Nitartha Digital Library
Tibetan
 
previousགསང་བའི་རྣམ་ཐར།next

གསང་བའི་རྣམ་ཐར།


TNT01_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྣམ་ཐར་བཞུགས།


TNT01_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་རྣམས་ལ་ཕྱག་འཚལ་ལོ། །རང་གི་རྣམ་པར་ཐར་པའི་ཆ། །འཁྲུལ་དང་མ་འཁྲུལ་གང་ཅིའང་རུང༌། །ཇི་བཞིན་བྲི་བར་བྱ་བ་ཉིད། ཁོ་བོ་ལ་ཉམས་དང་རྟགས་སྣང་མང་པོ་འོང་དུ་རེ་བ་མེད་པས། ཤིན་ཏུ་གསང་དགོས་རང་མི་འདུག་ནའང༌། རང་གི་ཡོན་ཏན་གྱི་ཆ་རྣམས་བརྗོད་དོན་མི་འདུག་པས། རེ་ཞིག་འདི་གསང་བའི་རྣམ་ཐར་ཡིན་ནོ། །འབྲུག་ལོའི་སྐབས་ཤིགརྨི་ལམ་དུ་བྲག་རྩེ་ཞིག་ན་རྗེ་གྲུབ་ཆེན་རིན་པོ་ཆེ་བྲག་སྟོད་པ་རྣལ་འབྱོར་པ་རུས་རྒྱན་ཅན་ཞིག་སྣང༌། བདག་ཀྱང་དེའི་དྲུང་ན་གོས་ལུ་ཧཾ་གི་གོས་ཤིག་གྱོན་ནས་འདུག་པའི་ནམ་མཁར་ཌ་མ་རུ་མང་པོ་འདུག་པ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་རེ་རེས་ནམ་མཁར་བཞག་པ་ཡིན་ཟེར། དེ་ནས་ནམ་མཁའི་


TNT01_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཌ་མ་རུ་རྣམས་ཧྲིཿཥྚཱི་ཞེས་པའི་སྒྲ་ནམ་མཁའ་གང་བ་ཙམ་འདུག །དེའི་ཕྱི་ཉིན་བླ་མ་དམ་པའི་ཕྱག་དམ་གཤིན་རྗེ་གཤེད་ཀྱི་སྐུ་དང་བཅས་པ་གནང་བྱུང༌། ཡང་བདག་མེད་ལྷ་མོ་བཅོ་ལྔའི་དབང་ཞུས་དུས། བུད་མེད་སྟོང་ཕྲག་བརྒྱད་ཙམ་གྱིས་བསུ་བ་བྱས། ལྷ་ཁང་ཞིག་ཏུ་ཕྱིན་དེ་ཐམས་ཅད་ཀྱི་ཀ་པཱ་ལ་ཆང་གིས་གང་བ་རེ་རེ་བྱིན་བྱུང་བ་གཅིག་ཏུ་སོང་འདུག་པ་ནང་ན་ཡི་གེའི་རྣམ་པས་གང་བ་གཅིག་ཏུ་སོང་འདུག །དེ་འཐུངས་པས་སྣང་བ་གཞན་ཀུན་ནུབ། སེམས་དགའ་གསལ་ལེ་བ་ཡུན་རིང་དུ་བྱུང༌། དེ་དུས་མྱོང་བ་མེད་པ་མ་གཏོགས་གཉིད་ཀྱི་འོད་གསལ་ཟིན་པར་འདུག གཏིང་སྐྱེས་སུ་བླ་མ་དམ་པར་བདེ་མཆོག་ནག་པོ་པའི་དབང་ཞུས་པའི་སྟ་གོན་གྱི་དུས་འོད་གསལ་གྱི་སྣང་བ་ལ། མུ་མེན་དང་བྱུ་རུ་དང་ཆུ་ཤེལ་དུམ་བུ་གཅིག་


TNT01_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱུར་པའི་ལྷ་ཁང་མང་པོ་ཞིག་ཏུ་བརྟོལ། དེ་ཀུན་ན་ཁྲིའུ་བརྩིགས་པ་དེ་དག་གི་སྟེང་ན་གསུང་རབ་ཀྱི་རྟེན་ཤས་ཆེ་བ་འདུག །ཐམས་ཅད་ཀྱི་རྟིང་མ་ལྷ་ཁང་ཆེན་པོ་ཞིག་ན། རྣམ་པ་རབ་བྱུང་གཙུག་ཏོར་མཛོད་སྤུ་མཚན་དཔེ་རྫོགས་པའི་བླ་མ་བྱིན་རླབས་ཀྱི་ཟིལ་ཆེ་ཞིང་བག་གྲཽ་བ་ཅིག་སེར་ཁྲི་ལ་བཞུགས་འདུག །དེ་ལ་ཕྱག་ཕུལ་བས་ཤེས་རབ་སྙིང་པོའི་མདོ་ཡོངས་སུ་རྫོགས་པ་གསུངས་པ་སྙམ་བྱེད་དོ། །དངོས་གཞི་ནུབ་མོ་ལྷ་ཁང་སྒོ་བཞི་པ་གཅིག་གི་སྟེང་ཐོག་ལ་ཁྱོགས་ཀྱི་སྣེ་བཞིར་ཐག་པ་བཏགས་པ་མང་པོར་མི་མང་པོ་བཅུག་སྣ་འདྲེན་གྱིན་འདུག །ངེད་རང་གིས་ཀྱང་ཟུར་རྩེ་ཞིག་ནས་མང་པོ་འདྲེན་གྱིན་འདུག །མཆེད་གྲོགས་དཔལ་མཆོག་རྒྱ་མཚོ་དང༌། གཞུང་པ་རྟོགས་ལྡན་སོགས་དེ་དུས་ཀྱི་གྲྭ་པ་རྣམས་དྲངས་པས་ཐག་པ་ཆད་ནས་བོག གཞན་ཀུན་ཡང་ཡན་ལག་ཆག་ཟེར། དྲུང་ཀུན་དགའ་ཆོས་ལྡན་ལྷུང་ཡང་སྐྱོན་མེད་པར་ཐོན་བྱུང༌། ཐོག་སྟེང་དེར་ཛོ་གི་རྣལ་འབྱོར་པ་ཧེ་རུ་ཀའི་ཆ་ལུགས་སུ་བཞུགས་པ་ཞིག་གིས་གཙོ་མཛད་ནས། སྐྱ་བཙུན་རྣལ་འབྱོར་ཕོ་མོ་སྟོང་ཕྲག་ལྔ་ཙམ་འདུས་ནས་ཚོགས་འཁོར་མཛད། ངེད་རང་གཡས་གྲལ་གྱི་གཙོ་བོ་ལ་འདུག །དེ་ནས་རྟ་ལོའི་འཇུག་དང་ལུག་ལོའི་མགོ་སོགས་ལ། །ཆོས་ལུང་བྱང་རྩེ་ན་རྨི་ལྟས་ཤིན་ཏུ་འཚུབ་ཅིང༌། སེལ་སོགས་རྒྱུ་མཚན་འགའ་ཞིག་གིས། དེ་དུས་དེར་བསྡད་ན་མི་འཚོ་བའི་མཚན་མ་བྱུང་ནས་གཙང་སྨད་ཕྱོགས་སུ་ཕྱིན།


