Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
  expand section
   
   
གཅོད་ཀྱི་བརྗེད་ཐོ།
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ཀྱི་བརྗེད་ཐོ།next

གཅོད་ཀྱི་བརྗེད་ཐོ།


LT17_Page_367
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་བརྗེད་ཐོ། སེམས་ཚོལ་གྱིས་གཞི་རྩ་ཆོད་པར་བྱས་ནས་རྣམ་པར་མི་རྟོག་པའི་དབྱིངས་ལ་ཤེས་པ་གཏད་དེ་དབྱིངས་རིག་སྲེ་བ་ལ་སྦྱང་ན་མི་རྟོག་པའི་དབྱིངས་དེ་སྟོང་ཉིད་ཀྱི་རང་བཞིན་དུ་ཇེ་གསལ་ལ་འོང་བ་ཡིན་གྱི། གཞི་རྩ་མ་ཆོད་པར་ཡུམ་དོན་ངོ་འཕྲོད་ལུགས་མེད། དེ་ནས་དབྱིངས་རིག་སྲེ་བ་དངོས་ལ། རིག་པ་ཕུང་པོའི་གཟེབ་ཀྱིས་བཏུམ་ནས་གཅེར་བུར་འབུད་མི་ཐུབ་པ་དེ། དམིགས་པས་རྟེན་དང་ཕྲལ་ཏེ་གཅེར་བུར་བཏོན་ནས་དབྱིངས་ལ་སྲེ་བ་ནི། རིག་པ་རྟེན་མེད་དུ་ཕྱུངས་ནས་དབྱིངས་རིག་སྲེ་བ་ཞེས་པར་འགྱུར་ཏེ་གཅོད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡིན་གསུང༌། སེམས་ཀྱི་ཐིག་ལེ་མས་རིམ་ནས་སྤར་ཏེ་ལུས་སེམས་ཕྲལ་ལུགས་འདི་ལ་རིགས་དྲུག་གནས་སྦྱོང་ཡང་ཚང་ཞེས་འབྲུག་ཆེན་གསུང༌། དེ་ལྟར་དབྱིངས་རིག་སྲེ་བ་ཚད་ལྡན་ཞིག་བྱུང་ན་དེའི་སྟེང་ནས་གཟན་སྐྱུར་བྱས་ན་ལུས་ལ་རང་ལུས་སུ་མི་འཛིན་པར་རྩ་དང་རྩིག་པ་ལྟ་བུའི་བློ་འཆར་བདེ་བས་གཅེས་འཛིན་གྱི་འཁྲི་བ་བཙན་ཐབས་སུ་གཅོད་པའི་མན་ངག་གི་རལ་གྲི་རྣོན་པོའོ། །དབྱིངས་རིག་སྲེ་བ་བྱང་ཚེ་ལུས་སེམས་མ་ཕྲལ་བར་ཡུམ་དོན་བསྐྱང་ནའང་འདྲ་གསུང༌། དེའང་ནམ་མཁའ་སྒོ་འབྱེད་དུས་དབྱིངས་རིག་བསྲེས་ཐོག་དེར་རྩེ་གཅིག་བཞག་དེ་ལ་གནས་ན་གཟན་སྐྱུར་གྱིས་ཞེན་འཛིན་བཅད་དེ། དེ་ཀའི་ངང་ལ་ཡང་དབྱིངས་རིག་སྲེ་སྟེ། འདིའི་དམིགས་རིམ་ཐམས་ཅད་ཡུམ་དོན་སྐྱོང་བའི་རྣམ་འགྱུར་དང་རྩལ་སྦྱོང་ཡིན་གསུང༌།


