Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
ལྟ་སྒོམ་སྤྱོད་གསུམ་གྱི་གདམས་པ་མདོ་སྔགས་ལམ་གྱི་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྟ་སྒོམ་སྤྱོད་གསུམ་གྱི་གདམས་པ་མདོ་སྔགས་ལམ་གྱི་སྙིང་པོ།next

ལྟ་སྒོམ་སྤྱོད་གསུམ་གྱི་གདམས་པ་མདོ་སྔགས་ལམ་གྱི་སྙིང་པོ།


TNT01_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྒོམ་སྤྱོད་གསུམ་གྱི་གདམས་པ་མདོ་སྔགས་ལམ་གྱི་སྙིང་པོ་བཞུགས། །ན་མོ་གུ་རུ། བདེ་ཆེན་ཆོས་སྐུ་ནམ་མཁའ་དག་པ་ལ། །མཐའ་དག་སྲིད་གསུམ་སྣང་བ་ཅི་ཡང་ཤར། །ཟུང་འཇུག་གདོད་མའི་ཡེ་ཤེས་མངོན་དུ་གྱུར། །བླ་མ་མཆོག་ལ་དངོས་པོ་ཀུན་གྱིས་འདུད། །བརྗོད་མེད་རང་རིག་དོན་དམ་རྟོགས་པའི་ཐབས། །དད་ལྡན་སློབ་མས་བསྐུལ་ཕྱིར་འདིར་བརྗོད་བྱ། །ངེས་པའི་དོན་ནི་ཚིག་གི་ཡུལ་མིན་ཡང༌། །བརྡ་ལ་བརྟེན་ནས་དོན་དམ་རྟོགས་པར་འགྱུར། །དངོས་པོའི་གནས་ལུགས་གཏན་ལ་དབབ་པའི་ཕྱིར། །འཁྲུལ་མེད་ལྟ་བའི་ངེས་གསང་རྟོགས་པར་བྱ། །གནས་ལུགས་བཞིན་དུ་ཉམས་སུ་མྱོང་བའི་ཕྱིར། །ཉམས་ལེན་སྒོམ་པའི་གནད་ལ་འཁྲུལ་མེད་དགོས། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་ཕྱིར། །ལག་ལེན་སྤྱོད་པ་རྣམ་པར་དག་པ་གཅེས། །གཞིའི་གནས་ལུགས་ཇི་བཞིན་མངོན་གྱུར་པ། །རྒྱུ་འབྲས་དབྱེར་མེད་འབྲས་བུ་མངོན་གྱུར་གནད། །རང་བཞིན་འགྱུར་བ་མེད་དང་སྤྲོས་བྲལ་དང༌། །ལྷན་ཅིག་སྐྱཻས་དང་རང་རིག་རང་གསལ་དང༌། །ཀུན་ཁྱབ་མཐའ་བྲལ་བརྗོད་མེད་ཅེས་པ་སྟེ། །གནས་ལུགས་ལྟ་བའི་གནད་བདུན་རིག་པར་བྱ། །འཇིག་རྟེན་སྲིད་པ་ཆགས་འཇིག་ཅི་


TNT01_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡང༌། །མཁའ་ལ་ཡངས་དོག་མེད་ཅིང་འགྱུར་བ་མེད། འཁོར་འདས་བདེ་སྡུག་མཐོ་དམན་ཐམས་ཅད་ལ། །སེམས་ཀྱི་རང་བཞིན་བཟང་ངན་འཕོ་འགྱུར་མེད། །སྣང་བ་ཅི་ཡང་འཆར་བས་མེད་པ་མིན། །རང་བཞིན་ངོས་གཟུང་བྲལ་ཕྱིར་ཡོད་པ་མིན། །གདོད་ནས་ཅི་ཡང་མིན་པའི་རང་བཞིན་ལ། །བློ་ཡིས་བཞག་པའི་སྤྲོས་པ་ཀུན་དང་བྲལ། །དངོས་པོའི་གནས་ལུགས་སེམས་ཀྱི་རང་བཞིན་འདི། །གསར་བྱུང་མ་ཡིན་གདོད་ནས་ལྷན་ཅིག་སྐྱེས། །འདས་དང་མ་འོངས་ད་ལྟ་དུས་གསུམ་ཡང༌། །ཐ་སྙད་ཙམ་ལས་རང་བཞིན་ཐ་དད་མེད། །ཅང་མེད་མ་ཡིན་རིག་སྟོང་མ་འགགས་པས། །གསལ་ལ་ངོས་བཟུང་མེད་ཅིང་གཏད་སོ་བྲལ། འཁོར་དང་མྱ་ངན་འདས་པའི་སྣང་བ་ཀུན། །རྟག་ཏུ་འཆར་ཞིང་ཤར་དུས་ཉིད་ནས་སྟོང༌། །ནམ་མཁའ་རང་བཞིན་སྟོང་པ་ཙམ་འདི་ལ། །ཤར་ནུབ་ལ་སོགས་ཕྱོགས་ཆ་ཉེ་རིང་མེད། །ཀ་བའི་ནམ་མཁའ་བུམ་པའི་ནམ་མཁའ་ཞེས། །ཚིག་ཙམ་ཡིན་གྱི་སུས་ཀྱང་འབྱེད་མི་ནུས། །དེ་ཕྱིར་སེམས་ཀྱང་མཁའ་ལྟར་ཀུན་ཏུ་ཁྱབ། །ཉམས་ལེན་མ་བྱས་འཁྲུལ་པའི་སེམས་ཉིད་དང༌། །ལམ་གྱི་གནས་སྐབས་རྣལ་འབྱོར་པ་ཡི་སེམས། །འཁྲུལ་སྣང་དག་པ་རྫོགས་སངས་རྒྱས་ཀྱི་སེམས། །མིང་འདོགས་ཐ་དད་དོན་ལ་ཁྱད་པར་མེད། །ཅིར་


