Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
གསང་བའི་རྣམ་ཐར་འབྲིང་པོ།
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་བའི་རྣམ་ཐར་འབྲིང་པོ།next

གསང་བའི་རྣམ་ཐར་འབྲིང་པོ།


TNT01_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྣམ་ཐར་དབུ་ཕྱོགས་བཞུགས་སོ། །དགེ་ལེགས་འཕེལ།


TNT01_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་སངས་རྒྱས་ལ་བཏུད་ནས། །བདག་གི་རྣམ་ཐར་གསང་བ་འགའ། །དད་ལྡན་འགའ་ཡིས་བསྐུལ་དོན་དུ། །གཡོ་ཟོལ་བརྫུན་འཁྲིགས་མེད་པར་བཤད། །དེ་ཡང་ཁོ་བོ་སྔོན་རྒྱ་གར་དུ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་སློབ་མ་རྣལ་འབྱོར་པ་ཞིག་ཏུ་སྐྱེས་པ་གསལ་བར་དྲན། བོད་དུ་སྔགས་པ་བདེ་མཆོག་ལ་ཡི་དམ་བྱེད་པ་ཞིག་ཏུ་སྐྱེས། ཡི་དམ་གྱི་ཞལ་མཐོང༌། དེ་བཞིན་དུ་འབྲི་མཚམས་སུ་ཞང་འབྲུག་སྒྲ་དང༌། ཀུན་མཁྱེན་སང་གྷཱ་བྷ་དྲར་སྐྱེས་པ་ཡང་ར་རི་ཙམ་དྲན། གསང་སྔགས་རྙིང་མའི་མཁས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་པར་གྱུར་པ་


TNT01_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འགའ་རེ། རེ་གསལ་རེ་གསལ་དྲན་ཡུལ་ན་འདུག །སྤྱིར་ངེད་སྐྱེ་བ་མང་པོར་སྔགས་ལ་ཉམས་ལེན་བྱས། ཨོ་ཌི་ཡ་ཎ་མཁའ་སྤྱོད་དག་པའི་ཞིང་ཁམས་སུ་རིག་པ་འཛིན་པ་ཐོབ་པ་ཞིག་ཡིན་པ། མི་ཡུལ་དུ་སེམས་ཅན་ལ་ཕན་པའི་སྐྱེ་བ་ལེན་པ་ཡང་ཡང་སྟོན་དགོས་བྱུང༌། སྐྱེ་བ་འདིའི་སྔ་མ་དགའ་བྱེད་ས་སྐྱོང་དུ་སྐྱེས་པའི་སྐབས་ཐམས་ཅད་ཁ་སང་ཁ་ཉིན་གྱི་བྱ་བྱེད་བཞིན་ཤིན་ཏུ་གསལ་བར་དྲན་པ་དང༌། ལར་ཡང་རྒྱ་གར་དུ་ཡང་ཡང་སྐྱེ་བ་བླངས་པའི་སྟབས་རྒྱ་གར་ཤར་ནུབ་ལྷོ་བྱང་གི་ཡུལ་ཕལ་ཆེར་ཤིན་ཏུ་གསལ་བ་རང་ཡིད་ཡུལ་ན་ཡོད་ཅིང༌། ཚེ་འདིར་རྒྱ་གར་གྱི་སྐད་མ་བསླབས་པར་ཕུལ་དུ་བྱུང་བ་རང་བྱིས་པའི་དུས་ནས་རང་ཤེས་སུ་ཡོད། ཆུང་ངུའི་དུས་སློབ་གཉེར་བྱེད་སྐབས་རྨི་ལམ་དུ། སངས་རྒྱས་བྱང་སེམས་ཀྱི་སྐུ་དང་ཆོས་ཀྱི་རྨི་ལམ་ཤ་སྟག་འོང༌། དེ་ཡང་དེ་དག་སྒྱུ་མ་ལྟ་བུའོ་སྙམ་པ་རྒྱུན་མི་འཆད་པ་འོང་བ་དང༌། ལོ་བཅུ་གཅིག་གི་སྐབས་ཉིན་མོ་ཡང་དེ་ཀའི་རྒྱུན་གྱིས་ལུག་ལོའི་དམག་སོགས་དུས་མི་བདེ་ཡོང་བའི་བདེ་དོག་ཐམས་ཅད་རྨི་ལམ་ལྟ་བུར་ཡུལ་ལེ་ཡུལ་ལེ་བ་ལ་ཆེད་འཛིན་ཆེར་མེད་པ་དེ་ཀ་ནར་མར་བྱུང༌། ལོ་བཅུ་དྲུག་འགྲོ་སྐབས་ཤིག་པ་མནམ་བསམ་སྡིངས་སུ་སྦྱོར་དྲུག་ཡུན་རིང་དུ་བསྒོམས་པས། སྒོམ་ཁང་དུ་དང་པོར་རྟགས་བཅུ་གང་རུང་ཤར། དེ་རྗེས་དེ་ཀ་ཐིག་ལེའི་རྣམ་པ་གྲངས་མེད་རང་དུ་སོང༌། ཐིག་ལེའི་དབུས་ན་ལྷ་སྐུ་རེ་ཡོད་པ་ཟླ་གཅིག་ཙམ་བྱུང༌། རྟིང་མ་ཞིག་ལ་ལྷ་ཕལ་ཞིག་རྡོ་རྗེ་ཕག་མོར་འདུག་པ་སྔགས་དིར་དིར་སྒྲོག་པ་དང༌། ཆོས་ཅི་རིགས་པ་གསུང་པའི་རྣམ་པ་ཞག་གཅིག་ཉིན་མཚན་ཁོར་ཡུག་ཏུ་བྱུང༌། དེ་རྗེས་ལུས་ཐམས་ཅད་ཞུ་བདེས་ཁྱབ། སོར་བཅུ་


