Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
ཞལ་གདམས་རིན་ཆེན་འཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞལ་གདམས་རིན་ཆེན་འཕྲེང་བ།next

ཞལ་གདམས་རིན་ཆེན་འཕྲེང་བ།


TNT01_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་རིན་ཆེན་འཕྲེང་བ། ཀྱཻ། སློབ་དཔོན་དུ་རང་གི་སེམས་འདི་བཟང༌། །ལམ་སྣ་རུ་བླ་མ་རྗེ་འདི་བཟང༌། །ལྟ་བ་རུ་གང་ཤར་ངོས་འཛིན་བཟང༌། །སྒོམ་པ་རུ་མ་བཅོས་སོ་མ་བཟང༌། །ངན་པའི་སྤྱོད་པ་འདི་འགོས་རེ་སླ། ཁྲེལ་མེད་ཀྱི་གྲོགས་འདི་བློ་བྲིད་མཁས། །དུས་ངན་གྱི་མི་འདི་འཆར་ཁ་རྒོད། །ཚེ་འདིའི་སྣང་བ་འདི་འབྲིད་རེ་རྐྱེན། །འདོད་ཡོན་དང་ཞེན་ཆགས་འདི་འདྲིས་ཁ་ཡང༌། །རིག་པ་རྣམ་རྟོག་འདི་ཅོལ་རེ་ཆུང༌། །རང་འདོད་ཀྱི་བཏགས་པ་འདི་མ་ཚོར་རམ། །གཡང་སར་ལྟུང་བ་འདི་མ་ཚོར་རམ། །འཁོར་བར་འཁྱམས་པ་འདི་མ་ཚོར་རམ། །ད་རེས་ལམ་སྣ་ཅིག་མ་ཟིན་ན། །གཏན་གྱི་རྡོག་སྣ་གཅིག་འདྲེད་དེ་མཆི། །ཆོས་བྱེད་དགོས་སྙམ་ཀྱང་རེ་བ་ལུས། །ཚེ་ལོང་མེད་འདི་དོན་མེད་ཀྱི་ངང་དུ་འདས། །དུས་ད་རེས་མདོ་མེད་གཅིག་མི་འབྱུང་ངམ། །རང་འདོད་ཀྱི་ལྕགས་སུ་བཅུག་ནས་ཀྱང༌། །སྡུག་བསྔལ་སྣ་དགུ་འབྱུང་བ་ཉམས་རེ་ང༌། །ལག་ལེན་མེད་པའི་བཤད་པ་དེ། །ཆ་མེད་རྒྱུས་གཏམ་སྒྲོག་པ་འདྲ། །དགོས་དུས་ཕན་པ་མི་གདའ་འོ། །ཉམས་མྱོང་མེད་པའི་གདམས་ངག་དེ། །ཤོག་རིལ་དཔེ་རིལ་གྱི་ཁུར་པོ་ཡིན། །ཡི་གེ་ཙམ་ལ་ལུས་ཏེ་མཆི། །ཐག་ཆོད་མེད་པའི་ཉམས་