TNT01_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཆར་ལ་ཅི་ཡང་མ་ཡིན་པ། །སྟོང་གསལ་ངོས་བཟུང་བྲལ་བ་གཅིག་པུ་ལ། །འཁྲུལ་པས་སོ་སོར་བཏགས་པ་ཁོ་ན་ལགས། །གང་དུའང་གཟུང་རྒྱུ་མེད་པས་མཐའ་དང་བྲལ། །དངོས་པོར་འཛིན་ན་རྟག་པའི་མཐའ་ཡིན་ལ། །སྟོང་པར་འཛིན་ན་ཆད་པའི་མཐའ་ཞེས་གསུངས། །གང་དུའང་མ་གྲུབ་ཕྱིར་ན་བློ་ལས་འདས། །བཟང་ངན་དངོས་པོ་དངོས་མེད་འདུས་བྱས་དང༌། །འདུས་མ་བྱས་སོགས་སྣང་ཞིང་གྲགས་པ་ཡི། །མིང་དང་ཐ་སྙད་ཇི་ཙམ་བརྗོད་ཀྱང་རུང༌། །དངོས་པོའི་གནས་ལུགས་རྟོགས་པར་མི་འགྱུར་ཞིང༌། །སྡོད་ལུགས་ཇི་བཞིན་བརྗོད་པར་མི་ནུས་པས། །ཚིག་གི་ལམ་ལས་འདས་ཤིང་བརྗོད་བྲལ་ཡིན། །དཔལ་ལྡན་བླ་མ་མཆོག་གི་བྱིན་རླབས་ཀྱིས། །རང་རིག་ཙམ་གྱིས་ཉམས་སུ་མྱོང་བྱ་ལགས། །གྲུབ་མཐའ་ཐ་དད་སྣ་ཚོགས་ལྟ་བའི་དོན། །ཀུན་དང་འདི་ཉིད་མཐུན་ཞིང་ཀུན་ལས་ལྷག །གཞན་རྣམས་གནས་ལུགས་ཕྱོགས་རེ་ཙམ་ལ་སྤྱོད། །གདོད་མའི་གནས་ཚུལ་འཁྲུལ་མེད་འདི་ཁོ་ན། །ཉན་ཐོས་པ་རྣམས་གང་ཟག་བདག་མེད་སྒོམ། །རང་རྒྱལ་གཟུང་བའི་ཡུལ་རྣམས་བདེན་མེད་དང༌། །རྣལ་འབྱོར་སྤྱོད་པ་གཉིས་སྟོང་ཡེ་ཤེས་དང༌། །དབུ་མ་པ་རྣམས་ཆོས་ཀུན་བདེན་མེད་ཟེར། །གསང་སྔགས་ཕྱི་བ་སྣང་སྟོང་ལྷ་ཡི་སྐུ། །བླ་མེད་པ་རྣམས་བདེ་སྟོང་དབྱེར་མེད་དེ། །ཐམས་ཅད་རང་སེམས་གཅིག་པུའི་མིང་འདོགས་ཡིན། །


TNT01_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་གཅིག་པུ་གཏན་ལ་འབེབས་པ་ཡིན། །བྱ་བྱེད་བྱེད་པོ་ཀུན་དང་བྲལ་བའི་ཕྱིར། །གང་ཟག་བདག་མེད་ཅེས་པ་སེམས་འདི་ཉིད། །ཡུལ་སྣང་ཐམས་ཅད་སེམས་ཉིད་གཅིག་པུའི་རྩལ། །དེ་ཕྱིར་གཟུང་བ་ཆོས་ཀྱི་བདག་མེད་ཡིན། །ཆུ་རླབས་ཆུ་དང་དབྱེ་བ་མེད་པ་བཞིན། །སྣང་བ་ཐམས་ཅད་རང་སེམས་གཅིག་པུའི་རྩལ། །དེ་ཕྱིར་གཟུང་དང་འཛིན་པའི་དབྱེ་བ་མེད། །རང་བཞིན་གསལ་སྟོང་རྒྱུན་ཆད་མེད་པ་འདི། །གཉིས་མེད་ཡེ་ཤེས་དོན་དམ་གནས་ལུགས་ཡིན། །གཏད་སོ་མེད་ཅིང་དམིགས་སུ་མེད་པ་དང༌། །གཟུང་མེད་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར། ནམ་ཡང་ཡོད་མ་མྱོང་བའི་ཆོས་ཉིད་ཡིན། །འཁོར་འདས་ཀུན་གྱི་རྣམ་པར་འཆར་བ་དང༌། །ཤར་ཙམ་ཉིད་ནས་སྟོང་པས་གསལ་སྟོང་ཡིན། མི་རྟག་སྡུག་བསྔལ་ལ་སོགས་ཐ་སྙད་ཙམ། །དོན་ལ་ངོ་བོ་མ་གྲུབ་བྲག་ཆ་བཞིན། །རང་བཞིན་མི་འགྱུར་བདེ་བ་ཆེན་པོ་ལ། །གང་ཡང་འཛིན་དུ་མེད་པས་བདེ་སྟོང་ཡིན། །ལྟ་བའི་རྒྱལ་པོ་མཐའ་བྲལ་ནམ་མཁའི་དཔེ། །གནས་ལུགས་ཟབ་མོ་ཐུགས་ལ་ངེས་པར་འཚམ། དེ་དག་ལྟ་བའི་གནས་ཚུལ་མདོ་ཙམ་མོ། །ལྟ་བ་མཁའ་ལྟར་ཡངས་པ་སྟེ། །སྒོམ་པར་ཉམས་སུ་མྱོང་བ་གཅེས། །ཉམས་མྱོང་མེད་པའི་ལྟ་བ་ནི། །ཡིད་དཔྱོད་གོ་བ་ཙམ་ལ་ལུས། །ལས་དང་པོ་ཡི་རྣལ་འབྱོར་