LT17_Page_368
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དོན་གྱི་རྟོགས་པས་བདུད་བཞི་གཅོད་ཚུལ་ལ། ཕྱེ་ན་མང་དུ་ཡོད་ཀྱང༌། མདོར་དྲིལ་ན། བདུད་ཐམས་ཅད་སྙམ་བྱེད་ཀྱི་བདུད་ལ་འདུ། སྙེམ་བྱེད་ཅེས་པ་སྙམ་དུ་སེམས་པར་བྱེད་པ་སྟེ་རྣམ་རྟོག །དེས་ན་འཛིན་ཞེན་གྱི་རྣམ་རྟོག་ཉིད་སྙེམ་བྱེད་ཀྱི་བདུད་དུ་འཇོག །དགའ་སྡུག་རེ་དོགས་སོགས་ཀྱི་རྣམ་རྟོག་ཅི་ལྟ་བུ་བྱུང་ཡང་དེའི་རྗེས་མི་གཅོད། ཆོ་འཕྲུལ། ལྟས་ངན། རྨི་ལམ། འདོད་ཡོན་ལོངས་སྤྱོད་སོགས་སྐྱིད་སྡུག་གི་ཡུལ་རྐྱེན་གང་དང་ཕྲད་ཀྱང་རྩིས་གདབ་མི་བྱ་བར་ཤེས་པ་རྒྱ་བསྐྱེད། ཁོང་ལྷོད་དེ་ཆོས་ཉིད་ཀྱི་ངང་ལ་གློད་ནས་བཞག་པས་རང་གྲོལ་དུ་སོང་སྟེ། བློ་བདེ་འབོལ། ཉམས་དགའ་ཡལ། བག་དྲོ་འུར་འགྲོ་བ་ནི་སྙེམ་བྱེད་ཀྱི་བདུད་གཅོད་ལུགས་དང་ཆོད་ལུགས་ཡིན། ཡུལ་གང་གི་ཐོག་ཏུ་གཅོད་ཀྱང་གཅད་རྒྱུ་དངོས་ནི་སྙེམ་བྱེད་ཁོ་ན་སྟེ། ཞེ་སྡང་ཕོ་གདོན་འདོད་ཆགས་མོ་གདོན། གཏི་མུག་ཀླུ་གདོན་སོགས་ཐམས་ཅད་དེའི་བྱེ་བྲག་གོ །ཕཊ་ཀྱི་དོན་ཡང་སྙེམ་བྱེད་བཅད། །སྙེམ་མེད་ཀྱི་རིག་པ་ཧུར་ཕྱུངས་ཏེ་་དབྱིངས་ལ་སྲེ་བའོ། ༈ །ལྟ་བ་རྟོགས་ཀྱང་སྤྱོད་ཡུལ་ཐམས་ཅད་དང་མ་བསྲེས་ན་ཡུལ་རྐྱེན་དྲག་པོ་བྱུང་ཚེ་འཇིགས་སར་སྐྱེལ་མས་བོར་བ་ལྟ་བུར་འགྲོ། །གཉན་ས་གཅིག་ཆོད་པ་ལྟ་བུ་རྐྱེན་སྣང་གཅིག་ལ་རོ་སྙོམ་ནུས་ཀྱང༌། དེ་ཙམ་གྱིས་ཆོག་ཤེས་བྱས་ན་རྩལ་ཕྱོགས་མེད་དུ་རྒྱས་མི་ཐུབ་པས་རོ་སྙོམ་གྱི་ཉམས་ལེན་རྟག་འགྲུས་སུ་སྦྱོང་ཞིང༌། ཡུལ་རྐྱེན་ཐམས་ཅད་ལ་སྲེ་བ་གལ་ཆེ།


LT17_Page_369
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམ་བྱེད་ཀྱི་བདུད་དྲག་པོ་རྒྱུ་བའི་ཡུལ་དེ་ཉེར་བཅུག་ནས་དེའི་ཐོག་ཉིད་དུ་སྙེམ་ཐག་བཅད་ནས་དབྱིངས་རིག་གི་རྟོགས་གོམས་གདེང་དུ་འགྱུར་བའི་ཕྱིར་གཉན་ས་གཅོད་པ་ཡིན། དེར་འདྲེ་ལྷོང་བ་ནི་དབྱིངས་རིག་སྲེ་བའི་ཤེར་ཕྱིན་གྱི་རྣལ་འབྱོར་ཟབ་མོའི་གཟི་བརྗིད་མི་བཟོད་ནས་ཡིན་གྱི། དྲག་གཅོད་དགོས་པའི་ངེས་པ་མེད་ཅེས་འབྲུག་ཆེན་ནོ། །ལྷོང་ཚད་ཐོན་དུས་སྐྲག་པ་དང་དོགས་པ་སོགས་བྱུང་ན་ཡེངས་ནས་སྙེམ་ཤོར་བ་ཡིན་པས་དེ་མ་ཐག་ངོས་བཟུང་ལ་སྙེམས་སམ་རྣམ་རྟོག་བཅད་དེ་དབྱིངས་རིག་བསྲེ་བའི་ངང་ལ་བཞག ༈ །མཛེ་ཕོ་དང༌། དམ་ཉམ་སོགས་ལ་བཅད་པས་དབྱིངས་རིག་གི་ཉམས་མྱོང་དང་བར་དུ་སྙེམ་ཞུགས་པས་ཆོད་ཤོར་ན་སེམས་རྨུགས་འཐིབ་དང༌། སྐྲང་པ། ནད་འགོབ་སོགས་ཡོང༌། དེ་ལ་གང་གིས་ལན་པ་དེ་ཉིད་དང་སླར་བསྲེས་ལ་སྙེམ་དང་མ་བྲལ་བར་དུ་ཉམས་སུ་བླང་བས་རང་ཞིར་འགྲོ། ལར་ཐོག་བརྫིས་ཀྱི་གོ་དོན། ཐག་ཁྲ་སྦྲུལ་དུ་མཐོང་ནས་སྐྲག་ཚེ་ཐག་ཁྲ་དེ་ཉིད་ཀྱི་ཐོག་ཏུ་ཕྱིན་ནས་བལྟས་པས་འཇིགས་སྐྲག་དེ་རྩད་མེད་ཁུངས་མེད་དུ་ཆོད་པ་ལྟར། གང་ལ་ཉམ་ང་ཞིང་བག་ཚ་བའི་ཡུལ་རྐྱེན་དེ་ཉིད་ལ་ཐོག་འགེལ་བཙན་འགྱེལ་བྱས་ནས་ཡུམ་དོན་བསྐྱང་བས་སྔར་ནས་སྣང་བ་སེམས་དང༌། སེམས་སྟོང་པར་ངོ་འཕྲོད་ཟིན་པ་ལྟར་སྣང་སེམས་མཐའ་དག་དམིགས་མེད་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་འཇིགས་མེད་ཀྱི་གདེང་ཆེན་ཐོབ་པ་སྟེ། ལེ་ལག་ལས། དཔེར་ན་སྨིག་རྒྱུ་ཆུར་


