམས། གླུད་གཟུགས་དཀོར་ཆ་དང་བཅས་པའང་འདུ་བྱ། ཆང་བུ་རྣམས་ལ་ཆབ་བྲན། ལས་སྔགས་དང༌། སྭ་བྷ་བས་བསང་སྦྱང༌། སྟོང་པའི་ངང་ལས་གླུད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། ལན་ཆགས་ཀྱི་མགྲོན་རྣམས་ཀྱི་དབང་པོ་དྲུག་ལ་ཇི་ལྟར་འདོད་པ་བཞིན་འཆར་ཞིང་ནམ་ཡང་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ༌། ཅི་མང་བརྗོད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང༌། བཀའ་སྡོད་ཆོས་སྐྱོང་བ་རྣམས་ཀྱི་མཐུ་དཔུང་དང༌། ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ཀྱིས་བདག་ཅག་འཁོར་དང་བཅས་པ་ལ་དངོས་དང་བརྒྱུད་ནས་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ། འོག་གདོན་ཀླུ། བར་གདོན་རྒྱལ་བསེན་ཐེལ་འགོང་སོ་སོའི་སྣ་ཁྲིད་སྡོང་ཟླ་རྒྱབ་བརྟེན་དང་བཅས་པ་ལན་ཆགས་གླུད་ཀྱི་གཏོར་མ་ལེན་པའི་སླད་དུ་སྦུར་མ་རླུང་གིས་དེད་པ་ལྟར་སྐད་ཅིག་ཉིད་ལ་འདིར་མཆིས་པར་གྱུར་ཅིག །སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿལན་གསུམ་སོགས་བརྗོད། དེ་ནས་སཾ་བྷ་ར་བདུན་དང༌། མཚན་བཞི་ཚར་གཅིག་སེ་གོལ་ལན་གསུམ་བརྡབ་ཅིང༌། ཉི་ཟླ་ཁ་སྦྱོར་ལས་གསུངས་པའི། ཁྱེར་ཆིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་


LT17_Page_570
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་ཞེན་པ་དང༌། །དྲན་དང་གཟུང་དང་བསམ་དང་རེག །ཀློད་དང་ཞི་དང་གྲོལ་བར་མཛོད། །ཚར་གཅིག་དེ་འདྲ་བ་ལན་གྲངས་ཅི་རིགས་ཀྱིས་ཆང་བུ་རྣམས་བསྔོ། དེ་ནས་གླུད་གཟུགས་སོགས་ལ་དམིགས་ཏེ། བསང་སྦྱང༌། སྟོང་པའི་ངང་ལས་ངར་ཕྱེའི་མི་གཟུགས་ཕུང་ཁམས་ཚང་བ། བཞིན་མཛེས་ལ་སྐྱེ་མཆེད་དྭངས་པ། ང་ལོང་གི་ཕྱག་རྒྱ་ཅན། གོས་འཕྱོར་རྒྱན་བཀྲག་ཤིག་སེ་བ། ལྷ་འདྲེའི་མིག་སྔར་བུ་བཞིན་སྡུག་པ། འདོད་ཡོན་ལོངས་སྤྱོད་ཀྱི་དཀོར་ནོར་བསམ་གྱིས་མི་ཁྱབ་པ་དང་བཅས་པར་གྱུར། ནམ་མཁའ་མཛོད་སྔགས་གསུམ་བརྗོད། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །འབྱུང་བ་ས་ཆུ་མེ་རླུང་བྲག་དང་ཤིང༌། །ནམ་མཁའ་ལ་བརྟེན་ལྷ་སྲིན་འབྱུང་པོའི་ཚོགས། །སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་ལ་བསྔོ། །ཤ་ཁྲག་དྲོད་དབུགས་རྩ་རྒྱུས་པགས་པ་དང༌། །ལུས་ངག་ཡིད་གསུམ་གླུད་དུ་འདི་ཁྱེར་ལ། །བུ་ལོན་ལན་ཆགས་གནོད་འཚེ་ཀུན་བྲལ་ནས། །རང་གཞན་བདེ་ལེགས་ལམ་ལ་འཁོད་གྱུར་ཅིག །ཅེས་བསྔོ། གླུད་གཟུགས་མང་པོ་ཡོད་ན་དེ་ཉིད་བསྐྱར། ནད་སྤོ་གདོན་སྤོ་ནི། ཕྱགས་མ་ཐོགས་ལ། དཀོན་མཆོག་བདེན་མཐུ་མི་བསླུ་བས། །ནད་རྣམས་ཕྱུངས་ལ་གདོན་རྣམས་ཐོན། །ནད་གདོན་ཉེར་འཚེ་


LT17_Page_571
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་ལ་སྤོ། །འཕོས་ནས་ཕྱིར་མི་ལྡོག་པར་ཤོག །ཅི་མང་བརྗོད་མཐར་ངར་མི་ལ་ནད་པས་ཧ་གདབ། སླར་ཡང༌། བགེགས་དང་ལོག་འདྲེན་གྱི་རིགས་སུ་གྱུར་པ། ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། །ཀླུ་གཉན་ས་བདག །གནའ་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་འཁྱམ་པོ། ཕ་རོལ་གྱི་རྦད་འདྲེ། གསོན་གྱི་བདུད་དང་གཤིན་གྱི་ལྕགས་བྱེད་པ། ཟས་ནོར་གྱི་གཡང་ལ་རྐུ་བ། ནད་སྣ་དང་གོད་སྣ་འདྲེན་པ། མི་ཁ་དང་འཁྲུགས་རྩོད་སློང་བ། འཕྲལ་ཡུན་གྱི་ཕུང་ཁྲོལ་མང་པོའི་ཚང་འཆའ་བ་ཐམས་ཅད་སོ་སོའི་ནད་དང་བཅས་ཏེ་དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་དང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་རྒྱ་ཁབ་ཀྱིས་ཚེར་མ་བླངས་པ་ལྟར་རང་དབང་མེད་པར་ཕྱིར་ཕྱུངས་ཏེ་གླུད་ལ་སྤོ་ཞིང་གླུད་ལ་དབབ། གླུད་དུ་བསྟིམས་ནས་རྒྱས་གདབ་པར་བགྱིའོ། །ནད་སྣ་ཐམས་ཅད་གླུད་ལ་བསྒྱུར། མི་ལ་ས་ཐོན་ཏེ་གླུད་ལ་ཞུགས། གདོན་ཁ་ཐམས་ཅད་གླུད་ལ་བསྐོར། མི་ལས་བཀྲོལ་ཏེ་གླུད་ལ་དཀྲིས། ནད་གདོན་གླུད་གསུམ་འགྲོགས་ལ་སོང༌། སོང་ནས་ཕྱོགས་འདིར་མ་འཁོར་དཀོན་མཆོག་གསུམ་གྱི་བཀའོ། །གསུམ་མམ་གཅིག་བདག་


LT17_Page_572
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་དཔོན་སློབ་འཁོར་དང་བཅས་པའི་བྱུར་དང་སྐལ་བ་ངན་པ་བཀྲ་མི་ཤིས་པ་ཐམས་ཅད་གླུད་ལ་འཕོ་བར་གྱུར་ཅིག །གླུད་ཀྱིས་ཁྱེར་བར་གྱུར་ཅིག །ཕྱིར་མ་ལྡོག་ཅིག །གསུམ་མམ་གཅིག་གི་མཐར། གཏོར་གླུད་རྣམས་ཁ་ཕྱིར་བསྒྱུར་ཏེ་བཏེགས་ལ། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འཁོད་པ་དང༌། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ། ཞེས་འདྲེ་ལྔ་གནས་པའི་ས་ཕྱོགས་རང་གནས་མི་མཐོང་བར་བསྐྱལ། ཤེར་སྙིང་སོགས་བསྲུང་བ་འདོན། བསྔོ་སྨོན་ཤིས་བརྗོད་བྱའོ། །ཆང་བུ་ལ་གླུད་ཀྱི་ཐ་སྙད་སྦྱོར་བ་མི་འཐད་སྙམ་ན། གླུད་ཀྱི་དོན་མ་གོ་བ་ཡིན་ཏེ། མདོ་སྡེ་ལས་བརྒྱ་པ་ལས་གླུད་བསླུ་རིན་གྱི་དོན་དུ་བཤད་ཅིང༌། མིའི་བསླུ་རིན་ལ་མི་གཟུགས་གཅིག་དགོས་པའི་ངེས་པ་མེད་པའི་ཕྱིར་སོགས་སྨྲོས། ཧོ་ཧོ།

རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་གླུད་གཏོར་བསྔོ་བའི་ཆོ་ག


LT17_Page_573
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་གླུད་གཏོར་བསྔོ་བའི་ཆོ་ག་བྱམས་ཆེན་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །


LT17_Page_574
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་ཡེ། ཟབ་མོ་ཆོས་ཀྱི་དབྱིངས་གསུངས་པའི། །རྒྱལ་བ་དེ་ལ་ཕྱག་འཚལ་ནས། །རྣམ་དག་མདོ་སྡེའི་རྗེས་འཇུག་པའི། །ཡིད་འོང་གཏོར་མའི་ཆོ་ག་བྲི། །འདིར་རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་གླུད་གཏོར་གཏོང་བའི་ཆོ་ག་ཇི་ལྟར་བགྱི་བའི་ཚུལ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་ཤོམ་དང༌། ཆོ་ག་དངོས་ཀྱི་རིམ་པའོ། །དང་པོ་ནི། བྱམས་པའི་སེམས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་ནས། དབེན་པའི་ཕྱོགས་སུ་བ་བྱུང་གིས་བྱུགས་པའི་མཎྜལ་མདའ་གང་བ་ལ་སོགས་པ་ཇི་ལྟར་འཚམས་པ་བྱས་ལ་ཚོན་ཕྱེ་ལས་ཁང་བཟང་གི་རྣམ་པ་བྲི། དེའི་དབུས་སུ་གཞུང་ནས་འབྱུང་བའི་གཏོར་མ་རྣམས་གོས་དང་གདུགས་ལ་སོགས་པས་བརྒྱན་ཏེ་བཀོད། མཐའ་བསྐོར་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་བཤམས། རྒྱས་པར་བྱེད་ན་བསྒྲུབ་བྱའི་གླུད་གཟུགས་གཙོ་འཁོར་ཁང་ཁྱིམ་རྟ་ཕྱུགས་ཞིང་མཐའ་


LT17_Page_575
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པའི་གཟུགས་བརྙན་དང༌། མ་གྲུབ་ན་ཇི་ལྟར་རིགས་པ་ཤར་ནས་བརྩམས་ཏེ་བསྒྲིགས། ཕྱི་རོལ་དུ་མུ་ཁྱུད་ཀྱི་ར་བ་བྱ། གོང་དུ་མཆོད་པའི་མཎྜལ་ལ་རྟེན་སྙིང་ནང་གཟུངས་སུ་བཞུགས་པའི་མཆོད་རྟེན། མཆོད་པའི་ཡོ་བྱད། ཁྲུས་བུམ་རྣམས་བཤམ་མོ། །གཉིས་པ་ལ། གཏོར་ཆོག་གི་སྔོན་དུ་བྱ་བ། དངོས་གཞི་གཏོར་ཆོག །དེའི་རྗེས་ལ་བྱ་བའི་རིམ་པ་དང་གསུམ། དང་པོ་ནི། གཟུངས་བཟླ་བའི་ཆོ་ག་ལ་བརྟེན་ནས་མཐུ་བསམ་གྱིས་མི་ཁྱབ་པའི་ཚིགས་སུ་བཅད་པ་ལན་མང་དུ་བཀླག །མཆོད་པའི་ཞིང་རྣམས་གཤེགས་གྲུབ་ནས་འདི་ལ་འཇུག་གོ །གཉིས་པ་ལའང༌། གླུད་གཏོར་བྱིན་གྱིས་རློབ་པ། མགྲོན་འགུག་པ། བརྔན་སྦྱིན་གྱིས་འཁོན་པ་སྦྱང་བ། བདེན་སྟོབས་ཀྱིས་གདོན་དང་ནད་པ་གསོ་བ། ལམ་བསྟན་ནས་ཕྱི་མཚམས་བཅད་པ་དང་ལྔ་ལས། དང་པོ་ནི།


LT17_Page_576
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཆོས་དབྱིངས་ཤིན་ཏུ་རྣམ་དག་པ། །ཐུགས་སུ་ཆུད་ནས་འདི་གསུངས་དང༌། །གང་གིས་ཡེ་ཤེས་མིག་སྦྱངས་པའི། །ཚད་མེད་བསོད་ནམས་ཕུང་པོ་དེའི། །བདེན་པས་དཀྱིལ་འཁོར་ཁང་པ་དང༌། །མཆོད་སྦྱིན་གཏོར་མ་འདི་དག་དང༌། །མེ་ཏོག་ལ་སོགས་ཡོ་བྱད་རྣམས། །མི་མཐུན་རྫས་དང་སྤྱོད་ལམ་གྱིས། །སྦགས་པའི་ཉེས་སྐྱོན་ཡོངས་དག་ནས། །མགྲོན་རྣམས་དབང་པའི་སྤྱོད་ཡུལ་དུ། །ཇི་ལྟར་འདོད་པ་བཞིན་འབྱུང་ཞིང༌། །སྡུག་བསྔལ་ཐམས་ཅད་སེལ་བྱེད་པའི། །ལོངས་སྤྱོད་ནམ་མཁའ་གང་བར་ཤོག །ལན་གསུམ་བརྗོད། གཉིས་པ་ལ། མགྲོན་འབོད་དངོས་དང༌། བག་ཕབ་ནས་འཁོད་དུ་གཞུག་པ་སྟེ་གཉིས་ཀྱི། དང་པོ་ནི་སྔར་བཞིན། ཡེ་་སོགས། ཐུགས་རྗེ་ཆེན་པོས་ཆོས་འདི་ཡི། །བསྡུ་བས་ཚོགས་རྣམས་དྲངས་མཛད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །བསྡུ་བ་རྣམས་ཀྱི་མཆོག་ཡིན་པའི། །བདེན་པའི་ཚིག་ནི་དེ་ཡི་མཐུས། །གང་དག་གཞན་གནོད་བགྱིད་པ་ཡི། །འབྱུང་པོ་ས་འོག་རྒྱུ་བ་དང༌། །ས་སྟེང་རི་དང་ནགས་ཚལ་དང༌། །ཀུན་དགའ་ར་དང་སྐྱེད་མོས་ཚལ། །རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་དང༌། །ཚོང་ཁང་རྣམས་དང་རྟ་ཡི་བྲེས། །གནག་ལྷས་ཤོ་གམ་གནས་རྣམས་དང༌། །འབྲོག་དང་ཁང་སྟོང་སོགས་གནས་དང༌། །དེ་བཞིན་ས་བླར་རྒྱུ་བ་ཡི། །ལྷ་ཀླུ་ལྷ་མ་


LT17_Page_577
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང༌། །དྲི་ཟ་གྲུལ་བུམ་གསང་བ་པ། །འདབ་བཟང་མིའམ་ཅི་དང་ནི། །ལྟོ་འཕྱེ་ཆེ་དང་སྨྱོ་བྱེད་དང༌། །མཚུན་དང་ཚངས་པའི་སྲིན་པོ་དང༌། །གྲིབ་གནོན་གནོན་པོའི་གདོན་རྣམས་དང༌། །ཤ་ཟ་ཞེས་བྱའི་གདོན་ལ་སོགས། །འཇིག་རྟེན་སྐྱོང་བ་རྣམ་བཞི་དང༌། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡི། །སྡེ་དང་རིས་སུ་གཏོགས་དགུ་ཅོག །དགོས་སུ་བདག་དང་སྦྱིན་བདག་གི། །ལུས་སྲོག་འབྱོར་པ་ལ་སྡང་བའི། །འབྱུང་པོ་ཆེ་ཕྲ་ཅི་མཆིས་པ། །ཕྱོགས་འདིར་སྦྱིན་པའི་མགྲོན་ལ་འདུས། །གང་དག་མཆོད་སྦྱིན་འདི་ཡི་སྒྲ། །གཡེང་བས་མ་ཚོར་སྲིད་ན་ཡང༌། །ཕན་ཚུན་གཅིག་ལ་གཅིག་སྦྲན་ནས། །མ་ཚང་མེད་པར་འདུ་གྱུར་ཅིག །ལན་གསུམ། གཉིས་པ་ནི། བདག་གི་བདེ་བ་ལ་ལྟོས་པས། །འབྱུང་པོ་ཐམས་ཅད་སྲོག་ལ་སྡུག །འགྲོ་བ་ཟས་ཀྱིས་གནས་པའི་ཕྱིར། །གདོན་ཡང་དེ་ལ་སེམས་པ་སྟེ། །ཉེ་འཁོན་མེད་པའི་བྱམས་པ་ཡིས། །བདག་འདིར་སྦྱིན་ལ་ཡང་དག་འཇུག །དེ་ཕྱིར་རབ་ཏུ་དགའ་བ་ཡི། །སེམས་སུ་གྱིས་ལ་ལེགས་པར་འཁོད། །གསུམ་པ་ལ་ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་བྱ་བ་གཉིས། དང་པོ་ལའང༌། བསྔོ་ཚིག་གིས་རྒྱ་ཆེར་བཀྲོལ་བ་དང༌། སོ་སོར་ཚིམས་པའི་བདེན་སྟོབས་བརྗོད་པ་གཉིས། དང་པོ་ནི། སྤོས་གསུར་གྱི་དུད་པ་གཏོང་བཞིན་པས། གང་ཡང་འབྱུང་པོའི་དཀྱིལ་འཁོར་ན། །རང་རང་ལས་ཀྱི་རྫུ་འཕྲུལ་ཅན། །ལུས་ཆེ་བཞིན་ཡངས་རྣམ་


LT17_Page_578
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཡན་ལག་མང་ལ་ཁྲག་གིས་བགོས། །སྣ་ཚོགས་མདོག་འཆང་གནོད་སྦྱིན་དང༌། །བྱ་དང་གཅན་ཟན་རྣམ་པ་སོགས། །འཇིགས་པའི་གཟུགས་ནི་སྣ་ཚོགས་ཅན། །མི་རྣམས་འབྲོག་དང་བས་མཐའ་དང༌། །དུར་ཁྲོད་རྣམས་དང་ཁང་སྟོང་སོགས། །གཅིག་པུར་གནས་སམ་རྒྱུ་བ་ན། །མདུན་དུ་ལུས་མངོན་སྣང་བར་བྱེད། །དེ་ནས་མི་སྣང་ལམ་འདུག་དང༌། །ཤས་ཆེར་མཚན་མོ་སྒྲ་སྒྲོགས་ཤིང༌། །བུ་ག་དག་ནས་སེ་གོལ་གཏོགས། །ཉལ་བ་རྣམས་ལ་ཕྱིས་གནོན་བྱེད། །སྡུག་པའི་བུད་མེད་གཟུགས་ཀྱིས་ནི། །ལྷན་ཅིག་འདོད་ལ་བསྟེན་པར་བགྱིད། །རྨི་ལམ་སྡིག་པ་མང་པོ་དང༌། །གཞན་ཡང་བཀྲ་མི་ཤིས་པ་སྟོན། །འཇིགས་དང་སྡིག་ལས་སྤྱོད་པ་དང༌། །སྔོན་གྱི་ལས་ཡོངས་སྨིན་པ་དང༌། །མཆོད་པར་འོས་རྣམས་སྤངས་པ་དང༌། །གཙང་སྦྲ་ཚུལ་བཞིན་མི་བྱེད་སོགས། །སྲོག་ཆགས་རྣམས་ཀྱི་ཀུན་སྤྱོད་ལ། །གླགས་སྐབས་རྣམ་པ་སྣ་ཚོགས་ཚོལ། །རིགས་སྔགས་དྲག་ཤུལ་ཅན་དག་གིས། །དཔག་ཚད་སྟོང་ནས་རབ་ཏུ་འདྲེན། །དེ་དག་བ་སྤུའི་སྒོ་སོགས་ནས། །འཇུག་བཟོད་ཕྲ་བའི་ལུས་ཅན་ཏེ། །གསོད་འདོད་གཏོར་མ་འདོད་པ་དང༌། ཁ་ཅིག་རྩེད་མོའི་ཕྱིར་དུ་ཡང༌། །གླགས་དང་བཅས་པའི་མི་རྣམས་ཀྱི། །ལུས་ལ་འཇུག་ཅིང་ཀུན་ཏུ་སྤྱོད། །དེ་དག་ལུས་ལ་བབ་པ་ན། །ཁྲོ་དང་དགོད་དང་གླུ་ལ་དགའ། །རྟག་པར་མང་དུ་སྨྲ་བྱེད་ཅིང༌། །དུ་ཞིང་ཕྱོགས་


LT17_Page_579
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཕྱན་པར་བགྱིད། །ལྷ་དང་ལྷ་མིན་གནོད་སྦྱིན་སོགས། །དེ་དང་དེ་ཡི་སྤྱོད་པ་སྟོན། །ཉིན་བཞི་རྟག་པའི་རིམས་ལ་སོགས། །རིམས་དང་ནད་རིགས་མང་པོ་གཏོང༌། །སྐྱེས་པ་བུད་མེད་བྱིས་རྣམས་དང༌། །ཕྱུགས་དང་རྟ་རྣམས་ལ་ཡང་འཚེ། །ནད་དང་ནད་ཀྱི་མཚན་མ་ཡང༌། །ཕྱིན་ཅི་ལོག་ཏུ་སྣང་བར་བགྱིད། །དམག་དང་འཐབ་མོ་རྩོད་པ་འབྱིན། །མེ་དང་ཆུ་ཡི་འཇིགས་པ་དང༌། །ས་གཡོ་སྐར་མདའ་ལྟུང་བ་དང༌། །གཟའ་སྐར་འཇིགས་པ་སྣ་ཚོགས་སྟོན། །གྲོང་དང་ཡུལ་འཁོར་ཁང་ཁྱིམ་འཇིག །དུག་དང་བཅས་པའི་རླུང་གཏོང་ཞིང༌། །ཆུ་དང་རྩི་ཏོག་མ་རུངས་བྱེད། །ཆུ་ཆར་དུས་བཞིན་འབབ་པ་ལ། །བགེགས་བྱེད་སད་དང་སེར་བ་གཏོང༌། །ཁྱིམ་དུ་ཞུགས་ནས་རྫས་འཕྲོག་ཅིང༌། །ཟས་དང་ནོར་གྱི་གཡང་ལ་རྐུ། །ཡང་དག་འཇོག་གི་གནས་རྣམས་སུ། །སྒྲ་ཆེར་འདོན་ཞིང་དེ་དག་ན། །གནས་པའི་སེམས་ནི་རྙོག་པར་བྱེད། །སུ་དག་སྐལ་བ་དམན་པ་ཡི། །མི་དེ་རྣམས་ཀྱི་ཡིད་བསྒྱུར་ནས། །ནག་པོའི་ཕྱོགས་རབ་འཕེལ་བར་བྱེད། །མདོར་ན་མི་ཡི་འཇིག་རྟེན་ན། །སྡིག་དང་གནོད་འཚེར་བགྲང་བའི་ཕྱོགས། །རྣམ་པ་མང་པོ་སྟོན་བགྱིད་པའི། །འབྱུང་པོ་གང་དང་ཇི་སྙེད་པ། །དེ་ཀུན་འཇིག་རྟེན་སྤྱི་དང་ནི། །བྱེ་བྲག་བདག་ཅག་འཁོར་བཅས་ལ། །ལོག་པར་སེམས་པའི་བསམ་ངན་


LT17_Page_580
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །དེས་བསྐྱེད་སྦྱོར་བ་ངན་པའི་རིགས། །མཐའ་དག་རྣམ་ཀུན་སྤོང་བའི་ཕྱིར། །ཆོས་བཞིན་ཡང་དག་བརྔན་པ་དང༌། །གཞན་ཡང་བདག་གམ་སྦྱིན་བདག་གིས། །སུ་སྔོན་སྲོག་ལས་ཕྲལ་བ་དང༌། །སྡུག་པའི་གཉེན་དང་ཕྱེ་བ་དང༌། །གནས་རྟེན་བཅོམ་དང་ལོངས་སྤྱོད་ཕྲོགས། །དེ་དང་དེ་ལ་སོགས་ཚུལ་གྱིས། །ཁྱེད་ལ་གནོད་པ་ཅི་བགྱིས་པའི། །ཁོན་འཛིན་ཆ་བཅས་སྦྱང་བའི་ཕྱིར། །སེར་སྣའི་གཏན་པ་མ་མཆིས་པའི། །མཆོད་སྦྱིན་འདོད་ཡོན་ལྔ་ལྡན་འབུལ། །གང་ཞིག་ཡི་དྭགས་འཇིག་རྟེན་དུ། །མི་བཟད་ལས་ཡོངས་སྨིན་པའི་ལུས། །ལྗོན་པ་ཀེང་ཤུ་ཀ་འདྲ་བ། །ཆུ་རྒྱུས་མང་པོས་ཤིན་ཏུ་སྦྲེལ། །སོལ་བ་མིག་སྨན་ལྟ་བུའི་མདོག །སྒྲ་ཡིས་ཁ་བཞིན་མུན་ལྟར་ཁེབས། །མིག་ཁུང་ཟབ་ལ་མཆི་མས་ཡོག །སེན་མོ་རིང་ཞིང་མདོག་མི་སྡུག །བ་སྤུ་རིང་ལ་གཟིང་བའི་ནང༌། །སྦྲང་བུ་ཤ་སྦྲང་མཆུ་རྣོན་སོགས། །ཞུགས་ནས་ཁབ་ལྟར་འབིགས་ཤིང་ཟ། །ལུས་ཀུན་འབར་བའི་ཕྲེང་བས་དཀྲིགས། །ལྷག་པར་བཀྲེས་ཤིང་སྨྲེ་སྔགས་འདོན། །སྐོམ་པས་ཉེན་ནས་ཕྱོགས་བཅུར་རྒྱུག །ཆུ་མེད་རི་བྲག་འབྲོག་རྣམས་སུ། །དུ་སྐད་འདོན་ཅིང་རྐང་ལག་རྡོལ། །དེ་དག་སྐྱབས་ཡོད་མ་ཡིན་ཞིང༌། །དཔུང་གཉེན་གྱུར་པ་འགའ་ཡང་མེད། །བརྒྱ་ལམ་ཞིག་ན་ཚེགས་ཆེན་པོས། །རྙེད་ཀྱང་ཚིམས་པར་མི་


LT17_Page_581
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་ཅིང༌། །ཅུང་ཟད་དེ་ཡང་མོད་ལ་སྐྱུགས། །དྲོད་དུས་ཚ་བ་བརྒྱ་འགྱུར་དང༌། །གྲང་ཚེ་ལྷགས་པ་བརྒྱ་འགྱུར་དུ། །བརྣག་དཀའི་ཚོར་བ་སྐྱེད་པར་བྱེད། །དེ་དག་ཆུ་ལ་འཐུང་ན་ཡང༌། །གཤིན་རྗེའི་སྐྱེས་བུ་མིག་དམར་ཞིང༌། །མཆུ་དང་ལྟོ་བ་རབ་འཕྱང་ལ། །ཧ་ཧའི་སྒྲ་སྒྲོགས་མཚོན་ཆ་ཐོགས། །ཆ་བྱད་བསྒྱུར་བ་འཆང་རྣམས་ཀྱིས། །སྤྱོ་ཞིང་ཤིན་ཏུ་རྡེག་པར་བྱེད། །དེ་བཞིན་ཀླུ་རྣམས་ཁ་ཅིག་ནི། །མཁའ་ལྡིང་ཁྲོ་བོའི་འཇིགས་པ་དང༌། །མེ་དང་རིག་སྔགས་བྱེ་ཚན་སོགས། །འཇིགས་པ་མང་པོས་ཀུན་ཏུ་ཁེབས། །དེ་སོགས་འབྱུང་པོ་ཐམས་ཅད་ལ། །ལྷན་ཅིག་སྐྱེས་དང་གློ་བུར་གྱི། །འཇིགས་དང་སྡུག་བསྔལ་ཅི་བདོག་པ། །ཐམས་ཅད་ཐམས་ཅད་ཉེར་ཞི་ནས། །རྟག་ཏུ་བདེ་བ་འཐོབ་བྱའི་ཕྱིར། །ཚོགས་ཆས་སྨན་དགུ་བསྡུས་ནས་འབུལ། །ལུས་དང་སྐྱེ་བ་སྣ་ཚོགས་ལྟར། །བསམ་པའི་ཁྱད་པར་སྣ་ཚོགས་པས། །སོ་སོའི་བསམ་པ་ཇི་བཞིན་དུ། །མཐུན་པའི་རྫས་རྣམས་ཅི་བདེར་བཞེས། །དེ་ཡང་བདག་དང་ཡོན་སྦྱོར་གྱི། །ནོར་ལས་དངོས་སུ་བཤམས་པ་དང༌། །བདེན་པའི་སྟོབས་དང་མོས་པའི་མཐུས། །སྦྱངས་ཤིང་བསྒྱུར་ནས་སྤེལ་བ་ཡི། །ཁྲུས་དང་དྲིལ་ཕྱིས་སྤྱད་པ་དང༌། །མེ་ཏོག་ཕྲེང་བ་སྣ་ཚོགས་དང༌། །བྱུགས་པ་དྲི་ཞིམ་མང་པོ་དང༌། ། །ཨ་ཀ་རུ་སོགས་བདུག་


