Nitartha Digital Library
Tibetan
 
previousརྡོ་རྗེའི་གནས་པ་བཅུ་གཉིས་ཤིན་ཏུ་གསང་བ་ཉམས་རྟོགས་ཀྱི་རྣམ་ཐར།no next

རྡོ་རྗེའི་གནས་པ་བཅུ་གཉིས་ཤིན་ཏུ་གསང་བ་ཉམས་རྟོགས་ཀྱི་རྣམ་ཐར།


TNT01_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གནས་པ་བཅུ་གཉིས་ཤིན་ཏུ་གསང་བ་ཉམས་རྟོགས་ཀྱི་རྣམ་ཐར་ལགས་སོ། །


TNT01_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། ཨོཾ་སངས་རྒྱས་དཔའ་བོ་ལ་ཕྱག་འཚལ་ལོ། །ཨེ་ཡིག་ནམ་མཁའི་ཁམས་ལ་ཕྱག་འཚལ་ལོ། །རང་གི་སེམས་ཉིད་རང་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་བདག །དུས་ལན་གཅིག་རིགས་ནི་སད། རྐྱེན་ཁར་མ་ལུས་པར་སེམས་ཉིད་ཀྱི་གནས་ལུགས་གཅེར་མཐོང་ཞིག་ཡོང་འདོད་པའི་སྐབས། ལོ་འགའ་ཤས་ཤིག་ལ་འཆར་སྒོ་བྱུང་བ་རྣམས་སྡོམ་དུ་བྱས་པ་ནི་འདི་ལྟར། བྱིན་རླབས་ཀྱི་མཚན་ཁ་ནམ་ཟླ་ས་ཆུ་དྲོས་པ་འདྲ་བའི་ཕ་བླ་མ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། བྷརྵ་སྔ་མའི་སྔ་མ་ལ། ལྷ་སྐུ་མཧཱ་སུ་ཁ་ནམ། བློ་ལྡན་གཉིས་མེད་སྦྱོར་བ་ལ། སྙིང་པོ་ཡོད་པ་ལྟར་སྣང་ཡང༌། ཧེ་ཏུ་རྐྱེན་དང་ཕྲད་པ་ཙམ། འོན་ཀྱང་དེ་


TNT01_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཌཱ་ཀི་ནཱི། དཔའ་བོའི་ཡེ་ཤེས་ཀྱིས་བསྐུལ་ཡིན། །གཙུག་ཏོར་ལ་ནི་ཡིད་གཉིས་ཅན། དེ་འོག་བགྲང་བྱའི་ཚོགས་པ་ལ། ཐེ་ཚོམ་རྟོག་པ་དབྱིངས་སུ་ཡལ། །བྱིན་རླབས་ཡེ་ཤེས་རྒྱུས་ཁྱབ་པ། །དེ་ལས་རྩོལ་བ་མེད་ན་ཡང༌། མི་རྟོག་གསལ་བར་སྣང་བ་ཐོབ། །དེ་ནས་ལོ་དེ་སོང་བ་ན། །རྗེ་བོའི་ཞལ་རྒྱུས་ལྕགས་ཀྱུ་ཡིས། །རྙོག་པའི་མཚོ་ལས་རབ་དྲངས་ནས། རབ་མཆོག་གནས་ཀྱི་ཁྲི་ལ་བཞག །རྡོ་རྗེའི་གནས་པ་དང་པོའོ། །གནས་ལུགས་མངོན་སུམ་དུ་གཟིགས་པའི་ཕ་རྒོད་དེ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། སྣྲོན་གྱི་དང་པོར་བདུད་ཀྱི་སྡེ། །ཚིག་གི་རྡོ་རྗེས་རབ་བཅོམ་ནས། །ཡེ་ཤེས་ཀློང་དུ་ཁ་བཛྲ། །འགྱུར་མེད་འགྱུར་བ་སྣ་ཚོགས་ཚུལ། །ངོ་བོ་མཐོང་དང་མ་མཐོང་བྲལ། །འཁྲིད་དང་འཁྲིད་བྱ་འཁྲིད་