TNT01_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དེ། །སྤྲེའུ་ཤིང་ཁར་རྩེ་བ་དང་འདྲ། །ཟར་ཟིར་མང་ལ་དོན་གོ་ཆུང༌། །རང་ངོ་ཤེས་པའི་རྣམ་རྟོག་དེ། །རྫིང་བུར་རྡེའུ་སྐྱུར་པ་འདྲ། །ཡལ་ཡོལ་མེད་ཀྱང་རང་བཞིན་གྱི་དང༌། །སེམས་ལ་མི་ཕན་པའི་བཤད་རླབས་འདི། ཁ་སྦྱང་མཁས་པའི་འཕྱོན་མ་དང་འདྲ། །ཟེར་ཚོད་དང་ལག་ལེན་འཇོལ་ནས་ཐལ། །མི་རྟག་འཁོར་བའི་གནས་ཚུལ་ལ། །ཡིད་བརྟན་བྱེད་པ་ཚོ་དང་འཁྲུལ། །དེ་བས་རྨི་ལམ་གྱི་རྒྱ་ཡིས་ཐོབ། །ལུས་མི་བརྟན་མྱུར་དུ་འཇིག་འཇིག་འདྲ། །ཤ་རུས་ཀྱི་ཕུང་པོ་འདི་འགྱེས་འགྱེས་འདྲ། ཁ་སྣའི་དབུགས་འདི་འཆད་འཆད་འདྲ། །མངའ་རིགས་དང་ཕྱོགས་རིས་འདི་འཁྲུལ་འཁྲུལ་འདྲ། །ཕ་ཚན་དང་སྡེ་ཚན་འདིས་སླུ་སླུ་འདྲ། །གཉེན་འབྲེལ་གྱི་གདུང་སེམས་འདི་འཇིག་འཇིག་འདྲ། །འཁོར་གཡོག་འདི་ཀུན་དང་འབྲལ་འབྲལ་འདྲ། །སྡུག་བསྔལ་ན་ཚའི་ཚད་འདི་འཇིག་འཇིག་འདྲ། །རྣག་ཁྲག་གི་རྐྱལ་བུ་འདི་རལ་རལ་འདྲ། །ཤ་ཁྲག་གི་སྤེའུ་འདི་འགྱེལ་འགྱེལ་འདྲ། །རྨ་ཤུ་བའི་མཁར་འདི་འཇིག་འཇིག་འདྲ། །སྦྲང་མ་ཀུན་སྦྲང་རྩི་གསོག་གསོག་ནས། །དབྱར་སོས་ཀྱི་ཟླ་བ་དྲུག་ཀྱང་ཐལ། །སྐད་ཅིག་གཅིག་ལ་གཞན་གྱིས་འདོན། །བུ་གསག་ལ་མ་དགའ་སྒྲུབ་པ་གྱིས། །ཕྱི་མ་ངན་སོང་གི་འཐེན་ཐག་དང༌། །ཚེ་འདིར་ཡང་


TNT01_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བརྟན་མ་མཆིས་པར། །ཐ་མལ་གྱི་གཉེན་ལ་གཏད་པ་མེད། །བུ་གཉེན་གྱི་གཙོ་བོར་བླ་མ་བསྟེན། །ཐབས་སྣ་ཚོགས་ཀྱིས་བཏུལ་ཀྱང་ཐུལ་བར་དཀའ། །དགྲ་བཏུལ་བས་རང་ཉིད་དམྱལ་བར་ལྷུང༌། །བླུན་པོ་ཀུན་མདུན་མའི་འཆུག་ལུགས་ལ། །དགྲ་ཕྱི་ནས་མ་འདུལ་རང་སེམས་ཐུལ། །དུས་གསུམ་གྱི་རྒྱལ་བའི་གཤེགས་ཤུལ་དེ། རྩེ་གཅིག་ཏུ་སྒོམ་པ་ཡིན་ལགས་ཀྱང༌། །མི་འདི་ཀུན་ཐ་སྙད་ལ་དགའ་དགའ་འདྲ། །བུ་ཐ་སྙད་ལ་མ་དགའ་རྩེ་གཅིག་བསྒོམས། །དོན་ནི་རྩེ་གཅིག་ཏུ་སྒོམས་ན་ཆེ། །གདམས་ངག་ཀུན་གྱི་གཙོ་བོ་དེ། །ཞེན་མེད་དང་བྱ་བཏང་འདི་ལགས་མོད་ཀྱང༌། །མི་འདི་ཀུན་ཟང་ཟིང་ལ་དགའ་དགའ་འདྲ། །བུ་ཟང་ཟིང་ལ་མ་དགའ་ཆོས་ལ་འབུངས། །སོ་མ་རང་དགར་སྐྱོང་བ་འདི། །ཆོས་ཀུན་གྱི་དགོངས་པ་ཡིན་ལགས་ཀྱང༌། །དམིགས་བཅས་ལ་མི་འདི་དགའ་དགའ་འདྲ། །སེམས་བཅུར་ཐག་མ་གཏོང་རང་དགར་ཞོག །ནན་ཏན་གྱིས་གཏན་ལ་དབབ་རྒྱུ་སྟེ། །རང་གི་སེམས་ཉིད་ཡིན་པ་ལ། ཁ་ཕྱིར་ལྟ་ལ་དགའ་བ་འདི་ཡ་རེ་ཆ། །རང་ངོ་ལ་ལྟོས་དང་སྐལ་ལྡན་གྱི་བུ། །ཚེ་གཅིག་གི་སངས་རྒྱས་འགྲུབ་པ་སྟེ། །གསང་སྔགས་ཀྱི་ཟབ་ལམ་ཡིན་ལགས་ཀྱང༌། །འདི་ཀུན་གྱི་བློར་མི་ཤོང་བ་གདའ། །བུ་ཟབ་མོའི་ཆོས་ལ་དག་སྣང་སྦྱོངས། །འཁོར་འདས་