LT17_Page_582
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤོས། །བཟའ་བ་སྣུམ་ཁུར་གསར་པ་དང༌། །མར་དང་བུ་རམ་ལ་སོགས་སུ། །བཅས་དང་མ་བཅས་འབྲས་ཆན་དང༌། །དེ་བཞིན་སྲན་མ་མུད་ག་དང༌། །མོན་སྲན་ལས་བགྱིས་ཚོད་མ་དང༌། །ནས་ཆེན་མར་དང་མེ་ཏོག་བཅུད། །བུ་རམ་ཤིང་གི་བཅའ་བ་དང༌། །ཤིང་ཏོག་རྣམ་པ་སྣ་ཚོགས་དང༌། །ལ་ཕུག་ལན་ཚ་ཏིལ་གྱི་ཕྱེ། །ཏིལ་གྱི་ཚིག་མའི་ཟས་དག་དང༌། །རྗེན་དང་བཙོས་པའི་ཤ་རྣམས་དང༌། །འོ་ཐུག་ཞོ་དང་མངར་བའི་ཁུ། །ཁྲག་དང་ཆང་དང་ཆུའི་བཏུང་བ། །ལ་སོགས་ཐུན་མོང་མཐུན་རྫས་དང༌། །སོ་སོར་དགོས་སུ་འཚམས་པ་ཡི། །གཏོར་མ་བཟང་ལ་མང་བ་རྣམས། །གསེར་སོགས་བཞུ་དང་མི་བཞུ་བའི། །རིན་པོ་ཆེ་ཡི་བྱེ་བྲག་དང༌། །དེ་དག་རྒྱན་དུ་བགྱིས་པ་དང༌། །གོས་ཀྱི་ཁྱད་པར་དུ་མ་དང༌། །གདུགས་སོགས་གང་ལ་གང་མཐུན་དུ། །སྦྱར་ནས་ཇི་ལྟར་འབྱོར་པ་དང༌། །ཅི་ལྟར་ནུས་བཞིན་ཡང་དག་འབུལ། །བདག་གམ་སྦྱིན་པའི་བདག་པོ་ཡི། །གནས་སམ་ལུས་དང་ལོངས་སྤྱོད་ལ། །ལྷག་པར་ཞེན་ཞིང་མི་གཏོང་ན། །དངོས་ལས་བཟོ་བཀོད་བཟང་བ་ཡི། །ཁང་ཁྱིམ་ཡུལ་འཁོར་བཅས་པ་དང༌། །གཟུགས་བྱད་མི་ལས་ལྷག་པ་ཡི། །གླུད་གཟུགས་རྒྱན་དང་ལྡན་པ་དང༌། །རྟ་ཕྱུགས་དབྱིག་ལ་སོགས་པ་རྣམས།


LT17_Page_583
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་དེ་ལས་ཀྱང༌། །ལྷག་པའི་བར་དུ་བྱིན་བརླབས་ནས། །ཕུལ་བས་བདག་ཅག་འཁོར་བཅས་ཀྱི། །ཚབས་སམ་དོད་དུ་དགོངས་ལ་སྣོམས། །ཞི་ཞིང་བྱམས་པའི་སེམས་སུ་མཛོད། །གཉིས་པ་ནི། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །ལྷ་གདོན་ཕོ་དང་མོ་རྣམས་དང༌། །ལྷ་ཡི་བུ་ཕོ་བུ་མོ་དང༌། །ལྷ་ཡི་རྒས་པོ་རྒས་མོ་དང༌། །ལྷ་འཁོར་ཕོ་དང་མོ་རྣམས་ཀུན། །སྤྱི་དགོས་མཐུན་པའི་རྫས་འདི་དག །བཞེས་ནས་ཚིམས་ཤིང་རངས་པར་ཤོག །བདག་དང་སྦྱིན་བདག་འཁོར་བཅས་ལ། །བསམ་དང་སྦྱོར་བ་ལོག་པའི་དུག །བྱུང་དགུ་གླུད་ལ་འཕོ་བ་དང༌། །སླད་ཀྱང་འབྱུང་བ་མེད་པར་མཛོད། །ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །ཀླུ་གདོན་ཕོ་དང་མོ་རྣམས་དང༌། །ཀླུ་ཡི་བུ་ཕོ་བུ་མོ་དང༌། །ཀླུ་ཡི་རྒས་པོ་རྒས་མོ་དང༌། །ཀླུ་འཁོར་ཕོ་དང་མོ་རྣམས་ཀུན། །སྤྱི་དགོས་མཐུན་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །ལྷ་མིན་ཕོ་དང་མོ་རྣམས་དང༌། །ལྷ་མིན་བུ་ཕོ་བུ་མོ་དང༌། །ལྷ་མིན་རྒས་པོ་རྒས་མོ་དང༌། །ལྷ་མ་ཡིན་འཁོར་ཕོ་མོ་རྣམས། །སྤྱི་དགོས་མཐུན་སོགས། ཡེ་་སོགས། བཀའ་


LT17_Page_584
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །རླུང་ལྷ་ཕོ་དང་མོ་རྣམས་དང༌། །རླུང་ལྷའི་བུ་ཕོ་བུ་མོ་དང༌། །རླུང་ལྷ་རྒས་པོ་རྒས་མོ་དང༌། །རླུང་ལྷའི་མངག་གཞུག་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །ནམ་མཁའ་ལྡིང་ཕོ་མོ་རྣམས་དང༌། །མཁའ་ལྡིང་བུ་ཕོ་བུ་མོ་དང༌། །མཁའ་ལྡིང་རྒས་པོ་རྒས་མོ་དང༌། །མཁའ་ལྡིང་གཡོག་འཁོར་ཕོ་མོ་རྣམས། །སྤྱི་དགོས་སོགས། །ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །དྲི་ཟ་ཕོ་དང་མོ་དག་དང༌། །དྲི་ཟའི་བུ་ཕོ་བུ་མོ་དང༌། །དྲི་ཟ་རྒས་པོ་རྒས་མོ་དང༌། །དྲི་ཟའི་གཡོག་འཁོར་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། །བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །མི་ཅི་ཕོ་དང་མོ་དག་དང༌། །མི་ཅིའི་བུ་ཕོ་བུ་མོ་དང༌། །མི་ཅི་རྒས་པོ་རྒས་མོ་དང༌། །མི་ཅིའི་མངག་གཞུག་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །ལྟོ་འཕྱེ་ཆེན་པོ་ཕོ་མོ་དང༌། །ལྟོ་འཕྱེའི་བུ་ཕོ་བུ་མོ་དང༌། །ལྟོ་འཕྱེ་རྒས་པོ་རྒས་མོ་དང༌། །ལྟོ་འཕྱེའི་གཡོག་


LT17_Page_585
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །གནོད་སྦྱིན་ཕོ་དང་མོ་དག་དང༌། །གནོད་སྦྱིན་བུ་ཕོ་བུ་མོ་དང༌། །གནོད་སྦྱིན་རྒས་པོ་རྒས་མོ་དང༌། །གནོད་སྦྱིན་མངག་གཞུག་ཕོ་མོ་རྣམས། །སྤྱི་དགོས་སོགས། །ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །སྲིན་པོ་ཕོ་དང་མོ་དག་དང༌། །སྲིན་པོའི་བུ་ཕོ་བུ་མོ་དང༌། །སྲིན་པོ་རྒས་པོ་རྒས་མོ་དང༌། །སྲིན་པོའི་མངག་གཞུག་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །ཡི་དྭགས་ཕོ་དང་མོ་དག་དང༌། །ཡི་དྭགས་བུ་ཕོ་བུ་མོ་དང༌། །ཡི་དྭགས་རྒས་པོ་རྒས་མོ་དང༌། །ཡི་དྭགས་མངག་གཞུག་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །ཤ་ཟ་ཕོ་དང་ཤ་ཟ་མོ། །ཤ་ཟའི་བུ་ཕོ་བུ་མོ་དང༌། །ཤ་ཟ་རྒས་པོ་རྒས་མོ་དང༌། །ཤ་ཟའི་གཡོག་འཁོར་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །འབྱུང་པོ་ཕོ་དང་མོ་དག་དང༌། །འབྱུང་པོའི་བུ་ཕོ་བུ་མོ་དང༌། །འབྱུང་པོ་རྒས་པོ་རྒས་མོ་དང༌། །


LT17_Page_586
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་གཡོག་འཁོར་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །གྲུལ་བུམ་ཕོ་དང་མོ་དག་དང༌། །གྲུལ་བུམ་བུ་ཕོ་བུ་མོ་དང༌། །གྲུལ་བུམ་རྒས་པོ་རྒས་མོ་དང༌། །གྲུལ་བུམ་མངག་གཞུག་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །སྲུལ་པོ་ཕོ་དང་མོ་དག་དང༌། །སྲུལ་པོའི་བུ་ཕོ་བུ་མོ་དང༌། །སྲུལ་པོ་རྒས་པོ་རྒས་མོ་དང༌། །སྲུལ་པོའི་གཡོག་འཁོར་ཕོ་མོ་དང༌། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །ལུས་སྲུལ་ཕོ་དང་མོ་དག་དང༌། །ལུས་སྲུལ་བུ་ཕོ་བུ་མོ་དང༌། །ལུས་སྲུལ་རྒས་པོ་རྒས་མོ་དང༌། །ལུས་སྲུལ་མངག་གཞུག་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །སྐེམ་བྱེད་སྐེམ་བྱེད་མོ་དག་དང༌། །སྐེམ་བྱེད་བུ་ཕོ་བུ་མོ་དང༌། །སྐེམ་བྱེད་རྒས་པོ་རྒས་མོ་དང༌། །སྐེམ་བྱེད་གཡོག་འཁོར་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །སྨྱོ་བྱེད་ཕོ་དང༌།


LT17_Page_587
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དག་དང༌། །སྨྱོ་བྱེད་བུ་ཕོ་བུ་མོ་དང༌། །སྨྱོ་བྱེད་རྒས་པོ་རྒས་མོ་དང༌། །སྨྱོ་བྱེད་མངག་གཞུག་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །གྲིབ་གནོན་ཕོ་དང་མོ་དག་དང༌། །གྲིབ་གནོན་བུ་ཕོ་བུ་མོ་དང༌། །གྲིབ་གནོན་རྒས་པོ་རྒས་མོ་དང༌། །གྲིབ་གནོན་གཡོག་འཁོར་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །བརྗེད་བྱེད་ཕོ་དང་མོ་དག་དང༌། །བརྗེད་བྱེད་བུ་ཕོ་བུ་མོ་དང༌། །བརྗེད་བྱེད་རྒས་པོ་རྒས་མོ་དང༌། །བརྗེད་བྱེད་གཡོག་འཁོར་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །གནོན་པོ་ཕོ་དང་མོ་དག་དང༌། །གནོན་པོའི་བུ་ཕོ་བུ་མོ་དང༌། །གནོན་པོའི་རྒས་པོ་རྒས་མོ་དང༌། །གནོན་པོའི་གཡོག་འཁོར་ཕོ་མོ་རྣམས། །སྤྱི་དགོས་སོགས། ཡེ་་སོགས། བཀའ་འདི་གཞན་དུ་མི་འགྱུར་དང༌། །མདོ་སྡེ་ལེགས་བརྗོད་བདེན་པའི་མཐུས། །མདངས་འཕྲོག་པ་དང་མངལ་ལ་ཟ། །སྲོག་འཕྲོག་གཏོར་མ་ཟ་བ་དང༌། །ཤ་ཟ་བ་དང་ཁྲག་འཐུང་དང༌། །ཞག་དང་ཚིལ་བུ་ཟ་རྣམས་དང༌། །དེ་བཞིན་རྐང་དང་བཙས་པ་ཟ། །


LT17_Page_588
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་དང་མེ་ཏོག་འབྲས་བུ་དང༌། །ལོ་ཏོག་སྦྱིན་བསྲེག་ཟ་བ་དང༌། །རྣག་དང་ཕྱི་སའི་ཟས་ཅན་དང༌། །གཅིན་དང་མཆིལ་མ་ངར་སྣབས་ཟ། །སྣབས་དང་ལྷག་མ་ཟ་བ་དང༌། །སྐྱུགས་པ་རྣམས་དང་མི་གཙང་ཟ། །སྟོར་ཁུང་ནས་འབབ་འཐུང་བ་རྣམས། །སྤྱི་དགོས་མཐུན་པའི་རྫས་འདི་དག །བཞེས་ནས་ཚིམས་ཤིང་རངས་པར་ཤོག །བདག་དང་སྦྱིན་བདག་འཁོར་བཅས་ལ། །བསམ་དང་སྦྱོར་བ་ལོག་པའི་དུག །བྱུང་དགུ་གླུད་ལ་འཕོ་བ་དང༌། །སླད་ཀྱང་འབྱུང་བ་མེད་པར་མཛོད། །གཉིས་པ་ནི། ཡེ་་སོགས། ཆོས་གང་རྒྱུས་བྱུང་དེ་དག་དང༌། །རྒྱུ་དང་དེ་འགོག་གང་ཡིན་པའང༌། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །འཇིག་རྟེན་བདེ་སྡུག་མི་མཉམ་པ། །འདི་ཀུན་རྒྱུ་མེད་ངོ་བོ་དང༌། །དུས་དང་རང་བཞིན་ལས་སྐྱེས་མིན། །སྣ་ཚོགས་ལས་ཀྱི་བཟོ་བོས་བྱས། །ས་བོན་རྩུབ་མོ་བཏབ་པ་ལས། །འབྲས་བུ་རྩུབ་མོ་རྣམ་པར་སྨིན། །དེ་བཞིན་ས་བོན་དགེ་བ་ལས། །རྒྱུ་དང་མཐུན་པའི་འབྲས་བུ་འབྱུང༌། །རྨོངས་པ་སྡིག་ལ་དགའ་བ་རྣམས། །སྡུག་བསྔལ་ཉིད་དུས་སྡུག་བསྔལ་རྒྱུ། །ཕན་ཚུན་འཁོར་ལོ་བསྐོར་བ་བཞིན། །རྒྱུན་མི་འཆད་དུ་རྗེས་སུ་འཇུག །ཁྱེད་ཀྱང་བསོད་ནམས་མ་ཡིན་པའི། །སྔོན་བྱས་ལས་ཀྱིས་འདིར་སྐྱེས་ཏེ། །ད་དུང་གཞན་ལ་གནོད་བགྱིད་ན། །ཤི་


LT17_Page_589
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་འགྲོ་བ་ཇི་ལྟར་འགྱུར། གཞན་གྱི་འཚོ་བ་ཕྲོགས་ནས་སུ། །བདག་ཉིད་འཚོ་བ་ལྷུར་ལེན་རྣམས། །ཟས་ཀྱི་དགོས་པ་ཙམ་གྱི་ཆེད། །ངན་འགྲོའི་གནས་སུ་ཡུན་རིང་བརླག །ཇི་ལྟར་བདག་ལ་སྲོག་ཕངས་པ། །དེ་ལྟར་ཀུན་ལ་སྲོག་ཕངས་པས། །རྣམ་ཀུན་གཞན་ལ་མི་འཚེ་བའི། །ཚུལ་ཁྲིམས་མང་དུ་གོམས་པར་མཛོད། །སྤྲོ་ན། ཡན་ལག་བྱེ་བྲག་བཅུ་གཉིས་གང༌། །ཐུབ་པས་རྟེན་འབྱུང་གསུངས་དེ་དག་སོགས། དབུ་མ་རྟེན་འབྲེལ་སྙིང་པོའི་གཞུང་བཀླག །སྡིག་པ་ཅི་ཡང་མི་བྱ་སོགས། བསྟན་པ་ཡིན། བཞི་པ་ལ། དཀོན་མཆོག་གསུམ་གྱི་བདེན་སྟོབས་དང༌། གདོན་རྣམས་ཀྱི་བདག་པོའི་བདེན་སྟོབས་བརྗོད་པ་གཉིས། དང་པོ་ནི། ཡེ་་སོགས། དེ་ཕྱིར་རྐང་གཉིས་འཇིག་རྟེན་ན། །སངས་རྒྱས་མཆོག་ཡིན་བདེན་པའི་ཚིག །དེ་བསྟན་ཁོ་ནར་ཆོས་ཀྱི་མཆོག །འདོད་ཆགས་བྲལ་ཡོད་བདེན་པའི་ཚིག །ཆོས་དེ་མངོན་སུམ་བགྱིས་པ་རྣམས། །ཚོགས་ཀྱི་མཆོག་ཡིན་བདེན་པའི་ཚིག །དཀོན་མཆོག་བདེན་མཐུ་བསམ་མི་ཁྱབ། །མདོ་སྡེའི་ནུས་པ་བསམ་མི་ཁྱབ། །བདེན་ལས་མཐུ་སྟོབས་ཆེ་བ་གཞན། །འཇིག་རྟེན་ཀུན་ན་མ་མཆིས་ཏེ། །བདེན་པས་མེ་དང་ཆུ་གཏེར་དང༌། །སྤྲིན་ཡང་འདོད་པ་བཞིན་དུ་བྱེད། །འཇིག་རྟེན་དཀའ་ཐུབ་གྲུབ་རྣམས་ཀྱི། །དམོད་པའི་མཚོན་ཡང་མི་བཟད་ན། །བླ་མེད་ཡེ་ཤེས་བརྙེས་རྣམས་ཀྱི། །གསུང་གི་ནུས་པ་སྨོས་ཅི་འཚལ། །


LT17_Page_590
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བདེན་པ་འདི་དག་དང༌། །བདེན་པའི་ཚིག་ནི་དེ་དག་གིས། །རླུང་དང་མཁྲིས་པ་ལས་གྱུར་དང༌། །བད་ཀན་འདུས་ལས་གྱུར་པ་ཡི། །ནད་རྣམས་ཐམས་ཅད་ཟད་པ་དང༌། །ཞི་ཞིང་རབ་ཏུ་ཞི་བར་ཤོག །མཐོང་དང་རེག་དང་ཁ་རླངས་དང༌། །དམོད་པ་རིག་སྔགས་ལས་གྱུར་སོགས། །དུག་རྣམས་ཐམས་ཅད་ངེས་པར་བཅོམ། །གདོན་ཀུན་བྱམས་དང་ལྡན་པར་ཤོག །ཆུ་དང་མེ་དང་གནམ་ལྕགས་དང༌། །བཤེས་བྲལ་རྣམས་དང་དབུལ་ཕོངས་དང༌། །གཡུལ་དང་རྒྱལ་པོའི་ཆད་པ་དང༌། །སྡིག་པའི་མཚན་མ་སྣ་ཚོགས་སོགས། །མི་དང་མི་མིན་ལས་བྱུང་བའི། །འཇིགས་པའི་རང་བཞིན་ཇི་སྙེད་པ། །ལེགས་གསུང་མདོ་སྡེའི་གཟི་བརྗིད་ཀྱིས། །བཅོམ་ནས་ལྡོག་ཏུ་མེད་པར་ཤོག །བདག་དང་གཞན་གྱི་གཟི་བྱིན་དང༌། །སྟོབས་དང་གཡང་ལ་བརྐུས་པ་རྣམས། །མདོ་སྡེའི་ནུས་པས་སླར་ཕྲོགས་ནས། །ཞི་དང་བདེ་ལེགས་འགྱུར་བར་ཤོག །གདོན་རྣམས་རང་རང་ལས་རྗེས་སུ། །འབྲེལ་བའི་སྡུག་བསྔལ་ཅི་མཆིས་ཀྱང༌། །མདོ་སྡེའི་བདུད་རྩི་འདི་ཉིད་ཀྱིས། །ཉེ་བར་ཞི་ནས་བདེ་གྱུར་ཅིག །ཡུལ་འཁོར་འདི་དང་གྲོང་འདི་དང༌། །ནད་པ་འདི་ཞེས་བྱ་ལ་སོགས། །ཇི་ལྟར་དམིགས་བཞིན་བསྲུང་བ་དང༌། །བསྐྱབ་དང་གཟུང་བ་འགྲུབ་གྱུར་ཅིག །ཅེས་བརྗོད་དེ་གཟུངས་ཆབ་དང༌། སྟོན་པའི་སྐུ་གཟུགས་ལ་ཁྲུས་གསོལ་བའི་ཁྲུས་ཆབ་ཀྱིས་བསྒྲུབ་བྱ་བཀྲུ་ཞིང༌། འབྱུང་


LT17_Page_591
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དཀྱིལ་འཁོར་གྱི་ཕྱོགས་སུའང་འཐོར། དེ་འདྲ་བ་ལན་ཅི་ནུས་སུ་བསྐྱར། གཉིས་པ་ནི། ཡེ་་སོགས་མཐར། རྒྱལ་བ་ཉིད་ལས་མངོན་སུམ་དུ། །མདོ་འདི་སྔོན་ཆད་ཐོས་པ་ཡི། །ཚངས་དང་ལེགས་ལྡན་སྲེད་མེད་བུ། །དབང་ཕྱུག་ཆེ་དང་རྡོ་རྗེ་འཆང༌། །དྲི་ཟ་གཙུག་ཕུད་ལྔ་པ་སོགས། །མཐུ་ཆེ་རྫུ་འཕྲུལ་ཆེ་བའི་ལྷ། །དེ་རྣམས་ཀུན་གྱི་གཟི་བརྗིད་དང༌། །མིང་དང་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ཉིན་གཅིག་པ་དང་ཉིན་གཉིས་སོགས། །རིམས་རྣམས་ཐམས་ཅད་ཞི་གྱུར་ཅིག །ཤུ་བ་མེ་དབལ་ལ་སོགས་པ། །གཉན་རྣམས་ཐམས་ཅད་ཞི་གྱུར་ཅིག །ཀླད་ནད་གཞོགས་ཕྱེད་ན་བ་སོགས། །ནད་རྣམས་ཐམས་ཅད་ཞི་གྱུར་ཅིག །ལྷ་དང་གནོད་སྦྱིན་ལ་སོགས་པ། །གདོན་རྣམས་ཐམས་ཅད་ཞི་གྱུར་ཅིག །གྲུབ་དང་འབྱུང་པོས་བྱས་ལ་སོགས། །རིགས་སྔགས་ཐམས་ཅད་ཞི་གྱུར་ཅིག །རྩ་བ་མཆེ་བའི་དུག་ལ་སོགས། །དུག་རྣམས་ཐམས་ཅད་ཞི་གྱུར་ཅིག །དགྲ་དང་ཆོམ་པོས་འཚེ་བ་སོགས། །འཇིགས་པ་ཐམས་ཅད་ཞི་གྱུར་ཅིག །ཞི་ནས་བདག་ཅག་འཁོར་དང་བཅས། །ཚེ་རིང་ནད་རྣམས་མེད་པ་དང༌། །དབང་ཕྱུག་བདེ་བ་དཔེ་མེད་ཤོག །དེ་བཞིན་འབྱུང་པོ་ཐམས་ཅད་ཀྱང༌། །རྟག་ཏུ་བྱམས་པ་ལ་གནས་ཤིང༌། །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །ཅེས་ཇི་ལྟར་འཚམས་པ་བཟླ། ལྔ་པ་ནི། མདོས་དཀྱིལ་བསྐུལ་ཏེ། དེ་ལྟར་མཆོད་སྦྱིན་དཀྱིལ་


LT17_Page_592
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདིར། །འབྱུང་པོ་ཐམས་ཅད་སྤྱན་དྲངས་ནས། །བརྔན་སྦྱིན་རྒྱ་ཆེར་བྱས་ཟིན་པས། །དུས་ཤེས་གྱིས་ལ་གཞན་དུ་དེངས། །ཤིང་གཅིག་ལྷ་ཁང་སྟོང་པ་དང༌། །དུར་ཁྲོད་ལ་སོགས་འབྱུང་པོའི་གནས། །ཇི་ལྟར་བདེ་བ་དེ་དང་དེར། །ཕྱི་མིག་མ་ལྟ་དགའ་མགུར་སོང༌། །སྙིང་བརྩེ་ཕྱོགས་སུ་མ་ལྷུང་བས། །ཅི་འདོད་ཕངས་པ་མ་མཆིས་པར། །བསྟབས་པའི་རྫས་འདིས་མགུས་བྱོས་ལ། །ཕན་ཚུན་རྩོད་པ་མེད་པར་དོང༌། །ཟང་ཟིང་སྦྱིན་པས་རབ་མགུ་ཞིང༌། །ཆོས་སྦྱིན་བཟང་པོས་དུལ་བའི་སེམས། །མཐུན་པའི་སྤྱོད་ཡུལ་འབའ་ཞིག་ནས། །གཞན་གནོད་མ་བྱེད་དྲང་པོར་སོང༌། །སུ་དག་ཞི་བའི་ཡིད་ཅན་དང༌། །ཕན་པར་འདོད་པས་གནས་རྣམས་ནི། །ཅི་བདེ་བར་ནི་སྤྱོད་ཅིང་འཁོད། །དེ་ཀུན་དོན་ཡང་འགྲུབ་པར་ཤོག །འབྱུང་པོ་གང་དག་གདམས་ན་ཡང༌། །བྱམས་པའི་དྲིན་ལ་མི་སེམས་ཤིང༌། །བདེན་པའི་ཚིག་ལ་མི་བརྩི་ན། །དེ་དག་མདོ་སྡེའི་ཞགས་པས་བརླག །དེ་དག་ལུས་ལ་ཤ་བཀྲ་དང༌། །ཕོལ་མིག་མི་བཟད་འབྱུང་བར་འགྱུར། །དེ་ཡི་བུ་ཕོ་ཐུ་བོ་ཡང༌། །མདོ་སྡེའི་ཆད་པས་འཆི་བར་འགྱུར། །མཐུ་ཆེན་རྒྱལ་པོ་སྡེ་བཞི་ཡི། །གཞལ་མེད་ཁང་པ་ཉམས་དགའ་དང༌། །ཉམས་དགའི་འབྱོར་པ་རྒྱ་ཆེན་ཀུན། །མཐོང་བར་ཡང་ནི་མི་འགྱུར་རོ། །འབྱུང་པོ་མང་པོའི་ཟས་གྲལ་དུ། །སྟན་དང་ཆུ་ཡང་མི་འཐོབ་སྟེ། །དེ་


LT17_Page_593
[མ་དཔེ་གཟིགས་ན་འདིར་གནོན།]

དག་རྒྱལ་པོའི་ཆད་པ་ཡིས། །གནས་ནས་གནས་སུ་སྐྲོད་པར་འགྱུར། །རྒྱལ་པོའི་གཡོག་འཁོར་རྫུ་འཕྲུལ་ཅན། །བཞོན་པ་སྣ་ཚོགས་ལ་ཞོན་ནས། །ཕྱོགས་བཞི་ཡོངས་སུ་སྐྱོང་རྣམས་ཀྱང༌། །མཚོན་ཆ་མང་པོ་འཕེན་པར་བྱེད། །དེ་ཕྱིར་བདེན་པའི་ཚིག་ཉན་ནས། །གྲོང་ཁྱེར་བསྲུང་བ་འདི་ཐོང་ལ། །བྱིན་པའི་མདོས་གླུད་འདི་ཉིད་བཞེས། །ད་ལྟ་ཉིད་དུ་སོ་སོར་དེངས། །མདོས་བཏེགས་ལ། སྤོས་དུད་རོལ་མོའི་སྒྲ་ལ་སོགས་པས་མདུན་བསུས་ཏེ། འབྱུང་པོ་གང་དག་མཆོད་སྦྱིན་གྱི་ཆོ་གས་ལེགས་པར་བརྔན་ཞིང་རིགས་པའི་ཚིག་གིས་བསྒོ་ཡང་མི་འགྲོ་ཞིང་སླར་ལ་མི་ཕན་པར་སེམས་པ་དེ་དག་ལེགས་པར་གསུངས་པའི་གཟི་བརྗིད་ཀྱིས་ཉམས་ནས་རབ་ཏུ་ཕམ་པར་གྱུར་ཅིག །ཡེ་་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དྭི་མ་ཧཱ་ཤྲ་མཎཿ སོགས་ཅི་རིགས་བཟླ། གླུད་གཏོར་རྣམས་སྲང་མདོ་དང་ཆུ་ཀླུང་ལ་སོགས་པ་འབྱུང་པོ་འདུ་བའི་ཕྱོགས་སུ་སྐྱེལ་བར་བྱའོ། །གསུམ་པ་ནི། གསེར་ལ་སོགས་པས་བྲིས་པའི་རྟེན་འབྲེལ་སྙིང་པོའི་གླེགས་བམ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་སྤོས་རོལ་དང་བ་དན་ལ་སོགས་པ་མཆོད་སྤྲིན་ཆེན་པོ་དང་བཅས་པས་གྲོང་ཁྱེར་རམ་ཁྱིམ་མམ་ཡུལ་འཁོར་གང་བསྲུང་བར་འདོད་པ་དེ་སྐོར་ཞིང༌། དེ་དང་དེའི་དབུས་སུ་མཆོད་སྟོན་རྒྱ་ཆེར་བཤམས་པའི་དཀྱིལ་དུ་བཙུགས་ལ་དགེ་འདུན་རྣམས་མདུན་དུ་འཁོད་དེ་ཡངས་པའི་གྲོང་ཁྱེར་དུ་འཇུག་པ་ནས་གསུངས་པ་སོགས་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་བཀླག །རྒྱལ་མཚན་བཀུར་སྟི་ཆེན་པོ་དང་བཅས་པས་རང་གནས་སུ་སྤྱན་