TNT01_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྤངས། །བི་ཤྭ་ཙི་ཏྲ་དབྱིངས་སུ་ཡལ། །ཆུ་ཀློང་བྱེ་བ་རྒྱ་མཚོར་བབས། །གོལ་ས་ཐམས་ཅད་མཐོང་ནས་ཆོད། །འབངས་རྣམས་ཀུན་གྱིས་རྒྱལ་པོར་བཀུར། །དྲང་བ་ངེས་པའི་དོན་དུ་ཞུགས། །རྡོ་རྗེའི་གནས་ཐོབ་གཉིས་པའོ། །ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་བླ་མ་དམ་པ་དེ་ལ་ཕྱག་འཚལ་ལོ། །འདབ་བརྒྱའི་དབུས་སུ་སྒྲོན་མེ་གསལ་ལྟར་འབར། །རི་དབང་རྩེ་མོར་ཀཻ་ལ་ཤ་རྒྱས་པ། །འཚུབ་མ་ཞི་བས་ནམ་མཁའ་དྲི་མ་མེད། །ཟླ་ལྟར་རབ་ཏུ་ཤར་བ་བི་བུད་དྷ། །ལྷ་ཡི་ལམ་ལས་ཆར་ཕབ་ནས། །ས་མུ་དྲ་ལ་དབྱེར་མེད་འདྲེས། །ཆར་འབབ་ཅེས་པའི་མིང་ཡང་མེད། །སྙིང་རྗེ་རོ་གཅིག་གསུམ་པའོ། །ཧ་ལའི་ནགས་ཚལ་འཆི་མེད་སྨན་དུ་སྒྱུར་པའི་བླ་མ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། གྲོང་ཁྱེར་ཆེན་པོ་ལ་ནི་ལམ་སྲང་བརྒྱ། །གྲངས་མེད་སྒོ་ནི་ཆེན་པོ་དྲུག་ཕྱེ་སྟེ། །མི་ཤིགས་ཕོ་ཉ་འགྲོ་འོང་བྱེད་པར་སྟོན། །ཡུལ་གཞན་ཕོ་ཉ་གྲོང་ཁྱེར་དེར་ཞུགས་པ། །མི་ཤིགས་རྒྱལ་པོའི་མདུན་ན་ཅི་བདེར་རྒྱུ། །ཕྱོགས་བཞིའི་ཡུལ་ནས་གཙོ་བོའི་བང་མཛོད་བཞི། །བདུད་རྩིའི་དགའ་སྟོན་འཐུང་བ་ངོ་མཚར་རྨད། །གདམས་པས་བཅིངས་གྱུར་འདི་ནི་བཞི་པ་ཡིན། །རང་བཞིན་བདེ་བ་ཆེན་པོ་མཁའ་ལྟར་ཁྱབ་པ་ཉི་མ་བྱེ་བའི་གཟི་བརྗིད་དང་ལྡན་པ་བླ་མ་དཔལ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། ཀི་རཱནྟ་འགྲམ་ཆུ་