TNT01_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ཀྱང་སྡོད་སའི་མཐིལ་གཙང་སྨད་དུ་བྱེད་པའི་རྒྱུ་དེ་ཡིན་ཞིང༌། བར་སྐབས་ཆོས་ལུང་གི་དར་རྒུད་ཀྱི་ལྟས་ཀྱང་དེ་དུས་གསལ་བར་བྱུང་ནས་ཆོས་ལུང་རྩེ་སྒྲུབ་ཀྱི་མི་སྣ་སོ་སོ། སྨོན་འགྲོ་བ་སྟེན་ཞལ་སོགས་ཀྱང་ཡོད། གཉེར་པ་སུ་འགོད་ཀྱི་གྲོས་ལ། དཔོན་སའི་དྲུང་སྙན་གྲགས་འགོད་གསུང༌། མཆེད་གྲོགས་དཔལ་སྡིངས་པ་དབུས་པ་བདུད་འདུལ་བསྐྱར་ནས་འགོད་ཟེར་འདུག་པ། ད་དབུས་པ་བསྐོས་ཀྱང་གྲོས་ཉེས་ཨ་ལོང་སྒོར་མོ་ཡོང༌། ཆགས་སྒོ་ཆེན་པོ་ཞིག་སློང་ན་སྙན་གྲགས་བསྐོས།¿ལར་ངེད་ཀྱི་རྡོག་རྩ་གྲོས་ཀྱི་བཅོལ་གཉེར་མེད། ལན་གཅིག་དྲིས་ཕྱིན་ཉན་ན་ཡོང་སྟེ། ཁྱེད་ཚོ་ལ་ཁར་ཆེ་ཅིག་མི་འདུག་བྱས། དེ་ནས་ཐོག་མར་སྙན་གྲགས་བསྐོས་ཀྱང༌། དེ་ནས་སྨོན་འགྲོ་ནས་དཔོན་དྲུང་གིས་དབུས་པ་བདུད་འདུལ་བསྐོས་པ་སོགས། དེང་རང་གིས་ལབ་ཚུལ་ཀུན་ལ་གསལ་བར་ཡོད། །ཆོས་ལུང་དགོན་པ་བཤས་ཅིག་ལོངས་སྤྱོད་སྨར་གྲགས་ཐུགས་དམ་མ་སྨར་གྲགས་པའི་སྐྱོན་གྱིས་དེ་དུསནས་གཟུང༌། བར་སྐབས་རྒྱ་འདྲེའི་ཆོ་འཕྲུལ་ཆེ་བར་འདུག །བར་སྐབས་དེར་ངེད་རང་ཤིན་ཏུ་འཕོངས་པ་ཞིག་ཡོད་ནའང༌། །ལོ་དེ་སྐོར་སློབ་གཉེར་ཤིན་ཏུ་འཕེལ། །མངོན་པ་མཛོད་དང་བསླབ་གཏུས་གཟུང་སྐབས་སྟོན་པའི་སྐུའི་ཆར་བབས་ནས་རང་ལ་ཐིམ་པའི་སྣང་བ་དང༌། སྤྱོད་འཇུག་གི་སྐབས་རྒྱལ་སྲས་ཞི་བ་ལྷ་ཡིན་ཟེར་བ། ཐ་སྐུ་རའི་རྣམ་པ་གཞོན་ནུ་ཤིན་ཏུ་མཛེས་པ། བཙུན་མོ་གཉིས་དང་བཅས་པ་རལ་གྲི་ཤུབས་


TNT01_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་རེ་རེ་བསྣམས་པ་ཞིག་གིས་མགྲོན་དུ་བོས་པའི་ཉམས་དང༌། སྟོན་ཀ་བསམ་སྡིངས་སུ་སྒྲོལ་མའི་བསྙེན་པ་བྱས་པས། གཡུ་ལོ་བཀོད་པའི་ཞིང་ཡིན་ཟེར་བ། རི་བྲག་ནགས་ཚལ་འབབ་ཆུ་ཐམས་ཅད་མརྒད་ཀྱི་མདོག་ན་ཡོད་པ་ཞིག་ཏུ་སླེབ་པའི་སྣང་བ་དང༌། བཀྲ་ཤིས་རྫོང་ཁར་དབུ་མ་འཇུག་པ་ལ་བསླབས་སྐབས་རྨི་ལམ་དུ་སློབ་དཔོན་ཟླ་གྲགས་ཡིན་ཟེར་པ་པཎྜི་ཏ་ཆོས་གོས་གསུམ་མེ་ལས་གྲུབ་པ་གསོལ་བ་ཞིག་དང་མཇལ། རྒྱུད་བླ་མ་བཟུང་དུས་བྱང་ཆུབ་ཀྱི་སྐབས་སུ་སླེབ་དུས་རྨི་ལམ་ན་ངེད་རང་སངས་རྒྱས་པ་ཡིན་སྙམ་པ་དང༌། མིང་ཡང་དྲི་མེད་པདྨ་དྲ་བའི་འོད་ཟེར། ང་ནི་ཞིང་རྣམས་སུ་སྤྲུལ་པས་འགྲོ་དོན་བྱེད་སྙམ་རང་འདྲ་བའི་སྤྲུལ་པ་མང་པོ་སྤྲུལ་གྱིན་འདུག་པ་ལག་མཐིལ་ལ་བལྟས་ནས་འཁོར་ལོའི་རྩིབས་བགྲངས་པས་བརྒྱད་བརྒྱ་ལས་མ་བྱུང༌། ད་དུང་ཨེན་ཙམ་ཞིག་བླ་མ་ལ་བསྙེན་བཀུར་བའི་ཚོགས་མ་རྫོགས་འདུག །བྱང་ཆུབ་སེམས་དཔའི་སྤྲུལ་པའི་སངས་རྒྱས་ཀྱི་སྐུས་འགྲོ་དོན་བྱེད་སྙམ་པ་ལ་གཉིད་སད་བྱམས་ཆོས་གཞན་བཞི་ལ་ལྟས་འདྲ་བྱུང་བ་རྣམས་མི་དྲན་པར་འདུག །ཚད་མ་རྣམ་འགྲེལ་དང་སྡོམ་རིག་སོགས་ཀྱི་སྐབས་ནི་ལས་འགྲེལ་མེད་པའམ། ཡོད་ཀྱང་ད་རེས་མ་སད་པ་ཡིན་རུང་ལྟས་ཅང་མ་བྱུང༌། ཉང་སྟོད་སྟག་ཚལ་མཁར་ཁར་ཀྱཻ་རྡོར་གྱི་རྩ་རྒྱུད་འཛིན་འཕྲཽ་ལ་མཁན་རིན་པོ་ཆེའི་བཀས། སྦྱོར་དྲུག་གི་མུན་མཚམས་ཤིག་བྱས་པ་དེ་དུས་རང་ལ་བརྩོན་འགྲུས་མེད་པའི་སྟབས་འགྲུས་ཕོ་མ་བྱས་འདུག་ནའང༌། སྟོང་གཟུགས་རང་འདྲེས་པའི་ཉམས་