LT17_Page_594
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པར་བྱའོ། །དེ་ལྟར་མ་གྲུབ་ནའང་ཤིས་བརྗོད་ཀྱི་མདོ་སྡེ་ཀློག་པ་སོགས་བྱའོ། །འགྲོ་མང་སྡུག་བསྔལ་ལས་སྐྱོབ་ཕྱིར། །གསོ་ཆོག་བཟང་པོ་འདི་སྦྱར་བས། །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི། །བདེ་བ་མི་ཟད་ལ་རེག་ཤོག །རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་གླུད་གཏོར་བསྔོ་བའི་ཆོ་ག་བྱམས་ཆེན་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ་འདིའང་འཇིགས་མེད་བསྟན་པའི་ཉི་མས་རང་ཉིད་བགྲང་བྱ་ཉེར་དྲུག་ཏུ་སོན་པ་ལྕགས་སྟག་རྒྱལ་གྱི་ཉ་བའི་དཀར་ཕྱོགས་ཀྱི་རྫོགས་པ་ཕྱི་མ་ལ་ལེགས་པར་གྲུབ་པར་བགྱིས་པའི་དགེ་བས་སེམས་ཅན་ཐམས་ཅད་བདེ་ལེགས་ཀྱི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག། །།

རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་བསོད་ནམས་བྱ་བའི་ཆོ་ག


LT17_Page_595
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་སྙིང་པོ་ལ་བརྟེན་ཏེ་བསོད་ནམས་བྱ་བའི་ཆོ་ག་མཆོད་སྦྱིན་གཏེར་གྱི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །


LT17_Page_596
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་་སེང་གེ་ལ་ཕྱག་འཚལ་ལོ། །དེའང་གཟུངས་སྔགས་ཀྱི་ཚུལ་རྒྱ་མཚོའི་ནང་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བསྟན་དོན་སྟོང་དང་རྟེན་འབྱུང་ཟུང་འཇུག་གི་དོན་དུ་བཟླུམ་པ་རྟེན་འབྲེལ་སྙིང་པོའི་གཟུངས་ལ་བརྟེན་ཏེ་མཆོད་སྦྱིན་གྱི་ཆོ་ག་ཉེ་བར་སྒྲུབ་པ་ལ། སྦྱོར་དངོས་གཉིས་ལས་དང་པོ་ནི། །གོང་དུ་མཆོད་པའི་མནྜལ་ཟླུམ་པོ་བ་བྱུང་དང་དྲི་བཟང་གིས་བྱུགས་པའི་དཀྱིལ་དུ་སྟོན་པའི་སྐུ་བྱིན་ཅན་བཞུགས། དེའི་གཡས་སུ་གཟུངས་བུམ་བཟང་པོ་དྲུག་དང་གྷི་ཧཾ་དང་ཙནྡན་དཀར་དམར་ལ་སོགས་པའི་ཆུས་བལྟམས་ཤིང་འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་དང་བཅས་ཏེ་བཞག་ལ། མཐའ་བསྐོར་དུ་མཆོད་ཡོན་དང་མེ་ཏོག་དང་སྤོས་དང་མར་མེ་དང་ལྷ་བཤོས་ལ་སོགས་པ་བཟང་ལ་མང་བ་བརྒྱ་མཆོད་དམ་སྟོང་མཆོད་ལྟ་བུ་ཅི་འབྱོར་བསྟར་ལེགས་སུ་བཤམ། མཆོད་དཀྱིལ་གྱི་མདུན་ངོས་དམའ་བར་སྟེགས་བུ་གྲུ་བཞི་ཁྱོན་ཡངས་པ་ལ་དབུས་སུ་རི་རབ་དང༌། ཕྱོགས་མཚམས་སུ་གླིང་གཙོ་དང༌། གླིང་ཕྲན། མཐའ་བསྐོར་དུ་ཁོར་ཡུག་ལྕགས་རི་དང་བཅས་པའི་བཀོད་པ་


LT17_Page_597
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པ་རེ་བྱས་ལ་ཚོན་གྱིས་བསྒྱུར། རི་རབ་ཀྱི་སྟེང་དུ་ཚོན་སྣའི་སྐུད་པ་ལས་ཁང་བཟང་གྲུ་བཞི་པའི་རྣམ་པར་ཕུབ་སྟེ་དེའི་ནང་གི་ཕྱོགས་བཞི་དབུས་དང་ལྔར་རིན་པོ་ཆེའི་སྣོད་བཟང་པོར་དཀར་གསུམ་མངར་གསུམ་གྱི་གཏོར་མ་ཟླུམ་པོ་གཙང་ཞིང་གྱ་ནོམ་པ་དང༌། མཆོད་ཡོན་རྙོག་མེད། འོ་ཕུད་མངར་དང་སྦགས་པ་རྣམས་ཚང་བ་རེ་བཤམས། །དབུས་ཀྱི་གཏོར་མའི་མདུན་ཕྱོགས་སུ་དམར་གཏོར་བརྗིད་བག་ཅན་ཟན་དང་ཤ་དུམ་སོགས་ཀྱིས་བསྐོར་བ་དང༌། བར་མཚམས་སུ་དཀར་གཏོར་གང་རིགས་བཞག་གླིང་བཞི་གླིང་ཕྲན་བརྒྱད་ལ་སོ་སོར་ངར་གླུད་དང་ནམ་རྒྱང་མདའ་འཕང་ཤིང་རིས་རྣམས་ཚང་བ་རེ་དང༌། །དེ་དག་གི་མཐར་ཤ་ཆང་ལ་ཕུག་སྒོག་ཙོང་སྲན་ཆན་སོགས་འབྱུང་པོའི་ཟས་སྣ་དང༌། གོས་དར་འབྲུ་སྣ་རིན་པོ་ཆེ་སོགས་དཀོར་ཆ། །མཐའ་འཁོར་དུ་རི་དྭགས་དང་གཡུང་དྭགས་སོགས་སྲོག་ཆགས་ཀྱི་མདངས་གང་མང་བཀོད། ངར་གླུད་རྣམས་ཀྱི་མདུན་དུ་ཆང་བུ་དང་ཏིང་ལོ་བཞག །ཅི་བདེ་བར་ཁ་སྐོང་གི་མཆོད་གཏོར་དཀར་མངར་ཟས་སྣས་


LT17_Page_598
[མ་དཔེ་གཟིགས་ན་འདིར་གནོན།]

སྦགས་པ་བརྒྱ་རྩ་དང༌། དེ་ལས་ལོགས་སུ་མཐིང་ཤེལ་ཟངས་ལྕགས་སོགས་གླུད་རྫས་དང་འབྱུང་བཞིའི་འཁོར་ལོ་སྲོག་ཞུགས་ཀྱི་སྦྲེལ་གླུད་ཆེ་བ་གླུད་ཕྲན་བརྒྱ་རྩ། ཆང་བུ་བརྒྱ་རྩ། རིལ་བུ་བརྒྱ་རྩ་རྣམས་ཇ་ཤ་སྔོ་ངད་སོགས་ཀྱིས་བརྒྱན་ཏེ་ཉེ་བར་བསྡོགས། དེ་ནས་དངོས་གཞི་ལ་བབ་པ་ན། གཙང་སྦྲའི་ཀུན་སྤྱོད་དང་ལྡན་པས་མཆོད་སྦྱིན་མཁན་པོ་རྣམས་རང་རང་གི་སྟན་ལ་འདུག་སྟེ། དཀོན་མཆོག་གསུམ་ལ་གུས་པ་མངོན་དུ་ཕྱོགས་པའི་ཡིད་ཀྱིས་སྐྱབས་སེམས་བྱ། རྟེན་སྙིང་གི་ཆོ་ག་རྒྱ་གཞུང་མའི་རང་ཚིག ༈ །འདི་ལྟར་ལས་དང་ཉོན་མོངས་ཡོད་གྱུར་ན། །སེམས་ཅན་རྣམས་ནི་འཁོར་བར་འགྲོ་འགྱུར་ལ། །ལས་དང་ཉོན་མོངས་མེད་ན་འཁོར་བ་ལས་ཀྱང་ལྡོག །བདེན་པ་འདི་ཡིས་བདག་གི་བསམ་པ་འགྲུབ་གྱུར་ཅིག །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ༴ ལན་ཅིག་ཕྱིར་འོང་བ༴ རྒྱུན་དུ་ཞུགས་པ༴ འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ༴ བརྟུལ་ཞུགས་གྲུབ་པ༴ སེམས་ཅན་གྱི་སྨན་པ༴ ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་མཐར་རྟེན་སྙིང་དང་མཆོད་པའི་སྤྲིན་གཟུངས་སྦྲེལ་བ་ལན་བདུན་གྱིས་མཆོད་པ་རྣམས་བྱིན་གྱིས་བརླབས་ལ་སྟོང་གསུམ་ཡུངས་འབྲུར་ཚུད་པའི་ཏིང་ངེ་འཛིན་གྱི་སྒོ་ལ་དྲན་པ་ཉེ་བར་བཞག་སྟེ་མཆོད་ཚུལ་དྲུག་ལྡན་དུ་འབུལ། རྗེས་སུ་རོལ་མོ་བྱ། དེ་ནས། ན་མོ་རཏྣ་ཏྲ་ཡཱ་


LT17_Page_599
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། སོགས་རྟེན་སྙིང་གི་བཟླས་པ་བྱ་ཞིང་སྟོང་ཉིད་དང་རྟེན་འབྱུང་ཐ་མི་དད་པའི་དོན་ལ་དཔྱད་པས་དྲང་བའི་ངེས་ཤེས་ཁྱད་པར་ཅན་བསྐྱེད་དེ་སྟོན་པ་ཆོས་ཀྱི་སྐུ་རྗེས་སུ་དྲན་པའི་ངང་ལ་བློ་བཞག །ཐུན་མཐར་ཉེ་བ་ན། མདུན་མཁར་བཞུགས་པའི་ཐུབ་དབང་འཁོར་བཅས་ཀྱི་སྐུ་ལས་འོད་ཟེར་བདུད་རྩིའི་རང་བཞིན་ཅན་གསེར་ཞུན་མའི་ཁ་དོག་ལྟ་བུ་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར་པའི་དམིགས་འདུན་གྱིས་གཟུངས་ཅི་ནུས་བཟླ། །དེ་དག་གྲུབ་ནས། ཐལ་མོ་སྦྱར་བ་བཏུད་དེ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །སྐྱེ་མེད་ཟད་པ་མེད་བསྟན་པས། །སྲིད་པའི་འཆིང་བ་གཅོད་མཛད་པ། །ཀུན་མཁྱེན་ཁྱོད་ལ་བདག་ཕྱག་འཚལ། །སྣང་བས་སྟོང་པ་ལ་འཇུག་ཅིང༌། །སྟོང་ཉིད་སྣང་བའི་སྒོར་སྟོན་པའི། །མགོན་པོ་གཉིས་མེད་ཚུལ་གསུངས་པ། །ཀུན་མཁྱེན་ཁྱོད་ལ་བདག་ཕྱག་འཚལ། །བརྗོད་མེད་དེ་ཉིད་ལ་གནས་ནས། །བརྗོད་པའི་ཐ་སྙད་སྣ་ཚོགས་ཀྱིས། །འགྲོ་ལ་ཞི་གྱུར་དོན་སྟོན་པ། །ཀུན་མཁྱེན་ཁྱོད་ལ་བདག་ཕྱག་འཚལ། །ཆོས་ཉིད་གཅིག་ལས་མ་གསུངས་ཀྱང༌། །རིགས་ཅན་བསམ་པའི་རྗེས་འགྲོ་བས། །རྒྱས་དང་བསྡུས་ཚུལ་མང་སྣང་བ། །ཀུན་མཁྱེན་ཁྱོད་ལ་བདག་ཕྱག་འཚལ། །ཕྱི་ཚུལ་ངལ་བརྒྱ་མ་བརྟེན་པར། །ནང་གི་བདག་ཉིད་རྣམ་དག་པས། །ཁྱད་པར་ཕུལ་བྱུང་རྙེད་མཛད་པ། །ཀུན་མཁྱེན་ཁྱོད་ལ་བདག་ཕྱག་འཚལ། །སྟོན་པ་མཆོག་ལ་འདིས་བསྟོད་པའི། །བསོད་ནམས་གང་ཞིག་བདག་རྙེད་པ། །


LT17_Page_600
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་སྐྱེ་བོ་ཐམས་ཅད་ནི། །མགོན་པོ་དོན་ཀུན་གྲུབ་འདྲར་ཤོག །ཅེས་བསྟོད་སྨོན་བྱ། དེ་ནས་མདོས་ཆོག་བྱ་བ་ལས། ཐོག་མར་གདོན་གྱི་སྡེ་དཔོན་ཆེན་པོ་རྣམས་ལ་མཆོད་པ་ནི། ཁང་བཟང་དུ་བཀོད་པའི་གཏོར་མ་སོགས་མཆོད་རྫས་རྣམས། སྔགས་དྲུག་ཕྱག་དྲུག་གིས་བརླབ་ལ། ཀྱཻ། སྲིད་པའི་དྲི་ཟའི་གྲོང་ཁྱེར་བཞིན། །སྐྱེ་འགགས་འགྲོ་འོང་མི་དམིགས་ཀྱང༌། །འཛིན་པ་ལས་ཀྱི་རྗེས་འབྲངས་པས། །བརྟན་གཡོ་སྒྱུ་མའི་རོལ་པར་ཤར། །དབྱིངས་ལ་སྣོད་བཅུད་མ་མཆིས་ཏེ། །སྣང་བ་རྟེན་འབྲེལ་འཁོར་ལོ་ནི། །རྟོག་པ་སྨིག་རྒྱུ་ལྟ་བུ་རུ། །བརྟེན་ནས་འབྱུང་བ་ཁོ་ནར་ཟད། །དོན་ལ་གཙོ་འཁོར་མ་གྲུབ་ཀྱང༌། །འཇིག་རྟེན་ལས་ཀྱི་ཟློས་གར་ཆེ། །ཚོགས་ཤིང་དུས་ལ་བབས་པ་ན། །བདེ་སྡུག་རྨི་ལམ་བཞིན་དུ་སྣང༌། །མཐོན་པོ་ཉི་ཟླའི་སྐ་རགས་ཅན། །འཆི་མེད་ལྷ་བརྒྱའི་འདུན་ས་སྟེ། །རི་རྒྱལ་ལྷུན་པོའི་བ་གམ་ནི། །གདོན་གྱི་སྡེ་དཔོན་དུ་མའི་གནས། །ཤར་ཕྱོགས་ལྷུན་པོའི་རྩེ་བླ་ན། །བསོད་ནམས་སྤྲིན་གྱི་རོལ་མོའི་སྒྲ། །སྲིད་ན་ཆེ་བཙན་ཆེན་པོའི་གཟུགས། །ཕྱོགས་སྐྱོང་རྒྱལ་པོ་ཡུལ་འཁོར་སྲུང༌། །དྲི་ཟ་འབུམ་སྡེའི་བདག་པོ་སྟེ། །བརྒྱ་བྱིན་རྡོ་རྗེ་ཅན་གྱི་ནི། །དམག་དཔོན་གྲགས་དང་ལྡན་པ་ཡིན། །དེ་རིང་རྣལ་འབྱོར་བདག་ཅག་གིས། །མཆོད་དང་བསྙེན་བཀུར་བགྱི་བའི་ཕྱིར། །དྲི་ཟ་ལྷ་རྣམས་མང་པོར་བཅས། །རོལ་མོ་སིལ་སྙན་སྒྲ་དང་བཅས། །གཤེགས་ནས་གནས་འདིར་བཞུགས་སུ་གསོལ། །གཙང་མ་ཆབ་ཀྱི་མཆོད་ཡོན་འདིས། །དག་པ་ཁྲུས་


LT17_Page_601
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལས་མཛད་དེ། །བདུད་རྩི་ཕུད་ཀྱི་བཏུང་བ་དང༌། །དགྱེས་པའི་མཆོད་གཏོར་འདི་བཞེས་ལ། །དེང་གི་རྒྱུ་སྦྱོར་ཡོན་བདག་གི། །བླ་སྲོག་བྱད་དུ་འབེབ་པ་དང༌། །གཡེང་བྱེད་སྙིང་ལ་འཛིན་པ་ཡི། །གདུག་པ་དྲི་ཟའི་གདོན་རྣམས་ཀུན། །ཕྱོགས་སྐྱོང་ཁྱོད་ཀྱི་མངའ་རིས་དང༌། །འབངས་སུ་མ་ཆུད་འགའ་མེད་པས། །དེ་དག་ཕྱི་ནས་མི་འཚེ་བར། །བརྗིད་པའི་བཀའ་ནན་དབབ་ཏུ་གསོལ། །ལྷོ་ཕྱོགས་ལྷུན་པོའི་རྩེ་བླ་ན། །དགེ་མཚན་དབྱངས་སུ་འབར་བའི་དཔྱིད། །སྲིད་ན་ཆེ་བཙན་ཆེན་པོའི་གཟུགས། །ཕྱོགས་སྐྱོང་རྒྱལ་པོ་འཕགས་སྐྱེས་པོ། །གྲུལ་བུམ་འབུམ་སྡེའི་བདག་པོ་སྟེ། །བརྒྱ་བྱིན༴ དམག་དཔོན༴ དེ་རིང་༴ མཆོད་དང་༴ གྲུལ་བུམ་ལྷ་རྣམས་མང་པོར་བཅས། །སྙན་པ་གླུ་ཡི་སྒྲ་དང་བཅས། །གཤེགས་ནས༴ གཙང་མ༴ དག་པ༴ བདུད་རྩི༴ དགྱེས་པའི༴ དེང་གི༴ བླ་སྲོག༴ སྐེམ་བྱེད་ཤ་ལ་དཔའ་བ་ཡི། །གདུག་པ་གྲུལ་བུམ་གདོན་རྣམས་ཀུན། །ཕྱོགས་སྐྱོང་༴ འབངས་སུ༴ དེ་དག༴ བརྗིད་པའི༴ ནུབ་ཕྱོགས་ལྷུན་པོའི་རྩེ་བླ་ན། །བཀྲ་ཤིས་སྙན་པ་འབུམ་སྡེའི་དབྱིག །སྲིད་ན་ཆེ་བཙན་ཆེན་པོའི་གཟུགས། །ཕྱོགས་སྐྱོང་རྒྱལ་པོ་མིག་མི་བཟང༌། །ཀླུ་དབང་འབུམ་སྡེའི་བདག་པོ་སྟེ། །བརྒྱ་བྱིན༴ དམག་དཔོན༴ དེ་རིང་༴ མཆོད་དང་༴ གདེང་ཅན་ཀླུ་རྣམས་མང་པོར་བཅས། །སིལ་ཁྲོལ་ནོར་བུའི་སྒྲ་དང་བཅས། །


LT17_Page_602
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས༴ གཙང་མ༴ དག་པ༴ བདུད་རྩི༴ དགྱེས་པའི༴ དེང་གི༴ བླ་སྲོག༴ མྱོས་བྱེད་དབུགས་ལ་སྟུངས་པ་ཡི། །གདུག་པ་ཀླུ་ཡི་གདོན་རྣམས་ཀུན། །ཕྱོགས་སྐྱོང་༴ འབངས་སུ༴ དེ་དག༴ བརྗིད་པའི༴ བྱང་ཕྱོགས་ལྷུན་པོའི་རྩེ་བླ་ན། །ཕུན་ཚོགས་ཉི་མ་སྟོང་གི་དངོས། །སྲིད་ན་ཆེ་བཙན་ཆེན་པོའི་གཟུགས། །ཕྱོགས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་འབུམ་སྡེའི་བདག་པོ་སྟེ། །བརྒྱ་བྱིན༴ དམག་དཔོན༴ དེ་རིང་༴ མཆོད་དང་༴ གནོད་སྦྱིན་ལྷ་རྣམས་མང་པོར་བཅས། །འབུམ་ཕྲག་དབྱིག་གི་གདངས་དང་བཅས། །གཤེགས་ནས༴ གཙང་མ༴ དག་པ༴ བདུད་རྩི༴ དགྱེས་པའི༴ དེང་གི༴ བླ་སྲོག༴ སྨྲ་བྱེད་གཉིད་ལས་གནོན་པ་ཡི། །གདུག་པ་གནོད་སྦྱིན་གདོན་རྣམས་ཀུན། །ཕྱོགས་སྐྱོང་༴ འབངས་སུ༴ དེ་དག༴ བརྗིད་པའི༴ སྟེང་ཕྱོགས་ལྷུན་པོའི་ཡང་རྩེ་ན། །མཆོད་སྦྱིན་གྲགས་པ་བརྒྱས་མཐོ་ཞིང༌། །ས་སྟེང་འཇིག་རྟེན་སྐྱོང་བའི་གཙོ། །བརྒྱ་བྱིན་དབང་དང་ལྡན་པ་པོ། །ཉེ་དབང་ལྷ་རྣམས་བདག་པོ་སྟེ། །སྲིད་ན་ཆེ་བཙན་དབང་ཕྱུག་ཆེ། །དཀར་ཕྱོགས་དབུགས་འབྱིན་བྱེད་པ་ཡིན། །དེ་རིང་རྣལ་འབྱོར་བདག་ཅག་གིས། །མཆོད་དང་བསྙེན་བཀུར་བགྱི་བའི་ཕྱིར། །སུམ་རྩེན་ལྷ་རྣམས་མང་པོར་བཅས། །རྒྱུད་མངས་བྱེ་བའི་སྒྲ་དང་བཅས། །གཤེགས་ནས་གནས་འདིར་བཞུགས་སུ་གསོལ། །གཙང་མ་ཆབ་ཀྱི་མཆོད་ཡོན་འདིས། །དག་པ་


LT17_Page_603
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་ཀྱི་ལས་མཛད་དེ། །བདུད་རྩི་ཕུད་ཀྱི་བཏུང་བ་དང༌། །དགྱེས་པའི་མཆོད་གཏོར་འདི་བཞེས་ལ། །དེང་གི་རྒྱུ་སྦྱོར་ཡོན་བདག་གི། །ཚེ་སྲོག་བྱད་དུ་འབེབས་པ་དང༌། །འགུགས་བྱེད་བླ་ལ་རྙབ་པ་ཡི། །ལྷ་སྲིན་དྲག་ཤུལ་ཆེན་པོ་རྣམས། །ཕྱོགས་སྐྱོང་ཁྱོད་ཀྱི་མངའ་རིས་དང༌། །འབངས་དང་བཀའ་འཁོར་ལ་གནས་པས། །དེ་དག་ཕྱི་ནས་མི་འཚེ་བར། །བརྗིད་པའི་བཀའ་ནན་དབབ་ཏུ་གསོལ། །འདོད་པའི་ཁམས་ན་ཆེ་བའི་ལྷ། །གཞན་འཕྲུལ་བདུད་ཀྱང་འཇིགས་མཛད་མ། །དྲག་མོ་བདུད་ཀྱི་བདུད་ཆེན་མོ། །དུད་སོལ་མ་ཧཱ་རེ་མ་ཏི། །འཇིགས་པ་མ་མོའི་ཚོགས་དང་བཅས། །དེ་རིང་མདོས་ལ་སྤྱན་འདྲེན་ན། །གཤེགས་ནས་རྒྱན་གྱི་མཆོད་གཏོར་བཞེས། །བྱད་དང་ཁྲམ་ཁ་དབྱིངས་སུ་བསྒྱུར། །ནམ་མཁའ་གོ་ལའི་མེ་ལོང་དང༌། །འབྱུང་ལྔ་སྲིད་པའི་རུས་སྦལ་ལ། །བརྟེན་པ་སྤར་སྨེ་ལོ་ཟླ་ཞག །གཟའ་སྐར་དུས་སྦྱོར་ཚེས་གྲངས་ལྷ། །རང་རང་རིགས་ཀྱི་འཁོར་ཚོགས་བཅས། །ཀུན་ཀྱང་མདོས་ལ་སྤྱན་འདྲེན་ན། །གཤེགས་ནས་མཐུན་པའི་དམ་རྫས་བཞེས། །ཕྱི་ནང་རྟེན་འབྲེལ་ལོག་པ་གསོས། །གཞན་ཡང་གྲོང་དང་གྲོང་ཁྱེར་དང༌། །རི་དང་ནགས་ཚལ་སྐྱེད་མོའི་ཚལ། །ལྷ་ཁང་དུར་ཁྲོད་ཤིང་གཅིག་དྲུང༌། །གཞལ་མེད་ཁང་དང་ཡུལ་འཁོར་སོགས། །གནས་དང་གནས་མིན་ལ་དབང་བའི། །དཀར་ཕྱོགས་ལྷ་རྣམས་ཐམས་


LT17_Page_604
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང༌། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །ཚེ་དང་གྲགས་པའི་དངོས་གྲུབ་སྩོལ། །མདོར་ན་ཕྱོགས་སྐྱོང་ཆེན་པོ་བཅུའི། །བཀའ་དང་འཁོར་དུ་གཏོགས་པ་ཡི། །ལྷ་དང་ལྷ་མིན་གསང་བ་པ། །མཁའ་འགྲོ་བརྟན་མ་སྡེར་བཅས་རྣམས། །ཀུན་ཀྱང་མདོས་ལ་སྤྱན་འདྲེན་ན། །གཤེགས་ནས་མཐུན་པའི་མཆོད་གཏོར་བཞེས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་བར་ཆད་ཞི་བ་དང༌། །བཀྲ་ཤིས་བདེ་ལེགས་ཆེན་པོར་མཛོད། །ཅེས་གྱེར། དེ་ནས་ཁ་སྐོང་གཏོར་མ་རྣམས། ཨ་ཀཱ་རོས་བརླབས་ཏེ། མདོས་དཀྱིལ་གྱི་ཉེ་ལོགས་སུ་རྐང་སུམ་ལྟ་བུའི་ཁར་ཡོལ་གོ་གཙང་མ་ཞིག་བཞག་ལ། སཾ་བྷ་ར་ལན་རེ་དང་སྦྲག་དཀར་གཏོར་ཡོལ་གོར་ཕུལ། བཅུ་ཚོ་རེ་སོང་བ་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ནད་མེད་ཚེ་དང་དབང་ཕྱུག་དང༌། །ཕུན་ཚོགས་རྒྱ་ཆེན་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ། དེ་ལྟ་བུའི་ཚུལ་གྱིས་བརྒྱ་ཕྲག་ཐལ་བ་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཀྱི་བར་བརྗོད། དེ་ལྟར་གྲུབ་ནས་གདོན་ཕལ་པ་གཙང་སྦྲ་ལས་ཉམས་ཤིང་མདངས་ལ་རྒྱུ་བ་རྣམས་ལ་བརྔན་འགྱེད་བྱ་བ་ནི། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རྫས་རྣམས་སྲིད་པའི་འདོད་ཡོན་རྒྱ་མཚོ་ཟད་མི་ཤེས་པའི་རང་བཞིན་ནམ་མཁའ་མཛོད་ཀྱི་སྤྲིན་ཕུང་དྭངས་ཤིང་ཐོགས་པ་མེད་པ་སྒྱུ་མ་མཁན་པོའི་མིག་འཕྲུལ་ལྟར་ཅིར་ཡང་འཆར་བའི་ཚོགས་སུ་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱི་བྱིན་གྱིས་