TNT01_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཚད་ཅན་རྟགས་ཤིན་ཏུ་ཕྲ་ཞིང་བརྟན་པའི་ལོགས་རྣམས་ཐིག་ལེ་ཐིག་ཕྲན་གྱིས་ཁྱབ་པར་གྱུར། དེ་སྐབས་གེགས་སེལ་བོགས་འདོན་གྱིས་ལམ་དུ་བཏང༌། རེ་ཞིག་འཕྲོས་དེ་ནས་སྒོམ་ལོང་ཙམ་མ་བྱུང༌། ལོ་བཅུ་བདུན་པ་ལ་ཡང་བསྒོམས་པས། སྔར་གྱི་དེ་ཀ་འདྲ་བ་ཤིན་ཏུ་བརྟན་པ་རང་གིས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པ་འདྲ་བ་དེ་ཀ་བྱུང་བ་ནས། ཐུན་མཚམས་སུ་ཡང་སྣང་བ་ཐམས་ཅད་རྟགས་སྣང་དུ་འཆར་བ་དམིགས་པ་བཏང་རེས་ཀྱིས་བྱུང༌། ལོ་བཅུ་དྲུག་པ་ལ་ནཻ་གུའི་རྨི་ལམ་སྦྱངས་པའི་སྐབས་ཤིག ལྷོ་ཕྱོགས་རི་པོ་ཊ་ལར་དངོས་སུ་ཕྱིན་པ་ལྟར་ཤིན་ཏུ་གསལ་བར་མཐོང༌། འཕགས་པ་སྤྱན་རས་གཟིགས་ཁ་སརྤ་ཎིའི་སྐུའི་རྣམ་པ་དང་མཇལ། སློབ་དཔོན་ཙནྡྲ་གོ་མི་དང་མཇལ་ནས་དངོས་སུ་ཆོས་གསུང་པ་ལྟ་བུ་བྱུང༌། ཡང་ལོ་བཅོ་བརྒྱད་པ་ལ་བསམ་སྡིངས་སུ་ཡོད་སྐབས་རྨི་ལམ་གཟུང་ནས་བྱང་ཤམྦྷ་ལ་བལྟར་ཕྱིན་པས། ཕོ་བྲང་ཀ་ལཱ་པ་ཉིན་ལམ་གྲུ་བཞི་པ་ཞིག་འདུག །གྲོང་ཁྱེར་ཉིན་ལམ་བརྒྱ་གྲུ་བཞི་པ། དེའི་ཕྱོགས་མཚམས་རྣམས་ན་ཉིན་ལམ་རེ་ཙམ་རེ་ཙམ་གྱིས་འཁོར་བའི་གྲོང་ཁྱེར་བཅུ་གཉིས་ཀྱིས་ཁོར་ཡུག་ཏུ་བསྐོར་བ། དེ་དག་གི་བར་བར་ན། སྐྱེད་ཚལ་དང་ནགས་ཚལ་དང༌། རི་དང༌། ལྗོངས་ཕྲན་སྣ་ཚོགས་ཡོད་པ། གྲོང་ཐོར་བུ་ཟམ་མ་ཆད་པ་འདུག དབུས་ཀྱི་ཕོ་བྲང་ཆེན་པོ་བལྟར་ཕྱིན་པས། རིགས་ལྡན་སྤྲུལ་པའི་སྐུ་མིའི་རྣམ་པ་ནི་མ་མཐོང༌། འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་རྩ་ཕྱག་ཞེ་བརྒྱད་པ་དེ་འཁོར་ལྷ་ཀླུ་མང་པོས་བསྐོར་ནས་འོད་ལམ་མེ་འདུག རིགས་ལྡན་ཀ་ང་ཡིན་གསུང་པ་ཞིག་བྱུང༌། དེ་རྗེས་དཔལ་རྡོ་རྗེ་གདན་བཞི་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་


