Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
སངས་རྒྱས་རྗེས་དྲན་དང་བླ་མའི་རྣལ་འབྱོར་གྱི་མན་ངག་ཟུང་དུ་འཇུག་པ།
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསངས་རྒྱས་རྗེས་དྲན་དང་བླ་མའི་རྣལ་འབྱོར་གྱི་མན་ངག་ཟུང་དུ་འཇུག་པ། next

སངས་རྒྱས་རྗེས་དྲན་དང་བླ་མའི་རྣལ་འབྱོར་གྱི་མན་ངག་ཟུང་དུ་འཇུག་པ།


TNT01_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྗེས་དྲན་དང་བླ་མའི་རྣལ་འབྱོར་གྱི་མན་ངག་ཟུང་དུ་འཇུག་པ་བཞུགས།


TNT01_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དོན་དམ་དབྱིངས་ལ་འགྲོ་འོང་གནས་པ་བྲལ། །རྣམ་པའི་ཚུལ་ལས་ཕྱོགས་དུས་ཀུན་དུ་ཁྱབ། །ཆོས་རྣམས་ཀུན་གྱི་གདོད་མའི་གནས་ལུགས་མཆོག །སངས་རྒྱས་བླ་མ་ཆོས་སྐུར་སྐྱབས་སུ་མཆི། །ནམ་མཁའི་མཐས་གཏུགས་སེམས་ཅན་སྒྱུ་མ་འདྲ། །འཁྲུལ་བའི་སྣང་བ་ཙམ་འདི་རང་སངས་ནས། །ཡེ་ཤེས་རོ་མཉམ་གཅིག་ལ་འགོད་པའི་ཕྱིར། །བླ་མ་སངས་རྒྱས་རྗེས་དྲན་བསྒོམ་པར་བྱ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འདི་ཉིད་དོ། །ཞེས་དལ་བུས་བརྗོད་དོན་བསམ་སྟེ། དེ་ཡང༌། རྒྱལ་མཆོག་འདྲེན་པ་ཤཱཀྱ་ཐུབ་པ་སྟེ། །བདུད་བཞི་བཅོམ་ལྡན་འདས་བཅོམ་ཞིང་སྐལ་བ་དྲུག་དང་ལྡན། །གནས་དེ་བཞིན་གཤེགས་པ་ལུགས་ཇི་བཞིན་གཟིགས་པ་མ་ནོར་བ། །ཉོན་དགྲ་བཅོམ་པ་མོངས་བག་ཆགས་བཅས་པ་མ་ལུས་བཅོམ། །ཉེས་ཡང་དག་སངས་རྒྱས་སྐྱོན་ཀུན་སངས་


TNT01_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་ཐམས་ཅད་ལ། །མཁྱེན་རིག་པ་སོགས་རབ་རྒྱས་དུས་གསུམ་མ་ལུས་མཁྱེན། །རྫུ་ཞབས་ལྡན་འཕྲུལ་བགྲོད་པ་ནམ་མཁའི་མཐས་གཏུགས་ཁྱབ། །རྒྱུ་བདེ་གཤེགས་མཆོག་བསྒྲུབས་པས་འབྲས་བུ་བླ་མེད་བརྙེས། །ལས་འཇིག་རྟེན་མཁྱེན་ཉོན་སྡུག་བསྔལ་འཁོར་བ་མཐའ་དག་རིག །སྐྱེ་འགྲོ་སྐྱེས་འདུལ་ཁ་སྒྱུར་སེམས་ཅན་མ་ལུས་ཐབས་ཀྱིས་འདུལ། །ཁྱོད་བླ་མེད་ལས་ལྷག་དང་ཁྱོད་མཚུངས་གང་ནའང་མེད། །ཀུན་ལྷ་དང་མིའི་སྟོན་པ་ལ་ཐར་ལམ་སྟོན་པའི་འཕྲིན་ལས་ཅན། །ཞེས་པ་ཚིག་རེ་རེའི་དོན་བསམ། དེ་ལྟར་སངས་རྒྱས་ཀུན་གྱི་ཆོས་ཀྱི་སྐུ། །རྟག་ཅིང་མི་འགྱུར་ཡོན་ཏན་ཀུན་དང་ལྡན། །གདོན་ནས་ཉེས་པ་ཀུན་ལས་གྲོལ་གྲོལ་བ། །འཁོར་འདས་ཀུན་ལ་རྟག་ཏུ་ཁྱབ་པར་བཞུགས། །སྤྲོས་པའི་མཐའ་རྣམས་ཀུན་གྱིས་རྟག་ཏུ་དབེན། །བདག་ལ་རྒྱལ་བའི་ཆོས་སྐུ་འདི་ཉིད་བཞུགས། །མེ་ཏོག་གར་ཡོད་མེ་ཏོག་དྲི་ཡོད་ལྟར། །གཟུགས་སྐུ་གཉིས་ཀྱང་བདག་དང་འབྲལ་བ་མེད། །ཅེས་བརྗོད་ཅིང་དོན་བསམ། འདི་ལྟར་ནས་གཟུང་དེ་ཉིད་ལན་མང་དུ་བསམ་མོ། །