TNT01_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་ངོགས་སུ་སྐྱེས་པ་ནི། བཱ་མཱ་རམ་པའི་ལུས་ཅན་ཀུན་ཏུ་སྤེན་པ་ཞིག །དབང་བསྒྱུར་ཞིང་སྐྱོང་དབང་མོས་ལྷ་ལམ་ལས་དྲངས་ཏེ། ཁྱིམ་བདག་སྐོར་བ་གཅིག་ལ་རྡོ་རྗེའི་གནས་སུ་བཞག །སློབ་དཔོན་རྫུ་འཕྲུལ་ལྡན་པ་མཐོང་འདིའང་སྐལ་བ་བཟང༌། །གཏོར་བླུགས་ཡོན་ཏན་མཆོག་དང་དུས་ནི་མངོན་དུ་གྱུར། །བླ་མའི་དྲིན་གྱིས་ཐོབ་འདིའང་ཤིན་ཏུ་ངོ་མཚར་རྨད། །གསུམ་རང་ཡིན། གསུམ་རབ་མཆོག་གྱུར་སློབ་དཔོན་དེ་ལ་ཕྱག་འཚལ་ལོ། །རྣམ་པ་སྣ་ཚོགས་དབྱིངས་སུ་ཐིམ། །དེ་འོག་འབྲས་བུ་རྣམ་པར་སྨིན། །ཟླ་བའི་ཐ་མར་མཚན་ཉིད་བྲལ། །བརྟན་པར་གྱུར་པ་བི་མ་ར། །རྩིབས་བཞིའི་འཁོར་ལོ་རྣམ་པར་འཁོར། །ཀཱཾ་ཡིག་གིས་ནི་ས་གསུམ་ཁེངས། །རྡོ་རྗེའི་གནས་པ་ལྔ་པ་འདིས། །ཉོན་མོངས་ཡེ་ཤེས་རང་དབང་བསྒྱུར། །རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྟོན་པར་མཛད་པ་བླ་མ་དམ་པ་དེ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། རང་གི་ཡིད་ལས་སྐྱེས་པ་ཆུ་ཟླ་བཞིན་དུ་གོས་མེད་གཟུགས། །ཟབ་ཡངས་འོད་ཟེར་བྱེ་བ་འབུམ་གྱིས་མངོན་པར་འཁྱུད་པའི་ལུས། །ཀྲི་ཏྱ་མུ་དྲ་ས་རོ་རུ་ཧར་སྤྱོད་པའི་བུང་བ་ནི། །བནྡྷུའི་སྦྲང་རྩི་འཐུངས་པས་དཎྜིའི་བུ་ག་རྣམ་པར་ཕྱེ། །དེ་འོག་བདུད་རྩིའི་ཆུ་ཡུར་འབུམ། །གྱེན་དུ་བགྲོད་པ་ས་གཞིར་ཐིམ། །དབྱེར་མེད་སུ་ཁ་ཨཀྵ་ར། །བ་སྤུའི་སྒོ་


TNT01_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པར་གནས། །མུ་ཥའི་དམར་ཕྱོགས་ཚེས་བཅུ་ལའོ། །ཟླ་བ་དེ་ཡི་མཐའ་འཕེལ་ལ། །རྒྱུ་ལུས་ཟུང་འཇུག་རི་མོ་བཀྲ། །སྣ་ཚོགས་དུ་མ་དབྱིངས་སུ་ཤར། །རྡོ་རྗེའི་གནས་པ་ཐོབ་པ་འདི། །དྲུག་པར་སྒྲགས་ཏེ་ངོ་མཚར་རྨད། །བི་དྱ་སྣ་ཚོགས་ཐབས་ཆེན་ལས། །རྐྱེན་ལ་མ་ལྟོས་བདེ་ཆེན་མཚན། །རྡོ་རྗེའི་སློབ་དཔོན་དམ་པ་ཆོས་ཀྱི་དབྱིངས་ཀྱི་རང་སྣང་དུ་ཤར་བ། དབང་འཁྲིད་སྐམ་པོ་དང་ཚིག་བཤད་སྐམ་པོས་དགེ་བཤེས་སུ་ང་རྒྱལ་བྱེད་པ་ཐམས་ཅད་ཟིལ་གྱིས་གནོན་པ་ནི། དཔེར་ན་ཉི་མ་ཤར་བས་སྐར་མ་ཐམས་ཅད་བག་ལ་ཞ་བ་བཞིན་ནོ། །དེ་ལྟ་བུའི་བླ་མ་དེ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། ནམ་མཁའ་ཀུན་ཏུ་སོང་བ་དེ་ལ་མཐའ་ཡས་དངོས་པོ་རྗེས་སུ་འཇུག །མཁའ་ལ་ནམ་ཡང་འགྲོ་འོང་ཡོད་མིན་དངོས་པོ་སྐྱེ་འཇིག་མ་འགག་པ། །གཅིག་ཉིད་ཀུན་ཏུ་འཆར་བ་འདི་ཀོ་ཁྱབ་རྟགས་ཆུ་ནང་ཟླ་གཟུགས་བཞིན། །རྣམ་པ་དུ་མ་རང་བཞིན་མི་འགྱུར་སྤྲོས་པས་དབེན་པ་དོན་གྱི་མཆོག །སྲིད་ལམ་རྒྱུ་བ་ནམ་ཡང་བཅད། །ཡེ་ཤེས་ཉི་མ་ནམ་ཡང་ཤར། །འདི་ཀོ་གཉུག་མར་གནས་པ་ལ། །ནམ་ཡང་མཐོང་བ་མེད་འདི་མཚར། །གང་ཞིག་བདེ་བའི་ཡེ་ཤེས་སྲིད་གསུམ་སྒྲོན། །གཞན་ལས་སྐྱེས་ཀྱང་གཞན་བྱུང་ཡེ་ཤེས་མིན། །བདག་ཏུ་སྤྲོས་པ་ཞི་ཡང་དམ་པའི་བདག །