TNT01_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཁེངས་པ་ཞིག་གསལ་བར་མཐོང༌། སློབ་དཔོན་ཨཱཪྱ་དེ་བ་དང༌། སློབ་དཔོན་མ་ཏངྒིས་དབང་བསྐུར་བ་ཞལ་གྱི་བཞེས། རྒྱུད་བྱིན་གྱིས་བརླབས་པའི་རྟགས་དཔག་ཏུ་མེད་པ་བྱུང༌། ལོ་བཅུ་དགུ་འགྲོ་བའི་འཇུག་ལ་རྗེ་བྲག་སྟོད་པ་ལ་གུ་རུ་ཞི་བའི་དབང་བཞི་ཞུས་པས་ཞག་བདུན་དུ་ཉམས་འུར་ལངས། མཐོང་ཉམས་དང་སེམས་ཉམས་ཟད་མི་ཤེས་པ་ཅིག་བྱུང༌། དེ་ཀའི་འཕྲོས་སྐྱོང་བ་བྱུང་ན་གཏེར་བཏོན་ཆེན་པོ་ཞིག་ཡོང་བ་ཡོད་ནའང༌། འཕྲོ་སྐྱོང་བའི་རྟེན་འབྲེལ་མ་འགྲིག །ལོ་ཉི་ཤུའི་འཇུག་ལ་བསམ་སྡིངས་སུ་གསང་འདུས་འཇམ་རྡོར་གྱི་བསྙེན་པ་བསྐྱལ་བས། ནང་ཅིག་ཐོ་རངས་གཉིད་ལ་འགྲོ་ཚད་པ་ལ་རྗེ་བཙུན་འཇམ་པའི་རྡོ་རྗེ་ཤིན་ཏུ་གསལ་བ་ལ་འཁོར་རྣམས་ཞལ་གཅིག་ཕྱག་གཉིས་པའི་རྣམ་པ་ཅན་ལ་སྒྲ་དང་འོད་ཆེན་པོ་ཡང་སྣང༌། ཇ་སྦྱོར་གཅིག་གི་ཡུན་ཚོད་ཙམ་དུ་དེ་ལ་སེམས་ཁྲིག་གེ་གཡོ་མེད་དུ་གནས་པ་ཞིག་བྱུང་དེ་ནས་ཡལ་ཏེ་སོང༌། ཡིན་ནི་ཉམས་སྣང་ཡིན་པ་འདུག་ནའང་བྱིན་རླབས་ནི་ཤིན་ཏུ་ཆེ་སྟེ། དེ་འཕྲལ་སྔར་ཤེས་པའི་ཆོས་ཐམས་ཅད་ལ་སྔར་གྱི་དང་ཡེ་མི་འདྲ་བའི་གོ་བ་བཟང་ལ་མཐའ་ཆོད་པ་ཞིག་རྙེད་འདུག །དེ་ནས་གཟུང་ཤིན་ཏུ་གོ་བ་དཀའ་བའི་གཞུང་ཀུན་ཡང་བལྟས་པ་ཙམ་གྱི་རྩོལ་མེད་དུ་གོ་བ་འཆར་བ་བྱུང༌། སྔ་སོར་ལོ་བཅུ་དྲུག་པའི་སྐབས་རྨི་ལམ་ཚུལ་དུ་སྒྲོལ་མ་དང༌། རྣལ་འབྱོར་མ་དང༌། འོད་དཔག་མེད་གསུམ་གྱིས་ལུང་བསྟན་མཚུངས་པར། ད་ལོ་ནས་ཁྱོད་རྣལ་འབྱོར་པ་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་ཅན་གྱིས། ཆོས་བརྒྱད་རླུང་ལ་བསྐུར་ལ་མདོ་ཁམས་སམ། ལྷོ་མོན་ཕྱོགས་ལ་ལོ་མང་སྒྲུབ་པ་གྱིས། དང་པོར་རང་དོན་འགྲུབ་ནས། ཕྱིས་དབུས་གཙང་