TNT01_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མདུན་ནམ་སྤྱི་བོའམ་སྙིང་གར་མཚན་དཔེ་ཐམས་ཅད་ཡོངས་སུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་པར་གྱུར། འདི་ཉིད་རྩ་བའི་བླ་མ་དམ་པ་ཡིན། །དཔལ་ལྡན་བླ་མ་སངས་རྒྱས་བཅོམ་ལྡན་འདས། །ཆོས་སྐུ་ཉག་གཅིག་ནམ་མཁའི་མཐའ་དང་མཉམ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས། །ཆོས་ཀུན་རང་བཞིན་གདོད་མའི་ཡེ་ཤེས་འདི། །དཔལ་ལྡན་བླ་མའི་ཐུགས་མཆོག་ཆོས་ཀྱི་སྐུ། །སངས་རྒྱས་ཀུན་དང་རོ་མཉམ་གཉིས་སུ་མེད། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྣམ་རྟོག་འབད་རྩོལ་སྤྲོས་པ་མི་མངའ་ཡང༌། །གང་འདུལ་སྐུ་ཡི་སྣངབ་མཐའ་ཡས་སྟོན། །གཟུགས་སྐུ་བཤེས་གཉེན་དམ་པའི་རྣམ་པར་ཤར། །རྡོ་རྗེ་འཛིན་དབང་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བ་རིགས་ལྔ་གདོད་ནས་ལྷུན་གྲུབ་སྟེ། །གཞན་སྣང་ཕུང་ལྔའི་ཚུལ་གྱིས་འགྲོ་དོན་མཛད། །ཕུང་པོའི་རྣམ་པས་འདུལ་བའི་སྒྲོལ་ཀུན་སྒྲོལ། །ཕུང་པོ་གཞན་མཆོག་ཁྱོད་ལ་གསོལ་བ་འདེབས། །ཆོས་ཉིད་གདོད་མའི་དེ་བཞིན་གཤེགས་པ་དང༌། །སེམས་དཔའ་ཡབ་ཡུམ་དཔའ་བོ་མཁའ་འགྲོ་མ། །འབྱུང་བཞི་དབང་པོ་སོགས་ཀྱིས་འདུལ་བ་ལ། །དེ་དེའི་རྣམ་པར་སྟོན་ལ་གསོལ་བ་འདེབས། །ཀུན་གྱི་རང་བཞིན་ཡེ་ཤེས་སྤྲོས་བྲལ་ལས། །ཆོས་སྐུ་མཁའ་ཁྱབ་ཞེས་བྱ་གཞན་ཡོད་མིན། །དེ་ཉིད་དྲིན་ཅན་ཆོས་རྗེ་ཁྱོད་ཀྱི་ཐུགས། །རྡོ་རྗེ་འཛིན་དབང་ཁྱོད་ལ་གསོལ་བ་འདེབས། །དོན་དམ་སྲིད་གསུམ་གདོད་ནས་རང་ཤར་ཏེ། །གདུལ་བྱའི་སྣང་ངོར་སྲིད་གསུམ་ཀུན་ཏུ་སྣང༌། །དོན་མེད་མ་ཡིན་རྟག་ཏུ་ཕན་བདེར་མཛད། །འཕྲིན་ལས་ལྷུན་གྲུབ་