TNT01_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་རོ་གཅིག་འདི། །སྤྲོས་དང་བྲལ་བ་གཅིག་ཡིན་པ་ལ། །བློ་བྱས་སྒོམ་པ་ནི་རྒོད་རེ་བྲོ། །བུ་གཅེར་མཐོང་ངོ་ཤེས་ཕྱོགས་མེད་དུ་སྐྱོངས། །ཡིད་ཆེས་ཀྱི་དད་པ་སྐྱོན་མེད་འདི། །གདམས་ངག་ཟབ་མོའི་སྣོད་ཡིན་ཀྱང༌། །རང་བློས་རྒྱས་བཀབ་ཀྱི་ཕོ་ཚོད་འདི་འཁྲུལ། །བུ་དད་པ་ངོ་ལྐོག་མེད་པར་སྦྱོངས། །མི་རྟག་འཆི་བ་བསམ་པ་འདི། །ཆོས་ཀྱི་སྐུལ་མར་གདའ་བ་ལ། །འདི་ཀུན་གྱི་རྣ་བར་མི་སྙན་པ་གདའ། །སྙན་པ་ལ་མ་སེམས་དོན་ལ་ལྟོས། །ཆོས་ཉམས་སུ་བླང་བའི་འབྲས་བུ་དེ། །རང་སེམས་ཐུལ་བ་གཅིག་དགོས་པ་ལ། །ཆོས་ཕྱིར་དུ་འཐབ་མོ་འོང་བ་ཞིག་གདའ། །ཆོས་དང་སེམས་སུ་འདྲེ་བ་གཅིག་འཚལ། །ཐོས་པ་བྱས་པའི་འབྲས་བུ་དེ། །ཉམས་སུ་ལེན་པ་ཅིག་ཡིན་པ་ལ། །སྡེ་རིགས་ཀྱི་རུ་དཔོན་ཅིག་དོན་དུ་གཉེར། །བུ་ཁ་དྲག་ལ་མ་དགའ་ཉམས་སུ་ལོང༌། །གདམས་ངག་དཔེ་རིས་ཀྱི་ཚིག་ཙམ་གྱི། །ཉམས་མྱོང་མེད་པར་སློབ་མར་འཁྲིད། །ལོང་བས་ལོང་ཁྲིད་བྱེད་པ་མ་ལགས་སམ། །དཔེ་རིས་ལ་མ་ལྟ་བསྒོམ་པ་ཅིག་འཚལ། །ཀུ་རེ་དང་ཀྱལ་ཀའི་ཕྱིར་དུ་ཡང༌། །སྡིག་པ་རྔམ་པོ་ཆེ་གསོག་པ་མཐོང༌། །བཟང་འཛིན་གྱི་རློམ་སེམས་ཆེ་བ་ཡང༌། །ཆོས་ཀྱི་ཐ་མ་སྡིག་ལ་སྐྱེལ། །ཆོས་མི་ནུས་ཟེར་