TNT01_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་སྒྲུབ་བརྒྱུད་ཀྱིས་གཞན་ལ་ཕན་ཆེ་བར་འོང༌། ཡང་ན་མི་རིང་བར་ལུང་བསྟན་ཞིག་འོང་དེ་དུས་བར་ཆད་ཀྱི་དབང་དུ་མི་གཏོང་བར་སྨྱོན་པའི་སྤྱོད་པ་གྱིས། སློབ་དཔོན་པདྨའི་བྱིན་རླབས་དང་བསྡེབས་ནས་འགྲོ་དོན་བཟང་པོ་ཡོང༌། རང་ཉམས་རྟོགས་ཟླ་བ་ཡར་ངོ་ལྟར་འགྲོ། ཡང་ན་སྤྱོད་པ་འདུལ་བ་བཞིན་གྱིས། ཉམས་ལེན་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྙིང་རྗེ་ཉམས་སུ་བསྟར། ལྷ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་ཞིག་ལོ་ཉི་ཤུ་ཚུན་ལ་མངའ་རིས་ཟངས་དཀར་དང༌། གར་ཤའི་མཚམས་སྤྱན་རས་གཟིགས་རང་བྱོན་གྱི་གནས་རེ་ཕག་ཏུ་སླེབ་པ་གྱིས་ཤིག དེར་བཤད་སྒྲུབ་སྤེལ་མར་བྱས་ན་མཐའ་འཁོབ་དེ་ཚོར་འགྲོ་ཕན་ཆེ། ཞེས་ལུང་བསྟན་ཡོད་པ། དེ་སྐབས་ཕྱི་མ་དེ་ལ་མོས་ཕྱོགས་ཆེ་བ་ཡོད་ནའང༌། རིམ་པས་དེ་ཚོ་གང་ཡང་ལག་ཏུ་མ་ལོངས། འདི་སྐབས་ཡང་སྔར་གྱི་ལྷ་གསུམ་པོ་ཕེབས་ནས་ད་ནི་ཁྱོད་ཀྱིས་ཚེ་འདིར་ཁྲའུ་ཁྲེའུ་ལ། འུར་ཆེ་རབ་རྒྱ་ཆེ་རབ་ཡོང༌། ཐར་པར་ཁྲིད་པ་ཐོ་ར་ཐོ་ར་གསུང༌། ལོ་ཉེར་གཉིས་པའི་འཇུག་ལ་པ་མནམ་བསམ་སྡིངས་ན་སློབ་དཔོན་རིན་པོ་ཆེ་དེ་སྐུ་བསྙུང་བའི་སྐབས་ཤིག ནམ་ཕྱེད་ཙམ་ཞིག་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་མཇལ། བརྡའི་དབང་བཞི་བསྐུར་བ་དང༌། ཆོས་མང་དུ་གསུངས་པ་དང༌། ལོ་ཉེར་གསུམ་པའི་སྟོན་ཀར་ཇོ་ནང་དུ་བསྡད་དུས་ཉིན་མོ་གཉིད་ཕྱོགས་པའི་རྨི་ལམ་ཏུ་སངས་རྒྱས་བྱང་སེམས་མཁའ་དབྱིངས་ཁེངས་པ་ཙམ་བྱུང༌། དེའི་ནུབ་མོ་དངོས་སུ་སློབ་དཔོན་པདྨ་འབྱུང་གནས་དང་མཇལ། ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར། མཚན་ཟངས་ཀྱི་གསུང་གླེང་བྱས། ཇོ་མོ་ནགས་རྒྱལ་ཡང་ངེད་ཀྱི་བཀའ་བཞིན་སྒྲུབ་པ་དེ་ནས་བྱུང༌། དེ་བར་ཏུ་སྦྱོར་དྲུག་


TNT01_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་དབུ་མར་སྟོང་གཟུགས་ཆེས་གསལ་བ་ཞག་རེ་ཙམ་བརྟན་པ་ཡང་བྱུང༌། དེ་བྱུང་དུས་བསམ་སྡིངས་ན་བསྡད་ན་པ་མནམ་གཞུང་ཕལ་ཆེར་དང༌། ཇོ་ནང་དུ་ཡོད་དུས་ལྷ་རྩེ་ནས་བོ་དོང་བར་ཁང་ཞིང་ཐམས་ཅད་ཅིག་ཅར་མཐོང༌། མི་རྣམས་གང་བྱེད་མཐོང་བ་ལན་མང་དུ་བྱུང༌། མི་གཞན་ལ་བདེ་སྡུག་འབྱུང་བ་གསལ་པོར་ཤེས་པ་དང་སེམས་ལ་ཅི་འགྱུ་ཤེས་ལ་ཁང་ཁང་པ་ཡང་ཡང་ཡོང་བ་ཅིག་ཡོད། དེ་ནས་ལོ་ཉེར་བཞི་པ་ལ་བྲག་སྟོད་དུ་བླ་མ་དམ་པ་ལ་ངོ་སྤྲོད་སྐྱར་མ་ཞུས་པས་གནས་ལུགས་རྗེན་ཆེར་རྟོགས། སེམས་ལ་རང་དབང་ཐོབ་པས། རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་རང་དབང་འབྱོར། སྲིད་ཞི་མཉམ་ཉིད་གྱི་རྟོགས་པ་ཤར། སྔར་ཀྱི་སྟོང་གཟུགས་ཀྱི་ཉམས་རྟོགས་དང་རང་སེམས་རོ་གཅིག་ཏུ་འདྲེས། དེ་ལ་སྣང་བ་ཐམས་ཅད་འདྲེས། དེ་ཉིད་གདོད་མར་ཤར་བ་འདི་བྱུང༌། རང་ལོ་ཉེར་ལྔ་པ་ལ་ཧ་བོ་གངས་བཟངས་ཀྱི་འགྲམ་མཁའ་རོ་ལ་ཐོག་དེར། ཤཱཀྱ་ཐུབ་པ་ཡུམ་ཅན་གྱི་སྐུའི་སྣང་བ་ཆེར་གསལ་བ། ཆོས་ཟབ་མོ་གསུང་པ་དང་བཅས་པ་དང་རང་ལོ་ཉེར་དྲུག་གི་འཇུག་ལ། འཕན་ཡུལ་གླང་ཐང་དུ་ཐོ་རངས་ཤིག་པཎ་ཆེན་ཤཱཀྱ་མཆོག་ལྡན་ལྷའི་རྒྱལ་པོའི་རྣམ་པ་སྐུ་མདོག་དཀར་པོ་ལྷག་མ་བྱམས་མགོན་འདྲ་བ། འཁོར་མཁའ་འགྲོ་མ་མང་པོས་བསྐོར་བ་དགའ་ལྡན་ནས་བྱོན་ཁྲི་ལ་བཞུགས་པ་དང་མཇལ་ཆོས་ཞུས་པའི་སྣང་བ་དང༌། རང་ལོ་ཉེར་བརྒྱད་པ་ལ་དོལ་དུ་མི་ཏྲ་ཛོ་གིའི་གསང་ཡུམ་ཡིན་གསུང་པའི་མཁའ་འགྲོ་མ་གཅིག་གིས་དངོས་སུ་ཨ་རུ་རའི་འབྲས་བུ་རློན་པ་གསར་སོལ་ལེ་བ་སྙིམ་པ་ཁ་སྦྱོར་དུ་འདུས་ཙམ་ཞིག་གནང་བ་བཅུད་ཕལ་ཆེར་བཞིབས་ནས་འཐུངས་པས་ནད་རོ་རྣམས་