TNT01_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

པས། །རྗེས་ཐོབ་གཉུག་མའི་ཡེ་ཤེས་ལ། །རང་ངོ་འཕྲོད་པ་དཀའ་བའི་ཕྱིར། །ཞི་ལྷག་གཉིས་ལ་འབད་པ་གཅེས། །སེམས་ཀྱི་གནས་ཐབས་དགུ་ལ་སོགས། །ཞི་གནས་སྒོམ་པའི་རིམ་པ་དང༌། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ལྷག་མཐོང་ལ་སོགས་རྣམ་གཞག་མང༌། ཁོ་བོ་སྙིང་པོ་ལ་དགའ་བས། །སྤྲོས་པ་དུ་མ་འདིར་མི་འཆད། །ཟབ་མོའི་དེ་ཉིད་ཉམས་མྱོང་དང༌། །རྗེས་སུ་འབྲེལ་བ་མདོ་ཙམ་ནི། །དཔྱད་འཇོག་སྤེལ་མར་སྒོམ་པ་སོགས། །གཞུང་ལུགས་རྣམས་ལས་མང་བཤད་པ། །དེ་ཡང་ལམ་དུ་འགྱུར་མོད་ཀྱི། །མན་ངག་ཅན་ལ་འདི་མི་དགོས། །རང་བཞིན་གདོད་ནས་སྤྲོས་བྲལ་ལ། །དེ་ལྟར་ཡིན་པར་ངོ་ཤེས་པའི། །ཐབས་ཀྱི་རྒྱལ་པོ་ཟླ་མེད་པ། །མཚན་ལྡན་བླ་མའི་མོས་གུས་ཡིན། །རང་གི་སེམས་ཀྱིས་རང་སེམས་ལ། །རང་དབང་འབྱོར་ཕྱིར་ཞི་གནས་སྒོམ། །རང་བཞིན་གདོད་ནས་སྤྲོས་བྲལ་ལ། །ཐག་ཆོད་སྐྱེ་ཕྱིར་སེམས་འཚོལ་བྱ། །གཏན་ལ་ཕེབས་པའི་རང་སེམས་དེ། །ངོ་ཤེས་གཅིག་པུས་ཆོག་པའི་ཕྱིར། །དྲན་པ་འབྲལ་མེད་རྒྱུན་དུ་བསྟེན། །དྲན་པ་མེད་ལ་ངོ་ཤེས་དཀའ། །གནས་ལུགས་གདོད་མ་ཡིན་པའི་ཕྱིར། །མ་བཅོས་སོ་མ་གནད་དུ་ཆེ། །གང་ཤར་གཉུག་མ་ཡིན་པའི་ཕྱིར། །ལྷུག་པར་འཇོག་པ་སྒོམ་གྱི་གནད། །བྱ་བྱེད་ཉམས་ལེན་ཐམས་ཅད་ཀྱི། །མཐར་ཕྱིན་བྱེད་པ་བོགས་འདོན་གནད། །བླ་མ་ཆོས་སྐུར་མཐོང་བ་ཡི། །མོས་གུས་


TNT01_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ལམ་བྱེད་དེ། །སྒོམ་པ་ཉམས་སུ་ལེན་པ་ཡིན། །གནད་མཆོག་བདུན་པོ་བླ་མའི་གསུང༌། །ཉམས་ལེན་མཐའ་རུ་སྐྱོང་བ་ལ། མེད་ཐབས་མེད་པའི་གལ་པོ་ཆེ། །བྱིང་རྒོད་གཉིས་ཀྱིས་མ་སླད་པའི། །རང་སེམས་གསལ་སྟོང་འཛིན་མེད་ནི། །བཏང་འགྲོ་བཞག་སྡོད་རང་དབང་འབྱོར། །ཞི་གནས་སྒོམ་གྱི་རྩ་བ་ཡིན། །བྱིང་ན་སྒྲིམ་ཞིང་ངར་ཆ་འདོན། །རྒོད་ན་སློད་ལ་ལྟ་སྟངས་ཕབ། །ཐུན་མཚམས་སྤྱོད་ལམ་ཅི་བྱེད་ཀྱང༌། །གནས་པའི་རང་སོ་འཛིན་པ་གཅེས། །ལྷ་སྐུ་ཐིག་ལེ་ལ་སོགས་པ། །དམིགས་པའི་རྣམ་གཞག་གང་གསུངས་ཀྱང༌། །རྟེན་མེད་རིག་པ་སྒོམ་མེད་དུ། །འཇོག་པ་ཁོ་ན་ཟབ་པར་འཁུམས། །རང་སེམས་ལ་རང་སེམས་ཀྱིས་བལྟས་པས། །གསལ་ལ་བརྗོད་བྲལ་ངོས་གཟུང་མེད་པར་འཁུམས། །ཀུན་རྫོབ་གཟུགས་དང་ཁ་དོག་གནས་དང་དུས། །བཙལ་བས་མ་རྙེད་གདོད་མའི་གནས་ལུགས་མཐོང༌། །དེ་ཚེ་རང་སེམས་སྟོང་གསལ་ཆོས་ཀྱི་སྐུ། །རྒྱུན་དུ་ཡོད་ཀྱང་སྔོན་ཆད་མ་ཤེས་པ། །ངོ་ཤེས་རྒྱུན་ཆད་མེད་པ་དགོས་པས་ན། །རྟག་ཏུ་དྲན་པས་སྐྱོང་བ་གནད་དུ་ཆེ། །དྲན་བྱ་དྲན་བྱེད་དབྱིངས་སུ་མ་དག་པར། །དྲན་པ་སྐྱེས་དུས་རང་ཞལ་ལྟ་ཤེས་ཀྱིས། །དྲན་པ་ཉམས་ཚེ་ཐ་མལ་པ་དང་འདྲ། །ངོ་ཤེས་དྲན་པའི་རྩ་བར་ཐུག་པ་ཡིན། །ངོ་ཤེས་མེད་པའི་གནས་པ་གཏི་མུག་