TNT01_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཀྱཻ་རྡོ་རྗེའི་རྒྱུད་ཡིན་ཟེར་བ་པོ་ཏི་ཁྲི་དཔང་དང་བཅས་པ་ལ། མན་ལུང་གི་རྒྱབ་ཀྱི་རི་རྩེ་དང་མཉམ་པ་འདུག་པ། ངེད་རང་ཡང་ཁྲི་དེ་ལ་འཛེགས་ཙ་ན། རོལ་མོའི་སྒྲ་འབྲུག་ཙམ་དང་བཅས་པོ་ཏི་ཁྲི་དང་བཅས་པ་ནམ་མཁའ་ལ་ཕྱོགས་སྒོར་མོར་འུར་འུར་འདེགས་ཀྱིན་འདུག་པ། ལྟོ་སྐྱེལ་མཁན་གྱིས་སྒོ་ཕྱེ་བའི་རྐྱེན་གྱིས་ཉམས་སད། དད་རྫས་སོགས་ཉུང་བའི་ཕན་ཡོན་ཡིན་ནམ། དེ་དུས་ཉམས་དང་རྨི་ལམ་ཤིན་ཏུ་མང་ཡང་གཞན་ལ་ཡེ་མ་བཤད། ད་ལྟ་དེ་ཚོ་མ་གཏོགས་བརྗེད་འདུག །ཆོས་ལུང་སོགས་སུ་དམ་སེལ་འདྲའི་རྐྱེན་གྱིས་སྣ་ཁྲག་ཤིན་ཏུ་མང་བ་བརྡལ་སྐབས་ཀྱང༌། ཉིན་མོའི་ཉམས་དང་མཚན་མོའི་རྨི་ལམ་ཟད་མེད་ཅིག་ནུབ་རེ་ལ་ཡང་འབྱུང་བ་ཟླ་བ་གསུམ་ཙམ་བྱུང༌། ཕལ་ཆེར་དུ་ཛོ་གི་རལ་པ་ཅན་ཞིག་དང༌། བླ་མ་ད་ལྟའི་རྩ་བའི་བླ་མ་ཀ་ཡིན་པ་ལ། རྣམ་པ་རྒྱ་གར་བ་ཛྭ་ལ་ནཱ་ཐ་ཡིན་ཟེར་བ་ཞིག་སྟེ། དཔོན་སློབ་གཉིས་ཀྱི་རྨི་ལམ་དེ་རྟག་ཏུ་འོང༌། དེས་མིང་ཡང་ཏཱ་ར་ནཱ་ཐར་བཏགས་པ་དང༌། བུད་མེད་མང་པོས་ཌ་མ་རུ་དཀྲོལ་བ་དང༌། ངེད་རང་ཡང་གར་བྱེད་ཅིང༌། ཨ་རེ་རེ་རེ་ཧོ། ཨཱ་དི་ཤུདྡྷི་སརྦ་དྷརྨཱ་ཎཱཾ། ཨཱ་རོ་ཧཱུཾ་ཨ་ཧོ། ཀི་མ་ཤུདྡྷི་ཏ་ཛེ་ཏེ་ལེ་ཧཱི། ཞེས་གླུ་ལེན་གྱིན་འདུག །དེ་སྐབས་སྨན་རིམ་གྲོ་རྟེན་འབྲེལ་སོགས་མ་བྱས་པ་སྣ་ག ཅིག་ཀྱང་མེད་དེ་ཅང་མ་ཕན། ཕྱག་དྲུག་པ་ཏྲཀྴད་སོགས་ལ་བསྐང་བཤགས་གང་མང་བྱས་པས། རྨི་ལམ་དུ་བདེ་མཆོག་གི་རྒྱུད་བཟུང་ན་ཕན་ཟེར་བ་བྱུང་ནས་བཟུང་བས་ལེའུ་བཞི་པར་སླེབ་དུས་


TNT01_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཁྲག་འཛག་པའི་ཐུན་དེ་ཆད། བསམ་སྡིངས་སུ་བདེ་མཆོག་གི་བསྙེན་པའི་སྐབས་རྨི་ལྟས་མང་ན་ཡང་བརྗེད་ངས་ཀྱི་དབང་དུ་སོང་འདུག །ལན་གཅིག་ངེད་ཀྱི་བླ་མ་རྣམས་དང༌། སྐྱེ་བ་གཞན་གྱི་བླ་མ་ཡིན་ཟེར་བ། རྒྱ་གར་གྱི་པཎ་གྲུབ་མང་པོ་འཚོགས་ཏེ་ཀུན་དྲིལ་ཉིས་བརྒྱ་ཙམ་གྱི་གཟོང་སྟེའུ་ཐོའུ་སོགས་བསྣམས་ནས། ངེད་རང་གི་ལུས་ལ་གཤོག་བརྡུངས་མང་པོ་མཛད་ནས། བདེ་མཆོག་གི་སྐུ་བཟོ་ཡིན་འདུག་པ། ཇི་ཞག་ནས་ངེད་རང་གི་ལུས་ལྷན་སྐྱེས་ཡུམ་ཅན་སྔོ་དམར་འོད་ཆགས་པ་མདའ་གང་ཙམ་པ་བྱུང༌། སེམས་ལ་འདི་ཡིན་འདི་མིན་ཅང་མི་འདུག་ཧད་དེ་ལས་སོང༌། ཆོས་འཁོར་ལྷ་སར་སྔ་རེས་ཇོ་བོའི་དྲུང་དུ་གསོལ་བ་བཏབ་པས། ཐུགས་ཀར་ཐུག་ཆོམ་གྱི་སྒྲ་དང་བཅས་འོད་ཟེར་གྱི་གོང་བུ་ཡུངས་འབྲུ་ཙམ་སྙིང་གར་ཐིམ་པའི་སྣང་བ་བྱུང༌། དེ་ནས་གཟུང་སེམས་ལ་སྤུན་ལངས་པ་ཆེར་མ་བྱུང༌། དེ་ན་ཨ་ཙ་ར་མང་པོ་ཡང་འདུག །དེའི་ནང་ན་པཱཛྫ་བརྟི་ཟེར་བ་མུ་སྟེགས་ཀྱི་ཚུལ་འཛིན་པ་ཞིག་ཇོ་བོ་ལ་ཕྱག་མཆོད་མཛད་ཀྱིན་འདུག །དེས་ཀྱང་བྱིན་གྱིས་བརླབས་པའི་ལྟས་ཤིག་བྱུང་ཟེར། ཡར་འབྲོག་ཏུ་བུ་སྟོན་ཡིན་ཟེར་བ་བྱིན་རླབས་ཀྱི་ཟིལ་ཅན་ཞིག་གིས་པཎ་ཞྭ་སེར་པོ་ཞིག་བསྐོན་ནས། ད་འདི་ཁོ་ན་གྱོན་གསུང༌། དོན་གྱི་ཅོད་པན་བཅིངས་པའང་ཡིན་པས། ད་ལྟ་ཞྭ་སེར་སྣེ་རིང་གོན་པའི་རྒྱུ་ཡང་དེའོ། །ཡེར་པའི་སྒྲུབ་ཁང་ཆ་ཕུག་ཏུ་ནམ་མཁའ་ལ་རྣལ་འབྱོར་མ་ཞལ་གཉིས་མ་ལམ་ལམ་པ་ལན་ལྔ་ཙམ་མཐོང་བའི་ཉམས་བྱུང༌། སྟག་ལུང་དུ་ཐོག་མའི་སྐབས། རྗེ་ཕག་གྲུའི་