LT17_Page_370
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ། །ཐོག་ཏུ་ཕྱིན་པས་ཆུ་མེད་བཞིན། །ལྷ་དང་ཀླུ་དང་ཉམས་གྲིབ་སོགས། །དེ་ཐོག་བསྒྱུར་བས་ཡོད་མི་སྲིད། །ཅི་ཕྱིར་རང་གི་སེམས་ཡིན་པས། །དེ་ན་སྙེམ་མེད་ལྷུག་པར་ཞོག །ཅེས་གསུངས་ཏེ། འདི་ལ། ནད་པ་འདྲེ་ལ་གཏད་པས་གཉིས་མེད་རང་སར་གྲོལ། །སྐྱེལ་མ་དགྲ་ལ་གཏད་པས་འཇིགས་མེད་མཐའ་རུ་བསྐྱལ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་མེད། །རྐྱེན་ངན་སྲིད་དུ་ཆོད་པས་ཡུལ་ན་དགྲ་མེད་འདྲ། །ཞེས་གསུང་ངོ༌། །གཅོད་འདི་རྐྱེན་ངན་ལམ་ཁྱེར་ལ་ཤིན་ཏུ་རྣོ་ཡང༌། བཟང་རྐྱེན་ལམ་འཁྱེར་མི་འདུག་སྙམ་ན། དགའ་བྲོད་ཀྱི་བདུད་ངོས་འཛིན་དང༌། དེ་གཅོད་ཚུལ། ཆོད་མཚམས་སོགས་ལྟོས་དང་ཤེས་པར་འགྱུར། ༈ མཐའ་གཏད་ཅེས་པ། དཔེར་ན་རྔོན་པ་རྣམས་ཀྱིས་ཐང་ལྟ་བུ་ལ་རི་དྭགས་ཇི་ལྟར་བྱས་ཀྱང་མ་ཟིན་ན་བྲག་ལ་སོགས་པའི་མཐའ་གཅིག་ལ་གཏད་ནས་དེད་པས་གཞན་དུ་འགྲོ་ས་མེད་ནས་ཟིན་པ་བཞིན། གཉན་ཁྲོད་དུ་ན་ཚ་ལྟ་བུའི་ལྷ་འདྲེའི་ལྷོང་བྱུང་བ་ན་མ་ཆོད་པར་སྙེམ་བྱེད་མགོ་རྒྱལ་དུ་ཤོར་བས། གཞན་དུ་བྱོལ་བ་དང༌། ཡས་སྟག་བྱིན་པ་སོགས་བྱས་ཀྱང་མི་ཕན་པས། སླར་ཁོ་གནས་པའི་ས་གཉན་བརྐོ། ཆུ་གཉན་དཀྲུགས། ཤིང་གཉན་བཅད། ཐབ་གཞོབ་ཆེན་པོ་བཏང་སྟེ། སྙེམ་བྱེད་བཅད་ནས་ཆོས་ཉིད་ཀྱི་ངང་དུ་གློད་ལ་བསྡད་པས་རང་ཞིར་འགྲོ། འདིར་རི་དྭགས་ཀྱི་དཔེ་དང་སྦྱོར་རྒྱུ་གཉན་སའི་ལྷ་འདྲེ་ལ་བྱས་ན་གོ་བ་ཆུང་བས་སྙེམ་བྱེད་ཀྱི་བདུད་ལ་བྱའམ་


LT17_Page_371
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་སྟེ། དཔེ་དོན་འདི་ལེ་ལག་ལས་སོ། ༈ །གཅོད་པས་རི་ཁྲོད་གཉན་ས་དབེན་པ་རྣམས་བསྟེན། གྲོང་ཡུལ་དུ་མི་སྡོད། ཚོགས་པ་མི་སྐྱོང༌། ལྡོམ་བུ་ཡང་ཡུན་རིང་མི་བྱ་སྟེ། དེ་དག་གིས་སེམས་གཡེངས་ཏེ། ཉམས་མྱོང་ཤོར། དྲོད་ཚད་ཡལ་བའི་ཉེན་ཆེ་བས་སོ། །མི་མ་ཡིན་དབང་དུ་འདུས་པ། དམ་ལ་ཐོགས་པ། གདོན་ཐུལ་བ་སོགས་ཅི་བྱུང་ཡང་དགའ་བྲོད་མི་བྱ་སྟེ། དེ་ཉིད་དགའ་བྲོད་ཀྱི་བདུད་ཅེས་བྱ་བའི་སྙེམ་བྱེད་ཆེན་པོ་ཡིན་པས་སོ། །གཅོད་པའི་གོལ་ས་གསུམ་ནི། གཅོད། མོ། སྨན། འདོད་ཡོན། དྲག་སྔགས་སུ་ཤོར་བ་རྣམས་ཏེ། དང་པོ་ནི། སྔར་ལྟར་གཉན་ཁྲོད་འགྲིམ་ཞིང་ཉམས་ལེན་བསྐྱངས་པས་རིག་པ་དྭངས་སྙིགས་ཕྱེད་དེ་གསལ་སྣང་ལ། འདྲེ་གནོད་མི་གནོད་དང༌། ནད་པ་འཚོ་འཆི་སོགས་ཤར་ཏེ། གཞན་ལ་བཟླས་པས་རྣོ་མཐོང་གི་རྒྱུས་ཚོར་ནས་མི་ཀུན་ཡང་ཡང་འདྲིར་འོང༌། དེ་ལ་གཡེང་བས་ཉམས་རྟོགས་ཡལ་འགྲོ་བའོ། །གཉིས་པ་ནི། བསོད་ནམས་སྙན་གྲགས་སྣ་ཚོགས་བྱུང་བས་མགོ་འཁོར་ཏེ་སྒོམ་གཡེང་བས་ཁྱེར་བའོ། །གསུམ་པ་ནི། ཤེར་ཕྱིན་གྱི་ཉམས་མྱོང་བསྐྱངས་བའི་བྱིན་རླབས་ཀྱིས་ནད་པ་དང༌། འདྲེ་ཅན་རིགས་ལ་བྱིན་རླབས་བྱས་པས་སང་སོང་སྟེ། ཡོན་བདག་མང་པོས་བོས་ནས་གྲོང་ཁ་འགྲིམ་པས་ཉམས་རྟོགས་འགྲིབ། བྱིན་རླབས་ཡལ། དེ་ནས་འདྲེ་འདུལ་དྲག་སྔགས་ལ་རེ་དགོས་པ་འོང་བའོ། །གཅོད་ཀྱི་མྱོང་བ་