TNT01_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱུར་སྐྱུར་བ། །ད་རེས་མི་ཁོམ་འདུག་ཅེས་བཞག་བཞག་པ། །ལོང་ཡོད་དོ་སྙམ་ནས་དོར་དོར་བ། །ང་གཞོན་ནུ་ཡིན་སྙམ་ཁེངས་ཁེངས་པ། །བདེན་མི་བདེན་ཐེ་ཚོམ་ཟོས་ཟོས་པ། །འཆོར་རང་མཐོང་སྐྱེས་ནས་བོར་བོར་བ། །ཕྱིས་བྱེད་དགོས་སྙམ་ནས་ལུས་ལུས་པ། །ང་གཞན་དབང་ཐལ་ཞེས་ཟེར་ཟེར་བ། །ཐང་ཆད་པར་འདུག་ཅེས་ཉལ་ཉལ་བ། །རྗེ་མཚན་ལྡན་བླ་མ་བརྗེད་བརྗེད་པ། །རྒྱུད་ཡིད་གཉིས་ཀྱི་ཚེར་མས་གང་གང་བ། །རྟག་མི་ཐུབ་པའི་གསར་འགྲོགས་བྱེད་བྱེད་པ། །ལྐོག་མི་ཐུབ་ཚུལ་འཆོས་བྱེད་བྱེད་པ། །སྡིག་ཤེས་བཞིན་ཁྱད་དུ་གསོད་གསོད་པ། །ཆོས་བརྒྱད་ཀྱི་གྲྭ་ཟུར་རྒྱས་རྒྱས་པ། །མཚན་ལྡན་གྱི་བླ་མ་མཇལ་དུས་སུ། །ཡིད་གཉིས་དང་ལོག་རྟོག་བྱེད་བྱེད་པ། །ཟབ་དོན་གྱི་ཆོས་དང་མཇལ་བ་ལ། །གཡེངས་མའི་ལམ་ལ་ལུས་ལུས་པ། །ཆོས་ཐམས་ཅད་ཉམས་ལེན་དུ་བྱེད་རྒྱུ་ལ། །ཐེག་པ་ལ་བཟང་ངན་འབྱེད་འབྱེད་པ། །ཆོས་ལ་ཕྱོགས་རིགས་སུ་སྤྱོད་སྤྱོད་པ། །ད་བླ་མའི་འཁྲུལ་བ་མི་རྟོག་འཚལ། །གཞན་རྒྱུད་ལ་ཕོ་ཚོད་མི་རྒྱག་འཚལ། །རང་གི་ཡོན་ཏན་ལ་མི་རློམ་ཞིང༌། །གཞན་གྱི་སྐྱོན་ལ་ཡང་མ་རྟོག་ཅིག །ང་རྒྱལ་གྱི་རི་རྩེ་མ་འགྲིམ་ཅིག །སྙེམས་བྱེད་ཀྱི་ཞགས་པས་མ་འཆིང་ཞིག །ཆོས་བརྒྱད་ཀྱི་སྨིག་སྒྱུ་འདིས་སླུ་སླུ་འདྲ། །འདོད་ཡོན་འདམ་


TNT01_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་བྱིང་ཞིག ཁ་ལྟའི་གཡང་ལ་འཆོར་ཉེན་གདོག །ལས་འབྲས་ཁྱད་དུ་མ་གསོད་ཅིག །སངས་རྒྱས་ཀྱི་བསྟན་པ་ཡུད་ཙམ་ལ། །ལོང་ཡོད་ཀྱི་སྐབས་ཅིག་མེད་མེད་འདྲ། །མཚན་ལྡན་གྱི་བླ་མ་རིན་ཆེན་འདི། །ཨུ་དུམྦ་ར་ལྟར་དཀོན་པོ་ཅིག་ལགས། དང་བ་ཁམས་གསོ་ནུས་པ་གཅིག་འཚལ། །ཚེ་འདི་ཡི་ཁེངས་གྲགས་ལ་སྤྱོད་མཁན་ནམ། །ཟོག་རྒན་གཅིག་དང་འཕྲད་ཉེན་གདོག །སེམས་གཉུག་མ་དོན་གྱི་འདུག་ལུགས་ལ། །ལྟ་རྒྱུ་མེད་ཀྱང་བྱར་ཅིག་འཚལ། །དམིགས་པ་མེད་པའི་སྙིང་རྗེ་ལ། །ཕྱོགས་རིགས་མེད་པ་གལ་རེ་ཆེ། །གཞི་རང་བཞིན་ལྷུན་གྱི་གྲུབ་པ་དེ། །སྐྱེ་མེད་དུ་རྟོགས་ན་ཆོས་སྐུ་ཡིན། །བློ་བྱས་སུ་ཤོར་ན་གོལ་བ་ཡིན། །རྐྱེན་གྱི་འཆར་སྒོ་སྣ་ཚོགས་འདི། །སྤྲུལ་སྐུ་ལགས་པས་རང་སར་ཞོག །ཐོབ་བྱ་རུ་བཟང་འཛིན་མ་བྱེད་ཅིག །གདོད་མའི་རང་བཞིན་ཟུང་འཇུག་དེ། །གཞི་རང་སེམས་ལོངས་སྤྱོད་རྫོགས་པ་ཡིན། །རྐྱེན་གྱིས་མ་བཅོས་སོ་མར་ཞོག །སྣང་སེམས་དབྱེར་མེད་དུ་མ་ཤར་ན། །བདེ་གསལ་མི་རྟོག་སྐྱོང་བདེ་ཡང༌། །འཁོར་བའི་སྒྲུབ་ཐབས་ཅིག་ལགས་པས་ཕན་མི་གདའ། །ལོངས་སྤྱོད་རྣམ་གཡེངས་ཀྱི་རླུང་པོ་ཡིན། །མངའ་རིས་ཀུན་འཇའ་ཚོན་གྱི་རི་མོ་ཡིན། །རང་གཞན་ཞེས་བཙལ་པས་མ་རྙེད་ན། །འགྲོ་དོན་རང་གང་ལ་