TNT01_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འདྲ་རིན་པོ་ཆེ་བྱོན་ལེགས་དེ་བླ་མ་དངོས་ཀྱི་རྣམ་པར་ལན་གསུམ་མཐོང༌། ཕྱིས་རྟིང་ཡང་ཡང་མཇལ་བ་ལ་རག་སྐུ་ཕོ་ར་ཅན་ཞིག་ལས་མ་བྱུང་སྟེ་འདྲིས་ཆེས་པའི་སྐྱོན་དུ་སྣང༌། ཐང་པ་ཆེན་པོའི་གདུང་རྟེན་བཀྲ་ཤིས་དཔལ་འབར་གྱི་ནང་ན་ཤཱ་རཱིའི་བུའི་སྐུ་གསུང་འབྱོན་ལ་ཁད་ཁད་མིག་བཙུམ་པའི་ཚེ་རྟག་ཏུ་མཐོང་བ་བྱུང༌། ཕྱི་དེས་སྣང་བ་གཞན་མང་པོ་འགྱུར་གྱིན་འགྲོ་བ་ཅིག་བྱུང༌། ཡར་ལམ་ཡོལ་རི་གོང་དུ་ཞག་གསུམ་བསྡད། བླ་མ་མགོན་པོ་ལ་གསོལ་བ་དྲག་ཏུ་བཏབ་པས། ཉིན་ལམ་གསུམ་ཙམ་གྱི་རྒྱའི་ས་དང་བར་སྣང་ཐམས་ཅད་གྲུབ་པ་རིག་འཛིན་ཁོ་ནས་གང་བ་ལ་རེ་རེའི་རྒྱབ་ན་ནག་པོ་ཆེན་པོ་རེ་རེ་འདུག་པ་ཕལ་ཆེར་དགེ་བསྙེན་ནག་པོའི་རྣམ་པ་ཤས་ཆེ་བ། དེ་ཐམས་ཅད་དགེས་པའི་རྣམ་པ་ཅན་གྱི་འདས་མ་འོངས་ཅི་རིགས་ལུང་བསྟན་གྱིན་འདུག །དེ་ནས་བསམ་སྡིངས་སུ་དགུན་སློབ་གཉེར་འཕྲོ་སྐྱོང་བ་དང་སྔགས་བཟླས་འདྲ་བྱེད་ཀྱིན་ཡོད་དུས་རྨི་ལམ་ན་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་ཡིན་ཟེར་བའི་པནྚི་ཏ་ཞིག་ལ། དཀྱིལ་འཁོར་སྣ་ཚོགས་པའི་དབང་ཞུས་པའི་སྣང་བ་ཁོ་ན་བྱུང༌། དེ་ནས་ཆོས་ལུང་དུ་རྗེ་རིན་པོ་ཆེ་རྡོ་རིང་པར་ལམ་འབྲས་ཞུས་དུས། ལམ་དབང་གི་སྐབས་རྨི་ལམ་དུ། སཾ་ཤུདྡྷི་ཀཱིརྟི་ཟེར་བའི་པཎྜི་ཏ་ཞིག་གིས་རྒྱལ་ཆེན་བཞི་དང༌། སྒྲོལ་མ་ཉིན་ཞི་མཚན་ཁྲོ་དཀྱུས་མ་འདི་མིན་པ་གཞན་ཞིག་གི་སྒྲུབ་སྐོར་སོགས་གནང་བའི་རྨི་ལམ་བྱུང༌། གཉིད་སད་ནས་ཀྱང་མ་བརྗེད་པར་འདུག །རྨི་ལམ་དུ་མཎྜལ་གྱི་དབུས་སུ་ལྷ་སྐུ་དངོས་སུ་མཐོང་བ་


TNT01_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ཉམས་བྱུང༌། དེ་ནས་བསམ་སྡིངས་སུ་དབྱར་ཐོག་ཞིག་མདོ་རྩ་བཟུང༌། འདུལ་བ་ལ་སློབ་གཉེར་བྱས་དུས། འཕགས་པའི་གནས་བརྟན་བྷ་ར་དྷྭ་ཛ་གསེར་ཅན་གྱི་སྣང་བ་ཅུང་མང་བ་ལ། གཞན་ཡང་གནས་བརྟན་བཅུ་དྲུག་ཕལ་ཆེར་གྱི་སྣང་བ་རྨི་ལམ་དང་ཉམས་ཀྱི་ཚུལ་དུ་ཡང་ཡང་མཐོང་བ་དང༌། དེའི་ཕྱི་ལོ་མུན་ཁང་ཟླ་བ་གསུམ་ཙམ་བསྟེན། དེ་བར་སྦྱོར་དྲུག་གི་སོར་བསམ་གཉིས་དྲག་ཏུ་བསྒོམས་པས། མ་ངེས་པའི་རྟགས་སྣང་གི་འབྱམས་ཀླས་ཤིང༌། ངེས་པའི་རྟགས་བཅུའང་ཕལ་ཆེར་བྱུང༌། རྟིང་ལ་སྙིང་གར་ཨེ་ཝཾ་ཁ་དོག་དྲུག་ལྡན་ཆེ་ཆུང་རིལ་ལུ་ཙམ་ཤིན་ཏུ་བརྟན་པ་ཞིག་ཡང་ཡང་བྱུང༌། སྣང་བ་གང་བྱུང་གི་སྟེང་དུ་དགེ་སྦྱོར་སློབ་དུས་རྟགས་སྣང་ཁྲིག་མེར་བ་བྱུང༌། ཡང་དེ་དུས་འཕགས་པ་དོན་ཡོད་ཞགས་པ་ལ། གསོལ་བ་དྲག་ཏུ་བཏབ་པས། སྐྱེ་བོ་མང་པོ་དང་བཅས་གྲུ་པོ་ཆེར་ཞུགས། པོ་ཊ་ལའི་གླིང་དུ་སླེབ་པ་ན། རི་པོ་ཊ་ལའི་རྩེ་མོར་ཕྱིན་པའི་ཚེ། ཁང་བཟང་དབུས་མཐོངས་ཆེ་བ་མེ་ཏོག་ལྡུམ་ར་དང༌། ཁྲུས་ཀྱི་རྫིང་བུ་ཡོད་པ་ཞིག་ན། སློབ་དཔོན་ཙནྡྲ་གོ་མི་ཡིན་ཟེར་བ། རྒྱ་གར་གྱི་དགེ་བསྙེན་གཞོན་ནུ་དབུ་སྐྲ་རིང་བ་ཅིག་གཡོན་ན་ཨུཏྤལ་གྱི་སྡོང་བུ་དང༌། གཡས་ན་མཁར་བ་རྩེ་མོ་པད་འདབ་ཅན། །ཤཀྟི་ཁ་ལེབ་རྒྱབ་ཏུ་པོ་ཏི་བསྣམས་པ་ཞིག་འདུག དེར་སྒྱུ་མ་ལྟ་བུའི་ལྟད་མོ་བལྟའམ་གསུང༌། འཚལ་ཞུས་པས་པད་འདབ་དེ་གདུགས་སུ་གྱུར། དེར་སྒོ་ཞིག་བྱུང་བར་ཞུགས་པས། ཡུལ་ཕྱོགས་ཤིན་ཏུ་རྒྱ་ཆེ་བ། རི་དྭགས་མང་བ། ལྷ་ཁང་ཁོ་