LT17_Page_372
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མཐོན་པོ་ཡིན་ན་འདི་འདྲའི་དོགས་པ་མི་དགོས་སམ་སྙམ་སྟེ་དམ་པ་རྒྱ་གར་བཞིན་ནོ། ༈ །གཅོད་པ་ལ་གདོན་བགེགས་བར་ཆད་ཀྱིས་མི་ཚུགས་པའི་གནད་ནི། བྲམ་ཟེ་ཨཱརྱ་དེ་བས། དེ་ལྟར་ཉམས་སུ་ལེན་པ་ལ། །ཕ་རོལ་ཕྱིན་པའི་བྱིན་རླབས་དང༌། །ཆོས་རྣམས་སྟོང་པར་རྟོགས་པ་དེས། །བར་ཆད་འབྱུང་བར་མི་འགྱུར་ཏེ། །སྟོང་པ་ཉིད་ལ་སྟོང་ཉིད་ཀྱིས། །གླགས་རྙེད་པ་ལྟ་ག་ལ་སྲིད། །ཅེས། མ་ཞིག་ན་བར་གྱུར་ལ་བུ་ནི་སོགས་སྡུད་པ་ལས་གསུངས་པ་ལྟར། རྒྱལ་ཡུམ་གྱི་བྱིན་རླབས་དང༌། དོན་དམ་པའི་སྲུང་བ་ཁྱད་པར་ཅན་ཡིན་པའི་རྒྱུ་མཚན་གཉིས་གསུངས། དབྱིངས་རིག་སྲེ་བ་ལ་རང་གི་ལུས་སེམས་དང༌། སྦྱིན་ཡུལ་ལྷ་འདྲེ་སོགས་སྣང་སྲིད་ཐམས་ཅད་ཤེར་ཕྱིན་གྱི་ཀློང་དུ་རོ་གཅིག་པར་སྲེ་བ་ཡོད་པས། རྣམ་ཤེས་ལུས་ལས་བཏོན་ཀྱང་འཕོ་རབ་ཚེ་ཐུང་བའི་ཉེན་མི་འབྱུང་བ་ཡིན་ནམ། འདི་ནི་ཁུངས་མ་རྙེད་པས་དཔྱད་དགོས། །དགེའོ། ༈ །ཡང་ཚོམ་ལས། སྐྱིད་ལ་འབྲལ་བར་མི་ཕོད་དང༌། །སྡུག་ལ་སྤྱོད་པར་མི་ཕོད་དང༌། །ལྷ་ལ་མི་ཕང་མི་ཕོད་དང༌། །འདྲེ་ལ་ལུས་སྐྱུར་མི་ཕོད་དང༌། །རང་ཁྱིམ་སྤོང་བར་མི་ཕོད་དང༌། །གཉན་ས་འགྲིམ་པར་མི་ཕོད་དང༌། །ནད་དང་རིམ་ལ་སོགས་པ་ལ། །མི་ཕོད་བཞིན་དུ་ཐོག་བརྫིས་ན། །རོ་སྙོམ་སྤྱོད་པ་ཁྱད་པར་འཕགས། །ཀུན་ཀྱང་ཡོན་ཏན་མཉམ་པར་འགྱུར། །དགག་སྒྲུབ་རྟོག་པ་ཆུང་བར་འགྱུར། །དགག་སྒྲུབ་མེད་པའི་དོན་རྟོགས་ན། །བཏང་སྙོམ་ཆེན་པོའི་ངང་