TNT01_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །རང་ངོ་ཤེས་ནས་རྣམ་རྟོག་ཆོས་ཀྱི་སྐུ། །ཤེས་ན་ཐམས་ཅད་ཆོས་སྐུའི་ཡོ་ལངས་ཏེ། །མིན་ན་ཐམས་ཅད་སྤྲོས་པའི་མགོ་སྐོར་ཡིན། །ཆུ་དང་མར་མེ་རང་གསལ་གཅིག་ཏུ་ཞོག །བྲམ་ཟེ་ཆེན་པོས་དེ་སྐད་གསུངས་པ་བཞིན། །མ་བཅོས་སོ་མ་ཉམས་ལེན་སྒོམ་གྱི་མཐིལ། །བཅོས་མའི་ཉམས་མྱོང་བཟང་ཡང་ན་བུན་འདྲ། །རིག་པས་དཔྱད་པའི་སྟོང་ཉིད་སྒོམ་པ་དང༌། རིལ་འཛིན་རྗེས་གཞིག་སྤྲོ་བསྡུའི་སྟོང་ཉིད་དང༌། །ལྷ་སྒོམ་སྔགས་བཟླས་སོགས་ཀྱི་བྱིན་རླབས་དང༌། །རྩ་ཡི་རྣལ་འབྱོར་སྒོམས་པའི་སྟོང་ཉམས་དང༌། །རླུང་གི་གདམ་ངག་བསྒོམས་པའི་གསལ་བ་དང༌། །ཐིག་ལེ་བསྒོམས་པའི་བདེ་བའི་ཡེ་ཤེས་དང༌། །རྟག་སྣང་འཆར་སྒོ་སྣ་ཚོགས་འབྱུང་བ་རྣམས། །ཐམས་ཅད་རྐྱེན་ལ་ལྟོས་ཤིང་གློ་བུར་བ། །རྫས་སྔགས་འཛོམ་པས་མིག་འཕྲུལ་མཐོང་བ་བཞིན། །རྒྱུ་རྐྱེན་འཛོམ་ཚེ་འབྱུང་ལ་གཞན་མི་འབྱུང༌། །མི་བརྟན་མི་རྟག་འཕེལ་འགྲིབ་ཡལ་ཡོལ་བྱེད། །གདོད་མ་མ་ཡིན་འཕྲལ་དུ་སྐྱེ་ཞིང་འཇིག །མ་བཅོས་གཉུག་མའི་ཉམས་ལེན་གྱིས་ཟིན་ན། །དེ་དག་ཀུན་ཡང་འགྱུར་མེད་ཆོས་ཀྱི་སྐུ། །བློས་བྱས་བསྒོམ་དེ་ཇི་ལྟར་བཟང་ན་ཡང༌། །གསོག་གསོབ་སྙིང་པོ་མེད་པ་ཡ་མ་རླ། །བཟང་པོར་མིང་བཏགས་གཉེན་པོར་བཅོས་པ་དང༌། །རྣམ་རྟོག་འཁྲུལ་པས་སྣ་ཚོགས་བཅོས་པ་འདི། །


TNT01_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ན་བུན་སྤྲིན་གྱིས་སྒྲིབ་པ་བཞིན། །གནས་ལུགས་རང་ཞལ་བལྟ་བའི་བར་ཆད་ཡིན། །གསེར་གྱི་ཐིག་པོ་གསེར་དུ་བསྒྱུར་མི་དགོས། །སྣང་གྲགས་ཐམས་ཅད་རང་བཞིན་སྤྲོས་བྲལ་ལ། །ཐབས་ཀྱིས་གསར་དུ་སྤྲོས་པ་བཅོས་མི་དགོས། །རང་བཞིན་དེ་ལ་བཟོ་བཅོས་མེད་པར་བཞག །རྟོག་མེད་རང་ངོ་ཤེས་ཤིང་སེམས་གནས་ན། །མཁའ་དབྱིངས་ལྟ་བུའི་ངང་དེར་ལྷན་ནེ་སྒཽམ། །བཟང་ངན་རྣམ་རྟོག་ཇི་ལྟར་ཤར་ན་ཡང༌། །དེ་ལ་བཟོ་བཅོས་མེད་པར་ལྷུག་པར་བཞག །ཉོན་མོངས་སྐྱེས་ཀྱང་གང་སྐྱེས་གསལ་སྟོང་ཡིན། །ངེས་འབྱུང་སྙིང་རྗེ་སྐྱེས་ཀྱང་གསལ་སྟོང་ཡིན། །གང་སྐྱེས་གང་ཤར་ཐམས་ཅད་རོ་གཅིག་ལ། །སྤང་བླང་དགག་སྒྲུབ་བྱེད་ན་རང་ལ་སྡིག །ཉོན་མོངས་རྣམ་རྟོག་ཆེད་དུ་མི་དགག་ཅིང༌། །ཡེ་ཤེས་བཟང་རྫུ་ལོགས་ནས་མི་འཚོལ་བར། །སྤང་གཉེན་རོ་མཉམ་ངོ་བོ་ཐ་དད་མེད། །གདོད་མའི་དབྱིངས་ལས་ལོགས་སུ་མ་གྲུབ་པས། །མཉམ་ཉིད་ངང་དེར་མཉམ་པར་བཞག་པར་བྱ། །རྩོལ་མེད་བྱར་མེད་ཀློང་དུ་གྱུར་པ་ན། །སྤྲོས་པའི་སྣང་བ་ཇི་ལྟར་བསྟན་ན་ཡང༌། །ཆུ་ཟླ་བཞིན་དུ་ལས་མེད་བདག་པོ་མེད། །གཟུགས་སོགས་ཡུལ་སྣང་ཇི་ལྟར་ཤར་ན་ཡང༌། །རང་བཞིན་གཉུག་མའི་དོན་ལས་མ་འདས་པས། །དེ་ལ་བཟོ་བཅོས་མི་དགོས་ལྷུག་པར་ཞོག །ནམ་