TNT01_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གང་བ་རི་རྩེ་ལ་དགེ་སློང་ཕ་མ་དང༌། ས་གཞི་ལ་ཁྱིམ་པའི་རྣམ་པའི་བྱང་ཆུབ་སེམས་དཔའ་དང༌། ལྷ་ཁང་ན་ཡང་ཐུབ་པ་དང་ཉན་ཐོས་མང་བར་འདུག །དེའི་དབུས་ལྷ་ཁང་ཆུང་ངུ་ཞིག་གི་སྒོར་ཞུགས་པས། ཡང་རྒྱལ་ཁམས་སྔ་མ་ལས་ཆེ་བ་ཐང་འཇམ་པ་ཞིག་ན་ལྷ་ཁང་ཤིང་སྡོང་གིས་མཐའ་བསྐོར་བ་ཁོ་ནས་གོ་མཚམས་མེད་པར་གང་བ་སྣང༌། སྒོ་ཕལ་ཆེར་ཡང་གནོད་སྦྱིན་ཡིན་ཟེར་བ་ར་གདོང་ཅན་དང༌། ལུག་གདོང་ཅན་རེས་བསྲུང་བ་ཞིག་འདུག །སྐུ་འདྲ་ཡང་ཐུབ་པ་ལ་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་བ་མང་བར་སྣང༌། མི་རྣམས་ཀྱང་ལྷའི་ལུས་དང་འདྲ་བར་སྣང༌། དེའི་དབུས་ན་ལྷ་ཁང་ཞིག་འདུག་པའི་སྟེང་ན། རྣལ་འབྱོར་པ་གཉིས་འདུག་པའི་གཅིག་ནི་ནཱ་རོ་པ་ཡིན་ཟེར། གཞན་གཅིག་འདུག་པ་ལྭ་བ་པ་ཡིན་སྙམ་བྱེད། ནང་དུ་ཞུགས་དུས་ཡུལ་ཁམས་ཆེས་ཆེ་བ་གཅིག་གིས་དབུས་ན་རི་ནགས་འཐུག་པ་མཐའ་རྣམས་ན་ཁང་བཟང་དུ་མ། ཕལ་ཆེར་ན་ཧེ་རུ་ཀ་ཡབ་ཡུམ་གྱི་རིགས་དང་ཁྲོ་བོ་སོགས་མང་བར་སྣང༌། མི་ཕལ་ཆེར་བུད་མེད་དུ་འདུག་དབུས་ཀྱི་ནགས་ཁུངས་ཤིག་ན་བྲམ་ཟེའི་ཆ་བྱད་ཅན་ཞིག་གི་མདུན་ན། ཕག་ཤ་ཁོག་པ་ཅིག་དང༌། ཆང་བུམ་འགའ་ཞིག་བསྒྲིགས་འདུག་པ། འདི་ནས་ཀྱང་ཟོ་གསུང་ཅུང་ཟད་གསོལ་ཞིང་བདག་ལ་གནང་བའང་གསོལ། དེར་བྲིས་ཐང་སོར་བཞི་པ་ཞིག་ཞལ་ཕྱེ་ནས་ཐང་སྐུ་ཆེན་པོར་སོང་སྟེ། ཐུབ་པ་ཡབ་ཡུམ་གྱི་སྐུ་ཞིག་དེའི་ཐུགས་ཀ་ན་ཕག་མོ་ལ་བདེ་མཆོག་གིས་འཁྱུད་པའི་སྐུ་ཡུངས་འབྲུ་ཙམ་ཞིག་འདུག་པ་ཐིག་ལེ་སྔོན་པོར་སོང༌། རེ་ཞིག་གཞན་གྱི་


TNT01_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ནུབ་འདུག །ཡང་དེའི་ནང་ན་སྔར་གྱི་དེ་ཀུན་དང༌། དེ་མིན་པའི་ཞིང་ཁམས་ཀྱང་མང་དུ་མཐོང༌། ཡང་སྐུ་དེ་ལ་ཕྱག་སྤྱི་བོར་བཞག །རེ་ཞིག་བྱར་མེད་དུ་ཐལ་འདུག །ད་ནས་ཕྱི་རོལ་གྱི་དེ་ཐམས་ཅད་དུས་གཅིག་ཏུ་མཐོང༌། ཐམས་ཅད་ཀྱི་སེམས་ཤེས་པ་སྙམ་བྱེད་འདུག །དེར་ཞལ་སྔ་ནས། ད་ཅི་སྔ་མ་དེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡིན། བར་དུ་བྱར་མེད་ཧད་དེ་བ་དེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡིན། ཕྱི་མ་འདི་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཞེས། སོགས་ངོ་སྤྲོད་མང་དུ་མཛད། དེར་ཐོ་རངས་ཀྱི་བྱ་ཁུར་བྱུང་བའི་རྐྱེན་གྱིས་སད། ཡང་ཕྱི་ནུབ་སློབ་དཔོན་འདུག་པ་ལས། བུམ་པ་ཞིག་གིས་དབང་བསྐུར་སྔ་མ་ལས་ལྷག་པའི་དཀྱིལ་འཁོར་མང་པོར་ཞུགས་ཐིག་ལེ་བཅུ་དྲུག་གི་དབང་དང་མན་ངག་ལ་ངེས་པ་གཏིང་ནས་རྙེད་དོ། །ཆོས་ལུང་དུ་ཡོད་སྐབས། སྨོན་འགྲོ་བའི་ཞལ་ངོ་བཀྲ་བཟང་པའི་སྐུ་སྐྱེས་ཡིན་ཟེར་བ་དེ་ཡང་འགྲོངས་པའི་ལྟས་ཀྱང་གསལ་བར་བྱུང་བ་ཟླ་བོ་ཀུན་ལ་སྨྲས་ཏེ། དེ་ཡང་པདྨ་བྲག་ཁུང་ན་བུད་མེད་མང་པོ་འཚོགས་པའི་གྲལ་མགོ་ལ་ངེད་འདུག་པས། གཅིག་གིས་ཚོགས་ཤ་ལོང་ཟེར། བུད་མེད་གཅིག་གིས་ཁོང་རི་དྭགས་སུ་བྱས་ཁྱེར་བྱུང་བ། གཞན་གཉིས་ཀྱིས་བཤས་ཏེ་ཚོགས་འཁོར་བྱས་པ་རྨིས། ཡང་སྣར་ཐང་ནས་བྱང་ཆེན་དུ་ཡོང་དུས་ཤིག རྨི་ལམ་དུ་རི་སུལ་ཞིག་གི་ཕུག་ཅིག་ཏུ་ཞུགས་པས། རིན་པོ་ཆེ་འོད་དྭངས་པ་འགའ་ལས་བྱས་པའི་ཁང་པ་ཞིག་ཏུ་སོང༌། དེ་ན་རྣལ་འབྱོར་པ་གཞོན་ནུ་ཟིལ་ཆེ་བ་ཛ་ལན་དྷ་རའི་རྒྱལ་པོ་ཡིན་ཟེར་བ་