LT17_Page_605
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། མགྲོན་འབོད་པ་ནི། ཀྱཻ། སྟོན་པ་ཕན་བཞེད་བླ་ན་མེད། །ཀུན་མཁྱེན་མི་ཡི་སེང་གེ་སྟེ། །སྤྲོས་ཀུན་ཉེར་ཞིའི་རྟེན་འབྲེལ་ནི། །ཐུགས་རྗེ་ཁོ་ནས་གདམས་པར་མཛད། །བདེན་ཚིག་འདི་ནི་བདེན་པའི་མཆོག །བདེན་པ་དུས་ཀུན་མི་བསླུའི་ཚིག །བདེན་པའི་ཚིག་ལ་མི་ཉན་མེད། །དེ་རིང་བདེན་པའི་གཡར་དམ་སྒྲོག །གླིང་བཞི་སྲིད་པའི་འཇིག་རྟེན་འདིར། །ལས་ཀྱི་རྫུ་འཕྲུལ་ཆེན་པོའི་གདོན། །གནོད་སྦྱིན་སྲིན་པོ་མིའམ་ཅི། །འབྱུང་པོ་རོ་ལང་ཤ་ཟ་དང༌། །བྱ་གདོན་སྲུལ་པོ་ཚེར་མ་གདོན། །སྨྱོ་བྱེད་རྨོངས་རེངས་བྱེད་པ་དང༌། །སྐེམ་བྱེད་རྡུལ་ཁྲོད་མ་མོའི་ཚོགས། །གྲིབ་གནོན་རྣོན་པོ་རེ་ལྡེག་གདོན། །བྱད་སྟེམ་ཕ་རོལ་རྦད་འདྲེ་སོགས། །ཤ་ལན་འཁོན་དུ་ཆགས་པ་ཡི། །ལྷ་འདྲེ་སྡིག་པའི་སེམས་ལྡན་དག །ཀུན་ཀྱང་ཡས་ལ་མགྲོན་དུ་གཉེར། །བྱིང་འཐིབས་རྨུགས་པ་ལྐུགས་རེངས་དང༌། །སྨྱོ་འབོགས་མིག་སེར་གཟེར་ཐམ་མཛེ། །སྐྲན་དང་དམུ་ཆུ་ལྷན་སྐྱེས་རྨ། །ཁ་མེད་སུརྻ་ལ་སོགས་བརྒྱ། །འབབ་པ་ཐོག་ལྟར་རྣོ་བ་དང༌། །གདུག་པ་ཧུར་ཐུམ་ཆེ་བའི་རིགས། །མདོར་ན་བཞི་བརྒྱ་རྩ་བཞིའི་ནད། །རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང༌། །དུས་མིན་འཆི་བ་རྣམ་དགུ་སོགས། །འཆི་རྐྱེན་རྣམ་པ་སྣ་ཚོགས་ཀྱིས། །ཚེ་དང་སྲོག་ལ་བསྔོ་བའི་གདོན། །ཀུན་ཀྱང་མདོས་ལ་སྤྱན་འདྲེན་ན། །མདོས་ཁང་འདི་རུ་བརྟན་པར་བཞུགས། །མ་བསྟབས་གསོན་ཤ་དྲོན་མོ་དང༌། །མ་བསྔོས་མི་ཁྲག་ཚན་མོ་ཡང༌། །ལྡད་ཀྱི་


LT17_Page_606
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་བ་གང་རྣོ་དང༌། །རྡུབ་པ་ཧུབ་ལ་གང་ཆེ་རུ། །གླལ་བས་གནམ་ས་ཁ་གདངས་ན། །དེ་རིང་རྣལ་འབྱོར་བདག་ཅག་གིས། །མདོས་བསྐངས་བརྟན་གཡོ་ཀུན་ཁྱབ་འདིར། །བོས་པའི་མགྲོན་ལ་ཅིས་མི་འབྱོན། །མ་ཐོགས་སྐད་ཅིག་ཉིད་ལ་གཤེགས། །སརྦ་བྷུ་ཏ་ཨཾ་ཀུ་ཤ་ཡ་ཛཿ ཞེས་བརྗོད། དེ་ནས་སྦྲེལ་གླུད་ཆེ་བ་དང་མདོས་དཀྱིལ་དུ་བཤམས་པའི་ཡས་རྣམས་བསྔོ་བ་ནི། །སེར་སྣའི་ཀུན་སྦྱོར་སྨིན་པའི་གཟུགས། །ཕུང་པོ་ཐལ་བ་ལྟ་བུའི་མདོག །ཡི་དྭགས་མེ་རུ་འབར་བའི་ཁ། །ངལ་གསོའི་དབུགས་འབྱིན་ལ་སྦྱར་བ། །རིག་པ་མཆོག་གི་བདུད་རྩི་ནི། །འོད་ཟེར་རྣམ་རྒྱལ་ཆེན་པོའི་ཤུགས། །ཐུབ་ཆེན་གང་གིས་འདི་གསུངས་པའི། །རྒྱལ་བ་ཕན་མཛད་དེས་སྲུངས་ཤིག །ན་མཿསརྦ༴ སོགས་རྒྱ་ཆེན་ཤུགས་ལྡན་ལན་བདུན་གྱི་མཐར། མཚན་བཞི་བརྗོད། །དེ་འདྲ་ལན་གསུམ་སྦྱར་བས་སྔགས་ཉེར་གཅིག་མཚན་བཞི་ལན་གསུམ་རྫོགས་པ་ན་གྱེར་བྱ་སྟེ། འདྲེ་ལྔ་བདུད་གཅོད་ཀྱི་ཕྱོགས་སུ་དམར་གསུར་གཏོང་ཞིང༌། ཀྱེ། སྣང་བ་རྟེན་འབྲེལ་ཆེན་མོ་སྟེ། །སྒྱུ་མ་ལས་ཀྱི་ཆོ་འཕྲུལ་ཉིད། །སྣ་ཚོགས་སྲིད་པའི་འཇིག་རྟེན་ནི། །སྒྲ་བརྙན་བཞིན་དུ་སྣང་བར་ཟད། །ཁམས་དང་འགྲོ་བ་ཐ་དད་དང༌། །ཟས་བཞི་གནས་རིས་ལོངས་སྤྱོད་ཀུན། །ལམ་གསུམ་རྟེན་འབྲེལ་འཁོར་ལོ་སྟེ། །མ་རིག་རྒྱུ་ལས་ཤིན་ཏུ་བྱུང༌། །བདག་ཉིད་ཆེན་པོ་སངས་རྒྱས་ཀྱིས། །བྱང་ཆུབ་སྙིང་པོར་འདི་གཟིགས་ཏེ། །འདོད་པའི་ཁམས་ནི་ཁ་ཟས་ལ། །བརྟེན་པ་མེད་པར་


LT17_Page_607
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་མི་གནས། །དེ་ཕྱིར་འཚོ་བ་ཟས་ལ་བརྟེན། །སྲོག་དང་བཅས་པའི་འཇིག་རྟེན་ནི། །རྒྱགས་དང་བརྔན་ལ་མི་ཆགས་མེད། །དཀོར་དང་ནོར་ལ་མི་སེམས་མེད། །བརྒྱ་བྱིན་བདུད་རྩི་འཐུང་བ་ནས། །སྲིན་པོ་རྐང་མར་ཟ་བ་ཡན། །ཀུན་ཀྱང་འཚོ་བའི་འདུ་བྱེད་ནི། །ཟས་ཀྱི་རྒྱུད་ལ་བརྟེན་པ་ཅན། །གདུག་པ་གཤིན་རྗེའི་འཇིག་རྟེན་ནི། །རྟེན་འབྲེལ་ལམ་ལ་མི་མཁས་ཤིང༌། །གོམས་པའི་གཞན་དབང་ཁོ་ན་ཡིས། །ཟས་ཕྱིར་སྡིག་ལ་ནན་གྱིས་འཇུག །གཞན་གྱི་འཚོ་བ་མི་སེམས་པར། །དམོད་པ་དུག་གི་ཁ་ཕྲུ་ཡིས། །འདྲེ་སྲིན་དམྱལ་ཐག་གཅོད་པ་རྣམས། །ཕན་བཞེད་ཐུབ་པ་མཆོག་གིས་སྨད། །དེ་སླད་སྟོང་ཕྲག་བརྒྱད་ཅུའི་གདོན། །མི་བཟད་སྡིག་ལས་བསྐྱབ་པ་དང༌། །སྦྱིན་བདག་འཇིགས་པ་བསལ་སླད་དུ། །བྱམས་ཆེན་སྦྱིན་པའི་སྒོ་འཕར་དབྱེ། །གཤིན་རྗེ་ལག་པ་དམར་བ་དང༌། །སྲོག་བདུད་ལས་ཀྱི་བཤན་པ་དང༌། །མ་མོ་དལ་ནད་རིམས་བདག་དང༌། །དམུ་ཐེལ་སྲིད་པ་དབུགས་སྡུད་དང༌། །ཡི་དྭགས་མི་ཤ་ཟ་བ་དང༌། །རྐང་དང་ཀླད་པ་ཚིལ་བུ་འདོད། །མཆིན་པ་ནང་ཁྲོལ་ཟ་བའི་ཚོགས། །ཁྲག་དང་མདངས་ལ་དགའ་བ་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་གི། །ཤ་ཡི་ལྷུན་དང་ཁྲག་གི་བཅུད། །མེ་དྲོད་ནུས་པ་དབུགས་ཀྱི་ཤུགས། །བླ་དང་ཚེ་ཡི་སྐུ་མཁར་ལ། །གཤེད་ཀྱི་ཐག་པ་བསྐྱང་སྲིད་ན། །རིག་པ་སྔགས་ཀྱི་རལ་


LT17_Page_608
[མ་དཔེ་གཟིགས་ན་འདིར་གནོན།]

གྲིས་བཀྲོལ། །ཁྲོས་པའི་ཁ་རླངས་བཏབ་སྲིད་ན། །དག་པ་ཡེ་ཤེས་སྨན་གྱིས་འཚོ། །འཁོན་ལན་ཤ་ལ་གཞལ་སྲིད་ན། །གཅེས་པ་ནོར་ལ་གྲས་ཏེ་བརྫངས། །གཤིན་རྗེའི་རྡུབ་ལ་དྲང་སྲིད་ན། །གདོན་ཁ་ཡས་ཀྱི་སྟོན་མོས་གཅོད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །བླ་དབུགས་སྲོག་གི་རིན་ཐང་དུ། །མི་ལས་དགའ་བའི་གླུད་འདི་འབུལ། །མི་ལས་གླུད་འདི་མི་དགའ་རྒྱུ། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པ། །རིན་ཆེན་ངར་གྱི་མི་བོ་ཆེ། །རྣམ་འགྱུར་ཚངས་པ་བཞིན་དུ་བརྗིད། །བག་དྲོ་གཟི་བྱིན་ཆི་ལི་ལི། །ཞལ་ངོ་ཟླ་བ་བཞིན་དུ་མཛེས། །བཞད་གད་འཛུམ་མདངས་ཡ་ལ་ལ། །རལ་པ་ལྕང་ལོ་བཞིན་དུ་འཁྱིལ། །གསེར་གཡུའི་ལན་ཚར་ཁྲ་ལ་ལ། །གྲེ་འགྱུར་གླིང་བུ་བཞིན་དུ་བདེ། །གདངས་སྙན་རྒྱང་གླུ་ཀྱུ་རུ་རུ། །སྨྲ་སྒོ་པི་ཝཾ་བཞིན་དུ་གསལ། །བརྡའ་དག་ངག་སྒྲོས་ས་ལ་ལ། །རྡོག་བྲོ་རྨ་བྱ་བཞིན་དུ་འཁྲབ། །གར་སྟབས་མཉེན་འགྱུར་ཁྱུགས་སེ་ཁྱུག །ཞྭ་མོ་ལྕུགས་ཕྲན་བཞིན་དུ་ལྡེམ། །དར་ཐོད་ཅོད་པན་པུ་རུ་རུ། །སྟང་སྟབས་འཁོར་ལོ་བཞིན་དུ་བསྐྱོད། །ཕྱག་རྒྱ་པད་སྐོར་ཀྱི་ལི་ལི། །ན་བཟའ་འཇའ་ཚོན་བཞིན་དུ་བཀྲ། །ཟ་འོག་དར་ཆེན་ཤིགས་སེ་ཤིག །གླུད་གཏོར་བརྔན་སྦྱིན་རྒྱ་མཚོ་འདིས། །གདུག་པ་དྲག་ཤུལ་ཆེན་པོའི་གདོན། །སྟོང་ཕྲག་བརྒྱད་ཅུའི་ཡིད་ཚིམས་ཤིང༌། །ཤ་འཁོན་འགྲས་པ་བསྡུམས་གྱུར་ཅིག །མི་གསོན་ཟས་སུ་ཟ་བ་ཡི། །འདྲེ་སྲིན་མ་རུང་བྱེད་པ་རྣམས། །


LT17_Page_609
[མ་དཔེ་གཟིགས་ན་འདིར་གནོན།]

བླ་དང་ཚེ་ལ་བཞབ་སྲིད་ན། །མཐུན་རྫས་མདོས་དང་ཡས་སུ་བཅལ། །སྐུ་མཁར་མཐོན་པོ་ནམ་མཁའི་རྫོང༌། །བརྗིད་དང་ལྷུན་ཆགས་དཔུངས་སེ་དཔུང༌། །རྟེན་ཤིང་ལྡེམ་པ་རྒྱང་བུའི་ཤིང༌། །བལ་ཚོན་འདབ་མ་ཉུགས་སེ་ཉུག །དཔའ་བ་ཕོ་ཆས་མདའ་ཁྲ་སྟེ། །གཅོད་དང་རྣོ་ངར་བྲེངས་སེ་བྲེང༌། །མཛངས་མ་མོ་ཆས་འཕང་ཁྲ་སྟེ། །སྒྲིལ་དང་ཟླུམ་འཁོར་ཧྲི་ལི་ལི། །སྲིད་པ་ཀུན་ཚང་ཤིང་རིས་ཏེ། །སྣོད་བཅུད་གཟུགས་བརྒྱ་ལམས་སེ་ལམ། །ཟས་མཆོག་འདོད་ཡོན་ཆང་བུ་སྟེ། །ཞིམ་མངར་རོ་འདའ་ཆི་ལི་ལི། །གོས་མཆོག་ལྷ་རྫས་ན་བཟའ་སྟེ། །ཕྲུག་དར་རེག་འཇམ་འབོལ་ལོ་ལོ། །བདུད་རྩི་བཅུད་ཀྱི་བཏུང་བ་སྟེ། །སྐྱེམས་ཕུད་ཞག་གཡོ་མེ་རེ་རེ། །ལོངས་སྤྱོད་དཀོར་ནོར་སྣ་ཚོགས་ཏེ། །རྔམ་དང་འཚུབ་མ་ཉི་ལི་ལི། །ཁྱོན་ལ་ཡངས་པ་ས་གཞི་སྟེ། །འབྲི་བརྒྱ་རྡངས་སུ་བསྒྲིགས་བསྒྲིགས་ནས། །ས་ཆེན་དོག་པོར་སོང་ལ་ཁད། །ཡུལ་ལ་ཆེ་བ་སྟོང་གསུམ་སྟེ། །ཕྱུགས་བརྒྱ་འཇལ་དུ་སྤྲད་སྤྲད་ནས། །སྟོང་ཁམས་ལྷས་སུ་སོང་ལ་ཁད། །ལྷུན་ལ་མཐོ་བ་རི་རབ་སྟེ། །ལུག་བརྒྱ་རིན་དུ་བཅལ་བཅལ་ནས། །ལྷུན་པོ་རྫི་རིར་སོང་ལ་ཁད། །ནེའུ་ཐང་འདལ་བ་གླིང་བཞི་སྟེ། །རྟ་བརྒྱ་སྤང་ལ་བརྟད་བརྟད་ནས། །གླིང་བཞི་དཀྱུས་རར་ཆུད་ལ་ཁད། །ཤ་བརྒྱ་ར་བརྡར་ཁྲིགས་སེ་ཁྲིག །རྐྱང་བརྒྱ་རྩེ་གར་ཁྲབས་སེ་ཁྲབ། །འབྲོང་བརྒྱ་རྔ་གུར་ཟིངས་སེ་ཟིང༌། །


LT17_Page_610
[མ་དཔེ་གཟིགས་ན་འདིར་གནོན།]

རི་དྭགས་མ་བརྒྱ་བུ་བརྒྱ་སྟེ། །སྲོག་ཆགས་མདངས་སུ་བསྟར་བ་ཡི། །སྤྱན་གཟིགས་རྣམ་པ་སྣ་ཚོགས་འདིས། །གདོན་རིགས་འདོད་པ་སྐོང་གྱུར་ཅིག །ཚེ་རབས་ལན་ཆགས་འཁོར་གྱུར་ཅིག །ཤ་རྗེན་དམར་གྱི་དྭངས་མ་དང༌། །འབྲུ་བཅུད་ཆང་གི་ཞལ་སྐྱེམས་འདིས། །འབྱུང་པོ་ཤ་ལ་དགའ་བ་དང༌། །ཆང་སྐྱེམས་འདོད་རྣམས་དགྱེས་པ་བསྐང༌། །ལ་ཕུག་ལན་ཚྭ་སྦྱར་བ་དང༌། །ཀུན་དོང་ཙོང་གི་ཚོད་མ་ཡིས། །འབྱུང་པོ་སྔོ་ངད་ཟ་བ་དང༌། །མི་ཁ་བདུད་དུ་འབབ་པ་བསྐང༌། །སྲན་ཆན་འབྲུ་སྣས་སྦགས་པ་དང༌། །ཕྱེ་ཟན་འབྲས་བུས་བརྒྱན་པ་འདིས། །འབྱུང་པོ་གཏོར་མ་ཟ་བ་དང༌། །རོ་བདའ་འདོད་རྣམས་དགྱེས་པ་བསྐང༌། །ལྷ་རྐང་ཞུན་གྱི་མར་མེ་དང༌། །ཚིལ་ཆེན་དམར་གྱི་གསུར་ཆེན་འདིས། །གཤིན་རྗེ་ཞུན་ལ་རྔམ་པ་དང༌། །འབྱུང་པོ་དྲི་ལ་ཟ་རྣམས་བསྐང༌། །རྡོལ་མོ་ནས་ལ་ཚད་འཛུགས་ན། །འབྲུ་དར་བང་བ་གང་ཟེར་ཏེ། །དེ་རིང་མགྲོན་ལ་བྱིན་དྲག་པས། །སྟོང་པའི་ནམ་མཁའ་བརྣང་གིས་དོགས། །མང་བ་མི་ལ་ཚད་འཛུགས་ན། །མི་དར་གོ་ཁ་གང་ཟེར་ཏེ། །དེ་རིང་གདོན་ལ་འཇལ་ཆེས་པས། །གླུད་ཀྱིས་བར་སྣང་རལ་དུ་ཉེ། །བསགས་པ་ནོར་ལ་ཚད་འཛུག་ན། །དབྱིག་དར་མཛོད་མིག་གང་ཟེར་ཏེ། །དེ་རིང་བགེགས་ལ་བརྔན་དྲག་པས། །བརྟན་པ་སྣོད་ཀྱང་དོག་པོར་ཐལ། །མ་བསད་སྟོངས་སུ་ཕབ་པ་དང༌། །མ་བརྐུས་འཇལ་དུ་བརྫངས་


LT17_Page_611
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །གྱ་ནོམ་དཀོར་ཆ་སྣ་ཚོགས་འདིས། །གཙོ་བོའི་གདོན་ཆེན་བཅོ་བརྒྱད་དང༌། །བྱིས་པའི་གཤེད་ཆེན་བཅོ་ལྔ་སོགས། །བགེགས་རིགས་བརྒྱ་ཕྲག་བརྒྱད་བརྒྱ་བསྐང༌། །སོ་སོའི་རེ་འདོད་བསྐངས་ནས་ཀྱང༌། །རྒྱུ་སྦྱོར་ཡོན་གྱི་བདག་པོ་རྣམས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་བཤིག་ལ་མནན་པ་ཕྱུངས། །ཟོས་པ་སྐྱུགས་ལ་འཆི་བ་གསོས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བླ་ཡི་སྐུ་མཁར་བརྗིད་པ་དང༌། །སྲོག་གི་ཀ་བ་བརྟན་པ་དང༌། །རླུང་རྟའི་བ་གམ་མཐོན་པོར་མཛོད། །གནས་སྐབས་རང་གཞན་བདེར་སྤྱོད་ཅིང༌། །མཐར་ཐུག་འཆི་མེད་བདེ་བ་མཆོག །བདེ་ཞིང་བདེ་བའི་དགའ་སྟོན་གྱིས། །དུས་རྣམས་ཀུན་ཏུ་ཤིས་གྱུར་ཅིག །དེ་ནས་སྦྲེལ་གླུད་ཆེ་བའི་དྲུང་དུ་གླུད་ཕྲན་རེ་དང་ཆང་བུ་རེ་རིལ་བུ་རེ་རྣམས་ཟས་སྣས་སྦགས་ཏེ་འདོར་བ་དང་སྔགས་རྒྱ་ཆེན་ཤུགས་ལྡན་ལན་རེ་བརྗོད། །བཅུ་ཚོ་རེའི་མཚམས་སུ་མཚན་བཞི་རེ་དང༌། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཚྭ་སྒོག་གཡེར་མ་རམ་བུ་ལ་སོགས་མི་ཁའི་རྫས་རྣམས་དང་གླུད་ཆང་བུ་རིལ་བུ་རྣམས་དང་བསྲེས་ཏེ། མཆན་ཞེན་པ་དང༌། །དྲན་དང་གཟུངས་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཅེས་པ་ལན་རེ་བཏང་ཚུལ་འདིས་བརྒྱ་ཚར་གྲུབ་ནས་གདོན་གྱི་རྒྱལ་པོ་དང་སྡེ་དཔོན་དམངས་ཕལ་པ་རྣམས་དང་བཅས་པའི་བྱད་འགྲོལ་ཞིང་ཉེར་འཚེ་ཞི་བའི་ཕྱིར། །རྟེན་སྙིང་གི་ཤམས་སུ། དེ་བཞིན་གཤེགས་པ་ཐམས་ཅད་


LT17_Page_612
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུམ་སོགས་བདེན་པའི་བྱིན་རླབས་རལ་གྲི་ངར་འབྱིན་གང་མང་དུ་བསྐྱར། དོ་གལ་ཆེ་ཞིང་སྤྲོ་ན། ཨོཾ་ཧྲཱིཿབཛྲ་ཛྭ་ལ་སརྦ་ཀརྨ། བདག་གི་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་དང༌། བཅིངས་པ་དང༌། མནན་པ་དང༌། ནུས་པ་བཤིགས་པ་ཐམས་ཅད་ཁྲོལ་བར་གྱུར་ཅིག །ཨོཾ་བཛྲ་་ཡ་ཧ་ཧེ་ཧཱཾཨུ་ཕཊཿ གཞན་གྱི་སྦྱོར་བ་ངན་པ་ཐམས་ཅད་ལས་བདག་རྒྱལ་བར་གྱུར་ཅིག །ཨོཾ་མ་མ་སརྦ་བྷི་དྷ་བྷི་དྷ། ཛ་ཡེ་ཛ་ཡེ། བི་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏ་ཨ་པ་ར་ཛི་ཏ་ཡེ། མ་མ་བྷཻ་སྱ་པྲ་མརྡྷ། ཧ་ཡེ་མ་མ་ཧཱུྃ་ཕཊཿ གཞན་གྱིས་མི་ཐུབ་པའི་རིག་སྔགས་ཆེན་མོ་འདིས་གང་དག་བདག་ལ་སྡང་བ་དང༌། ལོག་པར་སེམས་པ་ཐམས་ཅད་ཞི་བར་གྱུར་ཅིག །ཨོཾ་་རི་ནི་ཡེ་མ་མ་བཛྲ། ཛྙཱ་ན་པྲ་ཡཙྪ་ཡཾ་མ་མ་བིདྷ་ར་ཡ། ཧ་ཧ་ཧེ་ཧེ་ཧི་ཧི་ཧཱཾཨུ་ཧཱཾཨུ། པྲ་ཀ་ར་ན་སརྦ་ཙ་ལ་སརྦ་བཛྲ་རྐྵ་རྐྵ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའང་མང་དུ་བརྗོད། མཇུག་ཏུ། ནམ་མཁའ་མེད་པར་གྱུར་ན་ཡང༌། སོགས། མ་བྱུང་འབྱུང་བར་མི་འགྱུར་རོའི་བར་དུ་བརྗོད་དོ། །འདི་ནི་ཕྱོགས་གཞན་གྱི་བྱས་པའི་རིག་སྔགས་འགྲོལ་བ་དང་འགྲོལ་རྒྱུ་ཡང་སྦྱིན་བདག་ཆོས་བཞིན་སྤྱོད་པ་ཡིན་ན་བྱའི། ཅུང་ཟད་རེའི་ཐད་དང་རང་ཉིད་མཐུ་ཆེན་གྲུབ་པའི་རློམས་པ་ལ་རྒྱབ་དཔུང་བཅོལ་ནས་བཀའ་ཆད་རིན་གྱིས་ཉོ་བར་མི་བྱའོ། །དེ་ནས་ཆོས་སྦྱིན་བྱ་བ་ནི། འཁོར་བ་སྡུག་བསྔལ་བདེན་པ་ནི། །སྐྱེ་ཤི་ཟོ་ཆུན་ཁྱུད་མོ་ལྟར། །ཉོན་མོངས་ལས་ཀྱི་འཕེན་པ་ཡིས། །སྣ་ཚོགས་ལུས་སུ་རྣམ་པར་སྣང༌། །ཇི་ལྟར་འཁོར་བའི་འཁོར་ལོ་འདིར། །བདེ་དང་སྡུག་བསྔལ་རྣམ་ཕྱེ་བ། །དེ་ལྟར་སྲིད་པའི་འདུ་བྱེད་ཀྱང༌། །


LT17_Page_613
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དང་ནག་དང་འདྲེས་མར་སྣང༌། །སྟོན་པས་ཉོན་མོངས་ལམ་གསུམ་དང༌། །ལས་ཀྱི་ལམ་ནི་གཉིས་བརྟེན་ཏེ། །སྡུག་བསྔལ་བདུན་དུ་འབྱུང་བཤད་པ། །དེ་ཀུན་མ་རིག་རྩ་བ་ཅན། །གང་དུ་རང་བཞིན་མ་དམིགས་པའི། །ཆོས་དེ་བཏགས་ཙམ་ཉིད་ཤེས་ནས། །མཁས་པ་ཚུལ་མིན་མི་སེམས་ཏེ། །བློ་ངན་རྟག་ཏུ་གདུངས་བ་བརྟེན། །དེ་དག་ལྟ་རི་མཐོར་གནས་པས། །ཚུལ་བཞིན་མིན་སེམས་དང་འབྲེལ་བ། །འདོད་དང་སྡང་སོགས་ཉེས་རྣམས་ནི། །གཏི་མུག་ཁོ་ནར་བརྟེན་ནས་སྐྱེ། །སྐྱེ་བའི་ཉ་རྒྱ་འདྲལ་བ་དང༌། །རྒ་ཤིའི་ཁྱིམ་ནས་འཐོན་པ་དག །དངོས་པོ་ཡུལ་ལ་མ་མཐོང་བས། །གཏི་མུག་ཤིན་ཏུ་ཞི་བ་འཐོབ། །སུ་ཞིག་སྔོན་དང་ཕྱི་མ་ཡི། །མཐར་ལྟ་མི་བཟད་ལ་གནས་པ། །དེ་ཉིད་དེ་ཡི་འཆིང་བ་སྟེ། །ཟབ་མོའི་རྟེན་འབྲེལ་ཡོངས་མི་ཤེས། །གང་རྣམས་བདག་གཞན་ལས་མིན་ཞིང༌། །གཉིས་ཀའམ་རྒྱུ་མེད་མ་ཡིན་པའི། །སྲིད་འདི་བརྟེན་ནས་སྐྱེར་ཤེས་པ། །དེ་དག་ཤིན་ཏུ་མི་རྨོངས་འགྱུར། །སེམས་ཅན་ཀུན་ལ་སྨན་སླད་དུ། །འདི་དོན་བརྙེས་ནས་གསུང་བ་ཡི། །སངས་རྒྱས་རྣམ་འདྲེན་ཟླ་མེད་པ། །གོའུ་ཏམ་ཆོས་ནི་དེ་ལྟར་ཟབ། །སྡིག་པ་ཅི་ཡང་མི་བྱ་སྟེ། །སོགས། གཞན་ཡང་བྱ་ཁྱི་སྤྲང་གསུམ་ལ་སྦྱིན་འགྱེད་སོགས་སྟོན་མོའི་འདུ་བ་རྒྱ་ཆེན་པོ་གཅེས་ཤིང་ཕངས་པའི་ནོར་རྫས་ལས་བླངས་ཏེ་སེར་སྣ་དང་ཕངས་སེམས་ཀྱིས་མ་སྦགས་པར་བྱ། དེ་ནས་ལམ་