TNT01_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

འཐོན་ལུས་ཡང་ཞིང་བདེ་བ་ཟླ་གཅིག་ཙམ་བྱུང༌། ཨ་རུ་ར་དེ་ད་ལྟ་ཆོས་ལུང་བྱང་རྩེ་ན་ཡོད། ལོ་ཉེར་དགུ་པའི་དཔྱིད་ཀ་ཇོ་ནང་ན་ཡོད་དུས་ཐོ་རངས་ཤིག་སྤྲིན་སེབ་ནས། རྗེ་བཙུན་བྱམས་པ་རི་རབ་ཙམ་བྱོན་མཐར་ངེད་རང་ལ་ཐིམ་སྙམ་པ་ན། ངེད་རང་གིས་ལྷ་ཀླུ་འདྲེ་སྲིན་མང་པོ་ལ་ཆོས་འཆད་ཀྱིན་འདུག །ཏིང་ངེ་འཛིན་གྱི་ཉམས་དེ་ཡལ་ནས་ཀྱང༌། གཞན་སྟོང་གི་གྲུབ་མཐའ་དབུ་མ་ཆེན་པོ་ལ་ངེས་ཤེས་གཏིང་ནས་རྙེད། ལོ་ཉེར་དགུ་པ་དང་སུམ་ཅུའི་མཚམས་ལ་དགོན་པར་ཁམ་མཆུའི་ཟིར་བུན་གྱི་སྒང་ལ། ཇོ་ནང་ཀུན་མཁྱེན་ཆེན་པོའི་སྐུའི་རྣམ་པ་ཆེས་གསལ་བ་ཅིག་བྱུང༌། དེ་སྐབས་ཚེས་བཞི་གཅིག་གི་ནུབ་མོ་སྐུ་འབུམ་གྱི་རྡོ་རྗེ་གདན་ན་ཡོད་དུས། ཡང་ཀུན་མཁྱེན་ཆེན་པོ་ཕེབས་མཚན་ཟངས་ཀྱི་ཆོས་གསུངས། སྔ་ཕྱིའི་ལུང་བསྟན་འགའ་རེ་མཛད། དེ་ནས་གཟུང་དངོས་དང་རྨི་ལམ་དུ་མཇལ་བ་ཤིན་ཏུ་མང༌། ད་ལྟ་ང་ཀུན་མཁྱེན་ཆེན་པོ་དོལ་པོ་པའི་ལྟ་བ་ལ་མཁས་ཤིང་དགོངས་པ་སྐྱོང་བའི་རྒྱུ་མཚན་ཡང་དེ་ལགས། ལོ་སོ་གཅིག་པ་ལ་བྱང་སྟག་ལུང་དུ་ཕྱིན་སྐབས། སེར་ལེའི་རི་ཁྲོད་དུ་འཕགས་མ་སྒྲོལ་མ་སྔོ་ལྗང་གི་ཞལ་མངོན་སུམ་དུ་མཐོང༌། སྐྱེ་བོ་རྣམས་འཇིགས་པ་ལས་སྐྱོབས་ཤིག་གསུང༌། གཙང་གི་དམག་བྱུང་བའི་སྐབས་ཡུལ་མང་པོ་ལ་ཕན་ཐོགས་པའི་རྟེན་འབྲེལ་དུ་གོ ཉམས་འུར་ནས་རྡོ་ལ་མཁར་བའི་རྗེས་བྱུང༌། དེ་ནས་ད་ལྟའི་བར་དུ་ཉིན་མོ་དང་རྨི་ལམ་དུ་ལྷ་སྐུའི་སྣང་བ་རྒྱུན་མི་འཆད། གཉིད་ཀྱང་ཕལ་ཆེར་དགེ་སྦྱོར་གྱིས་འཁྱོངས། གང་ཤར་ཐམས་ཅད་སྒྱུ་མ་ལྟ་བུ་ལ་རང་རིག་སྤྲོས་བྲལ་འགྱུར་མེད་ལ་འཕོ་འགྱུར་མེད་པས་བློ་བདེ་བར་གདའ།


