Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
ས་སྐྱོང་ལ་ཕུལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་སྐྱོང་ལ་ཕུལ་བ།next

ས་སྐྱོང་ལ་ཕུལ་བ།


TNT01_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྒྱལ་བ་སྤྱན་ལྡན་ལ་ཕྱག་འཚལ། །ཡང་དག་ལམ་ལ་འབད་བྱས་ན། །མྱང་འདས་ཐར་པ་ག་ལ་དཀའ། །རྣམ་དག་ལྟ་བ་འབྲས་བཅས་ལྡན། །རིམ་བཞིན་ཇི་བཞིན་འདི་ཉིད་ནི། །ལྷུན་གྲུབ་ཕུལ་བྱུང་རྫུ་འཕྲུལ་འབྱུང༌། །ཡེ་ཤེས་གཏེར་ཆེན་ཆེས་མཆེད་དེ། །མཆོག་ཁྱོད་འགྲོ་དོན་གཙོ་བོའི་གཙོ། །དེ་ལྟར་རྒྱལ་བ་ཆོས་བཅས་ལ། །ཡང་དག་བཏུད་ནས་ཡང་དག་ལམ། །ལེགས་པར་བཤད་ཀྱི་ལེགས་པར་ཉོན། །དམ་པའི་གཏམ་ནི་རྙེད་པར་དཀའ། །བློ་ལྡན་རྣམས་ལ་བདོག་པ་ནོར་མིན་ཏེ། །གང་ཞིག་ལེགས་པར་སྤྱོད་པ་དེ་ནོར་མཆོག །འབྱོར་བཅས་རྒྱལ་སྲིད་ཡང་ཡང་ཐོབ་འགྱུར་གྱི། །ལུགས་བཟང་རིགས་པར་འདོམས་པ་རྒྱ་ལམ་ན། །འདི་ན་དད་པ་ཐོག་མར་ནོར་གྱི་མཆོག །རྗེས་སུ་དྲན་པ་རྣམ་དྲུག་ཕུན་ཚོགས་ལྡན། །སངས་རྒྱས་བཅོམ་ལྡན་དེ་བཞིན་ཉིད་གཟིགས་པ། །བདུད་བཞི་བཅོམ་ནས་ཆོས་ཀུན་མངོན་པར་བརྙེས། །མངོན་ཤེས་རྫུ་འཕྲུལ་ཞབས་ལྡན་སྡུག་བསྔལ་སྤང༌། །འཁོར་བ་རྒྱུ་བཅས་ཐུགས་སུ་ཆུད་གྱུར་པ། །གང་གང་ཉོན་མོངས་སྤྱོད་པ་དེ་དེ་འདུལ། ལེ་ལོ་ཅན་བསྐུལ་ལོག་ཞུགས་རྣལ་མར་འགོད། །གདུལ་དཀའ་ཚར་གཅོད་མི་སྲུན་བཏང་སྙོམས་མཛད། །ཉན་ཐོས་རང་རྒྱལ་རྣམས་ཀྱི་བླ་མ་སྟེ། །ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་མགོན། །ཐུགས་རྗེ་ཆེན་པོའི་


TNT01_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དྲན་པར་འཚལ། །ཉིན་གསུམ་དེ་བཞིན་མཚན་མོ་ལན་གསུམ་དུ། །སངས་རྒྱས་རྗེས་སུ་དྲན་དེ་གོ་ཏམ་སྲས། །ལེགས་པར་རྣལ་ལ་ལེགས་པར་སད་འགྱུར་ཞེས། །འདྲེན་པ་ཟས་གཙང་སྲས་ཀྱིས་བཀའ་སྩལ་ཏོ། །ཆགས་སྡང་ལ་སོགས་དྲི་མ་ཐག་སྲིངས་པས། །ཐོས་ལ་སོགས་པ་ཐོག་མཐའ་བར་དུ་དགེ །འཕགས་ལམ་ཡན་ལག་རྣམ་པ་བརྒྱད་གང་དག །བྱང་ཆུབ་གསུམ་ལ་ཡང་དག་བསྟོད་པར་བྱེད། །འགོག་པ་སོ་སོར་རང་རིག་སྤྱོད་ཡུལ་ཅན། །ལུང་རྣམས་མ་ནོར་གོ་སླ་གང་ཟག་གི །སྐྱོན་དང་མ་འདྲེས་ལམ་སྟོན་དོན་དང་ཚིག །བསྔགས་པར་འོས་པ་འདི་ནི་དམ་པའི་ཆོས། །དེ་ཕྱིར་གུས་བཅས་ཆོས་ལ་སླབ་འཚལ་གྱི། །གཞན་གྱི་ཚིག་སྣ་གཅོད་དང་གྲགས་པ་ལ། །གཙོར་འཛིན་ལེགས་བཤད་སྨྲ་ཡང་དེ་དག་ནི། །འཇིག་རྟེན་རྒྱང་ཕན་བཞིན་དུ་རྣམ་པར་འཁྱམས། །དགེ་འདུན་བསླབ་གསུམ་དག་ལ་མཐུན་པར་ཞུགས། །བསླབ་གསུམ་ལྡན་ཕྱིར་ཕྱག་མཆོད་སྦྱིན་པའི་འོས། །འཕགས་མིན་ཉུང་ངུར་ཐོས་ཀྱང་ཚུལ་ལྡན་ལ། །སྲིད་གསུམ་ཀུན་གྱིས་ཕྱག་དང་མཆོད་པར་འོས། །སེར་སྣ་མེད་དང་རྒྱུན་མི་ཆད་དང་གཞན། །ཡོན་གནས་གདམ་པ་མེད་པའི་སྦྱིན་པ་ལས། །ལོངས་སྤྱོད་ཕུན་ཚོགས་གང་ཡང་ཐོབ་འགྱུར་བས། །གཏོང་