TNT01_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་གསོལ་བ་འདེབས། །བརྟན་གཡོ་ཀུན་གྱི་རང་བཞིན་བླ་མ་ཁྱེད། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀུན་དངོས་ལགས། །འགྲོ་བ་ཀུན་གྱི་སྙིང་པོར་བཞུགས་པ་སྟེ། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །ཞེས་པ་སངས་རྒྱས་རྗེས་དྲན་དང་བླ་མའི་རྣལ་འབྱོར་གྱི་མན་ངག་ཟུང་དུ་འདུག་པའོ། །སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་དྲན་པས་དང་བ་ཡང་ཡང་བསྒོམ་པ་ལ། སངས་རྒྱས་རྗེས་དྲན་ཞེས་ཟེར་བ་ཡིན། ཆོས་ནི་སངས་རྒྱས་དེས་གསུངས་པ་འཇུག་ལྡོག་སྤང་བླང་གི་དོན་ཡིན། གསུང་དེ་བཞིན་དུ་མ་འཁྲུལ་བར་བྱེད་མཁན་དགེ་འདུན་ཡིན། ཆོས་དགེ་བའི་འཇུག་སྒོ་སྦྱིན་པ་དང་ཚུལ་ཁྲིམས་ཡིན་པས་དེ་ལྟར་ཤེས་ནས་ཡིད་ཆེས་དད་པ་སྒོམ་པ་དང༌། རང་རེའི་སྤྱོད་པ་བག་ཡོད་བྱེད་དགོས་པའི་དཔང་པོ་དཀར་ཕྱོགས་ཀྱི་ལྷ་རྣམས་ཡིན་ཏེ། དེ་ལྟར་ན་རྗེས་དྲན་ཕྱི་མ་རྣམས་སངས་རྒྱས་རྗེས་དྲན་དུ་འདུས་ཤིང༌། དེའི་ཞོར་ལས་བྱུང་བ་ཡིན་པས་འདི་སྒོམས་ན་དེ་དག་མཐའ་དག་བསྒོམས་པར་འགྱུར་ལ་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་གཞན་གང་དང་ཡང་མཉམ་པ་མེད་པར་ཤེས་ནས་དད་པ་ནི། ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་སྤྱི་འགྲོ་ཡིན། གཟུགས་ཀྱི་སྐུ་དང་ཡང་འབྲེལ་བ་རྟོགས་པ་ཡེ་ཤེས་ཆོས་སྐུའི་ནང་ཚན་ལམ་བདེན་གྱིས་བསྡུས་པའི་རྣམ་མཁྱེན་ནི། རྒྱུ་ཕུན་སུམ་ཚོགས་པ་མཐའ་ཡས་པའི་བསྒྲུབས་པའི་འབྲས་བུ་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་ཀྱི་ཡེ་ཤེས་འདུས་བྱས་སུ་གཏོགས་པ་དེ་ཡིན་ལ། དེ་ལྟ་བུ་དེ་ཡང་གང་ལ་བརྟེན་པའི་གཞི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆོས་སྐུ་ཀུན་ཁྱབ་