LT17_Page_373
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གོ །ཞེས་སོ། །བགེགས་དང་སྟོང་ཉིད་ཀྱི་དབྱིངས་གཉིས་ཀྱི་བར་དུ་སྙེམ་བྱེད་ཞུགས་དུས་གནོད་ནུས་ཀྱི། འདྲེར་འཛིན་གྱི་རྩ་བ་བཅད་དེ་སྟོང་པའི་དབྱིངས་ལས་མ་གཡོས་ན། བདུད་ཀྱི་སྤྱོད་ཡུལ་བརྒལ་ཏེ། སངས་རྒྱས་ཀྱི་སྤྱོད་ཡུལ་ན་གནས་པ་ཡིན་པས། ལྷ་འདྲེ་ཡོད་ཀྱང་ཅི་གནོད་དེ། སྤྱོད་ཡུལ་ཤིན་ཏུ་བསྐལ་བའི་ཕྱིར་ཏེ། རྨི་ལམ་གྱི་ཁྱིས་སད་དུས་ཀྱི་རྗེ་ངར་མི་འབིགས་པའམ། རྒྱ་གར་གྱི་དུག་སྦྲུལ་བོད་ལ་མི་གནོད་པ་བཞིན་ནོ། །ཞེས་བྱའོ། ༈ །གཅོད་འདིའི་ཡུམ་དོན་སྐྱོང་ལུགས། ཕར་ཕྱིན་པའི་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་སྒྲུབ་ལུགས་ནི་མིན་ཏེ། དཔྱད་སྒོམ་རྩལ་དུ་འདོན་ཕྱོགས་གཏན་མིན་པའི་ཕྱིར་རོ། །སྟོང་ཉིད་ལ་དམིགས་པའི་ཞི་གནས་སྒྲུབ་ཚུལ་ཙམ་ཡང་མིན་ཏེ། དེ་ཙམ་གྱིས་རྒྱུད་ཡོངས་སུ་གྲོལ་མི་ནུས་པའི་ཕྱིར་རོ། །གསང་སྔགས་ཕྱི་པ་མིན་ཏེ། བླ་མེད་ཐུན་མིན་གྱི་ལྷ་ཁྲོས་ནག་དང་འབྲེལ་བ་དང༌། ཚུལ་འདིས་འཆི་བ་འོད་གསལ་ངོས་ཟིན་པར་ཉིང་ཚོམ་དང་ལེ་ལག་ཏུ་བཤད་པའི་ཕྱིར་རོ། །བླ་མེད་སྤྱི་འགྲོ་མིན་ཏེ། བསྐྱེད་རྫོགས་ཀྱི་འགྲོས་སྤྱི་ལྟར་བརྩི་རྒྱུ་མེད་པའི་ཕྱིར་རོ། །རྫོགས་ཆེན་ལྟར་ཡང་མིན་ཏེ། སེམས་རིག་འབྱེད་པ་མེད་པའི་ཕྱིར་རོ། །སེམས་མི་རྟོག་པར་བཞག་པས་འོད་གསལ་སྒོམ་པར་འགྲོ་ན་ཧ་ཤང་ཡང་རྫོགས་རིམ་མཁན་པོ་ཡིན་པར་ཐལ་ལོ། །གྲུབ་ཐོབ་ཀྱི་ལམ་སྲོལ་མ་ནོར་བ་ནི་ཡིན་འདུག་པས་ཇི་ལྟར་གཟུང་ཞེས་པ་རྣམས་


LT17_Page_374
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དོགས་པ་བསླང་བའོ། །དེའི་ལན་ལ་གཞན་ཚོས་ཅི་འདེབས་ཅི་ཤེས། རང་གི་གོ་ཚོད་ལྟར་ན། སེམས་ཚོལ་དུས་སྟོང་ཉིད་ཀྱི་ལྟ་བ་མ་ནོར་བ་ཞིག་རྙེད་དགོས། །དེ་ནས་ནམ་མཁའ་སྒོ་འབྱེད་དུས་འབུམ་དང་ཉི་ཁྲི་སོགས་ནས་བསྟན་པའི་ཤེར་ཕྱིན་དང༌། སྔགས་བླ་མེད་པའི་འོད་གསལ་ཐམས་ཅད་རང་སེམས་མི་རྟོག་པའི་ངོ་བོ་འདི་ལས་གཞན་ན་མེད་པར་ཐག་བཅད་དེ། འོད་གསལ་འཆར་དུས་སྟོང་ཉིད་སྒོམ་ཚུལ་དང་མཐུན་པར་བསྐྱངས་བས་རྒྱུད་ཡོངས་སུ་དག་པ་ན། སེམས་ཀྱི་ཆ་རྣམས་དག་སྟེ་རིག་པའི་ཡེ་ཤེས་ཉག་གཅིག་ཏུ་གོ་འཕོ་བས། ཡུམ་དོན་དང་པོ་སྐྱོང་དུས་ནས་འོད་གསལ་དམིགས་ཁོངས་སུ་ཆུག་པ་དང༌། འོད་གསལ་གྱི་སྟངས་བྱས་ནས་སྒོམ་པ་དགོས་སོ། །མི་ཏྲའི་ཕྱག་ཆེན་སོགས་ཕྱག་ཆེན་སྐོར་མང་པོར། སེམས་ཀྱི་གཞི་རྩ་བཅད་དེ་ཅི་ཡང་ཡིད་ལ་མི་བྱེད་པར་རྟེན་མེད་དུ་བཞག་པས། རིམ་གྱིས་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་དབྱིངས་སུ་སེམས་ངལ་སོས་ཡོང་བར་གསུངས་པ་ཐམས་ཅད་འདི་ལྟར་རེད་དེ། དཔེར་ན་ལྟེ་བ་དང་སྤྱི་བོའི་འཁོར་ལོ་ལ་གནད་དུ་བསྣུན་ཚུལ་ཙམ་ལས་མ་བཤད་པའི་རྫོགས་རིམ་མང་པོ་སྙིང་ཀའི་སྡུད་རིམ་ལ་གཞོལ་བ་ལྟར། དང་པོ་ནས་སྔགས་ཀྱི་འོད་གསལ་ཡིན་ཞེས་རྩལ་འདོན་མེད་ཀྱང༌། འདི་ལྟར་བསྐྱང་བས་ནམ་ཞིག་ན་བླ་མ་དང་མཁའ་འགྲོའི་བྱིན་རླབས་རྒྱུད་ལ་སྨིན་ནས་སྔར་བསྒོམས་པའི་ཡུམ་དོན་དེའི་སྟེང་ནས་རང་བཞིན་ལྷན་སྐྱེས་ངོ་འཕྲོད་ཡོང་བས། འདི་བཞིན་དང་པོ་སྒོམ་དུས་ནས་སྒོམ་འདིའི་ཁོང་