TNT01_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡོན་ཏན་དྲན་པས་ལྷག་པར་སྤྱོད། །ཚུལ་ཁྲིམས་འཆལ་བའི་དྲི་སྤངས་ཚུལ་འཆལ་གྱི། །རྒྱུ་བཞི་ལས་ནི་ཤིན་ཏུ་ཐག་སྲིངས་དང༌། །མི་སྡུག་ལ་སོགས་གཉེན་པོ་ལ་བརྟེན་དང༌། །མྱང་འདས་བསམ་པ་ལ་བརྟེན་ཁྲིམས་ཀྱི་མཆོག །རང་གི་རིགས་ཀྱི་འགྲོ་བ་ལས་ལྷག་པ། །འདོད་པའི་ཁམས་དང་གཟུགས་ན་སྤྱོད་རྣམས་ཀྱི། །ལྷ་རྣམས་དག་གི་ལུས་དང་ལོངས་སྤྱོད་དང༌། །བསམ་གཏན་ལ་སོགས་བདེ་བའི་ཡོན་ཏན་བསམ། །དེ་ཡི་རྒྱུ་ནི་དགེ་བ་ཁོ་ན་སྟེ། །དགེ་བའི་འབྲས་བུ་ཡང་དག་བསམ་པར་འཚལ། །ཐོག་མར་དང་བ་སྐྱེད་དེ་འདུན་པ་དང༌། །དེ་ནས་ཡིད་ཆེས་དད་པ་སྐྱེ་བར་འགྱུར། །དད་པ་ཡོན་ཏན་ཀུན་གྱི་ས་གཞི་སྟེ། །འཕགས་པའི་ཆོས་ཀུན་སྐྱེད་བྱེད་མ་ཡི་མཆོག །འབྲས་བུ་ལོ་ཏོག་འབྱིན་བྱེད་བདུད་རྩིའི་ཆར། །ཉེས་པའི་ལས་ལ་ཆུ་ལོན་དམ་པ་ཡིན། །ཚུལ་ཁྲིམས་རྣམ་པ་གསུམ་ལ་བསླབ་པར་བྱ། །མི་དགེའི་ལམ་བཅུ་མི་བགྱིད་བགྱིད་མི་རྩལ། །ཡི་རང་སྤོང་དང་མི་བསྔགས་མི་སྨོན་ཞིང༌། །དེ་བཞིན་དགེ་བ་བགྱིད་པ་ལ་ཡང་སྦྱར། །ཐམས་ཅད་འགྲོ་ལ་ཕན་པའི་དོན་དུ་སྤྱོད། །མཆོད་འོས་བསླུ་དང་གནས་མིན་འགྱོད་སྐྱེད་དང༌། །རྒྱལ་སྲས་ལ་སྐུར་སེམས་ཅན་བསླུ་བ་སྤངས། །སྲུང་དང་ནོངས་པ་འཆགས་ལ་འབད་པར་འཚལ། །མཐོ་རིས་