LT17_Page_614
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བྱ་སྟེ་ཁང་བཟང་དང་ལྷ་གཏོར་རྣམས་བླང་ལ་མཆོད་དཀྱིལ་གྱི་ཉེ་ལོགས་སུ་བཞག །མདོས་ཡས་གཞན་རྣམས་ཕྱོགས་གཅིག་ཏུ་འཁྱེར་སླ་བར་བསྡུ་ཞིང་ཏིང་ལོ་རྣམས་བལྟམས་ལ་བཏེགས་ཏེ། ཀྱེ། སྣང་བ་ཀུན་བྱེད་སེམས་ཀྱི་འཕྲུལ། །ཤེས་བྱ་གཤིས་ལ་མ་གྲུབ་ཀྱང༌། །རྟོག་པ་འཆར་སྒོ་འགགས་མེད་ལས། །རྟེན་འབྲེལ་སྒྱུ་མ་ཆེན་པོར་ཤར། །བསམ་གཏན་རྣལ་འབྱོར་ལྡན་པ་དང༌། །གྲུབ་པ་རིག་སྔགས་འཆད་རྣམས་ཀྱིས། །སྣང་བ་སྤྲུལ་བསྒྱུར་ནུས་པ་ཡང༌། །རིག་པ་རང་བྱན་ཚུད་པའི་མཐུ། །དེ་ཕྱིར་དེ་རིང་རྣལ་འབྱོར་ངས། །སྟོང་གསུམ་སྲིད་པའི་ལྷ་འདྲེ་དང༌། །སྦྱིན་བདག་འགྲས་པ་བསྡུམ་སླད་དུ། །གསང་སྔགས་བདེན་པའི་བྱིན་རླབས་ཀྱིས། །ལོངས་སྤྱོད་དཀོར་ནོར་རྒྱ་མཚོའི་སྤྲིན། །ནམ་མཁའ་གང་བའི་འདོད་ཡོན་ཆེས། །གཏན་པ་མེད་པར་བརྔན་ཟིན་ན། །ད་ནི་དཀོར་ལ་ངོ་ཞིག་འཚལ། །བྱམས་པའི་དྲིན་ལ་རླུང་ཡང་གཟོ། །བདེན་པའི་ཚིག་ལ་མི་ཡང་ཉན། །རིག་པ་མཆོག་ལ་ལྷ་ཡང་དད། །གཤིན་རྗེའི་འཇིག་རྟེན་སྨོས་ཅི་འཚལ། །ཕྱོགས་ཀྱི་ཆུ་གཏེར་ཆེན་པོ་བཞི། །རིན་ཆེན་དབྱིག་གི་བང་མཛོད་དེ། །དེ་རུ་ཁྱེད་ལ་ལམ་བསྟན་གྱིས། །ད་ནི་གཤེགས་ཤིག་ཤ་ར་ར། །ད་ནི་བཞུད་ཅིག་སི་ལི་ལི། །སྟོང་པ་ནམ་མཁའི་རུམ་དུ་བཞུད། །ཏིང་ལོའི་ལམ་སྒྲོན་འདི་ཐོགས་ལ། །དགུ་ཚིགས་ཞགས་པ་བཞིན་དུ་བསྡོགས། །འབབ་པ་ཆུ་བོའི་གཞུང་དུ་བཞུད། །སྣང་གསལ་མེ་སྒྲོན་འདི་ཐོགས་ལ། །ཆུ་ཆེན་གྲུ་གུ་བཞིན་དུ་


LT17_Page_615
[མ་དཔེ་གཟིགས་ན་འདིར་གནོན།]

སྡུས། །འཚུབས་མ་རླུང་གི་བང་ལ་བཞུད། །སྒྲོན་ཆེན་འོད་འབར་འདི་ཐོགས་ལ། །རླུང་ནག་གྲུ་བོ་བཞིན་དུ་སྐྱོད། །བསྒོ་བའི་བཀའ་ལ་མི་ཉན་ན། །གདོན་གྱི་སྡེ་དཔོན་ཆེན་པོ་བཅུར། །ཆད་པ་ལས་ཀྱི་བཀའ་ནན་གསོལ། །དབང་ཕྱུག་ཆེ་རྣམས་རིག་སྔགས་དང༌། །འབར་བའི་ཕྱག་རྒྱ་རྣོན་པོ་ཡིས། །བསྡིག་དང་བརླག་པར་གདོན་མི་ཟ། །དེ་བས་ད་ལྟ་ཉིད་དུ་དེངས། །སརྦ་བྷུ་ཏ་གཙྪ། ཞེས་ལ་ལས་བྱུང་བའི་རླུང་གིས་གཏོར་སྣོད་བཏེགས་པར་བསམ་ལ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་་ཡ་ཛ་ཊི་ལམ་བྷོ་དྷ་ར་ཨུ་ཙུཥྨ་ཀྲོ་ཏ་ཧཱཾཨུ་ཕཊཿསྭཱ་ཧཱ། ཞེས་བཟླ་ཞིང་ཡུངས་ཀར་འཐོར། གུ་གུལ་གྱི་དུད་པས་བདུག །མདོས་རྣམས་ཆུ་བོ་ཆེན་པོའི་དབའ་རྒལ་ལ་བསྐྱོན། རླུང་པྲ་བརྟག་ལ། བསྲུང་འཁོར་བསྒོམ་ཞིང༌། བསྒྲུབ་བྱ་དེ་བཞིན་གཤེགས་པ་ལ་ཡིད་ཕྱོགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འདུག་པ་ལ་ཚེ་བཀུག །ཚེ་གཟུངས་དང་རྟེན་སྙིང་བཟླ་ཞིང་བུམ་ཆུ་བླུད་ལུས་བཀྲུ། ཤིས་པ་བརྗོད་པའི་ཚིག་གིས་དབུགས་དབྱུང༌། །རྗེས་ལ་ལྷ་གཏོར་རྣམས་གཤེགས། ཁང་བཟང་མཛོད་ཁང་གི་ཕུག་ལྟ་བུར་བཞག་སྟེ་མཐའ་བསྡུའོ། །རྒྱབ་ཆོས་སུ་སཙྪ་ལོ་གྲངས་དང་ལམ་ཕྲང་བཅོས་པ་སོགས་བྱ་ཞིང༌། ཁྱད་པར་དུ་སྲོག་བསླུ་གང་མང་གཏོང༌། དེ་ལྟར་བྱས་པས་མཐོ་རིས་ཀྱི་ཡོན་ཏན་རྣམ་པ་བདུན་ཆར་པས་བརླན་པའི་ལྗོན་ཤིང་ལྟར་འཕེལ་ཞིང་རྒྱས་པ་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་སྒོ་མང་པོ་ཞིག་རྣམ་པར་ཕྱེ་བར་འགྱུར་བ་ནི་ཐེ་ཚོམ་མེད་པའི་གནས་སོ། །ཞེས་པའང་མདོས་ཆོག་གཏོའི་རིག་པ་ལ་རིང་ནས་དགའ་བའི་འདུ་འཛི་ཅན་སྤྲང་པོ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་ཆུ་སྟོད་ཟླ་བའི་ཉི་རིང་འཕུལ་བ་


LT17_Page_616
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགའ་ཞིག་ལ་ཕན་པར་འགྱུར་བའི་བསམ་པས་ཡར་ལུང་པདྨ་བཀོད་སྔགས་རིག་གྲུབ་པའི་སློབ་དཔོན་བགྲང་བར་དཀའ་བའི་ཞབས་ཀྱིས་བཅགས་ཤིང་ལྷ་དང་རིག་འཛིན་གྱི་འདུ་བ་སྤྲིན་ལྟར་འཁྲིགས་པའི་གནས་སུ་སྦྱར་བ་དགེ་ཞིང་ཤིས་པར་གྱུར་ཅིག། །།མངྒ་ལཾ།། ༈ །།རྟེན་སྙིང་སྔགས་ཀྱི་མདེའུ་ཐུང་ནི། ན་མོ་མཉྫུ་ཤྲཱི་ཡེ། རྟེན་འབྲེལ་སྙིང་པོའི་སྔགས་ཀྱི་ཤམ་བུ་བདེན་ཚིག་གི་མདེའུ་ཐུང་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ཆོས་ཀྱི་སྐུ་སྒྲིབ་པ་མེད་པའི་ཕྱག་རྒྱ། དུས་གསུམ་གྱི་འཕགས་པ་རྣམས་ཀྱིས་དགོངས་པ། བརྟུལ་ཞུགས་གྲུབ་པ་རྣམས་ཀྱིས་བསམ་པ། བཅོམ་ལྡན་འདས་ཀྱི་བདེན་པའི་ཚིག་འདི་དག་གིས་བདག་དང་སེམས་ཅན་ཐམས་ཅད་ལ་སྲུང་བ་གྱིས་ཤིག །ཚེ་དང་གཟི་བརྗིད་དང་ལོངས་སྤྱོད་འཁོར་དང་ཆོས་དང་གྲགས་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་སྦྱིན་པ་དང༌། ཡོངས་སུ་བཟུང་བ་དང༌། ཕྱིར་ཞིང་རྒྱས་པར་སྤེལ་བ་སྒྲུབས་ཤིག །གང་ཡང་བདག་ཅག་ལ་འཚེ་ཞིང་རྣམ་པར་སྡང་བའི་དགྲ་དང༌། དབུལ་ཕོངས་དང༌། གདོན་དང༌། ནད་དང༌། རིམས་ནད་དང༌། གཅན་གཟན་ཁྲོ་བོ་དང༌། དུག་དང༌། མེ་དང༌། ཆུ་དང༌། མཚོན་ཆ་དང༌། རྨི་ལྟས་ངན་པ་དང༌། གཟའ་དང༌། རྒྱུ་སྐར་དང༌། ཕྱོགས་ངན་དང༌། སྲི་ཀེགས་དང༌། བྱད་སྟེམ་དང༌། གྲིབ་མནོལ་དང༌། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་རིག་སྔགས་ཀྱི་རལ་གྲིས་གཅད་པ་དང༌། ཕུར་བུས་གདབ་པ་དང༌། འཁྲུལ་འཁོར་གྱིས་གཞོམ་པ་དང༌། གོ་ཆས་


LT17_Page_617
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཅིང་བར་གྱིས་ཤིག་སྭཱ་ཧཱ། ནམ་མཁའ་མེད་པར་སོགས་ཞེས་གདབ་བོ། །ནགས་ཀྱི་མཐོངས་འཆི་མེད་དགའ་བའི་ཚལ་དུ། ཨ་བྷྱཱས་བྲིས།། ༈ །།རྟེན་འབྲེལ་སྙིང་པོ་ལ་བརྟེན་པའི་མདོས་ཀྱི་ཆོ་ག་ཉུང་ངུ་འཇིག་རྟེན་གསུམ་གྱི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ། །ན་མོ་བུདྡྷ་ཡ། རྣལ་འབྱོར་པ་གང་ཞིག་གིས་རྟེན་འབྲེལ་སྙིང་པོའི་ཆོ་ག་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བསླུ་ཞིང་ནད་གདོན་ཞི་བར་བྱེད་པ་མདོས་གླུད་ཡས་ཀྱི་རིམ་པ་གཏོང་བར་འདོད་པས། ཐོག་མར་མདུན་དུ་སྟེགས་བུའི་ཁར་སའམ་ཟན་གཙང་རིན་ཆེན་ཕྱེ་མ་དང་བསྲེས་པ་རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པའི་གཟུགས་བྱ། རི་རབ་ཀྱི་སྟེང་ནམ་མཁའ་ཁ་དོག་ལྔ་པ་དང༌། གླིང་བཞི་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་བའི་ཁ་དོག་ཅན་གྱི་ནམ་མཁའ་སོ་སོར་བྲན། གླིང་ཆེ་ཆུང་བཅུ་གཉིས་རི་རབ་དང་བཅས་པའི་དབུས་སུ། །བླ་གླུད་བཟང་པོ། །མདའ་འཕང༌། ཤིང་རིས། རྒྱང་བུ། ཐེབས་ཀྱུ་དང་ལན་ཆགས་གང་མང་བཅས་བསག །རི་རབ་ཀྱི་བང་རིམ་སོགས་མཐའ་བསྐོར་ཀུན་ཏུ་རིན་ཆེན་སྣ་ཚོགས་དང༌། དར་སྣ། རས་སྣ། ཇ་ཕུད། ཞོ་ཕུད། ཆང་ཕུད། ཆུ་ཕུད། ཅི་འབྱོར་དང༌། དེ་དག་ལས་ཅུང་ཟད་རིང་བའི་ཉེ་འཁོར་ཅི་རིགས་པར་དམར་གསུར་གྱི་སྣོད་དང༌། ཤ་ཚིལ་ཀྱང་བསག །དེ་ལྟར་མདོས་ཆས་རྣམས་སྟ་གོན་བྱས་ནས། གོང་དུ་བུམ་པ་བཅུད་ལྡན་ཤིང་གི་ཁ་རྒྱན་དང་བཅས་པའང་བཤམས་ལ། དངོས་གཞིའི་དང་པོར་སྐྱབས་སེམས་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང༌། །འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཕྱིར། །གཞན་ཕན་རླབས་ཆེན་བསྒྲུབ་པར་བགྱི། །ལན་གསུམ་བྱ། དེ་ནས་འཇུག་ཚིག་རྟེན་འབྲེལ་སྙིང་པོའི་གཞུང་ལས་བྱུང་བ་ཚིག་སྣ་བསྡུས་ཏེ། ལས་


LT17_Page_618
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉོན་མོངས་ཡོད་གྱུར་ན། །སེམས་ཅན་འཁོར་བར་འགྲོ་འགྱུར་ལ། །ལས་ཉོན་མེད་ན་སྲིད་ལས་ལྡོག །བདེན་དེས་བདག་གི་བསམ་འགྲུབ་ཤོག །དེ་ནས་ལྷ་རྗེས་སུ་དྲན་པ་ནི། ཆོས་གང་རྒྱུས་བྱུང་དེ་དག་དང༌། །དེ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །ཚུལ་བཞིན་གསུངས་པ་དགེ་སྦྱོང་ཆེ། །དྲང་སྲོང་ཡང་དག་རྫོགས་སངས་རྒྱས། །སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན། །དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །འོད་ཀྱི་གཟི་བྱིན་མཚུངས་མེད་སྐུ། །མེ་ཡི་ཁམས་ལ་རབ་གནས་པ། །བདག་ཉིད་ཀྱི་ནི་ལག་མཐིལ་དུ། །གསེར་གྱི་རི་བོ་འབར་བ་བཞིན། །སྐྱིལ་ཀྲུང་ཞབས་ཀྱིས་བཞུགས་པར་གྱུར། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་རྣམས་ལ༴ རང་སངས་རྒྱས་རྣམས༴ ་དགྲ་བཅོམ་པ༴ ཕྱིར་མི་འོང་བ༴ ལན་གཅིག་ཕྱིར་འོང་བ༴ རྒྱུན་དུ་ཞུགས་པ༴ འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ༴ བརྟུལ་ཞུགས་གྲུབ་པ་རྣམས་ལ༴ སེམས་ཅན་གྱི་སྨན་པ་རྣམས་ལ༴ ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་༴ སོགས་ཅི་འགྲུབ་བཟླ། །དེ་ནས་མདོས་བྱིན་རླབས་ནི། གཟུངས་དེ་ཉིད་སླར་ཡང་ལན་བདུན་བརྗོད་ནས།


LT17_Page_619
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གང་རྒྱུས་བྱུང་དེ་དག་ནི། །དེ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཆོས་ཀུན་རྟེན་འབྱུང་ཟབ་མོ་རུ། །མཁྱེན་པ་བླ་ན་མེད་བརྙེས་པའི། །མཐུ་དང་སྟོབས་དང་དབང་ཕྱུག་གིས། །སྟོང་གསུམ་སྟོང་གི་འཇིག་རྟེན་འདི། །ངོ་མཚར་རིན་ཆེན་བཀོད་པའི་ཞིང༌། །ཡིད་འོང་ལྟ་ན་རབ་མཛེས་པར། །ལོངས་སྤྱོད་མི་ཟད་ནམ་མཁའ་མཛོད། །འདོད་དགུའི་སྤྲིན་ཕུང་ཆེན་པོར་གྱུར། །ཞེས་བརྗོད་ཅིང་བསམ། དེ་ནས་མགྲོན་འབོད་པ་ནི། ཀྱཻ། དེ་རིང་སྒྱུ་མའི་རྣལ་འབྱོར་ངས། །སེམས་ཅན་ཡོངས་ལ་ཕན་གདགས་ཕྱིར། །འཛད་མེད་སྦྱིན་པའི་སྒོ་འབྱེད་ཀྱིས། །ལན་ཆགས་མགྲོན་རྣམས་ད་གཤེགས་ཤིག །མ་རིག་སྲེད་ལེན་གཞན་དབང་གིས། །སྣ་ཚོགས་སྲིད་པའི་ལུས་བླང་ཞིང༌། །ལས་ཀྱི་རྫུ་འཕྲུལ་ཤུགས་ལྡན་པའི། །གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་སྡེ། །མདོས་གླུད་ཡས་ཀྱི་སྟོན་མོར་གཤེགས། །ས་འོག་ས་སྟེང་ས་བླ་སྟེ། །འཇིག་རྟེན་གསུམ་ལ་རབ་རྒྱུ་བའི། །བགེགས་ཆེན་མ་རུང་གཤིན་རྗེའི་རྒྱལ། །བདུད་བཙན་གནོད་སྦྱིན་གཟའ་ཀླུའི་ཚོགས། །བརྗེད་བྱེད་གྲིབ་གནོན་སྲུལ་པོའི་གདོན། །སྐེམ་བྱེད་སྨྱོ་བྱེད་ཤ་ཟའི་སྡེ། །ཐེའུ་རང་སྲིན་པོ་མ་མོ་སོགས། །ལོག་འདྲེན་མགྲོན་རྣམས་ད་གཤེགས་ཤིག །ཁྱད་པར་དེང་གི་བསྲུང་བྱ་འདིའི། །སྲོག་དབུགས་དྲོད་དང་མདངས་འཕྲོག་པའི། །སྟེང་


LT17_Page_620
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གཟའ་དང་རྒྱུ་སྐར་དང༌། །འོག་གདོན་ཀླུ་དང་ས་བདག་དང༌། །བར་གདོན་བཙན་དང་མ་སྲིན་སོགས། །མཐོ་བ་རྗེ་དཔོན་རྒྱལ་རིགས་ནས། །དམའ་བ་རྡུལ་ཁྲོད་ཤ་ཟའི་བར། །དེ་རིང་སྟོན་ཆེན་མགྲོན་ལ་གཤེགས། །འཚོ་བའི་ཟས་ལ་ལྷ་ཡང་འདུ། །བདེན་པའི་ཚིག་ལ་མི་ཡང་ཉན། །དེ་ཕྱིར་རྣལ་འབྱོར་སྔགས་འཆང་གིས། །དཀོར་ནོར་སྦྱིན་པའི་མགྲོན་ལ་འདུས། །ཕན་བྱེད་བདེན་པའི་ངག་ལ་ཉོན། །ཐོགས་མེད་སྐད་ཅིག་ཡུད་ཙམ་ལ། །རྫུ་འཕྲུལ་སྟོབས་ཀྱིས་ད་གཤེགས་ཤིག །སརྦ་བྷུ་ཏ་ཨཾ་ཀུ་ཤ་ཡ་ཛཿ ཞེས་བརྗོད་པས་མགྲོན་རིགས་དེ་དག་ཐམས་ཅད་ཁ་བ་དང་བུ་ཡུག་འཚུབ་པ་ལྟར་འདུས་པར་བསམ་མོ། །དེ་ནས་མདོས་གྱེར་བ་ནི། ཀྱཻ། ཆོས་དབྱིངས་ཕྱོགས་དུས་མཉམ་པ་ཉིད། །གཟོད་ནས་ཞི་ཞིང་རྣམ་དག་དང༌། །ཆོས་ཀྱི་རང་བཞིན་མ་རྟོགས་ཏེ། །མ་རིག་བདག་ཏུ་ལྟ་བ་ལས། །སྲིད་པ་རྨི་ལམ་བཞིན་དུ་སྣང༌། །བགེགས་རྒྱལ་ཆེན་པོ་ཁྱེད་རྣམས་ཀྱང༌། །འདུ་བྱེད་མི་དགེའི་ལམ་བསགས་ཤིང༌། །སྔོན་གྱི་སྲིད་པས་མཚམས་སྦྱར་ནས། །མི་བཟད་གཤིན་རྗེའི་འཇིག་རྟེན་དུ། །འཁྲུལ་སྣང་སྡུག་བསྔལ་སྣ་ཚོགས་མྱོང༌། །རྒྱུ་འབྲས་ཚུལ་ལ་རྣམ་རྨོངས་ཏེ། །གཞན་ལ་གནོད་པ་ལྷུར་ལེན་ཞིང༌། །ཤ་ཁྲག་དྲོད་དང་དབུག་ལ་རྔམ། །མི་བརྫུ་དགུ་བརྫུའི་ཆོ་འཕྲུལ་གྱིས། །སྐྱེ་འགྲོའི་སྲོག་ལ་ཧུར་ཐུམ་བྱེད། །མཐོ་རིས་བདེ་བའི་ཡོན་ཏན་བདུན། །ཀུན་གྱི་དང་པོར་ཚེ་ཞེས་བརྗོད། །


LT17_Page_621
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་སྲོག་ལས་ཕངས་པའི་ནོར། །སྲིད་ན་ནམ་ཡང་རྙེད་མི་འགྱུར། །གང་ཞིག་གཞན་གྱི་སྲོག་ལེན་པ། །འཕྲལ་དུ་གཞན་ལ་འཚེ་བྱེད་ཅིང༌། །ཡུན་དུ་རང་ཉིད་ཕུང་ཁྲོལ་སྐྱེད། །དེ་དག་བསྐལ་མང་བྱེ་བ་བརྒྱར། །ལོག་པར་ལྟུང་ཞིང་གྲོལ་མི་འགྱུར། །དེ་ཕྱིར་དེ་རིང་རྣལ་འབྱོར་ངས། །སྦྱིན་བདག་སྡུག་བསྔལ་ཞི་བ་དང༌། །བགེགས་རྣམས་ཡུན་དུ་བདེ་བའི་ཕྱིར། །བྱམས་དང་སྙིང་རྗེའི་མཐུ་བསྐྱེད་དེ། །མདོས་གླུད་དཀོར་ནོར་ལོངས་སྤྱོད་ཀྱིས། །ལན་ཆགས་མགྲོན་རིགས་རྒྱ་མཚོ་བརྔན། །ཞེས་བརྗོད་ནས་རྟེན་སྙིང་ལན་བདུན་གྱིས་ཤར་གདོན་རྣམས་ལ་མདོས་བསྔོ་ཞིང་གྱེར་བྱ་བ་ནི། ཀྱཻ། ཤར་ཕྱོགས་དྲི་ཟའི་གདོན་རྣམས་ལ། །མདོས་གླུད་རྣམ་པ་སྣ་ཚོགས་པ། །རི་རབ་གླིང་བཞིའི་འཇིག་རྟེན་ཀུན། །རིན་ཆེན་གོས་དང་དར་སྣས་བཀང༌། །གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་བསྐྱིལ། །གཡུ་སྐྱེམས་ཕུད་ཀྱི་ཆུ་རྒྱུན་བསྒྲེངས། །རོ་མངར་འོ་ཕུད་ཆི་ལི་ལི། །བཅུད་ལྡན་ཇ་ཞག་མེ་རེ་རེ། །འབྲུ་རིགས་སྣ་ཚོགས་འཛད་མེད་པ། །འབྲས་སྲན་བོང་དང་གཏོས་སུ་ཆེ། །གྲོ་ནས་ལྷུན་དང་དཔངས་སུ་མཐོ། །ཁྲེ་ཡུངས་གྲངས་དང་རྔམས་སུ་བརྗིད། །ལོངས་སྤྱོད་རྒྱ་ཆེན་དང་ལྡན་པའི། །བླ་གླུད་བརྔན་སྦྱིན་རྒྱ་མཚོའི་གཏེར། །བཀྲག་དང་གཟི་བྱིན་ལམས་སེ་ལམ། །བཞད་དང་བྲོ་གར་ཁྲབས་སེ་ཁྲབ། །རྩེ་དང་བང་འགྲོས་བྲེངས་སེ་བྲེང༌། །གོས་དང་དར་ཐོད་ལྷབས་སེ་ལྷབ། །རྒྱན་དང་དྲིལ་གཡེར་ཁྲོ་ལོ་


LT17_Page_622
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དེ་འདྲའི་བླ་གླུད་བཟང་པོ་ལ། །མདོས་རྫོང་སྐྱེས་བུ་འདེབས་པ་ནི། །ཚོན་སྐུད་དེ་ནི་ནམ་མཁར་བྲན། །ནམ་མཁའི་མཁར་རྫོང་ཝངས་སེ་ཝང༌། །བལ་ཚོན་དེ་ནི་རྒྱང་བུར་བརྒྱུས། །རྒྱང་བུའི་འཁྲི་ཤིང་ལྡེམས་སེ་ལྡེམ། །ཕོ་ཤིང་དེ་ནི་མདའ་ཁྲར་བསྒྲིགས། །མདའ་ཁྲའི་ཡོ་ལང་སྒ་ར་ར། །མོ་ཤིང་དེ་ནི་འཕང་ཁྲར་བསྐོར། །འཕང་ཁྲའི་སྒྲིལ་འགྲོས་པུ་རུ་རུ། །ལྔ་ཚོན་དེ་ནི་ཤིང་རིས་བཀོད། །ཤིང་རིས་བཀྲག་མདངས་ཡ་ལ་ལ། །ཏིང་འཛིན་སྔགས་ཀྱིས་བྱིན་རླབས་ཏེ། །སྟོང་གསུམ་འཇིག་རྟེན་མ་ལུས་པར། །འདོད་ཡོན་རྒྱན་གྱི་སྤྲིན་བཀོད་ནས། །སྦྱིན་བདག་ཚེ་ཡི་གླུད་དུ་འབུལ། །སོ་སོའི་རེ་འདོད་བསྐངས་ནས་ཀྱང༌། །རྣལ་འབྱོར་སྔགས་འཆང་བདག་ཅག་གི། །བསྲུང་བྱ་ཡོན་གྱི་བདག་པོ་རྣམས། །དྲན་དང་བསམ་དང་གཟུང་དང་རེག །གློད་དང་ཞི་དང་བཀྲོལ་ནས་ཀྱང༌། །སླན་ཆད་འཚེ་བར་མ་བྱེད་ཅིག །ཅེས་གྱེར། སླར་ཡང་མདོས་ལ་དམིགས་ནས་རྟེན་སྙིང་ལན་བདུན་བརྗོད་ནས། ཀྱཻ། ལྷོ་ཕྱོགས་གྲུལ་བུམ་གདོན་རྣམས་ལ། །མདོས་གླུད་རྣམ་པ་སོགས་ནས། སླན་ཆད་འཚེ་བར་མ་བྱེད་ཅིག །གི་བར་བཏང༌། ཡང་རྟེན་སྙིང་ལན་བདུན་བརྗོད་ནས། ཀྱཻ། ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་ལ། །མདོས་གླུད་སོགས་རིགས་འགྲེ། ཀྱཻ། བྱང་ཕྱོགས་གནོད་སྦྱིན་གདོན་རྣམས་ལ། །མདོས་གླུད་སོགས་འགྲེ། ཀྱཻ། ཕྱོགས་ཀྱི་མཚམས་ན་གནས་པའི་གདོན། །མེ་ལྷའི་གདོན་དང་སྲིན་པོའི་གདོན། །རླུང་ལྷའི་