LT17_Page_375
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔགས་ཀྱི་འོད་གསལ་མི་གསལ་བའི་ཚུལ་གྱིས་སྐྱོང་ལུགས་ཡོད་པར་མངོན་ནོ། །དེའང་འདིའི་དབྱིངས་རིག་བསྲེ་ཐད། ཤེས་པ་རྟེན་མེད་དུ་བཞག་པས་གློ་བུར་བའི་དམིགས་རྟེན་ཅན་གྱི་བློའི་སྤྲོས་པ་ཤས་ཇེ་ཆུང་ལ་རིམ་གྱིས་སོང་ནས། རྟེན་མེད་ཀྱི་ཤེས་རིག་གཉུག་མའི་ཆ་ཞིག་རྗེན་ལ་བུད་ཡོང༌། །དེ་ཀ་བཟོ་མེད་རང་བབས་སུ་བསྐྱང་བ་ལས་ལྷག་པ་ནི་རྫོགས་ཆེན་ཁྲེགས་ཆོད་ལ་ཡང་མ་མཐོང་ངོ༌། །རྫོགས་ཆེན་ནས་ཀྱང༌། ཐ་མས་ཐོག་མར་ཞི་གནས་འབའ་ཞིག་བཙལ། །ཞེས་སོགས་རིག་ཐོག་ཏུ་སྣ་འཁྲིད་ལུགས་མང་པོ་བཤད་དོ། །གཅོད་ཀྱི་འདི་ཞི་གནས་སྐྱོང་ཚུལ་དང་ཡང་མཐུན་མི་མཐུན་དཔྱད་དགོས་ཏེ། འདི་ལ་ཤེས་པ་རྟེན་མེད་དུ་དབྱིངས་ལ་འཇོག་པ་ཡོད་ཀྱང༌། གནས་ཆ་འཚོལ་ལུགས་བཤད་པ་མི་གསལ། ད་དུང་དཔྱོད་དང་ཤེས་ཡོང༌། ༈ བླ་མ་ལ་ཕྱག་འཚལ་ལོ། །འོད་གསལ་རྫོགས་པ་ཆེན་པོའི་ལམ་ནི་མཆོག་སྒྲུབ་ཀྱི་རྒྱལ་པོ་ཡིན་པས་ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་ཙམ་གྱི་ཕྱིར་དོན་དུ་གཉེར་བྱ་མ་ཡིན་མོད་ཀྱི། དེ་ཉམས་སུ་བླང་བས་ལོ་ལེགས་ན་ཕུབ་མ་ཞར་ལ་འབྱུང་བ་ལྟར་ཐུན་མོང་གི་འདོད་དོན་གཞན་ཡང་འབད་མེད་དུ་འབྱུང་བ་ལས། རེ་ཞིག་ནད་ཀྱི་སྡུག་བསྔལ་སེལ་བའི་མན་ངག་ཏུ་འགྲོ་ལུགས་འཆར་གཞི་ཙམ་སྨོས་ན། ལུགས་འདིའི་ཐུན་མོང་མ་ཡིན་པའི་ངོ་སྤྲོད་ཐེབས་པ་རྣམས་ཀྱིས། རྩལ་ཐོག་ཏུ་གཏན་མ་ཤོར་བར་རང་བབས་གཉུག་མའི་རིག་པ་དབྱིངས་ལ་བསྲེས་