TNT01_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་བྱེད། །དེ་ཙམ་ན་སྙིང་རྗེའི་གཞན་དོན་ཡོང༌། །སྤུ་གྲི་ལ་སྦྲང་རྩི་ཆགས་པ་བཞིན། །བདེ་སྐྱིད་ལ་ཆགས་ཞེན་མི་འཚལ་ལོ། །དུས་རེ་ཞིག་མི་ཚེ་འདི་ལ་ཡང༌། །རང་བས་གཞོན་པ་ཡང་ཇི་ཙམ་ཞིག་ཤི །མཉམ་པ་དང་རྒན་པ་ཡང་ཇི་ཙམ་རང་འདས། །དེ་ཡང་ཡང་ཐུགས་བསམ་མཛད་པ་ཞུ། །ཉོན་མོངས་དང་རྣམ་རྟོག་ཅི་བྱུང་ཡང༌། །སེམས་ལ་བལྟ་བ་འདི་ཁེ་རེ་ཆེ། །རྣམ་རྟོག་དང་སྡིག་པ་རང་རླག་ལ་འགྲོ། །ལྟ་བ་དང་སྒོམ་པ་ཡེངས་ཐུབ་དགོས། །སྤྱོད་པ་ལ་སོ་ཐུབ་ངོ་ལྐོག་མེད། །གདམས་ངག་ལ་རང་བྱན་ཆུད་པ་ཞུ། །ཆོས་ཁ་ཕྱིར་དང་ཚིག་ཕྱིར་མ་འབྲང་ཅིག །མོ་རྩིས་ཀྱི་འགྲོ་དོན་མ་སྐྱོང་ཅིག །ཕྱོགས་གཟུང་གི་ཕན་འདོག་མ་བྱེད་ཅིག །ཉོན་མོངས་རང་ཡན་ལ་མ་གཏོང་ཅིག །ཞེ་འདོད་ཀྱི་འཕྲིན་ལས་མ་སྐྱོང་ཅིག །མིག་མཐོང་གི་མངོན་ཤེས་མི་འཚལ་ལོ། །མཉམ་རྗེས་མེད་པར་སྒོམས་ཤིག་ཨང༌། །བདུད་ཀྱི་ཞགས་པས་ག་ལ་ཟིན། །ང་བཟང་གི་མཐོ་གནོན་མི་བྱ་ཞིང༌། །སྙིང་རྗེ་ལ་ཁག་གཏང་གི་ཞེན་ཆགས་སྡང༌། །ཟུར་མགོ་མ་རགས་གང་དགའ་ཐོང༌། །ཚུལ་ཁྲིམས་དང་ཚུལ་འཆོས་ནོར་ཉེན་གདའ། །ཤུགས་འབྱུང་གི་སྤྱོད་པ་ངོ་མཚར་ཆེ། །འགྲོ་སྡོད་བྱ་བྲེལ་ཅི་བྱུང་ཡང༌། །ཡེངས་པ་མེད་ན་སྒོམ་ཆེན་ཡིན། །སྤྲོས་བྲལ་གྱི་ལྟ་བ་བཤད་ཙ་ན། །ལྟ་བ་ནམ་མཁའ་ལྟ་བུ་ལགས། །ནམ་