TNT01_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས། མི་ཤས་གང་པའི་ཀ་པཱ་ལ་ཞིག་ལག་ཏུ་གཏད་བྱུང་བ་ཟོས་པས་རོ་ནི་དཔེར་མི་མཚོན་པ་ཞིག་སྣང༌། ད་ནི་རིག་པ་འཛིན་པར་སོང་སྙམ་པ་དང་ནམ་མཁའ་ལ་ཐོག་མེད་དུ་འགྲོ་བ་རྨིས། སང་ཉིན་རྗེ་བཙུན་རྒྱ་གར་ལྷོ་ཕྱོགས་པ་བུདྡྷ་གུཔྟ་ནཱ་ཐ་ཕེབས་བྱུང༌། སྒྲོལ་མ་རྣལ་འབྱོར་མའི་དབང་ཞུས་པའི་ནུབ་མོ། དེང་རང་གི་ལུས་རི་གཅིག་ཏུ་སོང༌། དེའི་ས་རྡོ་རྣམས་བུད་མེད་མང་པོའི་བླངས་ནས། མཁར་རི་ཙམ་ཅིག་བརྩིག་གིན་འདུག ནང་སྤྱན་རས་གཟིགས་ཀྱི་ལྷ་ཁང་དུ་འདུག །འདི་ང་རང་གི་ལུས་པོ་ཡིན་སྙམ་པ་འདུག །དེར་ལམ་ཟབ་མོ་མང་པོ་ཞིག་གནང་བ་དང༌། ལོ་གཅིག་གཉིས་བཞུགས་པའི་ཞལ་བཞེས་ཡོད་པ་ལ། ད་རེས་རྒྱུ་མཚན་འདྲས་མི་ཡོང་འདུག །ཕྱིས་ཅིག་བྱ་གསུང༌། ནང་པར་རྐྱེན་ཞིག་གིས་དེ་ནས་ཐུགས་འགྱུར། ད་རེས་གཞུང་རྣམས་ལ་བཤད་པ་ཚར་རེ་བྱ། མན་ངག་གི་རྐང་གྲངས་ཙམ་བྱེད། དམིགས་པ་རྣམས་བློ་ལ་བཟུང་ཞིག ང་རྒྱ་གར་ལ་མགྱོགས་པོ་རང་འགྲོ་གསུང༌། དེར་ཛཱ་ལནྡྷ་རའི་དྭ་ཧ་ཕལ་ཆེར་དང༌། བླ་མ་ཉིད་ཀྱིས་མཛད་པའི་དེ་ཉིད་བདུན་པ་དང༌། རང་བྱིན་རླབས་སེམས་ཀྱི་ཕྱག་རྒྱ་དང༌། དགྱེས་རྡོར་གྱི་གཞུང་འདྲ་གསུང་ལས་བྲིས། དམིགས་པ་རྣམས་དཔེ་རིགས་དང༌། བརྗེད་ཐོར་བྱས་བཤད་པ་རྣམས་བརྗེད་ཐོའི་མཆན་བུ་འདྲ་བྱས། དེ་ཉིད་བདུན་པ་མཛད་པར་བསྐུལ་པའི་ནུབ་མོ། བྱང་སེམས་ཉེ་བའི་སྲས་བརྒྱད་ཡིན་ཟེར་བ་ཡིག་མཁན་སྐྱེས་པ་ཤིན་ཏུ་མཛེས་པ་བརྒྱད་འདུག་པ། ངེད་རང་གི་པགས་


TNT01_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཤོག་བུ་བྱས། ཁྲག་གིས་སྣག་ཚ་བྱས། རྩིབ་མ་ལ་སྨྱུ་གུ་བྱས། མདོ་རྒྱུད་ཐམས་ཅད་འདུས་པའི་གླེགས་བམ་ཡིན་ཟེར་བ་ཞིག་བྲིས་པའི་ཡོན་དུ། རུས་གོང་སྐྲ་སེན་སོ་སོགས་ཕུལ། ནང་ཁྲོལ་རྣམས་ལ་སྟོན་མོ་བྱས་པའི་སྣང་བ་བྱུང༌། དེ་ནས་ནན་གྱིས་གསོལ་བ་བཏབ་ཀྱང་མ་ཐེབས་པར་ཟླ་བ་གཅིག་ནས་རྒྱ་གར་ལ་བཞུད། དེའི་ཉིན་ཡིད་མི་དགའ་བཞིན་ཡོད་པ། ཐོ་རངས་རྨི་ལམ་དུ་གུ་རུ་ཕེབས་ནས། ད་ང་ཁྱོད་ཀྱི་མགོ་ལ་སྒྲུབ་ཁང་བྱས་ནས་ལོ་འབུམ་སྡོད་གསུང༌། ད་སྟེ་མི་ལོ་འབུམ་ནས་ང་ཡང་སངས་རྒྱ་བ་ཡིན་པ་འདུག གུ་རུ་སླར་ཕེབས་པ་རེ་དགའ་སྙམ་དགའ་ཡལ་ཡལ་བ་ལ་གཉིད་སད། ཡང་བསམ་སྡིངས་སུ་དབྱར་དུས་ཤིག རི་ཤིན་ཏུ་མཐོ་བའི་རྩེ་སུལ་ན། སློབ་དཔོན་ཨཱཪྱ་དེ་བ་དང༌། མ་ཏཾ་གི་ཡིན་ཟེར་བ་པཎྜི་ཏ་དང་རྣལ་འབྱོར་པ་ཞིག་འདུག ནམ་མཁའ་གང་མཐོང་བའི་རྒྱ་ཁྱོན་འཇའ་འོད་ལས་གྲུབ་པའི་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་ཤིན་ཏུ་གསལ་བ་སྣང༌། དེར་ཕྱག་རྒྱ་སྔགས་སོགས་སྤྲོས་བཅས་ཀྱི་ཆོ་ག་ཅིག་མཛད་ཀྱིན་འདུག་པ་ལ། དབང་བསྐུར་བར་གསོལ་བ་བཏབ་པས་བུ་མོ་གླུ་ལེན་པ་ཞིག་གིས་ལྕགས་ཀྱི་བུམ་པ་ལྕང་ལོ་ཅན་གྱི་མཛོད་ཀྱི་ཆུ་མིག་གི་ཆུས་བཀང་པ་ཡིན་ཟེར་བ་བླ་མ་ལ་ཕུལ། དེར་བླ་མ་དེས་བདག་ལ་ཁྱོད་རྣམ་རྟོག་ཤས་ཆེ། ཁྱོད་ང་རྒྱལ་ཆེ། ཁྱོད་རྣལ་འབྱོར་པ་ལ་དམོད། ཅེས་ལན་གསུམ་བཀའ་བསྐྱོན་པར་མཛད་ནས། ཕྱིས་འདི་བློས་སླང་དུ་སོང་བའི་ཚེ་ཆུ་འདིས་ལེགས་པར་སེ་ཀ་བྱ་གསུང༌། རྒྱུད་