TNT01_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྲུབ་ཀྱིས་ཕོག་པ་དང༌། འབྱུང་བ་ལུས་ཀྱི་ནུས་པ་ཉམས་པས་ཡིན་པ་འདྲ། ཉམས་ཆུ་ཁོལ་བ་འདྲ་བ་དེ་ཞི་བ་ལྟར་སོང༌། ལོ་སོ་གསུམ་པའི་འཇུག་ལ་བྲག་སྟོད་དུ་བླ་མ་རིན་པོ་ཆེ་བདེ་བར་གཤེགས་པ་དེ་གྲུབ་ཆེན་བརྒྱད་ཀྱིས་བསྐོར་བ་དང་མཇལ་ཆོས་ཀྱི་དོགས་པ་མང་པ་ཞིག་རང་གྲོལ་དུ་སོང༌། ལོ་སོ་ལྔ་པ་ལ་ཇོ་ནང་སྐུ་འབུམ་གྱི་མཛོད་རྣམས་བཏོན་པའི་སྐབས། ངེད་ཀྱིས་ཉིན་རེ་བཞིན་ཉིན་མོའི་རྣལ་འབྱོར་དང་སྲོག་འཛིན་བསྲེས་ནས་བསྒོམས་པས། བདེ་བའི་རྟེན་ཀུནྡ་ལྟ་བུའི་ཆ་ཤས་ཆ་ཤས་སྟོང་གཟུགས་སུ་གྱུར་པ་སྙམ་བྱེད། དབུ་མའི་ནང་དུ་གཏུམ་མོ་འབར་བའི་མེས་ལུས་ཕྱི་ནང་ཐམས་ཅད་ཡོག་པ། མེའི་ཆ་ཤས་ལ་བརྟགས་པས་ཐམས་ཅད་ལྷ་སྐུར་ཁྲོང་ངེ་བ་དང༌། ནམ་མཁའ་ལ་ལྟས་དུས་སྐུ་འབུམ་ལ་མཆོད་པ་འབུལ་བའི་ལྷ་གྲངས་མེད་པ་རང་ཁྲིག་གེ་བ་བྱུང༌། སྤྱིར་ཁོ་བོ་ལ་ངེས་འབྱུང་སྐྱོ་ཤས་འཁོར་བ་མཐའ་མེད་པ་ལ་བསམས་པའི་བཟོད་པར་དཀའ་བ་དང༌། སྙིང་རྗེ་ཤུགས་དྲག་བཅོས་མ་མ་ཡིན་པ་ཡོད་ཀྱང་ཐམས་ཅད་རང་རིག་སྤྲོས་བྲལ་དུ་སོང་བས་མྱོང་བཞིན་དུ་སྟོང་པ་བརྗོད་མི་ཤེས་པ་གཡོ་འགུལ་མི་ཐོངས་པ་ཞིག་ཡོད། ད་སྟེ་སྐྱེ་བ་གསུམ་ན་མངོན་པར་རྫོགས་པར་སངས་རྒྱ་བར་ངེས། རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། བོད་ཀྱི་ལོ་ཙྪ་བ་དང༌། གྲུབ་ཐོབ་ཕལ་ཆེར་ཡང་མཇལ་ཞིང་རྒྱུད་བྱིན་གྱིས་བརླབས། ཡི་དམ་བདེ་མཆོག་འཁོར་ལོ་དང༌། རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་འཇིགས་མཛད་དང༌། འཕགས་མ་སྒྲོལ་མ་རྣམས་རྨི་ལམ་དུ་ནམ་དགོས་མཐོང༌། དངོས་སུ་ཡང་ལན་རེ་ལན་རེ་ཡི་དམ་གྱི་ལྷ་མང་པོ་མཐོང༌། ཆོས་སྐྱོང་གི་རིགས་ནི་འཕྲལ་འཕྲལ་མཐོང་


