Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
ཉམས་ལེན་ཟབ་མོའི་གནད་དུ་བསྐུལ་བའི་གཏམ་མདོར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉམས་ལེན་ཟབ་མོའི་གནད་དུ་བསྐུལ་བའི་གཏམ་མདོར་བསྡུས་པ།next

ཉམས་ལེན་ཟབ་མོའི་གནད་དུ་བསྐུལ་བའི་གཏམ་མདོར་བསྡུས་པ།


TNT01_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར་བཞུགས་སོ། །


TNT01_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཚད་མེད་ཐུགས་རྗེ་ཕྱོགས་བཅུར་ཁྱབ་པ་ཡི། །སྟོན་པ་གཽ་ཏམ་རྒྱལ་བ་དེ་ལ་འདུད། །བདེ་གཤེགས་ལམ་ལས་དཔག་ཡས་འགྲོ་བ་རྣམས། །འདྲེན་མཛད་ཀུན་མཁྱེན་སྲས་ལའང་བདག་ཕྱག་འཚལ། །འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱིས། །འཁོར་བ་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་པར་བཞུགས། །བླ་མ་འགྱུར་མེད་སྐུ་ལ་འདུད། །གསུང་མཆོག་གྲགས་སྟོང་བརྗོད་དུ་མེད། །རྒྱལ་གསུང་ལེགས་བཤད་རིན་ཆེན་སྒྲོན། །གསུང་གཅིག་གདུལ་བྱ་ཐམས་ཅད་ཀྱི། །བསམ་པ་དང་མཚུངས་སོ་སོར་གོ །ཐུགས་ནི་དབྱིངས་ལས་མ་གཡོས་ཀྱང༌། །སྨོན་ལམ་དབང་གིས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་རྒྱུན་མི་འཆད། །ཞིང་ཁམས་རྒྱ་མཚོར་དབང་བསྒྱུར་ཁྱོད། །སངས་རྒྱས་ཀུན་དངོས་


TNT01_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ། །རྗེ་བཙུན་བླ་མ་དེ་ལ་འདུད། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས། །འབྲལ་མེད་ཐུགས་རྗེས་བཟུང་དུ་གསོལ། །འཁོར་བའི་ཆོས་ལ་བློ་ལོག་ཅིང༌། །གཏན་གྱི་འདུན་མ་བྱང་ཆུབ་དེ། །ཐོབ་པར་འདོད་ན་གཏམ་འདི་གསོན། །འཕགས་པའི་ཆོས་ཀྱི་བཀའ་མཆིད་ཡོད། །མི་བདག་ལ་མོས་པའི་བློ་ཅན་འགའ། །ཡོང་སྲིད་ན་ཡིན་མིན་ཐུགས་ལ་ཞོག །ཆོས་ཡིན་ངེས་ཐུགས་སུ་འཕྲོད་པ་ལ། །དད་པ་དང་ཤེས་རབ་ཀྱི་ལས་འཕྲོ་དགོས། །ཟད་མེད་འཁོར་བའི་འཁོར་ལོ་བསྐོར་བསྐོར་ནས། །སྲིད་འདིར་སྡུག་བསྔལ་མྱོང་བའི་མཐའ་གྲངས་མེད། །དཀའ་ལས་དཀའ་དགུ་མྱོང་སྟེ་དོན་མེད་ཡིན། །མཚམས་མེད་བྱས་པས་དམྱལ་བ་མནར་མེད་དུ། །སྐྱེས་པའི་ཕ་མཐའ་བགྲངས་ཀྱང་སུ་ཡིས་ཆོད། །རང་གིས་


TNT01_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྡད་པ་ཡིས་ས་སྟེ་ཅི། །ལས་སྟབས་འདི་མ་བྱས་ཞེས་གཅིག་ཀྱང་མེད། །སྡུག་བསྔལ་མ་མྱོང་བྱ་བ་ག་ལ་ཡོད། །ས་ཕྱོགས་གཅིག་ཏུ་ཆད་པས་མགོ་བཅད་པའི། །མགོ་བོ་འབའ་ཞིག་སྤུངས་པར་གྱུར་ན་ཡང༌། །སྟོང་གསུམ་འཇིག་རྟེན་འདི་རུ་ག་ལ་ཤོང༌། །འཁོར་བའི་སྡུག་བསྔལ་འདི་ལ་ཟད་པ་མེད། །དམྱལ་བའི་གནས་ཀྱི་སྡུག་བསྔལ་བསམས་གྱུར་ན། །ཡུད་ཙམ་གཅིག་ཀྱང་བཟོད་སྐབས་ག་ལ་ཡོད། །ད་ལྟ་འབད་ན་བཟློག་པའི་ཐབས་མཆིས་ཀྱང༌། །ལེ་ལོའི་ངང་ལ་མི་ཚེ་སྐྱེལ་ལུགས་འདིས། །ནམ་ཞིག་དབང་མེད་ངན་སོང་གཡང་སར་ལྷུང༌། །དེ་ཚེ་འགྱོད་ཀྱང་འཕྱིས་པའི་དུས་གཅིག་འོང༌། །གཤིན་རྗེའི་སྐྱེས་བུས་རང་ལུས་དུམ་བུར་གཏུབས། །སླར་ཡང་འགྲིག་ནས་བརྒྱ་སྟོང་དུ་མར་གཤགས། །ཤ་རུས་རྐང་གི་བར་དུ་མེས་ཚིག་ནས། །ཡང་གསོས་ཡང་བསྲེག་ཚུལ་གྱིས་བསྐལ་མང་འདས། ཁྲོ་ཆུ་འབར་བའི་གཏིང་དུ་འཇུག་པ་དང༌། །ལྕགས་ཀྱི་ཐང་ལ་ལན་བརྒྱར་བགྲེ་བ་སོགས། །སྡུག་བསྔལ་བསམས་ན་དབང་མེད་སྐྱི་ཤ་བུང༌། །གྲང་བས་ཉེན་ནས་པད་མའི་འདབ་ལྟར་གས། །ཚེའི་ཚད་ནི་བརྒྱ་སྟོང་ས་མ་ཡ། །འདི་ལ་བཟོད་ཐབས་འདུག་གམ་སྙིང་མེད་པོ། །ལོ་བརྒྱའི་བར་དུ་ཟས་སྐོམ་མིང་ཡང་མེད། །འཐབ་རྩོད་དབང་གིས་རང་ལུས་ལན་བརྒྱར་རྨས། །ཚ་གྲང་སྡུག་བསྔལ་བཟོད་པར་དཀའ་བ་ཡི། །ཡི་དྭགས་གནས་སུ་སྐྱེས་ན་ཇི་ལྟར་བགྱི། །གནས་ཀྱི་སྐྱབས་མེད་གཅིག་ལ་གཅིག་ཟ་བ། །དགྲ་ཡི་འཇིགས་པས་