TNT01_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟ་བུར་འགྱུར་བ་མེད་པ་ཡིན། །ལུས་ངག་ཡིད་ཀྱི་སྤྱོད་པ་ཅི་བྱེད་དང༌། །སྤྲོས་བཅས་ཉམས་ལེན་ཇི་ལྟར་བྱེད་ན་ཡང༌། །ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་ཡི། །རང་འོད་ཙམ་དུ་ཤེས་པའི་ངང་དུ་སྤྱོད། །མཚན་ལྡན་བླ་མ་རང་སེམས་སྣང་བ་ཙམ། །བླ་མ་རང་བཞིན་གསལ་སྟོང་སྐྱེ་འགག་མེད། །རང་གི་སེམས་ཀྱང་དེ་དང་གཅིག་པར་ཤེས། །སྣང་བ་ཐམས་ཅད་སེམས་ཀྱི་གཟུགས་བརྙན་ཙམ། །རང་སེམས་བླ་མ་སྣང་བ་རྣམ་གསུམ་པོ། །མིང་འདོགས་ཐ་དད་དོན་ལ་ཁྱད་པར་མེད། །ཐམས་ཅད་རོ་མཉམ་ནམ་མཁའ་ལྟ་བུར་རྟོགས། །ཆོས་སྐུར་རྟོགས་ན་མོས་གུས་ཚུད་པ་ལགས། །ཀུན་རྫོབ་སྣང་བར་མཛད་སྤྱོད་ཅི་མཛད་ཀྱང༌། །རང་སྣང་ཙམ་དུ་ཆོས་སྐུའི་རྣམ་རོལ་དང༌། །གཞན་སྣང་སེམས་ཅན་འཁོར་བར་འདྲེན་པའི་ཐབས། ཁོ་ནར་མཐོང་ཚེ་མོས་གུས་ཚད་དུ་ཕྱིན། །ཅི་མཛད་ཡེ་ཤེས་རོལ་པར་མཐོང་བ་ལ། །བླ་མ་ལོངས་སྐུར་མཐོང་བའི་མོས་གུས་ཟེར། །ལེགས་ཉེས་གང་མཛད་གཞན་དོན་ཁོ་ནར་ཤེས། །མཚན་ལྡན་བླ་མ་སྤྲུལ་སྐུར་མཐོང་བ་ཡིན། །བླ་མ་རང་སེམས་དབྱེར་མེད་ཆོས་སྐུར་མཐོང༌། །གནས་ལུགས་དོན་གྱི་རྟོགས་པ་འགྱུར་བ་མེད། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུའི་མོས་གུས་སྐྱེ། །འབད་མེད་གཞན་དོན་ཕྲིན་ལས་འབྱུང་ཞེས་གསུངས། །སྒོམ་པས་ཉམས་སུ་


TNT01_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བླང་ཚུལ་མདོ་ཙམ་མོ། །ལྟ་སྒོམ་མཐའ་རུ་ཕྱིན་བྱེད་སྤྱོད་པ་སྟེ། །ལག་ལེན་བླང་དོར་འཁྲུལ་པ་མེད་པ་གཅེས། །དཀར་ནག་ལས་འབྲས་བསླུ་བ་མེད་མོད་ཀྱི། །སྒྱུ་མ་ལྟ་བུར་སྣང་བ་རང་བཞིན་མེད། །སྡིག་སྤོང་དགེ་བ་སྒྲུབ་དང་དབུ་མའི་ལམ། །ཅི་བྱེད་གཞན་དོན་སྒྱུར་དང་དུས་ཀུན་ཏུ། །དག་སྣང་ལྷ་སྐུ་སྟོང་ཉིད་དང་འབྲེལ་བ། །གདོད་མའི་དབྱིངས་ལས་གཡེལ་བ་མེད་པར་སྤྱོད། །དེ་ལྟར་གནས་བདུན་རྣམ་དག་སྤྱོད་པ་ལགས། །མི་དགེ་རྒྱུ་འབྲས་གདོད་ནས་སྟོང་ཉིད་དུ། །ལེགས་པར་རྟོགས་པའི་སྒོ་ནས་སྤང་པ་དང༌། །ཉིན་མཚན་ཕྱེད་པར་དགེ་ལ་འབད་བྱེད་ཀྱང༌། །ཆུ་ཟླ་བཞིན་དུ་ང་རྒྱལ་རློམ་སེམས་མེད། །འདོད་ཡོན་གང་ལའང་ཞེན་པ་སྤངས་བྱས་ནས། །ཚོགས་ཀྱིས་མི་སྒྲུབ་ཀུན་སྤངས་སྤྱོད་པ་ཅན། །ཆོས་བཞིན་འབད་པ་མེད་པར་རྙེད་གྱུར་ན། །རང་སེམས་སྙིང་པོར་འཇོག་བཞིན་ལོངས་སྤྱོད་པ། །འདོད་པའི་མཐའ་དང་ངལ་ཞིང་དུབ་པ་སྟེ། །མཐའ་གཉིས་སྤངས་པ་དབུ་མའི་ལམ་ཞེས་གསུངས། །འདོད་ཆུང་ཆོག་ཤེས་ལྡན་པའི་སྒོ་ནས་ཀྱང༌། །འདི་ལྟར་བསྒྲུབས་ན་སྤྱོད་པ་རྣམ་པར་དག །བྱ་བ་ཅི་བྱེད་ལེགས་ཉེས་ཅི་བྱུང་ཡང༌། །བྱང་ཆུབ་སེམས་ཀྱིས་ཟིན་ན་གཞན་དོན་ཡིན། །ཐུན་དང་ཐུན་མཚམས་སྤྱོད་ལམ་ཐམས་ཅད་དུ། །སྣང་སྲིད་དག་སྣང་