TNT01_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལས་བྱུང་ཀྱང་ལུས་ལས་མ་སྐྱེས་པ། །གཟུགས་བརྙན་རྨི་ལམ་བྲག་ཆ་ལྟ་བུ་ཡི། །བདེ་བས་བདེ་བ་མཚོན་འདི་མཚོན་དུ་མེད། །གང་ལའང་མ་ཆགས་དངོས་པོ་བདུན་ལ་ཆགས། །དེ་འདྲ་འདི་ལས་ཡ་མཚན་ཅི་ཡང་འཆར། །གཉིས་ཆོས་མ་ཡིན་ཟུང་འཇུག་དཀྱིལ་འཁོར་རྒྱས། ཁྱབ་བརྡལ་རྡོ་རྗེའི་གནས་པ་བདུན་པའོ། །བརྡ་དང་དམ་ཚིག་ལ་སོགས་པ་ཐབས་སྣ་ཚོགས་ཀྱི་ངེས་གསང་ཅན། བླ་མ་དམ་པ་དེ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། ངོ་མཚར་སྒྱུ་མའི་རོལ་རྩེད་གང་འདིས་སྲིད་གསུམ་ཡེ་ཤེས་འཁོར་ལོས་སྒྱུར་བར་བྱས། །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག་པོ་མགོ་བྲེགས་བརྟུལ་ཞུགས་ཚངས་སྤྱོད་ཆེན་པོ་པ། །གང་གཞན་དཀའ་ཐུབ་པ་དང་འདོད་ལྡན་དག་ཀྱང་འགྱུར་བཅས་ཕྱིར་ན་འབྲས་མེད་མཚུངས། །ཆར་དང་ཉི་མ་སྨན་གྱི་དབང་པོར་རྩེ་མོ་ཅན་མཚུངས་དེ་ཉིད་ངེས་པར་རྟོགས། །སེམས་ལས་ལུས་ཀྱི་ཨ་ཀྵ་ར། །ཀཱ་ཡ་སུ་ཁས་སེམས་བརྟན་བྱེད། །རྡུལ་གྱིས་དྭངས་པའི་མེ་ལོང་བཞིན། །གདོད་ནས་རྣམ་དག་དེང་འདིར་ཤར། །ཨོཾ་ཡིག་ལས་ནི་སྒྱུ་འཕྲུལ་ཆེ། །སྒྲ་དབྱངས་ཀུན་ལྡན་ཡི་གེ་ཨཱཿ །འགྱུར་མེད་ཧཱུཾ་གི་རྡོ་རྗེ་ཅན། །གནས་ཐོབ་པ་འདི་བརྒྱད་པའོ། །རྒྱ་དང་ཁ་རིས་བཞིན་དུ་སློབ་མ་ལ་ཡེ་ཤེས་