TNT01_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་སྐྲག་ཅིང་འཁྲུལ། །གསོད་གཅོད་བྲན་དུ་བཀོལ་བའི་སྡུག་བསྔལ་ཅན། །དུད་འགྲོའི་ཚུལ་ལ་བསམས་ན་བཟོད་ཐབས་མེད། །མིར་སྐྱེས་ན་ཡང་སྡུག་བསྔལ་འབའ་ཞིག་ལགས། །འཐབ་རྩོད་འཁྲུགས་དང་དབུལ་འཕོངས་བརླག་པ་སོགས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་བསམ་ལས་འདས། །འཁོར་ལོས་བསྒྱུར་རྒྱལ་ཐོབ་ཀྱང་དམྱལ་བར་སྐྱེས། །མཐོ་དམན་འབྱོར་རྒུད་ཡིད་བརྟན་ཅི་ཡང་མེད། །ལྷ་དང་ལྷ་མིན་གཟུགས་ཁམས་གཟུགས་མེད་ཁམས། །ཐོབ་ཀྱང་ཡིད་བརྟན་མེད་པར་ངན་འགྲོར་འགྲོ། །འཆི་འཕོ་འཐབ་རྩོད་ལ་སོགས་སྡུག་བསྔལ་མང༌། །ཞེས་པ་ནི་སྡུག་བསྔལ་གྱི་གཏམ་སྟེ་དང་པོའོ། །སྡུག་བསྔལ་དེ་དག་ཐམས་ཅད་ཀྱང༌། །རྒྱུ་མེད་མ་ཡིན་ལས་ལས་སྐྱེས། །སྡིག་པའི་དབང་གིས་ངན་འགྲོར་འགྲོ། །ལུང་མ་བསྟན་ལ་རྣམ་སྨིན་མེད། །དགེ་བས་མཐོ་རིས་འགྲོ་བར་གསུངས། །འཇིག་རྟེན་ལས་ཀྱི་རི་མོ་བཀྲ། །དེ་བས་བླང་དོར་ལ་འབད་འཚལ། །དགེ་སྡིག་ཆུང་ལའང་བརྙས་མི་བྱ། །རྙེད་དཀའི་མི་ལུས་ཐོབ་པ་ལ། །སྡུག་བསྔལ་གྱི་འཁོར་ལོ་མ་སྐོར་ཅིག །ནམ་ཞིག་ནམ་འཆི་ཆ་མེད་པས། །དགེ་བ་ལ་འཕྲལ་དུ་འབད་པ་ཞུ། །རང་ལ་རང་དབང་མེད་བཞིན་དུ། །འཁོར་གཡོག་གི་མགོ་འདོན་ཨ་ལ་ལ། །དམ་ཚིག་རྩ་ལྟར་བོར་བ་ལ། །ཉམས་ལེན་གྱི་ཁེངས་གཏམ་བཞད་གད་བྲོ། །མཚན་ལྡན་གྱི་བླ་མ་མི་མཉེས་པའི། །བརྩོན་འགྲུས་ཀྱི་འབད་འབུངས་


TNT01_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རེ་རེ། །ཆེ་འདོད་དང་ཆོས་བརྒྱད་མ་ཞིག་པའི། །ཞེན་ལོག་སྐད་ཟེར་ཏེ་བརྫུན་རེ་ཆེ། །གྲགས་འདོད་ཀྱི་རླུང་དམར་མ་ཞི་བའི། །དབེན་པ་འགྲིམས་པས་ཅི་ལ་ཕན། །རང་གཞན་གྱི་ཕྱོགས་རིས་ཇེ་འཕེལ་ལ། །སྒྲུབ་པ་བྱེད་སྐད་དེ་ཟོག་རྒན་ཡིན། །འཕྲལ་ཇོ་བཟང་མི་གཤིས་ལེགས་ལེགས་འདྲ། །ཕུགས་སུ་གྱོད་སྦྱོར་དེ་ཕུང་རྒན་ཡིན། །ཆོས་པའི་རྣམ་ཐར་གཙང་བ་དེ། །ཅི་བྱེད་ཆོས་དང་མཐུན་པ་ཡིན། །ཆོས་བརྒྱད་ཀྱི་འཁོར་ལོ་བསྐོར་བ་དེ། །འགྲོ་དོན་སྐད་ཟེར་ཀྱང་ཐེ་ལེ་ལེ། །དྲིན་ཅན་ཕ་མ་མི་འདྲེན་པར། །ཞི་བདེ་དོན་གཉེར་གྱིས་ག་ལ་འོང༌། །གཡོ་ཅན་དྲང་གཏམ་གྱིས་སླུ་བ་ལ། མི་ཤེས་ཀླད་མེད་ཀུན་ཆུ་ལྟར་རྒྱུག །གཏིང་སྐྱོན་འདོན་པའི་གཏམ་སྟེ་གཉིས་པའོ། །མཐའ་ཡས་དུས་ཀྱི་བསྐལ་པ་ལའང༌། །སངས་རྒྱས་འབྱུང་བ་བརྒྱ་ལམ་ཙམ། །སྐྱེ་བ་འབུམ་ཕྲག་དུ་མ་ལའང༌། །མི་ལུས་ཐོབ་པ་ལན་རེ་ཙམ། །མི་ལུས་མ་ཐོབ་པའི་སྐྱེ་བ་གཞན། །ལས་འབྲས་ལ་སྤང་བླང་བྱེད་པ་དཀོན། །དམ་ཆོས་ཀྱི་ཉམས་ལེན་ག་ལ་ཞིག །དམ་ཆོས་རྣ་བར་ཡང་མི་འགྲོ་བའི། །བཟའ་བཏུང་ལོངས་སྤྱོད་སྒྲུབ་ལ་མཁས་པ་དེ། །དུད་འགྲོ་དང་ཁྱད་པར་ཅུང་ཟད་མེད། །དམ་ཆོས་ཉམས་སུ་མ་བླངས་ན། །འཁོར་བའི་འཁོར་ལོ་བསྐོར་བ་ཡིན། །རང་སེམས་འདུལ་ཐབས་ལམ་འབད་ན། །འཁོར་བ་ལ་རང་ཐར་མི་ཡོང་སྟེ་མཆི། །དུས་ད་རེས་བླ་མ་དང་མཇལ་དུས་འདིར། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་


TNT01_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ། །མི་ལུས་ཐོབ་ཀྱང་ཆོས་དང་མཇལ། །མཚན་ལྡན་བླ་མའི་ཞབས་པད་བསྟེན། །གདམས་ངག་ཟབ་དགུ་ཐོབ་དུས་འདིར། །ཉམས་ལེན་མི་བྱེད་ན་རང་ལ་སྡིག །མི་ནོར་ཆེན་སེར་སྣས་བཅིངས་པ་ཞིག །ནོར་ལོངས་སྤྱོད་ཀྱིས་བང་མཛོད་མང་ཡོད་ཀྱང༌། །ཟ་མ་ནུས་ལྟོགས་ནས་ཤི་བ་བཞིན། །ཉམས་ལེན་ཅུང་ཟད་ཀྱང་མི་བྱེད་པའི། །ཆོས་སྣ་མང་པོ་བསགས་པ་སྟེ། །དཔེ་བུམ་གྱིས་མཛོད་ཕུག་བཀང་ན་ཡང༌། །རང་རྒྱུད་ཐ་མལ་དུ་ལུས་ཤིང་འཆི། །དགོས་དུས་ཕན་པ་མི་འབྱུང་ངོ༌། །འདུས་བྱས་མི་རྟག་པའི་རང་བཞིན་གྱིས། །ནམ་ཟླ་དུས་བཞིའི་འགྱུར་བ་དང༌། །ཉིན་མཚན་སྡོད་མེད་ཀྱི་འཁོར་ལོ་བསྐོར། །ཉི་ཟླ་གཟའ་སྐར་གྱི་འཆར་ནུབ་འདི། །དུས་སྡོད་མེད་དུ་སྟོན་པའི་སློབ་དཔོན་ལགས། །གཞན་ཤི་བ་མཐོང་དང་ཐོས་པ་དང༌། །འཕྲལ་ནད་ཀྱིས་བཏབ་དང་རྒས་པ་སོགས། །རྒྱལ་ཁམས་དང་ཡུལ་མིའི་འགྱུར་ལུགས་ཀུན། །ཅིས་ཀྱང་འཆི་བའི་བྱ་གཏོང་ཡིན། །རྒན་གཞོན་དང་དྲག་གཞན་གྱི་དབྱེ་བ་མེད། །ཀུན་གྱིས་བཀུར་བའི་རྒྱལ་པོ་དང༌། །ཤིན་ཏུ་གཅེས་པའི་གྲོགས་དང་བུ། །གཟུགས་བཟང་ནད་མེད་དཔའ་རྩལ་འཛོམ། །འཁོར་དམག་དཔུང་འཛོམ་པའི་ཁ་དྲག་པོ། །ཟད་མེད་ལོངས་སྤྱོད་ཀྱི་དབུས་ན་ཉལ་བ་ཡང༌། །ནམ་ཞིག་འཆི་བ་ལ་ཐུག་པའི་ཚེ། །ཐབས་ཅིས་ཀྱང་ཕན་པ་མི་གདོག་པས། །བསགས་པའི་ནོར་དང་མཛའ་བའི་གྲོགས། །འཚོ་བའི་ཟས་དང་སྙན་