TNT01_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་སྨོས་མི་དགོས་པ་འདུག །སྟོང་གཟུགས་ལས་གྲུབ་པ་ཉམས་སྣང་གི་ཡི་དམ་སངས་རྒྱས་བྱང་སེམས་བསྲུང་མ་ལ་སོགས་པ་མཐོང་བ་ལ་ཚད་བཟུང་དུ་མེད་པར་རྟག་ཏུ་འོང་བར་སྣང༌། རེ་ཞིག་དེ་ཙམ་མོ། །ད་ནི་སྔར་གྱི་འཕྲོས་ལས་ཅུང་ཟད་བརྗོད་དེ། རང་ལོ་སུམ་ཅུ་སོ་བདུན་པ་ལ་སྣྲོན་གྱི་ཟླ་བའི་ཚེས་བཅོ་ལྔ་ལ། སྒྲུབ་གནས་སྐྱིད་ཕུག་བདེ་ལྡན་ན་ཡོད་པའི་དུས། ཉིན་མོ་ཞིག་གཉིད་དུ་སོང་བ་ན། རྨི་ལམ་ཟིན་ནས་བྱང་ཕྱོགས་ཤམྦྷ་ལའི་ཡུལ་དུ་འགྲོ་བའི་འདུན་པ་བཏང་བས། ལམ་རྣམས་ལ་བགྲོད་པའི་སྣང་བ་དང་བཅས་ནས། གྲོང་ཁྱེར་ཀ་ལཱ་པར་ཕྱིན། ཡུལ་དེའི་རི་དང་ནགས་དང༌། གྲོང་ཁྱེར་དང་ལྷ་ཁང་ལ་སོགས་པའི་བཀོད་པ་ཐམས་ཅད་ལག་མཐིལ་གྱི་སྤུ་ཉག་བཞིན་དུ་གསལ་བར་མཐོང་བ་དང༌། ཁྱེའུ་དཀར་པོ་གྱད་ཀྱི་གཟུགས་ཅན་ཞིག་གིས་ལམ་སྣ་བྱས་པའི་སྣང་བ་དང༌། ཕོ་བྲང་ཆེན་པོ་ཀ་ལཱ་པར་ཕྱིན་ཏེ། ས་བཅུའི་བྱང་ཆུབ་སེམས་དཔའི་སྐུ་རིགས་ལྡན་དང་ཡང་མཇལ། གསུང་གི་སྣང་བ་ཡང་ཡང་ཐོབ། དབང་བསྐུར་བ་གནང་བར་བཞེད་པ་ཙམ་ལ། ཇ་སྐྱེལ་མཁན་གྱིས་སྒོ་དྲུང་དུ་ཏིང་བརྡུང་པས་གཉིད་སད་དོ། །ཡང་ལོ་སུམ་ཅུ་སོ་དགུ་པ་ལ། དཔལ་གྱི་ཆོས་འཁོར་ལྷ་སར་ཕྱིན། དར་པོ་ཆེ་མང་དུ་བསླང་ཞིང་སྨོན་ལམ་བཏབ་པས། ཤཱཀྱ་མུ་ནེའི་ཐུགས་ཀ་ནས་གསེར་གྱི་ཁ་དོག་ལྟ་བུའི་ཡིག་འབྲུ་འོད་འབར་བ་མང་པོ་ཞིག་བྱུང་སྟེ། རང་གི་ལུས་ལ་ཐིམ་པའི་སྣང་བ་ལན་གསུམ་བྱུང༌། བསྟན་བཅོས་ཇི་ལྟར་རིགས་པ་རྩོམ་ཞིག་པའི་གནང་བ་ཐོབ་པ་ཡིན་པར་སེམས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་འདྲ་གསུང་བྱོན་