TNT01_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐུའི་ལམ་ཁྱེར་བྱ། །ཇི་ལྟར་སྤྱོད་པ་ཐམས་ཅད་རང་གི་སེམས། །སེམས་ཉིད་ངོས་བཟུང་བྲལ་བ་དགག་སྒྲུབ་མེད། །བྱ་བ་ཐམས་ཅད་བྱས་སྟོང་ངང་དུ་ཐིམ། །སྟོང་པའི་ངང་ལས་སྤྱོད་པའི་རྩ་མ་འགགས། །རང་ངོ་ཤེས་ཚེ་སྤྱོད་པ་ཅི་སྤྱད་ཀྱང༌། །བྱ་བྱེད་རོ་མཉམ་དབྱེར་མེད་གདོད་མའི་གཤིས། །དབྱིངས་ལས་གཞན་དུ་འཕོ་འགྱུར་མེད་པ་ལ། །རྩོལ་མེད་ལྷུན་གྲུབ་ཐོབ་པར་བྱ་ཕྱིར་འབད། །ལྟ་སྒོམ་སྤྱོད་གསུམ་རྣམ་དག་ལ་འབད་ན། །འབྲས་བུ་མཆོག་ལ་སོམ་ཉི་ག་ལ་ཡོད། །ལམ་ལྔ་ས་བཅུའི་རིམ་པ་མངོན་གྱུར་ནས། །བརྩོན་འགྲུས་ལྡན་པས་ཚེ་འདིར་བྱང་ཆུབ་འགྲུབ། །རང་བཞིན་འགྱུར་མེད་སྐུ་གསུམ་དང༌། །གློ་བུར་མ་ཡིན་རྒྱུན་ཆད་མེད། །བསམ་གྱིས་མི་ཁྱབ་པ་ཡི་གནས། །འབྲས་བུ་འགྲུབ་པའི་གནད་བདུན་ཡིན། །ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཤེས་བྱ་གཤིས་ཀྱི་གནས་ལུགས་ཏེ། །རྟོགས་ཤིང་གཏན་ལ་ཕེབས་པ་ལ། །འབྲས་བུ་ཐོབ་པར་མིང་དུ་བཏགས། །སངས་རྒྱས་ཞེས་བྱ་བཟང་བཟང་པོ། །ལེགས་ནས་བྱུང་བ་མ་ཡིན་ཏེ། །གཞི་ཡི་གནས་ལུགས་འགྱུར་མེད་དེ། །རང་གིས་རང་ས་ཟིན་པ་ལགས། །སྟོང་པའི་རང་བཞིན་ཆོས་ཀྱི་སྐུ། །གསལ་བའི་རང་བཞིན་ལོངས་སྤྱོད་རྫོགས། །བྱ་བྱེད་སྣང་བ་སྤྲུལ་པའི་སྐུ། །སེམས་ཉིད་གཅིག་པུ་སྐུ་གསུམ་དངོས། །འབྲས་བུ་སངས་


TNT01_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཡོན་ཏན་ཀུན། །སེམས་ཀྱི་རང་སྣང་མ་འགགས་པའི། །རྩལ་ཡིན་རྐྱེན་ལས་བྱུང་བ་མིན། །དུས་གསུམ་སྣང་བ་འཁྲུལ་པའི་ཆོས། །དོན་ལ་འདས་དང་མ་འོངས་མེད། །རང་བཞིན་ངོས་གཟུང་མེད་པ་ལ། །སྐྱེ་འགག་རྒྱུན་ཆད་ག་ལ་ཡོད། །འབྲས་བུའི་ཡེ་ཤེས་བསམ་ཡས་ཕྱིར། །ཚིག་དང་བརྗོད་པའི་ཡུལ་ལས་འདས། །རྣམ་རྟོག་བློ་ཡིས་གཞལ་དུ་མེད། །བཟང་ངན་འཛིན་པའི་ཡུལ་ལས་འདས། །གདོད་ནས་དམིགས་གཏད་མེད་པ་ལ། །རེ་དོགས་བྱ་ས་མ་རྙེད་པས། །ཞེན་མེད་འབད་མེད་བརྩོན་འགྲུས་ཀྱིས། །འབྲས་བུ་ཀློངས་སུ་འགྱུར་བར་འཚལ། །གདོད་མའི་རང་བཞིན་ཉམས་མྱོང་གིས། །གཏན་ལ་འབེབས་ཚེ་ཚོགས་ཀྱི་ལམ། །ཆོད་ནས་སྦྱོར་ལམ་སྐྱེས་པར་ཤེས། །རྩ་བྲལ་མངོན་གྱུར་མཐོང་བའི་ལམ། །དེ་ནས་རྟོགས་པའི་རང་ངོ་ལ། །གསར་དུ་སྐྱེད་བོགས་དབྱུང་རྒྱུ་མེད། །མེ་ལོང་ཡེ་ཤེས་སྣང་བའི་རྩལ། །འགག་མེད་ཕྱོགས་བཅུར་རྒྱས་པའི་ཕྱིར། །ཕྱི་ནང་སྤྱོད་པ་ལེགས་སྤྱད་པས། །སྒྲིབ་གཉིས་རྩད་ནས་དག་པའི་ཚེ། །འབྲས་བུ་རྫོགས་པའི་སངས་རྒྱས་ཟེར། །དེ་འདྲའི་ཉམས་ལེན་རིམ་པ་ནི། །འདུ་འཛི་སྤངས་ཏེ་དབེན་པའི་གནས། །བསྟེན་ཞིང་བསམ་གཏན་དང་མཐུན་པའི། །ཡོ་བྱད་ཅུང་ཟད་ལ་བརྟེན་ཏེ། །བླ་མ་དམ་པའི་ཞལ་