LT17_Page_376
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཞག་པས། རེ་ཞིག་ན་ཚ་ཉིད་མ་ཞི་ཡང་དེ་ལ་མཚན་མར་འཛིན་པའི་སེམས་དང༌། དེ་ལས་བྱུང་བའི་རེ་དོགས་ཀྱི་སྒྲོག་མདུད་ཞིག་པའི་དབང་གིས་རིག་པ་གཅེར་བུ་བག་ཡངས་སུ་ངལ་སོས་ནས་ན་ཚ་དེ་མི་ཚོར་བ་ལྟ་བུར་ཟིལ་གྱིས་མནན་པ་དང༌། དེར་མ་ཟད་རང་ལུས་ན་ཚ་དང་བཅས་པས་མཚོན་གང་སྣང་ཐམས་ཅད་ཟང་ཐལ་རྗེན་པའི་རིག་པ་འབའ་ཞིག་ཏུ་སོང་བ་ལྟ་བུའི་ངང་ལ་བདེ་ཕྲིལ་ལེར་གནས་པ་འབྱུང༌། དེ་ནི་ནད་དང་ནད་ཀྱི་གཞི་སྙིགས་མའི་འབྱུང་བ་ཐམས་ཅད་ཀ་དག་གཉུག་མའི་བདེ་དབྱིངས་སུ་ཐིམ་པར་གྱུར་ཞེས་ཆེད་དུ་དམིགས་པའི་རྩོལ་བ་མ་བྱས་ཀྱང༌། དོན་གྱིས་དེ་ལྟ་བུའི་བསྡུ་རིམ་གྱི་རྣལ་འབྱོར་ཁྱད་པར་ཅན་དུ་སོང་ཡོད་ལ། དེའང་རང་བབས་ཀྱི་གནད་མཐར་ཐུག་ལ་བརྟེན་པ་ཡིན་པས་ཐབས་དེས་རླུང་དང་དེའི་རྩ་བ་ཅན་གྱི་ནང་འབྱུང་ཐམས་ཅད་དུལ་ཞིང་ལས་རུང་གི་དངོས་པོར་གྱུར་ནས་རང་བབས་སུ་འཇུག་པ་ལ་ཚེགས་མེད་ཅིང༌། དེ་ལྟར་ནང་གི་ཁམས་རྣམས་རང་བབས་སུ་གནས་པའམ་རྣལ་དུ་གནས་པ་དེ་ལ་རྣམ་པར་མ་གྱུར་པའི་བདེ་བ་ཞེས་ནད་མེད་པའི་བདེ་བའི་གནས་སྐབས་འདོགས་སོ། །དེའང་ནད་རྩ་ཐིག་རླུང་གསུམ་ལ་བརྟེན། དེ་གསུམ་ཡང་རྩ་བ་གཉུག་སེམས་ལ་བརྟེན་པས་གཉུག་སེམས་ལས་སུ་རུང་ན་ས་ལ་གཏིང་དྲོད་བབས་ཚེ་ཁ་དར་རང་ཤུགས་ཀྱི་ཞུ་བ་བཞིན་གཞན་རྣམས་ངང་གིས་ཁོང་མཉེན་ཅིང་ལྷོད་དུ་འགྲོ་བ་ཆོས་ཉིད་ཡིན་ནོ། །ནད་དེ་དང་དེ་རྣམ་པ་ཐམས་ཅད་དུ་ཞི་བར་བྱ་བའི་བསམ་པས་རིག་པ་དབྱིངས་ལ་གཏད་ན་ནི་དོན་དེ་དམིགས་ཕུག་ནས་


LT17_Page_377
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་འགྲོ་སྟེ། ལུགས་འདིར་ཕྲིན་ལས་རྣམ་པ་བཞི་གང་བྱེད་ཀྱང་གནད་ཀྱི་མན་ངག་འདི་ཁོ་ན་ཡིན་པར་བཤད་དོ། །སྒོམ་དུས་རྩལ་ཐོག་ཏུ་ཤོར་ཕན་ཆད། ནད་གདོན་སོགས་ཀྱི་མེ་རོ་གསོས་པ་ཡིན་པས་ཞི་བར་འདོད་ཀྱང་ངལ་བ་ཙམ་སྟེ། ཆུ་དཀྲུགས་པས་རྙོགས་མ་དྭངས་སུ་རེ་བ་བཞིན་ནོ། །དེས་ན་ཨ་ཚ་ཨ་ན་ཞེས་རིག་པ་དང་ན་ཚའི་བར་དུ་སེམས་ཀྱིས་བརྡ་སྦྱོར་བའི་སྒོ་ནས་ནད་གསལ་འདེབས་པ་དང༌། ཅུང་ཟད་ཞི་བ་ན་དགེ་སྦྱོར་གྱིས་ནད་ལ་དྭངས་སྐྱེད་ཐོན་པ་ཡིན་ནམ་སྙམ་པ་སོགས་རྩལ་ཐོག་ཤོར་བའི་འཕྲང་ལ་གཟབ་དགོས་སོ། །མཉམ་བཞག་གི་མཐུས་རྩལ་རང་མལ་དུ་ཐིམ་པའི་ལམ་རྙེད་ནས་ལས་རླུང་ཡེ་ཤེས་ཀྱི་ཁམས་སུ་དག་སྟེ། ཕུང་པོའི་ཟག་པ་ཟད་ཅིང་ཕྲ་རགས་སྡུག་བསྔལ་གྱི་རྒྱ་མཚོ་རྒལ་བའི་ཚུལ་ནི་ཕྱོགས་འདིའི་གཞུང་ཆེན་པོ་རྣམས་ལས་ཤེས་པར་བྱའོ། །ཨོ་རྒྱན་སྨན་གྱི་བླ་མ་དགྱེས་པའི་རོལ་མོར་སྤྲོས་སོ། ༈ །ཡིག་འབྲུའི་ཚུལ། ཞེས་པ། གོང་དུ་ལེའུ་གསུམ་པ་བཞི་པའི་འབྲེལ་ལྟར། སངས་རྒྱས་ཀྱི་མཉམ་པ་ཆེན་པོའི་ཏིང་ངེ་འཛིན་མཚོན་བརྗོད་ལས་འདས་ཀྱང་དེ་ཉིད་མཚོན་བྱེད་ཀྱི་ཡེ་གེ་མིང་ཚིག་དུ་མར་ཤར་ནས་ཆོས་སྟོན་པའི་ཚུལ་གྱིས། སེམས་ཉིད་སྐྱེ་བ་མེད་ཀྱང་དེ་ཉིད་རོལ་པ་ལྷའི་སྐུ་གསུང་ཐུགས་སུ་འཆར་ཞེས་མཛུབ་མོས་ཟླ་བ་སྟོན་པ་ལྟར་བྱེད། དེས་མི་ལོན། ཡི་གེ་ལ་བརྗོད་དོན་མཚོན་རྒྱུ་མེད་ཀྱང༌། བརྡ་དང་ཐ་སྙད་ཀྱི་ངོར་དོན་སྣ་ཚོགས་སྟོན་བྱེད་དུ་འཆར་བ་ལྟར། སེམས་