TNT01_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མང་པོ་ཡང་གསུང་གིན་འདུག ཐོ་རངས་གཉིད་སད་དུས་ཕལ་ཆེར་མ་བརྗེད་འདུག །དེ་ཀའི་སྔ་དྲོ་ནས་གདན་བཞིའི་མངོན་རྟོགས་ཆེན་མོ་བཟུང་བས། ཉི་ཕྱེད་ཡན་ལ་ཚིག་ཆ་ཐམས་ཅད་ཟིན། ཕྱག་རྒྱ་ཀུན་ཡང་སྒྲིག་ཐུབ་ཙམ་བྱུང༌། དེའི་ནང་པར་རྒྱུད་རྐྱང་ཞིག་བལྟས་པས་ཀྱང་གོ་བ་བཟང་པོ་བྱུང༌། དེའི་མངོན་རྟོགས་ལ་སྔར་མིག་འདྲིས་དང་རྣ་ཆགས་ཡང་ནི་ཡེ་མེད་དོ། །ཡང་ལན་གཅིག་ཁང་པ་ཟིལ་ཆེ་བ་གཅིག་ཏུ་ཕྱིན་པས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་ཁྲི་ཆེན་པོ་རྒྱབ་ཡོལ་རྒྱན་སྣ་དྲུག་ཅན་ཞིག་ལ་བཞུགས་འདུག །ཡར་ཁྲི་ལ་འཛེགས་ཆོས་རྗེ་བླ་མའི་གདན་ལ་བསྒྲིགས་ནས་འདུག །ཕྱག་མགོ་བོར་བཞག་བྱུང་བས་བྱིན་རླབས་ཀྱི་ཟིལ་ཆེ་བར་བྱུང༌། མཆོད་རྟེན་ཕྱི་རྡུལ་གྱིས་གོས་པ་ཞིག་སྣང༌། བུད་མེད་ཅིག་འདུག་པ་ལ་དྲིས་པས་འདི་ཇོ་ནང་ཀུན་མཁྱེན་པས་བཞེངས་པ་ཕྱིས་འདི་རྡུལ་གྱི་གོས་ནས་ཡུན་རིང་ལོན། རྡུལ་ཇེ་ཆེ་ལ་སོང༌། ད་དུང་ཁོག་འདི་ན་ཟིལ་ཞིག་མི་འདུག་གམ། ཁྱོད་ཀྱི་འདི་གདབ་དར་གང་ཐུབ་གྱིས་ཟེར། དེ་ནས་གཏིང་སྐྱེས་སུ་ཕྱིན་པས། དམ་ཚིག་གཙང་བའི་སྟབས་ཡིན་ནམ། ཉམས་རྨི་ལམ་སོགས་གསལ་སྣང་མང་བ་ཅིག་བྱུང༌། དེ་ནས་ཇོ་ནང་དུ་ལན་ཅིག་རྨི་ལམ་ན་ནགས་རྒྱལ་གྱི་མགུལ་ན་བུད་མེད་མང་པོ་གུར་ཅིག་གི་ནང་ན་འདུག་པས་གཙོ་མོ་དེས་ཁྱོད་ལ་རིགས་སྔགས་ཤིག་འབུལ་ཟེར་ཞིག་བཤད་བྱུང་བ་ཕྱིས་ཀྱང་མ་བརྗེད་པར་གདའ། དེ་ནགས་སྨན་དེར་སྣང༌། དེ་ནས་བསམ་སྡིངས་ན་ཡོད་པའི་དུས་ཤིག་


TNT01_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་བརྒྱུད་འདེབས་བཀོད་པའི་པཎ་གྲུབ་སོ་དྲུག་པོ་དེ་སྟེང་ཁང་ན་བཞུགས། བར་ཁང་ན་ཤཱནྟི་གུཔྟ་བཞུགས། འོག་ཁང་ན་གུ་རུ་ལྷོ་ཕྱོགས་པ་དང་རྗེ་གྲུབ་ཆེན་གཉིས་བཞུགས་འདུག །དེར་ཚོགས་འཁོར་མཛད། སྟེང་ཁང་པ་ཀུན་གྱི་ཞགས་སྐྱུགས་གནང་བ་ཀུན་ཤཱན་ཏི་གུཔྟས་གསོལ། དེས་ཞལ་སྐྱུགས་གནང་བ་བླ་མ་གཉིས་ཀྱི་གསོལ། དེ་གཉིས་ཀྱི་ཞལ་ནས་འོ་མ་འདྲ་བ་དང༌། ཆང་འདྲ་བ་དང་གཞན་ཡང་སྣ་ཚོགས་བྱོན། བདག་གིས་འཐུངས་པ་རྨིས། མཚན་ཙེར་གྱི་འོད་གསལ་ཡུག་ཅིག་ལ་སོང༌། དེ་ནས་ཟླ་བ་ཙམ་ལ་ཉིན་མཚན་གཉིས་ཆར་གུ་ཡངས་ཆལ་ཆལ་བ། ཕྱི་ནང་འཆར་སྒོ་ཐམས་ཅད་དགའ་ཡལ་བ། བདེ་ལམ་ལམ་པ། གཏད་ས་མེད་པའི་པང་ཡུད་གང་སར་རྗེས་མེད་དུ་ཐལ། དེ་དུས་སྨོན་འགྲོ་ནས་ཇོ་ནང་པའི་ཁམ་མཆུའི་འཕྲོས་ཀྱི་ལབ་ལོང་འདྲ་ལ་གཉེར་པ་ཆོས་སྐྱབས་སླེབ་བྱུང༌། དངོས་སུ་མ་འཕྲད་ཀྱང་དམ་སེལ་ཅན་དེའི་རྐྱེན་གྱིས། དཔེའི་ཡེ་ཤེས་བདེ་སྟོང་གི་ཉམས་ཏེ་འཕྲོ་ཆད་སོང༌། ཡང་སྔ་སོར་ཡོལ་རི་གོང་དུ་བྱུང་བ་ལྟར། གྲུབ་ཐོབ་ཀྱི་ཚོགས་ཤིན་ཏུ་ཆེ་བས་ཚོགས་འཁོར་མཛད་པ་ཞིག་བྱུང༌། ཅི་ཡིན་དྲིས་དུས། བསྟན་པ་འདི་ལ་སྟོན་པ་དངོས་ཞལ་མ་མཇལ་ཡང༌། སྔགས་ཀྱི་ལམ་ལས་ས་ཐོབ་པ་རྣམས་ཡིན་ཟེར་ལར་འདི་ལྟ་བུ་ལན་བཞི་བྱུང་ངོ༌། །ཡང་ལན་གཅིག་ངེད་རང་གི་རྩ་བའི་བླ་མ་ཕལ་མོ་ཆེ་གུང་ལ་བཞུགས། གཡས་ན་ཕག་མོ་གྲུ་པ་དང་ས་པཎ། གཡོན་ན་རྗེ་བུ་སྟོན་དང་ཙོང་ཁ་པ་ཆེན་པོ།