TNT01_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྐྱོན་གང་གིས་ཀྱང་གདོད་མ་ནས་གོས་མ་མྱོང་ཞིང༌། དོན་དམ་པའི་ཡོན་ཏན་སྲིད་ཚད་གདོད་ནས་རང་གྲུབ་པ་དེ་ནི་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་གནས་ལུགས་ཡིན་ལ། གཟུགས་སྐུ་གཉིས་དང་ལམ་བདེན་ཆོས་སྐུ་ཡང་ཆོས་ཉིད་དོན་དམ་དེ་ཀའི་མདངས་འོད་ཙམ་ཡིན་པར་ཤེས་ནས། ཉེ་རིང་མེད་པའི་སྐྱབས་གནས་དེ་ལ་དད་པས་རྗེས་སུ་དྲན་པར་བྱེད་པ་ནི། ཐེག་དམན་པའི་གྲུབ་མཐའ་སྨྲ་བ་དང་ཐུན་མོང་མ་ཡིན་པ། ཐེག་པ་ཆེན་པོ་སྤྱིའི་ལུགས་ཡིན། ཐེག་པ་བླ་ན་མེད་པའི་གསང་སྔགས་སུ། ཆོས་དབྱིངས་སྐུ་གསུང་རོ་གཅིག་མཉམ་པ་ཉིད་དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་དང་བདེ་སྟོང་ལྷན་ཅིག་སྐྱེས་པ་ཟུང་དུ་འཇུག་པར་ཤེས་པ་དགོས་ཏེ། དེ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྷག་པོར་སྣོན་རྒྱུ་ཡིན། དེ་ཉིད་བླ་མའི་རྣལ་འབྱོར་དང་སྦྲེལ་ན། བླ་མའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནི་དོན་དམ་སངས་རྒྱས་ཆོས་དབྱིངས་དེ་ཁོ་ན་དང༌། རྣམ་འགྱུར་དང་མཛད་པ་ཐམས་ཅད་ཀྱང༌། དེ་ཀའི་རྣམ་འགྱུར་གདུལ་བྱ་གཞན་སྣང་དུ་ཤར་བའི་གཟུགས་སྐུ་འཕྲིན་ལས་དང་བཅས་པར་ངེས་ཤེས་བསྐྱེད་ནས་གསོལ་བ་འདེབས་པ་དེ་ཀ་ལགས། གསང་སྔགས་པའི་རྩ་བ་བླ་མ་རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་ཀུན་འདུས་ཡིན་པས། བླ་མའི་རྣལ་འབྱོར་དེ་སངས་རྒྱས་རྗེས་དྲན་གྱི་མཆོག་ཡིན། རང་རྒྱུད་ལ་གནས་ལུགས་རྟོགས་ཚུལ་བཟང་ངན་གྱི་དབྱེ་བས། བླ་མ་སངས་རྒྱས་རྗེས་སུ་དྲན་པ་དེ་ལའང་མཐོ་དམན་གྱི་དབྱེ་བ་མང་དུ་འབྱུང་མོད། དམིགས་པ་བསྒོམ་ཚུལ་ལ་ཁྱད་པར་མེད་དོ་ཞེས་གོ་བར་