LT17_Page_623
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་དང་དབང་ལྡན་གདོན། །འབྱུང་པོ་མི་བཟད་གདོན་རྣམས་ལ། །མདོས་གླུད༴ སོགས། ཀུན་ལ་བར་མཚམས་སུ་རྟེན་སྙིང་བརྗོད། སྤྱིར་གོང་གི་མདོས་བྱིན་རླབས་ལ་སྔགས་དྲུག་ཕྱག་དྲུག་གམ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལྟ་བུ་སྦྱར་ཀྱང་ལེགས་མོད། རྟེན་འབྲེལ་སྙིང་པོ་ཁོ་ནས་ཀྱང་འཐུས་ཏེ་རྟེན་སྙིང་བསྟན་པ་ལ། མཆོད་པ་གང་ལ་དམིགས་ནས་བརྗོད་ན་འཇིག་རྟེན་གྱི་ཁམས་གང་བ་ཙམ་ཕུལ་བར་འགྱུར་རོ། །ཞེས་བཤད་ཅིང༌། དེ་ཉིད་མདོས་ལའང་མཚུངས་སོ། །དེ་ནས་དམར་གསུར་གཏོང་ཞིང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱའམ་རྟེན་སྙིང་གིས་བརླབས་ལ། ཀུན་མཁྱེན་རང་བྱུང་རྡོ་རྗེའི་ཞལ་སྔ་ནས་མཛད་པའི་དམར་གསུར་གྱི་ཆོ་ག་ཅུང་ཟད་རྒྱས་པ་ཉིད་གཏོང་བའམ་བསྡུ་ན། །སེམས་ཅན་ཀུན་གྱི་དྲོད་དབུགས་དང༌། །སྲོག་དང་ཤ་ཁྲག་ལ་རྔམ་པའི། །བགེགས་རིགས་འབྱུང་པོའི་ཚོགས་རྣམས་ལ། །དམར་ཆེན་འདོད་དགུའི་བརྔན་སྦྱིན་ནི། །ཤ་གསུར་དུད་པའི་སྤྲིན་ཆེན་འཁྲིགས། །ཚིལ་ཆེན་གསུར་གྱི་དྲི་ངད་འཐུལ། །སྟོབས་དང་མདངས་དང་དྲོད་དབུགས་བཅས། །ཏིང་འཛིན་དགོངས་པས་རྣམ་སྤྲུལ་ཏེ། །སྦྱིན་བདག་ཚེ་ཡི་གླུད་དུ་སྟེར། །རྣལ་འབྱོར་བདག་གི་བསྲུང་བྱ་རྣམས། །དྲན་དང་ཆགས་དང་གཟུང་དང་རེག །གློད་དང་གཏོང་དང་གྲོལ་བར་མཛོད། །ཅེས་བརྗོད་ཅིང་དམིགས་གནད་གཟབ་རྒྱས་བྱ། སླར་ཡང་ཡི་དྭགས་སྤྱི་ལ་དམིགས་ཏེ་ཆུ་སྦྱིན་བྱ་བ་ནི། ཟངས་དངུལ་སོགས་རིན་པོ་ཆེའི་སྣོད་གཙང་མའམ་རྫ་སྣོད་གཙང་མར་ཆུ་གཙང་བླུགས་ཏེ། ལག་གཡས་སྣོད་ཀྱི་ཁར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱཾཨུ།


LT17_Page_624
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བདུན་བཟླས་ནས། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིང་སེ་གོལ་གསུམ་བྱས་ཏེ་ས་གཙང་མར་བླུགས་སོ། །དེ་ཅི་ནུས་སུ་བསྐྱར། འདི་ཁོ་ནས་ཀྱང་ཡི་དྭགས་མང་པོ་ཚིམས་ཤིང༌། སྦྱིན་པ་པོའི་བསོད་ནམས་འཕེལ་བ་དང༌། མདངས་དང་སྟོབས་འཕེལ་བ་དང༌། བགེགས་རྣམས་ཀྱིས་འཚེ་མི་ནུས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་མདོ་ལས་བཤད་དོ། །མཐར། ཀྱཻ། སྟོང་གསུམ་སྲིད་པའི་འཇིག་རྟེན་ན། །ལྷ་འདྲེ་ཡིད་ཀྱི་རྫུ་འཕྲུལ་ཅན། །སའམ་འོན་ཏེ་བར་སྣང་གནས། །ཆེན་པོའམ་ཆུང་ངུ་གང་ཡང་རུང༌། །སྟོན་ཆེན་མགྲོན་ལ་སྤྱན་དྲངས་ནས། །ལོངས་སྤྱོད་འདོད་དགུའི་ཆར་ཕབ་སྟེ། །བཟའ་དང་བཅའ་དང་བཏུང་དང་བགོ །ཡིད་བཞིན་ནམ་མཁའ་གང་བར་འབུལ། །བརྟན་གཡོ་ཕྱི་ནང་སྣང་བ་འདི། །གདོད་ནས་རང་བཞིན་མ་སྐྱེས་ཏེ། །རྟེན་འབྱུང་སྒྱུ་མའི་སྣང་ཆ་རུ། །འཕགས་དང་འཕགས་པ་མ་ཡིན་པའི། །བློ་ཡིས་ཇི་ལྟར་བཞག་པ་བཞིན། །དག་དང་མ་དག་སོ་སོར་སྣང༌། །སྒྲོ་དང་སྐུར་བ་ཞི་བ་ཡི། །དོན་འདི་སུ་ཞིག་རྟོགས་གྱུར་པ། །དེ་དག་ཟབ་མོ་ཡེ་ཤེས་ཀྱིས། །མཁའ་དང་ལག་མཐིལ་རབ་མཉམ་པའི། །ཆོ་འཕྲུལ་སྒྱུ་མ་བཞིན་དུ་སྟོན། །དེ་ཕྱིར་རྣལ་འབྱོར་དབང་ཕྱུག་ངས། །ཆོས་ཉིད་རྟོགས་པའི་ལྟ་བ་དང༌། །ཏིང་འཛིན་སྒྱུ་མའི་


LT17_Page_625
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཆེན་གྱིས། །འཛད་མེད་དཀོར་ནོར་ནམ་མཁའི་གཏེར། །དེ་རིང་ཁྱེད་ལ་དངོས་སུ་འབུལ། །དགྱེས་ཤིང་ཚིམ་པར་བཞེས་ནས་ཀྱང༌། །གདུག་རྩུབ་གནོད་སེམས་ཞི་བ་དང༌། །རྟག་ཏུ་བདེ་ལ་གནས་གྱུར་ཅིག །ཅེས་བརྗོད་ཅིང་བསམ། དེ་ནས་ཆོས་སྦྱིན་དང་བདེན་ཚིག་བསྒྲགས་པ་ནི། ཆོས་གང་རྒྱུས་བྱུང་དེ་དག་ནི། །དེ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཆོས་ཉིད་མཐའ་དབུས་མེད་པའི་ཀློང༌། །ཆོས་ཀུན་གཟོད་ནས་ཞི་བ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །མཚན་མ་ཀུན་ལས་རབ་ཏུ་འདས། །རྒྱུས་བྱུང་ཆོས་གང་རྒྱུར་བཅས་པ། །ཐ་སྙད་སྣང་བ་ཁོ་ན་སྟེ། །བློ་ཡིས་རྣམ་པར་བཞག་པ་ལ། །རྟེན་ཅིང་འབྲེལ་འབྱུང་ཚུལ་ཞེས་བྱ། །སྟོང་དང་རྟེན་འབྱུང་ཟབ་མོའི་དོན། །མ་རིག་འཛིན་པས་རབ་བསྒྲིབས་ཏེ། །རྟེན་འབྲེལ་ལུགས་འབྱུང་བཅུ་གཉིས་ཀྱིས། །སྐྱེ་བོ་བྱིས་པ་བསླུ་ཞིང་འཁྲིད། །ཉོན་མོངས་སྒྱུ་མའི་སྒྱུ་ཐབས་དང༌། །འདུ་བྱེད་སྒྱུ་མའི་འཁྲུལ་འཁོར་ལ། །སྡུག་བསྔལ་སྒྱུ་མའི་གནས་བཅས་ནས། །སེམས་ཅན་སྒྱུ་མ་ཡ་རེ་ང༌། །གང་ཚེ་ཀུན་འབྱུང་སྲིད་པའི་ཁམས། །འཕགས་པའི་ལམ་གྱིས་སྤངས་པ་ན། །ཆོས་མཆོག་མྱ་ངན་མེད་པའི་གནས། །ཇི་ལྟ་བ་བཞིན་ཐོབ་པར་འགྱུར། །གང་ཞིག་བདག་ཏུ་སྒྲོ་འདོགས་པ། །དེ་དག་ཉོན་མོངས་རྣམ་མང་པོ། །སྲེད་དང་སྡང་དང་ཁེངས་


LT17_Page_626
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས། །བརྒྱུད་མར་འཕེལ་ཞིང་རྒྱས་པར་འགྱུར། །དེ་ཕྱིར་ཁྱེད་ཀྱང་འདི་འདྲའི་ཚུལ། །མཐོང་ནས་དོན་བཞིན་སྤྱོད་པ་དང༌། །མཐོང་དོན་གཞན་ལ་འདོམས་བྱེད་པའི། །སངས་རྒྱས་ཕན་མཛད་ཉིད་གྱུར་ཅིག །སངས་རྒྱས་བྱང་ཆུབ་མཆོག་འདོད་ན། །བྱང་ཆུབ་མཆོག་གི་སེམས་བསྐྱེད་ཅིག །སངས་རྒྱས་ཡོན་ཏན་རྨད་བྱུང་བ། །ཀུན་ཀྱང་བྱང་ཆུབ་སེམས་ལས་སྐྱེ། །གཞན་ཕན་སྙིང་རྗེའི་རྩ་བ་དང༌། །ལྷག་བསམ་རྣམ་པར་དག་པ་ལས། །བླ་མེད་བྱང་ཆུབ་སེམས་འབྱུང་སྟེ། །འགྲོ་དོན་སངས་རྒྱས་དོན་གཉེར་ཡིན། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སླར་ཡང་རྟེན་སྙིང་བརྗོད་ནས་དེ་ཉིད་བོད་སྐད་དུ་བསྒྱུར་བ། ཆོས་གང་རྒྱུས་བྱུང་དེ་དག་ནི། །དེ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །སངས་རྒྱས་ཆགས་མེད་སྤྱོད་ཡུལ་ཅན། །གནས་མེད་ལེན་པ་མེད་བརྙེས་ཤིང༌། །བདུད་རྩི་རྡུལ་མེད་དོན་སྟོན་པའི། །བདེན་ཚིག་ནམ་ཡང་བསླུ་བ་མེད། །བདེ་གཤེགས་རིག་པ་གསུམ་མངའ་བས། །ཆོས་ཀུན་རང་བཞིན་རྣམ་སྟོང་ཞིང༌། །ཀུན་རྫོབ་རྟེན་ནས་འབྱུང་གཟིགས་པའི། །བདེན་ཚིག་ནམ་ཡང་བསླུ་བ་མེད། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང༌། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །


LT17_Page_627
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཚིག་ནམ་ཡང་བསླུ་བ་མེད། །འདྲེན་པ་མཚུངས་མེད་བློ་མངའ་ཞིང༌། །སེམས་ཅན་ཁམས་རྣམས་མ་ལུས་པར། །མི་དམིགས་བྱམས་པས་ཁྱབ་མཛད་པའི། །བདེན་ཚིག་ནམ་ཡང་བསླུ་བ་མེད། །སྐྱོབ་པ་འཇིག་རྟེན་མཁྱེན་མངའ་བའི། །ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང༌། །ཡེ་ཤེས་འཕེལ་དང་འགྲིབ་མེད་པའི། །བདེན་ཚིག་ནམ་ཡང་བསླུ་བ་མེད། །བདེན་པའི་བྱིན་རླབས་འདི་དག་གིས། །མ་རིག་རྒུད་པ་ཞི་བ་དང༌། །བགེགས་རྣམས་འཕགས་པའི་ལམ་རྙེད་ནས། །རང་གཞན་བདེ་ལ་སྤྱོད་གྱུར་ཅིག །སངས་རྒྱས་སྟོབས་བཅུའི་སྟོབས་མངའ་བའི། །སྟོབས་མཆོག་མཚུངས་པ་མེད་པ་དང༌། །གྲགས་ཆེན་བྱང་ཆུབ་སེམས་དཔའ་རྣམས། །ཡེ་ཤེས་ཆགས་པ་མེད་བརྙེས་པའི། །མཐུ་དང་སྟོབས་དང་དབང་ཕྱུག་གིས། །བགེགས་རྣམས་གནོད་སེམས་ཞི་བ་དང༌། །སྦྱིན་བདག་འཇིགས་པ་ཀུན་བྲལ་ནས། །རང་གཞན་བདེ་ལ་གནས་གྱུར་ཅིག །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །རྡོ་རྗེ་ལྟ་བུའི་ཏིང་འཛིན་སོགས། །ཏིང་འཛིན་གཟི་བརྗིད་ཆེན་པོ་ཡི། །མཐུ་དང་སྟོབས་དང་དབང་ཕྱུག་གིས། །སོགས་འགྲེ། རྒྱུན་ཞུགས་ལན་ཅིག་ཕྱིར་འོང་སོགས། །གང་དག་ཉན་ཐོས་རང་སངས་རྒྱས། །སློབ་དང་མི་སློབ་ལམ་གནས་ཤིང༌། །ཀུན་སྦྱོར་རྒྱུ་བ་རྣམས་ཟད་པའི། །མཐུ་དང་སྟོབས་དང་དབང་ཕྱུག་གིས། །བགེགས་


LT17_Page_628
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གནོད་སེམས་ཞི་བ་དང༌། །སྦྱིན་བདག་འཇིགས་པ་ཀུན་བྲལ་ནས། །རང་གཞན་བདེ་ལ་གནས་གྱུར་ཅིག །ཡང་ཡེ་་གཅིག་གམ་གསུམ་བརྗོད། དེ་ལྟར་སྦྱིན་འགྱེད་རྫོགས་ནས། མགྲོན་ལམ་བསྟན་པ་ནི། མདོས་བཏེགས་ལ། ཀྱཻ། ཆོས་གང་རྒྱུས་བྱུང་དེ་དག་ནི། །དེ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །རྟེན་འབྲེལ་ནུས་པ་བསམ་མི་ཁྱབ། །སངས་རྒྱས་སྤྱོད་ཡུལ་བསམ་མི་ཁྱབ། །རིག་སྔགས་བདེན་པ་བསམ་མི་ཁྱབ། །བསམ་གྱིས་མི་ཁྱབ་འདི་དག་གི། །སྟོབས་ནུས་བསམ་གྱིས་མི་ཁྱབ་པས། །འཇིག་རྟེན་ཁམས་རྣམས་རྒྱ་མཚོའི་ཁྱོན། །འདོད་ཡོན་སྤྲིན་གྱིས་བར་བཀང་སྟེ། །དེ་རིང་ཁྱོད་ལ་ཕུལ་ཟིན་གྱིས། །ད་ནི་གཤེགས་ཤིག་ཤ་ར་ར། །བགེགས་རྒྱལ་ད་ནི་གཤེགས་རེ་རན། །ལྷ་འདྲེ་ཡིད་ཀྱི་རྫུ་འཕྲུལ་ཅན། །ཕྱོགས་བཅུ་དག་ནས་གང་ལྷགས་དང༌། །སྦྱིན་བདག་འགྲས་པ་བསྡུམ་པའི་ཕྱིར། །མཆོད་དང་བསྙེན་བཀུར་བགྱིས་ཟིན་གྱིས། །བྱམས་པའི་དྲིན་ལ་ངོ་ཞིག་འཚལ། །བདེན་པའི་ཆད་ཐོ་དོན་ཡོད་མཛོད། །མཐོ་བ་རི་རབ་རྩེ་མོ་ནས། །དམའ་བ་གཤིན་རྗེའི་འཇིག་རྟེན་ཡན། །ལྷ་དང་ལྷ་མིན་ཡི་དྭགས་གདོན། །སྲིད་པ་ལས་ཀྱིས་བསྐོས་པ་བཞིན། །རང་རང་སོ་སོའི་གནས་སུ་དེངས། །བསྒོ་བའི་དམ་ལ་མི་ཉན་ན། །རིག་སྔགས་ཞགས་པ་མི་བཟད་པས། །འཆིང་དང་གཟིར་དང་ཕམ་བྱས་ནས། །


LT17_Page_629
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མི་བཟད་མྱོང་བར་འགྱུར། །དེ་བས་རྣལ་འབྱོར་སྔགས་འཆང་གིས། །ཇི་ལྟར་རྗེས་སུ་བསྟན་པ་བཞིན། །རང་རང་གནས་སུ་སླར་གཤེགས་ནས། །བྱང་ཆུབ་སེམས་དང་ལྡན་པར་བྱོས། །སརྦ་བྷུ་ཏ་གཙྪ། ཞེས་བརྗོད་ནས་མདོས་ཡས་རྣམས་ཕྱོགས་གཙང་སར་བསྐྱལ། རྟེན་སྙིང་གི་སྔགས་ཀྱིས་བཏབ་པའི་གུ་གུལ་བདུག་ཅིང༌། བསྲུང་གུར་བསྒོམ་པ་ནི། ཆོས་གང་རྒྱུས་བྱུང་དེ་དག་ནི། །དེ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །འདྲེན་པ་་སེངྒེ་ཡི། །ཡེ་ཤེས་ཆེན་པོའི་བྱིན་རླབས་ལས། །མི་ཤིགས་གཞོམ་མེད་རྡོ་རྗེའི་གུར། །འབར་བའི་མེ་འོད་རབ་འཕྲོ་བས། །ཕྱི་རོལ་ཕྱོགས་རྣམས་ཀུན་ཁྱབ་སྟེ། །ལོག་འདྲེན་རྒྱུ་བའི་སྐབས་མེད་གྱུར། །ཡེ་༴ སོགས་ལན་གསུམ། དེ་ནས་བསྲུང་བྱའི་ལུས་ཐམས་ཅད་བུམ་ཆུས་བཀྲུ་ཞིང་བྱུག །གལ་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཡོད་ན། དེ་ཉིད་ཀྱི་ངོགས་སུ་ཆུ་རྒྱུན་སྦྲེང་བས་ཁྲུས་གསོལ་ཞིང༌། ཁྲུས་ཆུས་བསྲུང་བྱ་བཀྲུ་བའང་བྱ་ལ། འདིར་ཚེ་འགུགས་སྤྲོ་ན། ཚེ་འགུགས་ཀྱི་ཆོ་ག་རྒྱས་བསྡུས་ཅི་རིགས་བྱ་ཞིང༌། ཤིན་ཏུ་བསྡུ་ན་མདའ་དར་བླང་ལ། ཡེ་་སོགས། ཆོས་གང་རྒྱུས་བྱུང་དེ་དག་ནི། །དེ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཆོས་ཉིད་གཅིག་ལས་མ་གཡོས་བཞིན། །གང་འདུལ་ཐབས་ལ་མཁས་པའི་སྒོ། །ཚད་མེད་བསམ་གྱིས་མི་ཁྱབ་ཅིང༌། །ཐུགས་རྗེའི་ཐུགས་དམ་ཆེན་པོ་


LT17_Page_630
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སེམས་ཅན་དོན་དུ་ད་བཞེངས་ཤིག །བརྟན་པ་སྣོད་ཀྱི་འཇིག་རྟེན་ཁམས། །འབྱུང་པོ་ཆེན་པོ་རྣམ་བཞི་ཡིས། །སྙིང་པོའི་དྭངས་མ་མདངས་དང་བཅུད། །རྡོ་རྗེ་ཚེ་ཡི་གསོས་སུ་ཆེ། །ལྷ་དང་དྲང་སྲོང་རིག་འཛིན་གྱི། །སྟོབས་དང་མདངས་དང་གཟི་བརྗིད་དང༌། །རིག་སྔགས་བྱིན་རླབས་ཚད་མེད་པ། །ཀུན་ཀྱང་མི་ཤིགས་ཚེ་ཡི་གྲོགས། །མདོར་ན་རབ་འབྱམས་འཇིག་རྟེན་གྱི། །བརྟན་གཡོའི་དྭངས་བཅུད་མ་ལུས་པ། །བྱིན་རླབས་སྟོབས་ཀྱིས་འདིར་བཀུག་སྟེ། །བསྲུང་བྱ་རྒྱུ་སྦྱོར་ཡོན་བདག་གི། །ཁམས་དྲུག་སྲོག་གི་གསོས་སུ་སྩོལ། །བླ་ཚེ་སྲོག་དབུག་དྲོད་དང་བཅས། །ཆད་པ་མཐུད་ལ་ཟད་པ་བསྲིངས། །འཐོར་བ་ཁུག་ལ་ཉམས་པ་གསོས། །རྡོ་རྗེ་ཚེ་ཡི་བྱིན་ཕོབ་ཅིག །དམིགས་ཡུལ་བསྲུང་བྱའི་སེམས་ཅན་གྱི། ཁ་བསྒྱུར་མཆན། སྤྲོ་ན་ཚེ་གཟུངས་བཟླས། རྟེན་སྙིང་གིས་ཚེ་སྲོག་བརྟན་པར་བྱ། དེ་ནས་བུམ་ཆུ་བླུད་གོང་སྨོས་ཀྱི་སྐུ་ཁྲུས་ཀྱི་ཆུ་ཡོད་ནའང་བླུད། །མཇུག་ཏུ་བཀྲ་ཤིས་བརྗོད་པ་ནི། ཡེ་་སོགས། །ཆོས་གང་རྒྱུས་བྱུང་དེ་དག་ནི། །དེ་ལ་འགོག་པ་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །འཕགས་ཚོགས་སྲས་དང་བཅས་རྣམས་ཀྱི། །ཡེ་ཤེས་བྱིན་རླབས་རྨད་པོ་ཆེས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི། བསྲུང་བྱ་འདི་དག་གི། མཆན། དགོས་འདོད་འགྲུབ་པའི་བཀྲ་ཤིས་སྩོལ། །ནད་གདོན་འཇིགས་བརྒྱད་ཞི་བ་དང༌། །ཚེ་བསོད་ཡར་ཟླ་ལྟར་འཕེལ་ཏེ། །མཐོ་


LT17_Page_631
[མ་དཔེ་གཟིགས་ན་འདིར་གནོན།]

རིས་ལེགས་པའི་ཡོན་ཏན་བདུན། །འཕེལ་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་ནས་འཐོར་རོ། །སྔོན་བྱུང་སྐྱེ་བོ་མཁས་རྣམས་ཀྱིས། །སྐྱེ་རྒུ་བདེ་བར་གནས་བྱའི་ཕྱིར། །ཆོ་ག་འདི་འདྲ་བཀོད་མཐོང་ནས། །ངས་ཀྱང་དེ་འདྲའི་ལད་མོ་བྱས། །གཏོ་བླ་མགོ་འཛོང་བཞུགས་སོ་ཅོག །གཏོ་ནག་འདི་ཡིས་ཐུགས་དམ་བསྐང༌། །གཏོ་བོད་བ་ཚྭའི་མཚོ་ནང་ནས། །དོན་ཟབ་ནོར་བུ་རྙེད་ཀྱང་སྲིད། །འཁྲུལ་དང་ནོངས་པ་ཅི་ཡོད་པ། །དེ་ཀུན་གཏོ་མཁན་རྒྱལ་ལ་བཤགས། །ལེགས་ཚོགས་ཇི་སྙེད་མཆིས་པ་ཡིས། །འགྲོ་བ་ཡོངས་ལ་ཕན་བྱེད་ཤོག །ཅེས་པའང་སྤྲང་སྨྱོན་འཇིགས་མེད་པས་བྲིས་པ་དགེ།། ༈ །།རྟེན་འབྲེལ་མདོས་ཀྱི་བཅའ་ཐབས། རང་གི་མདུན་སྟེགས་བུའི་ཁར་རམ། ཅུང་ཟད་འཕགས་པའི་སྟེང་སྣོད་གཙང་གི་ནང་ས་བླུགས་ནས་ཆག་ཆག་གདབ་ལ། དེའི་སྟེང་ཁམས་སའམ་བག་ཟན་གྱི་ནང་རིན་ཆེན་ཕྱེ་མ་བསྲེས་ལ་རི་རབ་བང་རིམ་བཞིའི་སྟེང་རི་རབ་ཁ་ཁྱེར་ལ་བླ་ཀླུད་བཟང་པོ་ཞྭ་མོ་དང་གཟན་ཤམ་ཅན་དང༌། ནམ་མཁའ་ཁ་དོག་ལྔ་པ་རྒྱང་བུ་ཤིང་རིས་མདའ་འཕང་བཅས། རི་རབ་ཀྱི་ཤར་དུ་གདན་ཟླུམ་པོ་དབུས་ཆེ་བ་གཡས་གཡོན་ཆུང་བ། ལྷོ་ཕྱོགས་གདན་སོག་ཁ་དབུས་ཆེ་བ་གཡས་གཡོན་ཆུང་བ། ནུབ་ཕྱོགས་གདན་ཟླ་གམ་ཡང་གོང་ལྟར། །བྱང་གྲུ་བཞི་གོང་ལྟར་བྱས་པའི་གླིང་བཞི་གླིང་ཕྲན་བཅུ་གཉིས་སྟེང་བླ་གླུད་བཟང་པོ་རེ་དང༌། ཤར་ནམ་མཁའ་དཀར་པོ། །ལྷོ་སེར། ནུབ་དམར། བྱང་ལྗང༌། དེ་བཞིན་དུ་རེ་རེ་བཞིན་མདའ་འཕང་བ་ལ་རྒྱངས་ཤིང་རིས་བཅས་བཀོད། མཐའ་བསྐོར། རིན་པོ་ཆེ་སྣ་ཚོགས། དར་སྣ། རས་སྣ། ཇ་ཆང་འོ་ཞོ་ཆུ་གཙང་དང༌། གཟུགས་འགྲོས་སྣ་ཚོགས་པ་ཅི་འབྱོར་བཤམས། དམར་གསུར་གྱི་ཤ་ཚིལ་དང༌། ཆུ་གཏོར་གྱི་ཆུ་དང༌། ཟངས་སྣོད་བཅས་འདུ་བྱའོ།། ༈ །།རྟེན་འབྲེལ་གཏམ་གྱི་རྔ་སྒྲ་ཡིས། །མི་ཤེས་གཉིད་འཐུག་


LT17_Page_632
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མཛད་པ། །ཀུན་མཁྱེན་འཇམ་པའི་དབྱངས་མངའ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་སྙིང་པོ་ལ་བསྟེན་པའི་ལས་སྦྱོར་གྱི་ཤམ་བུ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ཆོས་ཀྱི་སྐུ་སྒྲིབ་པ་མེད་པའི་ཕྱག་རྒྱ། དུས་གསུམ་གྱི་འཕགས་པ་རྣམས་ཀྱིས་དགོངས་པ། བརྟུལ་ཞུགས་གྲུབ་པ་རྣམས་ཀྱིས་བསམ་པ། བཅོམ་ལྡན་འདས་ཀྱི་བདེན་པའི་ཚིག་འདི་དག་གིས། བདག་དང་སེམས་ཅན་ཐམས་ཅད་ལ་བསྲུང་བ་གྱིས་ཤིག་ཡོངས་སུ་བཟུང་བ་དང༌། ཡོངས་སུ་སྐྱབས་པ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་སྤང་བ་དང༌། དུག་གཞིལ་བ་དང༌། ས་བཅིངས་པ་གྱིས་ཤིག་གང་ཡང་བདག་ལ་རྣམ་པར་སྡང་བ་དང༌། གནོད་པར་བསམ་པ་དང༌། དགྲ་དང་ཆོམ་རྐུན་དང་བཤེས་བྲལ་དང་གདོན་དང་ནད་དང་རིམས་ནད་དང༌། །གཅན་གཟན་ཁྲོ་བོ་དང༌། དུག་དང་མེ་དང་ཆུ་དང་མཚོན་ཆ་དང་རྨི་ལྟས་ངན་པ་དང་གཟའ་དང་རྒྱུ་སྐར་དང་ཕྱོགས་ངན་དང་སྲི་ཀེགས་དང༌། བྱད་སྟེམས་དང་གྲིབ་མནོལ་དང་དུས་མ་ཡིན་པར་འཆི་བའི་རིགས་སུ་གྱུར་པ་ཐམས་ཅད་ཕྱིར་བཟློག་གོ །རྣམ་པར་བསྐྲད་དོ། །ཡོངས་སུ་གཞིག་གོ །རིག་སྔགས་ཀྱི་རལ་གྲིས་གཅོད་དོ། །ཕུར་བུས་གདབ་བོ། །མཚམས་ཆེན་པོ་བཅད་དོ། །རིག་སྔགས་བདེན་པའི་བྱིན་རླབས་འདི། །སྟོབས་ལྡན་བདུད་ཀྱི་སྟོབས་འཇོམས་པས། །རལ་གྲི་ངར་མ་ཕྱུང་བརྡེག་སྟེ། །ངོ་མཚར་ཕན་བདེའི་ཉི་མའང་ཡིན། །བྱད་བཟློག་དམིགས་