TNT01_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏམ། །ཐམས་ཅད་དབང་མེད་ཤུལ་དུ་ལུས། །འཆི་བདག་རྒྱལ་པོས་ཟིན་པ་ལ། །གཡོ་སྒྱུ་དང་ཐབས་ཀྱིས་མི་ཟློག་ཅིང༌། །ནོར་རྫས་དང་དབང་ཐང་གིས་ཅི་བྱར་ཡོད། །ནམ་ཞིག་འབྱུང་བཞིའི་ཕུང་པོ་འདི། །ནམ་འགྱེས་ཀྱི་དུས་བཏབ་མི་གདོག་པས། །འཕྲལ་འཕྲལ་དུ་དམ་ཆོས་ལ་མ་འབད་ན། །ཤིན་ཏུ་འགྱོད་པར་གྱུར་ཏ་རེ། །ལང་ཚོ་ཡོལ་བར་མ་གྱུར་ཞིང༌། །ནད་ཀྱི་མ་བཏབ་དབང་པོ་གསལ། །སྐད་ཅིག་ཀྱང་སྡོད་པའི་དབང་མེད་པར། །སྨྲ་འཕྲོ་ལ་ཤི་བ་མ་མཐོང་ངམ། །སྤྱིར་ངེས་པར་འཆི་དང་མྱུར་དུ་འཆི། །ནམ་འཆི་ཆ་མེད་ཀྱི་ལོང་མེད་བསམ། །ཅིས་ཀྱང་མི་ཕན་པའི་ངེས་འབྱུང་བསྐྱེད། །བློ་ཆོས་སུ་འགྲོ་བའི་གདམས་ངག་ལགས། །མི་ལུས་རྙེད་པར་དཀའ་ཞིང་མི་རྟག་པའི་གཏམ་སྟེ་གསུམ་པའོ། །རྙེད་དཀའ་དོན་ཆེན་ཐོབ་དུས་འདིར། །སླུ་བ་མེད་པའི་ལས་འབྲས་ལ། །སྤང་བླང་འཁྲུལ་པ་མེད་པར་འཚལ། །མཆོག་དམན་ཀུན་ལ་གདམས་ངག་ཡིན། །དགེ་སྡིག་གི་ལས་ལ་སྤྱད་པ་ནི། །བདེ་སྡུག་གི་འབྲས་བུ་རྒྱ་ཆེར་འཕེལ། །ནས་བྲེ་གང་སྦྱིན་པར་བཏང་བ་ཡང༌། །ཞིང་བསམ་པ་རྣམ་པར་དག་གྱུར་ན། །གནས་མཐོ་རིས་སུ་སྐྱེ་བ་དཔག་མེད་པར། །བདེ་སྐྱིད་ཀྱི་འབྲས་བུ་བསམ་མི་ཁྱབ། །ལས་ཉིན་གཅིག་བསགས་པའི་སྡིག་ལའང༌། །ལོ་གྲངས་མེད་དམྱལ་བར་སྡུག་བསྔལ་མྱོང༌། །གཞན་སྐྱེ་བ་བརྒྱ་སྟོང་དུད་འགྲོ་དང༌། །ཡི་དྭགས་ཀྱི་གནས་སུ་ཁར་མ་འཁོར། །


TNT01_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ལ་མི་རུ་སྐྱེས་ཀྱང་འཕོངས་པ་དང༌། །ཚེ་ཐུང་ལ་སོགས་སྡུག་བསྔལ་ཟད་པ་མེད། །དགེ་བ་ལས་སྡུག་བསྔལ་མྱོང་བ་དང༌། །སྡིག་པ་ལས་བདེ་སྐྱིད་འབྱུང་བ་ནི། །གང་ནའང་སྲིད་པ་མ་ཡིན་པས། །ཕྲ་མོ་ནས་ཞིབ་ཏིག་གལ་རེ་ཆེ། །སྟོང་ཉིད་ཀྱི་རྦད་ཁམ་མ་ཆེ་ཨང༌། །བདག་ཉིད་སྡིག་པས་མ་གོས་ན། ཁམས་གསུམ་གྱི་སེམས་ཅན་དགྲར་ལངས་ཀྱང༌། །ངན་སོང་དུ་འཁྲིད་པའི་གོ་སྐབས་མེད། །བདག་རང་གིས་བྱས་པ་མ་ཡིན་པར། །ཕན་པའི་དགེ་བ་དང་གནོད་པའི་སྡིག །རང་ཅི་འདོད་སྤོ་ཐབས་མི་གདོག་ཅིང༌། །ལས་མ་བྱས་པ་དང་འཕྲད་པ་མེད། །དུས་བསྐལ་པ་འབུམ་ཕྲག་བརྒྱ་འདས་ཀྱང༌། །ལམ་བསྒོམས་ཤིང་སྦྱོང་ཐབས་མ་བྱས་ན། །ལས་རྙིང་ནས་ཆུད་ཟོས་འགྱུར་བ་སོགས། །དོན་མེད་དུ་ཟད་པ་ཡོང་མི་སྲིད། །དེ་ལྟར་འཕེལ་བ་ཆེ་དང་འབྲས་བུ་དེས། །མ་བྱས་འཕྲད་མེད་བྱས་པ་ཆུད་མི་གསོན། །མཚན་ཉིད་བཞི་དང་ལྡན་ཕྱིར་དགེ་སྡིག་གི །ལས་ལ་སྤང་བླང་བྱེད་པ་གལ་རེ་ཆེ། །རང་སེམས་བདག་ཏུ་འཛིན་པས་བཅིངས་པ་ལས། །ཉོན་མོངས་དུག་གསུམ་གྱི་འཆར་སྒོ་འབྱུང༌། །དུག་གསུམ་གྱི་རྣམ་རྟོག་རྒྱ་ཡན་གྱིས། །ལས་བྱས་ཚད་སྡུག་བསྔལ་གཡོས་སུ་མཐོང༌། །འབད་ནས་སྒྲུབས་པའི་དགེ་བ་ཡང༌། །མཐར་འཁོར་བར་འཁྱམས་པའི་རྒྱུ་རུ་འགྱུར། །ལས་གཞན་ལྟ་སྨོས་ཀྱང་ག་ལ་དགོས། །དུས་ད་རེས་གཏན་གྱི་མདུན་མ་སྒྲུབས། །ཉོན་མོངས་པས་ལས་བསགས་སྡུག་