TNT01_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཐའ་དབུས་མེད་པ་ཡིན། །འཁོར་བ་མྱང་འདས་རང་བཞིན་མེད། །གཉིས་ཀར་འཁྲུལ་བའི་ཆོས་སུ་སྣང༌། །སྤང་བླང་མེད་པའི་དོན་གཅིག་རྟོགས། །ཞེན་མེད་ཀྱི་བསྒོམ་པ་བཤད་ཙ་ན། །སེམས་དང་སྣང་བ་རྣམ་རྟོག་གསུམ། །ཆུ་ལ་ཆུ་བཞག་བཞིན་དུ་ཐལ། །མཉམ་རྗེས་རོ་གཅིག་དམིགས་གཏད་བྲལ། །ལྟ་ཉུལ་རྩོལ་བ་མི་དགོས་སོ། །མན་ངག་གི་རྒྱལ་པོ་དྲན་པ་ཡིན། །སྤྱོད་པ་ཤུགས་འབྱུང་བཤད་ཙམ་ན། །འཛིན་ཞེན་མེད་པ་གུ་རེ་ཡངས། །ཕྱོགས་མེད་དུ་སྤྱོད་པ་ཉམས་རེ་དགའ། །ངོ་ལྐོག་མེད་པས་འཚང་རེ་ཆུང༌། །བུ་ཆུང་བཞིན་དུ་ལྷུག་པར་བཞག །བཟའ་གཏད་དང་བྲལ་བ་སྨྱོན་པ་འདྲ། །བླང་དོར་མེད་པའི་གནས་ལུགས་རྟོགས། །ལས་བྱས་ཀྱང་བྱར་མེད་ངང་དུ་གདའ། །བསགས་ཀྱང་སོགས་པར་མི་གདའ་འོ། །འབྲས་བུ་ལྷུན་གྲུབ་བཤད་ཙམ་ན། །བཟོ་བཅོས་མེད་པའི་རང་སེམས་འདི། །དུས་གསུམ་རྒྱལ་བའི་དགོངས་པར་གདའ། །བཅོས་མའི་སངས་རྒྱས་འཁྲུལ་པ་ཡིན། །སངས་རྒྱས་ལ་རེ་དོགས་མི་འཚལ་ལོ། །བླ་མ་ཆོས་སྐུར་མ་མཐོང་བའི། །མོས་གུས་དེ་ཕྱོགས་ཞེན་ཟང་མ་ལགས། །སྙིང་རྗེ་མེད་པའི་སྟོང་རྐྱང་དེ། །ཆད་ལྟ་ཟང་མ་ཅིག་མ་ལགས་སམ། །སེམས་ཅན་ལ་གནོད་ཀྱང་མི་འཛེམ་པའི། །བཙུན་ཚུགས་དེ་ཚུལ་འཆོས་


TNT01_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལགས་སམ། །ཉེ་རིང་མེད་པ་མ་བྱུང་ན། །ཕན་སེམས་བྱེད་པ་འདོད་ཞེན་ཡིན། །ཟས་གོས་ལ་ཞེན་པ་ཇེ་རྒྱས་ལ། །འཛིན་ཆགས་མེད་ཅེས་མ་ཟེར་ཅིག །རྒྱུ་འབྲས་ལས་ལ་མི་འཛེམ་ན། །ཐོས་སྒོམ་ཀུན་ཆུ་ལ་ཕོ་བ་ལགས། །སེམས་ཆོས་སུ་སོང་བ་ཞིག་མ་བྱུང་ན། །མན་ངག་ཀུན་ཚིག་ཕྱིར་ལུས་པ་ལགས། །དམ་པ་ལ་སྐུར་བ་འདེབས་སྣང་ན། །ཕྲག་དོག་གི་གདོན་གྱིས་ཟིན་པ་ཡིན། །རྣམ་རྟོག་ཆུ་བུར་དུ་ཤེས་ཙ་ན། །རང་གྲོལ་གྱི་རྣལ་འབྱོར་ཟེར་བ་ཡིན། །སེམས་བཅས་བཅོས་མ་བྱེད་མ་སླད་པར། །གསལ་སིང་ངེ་ཡེ་རེ་ཝལ་ལེ་བ། །ཧྲིག་གེ་ཞོག་དང་གསལ་གྱིས་ཡོང༌། །རྩོལ་བ་སྐྱེད་དང་སྒྲིམ་པར་ཞུ། །སེམས་ཇེ་དྭངས་འཕྲོ་ཚུལ་བྱེ་ཐུད་བྱེད། །སྒོམ་ཁོ་ན་ལ་འདོད་པ་སྐྱོ་བར་གདའ། །རིག་པ་འདི་གང་ལ་ཡང་མ་རེག་པར། །རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ། །ཕྱི་ཤུན་པ་བཤུས་པ་བཞིན་དུ་སོང༌། །ངོ་བོ་མ་རྙེད་པ་རྙེད་རྒྱུ་ཞིག་དེ་ན་གདའ། །ངོ་མ་ཤེས་པ་ཤེས་རྒྱུ་ཞིག་དེ་ན་གདའ། །སེམས་སྤྲོ་ལ་དྭངས་པའི་དུས་ཤིག་གདའ། །དེ་ཉམས་མྱོང་གི་དང་པོ་མ་ལགས་སམ། །སེམས་སྣང་བ་ལ་བཏང་ཡང་མི་འགྲོ་ན། །ཉམས་མྱོང་གཉིས་པ་ཤར་བ་ལགས། །འཕྲལ་སྣང་བ་དུ་མ་ཤར་ན་ཡང༌། །དབྱིངས་གདོད་མའི་སེམས་སུ་རོ་གཅིག་པ། །དེ་ཡང་རྨི་ལམ་