LT17_Page_633
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་ཅན་ལྟ་བུ་ཡིན་ན། །བདེན་ཚིག་གི་མཇུག་ཏུ། ཨོཾ་ཧྲཱི་བཛྲ་ཛྭ་ལ་སརྦ་ཀརྨ་སོགས་ནས། རྐྵ་རྐྵ་ཕཊ་ཕཊ་སྭཱ་ཧཱའི་བར་ལུས་ངག་ཡིད་གསུམ་བཅིངས་པ་ལས་རྒྱལ་བར་བྱེད་པའི་གཟུངས་གང་མང་བསྐྱར། ༈ །མིག་སྦྱོང་བ་ལ། རྟེན་སྙིང་གི་མཐར་མིག་རྣམ་པར་སྦྱོང་བའི་རིག་སྔགས་སྦྲེལ་ཞིང༌། ཚུལ་ཁྲིམས་ཀྱི་བདེན་པ་དང་སོགས་བདེན་སྟོབས་བརྗོད་པས་འཐུས། དེའི་རིགས་པས་ལས་གང་ལའང་རིགས་འགྲེ་སྦྱར་རོ། །དེ་ཡང་མིག་འབྱེད་ལ་དཔེར་བརྗོད་ན། དུས་གཉན་རྣམས་སུ་མིག་ལ་བསྒྲིལ་བའི་ཟན་གྱི་འཐེབ་ཀྱུ་བརྒྱ་རྩ་བརྒྱད་ཕྱོགས་སུ་བསྔོ་བ་ལྟ་བུས་མཚོན་ཏེ། ནད་གདོན་བྱད་གྲིབ་སོགས་གང་ལའང་སྐབས་སུ་ངོ་ལོན་གྱི་གླུད་མང་དུ་འཇལ། རྒྱབ་ཆོས་སུ་འཕགས་པ་ས་ལུའི་ལྗང་པ་དང༌། མདོ་སྡུད་པ་ཀློག་སྒྲོག་བྱ་ཞིང་རྒྱ་ཆེན་ཤུགས་ལྡན་ལ་བརྟེན་པའི་དྲང་སྲོང་མཆོད་པ་སོགས་བྱའོ། །རྟེན་འབྲེལ་ཟབ་མོའི་གནད་ཇི་ལྟ་བར་ཤེས་ནས་གཟུངས་སྔགས་ཀྱི་སྦྱོར་བ་འདི་ཐེ་ཚོམ་མེད་པའི་ཡིད་ཀྱིས་བརྩམས་ན་རིགས་སྔགས་གྲུབ་པའི་དྲང་སྲོང་གི་དམོད་པ་རྣམས་ཀྱང་ཞ་ཉེ་ཕ་ལམ་གྱི་བྲག་ལ་བབས་པ་ལྟར་བྱ་བར་ནུས་ན་གཞན་ལྟ་ཅི་སྨོས་ཏེ། མདོར་ན་བྲམ་ཟེ་ཞི་འཛིན་མཆོག་གི་རྣམ་པར་ཐར་པའི་ཡུལ་གྱི་རྗེས་སུ་སོང་བ་ཡིན་ནོ། །ནགས་ཚལ་དྲིལ་བུའི་སྒྲ་ཅན་དུ། །བརྗོད་པ་ཀུ་ཧུའི་མགྲིན་ལྡན་གླུ། །དཔལ་ལྡན་པདྨའི་འདབ་སྟེགས་སུ། །སླར་ཡང་ཉུང་ངུར་རྗེས་བཟླས་བྱས། །ཞེས་པའང་སྤྲང་པོ་འཇིགས་མེད་བསྟན་རྒྱལ་གྱིས་སྦྱར་བ་མངྒ་ལཾ།། ༈ །།གླུད་བསྔོ་ཐབས་ཉུང་ལ་འདོན་བདེ་བ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །གླུད་དང་ཆང་བུ་བརྒྱ་རྩ་བསྔོ་ན། །སྤྱིར་གླུད་ཀྱི་ཁུངས་ནི། སྐྱེས་རབས་ལས། ངང་པའི་རྒྱལ་པོའི་སྲོག་གླུད་དུ། །བདག་ཉིད་མཆིད་ཀྱིས་འཚལ་བར་བགྱི། །ཞེས་གླུད་ཀྱི་བརྡ་ཆད་མཛད་པ་དང༌། །ཤ་ལྔ་མ་རྙེད་ན་ཟན་ལས་བྱས་པའི་གཟུགས་བརྙན་གྱིས་ཀྱང་རུང་བར་རྒྱ་གར་པཎ་ཆེན་གྱི་


LT17_Page_634
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ནས་འབྱུང་བ་ལྟར་རིགས་པ་མཚུངས་པ་ཡིན་ཞེས་མཁས་པ་དག་གིས་གསུངས་པས། དེའི་རིགས་པས་རྫས་གཞན་ལ་ཡང་དཔག་ནུས་སོ། །དེ་ལྟར་ན་འདིར་ཆོ་ག་ཤིན་ཏུ་བསྡུས་ཏེ་འགོད་པ་ལ། ཐོག་མར་མདུན་དུ་རིན་པོ་ཆེའི་སྣོད་དམ་ཆུ་བོར་བསྐུར་ན་ཤིང་གི་བཞི་སྐོར་ལྟ་བུ་ལ་གླང་ཐག་གི་དྲྭ་ཕད་ལྟར་བཅིངས་པའི་སྟེངས་དང་ལྕི་བས་བྱུག །དེའི་ཁར་བསྒྲུབ་བྱའི་དྲི་མ་དང་བསྲེས་པའི་བག་ཟན་ལ་གླུད་དང་ཆང་བུ་བརྒྱ་རྩ་དང༌། གྲུབ་ན་ནམ་རྒྱང་མདའ་འཕང་ཤིང་རིས་རྣམས་ཚང་བ་གཅིག །གཞན་ཡང་ཏིང་ལོ། །ཤ་ཆང༌། ལ་ཕུག །སྒོག་ཙོང༌། རམ་རུག །དར་སྣ་རས་སྣ། རིན་པོ་ཆེ། སྲོག་ཆགས། མདངས་རྣམས་བསྟར་ལ་བཞག །དེ་ནས་བདག་གི་རྣལ་འབྱོར། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་མཐར། རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་ནོར་བུ་དང་པདྨ་འཛིན་པ་དར་དང་རིན་པོ་ཆེས་བརྒྱན་ཅིང་རི་དྭགས་ཀྱི་ལྤགས་པ་འཆང་བ་པད་ཟླའི་གདན་ལ་བཞེངས་སྟབས་མཛད་པ་སྐུ་མདོག་དཀར་གསལ་ཡེ་ཤེས་ཀྱི་འོད་ཟེར་ཟླ་བ་ལྟར་ཀུན་ནས་སྣང་བའི་སྐུར་གྱུར། བར་བལྟས་ལ་ཡིག་དྲུག་བཟླས་མཐར། ལྷ་སྣང་དེ་ཉིད་ཀྱིས། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རྫས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ནམ་མཁའ་གང་བའི་འདོད་ཡོན་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། ན་མོ། །རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཡི་དམ་པདྨ་གར་དབང་སྤྱན་རས་གཟིགས་ཀྱི་བདེན་པ་དང༌། གསང་སྔགས་རིག་སྔགས་གཟུངས་


LT17_Page_635
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ལྷ་རྣམས་ཀྱི་བདེན་པ་དང༌། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་ས་དང་བར་སྣང་ལ་བརྟེན་པ་ཐམས་ཅད་ཁྲ་ཧོར་གཟན་ལ་རུབ་པ་ལྟར་སྐད་ཅིག་གིས་ཆང་བུའི་མགྲོན་ལ་འདིར་མཆིས་པར་གྱུར་ཅིག །སརྦ་བྷུ་ཏ་ཨཾ་ཀུ་ཤ་ཛ། ལན་གསུམ། དེ་ནས། ཧོ་འདོད་ཡོན་ལོངས་སྤྱོད་ཀྱི་སྤྲིན་ཕུང་རྒྱ་མཚོ་བཟང་ཞིང་གྱ་ནོམ་པ། མཐུན་རྫས་དཀོར་ནོར་སྤྱན་གཟིགས་ཉེར་སྤྱོད་བཟའ་བཅའ་ལྡག་གཞིབ། བཅུད་ལྡན་བདུད་རྩིའི་བཏུང་བ། ལྷ་རྐང་དམར་གྱི་གསུར་དུད། འདོད་ཡོན་རོ་བརྒྱའི་ཆང་བུ། །ལྷུན་པོ་ལྟར་སྤུང་བ། རྒྱ་མཚོ་ལྟར་བསྐྱིལ་བ། གྲམ་ཁྲོད་ལྟར་གཅལ་དུ་བཀྲམ་པ་ལ་སོགས་ཏེ་ཟད་མི་ཤེས་པ་རིན་པོ་ཆེའི་སྤྲིན་ཕུང༌། ཁྱད་པར་དུའང་རིན་ཆེན་ངར་གྱི་མི་གཟུགས། ཁམས་དྲུག་དབང་པོ་ལྔ་ལྡན་དུ་བྱིན་གྱིས་བརླབས་པ་ལས་བྱུང་བའི་གླུད་གཏོར་བརྔན་སྦྱིན་རྒྱ་མཚོ། གསལ་བྱེད་ཏིང་ལོའི་སྣང་བ་དང་བཅས་པ། མགྲོན་རྣམས་སོ་སོའི་དབང་པོ་དྲུག་ལ་དགྱེས་དགུར་འཆར་བའི་ལོངས་སྤྱོད་ཀྱི་གཏེར་ཆེན་པོ་བགེགས་རིགས་ལན་ཆགས་ཀྱི་མགྲོན་ཆེན་པོ་དང་ཕལ་པའི་ཚོགས་ཐམས་ཅད་བརྔན་ཞིང་བསྙེན་བཀུར་བྱ་བའི་ཕྱིར། གཟུངས་སྔགས་


LT17_Page_636
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་མོ་འོད་ཟེར་ཚད་མེད་པའི་དབང་དུ་གྱུར་པའི་གཟི་བརྗིད་རྣམ་པར་རྒྱལ་བའི་ཤུགས་ལ་བརྟེན་ཏེ། མཆོད་སྦྱིན་གྱི་ཆོ་ག་མངོན་དུ་བགྱིའོ། །ཞེས་པའི་མཐར། །སཾ་བྷ་ར་སོགས་ལན་བདུན། མཚན་བཞི་ལན་གཅིག །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང༌། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །དེ་འདྲ་བ་ལྔའམ་བདུན་སོགས་སྐབས་དང་བསྟུན་ནོ། །དེ་ལའང་སྔགས་ཀྱི་རྫས་རྣམས་སྤེལ་བ་དང༌། ཡི་དྭགས་ཀྱི་སྡེ་ཚན་སུམ་ཅུ་རྩ་གཉིས་སོགས་མགྲོན་རིགས་ཐམས་ཅད་དགའ་བར་བྱེད། མཚན་བཞིས་གོ་རིམ་བཞིན་དུ་གདོན་རྣམས་ཀྱི་སྒྲིབ་པ་སྦྱང་བ་དང༌། གཟུགས་བཟང་འཐོབ་པ་དང༌། ཟས་ཀྱིས་ཆོག་ཤེས་ཤིང་ངོམས་པ་དང༌། འཇིགས་པའི་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །མཇུག་ཏུ། མཆོད་སྦྱིན་འདོད་ཡོན་གྱི་དགའ་སྟོན་རྒྱ་ཆེན་པོ་འདི་ཉིད་བསྔོ་ཞིང་འབུལ་བའི་ཡུལ་དུ་གྱུར་པ་ནི། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དཔལ་ཆོས་འབྱོར་ལ་བར་དུ་གཅོད་ཅིང༌། བྱུར་དང་མི་ཤེས་པའི་སྣ་འདྲེན་པ་རྨི་ལམ་རྟགས་མཚན་ངན་པ། གློ་བུར་བདུད་དང་ཡེ་འདྲོག །རྐྱེན་ངན་དང་འཆི་རྐྱེན་རྦབ་རྒོད་ལྟར་གཏོང་བའི་སྲོག་བདུད་ལས་ཀྱི་གཤིན་རྗེ་རྒྱལ་བསེན་དམ་སྲི་ཐེའུ་རང༌། གདོན་རིགས་སྟོང་ཕྲག་བརྒྱད་བཅུ། གཙོ་བོའི་གདོན་ཆེན་བཅོ་བརྒྱད། གདོན་ཕལ་པ་བཅུ་བཞི་ལ་སོགས་པ་སྐྱེ་འགྲོ་ཡོངས་སུ་གནོད་ཅིང་འཚེ་བའི་བསམ་སྦྱོར་ཅན། བླ་ལ་ཧབ་ལེན་བྱེད་པ། སྲོག་ལ་རྒྱུག་འགྱེལ་གཏོང་བ། དབུགས་


LT17_Page_637
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྐན་སྒྲ་རྡེབ་པ། གཟའ་སྐར་དང་དུས་སྦྱོར་ངན་པ། དར་རྒུད་སྤར་སྨི་ལ་དབང་བ། ལོའི་འཚམས་ན་གནས་པ། ཟླ་བའི་མལ་ན་སྡོད་པ། ཞག་གི་ལམ་འཕྲང་སྒུག་པ། དུས་ཚོད་རྩིས་གྲངས་ལ་འདེབས་པ། ཤ་ལན་དང་རུས་ལན་ཆགས་པ། འཁོན་བུ་ལོན་བཞིན་དུ་འདེད་པ། ཚེ་རབས་ཀྱི་ལན་ཆགས་ཞོ་ལྟར་སྙོལ་བ། རླུང་ལྟར་འཚུབས་པ། དཔང་རྒྱ་ལྟར་གནས་པ་རྣམས་ཀྱི་སྤྱན་སྔར་བླ་ཚེ་སྲོག་དབུགས་ཕྱྭ་མདངས་མེ་དྲོད་ཀྱི་གླུད་དུ་བསྔོའོ། །གཏོང་ངོ༌། །སྟེར་རོ། ཤའི་རིན་དུ་འཇལ་ལོ། །ཁྲག་གི་གཏའ་མར་བཞག་གོ །བདག་ཅག་དཔོན་སློབ་མི་ཕྱུགས་འཁོར་དང་བཅས་པ་རྣམས་ལ་གཤིན་རྗེའི་གཏད་ཁྲམ་ཐུག་པ། བདུད་ཀྱི་ཟ་སྐལ་བབ་པ། མ་མོའི་དལ་ཁ་ཐེབས་པ། ཐེའུ་རང་གི་ཤོ་སྣ་རྡོལ་བ། སྡེ་བརྒྱད་ཀྱི་ཟོར་ཕམ་ཐོད་པ། མི་ཁ་དང་དགྲ་སྣ་ལྡང་བ་ལ་སོགས་པ་ཆགས་ཆེ་བ་དང་ཉམ་ང་བ་ཐམས་ཅད་ཡོངས་སུ་ཞི་ཞིང༌། སྔོན་རབས་ཀྱི་སྲིད་པ་ཀུན་ཏུ་བྱས་ཤིང་བསགས་པའི་ཤ་འཁོན་རྣམས་བྱང༌། ལན་ཆགས་ཐམས་ཅད་འཁོར་ཏེ། ནད་གདོན་བྱད་གྲིབ་མཐའ་དག་ལས་རྣམ་པར་གྲོལ་བ་ལ་བརྟེན་ནས། གནས་སྐབས་སུ་སྲོག་གི་ཀ་བ་བརྟན་ཞིང༌། བླའི་སྐུ་མཁར་སྲ་བ། རླུང་རྟའི་བ་དན་མཐོ་སྟེ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔའ་བོར་ས་གསུམ་ན་གྲགས་ཤིང༌། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་གོ་འཕང་རིན་པོ་ཆེ་དཀའ་བ་མེད་པར་མྱུར་


LT17_Page_638
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲུབ་པར་གྱུར་ཅིག །སྨྲང་དང་བཅས་བསྔོས་ནས། སྡིག་པ་ཅི་ཡང་མི་བྱ་སོགས་དང༌། འབྱུང་པོ་གང་དག་སོགས་ཀྱི་ཆོས་སྦྱིན་དང་སྨོན་ལམ་བྱ། ཡས་རྣམས་འདྲེ་ལྔ་བདུད་གཅོད་ལྟར་སྐྱོལ། དེའི་ཚུལ་ནི་གཡང་སྨན་སྲོག་ལུས་དཔལ་བདུད་འདྲེ་གདོན་སྟེ་བརྒྱད་ལས། ཕྱི་མའི་ཕྱོགས་སུ་མདོས་རྫོང་བར་དགེ་ཞེས་བཤད་པས། སྤར་ཁ་ལི་ཐོག་ན་ཡོད་པ་རྣམས་ཀྱི་བྱང་ཤར། དེས་མཚོན་ཁོན་ལ་ཤར། དྭ་ལ་བྱང༌། ཁེན་ལ་ཤར་ལྷོ། ཁམས་ལ་ནུབ། གིན་ལ་ལྷོ། ཟིན་ལ་ལྷོ་ནུབ། ཟོན་ལ་ནུབ་བྱང་རྣམས་སུ་ཡོད་དོ། །བསྒྲུབ་བྱའི་གདོན་ཕྱོགས་སློབ་དཔོན་གྱི་ཕྱོགས་སོང་བ་ལྟ་བུ་ཡིན་ན་ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ། གསུར་དུད་ཀྱིས་སྡུན་བསུ། གང་ལྟར་ཡང༌། སརྦ་བྷུ་ཏ་གཙྪ། ཡཾ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་འདེག་བྱེད་རླུང་གི་དཀྱིལ་འཁོར། བསྐལ་པ་འཇིག་པའི་རླུང་ནག་ལྟར་དྲག་ལ་རྔམས་པའི་ཤུགས་ཀྱིས་གཏོར་སྣོད་རྫས་དང་བཅས་པ་རྣམས་རས་བལ་གྱི་འདབ་མ་རླུང་ལ་ཕྱར་བ་བཞིན་དུ་བསྐྱོད་དེ་ཕྱོགས་ཀྱི་རྒྱ་མཚོའི་ཕ་མཐར་དོང་བས་བགེགས་རིགས་འབྱུང་པོ་ཐམས་ཅད་སྐད་ཅིག་ཉིད་ལ་ཧབ་སྒྲ་དི་རི་རི་སོང་བར་བསམ། ག་ཏེ་ཉེར་གཅིག་གི་མཐར། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བདེན་པས། ནད་གདོན་བགེགས་རིགས་ཆགས་ཆེ་ཉམ་ང༌། སྲི་གེགས་བྱད་ཕུར་ལ་སོགས་པ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག་ལན་གསུམ། ཐལ་མོ་བརྡབ། གང་མཚན་ལན་གཅིག་ཡིད་ལ་དྲན་པས་ཀྱང༌། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་བ། །ཡོན་ཏན་དཔག་མེད་ཞིང་གི་མགོན་པོ་མཆོག །སངས་རྒྱས་ཚེ་དཔག་མེད་ལ་


LT17_Page_639
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །ཞེས་བརྗོད་ནས་ཚེ་བསྙེན་དང་ཚེ་གཟུངས་བཟླ། དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་བརྒལ་བ། །མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །ཅེས་བསྔོ་སྨོན་ཤིས་བརྗོད་བྱའོ། །ཞེས་པའང་འཇིགས་མེད་པས་སྔ་སོར་བྲིས་པའི་ཡི་གེ་ཉུང་ངུ་ལ་ཕྲི་སྣོན་ཅུང་ཟད་བྱས་ཏེ་འདོན་བདེ་བར་བཀོད་པ་དགེ་ཞིང་བཀྲ་ཤིས། སརྦ་མངྒ་ལཾ།། ༈ །།བླ་མ་ལ་ཕྱག་འཚལ་ལོ། །རྟེན་སྙིང་གི་མདོས་ཆོག་འདིའི་ཁྲིགས་ནི། བཅའ་ཤོམ་ལ། དབུས་ཀྱི་རི་རབ་བང་རིམ་བཞིའི་ཁར་ཟོམ་གྱི་རྣམ་པ་ཅན། གླིང་བཞིའི་ཤར་ཟླ་གམ། ལྷོ་སོག་ཁ། ནུབ་ཟླུམ་པོ། བྱང་གྲུ་བཞིར་བྱ་བ་མཛོད་ལུགས། གླིང་ཕྲན་རྣམས་རང་རང་གི་གཙོ་བོའི་གཟུགས་དང་དབྱིབས་མཐུན་དུ། དེའང་བྲིས་འབུར་གང་རིགས་ཀྱིས་ཆོག་གོ །གལ་ཏེ་དེ་ལས་སླ་བར་བྱེད་པས། རྩིས་གཏོ་གཙོ་བོར་བྱེད་ན། ཟླུམ་སྐོར་བཞིའི་དབུས་སུ། འཕུར་སྨེ་ལྟེ་བར་བཅུག་པའི་རྨེ་བ་གླིང་དགུ། མུ་ཁྱུད་གཉིས་པར་པད་འདབ་བརྒྱད་ལ་སྤར་ཁའི་ཕྱག་རྒྱ་བརྒྱད། གསུམ་པར་རེའུ་མིག་བཅུ་གཉིས་ལ་ལོ་སྐོར་བཅུ་གཉིས་ཀྱི་གཟུགས་སམ། མིང་ཡིག །བཞི་པར་པདྨ་འདབ་མ་ལྔ་ལ། འབྱུང་ལྔའི་སྙིང་པོ། མ་མ་ཀ་རཱ། སོགས་བཀོད། མུ་ཁྱུད་དང་པོ་ལ་འབྱུང་བཞིའི་འཁོར་ལོ་ནང་རྟེན་དུ་བཅུག་པའི་བླ་གླུད། ནམ་མཁའ། རྒྱང་བུ། མདའ་འཕང༌། ཤིང་རིས་སོགས་ཀྱིས་བརྒྱན་པ། མུ་ཁྱུད་གཉིས་པ་དང་གསུམ་པར་ལོ་སྦར་སོ་སོར་གྲངས་ལྡན་གྱི་ངར་མི་ཆས་ལྡན་དྲིལ་ཟན་ལས་བྱས་པ། གླུད་རེ་རེ་ཞིང་ངམ་བསྡུ་ན་བླ་གླུད་དབུས་མའི་མདུན་དུ་ཏིང་ལོ་བཞག་བར་མཚམས་ཐམས་ཅད་དུ་ཆང་བུ་དང་དཀོར་ནོར་སྤྱན་གཟིགས་གང་མང༌། ཁྱད་པར་སྲོག་ཆགས་མདངས་མང་དུ་བསྟར།


LT17_Page_640
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མ་ཐག་པའི་རི་རབ་གླིང་བཞི་མདོས་དཀྱིལ་དུ་བཀོད་ན། དབུས་ཀྱི་ལྷུན་པོའི་སྟེང་དུ་བླ་གླུད་ཆེ་བ་བཀོད་ཚུལ་སོགས་དཀྱུས་ཀྱི་ཡིག་ཆུང་བཞིན། ཆོ་ག་དངོས་གཞི་ལ་མདོས་འདི་ཉིན་བཞི་པའི་ཆོ་ག་ལྟ་བུར་བྱེད་ན་ཆུ་སྦྱིན་དང་དམར་གསུར་གཏོང་བའི་ཆོ་ག་རོགས་ཅི་རིགས་པ་ལོགས་སུ་འདུག་སྟེ། མདོས་གཞུང་དངོས་ཀྱི་ཚེ། བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་བཟླས་བརྗོད་དང༌། སྦྱིན་བདག་གི་ཤ་མཁོན་བཅག་པའི་ཕྱིར་ཡས་འགྱེད་བྱ་བ་སྟེ་འདི་གཉིས་གལ་ཆེན་དུ་བྱ། དེ་ལས་ཀྱང་ཕྱི་མའི་ཕྱོགས་ལ། འདིས་ནད་པ་འཆི་བདག་གི་ཁ་ནས་རིན་གྱིས་ཉོ་བའི་ཕྱིར། ཤིན་ཏུ་རྒྱས་པར་ན། ཕྱོགས་སྐྱོང་གི་མཚམས་ཀྱི་གདོན་ཆེན་རྣམས་ལ་སྟེར་རྒྱུའི་གཏོར་གླུད་སྟོང༌། ཆང་བུ་ཁྲི། རིལ་བུ་གང་མང་བཅས་པ་བསྡོགས་ལ། གྱེར་གྱི་སྐབས། ཐོག་མར། ལན་ཆགས་མགྲོན་རིགས་རྒྱ་མཚོ་བརྔན། །ཞེས་པའི་འཕྲོར། རྟེན་སྙིང་བདུན་བཟླས་ཏེ་གཏོར་གླུད་གཅིག་བསྔོ་བཞིན་སཾ་བྷ་ར་ལན་གཅིག་དེ་དང་རྗེས་འབྲེལ་དུ་ཆང་བུ་བཅུ་དང་རིལ་བུ་བཅུ་སྟེ། ཆང་བུ་རེ་དང་རིལ་བུ་རེ་སྟབས་གཅིག་པར་སཾ་བྷ་ར་ལན་རེ་རྣམས་སྦྲག་མར་བཏང༌། ཁྱེར་ཅིག་ཁྱེར་ཅིག༴ སོགས། ཡང་གླུད་གཏོར་སོགས་བསྔོ་བཞིན། དེ་འདྲའི་རིམ་པས་ཡས་གླུད་བརྒྱ། ཆང་བུ་དང་རིལ་བུ་སྟོང་ཕྲག །སཾ་བྷ་ར་སྟོང༌། ཁྱེར་ཅིག་གི་ཚིགས་བཅད་ཚར་བརྒྱ་བཅས་རྫོགས་པ་དང༌། ཀྱེ། ཤར་ཕྱོགས་དྲི་ཟའི༴ སོགས་གྱེར། ཡང་གཏོར་གླུད་ཆང་བུ་སོགས་སྔར་བཞིན་གྱི་རྗེས། ལྷོ་ཕྱོགས་གྲུལ་བུམ་སོགས། གཞན་གོ་སླ། མཚམས་བཞིའི་སོ་སོར་བྱ་དགོས་པས། ཤར་ལྷོ་མེ་ལྷའི༴ ལྷོ་ནུབ་སྲིན་པོའི༴ ནུབ་བྱང་རླུང་ལྷའི༴ བྱང་ཤར་འབྱུང་པོའི༴ ཞེས་བསྒྱུར། སྟེང་འོག་གི་གྱེར་ལ། སྟེང་ཕྱོགས་ལྷ་དབང་གདོན་རྣམས་ལ། །འོག་ཕྱོགས་བདག༴ ཞེས་བཅུག་དེ་ལྟར། ཕྱོགས་ཀྱི་གདོན་བཅུ་ཕྲག་པོ་རེ་རེ་ཞིང་གླུད་བརྒྱ་རེ་དང༌།