TNT01_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བཞིན། །མན་ངག་རྩེ་གཅིག་ཉམས་སུ་བླང༌། །ལུས་ངག་འདུ་འཛིས་དབེན་པ་དང༌། །སེམས་ནི་ཐ་མལ་རྟོག་པས་དབེན། །རྙེད་དཀའ་འཇིག་སླའི་མི་ལུས་ཐོབ་དུས་འདིར། །སྡུག་བསྔལ་འཁོར་བ་འཁྲུལ་པའི་འཁོར་ལོ་ལ། །ངེས་པར་འབྱུང་ཞིང་མཐའ་ཡས་སེམས་ཅན་རྣམས། །རང་གི་སེམས་ལ་རང་ཉིད་འཁྲུལ་མཐོང་ནས། །འགྲོ་ཀུན་འཁྲུལ་པའི་རང་འཚང་བཤིག་པའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་ལ་འདུན་པ་བསྐྱེད། །ཐུན་མགོར་ངེས་འབྱུང་སྐྱབས་འགྲོ་སེམས་བསྐྱེད་བསྒོམ། །འཇུག་ཏུ་ཡང་ཡང་བསྔོ་བས་རྒྱས་འདེབས་གཅེས། །དངོས་གཞིའི་ཉམས་ལེན་ཞི་གནས་ལྷག་མཐོང་གཉིས། །སྤྱོད་པ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི། །ཐུན་མཚམས་ཕྱག་མཆོད་ལ་སོགས་ཡན་ལག་བདུན། ཁྱད་པར་བདག་གཞན་བརྗེ་བའི་ཉམས་ལེན་གཅེས། །འདི་དག་ཕ་རོལ་ཕྱིན་པའི་ཉམས་ལེན་ཡིན། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་བཅུད། །གཞན་ཡང་གསང་སྔགས་ཐུན་མོང་མིན་པའི་ལམ། །འབྲས་བུ་ལམ་དུ་བྱེད་པའི་གནད་མཆོག་ནི། །སེམས་ཀྱི་རང་རྩལ་འགགས་པ་མེད་པ་ལ། །གཟུགས་སྐུའི་སྣང་བ་འཆར་བའི་ནུས་པ་ཡོད། །གཞི་འབྲས་གཉིས་དང་མཐུན་པར་བསྐྱེད་རིམ་བསྒོམ། །བསྒོམས་པས་མ་དག་སྣང་བ་དབྱིངས་སུ་


TNT01_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

འདག རང་བཞིན་བདེ་སྟོང་ཀུན་གཞིའི་ངོ་བོ་ལས། །ཆོས་སྐུའི་གནས་ལུགས་ལོགས་སུ་མེད་པའི་ཕྱིར། །གཞི་འབྲས་གཉིས་དང་མཐུན་པར་རྫོགས་རིམ་ལམ། །བདེ་སྟོང་དབྱེར་མེད་བསྒོམས་པས་ཆོས་སྐུ་འགྲུབ། །སེམས་ལ་འཁྲུལ་པའི་བག་ཆགས་བཞི་ཡོད་པས། །ལུས་ལ་འཁོར་ལོ་བཞི་ཡི་རྩ་ཁམས་ཆགས། །དེ་ལས་གནས་སྐབས་བཞི་ཡི་འཁྲུལ་སྣང་འབྱུང༌། །དེ་རྣམས་གནད་ཀྱིས་ཟིན་ན་སྐུ་བཞིའི་རྒྱུ། །སྙིང་གར་གཉིད་འཐུག་རྨོངས་པའི་འཁྲུལ་པ་འཆར། །གནས་དེར་འོད་གསལ་ཕྱག་རྒྱ་ཆེ་བསྒོམས་པས། །སྤྲོས་ཀུན་ཉེ་བར་ཞི་བའི་ཆོས་སྐུ་འགྲུབ། །གཞི་ལམ་འབྲས་གསུམ་རྟོག་མེད་དབྱིངས་སུ་མཐུན། །མགྲིན་པས་རྨི་ལམ་བར་དོའི་གསལ་སྣང་འཆར། །རྨི་ལམ་ལྷ་སྐུའི་ལམ་ཁྱེར་མགྲིན་པའི་གནད། །འབྲས་བུ་ལོངས་སྐུའི་དག་སྣང་རབ་འབྱམས་འབྱུང༌། །འདི་གསུམ་གསལ་སྣང་ཕྲ་མོ་རང་བཞིན་གཅིག །སད་དུས་འཁྲུལ་སྣང་རགས་པ་ལྟེ་བའི་མཐུ། །སྒྱུ་ལུས་ལྷ་སྐུ་བདེན་མེད་གནད་ཀྱང་དེ། །སྣ་ཚོགས་སྤྲུལ་པས་དོན་བྱེད་སྤྲུལ་སྐུ་འབྲས། །གཞི་ལམ་འབྲས་གསུམ་རགས་པའི་སྣང་བར་མཐུན། །འགྱུར་བའི་བདེ་བ་སྤྱི་བོའི་གནད་ལས་འབྱུང༌། །གཏུམ་མོའམ་ལས་རྒྱ་གནད་དུ་བསྣུན་པའང་ཏེ། །འབྲས་བུ་འགྱུར་མེད་བདེ་བ་ཆེན་པོའི་