TNT01_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་མྱོང༌། །རེས་འཕྲོ་བ་ཙུག་བྱེད་ཀྱང་རིག་སྟོང་གི་ངང༌། །ངོ་བོ་ལྷན་གྱིས་བཞག་ཙ་ན། །རྣམ་རྟོག་ཀུན་གར་སོང་ཆ་མེད་དུ་ཐལ། །དེ་མྱོང་བའི་རིམ་པ་གསུམ་པ་ལགས། །ཕྱི་སྣང་བའི་འཆར་སྒོ་ཇི་སྙེད་དང༌། །ནང་ཉོན་མོངས་རྣམ་རྟོག་ཤར་ཙམ་ན། །རིག་པ་དང་སྟོང་པ་འཕྲོད་པ་འདིས། །རང་སྟོང་ཉིད་དུ་རྗེན་ནེ་འཆར། །དེ་ཀ་ལ་ངོ་ཤེས་རྒྱུན་ཆད་མེད། །མཉམ་རྗེས་མེད་པའི་རྣལ་འབྱོར་ཟེར། །རྩ་བྲལ་དུ་ཤེས་པ་མ་ལགས་སམ། །སྨྲ་བསམ་བརྗོད་མེད་དང་བློ་འདས་དང༌། །རང་རིག་རང་གསལ་ཞེས་ཟེར་ན་ཡང༌། །གོ་བ་དང་ཉམས་ཀྱི་སྒྲོག་གིས་བཅིངས། །སེམས་རོ་དང་འདྲ་ན་སྒོམ་ཆེན་མིན། །སེམས་པ་མེད་ཀྱང་ངོ་ཤེས་ཅན། །ནམ་མཁའ་ལྟ་བུར་དཔངས་མཐོ་ལ། །ས་གཞི་ལྟར་མི་གཡོ་རྒྱ་རེ་ཆེ། །མར་མེ་ལྟར་གསལ་ལ་ཤེལ་ལྟར་དེངས། །ཆུ་ལྟར་ངང་གི་དྭངས་པ་ལ། །སྒོམ་དུས་རེ་དོགས་མེད་པ་དང༌། །ཐུན་མཚམས་སུ་ཧད་དེ་ལུང་མ་བསྟན། །བརྩོན་འགྲུས་དྲག་པོ་ཅིག་སྐྱེད་པ་ཞུ། །འཇིག་རྟེན་ཆོས་ཀྱི་ཞེན་པ་ལྡོག །སྤྲོས་པ་རིག་པའི་ཆོ་འཕྲུལ་དུ་གདའ། །རིག་པ་གསལ་སྟོང་རྗེན་ནེ་བ། །བཏང་སྙོམས་སུ་མ་ལུས་པ་དར་ཞིག་སྐྱེད། །ཆོས་རང་སར་དག་པ་ལ་ངེས་ཤེས་སྐྱེད། །རྣམ་རྟོག་ལ་གཉེན་པོ་