LT17_Page_641
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་བུ་སྟོང་རེ། རིལ་བུ་སྟོང་ཕྲག་རེ་བཅས་བྱིན་ཟིན་པ་ན། ཀྱེ། སྟོང་གསུམ་སྲིད་པའི༴ སོགས་ནས། ཆང་བུ་ཁྲི་འགྱེད་ཉིན་གཅིག་གིས་འགྲོ་མིན་ནི་ཆོག་རོགས་གྲངས་མང་ཉུང་ལ་ལྟོས་མོད། གལ་ཏེ་ཉིན་བཞི་ལྔ་སོགས་སུ་འགྱང་དགོས་པ་ཡིན་ན། མགྲོན་འགྱེད་ཅི་རིགས་པ་རེའི་མཚམས་སུ་ཉིན་ཆོག་གིས་མཇུག་བསྡུ་ཞིང༌། ཕྱི་ཉིན་ཡང་དེ་ལྟར་བྱས་པས་མཚོན་ནོ། །ཚུལ་འདིས་གླུད་བརྒྱ་འཇལ་དང་ཆང་བུ་སྟོང་འགྱེད་ཀྱི་ཆོ་ག་འབྲིང་དང༌། གླུད་བཅུ་ཆང་བུ་བརྒྱ་བསྔོས་ཀྱི་ཆོ་ག་བསྡུས་པ་དང༌། དེ་འདྲའི་འཕྱོང་གང་ཡང་མེད་པའི་ཆོ་ག་ཤིན་ཏུ་བསྡུས་པ་གྱེར་རང་གཞུང་ནས་གསལ་བ་ཙམ་ཁོ་ནས་འཐུས་པར་བྱས་པ་རྣམས་ཀྱང་མཚོན་ནུས་སོ། །གང་ལྟར་ཡང༌། སྟོང་གསུམ་སྲིད་པའི་འཇིག་རྟེན་ན། །སོགས་འཇལ་གྱི་མཐའ་བསྡུས་པའི་འོག་ཏུ། ཆོས་སྦྱིན་དང་བདེན་ཚིག་སོགས་གཞུང་ནས་གསལ་བ་ཉིད་ཆུ་འབེབས་མར་བྱ་བ་སྤྱིར་བཏང་དང༌། དམིགས་གསལ་དུ་སྦྱིན་བདག་ནད་པ་ལྟ་བུ་དོ་གལ་ཆེ་བ་ཡིན་ན་ནི་བདེན་ཚིག་ཀླད་དུ། དེ་བཞིན་གཤེགས་པ༴ སོགས་སམ། གང་ཡང་བདག་ལ་རྣམ་པར་སྡང་བ་དང་༴ སོགས་བདེན་པའི་བྱིན་རླབས་ཕན་བདེའི་ཉི་མ་གང་མང་དུ་བསྐྱར། ལམ་བསྟན་གྱི་ཚེ་མདོས་ཞལ་ཕྱིར་བསྒྱུར་ལ། ཆོས་གང་༴ སོགས་དཀྱུས་བཞིན་གྱི་མཐར་འདྲེ་ལྔ་བདུད་གཅོད་དམ་ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ། ཡུལ་གྲུ་ཁ་ཅིག་ན། མདོས་རྫོང་གི་བཅའ་ལག །དར་ཕྲུག་གཅན་ལྤགས་སོགས་གང་བྱུང་བླ་མ་དང་མཆོད་དཔོན་གྱིས་སྤྱད་དེ་རེ་ཐག་གི་དཀྲིས་པ་དང༌། རྩམ་སྒོང་གྱོང་པོ་རྣམས་སྐུ་རྐྱང་གསུང་རྐྱང་ལ་གཏོང་བ་ནི། སྐྱུག་པ་སླར་ལ་ཟ་བ་དང༌། གྲོང་ཁྱེར་གྱི་གཏོར་མ་ལེན་པའི་སྤྲང་རྒན་གདོལ་པ་རྣམས་ཀྱི་ཀུན་སྤྱོད་ཁོ་ནར་སྣང་ངོ༌། །མདོས་སྐྱེལ་བ་ནི། གསུར་དུད་དང་གསེར་སྐྱེམས་ཀྱིས་


LT17_Page_642
[མ་དཔེ་གཟིགས་ན་འདིར་གནོན།]

་སྣ་དྲངས། མདོས་ཆོག་པ་རྣམས་ནས་ཤེར་སྙིང་དང་ག་ཏེ་ཅི་མང་གི་མཐར་བདུད་བཟློག་གསུམ་བདུན་ཉེར་གཅིག་སོགས་གདབ། ཆོས་གང་༴ སོགས་སྲུང་འཁོར་བསྒོམ། ཚེ་གཟུངས་དང་རྟེན་སྙིང་སྦྲེལ་ལ་བརྒྱ་རྩ་སོགས་བཟླ་ཞིང༌། དཀྱུས་ནས་བཤད་པའི་སྐུ་ཁྲུས་ཀྱི་ཆུ་ཉིད་བུམ་པར་སྩལ་བ་ལ་བྱིན་རླབས་བརྟན་པར་བྱ། བསྒྲུབ་བྱ་ལ་ཚེ་འགུགས་གང་མང་གིས་ཚེ་བཀུག་སྟེ། མཇུག་ཏུ་ཚེ་ཆུ་བླུད། རྒྱ་ཆེར་ན་ཚེ་མདོ་ཀློག་སྒྲོགས་དང་ཚེ་སྒྲུབ་ཚེ་དབང་སོགས་སྐབས་འདིར་བྱ། འདིའི་རྒྱབ་ཆོས་སུ། དཀོན་མཆོག་མཆོད་པ་དང༌། ངན་སློང་ལ་སྦྱིན་འགྱེད། ལམ་འཕྲང་བཅོས་པ། ཚེ་མདོ་སོགས་གསུང་རབ་ཀློག་འདོན། སྡིག་པ་བཤགས་སྦྱང་རྣམས་ལ་ནན་ཏན་བརྩོན་འགྲུས་བསྐྱེད་པས་ཤིན་ཏུ་ལེགས་པར་འགྱུར་རོ། །མདོས་གཞུང་འདི་ནི། ངེད་རང་ནས་དེ་མོའི་བུ་ལྔ་ཞིག་གསོ་བསྐྱངས་བྱས་སྐབས། གཉིས་བཙས་ཉིན་ནས་ཤི། གཅིག་བཙས་ནས་ཞག་དྲུག་ཅུ་རྩ་ལྔ་ན་ཤི་བས་ཀླད་ཆུང་བྱིས་པའི་སྣང་ཤེས་ཀྱི་སྙིང་རྗེ་སད་དེ་སུད་དེ་བ་ཞིག་གིས་སྣ་དྲངས་ཏེ་བྲིས་པ་ལས་སྲི་ཅན་གྱི་བྱ་ཕྲུག་ལྷག་མ་གཉིས་ཀྱང་དུས་མིན་གྱི་འཆི་བ་ལས་རྣམ་པར་གྲོལ་བ་སོགས་རྟེན་འབྲེལ་གྱི་ལྟས་བཟང་པོ་འགའ་ཞིག་བྱུང་བ་ཡིན་པས་སྐྱེ་བོ་མཛངས་པ་རྣམས་ཀྱིས་དང་དུ་བླང་བྱར་མ་ཟད། སྤྱིར་ཡང་རིག་སྔགས་ཀྱི་རྒྱལ་པོ་འདིའི་ཆེ་བའི་ཡོན་ཏན་རྒྱས་པར་དབུ་མ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། དབུ་མ་ལ་འཇུག་པ། དབུ་མ་རྟེན་སྙིང༌། སྤྱོད་འཇུག་ཤེས་རབ་ཀྱི་ལེའུ། །དེ་དག་གི་འགྲེལ་པ་འགྲེལ་བཤད་རྣམས་དང༌། འཕགས་པ་ས་ལུའི་ལྗང་པའི་མདོ་འགྲེལ་གཉིས། དབྱིག་གཉེན་དང༌། འོད་ཀྱི་རྟེན་འབྲེལ་མདོ་འགྲེལ་སོགས་ཤིང་རྟ་ཆེན་པོའི་གཞུང་ལུགས་མཐའ་ཡས་པ་ཞིག་རྒྱབ་ཆོས་སུ་སྦྱར་ཏེ་ཐོས་པ་དང་བསམ་པའི་ཤེས་རབ་


LT17_Page_643
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་གྱིས་ལེགས་པར་གཏན་ལ་ཕབ་པས་རྟོགས་པ་ཉིད་དོ། །ཞེས་པའང་གཞོན་ནུ་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མས་སྐད་ཅིག་གིས་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།ས་གར་སོང་དུ། སྤྱོད་པ་གང་འཚམས་དགོས་ཟེར་ཏེ། དེ་བདེན། ལྷ་འདྲེ་དྲག་པོ་གནས་པའི་སར་ཟླ་རེའམ། ཟླ་ཕྱེད་རེར་སྡོད་ཀྱང་དེའི་རིང་ལ་གནས་བདག་དང་བསྟུན་གང་ནུས་དགོས་ཏེ། ཇོ་བོའི་སློབ་མ་ལྷ་རྗེ་བསམ་གཏན་གྱི་ལོ་རྒྱུས་པོ་ཏོ་བས་གསུངས་པ་ལྟ་བུ་ཡིན། དེས་ན་རེ་ཞིག་གར་སྡོད་ཀྱི་གཞི་བདག་ལ་གསུར་མཆོད་འབུལ་ཚུལ་གཙང་ཆེན་སྲིན་མོ་ལ་དཔེར་བརྗོད་བྱས་ནས་བསྟན་ན། ལྕི་བའི་མེ་དུ་བ་མེད་པ་དང༌། དཀར་མངར་དང་ཆོས་སྨན་བསྲེས་པའི་གསུར་ཕྱེ་གཙང་མ་བདུད་རྩི་ཅན་གྱི་ཤིང་སྣ་དང་སྦྱར་པ་འདུ་བྱ། སྐྱབས་སེམས་ཚད་མེད་བཞི་བསྒོམ། རང་གུ་རུ་ཞི་བའམ་ཐུགས་རྗེ་ཆེན་པོར་བསྐྱེད་དེ། ཐུགས་ཀ་ནས་བྱམས་བརྩེའི་འོད་ཟེར་དཀར་པོ་སྤྲོ་བསྡུས་གཞི་བདག་སོགས་ཀྱི་གདུག་རྩུབ་དང་གནོད་སེམས་ཞི་བའི་དམིགས་གནད་དང་བཅས་བཟླས་པ་ཅི་རིགས་པ་བྱ། དེ་ནས། རང་གི་ཐུགས་ཀ་ནས་ཡི་གེ་རཾ་ཡཾ་ཁཾ་གསུམ་ཆད། རཾ་ལས་ཡེ་ཤེས་ཀྱི་མེ་ལྕེ་འདོད་ཡོན་རྣམ་པ་ཐམས་ཅད་པའི་དུད་སྤྲིན་འཕྲོ་བ། ཡཾ་ལས་བྱུང་བའི་རླུང་གིས་སྦར། ཁཾ་ལས་ཆུས་བསངས་ཏེ། རྫས་རྣམས་མཆོད་སྦྱིན་གྱི་མགྲོན་ཐམས་ཅད་ལ་ཚིམ་པར་སྟོབ་པའི་ནུས་ལྡན་དུ་གྱུར། ཞེས་རླུང་ཡབ་ཡོད་ན་གཡབ་ཅིང༌། ཆུ་གཙང་གིས་བྲན་ལ། རཾ་ཡཾ་ཁཾ། ལན་གསུམ་བརྗོད། གསུར་ཕྱེ་ལའང་ཆབ་བྲན་ཏེ། བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་རྫས་ཐམས་ཅད་མགྲོན་རིགས་སོ་སོར་གང་ལ་ཅི་འདོད་དུ་འཆར་བའི་ཡིད་བཞིན་གྱི་


LT17_Page_644
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཟད་མི་ཤེས་པར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ། བདུན་དང་ནམ་མཁའ་མཛོད་སྔགས་ལན་གསུམ་བཟླ། སྤྲོ་ན་རྣམ་སྣང་མངོན་བྱང་ལས་གསུངས་པའི། བདག་གི་བསམ་པའི་སོགས། སྟོབས་རྣམས་ཀྱིས། སེམས་ཅན་ཀུན་ལ་ཕན་གདགས་ཕྱིར་ནས། འབྱུང་བར་ཤོག །གི་བར་བདེན་སྟོབས་བརྗོད་པའང་བྱ། ཛམ་བུའི་གླིང་སྤྱི་དང༌། བྱེ་བྲག་ཡུལ་ཕྱོགས་འདི་ན་གནས་པའམ་གསར་དུ་རྒྱུ་བའི་གདོན་བགེགས། བདག་ཅག་དང་ཞེ་འགྲས་ཤིང་ཤ་འཁོན་ཞུགས་པ། བསམ་སྦྱོར་ངན་པ་འཆང་ཞིང༌། ཚེ་དང་ཆོས་དང་བདེ་བ་ལ་བར་དུ་གཅོད་པ་རྣམས་དང༌། གཞན་ཡང་སེམས་ཀྱི་རྒྱུད་སྡིག་པས་བསྲེག་ཅིང༌། སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པ་དང༌། རང་བཞིན་དུ་གནས་པའི་འབྱུང་པོ་གང་སུ་ཡང་རུང་སྟེ། ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པ་དང༌། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་བྱིན་གྱིས་རླབས་ཀྱིས་ཤིན་ཏུ་ཞི་ཞིང་བྱམས་པ་དང་དུལ་བའི་ཡིད་དང་ལྡན་པར་གྱུར་ཏེ། སྐད་ཅིག་ཉིད་ལ་འདིར་མཆིས་པར་གྱུར་ཅིག །སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ ཞེས་འགུག་འདྲེན་ཡིད་ཆེས་པར་བྱས་ལ། སྨྲང་འདོན་པ་ནི། གསུར་མཆོད་འདོད་ཡོན་མི་ཟད་པའི་སྤྲིན་ཕུང༌། གདོན་རིགས་སོ་སོའི་མོས་པ་བཞིན་འཆར་བར་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་དང་བདེན་ཚིག་གིས་བྱིན་གྱིས་བརླབས་པ་འདི་ཉིད་ཛམ་བུའི་གླིང་སྤྱི་དང༌། བྱེ་བྲག་ཡུལ་ཕྱོགས་འདིའི་ལ་ཀླུང་ཉིན་སྲིབ། ལུང་པ་ཕུ་མདའ། ས་རྡོ་ཆུ་ཤིང༌། ཁང་ཁྱིམ་ཕྱི་ནང༌། རྟ་བྲེས་ཕྱུགས་ལྷས། ལམ་ཕྲན་


LT17_Page_645
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲང་པོ་ཆེ་སོགས་ན་གཉུག་མར་གནས་པ་དང༌། གློ་བུར་དུ་ལྷགས་པའི་གདོན་བགེགས། ལྷ་དང་ཀླུ་དང་ཡི་དྭགས་ཀྱི་འགྲོ་བས་བསྡུས་པ། བདག་ཅག་དང་འགྲས་ཤིང་ཤ་འཁོན་ཆགས་པ། གནོད་པའི་བསམ་ངན་འཆང་ཞིང་གླགས་ཚོལ་བ། བཀྲ་མི་ཤིས་པའི་ལྟས་སྟོན་ཅིང༌། བྱུར་དང་སྡུག་བསྔལ་གྱི་སྣ་འདྲེན་པ། རང་བཞིན་གྱིས་འཚེ་བ། འཕྲལ་རྐྱེན་གྱིས་བསྐུལ་བ། ཕོ་རྒྱུད་མོ་རྒྱུད་མ་ནིང་གི་རིགས་སུ་གཏོགས་པ་ཐམས་ཅད་དང༌། ཁྱད་པར་དུ་ཡང་རྡོ་སྟོད་རྩང་ཆེན་གྱི་ས་ཆ་འདི་ཉིད་ན་གནས་པའི་བྲག་སྲིན་མོར་གྲགས་པ། སྣ་འཁྲིད་བསྡོང་ཟླ་རྒྱབ་དཔུང་དང་བཅས་པ་གཙོ་བོར་བྱས་ཏེ། ཇི་ལྟར་མགྲོན་དུ་བོས་པའི་འབྱུང་པོའི་ཚོགས་ལ་གཞིའི་ལོངས་སྤྱོད་དང༌། བྱེས་ཀྱི་ལམ་རྒྱགས། འཕྲལ་དུ་བདེ་བའི་འཚོག་ཆས་དང༌། ཡུན་དུ་ཕན་པའི་གསོས་སྨན་དམ་པར་བསྔོ་ཞིང་འབུལ་ལོ། །བདག་ཅག་ལ་ཤ་འཁོན་དང་བུ་ལོན་ཆགས་པ་ཐམས་ཅད་བྱང་ཞིང་འཁྱོལ་བ་དང༌། སོ་སོའི་ལུས་སེམས་ཀྱི་སྡུག་བསྔལ་མཐའ་དག་ཉེ་བར་ཞི་སྟེ། ཉམས་པ་མེད་པའི་བདེ་བའི་དཔལ་ལ་རོལ་པར་གྱུར་ཅིག །ཕྱོགས་འདིར་ས་གཡོ་དང་མེ་དགྲ། ཐོག་སེར་དང་ལོ་ཉེས་སོགས་འབྱུང་བཞིའི་འཇིགས་པ་མ་བཏང༌། མི་ལ་ན་ཚ་དང་གྲིར་ཤི༌།རྟ་ཕྱུགས་ལ་གོད་ཁ་དང་སྟོར་བརླག་བྱ་བ་ལ་བློ་ཉེས་དང་མགོ་སྐོར། ཡུལ་དུ་ཡམས་ནད་དང་དབུལ་ཕོངས། སྤྱི་སྒོས་སུ་ལྟས་ངན་དང་ཆག་སྒོའི་རིགས་མ་བཏང༌། ཕྱི་དགྲ་དང་ནང་འཁྲུགས་


LT17_Page_646
[མ་དཔེ་གཟིགས་ན་འདིར་གནོན།]

མ་སློང༌། མི་ཁ་དང་ཁ་སྨྲས་མ་གཡོ་བ། ལྷ་མིའི་བར་དུ་དབྱེན་མ་སྦྱོར། དཔོན་སློབ་ནང་དུ་སེལ་མ་འཇུག །གཡོས་སྦྱོར་ནང་དུ་དུག་མ་འདེབས། ཚོགས་སུ་རྐུན་བུ་ལྟར་མ་འཇབ། དབེན་པར་ཇག་པ་ལྟར་མ་འཕྱོ། རྣལ་འབྱོར་པའི་ཚོགས་ཁང་མ་ཉུལ། བང་མཛོད་ཀྱི་སྲིས་ལ་མ་རྐུ། ཤོ་རྡེལ་མ་འགྲེམ། ཟ་ལམ་མ་གཏོད། འདྲེ་ཚང་མ་བཅའ། གྲོས་ངན་མ་ཤོམས། མི་མི་ཡུལ་ན་སྐྱིད་པ། ལྷ་འདྲེ་རང་ཡུལ་ན་བདེ་བ། གཞི་མགྲོན་བར་དུ་བྱམས་པའི་གསེར་ཟམ་གྱིས་སྦྲེལ་བ། ཡངས་པའི་འཇིག་རྟེན་རྒྱ་མོའི་དར་གོས་ལྟར་འཇམ་པ། ཆོས་སྲིད་ཤིང་རྟའི་འགྲོ་ལམ་ལྷ་ཡུལ་གྱི་ལམ་སྲང་ལྟར་བདེ་ཞིང་བར་ཆད་མེད་པར་མཛད་དུ་གསོལ། ཞེས་བརྗོད། ཚར་གྲངས་གསོག་ན། སླར་ཡང་གསུར་མཆོད་ཁ་གསོས་ཏེ། བྱིན་རླབས་ཀྱི་སྔགས་བརྗོད་ནས། ཁམས་གསུམ་དག་པའི་ཞིང༌། སོགས་གཞན་ནས་འབྱུང་བ་ལྟར་བསྔོ་བ་ལ་གྲངས་གཟུང༌། མཐར། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །སོགས་དང༌། སྡིག་པ་ཅི་ཡང་མི་བྱ་སོགས། ཆོས་སྦྱིན་བཏང༌། འབྱུང་པོ་གང་དག་སོགས་ཀྱིས་སྨོན་ལམ་གདབ། གཙྪ་གཙྪ། མགྲོན་རྣམས་སོ་སོའི་གནས་སུ་གཤེགས་ལ་ཆོས་སྤྱོད་པར་མཛོད་ཅིག །ཅེས་སེ་གོལ་བརྡབ། ཤིས་བརྗོད་ཀྱི་ཚིགས་བཅད་ཀྱང་བརྗོད་དོ། །གཡུ་འབྲུག་ནམ་མཁའ་སྟོང་པའི་དཀྱིལ་འཁོར་ནས། །ཧ་ཧའི་གད་རྒྱངས་རི་ཀླུང་འགེང་བར་སྒྲོགས། །བདག་ཀྱང་ཐང་སྟོང་རྒྱལ་པོའི་ཕོ་བྲང་ནས། །ཀུན་རྟོག་དགོད་པའི་རང་སྒྲ་འདི་ལྟར་ཕྱུང༌། ཧ་ཧ། ཧི་ཧི།

རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་ཁྲམ་དབྱིའི་ཆོ་ག་འཆི་བའི་འཇིགས་སྒྲོལ།


LT17_Page_647
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་ཁྲམ་དབྱིའི་ཆོ་ག་འཆི་བའི་འཇིགས་སྒྲོལ་བཞུགས་སོ། །དཔལ་་སེང་གེ་ལ་ཕྱག་འཚལ་ལོ། །འཕགས་པ་རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་ཁྲམ་དབྱིའི་ཆོ་གས་སེམས་ཅན་འཆི་བས་སྐྲག་པ་རྣམས་ལ་ཕན་གདགས་པར་འདོད་པས། དང་པོ་སངས་རྒྱས་རྗེས་སུ་དྲན་ཞིང་དད་པ་ཆེན་པོ་བསྐྱེད། དེ་ནས། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ་འདི་ལྟར། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས། རྣམ་ཤེས་ཀྱི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །ཞེས་པའི་བར་གྱི་མདོའི་དོན་ཡིད་ལ་དྲན་བཞིན་པར། འདི་ལྟར་ལས་དང་ཉོན་མོངས་ཡོད་གྱུར་ན། །སེམས་ཅན་རྣམས་ནི་འཁོར་བར་འགྲོ་འགྱུར་ལ། །ལས་དང་ཉོན་མོངས་མེད་ན་འཁོར་བ་ལས་ཀྱང་ལྡོག །བདེན་པ་དེ་ཡིས་བདག་གི་བསམ་པ་འགྲུབ་གྱུར་ཅིག །སངས་རྒྱས་


LT17_Page_648
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ། །འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཅན་གྱི་སྨན་པ་རྣམས་ལ་ཕྱག་འཚལ་ལོ། །ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །བརྗོད་པ་སྔོན་དུ་འགྲོ་བས། མཐུ་བསམ་གྱིས་མི་ཁྱབ་པའི་ཚིགས་སུ་བཅད་པ་ལན་བདུན་བཀླགས། དེ་ནས། བདག་གམ་བདག་གི་འཁོར་རམ་མིང་འདི་ཞེས་བྱ་བ་ལ་འཆི་བདག་གི་མཚན་མ་བཏབ་པ་དང༌། དེ་ལས་བྱུང་བའི་ལྟས་དང༌། རྨི་ལམ་སྡིག་པ་དང༌། ནད་དང༌། ཡམས་ནད་དང༌། ཉེ་བར་འཚེ་བའི་རྣམ་པ་ཅི་མཆིས་པ་ཐམས་ཅད། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་ཞགས་པས་རང་དབང་མེད་པར་དྲངས་ཏེ། ཆེད་དུ་མངོན་པར་བསམ་པའི་རྟེན་འབྲེལ་གྱི་གླེགས་བུ་འདི་ལ་རི་མོའི་གཟུགས་སུ་དབབ་བོ། །མཚན་


LT17_Page_649
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏབ་བོ། །ཞེས་བརྗོད་ཅིང་ཕོའི་དོན་དུ་བྱེད་ན་ཕོའི་མིང་ཅན་དང༌། མོའི་དོན་དུ་བྱེད་ན་མོའི་མིང་ཅན་གྱི་ཤིང་ལ་དབྱུག་གུ་བསྣོལ་བ་ལྟ་བུའི་རི་མོའི་མཚན་མ་བྱ། དེ་འདྲ་བ་སྐྱེས་བུའི་ལོ་གྲངས་སོགས་སོང་བ་དང༌། འདི་མེད་པས་འདི་མི་འབྱུང་ལ། འདི་འགག་པའི་ཕྱིར་འདི་འགག་སྟེ། འདི་ལྟར་མ་རིག་པ་འགག་པས་འདུ་བྱེད་འགག །འདུ་བྱེད་འགག་པས་རྣམ་ཤེས་འགག །རྣམ་ཤེས་འགག་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགག་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགག་པས་རེག་པ་འགག །རེག་པ་འགག་པས་ཚོར་བ་འགག །ཚོར་བ་འགག་པས་སྲེད་པ་འགག་སྲེད་པ་འགག་པས་ལེན་པ་འགག་ལེན་པ་འགག་པས་སྲིད་པ་འགག །སྲིད་པ་འགག་པས་སྐྱེ་བ་འགག །སྐྱེ་བ་འགག་པས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་རབ་ཏུ་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཞེས་པའི་བར་ཡིད་ལ་བྱེད་ཅིང༌། ཡང༌། འདི་ལྟར་ལས་དང་ཉོན་མོངས་ཡོད་གྱུར་ན། །སེམས་ཅན་རྣམས་ནི་འཁོར་བར་འགྲོ་འགྱུར་ལ། །ལས་དང་ཉོན་མོངས་མེད་ན་འཁོར་བ་ལས་ཀྱང་ལྡོག །བདེན་པ་དེ་ཡིས་བདག་གི་བསམ་པ་འགྲུབ་གྱུར་ཅིག །སངས་རྒྱས་ལ་ཕྱག་


LT17_Page_650
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཅན་གྱི་སྨན་པ་རྣམས་ལ་ཕྱག་འཚལ་ལོ། །ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །སྔོན་འགྲོས་རྟེན་སྙིང་ལན་བདུན་བརྗོད་དེ། བདག་གམ་བདག་གི་འཁོར་རམ་མིང་འདི་ཞེས་བྱ་བ་ལ་འཆི་བདག་གི་མཚན་མ་བཏབས་པ་དང༌། དེ་ལས་བྱུང་བའི་ལྟས་དང༌། རྨི་ལམ་སྡིག་པ་དང༌། ནད་དང༌། ཡམས་ནད་དང༌། ཉེ་བར་འཚེ་བའི་རྣམ་པ་ཅི་མཆིས་པ་ཐམས་ཅད་འཆི་བ་མེད་པའི་ལམ་གསུངས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་གཟི་བརྗིད་ཀྱིས་དབྱེའོ། །བཅོམ་མོ། །མེད་པར་བགྱིའོ། །ཞི་ཞིང་རབ་ཏུ་ཞི་བར་བགྱིའོ། །ཞེས་བརྗོད་ཅིང་རི་མོའི་མཚན་མ་དང་པོ་དབྱི། དེ་ཁོ་ནའི་ཚུལ་གྱིས་རི་མོ་མཐའ་དག་ཕྱིས་ཟིན་


LT17_Page_651
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ཤིང་དེ་ཐུབ་པའི་སྐུ་གཟུགས་ལ་གསོལ་བའི་ཁྲུས་ཆུས་བཀྲུ། བྱུར་སླར་ཡང་མི་ལྡང་བའི་ཕྱིར་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པར་བསམ་ལ་ཤིང་དེའི་ལོགས་ལ་རྟེན་འབྲེལ་སྙིང་པོ་བྲིས་ཏེ་སྒོའི་སྟེང་དུ་བཞག་གོ༌།དེར་ཡང་དེ་ཁོ་ན་ཉིད་ཡུན་རིང་དུ་བསྒོམ་མོ། །མཇུག་ཏུ་ཡངས་པའི་གྲོང་ཁྱེར་དུ་འཇུག་པ་སོགས་ལ་གསུངས་པའི་ཤིས་བརྗོད་ཀྱང་བྱའོ། །དེ་ལས་བསྡུས་པ་བྱེད་ན། ཐོག་མར། འདི་ལྟར་ལས་དང་སོགས་ལན་གསུམ་དང༌། སངས་རྒྱས་ལ་ཕྱག་འཚལ་ལོ་སོགས་ལན་གསུམ་བཏོན་ལ། རྟེན་སྙིང་ཉེར་གཅིག་བཟླ། དེ་ནས་སྔར་བཞིན་བདེན་སྟོབས་བརྗོད་བཞིན་པར་ཁྲམ་རིས་ལོ་གྲངས་དཀྱུས་གཅིག་ཁོ་ནར་བཏབ། དབྱི་ཚུལ་ཡང་དེས་འགྲེས་ཏེ་ཤེས་པར་བྱའོ། །འདི་ལ་སྔོན་དུ་རྟེན་འབྲེལ་སྙིང་པོ་སྲོག་ལྡན་གྱི་སཙྪ་ལོ་གྲངས་ལས་མི་ཉུང་བ་བཏབ་སྟེ། དེའི་སྤྱན་སྔར་མཆོད་པ་ཇི་ལྟར་འབྱོར་པ་དབུལ་བར་བྱ་བ་ནི་གལ་ཤིན་ཏུ་ཆེའོ། །ཞེས་པའང་སྤྲང་རྒན་བསྟན་ཉིས་སྔར་རང་ཉིད་ན་ཚོད་ཆུང་ངུའི་དུས་རྟེན་སྙིང་ཁྲམ་མདོས་ཟེར་བའི་བན་མིན་བོན་མིན་ཅིག་རྩེད་མོའི་ཚུལ་དུ་བྲིས་པ་འཁོས་ཆུང་འགའ་ཞིག་དེ་ཕྱག་ལེན་དུ་འདེབས་པའང་ཐོས་ནས་ཤིན་ཏུ་ཡིད་ཕྱུང་སྟེ། དེ་ལས་འདི་འདྲ་བྱས་ན་ཅུང་ཟད་དགའ་འམ་སྙམ་ནས། རྒྱལ་བ་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་སྦྱར་བ་མཆོག་ཏུ་དགེ་བར་གྱུར་ཅིག། །།མངྒ་ལཾ།། །།