TNT01_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་མྱོང༌། །མ་དག་འཁོར་བའི་སྣང་བ་ཤར། །དར་གྱི་སྲིན་བུ་ཇི་བཞིན་དུ། །རང་གིས་རང་ཉིད་བཅིངས་ནས་ནི། །ནམ་ཡང་ཐར་པ་མེད་པ་ཡིན། །སྡུག་བསྔལ་དཔག་མེད་མྱོང་བ་ལགས། །རང་སེམས་རང་གནས་སུ་མ་ཆུག་པས། །གཅིག་ལ་ཆགས་ཤིང་གཅིག་ལ་སྡང༌། །གནས་ལུགས་མ་རྟོགས་མགོ་བོ་འཁོར། །ཉོན་མོངས་གང་སྐྱེས་ཀྱང་རང་སེམས་ཡིན། །ལས་ནི་ཉོན་མོངས་ཀྱིས་གསོག་པའི་ཕྱིར། །སྡུག་བསྔལ་གྱི་འཁོར་ལོ་བསྐོར་བ་འདིའི། །རྩ་བ་ནི་རང་གི་སེམས་ལས་བྱུང༌། །གྲོལ་ཡང་རང་གི་སེམས་སུ་གྲོལ། །ལས་དང་འབྲས་བུའི་གཏམ་སྟེ་བཞི་པའོ། །འཁོར་བའི་གནས་ཚུལ་དེ་ལགས་པས། །ཟད་མེད་ཀྱི་སྡུག་བསྔལ་བཟློག་པ་དང༌། །དུས་གཏན་དུ་བདེ་བའི་གོ་འཕང་ཞིག །ད་རེས་ཅིས་ཀྱང་ཐོབ་པར་འཚལ། །ལྟ་བ་དང་སྤྱོད་པ་བསྒོམ་པ་གསུམ། །འཛོམ་ཞིང་ལག་ལེན་ལ་ཐེབས་པ་དགོས། །དཔེ་མདུང་སྒྲོམ་བཞག་པ་ཇི་བཞིན་དུ། །དེ་གསུམ་གཅིག་ལ་གཅིག་བརྟེན་ལགས། །ལྟ་མེད་ཀྱི་སྤྱོད་པ་བཟང་ན་ཡང༌། །མཚན་འཛིན་འཁོར་བའི་རྒྱུ་ཞིག་ལགས། །སྤྱོད་པ་ཉམས་པའི་ལྟ་བ་ནི། །བསོད་ནམས་ཚོགས་ཀྱང་མ་རྫོགས་ལ། །ཆད་ལྟའི་གཡང་ལ་ལྷུང་ཉེན་ཡོད། །སྒོམ་པ་མེད་ན་ལྟ་སྤྱོད་ཀྱང༌། །ས་འོག་གཏེར་བཞིན་ཕན་མི་ཐོགས། །ཇི་ལྟར་དབུལ་པོའི་ཁྱིམ་གྱི་འོག །ཏ་ལ་བདུན་སྲིད་ཙམ་ཞིག་ན། །མི་ཟད་རིན་ཆེན་གཏེར་ཡོད་ཀྱང༌། དབུལ་


TNT01_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཀྲེས་པས་ངལ་བ་བཞིན། །ལྟ་སྤྱོད་བཟང་པོ་མང་བཤད་ཀྱང༌། །སྒོམ་པས་སྒྲུབ་པ་དང་བྲལ་བ་ལ། །སེམས་དང་ཆོས་སུ་མ་འདྲེས་པས། །དགོས་དུས་ཕན་ཐོག་འབྱུང་བ་དཀའ། །སངས་རྒྱས་སེམས་ཅན་གྱི་སྤྱི་མེས་དེས། །སེམས་ཅན་རྣམས་ལ་ཕན་དོན་དུ། །ཚུལ་ཁྲིམས་ཤེས་རབ་སེམས་ཞེས་པའི། །བསླབ་པ་རྣམ་གསུམ་གསུངས་པ་ཡིན། །ཚུལ་ཁྲིམས་ཀྱི་བསླབ་པ་སྤྱོད་པ་སྟེ། །ཤེས་རབ་ཀྱི་བསླབ་པ་ལྟ་བ་ཡིན། །སྒོམ་པ་སེམས་ཀྱི་བསླབ་པ་སྟེ། །བསླབ་གསུམ་འདི་ལ་ནན་ཏན་འཚལ། །ལྟ་བའི་རྒྱལ་པོ་མཐའ་བྲལ་སྟེ། །ཡོད་འཛིན་རྟག་པའི་མཐའ་དང་བྲལ། །མེད་འཛིན་ཆད་པའི་མཐའ་དང་བྲལ། །ཅིར་ཡང་མི་འཛིན་དབུ་མའི་ལམ། །ཡ་གི་ཞིག་རྫོགས་པའི་སངས་རྒྱས་ནས། །མ་གི་དམྱལ་ཁམས་ཡན་ཆད་དུ། །ཕྱི་ས་རྡོ་རི་བྲག་འཇིག་རྟེན་དང༌། །ནང་ཕུང་པོ་ཁམས་དང་དབང་པོ་སོགས། །འགྲོ་དྲུག་སྲོག་ཆགས་སུ་སྣང་བ་དང༌། །ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ། །ཕྱི་རོལ་ན་མེད་ཀྱང་ཡོད་པར་སྣང༌། །འདི་ལྟར་སྣང་བ་ཐམས་ཅད་ནི། །ཕྱི་ན་མེད་ཅིང་ནང་ནའང་མེད། །ཡུལ་དང་སེམས་སུ་གྲུབ་པ་མེད། །ཇི་ལྟར་སྨྱོ་བའི་འཁྲུལ་སྣང་ལ། །དོན་ལ་དགྲ་བོ་མེད་ན་ཡང༌། །དགྲ་བོས་རང་ཉིད་འདེད་པར་སྣང༌། །དེ་དགྲ་བོར་སྣང་བ་སེམས་སྣང་ཡིན། །ཕྱི་རུ་མེད་པར་མ་ཟད་ཀྱི། །འཁྲུལ་བས་དགྲ་བོར་སྣང་བ་ལྟར། །