TNT01_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བར་དེ་དག་ནི་རྣལ་འབྱོར་ཕོ་མོ་ཁོ་ནས་གང་འདུག །ཕྱིའི་མཐའ་ཐམས་ཅད་དགེ་སློང་སྣམ་སྦྱར་གསོལ་བ་ཁོ་ནས་མཐའ་བསྐོར་འདུག །བླ་མ་དེ་ཀུན་གྱི་ཞལ་ནས་སྡེ་པ་བཞིན་དུ་གྲུབ་མཐའ་ལ་ཕྱོགས་རིས་མ་བྱེད། ཁྱོད་རང་ལ་གྲུབ་མཐའ་འགྱུར་མེད་རྐང་ཚུགས་པ། ཨ་ལ་ལ་འདི་འདུག་པ། ཆོས་དེ་བཟང་དགོས་པ་ཡིན། འཆང་པ་དང་གོ་བ་ཙམ་པོས་མི་ཕན་གསུང༌། སྤྱིར་དེ་ཀུན་དང་ཁྱད་པར་རྗེ་གྲུབ་ཆེན་གཉིས་ཞལ་འཛུམ་འདུག ཨེ་ཝཾ་ཆོས་པ་བཟང་པོ་བཟང་པོ་འདུག །ཧ་ཧ་ཞེས་ལན་གསུམ་གདངས་དང་བཅས་གསུང་པ་འབྲུག་སྒྲ་ཙམ་བྱུང༌། དོན་གནས་ལུགས་ལ་གཏད་པ་མེད་པའི་རིག་རིག་ཅིག་བྱུང༌། དེ་ནས་བདེ་མཆོག་བླ་མཆོད་བརྩམས་དུས་རྗེ་གྲུབ་ཆེན་དང༌། བིརྺ་པའི་སྐུའི་སྣང་བ་བྱུང༌། ང་ཤི་ནའང་ལེགས་སྙམ་པ་བྱུང༌། ལན་གཅིག་ཉམས་འདྲ་བ་གཅིག་ལ་རང་གི་པང་དུ་གང་ནས་བྱུང་ཆ་མེད་པའི་བུ་མོ་ལོ་བཅུ་གཉིས་ལོན་པ་ཙམ་ཞིག་འདུག །སུ་ཡིན་སྙམ་པ་ལ་ཝཱ་ར་ཧཱི་ཧོ་ཡིན་ཟེར། ལོ་སྔ་མ་ལ་སྟག་ལུང་དུ་ངའི་སྒྲུབ་ཐབས་འབྲི་བར་ཆད་མ་བྱས་སམ། ད་མྱུར་དུ་བྲིས་ཟེར་ཡལ་སོང༌། དེ་ནས་སྟོན་འདུལ་བྱུང་དུ་རྨི་ལམ་ན། རྗེ་སྟག་ལུང་ཐང་པ་དེ་ཉིད་ཆིབས་པ་ནག་པོ་ཞིག་མཛད། ངེད་ཀྱི་སྟག་ལུང་གི་ལས་ཐམས་ཅད་ཟིན། ད་ཙ་རི་ལ་འགྲོ་གསུང༌། བླ་མ་མི་འབྱོན་པར་ཞུ་བྱས་པོ་ཏི་གཅིག་ཕུལ་བས་ཆིབས་བཤོལ་ཙམ་བྱུང༌། ད་ཁྱོད་ཀྱིས་སྟག་ལུང་པའི་བསྟན་པ་འདི་སྐྱོངས་གསུང༌། ཇོ་ནང་ན་ཡོད་དུས་


TNT01_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དྭ་ཧ་ལ་འགྲེལ་པ་ཞིག་བརྩམས་དུས། མན་ངག་བདུད་རྩིའི་བཅུད་འདི་ནི། དེ་རིང་སྟོན་ནོ་བཟང་མོ་ཀྱེ། །ཞེས་པར་སླེབས་སྐབས་ཀྱི་ནུབ་མོ་གུ་རུ་ལྷོ་ཕྱོགས་པ་ནགས་སྨན་རྒྱལ་མོ་ཡིན་ཟེར་བ་གཅིག་ཕྱག་རྒྱར་བྱས་ནས་དབང་བསྐུར་བ་ཞིག་རྨི། བྱང་ཆེན་དུ་རི་བོ་སྨན་ལྗོངས་ལྷུན་ཆགས་པ་ཞིག་ན། རྗེ་གྲུབ་ཆེན་འཁོར་རྣལ་འབྱོར་མ་ཤས་ཆེ་བ་དང་བཅས་པ་བཞུགས་འདུག །དེར་ཀ་པཱ་ལ་མང་པོ་གཅིག་ཏུ་སོང༌། ནང་བདུད་རྩི་མདའ་གང་ཙམ་འཕགས་པས་གང་བ། བདག་ལ་གནང་བ་ཕལ་ཆེར་འཐུངས། ལྷག་ཅུང་ཟད་དང་བཅས་སྐུ་མངོན་དུ་བཞག་པ་རྨིས་ཏེ། ཞལ་ལུང་ཟབ་མོ་གོ་བའི་ལྟས་སུ་གོ འཇག་ཏུ་རྨི་ལམ་སྤྲུལ་བསྒྱུར་སོགས་ཆེ་ཞིང༌། དགེ་སླཽང་གི་སྡེ་ཆེན་པོ་ལུང་པ་གང་བ་ཙམ་ཞིག་ལ། སྒྱུ་མ་རྨི་ལམ་གྱི་ཆོས་བཤད་ཅིང༌། དེ་རིང་གི་འདི་ཀུན་ཡང་ཡི་གེར་བྲིས་ན། བཀའ་རྒྱས་འབྲིང་བསྡུས་གསུམ་ཙམ་ཡོད་པ་འདུག་སྙམ་པ་བྱུང༌། མདུན་ན་ཨ་ཙ་ར་མང་པོ་དག་གིས་གར་བྱེད། ཁྱུང་པོའི་ཡིན་ཐང་དང་མགོན་པོའི་རྡོ་སྐུ་ལ་ཡང་སྐུ་དངོས་ལྟ་བུར་སྣང་བ་དང༌། སེམས་དཔའ་གསུམ་རྩེགས་ཀྱི་རྣམ་པ་སོགས་མཐོང་སྣང་ཁྱད་པར་ཅན་བྱུང༌། དེ་ནས་དེ་ལོ་རྗེ་རིན་པོ་ཆེ་བྲག་སྟོད་པའི་ཞལ་མཐོང་བ་ཙམ་ལ། སྣང་བ་ཐམས་ཅད་བན་བུན་ཆོད་ཆོད་རྨི་ལམ་ལྟར་སོང༌། སྔར་ནས་མོས་གུས་ཐུན་མོང་མ་ཡིན་པ་ཡོད་མོད། ད་རེས་བྱིན་རླབས་ཀྱི་ཐུགས་རྗེས་སྔར་དང་མི་འདྲ་བའི་མོས་གུས་ལ་སྙེམས་འཁྲིགས་རྡུལ་ཙམ་མེད་པའི་ལྟེམ་འགྲུས་སྐད་ཅིག་ཀྱང་མི་


TNT01_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

འཚོར་བ་བྱུང༌། དེ་ནས་རྟོགས་པར་རློམ་པ་ཀུན་ཡང་འཆིང་བྱེད་ཀྱི་ཤུན་པར་སོང༌། བརྗོད་བྲལ་འདི་ལ་ཅི་ཞིག་བརྟེན་པར་བྱ་ཟེར་བ་དེ་ཕྱོགས་མཐུན་ཙམ་བྱུང་ངོ༌། །ཆོས་ཀྱི་རང་བཞིན་ཤེས་གྱུར་ན། །ཅི་ཚུག་བྱས་ཀྱང་རྣམ་ཐར་བཟང༌། །གང་ལྟར་བྱུང་ཀྱང་ལེགས་པ་ཡིན། །བླ་མའི་རྣམ་ཐར་ངོ་མཚར་ཆེ། །ཞེས་པ་རང་ལོ་ཉེར་བཞི་པ་ཡན་ཆད་ཀྱི་གསང་བའི་རྣམ་ཐར་སྒྲོ་སྐུར་གྱི་དྲི་མ་མེད་པ་འདི་ནི། བསམ་གཏན་གླིང་པ་རྒྱ་མཚོ་པད་དཀར་གྱིས་བསྐུལ་ཏེ། ཏཱ་ར་ནཱ་ཐ་རང་ཉིད་ཀྱི་སྨྲས་པ་སྟེ་བྲག་སྟོད་ཆོས་ཀྱི་ཕོ་བྲང་དུའོ།། །།དགེ་ལེགས་འཕེལ་ལོ། །ཞུས་དག སརྦ་མངྒལཾ། དགེའོ། བཀྲ་ཤིས།། །།


previousགསང་བའི་རྣམ་ཐར།next