TNT01_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བར་མཛད་པ་པོ་བླ་མ་དམ་པ་དེ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། ཆུ་སྟོད་ཀྱི་ནི་དང་པོ་ལ། །ནམ་མཁའི་རྡོ་རྗེ་ཤམ་བ་ར། །བསྟི་གནས་འཕུར་འགྲོ་ལྟ་བུ་རུ། །བདག་ཉིད་པ་ར་བཱ་མཱར་བཅས། །མཆོད་པས་མཁའ་དབྱིངས་ཁྱབ་པར་སྤྲུལ། །ཀ་ར་ཀ་རཱ་ལུ་གུར་རྒྱུད། །མཆོད་འོས་ཧེ་རུ་ཀ་ཞབས་བཏུད། །ཅང་ཏེའུ་འཁྲོལ་ཞིང་འདི་སྐད་དུ། །ཨ་ཙིན་ཏ་ཡི་གནས་སུ་སྣ་ཚོགས་མར་གྱུར་གཞན་དུ་མ་ཎི་བྷ་རི་དེ་རྗེས་ཨུཏྟ་རར། །སུ་ར་སུ་རཱི་གཞན་ཡང་ནཱ་གི་ཞེས་དང་འདིར་ནི་རབ་དགའི་ས་གཞི་ཤིན་ཏུ་གཉེན་གཤིན་ཡིད། །ས་ཧཱ་ཛ་དང་ནན་དཱ་ནན་ད་མཐའ་ཡས་རབ་སྤེལ་མཆོག་གི་གོ་འཕང་བདག་ལ་སྦྱར་བར་བྱ། །ཤ་ཀུ་བཱཀྲ་རེག་ལས་ཛྙཱ་ནཱཾ་པ་ར་མཆོག་ཐོབ་རྡོ་རྗེའི་གནས་པ་འདི་ནི་དགུ་པའོ། །ཟླ་བ་ཉི་མ་མེ་དང་ཤེལ། །རྣམ་པར་གསལ་ཞིང་རབ་ཏུ་དྭངས། །སེམས་ཀྱི་རང་བཞིན་དེ་འདྲ་སྟེ། །རྐྱེན་གྱིས་བསྒྱུར་བས་སྣ་ཚོགས་ཉིད། །མར་མེ་ཡིས་ནི་ནོར་བུ་འཚོལ། །ཞུན་མར་དོན་དུ་མེ་སྒྲུབ་ཅིང༌། །སྲུབ་ཤིང་ལ་གནས་མེ་མི་མཐོང༌། །ཤིང་སྲིན་གྱིས་ནི་ཤིང་འབིགས་བྱེད། །འདུ་བྱེད་ཐམས་ཅད་སྤྲིན་དང་མཚུངས། །ནང་རིག་བདེ་བ་ནམ་མཁའ་ཉིད། །ཇི་ལྟར་སྲད་བུ་མཁལ་བ་ལས། །ཡེ་ཤེས་འདི་ཀོ་ངོ་མཚར་རྨད། །འདབ་བརྒྱ་