TNT01_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ངོ་བོར་ཡང་ག་ལ་གྲུབ། །གཟུགས་གདོད་ནས་གྲུབ་པ་མེད་པའི་ཕྱིར། །རང་སེམས་འཁྲུལ་པའི་སྣང་བ་ལ། །གཟུགས་ཀྱི་རྣམ་པར་སྣང་མོད་ཀྱི། །གཟུགས་ཕྱིན་མེད་པར་མ་ཟད་ཀྱི། །སེམས་ཀྱི་ངོར་ཡང་ག་ལ་གྲུབ། །རི་བོང་མགོ་ལ་རྭ་མེད་ན། །རྨི་ལམ་དུ་རི་བོང་རྭ་རྨི་ཡང༌། །དེ་འཁྲུལ་པ་ཙམ་གྱི་སྣང་ངོ་ལས། །ཕྱི་ནང་གང་ནའང་ཡོད་མ་ཡིན། །དེ་བཞིན་ཆོས་རྣམས་ཐམས་ཅད་དེ། །འཁོར་བ་གདོད་ནས་སྟོང་པར་མ་ཟད་ཀྱི། །ལམ་གྱི་འཆར་སྒོ་སྣ་ཚོགས་དང༌། །འབྲས་བུ་དག་སྣང་རབ་འབྱམས་ཀྱང༌། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ཀྱི་རང་བཞིན་ནམ་མཁའ་འདྲ། །ནམ་ཡང་འགྱུར་བ་མི་སྲིད་ཅིང༌། །གང་ལའང་ཕྱོགས་ཆ་ཉེ་རིང་བྲལ། ཁ་དོག་དབྱིབས་སོགས་མཚན་ཉིད་མེད། །བལྟར་མེད་གཟུང་དུ་མེད་པ་ལ། །ཇི་ལྟར་བྱས་ཀྱང་ཤོང་བ་དང༌། །སྣོད་བཅུད་ཐམས་ཅད་འཆར་དུ་རུང༌། །ཡོད་མེད་གང་དུའང་བརྗོད་མི་ནུས། །རིན་ཆེན་སེམས་ཀྱི་རྒྱལ་པོ་འདི། །ཅི་ཡང་མ་ཡིན་དམིགས་སུ་མེད། །ཆོས་རྣམས་གང་གིའང་མཚན་ཉིད་དུ། །འདི་ལྟར་ཡོད་ཅེས་བརྗོད་དུ་མེད། །འཁོར་བ་སྣོད་བཅུད་འཇིག་རྟེན་དང༌། །ལས་དང་ཉོན་མོངས་སྡུག་བསྔལ་སོགས། །དད་པ་སྙིང་རྗེ་སྟོང་ཉིད་སྒོམ། །ས་དང་ལམ་གྱི་རིམ་པ་དང༌། །ཉམས་རྟོགས་ཡོན་ཏན་འཆར་སྒོ་དང༌། །འབྲས་བུ་སངས་རྒྱས་ཀྱི་ཐུགས་རྗེ་དང༌། །ཡེ་ཤེས་རྫུ་འཕྲུལ་མཐུ་སྟོབས་དང༌། །འཕྲིན་ལས་རྒྱུན་ཆད་མེད་


TNT01_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་བ་སྟེ། །གཞི་ལམ་འབྲས་བུའི་འཆར་སྒོ་ཟད་མེད་འདི། །རང་སེམས་གཅིག་པུའི་སྣང་བར་ཤར། །དེ་ཕྱིར་མེད་ཅེས་མི་བརྗོད་དོ། །འཁོར་བ་ཐོག་མ་མེད་པ་ནས། །ཕྱི་མའི་མུ་མཐར་ཐུག་གི་བར། །སེམས་ཀྱི་རང་བཞིན་གསལ་སྟོང་སྟེ། །ངན་སོང་དམྱལ་བར་སྐྱེས་དུས་ཀྱང༌། །ངོ་བོ་ངན་དུ་མ་སོང་ཞིང༌། །ནམ་ཞིག་རྫོགས་སངས་རྒྱས་དུས་སུ། །ངོ་བོར་བཟང་པོར་འགྱུར་བ་མེད། །གསལ་ཆ་རྒྱུན་མི་འཆད་ཕྱིར་མེད་པ་མིན། །ཡེ་ནས་ངོས་བཟུང་མེད་ཕྱིར་ཡོད་པ་མིན། །གཉིས་ཀ་མ་ཡིན་གཉིས་ཀ་མིན་པའང་མིན། །དེ་དག་མ་ཡིན་གཞན་ཡང་མ་ཡིན་པས། །རང་སེམས་འདི་ལ་འདི་ཡིན་བརྗོད་དུ་མེད། །བརྗོད་མེད་བསམ་མེད་དབྱིངས་ལ་མཉམ་པར་བཞག །ལྟ་བ་གཙོ་བོར་གྱུར་པའི་གཏམ་སྟེ་ལྔ་པའོ། །རང་བཞིན་ལྟ་བ་རྣམ་དག་དེ། །སྤྱོད་པའི་གྲོགས་དང་སྦྲེལ་བར་བྱ། །དཀར་ནག་ལས་འབྲས་ཀྱི་ཕྲ་ཞིབ་ལ། །བླངས་དོར་ནན་ཏན་དུ་འབད་པ་དང༌། །དམ་ཚིག་དང་སྡོམ་པ་སྲོག་བཞིན་བསྲུངས། །དམ་དུ་བཅས་ཤིང་ཁས་བླངས་པའི། །དགེ་བ་ནན་ཏན་དུ་སྒྲུབ་པ་གཅེས། །གང་བསྟེན་ན་དམ་ཆོས་འཕེལ་བ་དང༌། །དགེ་ལ་སྦྱོར་ཞིང་བློ་མཐུན་ལ། །ཆོག་ཤེས་ལྡན་ཞིང་ཅི་བྱེད་ཀྱང༌། །སྒོ་གསུམ་ཆོས་དང་མཐུན་པ་སྟེ། །མཐོ་དམན་ཇི་ལྟར་ཡིན་ན་ཡང༌། །གྲོགས་བཟང་དེ་འདྲ་རྙེད་ན་བསྟེན། །ད་ལྟ་དུས་ཀྱི་སྐྱོན་ཁོ་ནས། །དེའི་འདྲའི་གྲོགས་བཟང་རྙེད་དཀའ་བས། །གཅིག་


TNT01_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

པུ་དབེན་པར་གནས་པར་བྱ། །ཆོས་ཀྱི་བར་ཆད་བྱེད་པ་དང༌། །སྡིག་པའི་ལས་ལ་སྦྱོར་བ་ཡི། །གྲོགས་ངན་རིང་དུ་སྤང་བར་བྱ། །གྲོགས་སུ་ཞིག་ཡིན་ཡང་ཚེ་འདི་ཡི། །ཆེ་འདོད་དང་སྣང་ཤས་ཆགས་སྡང་སོགས། །ཇེ་འཕེལ་དུ་འགྲོ་བར་འདུག་ན་ནི། །ལུང་པ་གཅིག་ཏུའང་མི་སྡོད་དེ། །རྒྱང་རིང་ཕ་རོལ་འགྲོ་བ་མཆོག །ཆོས་བྱེད་ཉམས་ལེན་འཕེལ་བའི་ས། །གནས་ཆེན་ཡིན་པས་ཡུན་རིང་སྡོད། །ཆགས་སྡང་དང་ཕྱོགས་འཛིན་འཕེལ་བ་དེར། །གྲུབ་ཐོབ་གོང་མའི་བཞུགས་གནས་སམ། །དགེ་འདུན་གྱི་སྡེའམ་ཆོས་ཀྱི་གྲྭ། །བླ་མའི་གདན་ས་ཡིན་ན་ཡང༌། །མི་སྡོད་དབེན་པའི་གནས་སུ་འགྲོ། །ཕྱག་དང་སྐོར་བ་ལ་སོགས་པ། །ལུས་ཀྱི་དགེ་བ་ཅི་འགྲུབ་བྱ། །མི་ལུས་ཐོབ་པ་ལ་མདོ་དོན་ཡོད་པ་ཡིན། །མདོ་འདོན་གསོལ་འདེབས་སྔགས་བཟླས་སོགས། །ངག་གི་དགེ་བ་ཅི་ནུས་བྱ། །ངག་ནུས་པ་རྙེད་པའི་ཕན་ཡོན་ཡོད། །ལྷ་སྒོམ་དང་དད་པ་ཡི་རང་སོགས། །ཡིད་ཀྱི་དགེ་བ་ལ་འབད་པར་བྱ། །སེམས་ཏིང་འཛིན་ལ་རང་བྱང་ཆུབ་ནས་འོང༌། །དགོས་མེད་བྲེལ་བའི་ཡལ་ཡུལ་དང༌། །ལོང་གཏམ་ཟད་མེད་ཀྱི་སྨྲ་བརྗོད་དང༌། །སེམས་མི་འགྱུ་དགུ་འགྱུའི་རྣམ་རྟོག་མཁན། །ལུས་དབེན་པར་བསྡད་ཀྱང་མདོ་མེད་ཡིན། །རྙེད་དཀའི་དལ་འབྱོར་མི་ལུས་འདི། །སོས་དལ་དུ་མ་གཏོང་ཆོས་ལ་འབུངས། །མཆོད་དང་གཏོར་མ་ལ་བརྩོན་པ་དང༌། །ཡོན་གནས་ཀྱི་ཞིང་མཆོག་དགེ་