TNT01_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །གཞི་ལམ་འབྲས་གསུམ་བདེ་བའི་ངོ་བོར་མཐུན། །སེམས་ནི་རང་བཞིན་སྟོང་དང་གསལ་བ་དང༌། །གསལ་བའི་རང་གདངས་སྣ་ཚོགས་འཆར་བ་དང༌། །རང་བཞིན་བདེ་བ་ཆེན་པོར་གནས་པ་ལགས། །རང་ངོ་མ་ཤེས་འཁྲུལ་པའི་གནས་སྐབས་བཞི། །རང་བཞིན་གནས་ལུགས་མངོན་གྱུར་སྐུ་བཞི་ཡིན། །བླ་མེད་རྡོ་རྗེ་ཐེག་པའི་ཉེ་ལམ་གྱི། །གནད་ཀྱི་སྙིང་པོ་བསྡུས་པའང་དེ་ཙམ་སྟེ། །ཟབ་དོན་བདུད་རྩིས་རང་སེམས་ཚིམ་པར་མཛོད། །དེ་ལྟར་མདོ་སྔགས་ལམ་གྱི་གདམས་པ་འདི། །སྐལ་ལྡན་ཁྱེད་ཀྱི་ཐུགས་ལ་རབ་འཕྲོད་ནས། །དཔག་ཡས་འགྲོ་རྣམས་བྱང་ཆུབ་ལ་འགོད་པའི། །ཐབས་བཟང་མཆོག་གིས་སྨིན་ཞིང་གྲོལ་བྱེད་ཤོག །འདི་དག་ཉམས་མྱོང་དུ་མ་དང་འབྲེལ་མོད་ཀྱི། །རང་བཟོས་སྦྱར་བ་མ་ཡིན་ཏེ། །སྙིང་པོ་ལོགས་ནས་མི་བཙལ་བའི། །ལྟ་བ་མ་བཅོས་ལྷུག་པ་ནི། །རྒྱལ་བ་ཏིང་འཛིན་རྒྱལ་པོའི་མདོར། །གཟུགས་ཀྱི་རང་བཞིན་གཞན་ཡིན་ལ། །སྟོང་ཉིད་གཞན་དུ་མ་གསུངས་སོ། །གང་གིས་གཟུགས་རྣམས་རབ་ཤེས་པ། །དེས་ན་སྟོང་པ་རབ་ཏུ་ཤེས། །གང་གིས་སྟོང་ཉིད་རབ་ཤེས་པས། །དེས་ནི་མྱ་ངན་འདས་པ་ཤེས། །རྣམ་པ་འདིས་ནི་མི་ཤེས་པའི། །དམིགས་པ་ཅན་རྣམས་རབ་ཏུ་རླག །ཅེས་གསུངས་ལང་གར་གཤེགས་མདོ་ལས། །འཇིག་རྟེན་སྐྱེ་འཇིག་མ་མཆིས་ཏེ། །ནམ་མཁའི་མེ་ཏོག་རབ་ཏུ་འདྲ། །


TNT01_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཡོད་དང་མེད་མ་དམིགས། །ཞེས་གསུངས་སོ། །གཟུང་འཛིན་མེད་ཅིང་གཉིས་མེད་ཀྱི། །ཡེ་ཤེས་ཡོད་དང་རྣམ་ཤེས་མེད། །རྣམ་པར་མི་རྟོག་ཡེ་ཤེས་ནི། །ལས་དང་སྤྱོད་པ་ཀུན་འདྲ་བར། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་གསུངས་བྲམ་ཟེ་ཆེན་པོས་ཀྱང༌། །ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཉམས་ལེན་སྒོམ་ནི་སམྦུ་ཊིར། །སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སེམས་ལ་སྐུ་གཉིས་ཚང་ཚུལ་ནི། །དགྱེས་པ་རྡོ་རྗེའི་རྩ་རྒྱུད་ལས། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཏེ། །མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་གསུངས་སྐུ་བཞིའི་འབྲེལ་རྩི་བ། །སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང༌། །སྐུ་གསུམ་པོ་ནི་རྣམ་པར་གནས། །ཞེས་སོགས་རྒྱུད་དུ་གསལ་བར་གསུངས། །ཞེས་པ་ནི་སྒྲུབ་པ་མཆོག་ལ་ཉེ་བར་གཞོལ་པ། སློབ་མའི་དོན་པོ་བྱམས་པ་རིན་ཆེན་གྱིས་ཉེ་བར་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེར་སྦྱར་བའོ།། །།དགེ་ལེགས་འཕེལ། །


previousལྟ་སྒོམ་སྤྱོད་གསུམ་གྱི་གདམས་པ་མདོ་སྔགས་ལམ་གྱི་སྙིང་པོ།next