TNT01_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲང་རྩིའི་ཟིལ་མངར་རོ། །ཀུ་མུད་གཉེན་དང་འགྲོགས་དེ་ཅི། །རབ་འབར་ནཱ་ཌཱིའི་ཉག་ཕྲན་གྱིས། །རྣམ་རྟོག་གཅོད་ཅིང་འཁོར་ལོ་འབིགས། །ཉོན་མོངས་བརྒྱད་ཁྲིའི་ཚང་ཚིང་དུ། །དཔའ་བོ་འཇིགས་མེད་ཉམས་དགར་རྒྱུ། །འཕྲོག་བྱེད་དང་ནི་ཆུ་བདག་རྨོངས་པའི་གནས། །ཐོས་སྒྲོགས་རིགས་རྣམས་ཤིན་ཏུ་འཁྲུགས་གྱུར་ཞིང༌། །སེམས་དཔའ་འགའ་ལའང་སྐྲག་པ་སྐྱེད་བྱེད་པ། །རྡོ་རྗེའི་ཐེག་པ་འདི་ནི་བསམ་མི་ཁྱབ། །འདི་ནི་དགུ་པ་དེའི་འཕྲོས་དོན་ནོ། །ཆོས་སྐུ་ཉག་གཅིག་གི་རང་བཞིན་ཕ་རྒན་བླ་མ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། རང་བྱུང་ཧསྟཱི་ཁམས་དྲུག་མཆེ་བས་སྤྲས་པ་གང་འདིས་རཱ་གའི་འདམ་རྫབ་རྙོག་མ་བརྒྱས་གང་བའི། །དབུས་སུ་བདེ་ལྡན་ཨཔྤ་ཛ་དེ་དྲི་མས་མ་གོས་རབ་དཀར་རྩ་བ་ཡང་ཡང་འབད་པས་ཟོས། །རི་སུལ་བྲག་ཆའི་སྒྲ་ལས་སྒྲ་སྐད་ཐམས་ཅད་མི་འཇིགས་སེང་གེའི་སྒྲར་གྱུར་འདི་ཡང་ཡ་མཚན་གནས། །སྤུ་ལོང་འཁྲིལ་ཤིང་གྱོན་དུ་གཡོ་ལྡན་ཟླ་བའི་རྒྱ་མཚོ་བརྟན་པར་འཁྱིལ་ཞིང་འཁོར་བ་འདི་ཡང་མཚར། །ནམ་མཁའ་ལས་ནི་ནམ་མཁའ་བྱུང༌། །ནམ་མཁའ་ནམ་མཁའི་དབྱིངས་སུ་ཐིམ། །ནམ་མཁའ་ཕྱོགས་བཅུའི་དཀྱིལ་འཁོར་ཏེ། །འབྱུང་བ་ཐམས་ཅད་ནམ་མཁའི་དང༌། །ཡེ་ཤེས་ཀ་ན་ཀ་ཤྲོ་ཏམ། །གཟུང་འཛིན་


TNT01_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

རྙོག་བྲལ་དྭངས་པ་ལ། །བདེ་ཆེན་རླབས་འཕྲེང་ཅི་ཡང་གཡོ། །རྡོ་རྗེའི་གནས་ཐོབ་བཅུ་པའོ། །བླ་མ་དམ་པ་རང་གི་སེམས་ཉིད་དང་གཉིས་སུ་མ་མཆིས་པ་དེ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། ལོ་ཧི་ཏ་ཡི་འཕེལ་བ་རྫོགས་ཚེ་རིགས་ཀྱི་བདག་པོའི་ཞལ་བུམ་ལས་རྙེད་དང་པོའི་སངས་རྒྱས་ཀྱི། །རང་བཞིན་གཅིག་མིན་དུ་མ་མ་ཡིན་ཐམས་ཅད་གཅིག་གྱུར་ཡེ་ཤེས་གཅིག་པུ་སྲིད་འདས་ཀུན་ཏུ་ཤར། །ལས་དང་སྒོམ་དང་བཅིངས་དང་གྲོལ་བ་གཞི་ལམ་འབྲས་སོགས་མཉམ་ཉིད་ངང་ནས་འཁོར་གསུམ་དབྱིངས་སུ་གཏོར། །བྱར་མེད་ལས་བྲལ་བདག་མེད་དོན་དམ་རང་གིས་རང་ལ་རྡོ་རྗེའི་གནས་ཐོབ་འདི་ནི་དྲག་པོའོ། །བདག་པོར་གྱུར་ལ་སློབ་དཔོན་གྱིས། །བདག་པོའི་གནས་སུ་དབང་བསྐུར་ནས། །སྙིང་པོས་སྙིང་པོ་ཀུན་སྙིང་པོར། །བགྱིས་ཏེ་ཀུན་ཏུ་རྒྱས་པར་གདམས། །འཁོར་འདས་བརྟན་གཡོ་ཀུན་གྱི་རང་བཞིན་རྩ་བའི་བླ་མ་གཅིག་ཆོག་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདིར་སྨྲས་པ། ཐིག་ལེའི་ཟླ་བའི་ཚེས་ཀྱི་དུས། །ཛྙཱ་ན་བཛྲ་པྲ་བེ་ཤ །འཕར་གཡོ་བདེ་བ་བརྟན་པ་དང༌། །མཎྜ་ལ་ལས་ཛྭཾ་ལ་ཐིམ། །ས་མ་ཡ་ནི་གསུམ་པའི་དུས། །ནམ་མཁའ་ཨིནྡྲ་དྷ་ནུ་བཀྲ། །སྒྲ་དབྱངས་བྲག་སྟོང་ར་ཧ་སྱཾ། །ཙིཏྟ་བཛྲ་སུ་ཁ་ན། །བཞི་