TNT01_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་དང༌། །སྐུ་གཟུགས་དང་མཆོད་རྟེན་ལ་མཆོད་བགྱིད་ཅིང༌། །དབུལ་འཕོངས་རྣམས་ལ་སྦྱིན་པ་གཏོང༌། །ཀུན་འདུས་ཀྱི་བླ་མ་རིན་པོ་ཆེ། །མཉེས་པར་བྱེད་ཅིང་ཅི་གསུང་སྒྲུབ། །མཐའ་ཡས་འགྲོ་དྲུག་གི་སེམས་ཅན་རྣམས། །ཡི་དམ་དུ་བསྒོམ་ཞིང་གུས་པར་བྱེད། །ཕ་མར་བསྒོམ་ཞིང་ཕན་འདོགས་ན། །མཆེད་གྲོགས་ཀྱི་དག་སྣང་ལྟ་ཅི་སྨོས། །སེམས་ཅན་དང་བསྟན་པ་ལ་གནོད་འདུག་ན། །རང་གི་དོན་ཆེན་ཅི་ཡིན་ཡང༌། །དེ་མ་ཐག་ཏུ་བོར་བ་གཅེས། །དཀོན་མཆོག་ལ་སྨོད་པའི་རྒྱུར་འགྱུར་དང༌། །བཤད་སྒྲུབ་ཀྱི་ཆོས་གྲྭ་ལ་གནོད་པ་དང༌། །དགེ་འདུན་སྡེ་འཁྲུགས་ཀྱི་རྒྱུར་སོང་ན། །རང་གི་ཆེད་དུ་མ་བསམས་ཀྱང༌། །སྡིག་པའི་ཕུང་པོ་མུ་མཐའ་མེད། །བསྐལ་པ་གྲངས་མེད་དུ་དམྱལ་བར་གནས། །ཆེད་དུ་བསམས་ལ་སྨོས་ཅི་དགོས། །ཕ་བསད་ནས་མ་ལ་མཆོད་བྱས་ཀྱང༌། །དགེ་བར་འགྱུར་བ་ག་ལ་ཡོད། །གཞན་གྱི་བསྟན་པ་ལ་གནོད་བྱས་ནས། །རང་བསྟན་པ་འཛུགས་ཟེར་ཨ་ཙ་མ། །བདག་ཉིད་སྤྱོད་པ་ཕུན་ཚོགས་ཀྱང༌། །གཞན་ལ་བརྙས་པ་མི་འཚལ་ཞིང༌། །སྤྱོད་པ་ལ་བཟང་དུ་མི་འཛིན་པར། །བླང་དོར་དུ་སྣང་བ་ཇི་སྙེད་ཀྱང༌། །ཐམས་ཅད་སྒྱུ་མའི་རང་སྣང་ཙམ། །ལས་འབྲས་ཀྱང་རྨི་ལམ་ལྟར་ཤེས་པས། །ཅི་བྱེད་དྲན་པའི་སོ་བས་བཟུང༌། །བླང་དོར་རོ་མཉམ་གྱི་ངང་དུ་ཞོག །སྤྱོད་པའི་སྐབས་ཀྱི་གཏམ་སྟེ་


TNT01_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའོ། །ལྟ་བ་མཐའ་དབུས་མེད་པ་དང༌། །སྤྱོད་པ་བླང་དོར་བྲལ་བ་ཞིག །སྒོམ་པ་ཡེངས་མེད་ཀྱིས་ཉམས་སུ་ལོང༌། །ངེས་པར་དོན་དུ་འགྱུར་ཏེ་མཆི། །སེམས་རང་རིག་རང་གསལ་སོ་མ་ལ། །བཅས་བཅོས་མི་བྱ་རང་དགར་བཞག །ཚོགས་དྲུག་གི་སྣང་བ་འགག་མེད་ལ། །ལྷུག་པའི་ངང་ནས་རང་སོ་བཟུང༌། །གང་ཤར་ལ་ངོ་ཤེས་རྗེན་པ་འཚལ། །གང་ཤར་རང་ངོ་མ་ཤེས་ན། །སྟོང་ཉིད་མི་རྟོག་པའི་སྒོམ་པ་ཡང༌། །བློ་བྱས་ཀྱི་ཆོས་ལས་མ་འདས་པས། །རྟག་ཀྱང་མི་ཐུབ་ཀུ་རེ་དོག །མ་བཅོས་ཀློང་དུ་གྱུར་པའི་ཚེ། །སྤྲོས་བཅས་ཀྱི་སྒོམ་པ་ཅི་བྱས་ཀྱང༌། །རང་ངོ་ཤེས་པའི་གནད་མཆོག་དེས། །ཅི་བྱས་བྱར་མེད་ཀྱི་དབྱིངས་སུ་ཐིམ། །སྣང་བ་དང་རྣམ་རྟོག་ཅི་ཤར་ཡང༌། ཁོ་རང་གི་རང་ངོ་ཤེས་དུས་ན། །གསལ་སྟོང་བརྗོད་མེད་བློ་ལས་འདས། །རང་ཞལ་རྗེན་པར་ལྷང་གིས་མཐོང༌། །སེམས་རང་བཞིན་སྟོང་གསལ་བདེ་བ་དེ། །རྐྱེན་གྱིས་འབྱུང་བ་མ་ཡིན་ལ། །བླ་མ་གདམས་ངག་མཁས་ནས་ཡིན། །སློབ་མ་ཤེས་རབ་ཆེས་པས་མིན། །གཞི་ནས་དངོས་པོའི་གནས་ལུགས་ལགས། །ཡིན་པ་ལ་ཡིན་པར་ངོ་ཤེས་འཚལ། །དྲན་པ་རྒྱུན་ཆགས་མཆོག་ཏུ་གཅེས། །བླ་མ་སངས་རྒྱས་རིན་ཆེན་ལ། །ཡིད་མོས་གུས་དྲག་པོས་གསོལ་བ་འདེབས། །བླ་མའི་ཐུགས་དང་རང་གི་སེམས། །སྤྲོས་བྲལ་ནམ་མཁའ་ལྟ་བུ་གཉིས། །གཅིག་ཏུ་འདྲེས་ལ་གསོལ་བ་ཐོབ། །རང་སེམས་