TNT01_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཛུམ་ཞིང་བཞད་པའི་སྣང་བ་དང༌། ད་ལྟ་རྩོད་ལྡན་དུས་ཀྱི་ཐ་མ་ཡིན་པས། ཕལ་ཆེར་ཕུབ་མའི་ཕུང་པོ་དང་འདྲ། འོན་ཀྱང་ང་ལ་མཆོད་པ་གྱིས་ལ་སྨོན་ལམ་ཐོབ། ངེས་པའི་དོན་ལ་བག་ཆགས་འཇོག་པ་ཅུང་ཟད་ཅུང་ཟད་འོང་གསུང༌། དེ་ནས་ལོ་བཞི་བཅུ་ཞེ་གཅིག་པ་ལ། རྟག་བརྟན་དམ་ཆོས་གླིང་གི་གཙུག་ལག་ཁང་བཞེངས་པར་བརྩམས་པའི་ཚེ། འཕགས་པ་སྤྱན་རས་གཟིགས་ཕྱག་གཉིས་པ། ཞལ་འཛུམ་བག་དང་ལྡན་པར་བྱོན་ནས། སྙིགས་མའི་དུས་འདིར་རང་ཉིད་སྐྱིད་ཆོས་ལ་མ་ལྟོས་པར་ཆོས་གཞི་འཛུགས་པའང་ལེགས་མོད་ཀྱི། ང་རྒྱལ་དང་ཁེངས་པར་མ་བྱེད་ཅིག བྱང་ཆུབ་ཏུ་སེམས་བསྐྱེད་ཕྱིན་ཆད་སྲོག་ཆགས་སྦུར་མ་གཅིག་གི་ཕྱིར་དུ་ཡང༌། བསྐལ་པ་དཔག་ཏུ་མེད་པར་སྡུག་བསྔལ་བཟོད་དགོས་སོ། །འདུས་བྱས་ཀྱི་དགེ་བ་འབུམ་ལས་ཀྱང༌། འདུས་མ་བྱས་གཅིག་དགའ་འོ་གསུང༌། ས་ཆོག་གི་གཏོར་མ་འབུལ་བའི་ཚེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཡང་རྨུགས་པ་འཐིབས་པ་བཞིན་མཐའ་ཁོར་ནས་གཏོར་མ་ལེན་ཞིང༌། ཐེག་ཆེན་དང་མ་འགལ་ཞིག་ཟེར་བའི་རྣམ་པ་བྱུང༌། དེ་ནས་ལོ་ཞེ་གསུམ་ལོན་པའི་སྐབས། ཟླ་ཚེས་ནི་བརྗེད་ནས་ཐལ། སོས་ཀྱི་དུས་ཤིག་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རྣམ་པ་གསལ་བ་ཞིག་ཀྱང་བྱུང༌། ལོ་ཞེ་བཞི་བའི་གྲོ་བཞིན་ཟླ་བའི་ཚེས་བཅུའི་ནུབ་མོ། གླིང་པ་དར་ཞེས་བྱ་བ་ན། རྒྱལ་པོ་ཨིན་ཏྲ་བྷུ་ཏི་འཁོར་དཔག་ཏུ་མེད་པ་ལ་གསང་སྔགས་ཀྱི་ཆོས་གསུང་པའི་རྣམ་ཆ་ཤིན་ཏུ་གསལ་བ་དང༌། ལན་ཅིག་ལྷོ་ནུབ་རྔ་ཡབ་གླིང་པདྨ་འོད་ཀྱི་གཞལ་ཡས་ཁང་ན། སློབ་དཔོན་པདྨ་འབྱུང་གནས་འཁོར་མཁའ་


TNT01_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ཚོགས་ཀྱིས་བསྐོར་བའི་དྲུང་དུ་མཇལ་བས། འཁོར་ཚོགས་དེའི་ནང་ན་སྔར་ལས་མཐུན་ཞིང་སྨོན་ལམ་གཅིག་ཏུ་བཏབ་པ་ཡིན་ཟེར་བའི་ངོ་ཤེས་པ་འགའ་རེ་ཡང་འདུག་གོ །དེ་ལྟར་ན་རྨི་ལམ་དང་ཉམས་སྣང་འཁྲུལ་པའི་སྣང་བ་ཟར་ཟིར་ལ་ཡིད་བརྟན་རང་མེད་མོད་ཀྱི། ད་ལྟའི་དངོས་ཀྱི་སྣང་བ་དང༌། རྨི་ལམ་གྱི་སྣང་བ་གཉིས་ཀྱང་ངེས་པར་ན་བདེན་མི་བདེན་ལ་ཁྱད་མེད་པས། དངོས་ཀྱི་སྣང་བ་ལ་རྩིས་པོ་ཆེར་བྱས་ཕྱིན། ཉམས་དང་རྨི་ལམ་ལ་ཡང་བརྙས་བཅོས་མི་འཚལ་ལ། རྨི་ལམ་ལ་སྙིང་པོ་མེད་ཕྱིན། སད་དུས་ཀྱི་སྣང་བ་རགས་པ་འདི་ལའང་ཨ་མ་འཐས་པ་ཞིག་གལ་ཆེ་བར་གདའ། ང་བླུན་པོ་ཆོས་མེད་པོ། སྨྱོན་པ་བརྟད་མེད་གྱི་ཉམས་ལ་དེ་ལྟར་ཤར། ཁྱེད་དགེ་བཤེས་གཏན་ཚིགས་ཅན་དང༌། ཆོས་མཐུན་གྱི་སྒོམ་ཆེན་ཐུགས་བསམ་སྨྲར་པོ་བ་རྣམས་ཀྱི་དགོངས་པ་ལ་ཇི་ལྟར་བཞུགས་ལགས།། །།ཞུས་དག དགེ་ལེགས་འཕེལ། །


previousགསང་བའི་རྣམ་ཐར་འབྲིང་པོ།next