TNT01_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཉམ་ཉིད་རང་བཞིན་ཏེ། །ནམ་མཁར་ནམ་མཁའི་དུ་ཧི་ཏཱ། །ལ་བ་ནཱི་བཅས་རིག་སྤྱོད་བུ། །བདུད་རྩིའི་ཆུ་ཀླུང་བརྒྱ་ཕྲག་འཐུང༌། །སཱ་དྷུ་སཱ་དྷུ་ཞེས་པའི་སྒྲ། །ལྷ་ཡི་ལམ་ལས་སིད་དྷི་ཀ །བརྒྱད་གཉིས་གྲངས་ཀྱིས་མངོན་པར་སྒྲགས། །དེ་ནས་ཙཀྲ་ཨར་ཙ་ནཾ། །ཕྱོགས་ཀུན་དཔའ་བོ་མཐའ་དག་རིག་བཅས་རྣམ་འགྱུར་དུ་མས་སྒེག་འཆང་གང་ཞིག་ཨ་ནུས་སད་ཀཱ་རྣམ་པར་སྤེལ་ལས་བི་རཱ་ག།མཁར་ཉལ་རྣམས་ཀྱི་རྔ་སྒྲ་སྙན་པོས་སྲིད་གསུམ་མཆོད་པ་ཡ་མཚན་ཀུན་བསྡུས་དམ་པའི་བདེ་ཆེན་ནམ་ཡང་རབ་བསྐུལ་བདག་ཀྱང་དེར། །ཡེ་ཤེས་ཀུན་ནས་རབ་དགའི་ས་གཞིར་ཐབས་མཁས་ཟློས་གར་ཅི་ཡང་བསྒྱུར་ལས་སྙིང་པོའི་ཡེ་ཤེས་ལྷག་པར་རྒྱས་པ་གང་འདི་ཀོ། མཐའ་དག་སྲིད་པར་ཆོས་ཀུན་ཚུལ་གྱིས་འགྲོ་བ་སྒྲོལ་སླད་རིག་སྤྱོད་སྣང་བས་ཁྱབ་པར་གྱིས་ཞེས་རྡོ་རྗེའི་གནས་ཐོབ་ཉི་མའོ། །འདི་རྣམས་སྨྱོན་པ་ཏཱ་ར་ནཱ་ཐའི་སླ་ཅོལ་གྱི་ཡི་གེ་ཡང་དག་པའི་ངེས་ཏིག་ཅན་དེའོ། །ཨོཾ་ཨཱཿཧཱུཾ་ཕཊ། ཤུ་བྷཾ། །


previousརྡོ་རྗེའི་གནས་པ་བཅུ་གཉིས་ཤིན་ཏུ་གསང་བ་ཉམས་རྟོགས་ཀྱི་རྣམ་ཐར།no next