TNT01_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའི་རང་མཚང་རིག །རང་ལུས་ལྷ་སྐུར་ཤེས་པར་བྱ། །དག་སྣང་རབ་འབྱམས་མཆེད་པ་ཡིན། །འགྲོ་དྲུག་ཕ་མར་ཤེས་པར་བྱ། །སྙིང་རྗེ་མཁའ་ལྟར་ཁྱབ་པ་ཡིན། །སྣང་བ་སྒྱུ་མར་ཤེས་པར་བྱ། །འཛིན་པ་རང་སར་གྲོལ་བར་འགྱུར། །རང་སེམས་སྐྱེ་མེད་དུ་ཤེས་པར་བྱ། །འགྱུར་མེད་ཀྱི་བཙན་ས་ཟིན་པ་ལགས། །གཟུང་བ་ཕྱི་རུ་མ་ལུས་ཤིང༌། །འཛིན་པ་ནང་དུ་མ་ལུས་པར། །གཟུང་འཛིན་གཉིས་སྤངས་ཀྱི་ཤེས་པ་དེ། །རིག་སྟོང་དབྱེར་མེད་ཆོས་ཀྱི་སྐུ། །ཇི་ལྟར་ཆུ་ལ་ཆུ་བླུག་དང༌། །ཇི་ལྟར་མར་ལ་མར་བཞག་བཞིན། །སྣང་སེམས་གཅིག་ཏུ་བསྲེ་བ་ལ། །དྲན་དང་ཤེས་བཞིན་གྱིས་སྐྱོང་བར་འཚལ། །སྒོམ་པའི་སྐབས་ཀྱི་གཏམ་སྟེ་བདུན་པའོ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང༌། །བརྩོན་འགྲུས་བསམ་གཏན་ལྔ་པོ་ཡང༌། །དམིགས་མེད་ཀྱིས་ཟིན་ན་ཕར་ཕྱིན་ཡིན། །ཤེས་རབ་ཉིད་ལ་ལྟ་ཅི་སྨོས། །གོང་ལྟ་སྤྱོད་སྒོམ་པར་བཤད་པ་དེ། །ཉམས་སུ་བླངས་ན་ཕར་ཕྱིན་དྲུག །ཐམས་ཅད་དེ་ཀར་འདུས་པ་ཡིན། །མཆོད་གཏོར་སྦྱིན་པ་ཅི་འགྲུབ་བརྩོན། །ཉེས་སྤྱོད་སྡིག་ལས་ཀུན་ཏུ་བཟློག །ཅི་བྱེད་གཞན་དོན་གྱི་ཚུལ་ཁྲིམས་ཅན། །ཆོས་ཕྱིར་དཀའ་སྤྱད་བཟོད་པ་དང༌། །གཞན་གྱི་གནོད་པ་བཟོད་པར་བྱ། །ཉིན་མཚན་གཡེལ་མེད་བརྩོན་འགྲུས་དང༌། །རྩེ་གཅིག་སེམས་ཀྱིས་བསམ་གཏན་སྒྲུབ། །སྤྲོས་བྲལ་ཤེས་པའི་ཤེས་རབ་སྟེ། །ཐམས་ཅད་དམིགས་མེད་ཀྱིས་


TNT01_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐེབས་དགོས། །ཕ་རོལ་དུ་ཕྱིན་པ་དྲུག་པོ་ཡི། །སྒྲུབ་པ་ཉམས་ལེན་གཞན་ཡོད་མིན། །སྦྱིན་པས་སེམས་ཅན་མགུ་བར་བྱ། །ཆོས་གདམས་ངག་བློ་དང་འཚམ་པར་སྟོན། །ཆོས་བཞིན་ཉམས་ལེན་བྱེད་དུ་གཞུག །རང་ཡང་ཆོས་དང་མཐུན་པར་སྤྱོད། །སྦྱིན་དང་སྙན་པར་སྨྲ་བ་དང༌། །དོན་མཐུན་པ་དང་དོན་གཅིག་སྤྱོད། །བསྡུ་བའི་དངོས་པོ་བཞི་ཞེས་པ། །གཞན་དོན་སྒྲུབ་པའི་ཆོས་སུ་གསུངས། །ལར་རང་སེམས་ལ་རང་གིས་སྒོམ་པ་འདི། །ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཡིན། །རང་བཞིན་འོད་གསལ་གྱི་རྣལ་འབྱོར་ཡིན། །སྣང་གྲགས་ཀུན་ལ་གདོད་མ་ནས། །རྒྱས་བཏབ་ཕྱག་རྒྱ་ཆེན་པོ་ཡིན། །འཁོར་འདས་གཉིས་ཀྱི་དཀྱིལ་འཁོར་ལ། །སེམས་ཀྱི་རྒྱལ་པོ་མ་གོ་ན། །ཆོས་བྱས་པ་རྣམས་ཀྱང་ལྷ་མིའི་རྒྱུར། །ད་སྟོང་ཉིད་མཐར་ཐུག་ཡིན་སྙམ་ཡང༌། །གཟུགས་མེད་ཁམས་སུ་གོལ་ཉེ་གདོག །ལུས་ངག་གི་སྤྱོད་པ་ཟབ་ལགས་ཀྱང༌། །སུམ་ཅུ་རྩ་གསུམ་ལྷ་ཡི་བུ། །ཙིཏྟ་སྙིང་གི་གུར་ཁང་དུ། །རིན་ཆེན་བླ་མ་བསྒོམས་ནས་ཀྱང། །མོས་གུས་ལ་ལྟེམ་འགྱང་མི་འཚལ་ཏེ། །རང་སེམས་ལ་ལྟ་ཞིང་མཉམ་པར་ཞོག །བྱམས་སྙིང་རྗེ་རྒྱུན་མི་འཆད་པར་སྒོམས། །དབྱིངས་སྟོང་པ་དང་རིག་པ་དབྱེར་མེད་པས། །རྣམ་རྟོག་དང་མི་རྟོག་དགག་སྒྲུབ་མེད། །སྣང་བ་དང་སྟོང་པ་དབྱེར་མེད་པས། །ཉོན་མོངས་དང་ཡེ་ཤེས་སྤང་བླང་མེད། །བདག་གཞན་དང་བཟང་ངན་དབྱེར་མེད་པས། །ལྷ་དང་


TNT01_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་ལ་སྤངབླང་མེད། །འཁོར་བ་དང་མྱང་འདས་དབྱེར་མེད་པས། །བདེ་སྡུག་ལ་དགག་སྒྲུབ་ག་ལ་དགོས། ཁྱེད་སྤང་བླང་མི་བྱ་ཕྱག་ཆེན་སྒོམས། །མཉམ་ཉིད་རོ་སྙོམས་ཀྱི་ངང་ལ་ཞོག །དུ་མ་རོ་གཅིག་གི་ངང་དུ་གནས། །རེ་དོགས་མེད་པར་བསྐྱུར་ལ་ཐོང༌། །བདག་གཟུང་མེད་པར་བོར་ལ་ཞོག །རང་སེམས་དང་ཆོས་དབྱིངས་དབྱེ་བ་མེད། །ཤི་གསོན་ལ་ཁྱད་པར་མི་གདའོ། །གཞི་དད་པ་འགྱུར་བ་མེད་པ་དེ། །ཡོན་ཏན་ཀུན་གྱི་རྩ་བ་ཡིན། །རང་འདོད་མ་འཁྲིས་པའི་གཞན་དོན་དེ། །ཐེག་ཆེན་ལམ་གྱི་རྩ་བ་ཡིན། །ཅིས་ཀྱང་དགོས་མེད་ཀྱི་ཞེན་ལོག་འདི། །བློ་ཆོས་སུ་འགྲོ་བའི་རྩ་བ་ཡིན། །ཉམས་མྱོང་རྟོགས་པ་དང་དད་པ་དེ། །ཉམས་ལེན་མཁན་ལ་དགོས་པ་ཡིན། །རྐྱེན་གང་བྱུང་རོ་སྙོམས་ཐུབ་པ་དེ། །བོགས་འདོན་མཁན་ལ་དགོས་པ་ཡིན། །སྒྱུ་མའི་ཉམས་སྣང་ཤར་ཙམ་ན། །ཆོས་བརྒྱད་ཀྱི་རྣམ་རྟོག་ནུབ་པ་སྙམ། །ཆུ་ལ་མི་འབྱིང་མེས་མི་འཚིག །ཚ་གྲང་སྡུག་བསྔལ་མེད་སྙམ་སོགས། གཞན་ཡང་ཡོན་ཏན་བརྒྱད་ལ་སོགས། །ཡོན་ཏན་ཐན་ཐུན་སྐྱེས་པའི་ཚེ། །ང་རྒྱལ་སྙེམས་བྱེད་ཀྱི་བདུད་བྱུང་ནས། །སྒོམ་ཐུར་དུ་འབབ་པའི་ཉེན་གདོག་པས། །བཟང་འཛིན་དང་དགའ་སེམས་ཅི་དགར་བོར། །རྨི་ལམ་ལ་དགའ་བའི་སྒོམ་ཆེན་དེ། །གཉིས་འཛིན་གྱི་སྒྲོག་ཏུ་ཆུད་པ་ཡིན། །ཆེ་འདོད་ཀྱི་ཡོན་ཏན་ལ་དགའ་བ་དེ། །གཡེང་བའི་རླུང་གིས་