TNT01_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཞེས་པ་འདི་ཡང་བཟང་ལྡན་པ་ཡི་གེ་མཁན་པོ་དད་ལྡན་དགེ་སློང་ཀུན་དགའ་བདེ་ལེགས་ཀྱིས་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ཉིད་རྒྱུན་གྱི་ཉམས་ལེན་བྱེད་པའི་དོན་དང་མཐུན་པར་བཀོད་པ་སྟེ། རང་རེའི་རྗེས་སུ་སློབ་པར་འདོད་པ་རྣམས་ཀྱིས་ཀྱང་ཉིན་རེ་དུས་གསུམ་དུ་ནན་ཏན་གྱིས་བསྒོམ་པར་འོས་སོ།། །།ཞུ་དག །མངྒ་ལཾ། །དཔལ་རྟག་བརྟན་གྱི་ཆོས་སྡེ་ཆེན་པོར། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། རྒྱལ་བའི་བཀའ་ངེས་དོན་མདོ་ཉི་ཤུ་པོ་འདི། པར་དུ་བསྒྲུབ་པ་ལ་དོ་གལ་ཆེས་ཆེར་གནང་བའི་དགོས་པ། གཞན་སྟོང་དབུ་མ་ཆེན་པོའི་ལུང་འདྲེན་རྒྱབ་རྟེན་ཙམ་དུ་དགོངས་སམ་ཞེ་ན། གདུལ་བྱར་གྱུར་པ་རྣམས་ནི། གཙོ་བོར་བླ་མའི་བཀའ་ལ་ཡིད་ཆེས་ཤིང་ངེས་པ་རྙེད་པར་འགྱུར་བའི་ལུང་གི་ཚོགས་ཁོ་ནར་མ་བལྟོས་པ་དང༌། སྣོད་དུ་མ་བྱོན་པ་རྣམས་ལ་ལུང་དངོས་གསལ་ཇི་ཙམ་སྤུངས་ཀྱང་རང་རང་གི་བག་ཆགས་ཀྱི་རྗེས་སུ་འབྲང་བས། དེ་དག་ལ་ལུང་གི་འཇུག་སྒོ་ཡང་མ་བྱུང་བའི་ཕྱིར། དགག་སྒྲུབ་ཀྱི་ཆེད་ཁོ་ནར་པར་གྱི་དོ་གལ་མི་མཛད་པ་འདུག་ལགས། འོ་ན་ཅི་ཞེ་ན། དོན་གྱི་གཙོ་བོ་མདོ་དོན་ཐམས་ཅད་ཀྱི་ཡང་སྙིང་ཟབ་མོ་འདི་དག་པར་དུ་བཏབ་ནས་གླེགས་བམ་དུ་བཀོད་དེ། རྣམ་པ་ཐམས་ཅད་དུ་ཕྱག་མཆོད་ཅི་འགྲུབ་དང༌། ཉིན་རེར་ཀློག་ཐུན་འཚམ་པའམ། དུས་དུས་སུ་ཀློག་འདོན་ཇི་ལྟར་འོས་པ་དང༌། རྒྱུན་དུ་དེ་དག་གི་སྙིང་པོ་སངས་རྒྱས་རྗེས་དྲན་དང་བླ་མའི་རྣལ་འབྱོར་ཟུང་དུ་འཇུག་པའི་མན་ངག་


TNT01_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྒོམ་ཞིང༌། ངེས་དོན་གྱི་སྨོན་ལམ་ཁྱད་པར་ཅན་རྣམས་ཀྱིས་མཚམས་སྦྱར་ན། དུས་ནམ་ཞིག་གི་ཚེ་གཏན་གྱི་འདུན་མ་ཡང་དག་པ་ལྷུན་གྲུབ་ཏུ་འབྱུང་བ་ལ་དགོངས་པ། དེའི་ཕྱིར་པར་གྱི་གྲས་ཚད་ཀྱང་དཔེ་ཆ་དང་མཐུན་པ་ཁོ་ན་གོང་བཞིན་འགྲུབ་སླ་བ་ཡོང་བའི་ཕེབས་སྒོ་ཡོད་ལགས།། །།ཞེས་ཡི་གེ་པ་ཀུན་དགའ་བདེ་ལེགས་ཀྱི་རྒྱུས་ཀྱིས་བྲིས་པ་དགེ་ལེགས་འཕེལ། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་ཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར། །རྒྱལ་བསྟན་མི་ཉམ་གོང་དུ་འཕེལ་བའི་ཕྱིར། །ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། །ཤིང་པར་འཛམ་ཐང་གཙང་པའི་ཆོས་གྲྭ་ཆེར། །བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། །མ་གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་མངྒ་ལཾ། དགེ་ལེགས་འཕེལ། བཀྲ་ཤིས་པར་གྱུར་ཅིག །


previousསངས་རྒྱས་རྗེས་དྲན་དང་བླ་མའི་རྣལ་འབྱོར་གྱི་མན་ངག་ཟུང་དུ་འཇུག་པ། next