TNT01_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་འབྱུང་གནས་ཚུལ་ཁྲིམས་ཏེ། །ཐར་པའི་གྲོང་དུ་འཇུག་ལ་ཐེམ་སྐས་མཆོག །ངན་འགྲོའི་སྡུག་བསྔལ་རྒྱུན་གཅོད་འཁོར་ལོ་སྟེ། །རློམ་སེམས་མེད་པའི་ཚུལ་ཁྲིམས་བདེ་བའི་ལམ། །ཐར་འདོད་རྣམས་ཀྱི་རྣ་བར་མི་རྩུབ་ཅིང༌། །ལེ་ལོ་ཅན་ལ་སྒྱིད་ལུག་མི་སྐྱེད་པ། །འཕགས་པས་རབ་བསྔགས་བསྟན་བཅོས་ལས་བྱུང་གཏམ། །རྒྱལ་བའི་གསུང་བཞིན་མཉན་པར་འོས་པ་ཉིད། །ཐོས་པ་གཏི་མུག་རབ་རིབ་སེལ་བའི་སྨན། །དམ་ཆོས་ཆུ་རྒྱུན་ཆད་པ་མེད་པར་འབབ། །འགྲོ་ལ་སྙིང་བརྩེ་ལྡན་པའི་ལྕགས་ཀྱུ་སྟེ། །ཐོས་ནས་སྒྲུབ་པར་བྱེད་པའི་དོན་ཆེན་འགྱུར། །ཚུལ་ཁྲིམས་ལྡན་དང་འཕགས་དང་དྲིན་ཆེ་བ། །སྡུག་བསྔལ་ཅན་དང་བཀུར་འོས་མཆོད་པར་མཛོད། །བཟང་དང་གྱ་ནོམ་མཁོ་དགུ་རན་པ་དང༌། དུས་ལས་མ་ཡོལ་སྡིག་དང་མ་འདྲེས་སྦྱིན། །མཆོད་འོས་མཆོད་ཕྱིར་སྲོག་དང་ནོར་འཕྲོག་པ། །ད་ལྟའི་རྒྱལ་སྲིད་ངན་པའི་རིང་ལུགས་སྤང༌། །སྦྱིན་ལ་དགའ་བ་དང་ཚུལ་རབ་རྩུབ་ཀྱང༌། །འཕགས་དང་མྱུར་དུ་ཕྲད་ནས་ཐར་པར་འཇུག །བཟོད་པ་ཐོབ་པས་ལུས་ཀྱང་གཏོང་བར་བྱེད། སྦྱིན་པས་རང་གི་བསོད་ནམས་འཕེལ་བ་དང༌། འགྲོ་བའི་རེ་སྐོང་ཡིད་བཞིན་ནོར་བུ་ཡིན། །འདི་དང་གཞན་དུ་


TNT01_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་མཆོག་གི་རྒྱུ། །ངོ་ཚ་ཤེས་པའི་རྒྱན་ནི་མཆོག་ཏུ་མཛེས། །ལྷ་དང་ཕ་མ་རྒན་རབས་འཕགས་རྣམས་ཀྱིས། །བདག་ལ་ཁྲེལ་བར་འགྱུར་ཞེས་མི་དགེ་ལས། །ཤིན་ཏུ་འཛེམ་པའི་མཁྱེན་པ་སྐྱེད་པར་འཚལ། ཁྲེལ་ཡོད་གོས་ནི་ལྷ་རྫས་ཀུན་པས་མཆོག །གཞན་དག་ཁྱད་དུ་མི་གསད་བག་ལྡན་པས། །འོས་པ་མ་ཡིན་བྱ་བ་ངན་བཏང་ནས། །དམ་པས་བསྔགས་པའི་སྤྱོད་ལ་དགེས་པར་མཛོད། །ཐོས་པས་ཚིག་བཟུང་བསམ་པའི་དོན་ངེས་ནས། །སྒོམ་པས་དངོས་སུ་ཤེས་རབ་བསྐྱེད་པར་བྱ། །ཏིང་འཛིན་གོམས་ན་ཤེས་རབ་འཕེལ་འགྱུར་རོ། །ཇི་ལྟར་རླུང་ནང་མར་མེ་གསལ་མི་འགྱུར། །ཏིང་འཛིན་མེད་ན་ཤེས་རབ་རྣམ་པར་གཡོ། །ཤེས་རབ་མཆོག་གིས་རྣམ་པར་དཔྱོད་པ་ན། །ཏིང་འཛིན་གྱིས་གཡོགས་ཡུལ་ནི་གསལ་བར་སྣང༌། །ཇི་ལྟ་ཇི་སྙེད་གནས་ལ་རིགས་པར་དཔྱོད། །ཆོས་རྣམས་ངོ་བོས་ཅུང་ཟད་མ་གྲུབ་ཀྱང༌། །འཁོར་འདས་རྒྱུ་འབྲས་འབྲེལ་བ་མི་བསླུ་བ། །ཟུང་འཇུག་འདི་ལ་མཉམ་པར་གཞག་གྱུར་ན། །སྲིད་པའི་འཆིང་ལས་ཡོངས་སུ་གྲོལ་བར་འགྱུར། །རྗེས་དྲན་མཆེ་བ་དྲུག་ལྡན་ཞིང༌། །འཕགས་ནོར་ཡན་ལག་བདུན་གནས་པ། །ཆོས་ཀུན་ཐེག་པ་ཆེར་འཇུག་སྟེ། །གཏམ་འདི་གླང་པོ་རིན་པོ་ཆེ། །རིག་པ་ས་སྐྱོང་ཁྱོད་ལ་འབུལ། །བླ་མེད་རྒྱལ་


TNT01_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མཆོག་སྤྱོད་པའི། །འཁོར་ལོ་སྒྱུར་བའི་གཙོ་བོ་རུ། །རྒྱ་ཁྱོད་དགེ་ལེགས་བརྟན་གྱུར་ཅིག །དེ་སྐད་སྨྲ་བ་དགེ་སློང་ཚུལ། །ཏཱ་ར་ནཱ་ཐ་ཞེས་བྱ་བས། །མཆོག་ཏུ་གཤིན་པའི་སེམས་ཀྱིས་ཏེ། །སླར་ཡང་ཡང་ཡང་གསོལ་བར་བགྱི།། །།དགེའོ། །


previousས་སྐྱོང་ལ་ཕུལ་བ།next