TNT01_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པར། །རང་སྟོངས་སུ་འགྲོ་བའི་ངེས་ཤེས་སྐྱེད། །རྟོག་དཔྱོད་ཀུན་ཟད་ཅིང་སིམ་མེར་གདའ། །ནང་དུ་བལྟས་ན་སིང་ངཻ་བ། །ཕྱི་རུ་བལྟས་ན་ཡུལ་ལེ་བ། །དོན་སྤྱི་དང་མ་འདྲེས་ཉམས་སུ་ལོང༌། །ཕྲག་དོག་དང་ཆགས་སྡང་རང་དགར་དག །རྣམ་རྟོག་དང་ཉམས་དང་རྟོགས་པ་གསུམ། །དབྱེར་མེད་དུ་ངོ་ཤེས་ནམ་མཁའ་འདྲ། །ཅི་ཡང་མ་ཡིན་འདུ་འབྲལ་མེད། །ཐ་མལ་གྱི་ཤེས་པ་གྲ་མ་ཆག །མ་བསྣན་མ་ཁྲི་ཟུར་མ་ཉམས། །ཐམས་ཅད་སེམས་ཀྱི་རང་སྩལ་ལ། །བཅོས་མ་སྒོམ་ཚད་འཁྲུལ་པ་ཡིན། །སྟོང་ཉིད་ཀྱི་ངོ་བོ་སྒོམ་དུ་མེད། །ཉམས་མྱོང་གི་རྩི་ལ་མ་ཞེན་ཞིག །འོན་ཀྱང་བྱང་སེམས་དང་འབྲལ་བ་མེད། །མི་གུས་པ་ཡོང་ལ་རེ་བ་དང༌། །བརྙས་པ་བྱས་ན་མི་དགའ་བ། །བསྟོད་ན་དགའ་ལ་སྨད་ན་སྡུག །རྨི་ལམ་གྱི་བདེ་བ་ལ་ཞེན་པ་འདི། །རྙེད་བཀུར་དོན་གཉེར་དུ་གདའ་བས་ན། །སྐྱེ་བོ་ཕལ་པ་དང་ཁྱད་ཅི་གདོག །སྒོམ་ཆེན་གྱི་དྲི་ཡང་མི་གདའོ། །ཀུན་རྫོབ་དང་དོན་དམ་ལ་ཉེ་རིང་མེད། །སྟོང་པ་དེ་སྒྲུབ་ཀྱང་མི་དགོས་ལ། །སྣང་བ་ལ་བཀག་བྱ་མི་འཚལ་ལོ། །རིག་པས་དཔྱད་པའི་སྟོང་ཉིད་དེ། །བཟང་ཡང་དོན་སྤྱིའི་རྒྱ་རུ་ཆུད། །དམིགས་བཅས་ཀྱི་རྣམ་གཞག་མང་ལགས་ཀྱང༌། །རྣམ་རྟོག་ལ་ཡང་ལ་ཡང་


TNT01_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

སིངས་ཡིན། །མི་ཆང་གིས་བཟི་བའི་ཉམས་བཞིན་ནམ། །གཞོན་ནུ་མ་ཡི་བདེ་བ་དེ། །མྱོང་མ་ཐག་ཏུ་ཡལ་བ་བཞིན། །ཐག་ཆོད་མེད་པའི་བདེ་གསལ་དེ། །ན་བུན་བཞིན་དུ་སྙིང་པོ་མེད། །འགྱུར་མེད་ཀྱི་བརྟན་ས་ཅིག་ཟིན་པ་འཚལ། །འཕྲལ་གོ་ཆོད་ལས་སྣ་ཟིན་ན་ཡང༌། གྲྭ་རོགས་དང་འཁོར་འདབས་ཀྱི་ཆགས་སྡང་གིས། །རང་གཞན་ཀུན་ངན་པར་སྐྱུར་ཉེན་གདའ། །བུ་ལོན་དང་འཚོ་འཚིས་མི་འཚལ་ལ། །འཁོར་འདབས་སྤངས་ལ་རི་ཁྲོད་འགྲིམས། །སངས་རྒྱས་ཀྱི་བསྟན་པ་ཡང་མྱུར་དུ་འཇིག །མི་ཚེ་འདི་ཡང་གློ་བུར་བ། །གློག་དང་ཟིལ་བ་བཞིན་ཤེས་པ་ཞིག་འཚལ། །བྱ་སྙམ་འདི་ཀུན་ལ་ཡོད་མོད་ཀྱང༌། །ཚད་ཚད་ཀྱི་ངང་ལ་མི་ཚེ་ལུས། །ཆོས་ཕྱིར་དཀའ་བ་སྤྱོད་ནུས་ན། །ལྟོ་རྒྱབ་ཀུན་ཞོར་ལ་འོང་བ་ཞིག་གདའ། །རང་གི་དམ་ཚིག་མ་ཉམས་ན། །མཐུན་རྐྱེན་མཁའ་འགྲོས་སྒྲུབ་པ་ཞིག་གདའ། །ལོང་མེད་ཀྱི་བསམ་པས་ཀུན་བསླངས་ནས། །ཡེངས་མེད་ཀྱི་སྒྲུབ་པ་གལ་རེ་ཆེ། །ཚུལ་བཞིན་དུ་སྒྲུབས་ན་གདམས་ངག་ཡིན། ཁ་ལྟར་ཤོར་ན་ཀུ་རེ་མཛོད། །ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སློབ་མ་འགའ་ཞིག་ལ་གདམས་པ་སྟེ་གཡོ་རུ་གོང་དཀར་དུའོ།། །།


previousཞལ་གདམས་རིན་ཆེན་འཕྲེང་བ།next