TNT01_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་བ་ཡིན། །སྒོམ་པ་ཚོགས་སུ་ཚུད་པ་ན། །རྩོལ་མེད་ཀྱི་དབྱིངས་སུ་ངང་གིས་འཇུག །སངས་རྒྱས་དང་འཁོར་བའི་བར་ཤེད་ན། །རིག་པ་སྐད་ཅིག་མའི་ཁྱད་པར་ཡོད། ཁམས་གསུམ་འཁོར་བའི་སྣང་བ་ཀུན། །རང་ངོ་མ་ཤེས་པའི་སེམས་སྣང་ཡིན། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་ཟེར། །ཡེ་ཤེས་གཅིག་པུའི་རང་སྣང་ལ། །སྐུ་གསུམ་ཡེ་ཤེས་ལྔ་རུ་བཏགས། །རང་བཞིན་སྟོང་ཉིད་མཐའ་བྲལ་ལ། །ཆོས་ཀྱི་སྐུ་ཞེས་རབ་ཏུ་བསྒྲགས། །སེམས་དེའི་གསལ་ཆ་འགག་མེད་དུ། །མཚན་དཔེ་དག་པའི་དཀྱིལ་འཁོར་སོགས། །རྒྱུན་འཆད་མེད་པར་སྣང་བ་ནི། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་འགྱུར། །རང་བཞིན་མ་རྟོགས་པའི་སེམས་ཅན་ལ། །སྙིང་རྗེ་མཁའ་ལྟར་ཁྱབ་པའི་ཕྱིར། །གང་ལ་གང་འདུལ་ཐབས་སུ་སྟོན། །རྒྱལ་བ་སྤྲུལ་པའི་སྐུ་རུ་ཤེས། །ཅིག་ཅར་ཤེས་བྱ་ཀུན་མཁྱེན་ཡང༌། །དེ་དང་དེ་ལ་དེར་འཛིན་མེད། །རྒྱུན་མི་འཆད་ཅིང་ཀུན་ལ་ཁྱབ། །མེ་ལོང་གཟུགས་བརྙན་འདྲ་བས་ན། །འདི་ནི་མེ་ལོང་ཡེ་ཤེས་ཡིན། །ཆོས་རྣམས་མཉམ་པ་ཉིད་མཐོང་བས། །བདག་གཞན་མཉམ་པའི་ཐུགས་རྗེ་ཅན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཆགས་ཐོགས་མེད་པར་དངོས་ཀུན་གྱི། །རང་བཞིན་གསལ་ལ་མ་འདས་པ། །གཟིགས་པ་མེད་པའི་ཚུལ་གྱིས་གཟིགས། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །རྣམ་པར་རྟོག་མེད་ལྷུན་གྲུབ་པར། །


TNT01_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་ཕྱོགས་མེད་འབྱུང་བ་སྟེ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཡིད་བཞིན་ནོར་བུ་འདྲ་བ་ཡིན། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །ཕྱོགས་ལྷུང་མེད་ཅིང་རྒྱར་མ་ཆད། །བརྗོད་བྲལ་དབྱིངས་ཀྱི་སེམས་ཉིད་དེ། །ཡེ་ཤེས་ཐམས་ཅད་འདི་ལས་བྱུང༌། །སེམས་ནི་དྲི་མར་བཅས་པའི་ཚེ། །ལས་ཉོན་སྡུག་བསྔལ་ཟད་མེད་སྣང༌། །སེམས་ལས་བྱུང་ཞིང་སེམས་ལ་ཐིམ། །རྣལ་འབྱོར་ལམ་ལ་གནས་པའི་ཚེ། །དག་དང་མ་དག་འདྲེས་པ་ན། །ལུས་ངག་ཡིད་ཀྱི་ཉམས་དང་རྩལ། །སེམས་སྣང་གི་ཡོན་ཏན་ཇི་སྙེད་པ། །སེམས་ལས་སྐྱེས་ནས་སེམས་སུ་འགག །སེམས་ཉིད་ཤིན་ཏུ་རྣམ་དག་ཚེ། །སངས་རྒྱས་ཞེས་བྱར་མིང་ཐོགས་ཏེ། །སྐུ་གསུམ་ཡེ་ཤེས་ལྔ་དང་ནི། །ཡོན་ཏན་འཕྲིན་ལས་ཟད་མེད་པ། །སེམས་ཀྱི་རང་རྩལ་རྒྱུན་ཆད་མེད། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཞེས་བྱ་རྣམ་གསུམ་པོ། །སེམས་ཉིད་གཅིག་པུའི་མིང་འདོགས་ཡིན། །སེམས་ཉིད་གཏན་ལ་ཕེབས་པའི་ཚེ། །གཞི་ལམ་འབྲས་གསུམ་གཏན་ལ་ཕེབས། །དམ་ཆོས་ཀྱི་རྒྱལ་པོ་ཕྱག་རྒྱ་ཆེ། །གཅིག་ཤེས་ཀུན་གྲོལ་ལ་ནན་ཏན་འཚལ། །བདག་ཅག་ཕྱོགས་མེད་རིས་མེད་ཀྱི། །རྣལ་འབྱོར་ཏཱ་ར་ནཱ་ཐ་ལ། །དད་པ་དང་སྐལ་པར་ལྡན་པ་ཡི། །གྲོགས་དང་སློབ་མས་བསྐུལ་བའི་ངོར། །མཐའ་ཡས་ཚིག་གི་སྤྲོས་པ་སྤངས། །སྡེབ་སྦྱོར་ལེགས་ཁྲིགས་ལ་མ་


TNT01_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པར། །ཉམས་ལེན་ཟབ་མོའི་གནད་བསྐུལ་གཏམ། །མདོར་བསྡུས་བྲིས་ནས་ཕུལ་བ་ལགས།། །།མངྒ་ལཾ།། དགེའོ།།


previousཉམས་ལེན་ཟབ་མོའི་གནད་དུ་བསྐུལ་བའི་གཏམ་མདོར་བསྡུས་པ།next