LT17_Page_378
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རང་བཞིན་ལ་སྐྱེ་བ་མེད་ཀྱང༌། མིང་བརྡས་བཏགས་པའི་ཐ་སྙད་ཙམ་དུ་སྐུ་གསུང་ཐུགས་ཀྱི་རོལ་པ་ཚད་མེད་པར་སྣང༌། ཞེས་པ་འདི་དག་གང་རུང་ཨོས་རེད། ༈ ཡང་གསང་བླ་སྒྲུབ་ལས། ཆོས་བདག་གསུམ་གསུང་བ་ནི། ཞབས་དྲུང་ཡང་སྟེང་པ་རྭ་སྟོན། ལྕགས་ཟམ་རིན་པོ་ཆེ། བོ་དོང་སྦྱོར་ར་རིན་པོ་ཆེ་རྣམས་ཏེ། གྲུབ་པའི་གཙོ་དང༌། སྙན་ངག་མཁན་སོ་སོར་འགྲིགས་ཤིང༌། འདི་ནས་ལོ་གསུམ་སོགས་དང་ཡང་འགྲིགས། ༈ །སྐུ་ཚེའི་ཚད་ཞེ་ལྔ་ཡིན་ཀྱང༌། མཚོ་རྒྱལ་གྱིས་ཉེར་ལྔ་བྱིན་ཞེས་གསུངས་པ་ནི། ཞེ་ལྔ་པ་ཆུ་མོ་སྦྲུལ། དེ་ལོར་མཚོ་རྒྱལ་བླ་མཚོའི་བརྡ་བསྒྱུར་ཕྱག་ཏུ་སོན། དེའི་ལུང་བསྟན་ན། རྟེན་འབྲེལ་མ་འཆོལ་ལས་ཅན་སྐྱེས་བུའི་ཚེཿ སོགས་འབྱུང་བ་སྐུ་ཚེའི་ལུང་བསྟན་ཡིན་འདུག་པས། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཆོས་གཏེར་གྱི་སྐབས་དེར་སྐུ་ཚེ་བསྲིང་བར་གསལ། ༈ །མཁའ་འགྲོའི་གད་རྒྱངས་ནི། རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པས་བརྟུལ་ཞུགས་ལམ་འཁྱེར་གྱི་ཆེད་དུ་ཕུང་པོ་གཟན་སྐྱུར་ཙམ་བསྟན་པ་སྟེ། གོང་འོག་ཏུ་ཡུམ་དོན་སྐྱོང་བ་ཐམས་ཅད་ཁྲེགས་ཆོད་ཀྱི་དབྱིངས་རིག་སྲེ་བའི་ཅོག་བཞག་གི་གནད་ཁོ་ནར་བྱེད་ཅིང༌། བདུད་བཞི་དབྱིངས་གཅོད་ཀྱང་དེ་ཉིད་ཀྱིས་བྱེད་པས། འདིའི་ལུགས་ལ་ཁྲེགས་ཆོད་སྒོམ་པ་མིན་པའི་ཡུམ་དོན་ངོ་སྤྲོད་ནམ་མཁའ་སྒོ་འབྱེད་སོགས་ཟུར་པ་མེད་དོ། །དེས་ན་འདི་ཉམས་སུ་ལེན་མཁན་གྱིས་དང་པོར་ཀ་དག་ཁྲེགས་


LT17_Page_379
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ཀྱི་རྟོགས་པའི་གདེང་ཅི་རིགས་རེ་ཐོབ་དགོས་སོ། །དེའི་ཕྱིར་གཅོད་གཞུང་སྤྱི་དང་འདི་གཉིས་ལ་ཐུན་ཁྱད་ཀྱི་ཁྱད་པར་ཆེའོ། །འདི་ཡང་རྗེ་ཉིད་ཀྱི་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ། འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུབྷཾ་མསྟུ་སརྦ་ཛ་ག་ཏཾ།། །།


previousགཅོད་ཀྱི་བརྗེད་ཐོ།next