Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
རང་གི་རྟོགས་པའི་གླུ་དབྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་གི་རྟོགས་པའི་གླུ་དབྱངས།next

རང་གི་རྟོགས་པའི་གླུ་དབྱངས།


TNT01_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རྟོགས་པའི་གླུ་དབྱངས་སོ། །ཨོཾ་སྭཱ་སྟི། བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་འགྲན་ཟླ་མེད་པའི་བླ་མ་རྗེ། །མཚན་ཐོས་པ་ཙམ་གྱིས་དོན་མཆོག་ལྡན། །ཡིད་གུས་པས་སྙིང་ནས་གསོལ་བ་འདེབས། །བདག་མོས་པའི་བུ་ལ་བྱིན་གྱིས་རློབས། །ཆོས་ཀྱི་རྩ་བ་རྣམ་པ་གསུམ། །མཚན་ལྡན་བླ་མར་མོས་གུས་དང༌། །སྙིང་རྗེ་བྱང་ཆུབ་སེམས་སྒོམ་དང༌། །དམིགས་མེད་རང་བཞིན་སྒོམ་པའོ། །དལ་འབྱོར་རྙེད་དཀའ་བསམ་པ་དང༌། །མི་རྟག་འཆི་བར་བསམ་པར་བྱ། །ཚེ་འདི་དོན་གཉེར་ཟློག་པར་འགྱུར། །སྐྱེས་བུ་ཆུང་ངུའི་ཉམས་ལེན་ཡིན། །ལས་འབྲས་སླུ་མེད་ངེས་བྱས་ནས། །འཁོར་བའི་སྡུག་བསྔལ་བསམ་པར་བྱ། །ཐར་པ་དོན་གཉེར་སྐྱེ་བར་འགྱུར། །སྐྱེས་བུ་འབྲིང་གི་ཉམས་ལེན་ཡིན། །བྱང་ཆུབ་སེམས་གཉིས་བསྒོམ་པར་བྱ། །ཐེག་པ་དམན་དང་མཚན་འཛིན་བཟློག །སྐྱེས་བུ་ཆེན་པོའི་ཉམས་ལེན་ཡིན། །སྣང་བ་སྣང་སྟོང་ལྷ་སྐུ་དང༌། །སེམས་ཉིད་བདེ་ཆེན་འོད་གསལ་སྒོམ། འདི་ནི་སྔགས་ཀྱི་ཉམས་ལེན་ཡིན། །སྙིགས་དུས་


TNT01_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་འདི་ལྟ་བུར། །བཤེས་གཉེན་དམ་པ་ཤིན་ཏུ་དཀོན། །ཆོས་པར་རྫུས་ནས་འཁོར་གཡོག་དང༌། །ནོར་དང་ལོངས་སྤྱོད་བསྡུད་པ་མཐོང༌། །བསྡུས་ནས་རང་ཕྱོགས་འཛིན་པ་དང༌། །གཞན་ཕྱོགས་སྨོད་པའི་རྒྱུད་ངན་པོ། །གྲགས་འདོད་བྱ་བཏང་བྱེད་པ་དང༌། །སྤྱོད་པ་གང་བདེའི་གསང་སྔགས་པ། །བཟང་འཛིན་སྨྲ་བ་གཙོར་བྱེད་དང༌། །ལོ་འདོད་ལྷ་ཁང་བཞེང་པ་དང༌། །མཁས་འདོད་འཆད་ཉན་བྱེད་པ་དང༌། །མཛེས་ཆོས་ཙམ་གྱི་བཙུན་ཚུགས་སོགས། །ཆོས་བྱེད་རྣམ་དག་ཡིན་རེ་ཀན། །རང་བདེའི་དབང་ཐང་སྒྲུབ་པའི་ཕྱིར། །དུས་འཁྲུག་གཏུམ་པའི་བཟང་རྫུས་མཁན། །ཆོས་ནི་ཁ་སྐད་ཙམ་ཡང་མེད། །ཚེ་འདིའི་མདུན་གྲོས་འབའ་ཞིག་སྐྱོང༌། །རང་ལ་བརྟེན་པའི་འཁོར་ཀུན་ཡང༌། །ཚེ་འདིའི་མངའ་ཐང་ཙམ་ལ་སྦྱོར། །ས་གོས་བཟང་པོའི་དབུས་ཤིག་ན། །དཔུང་དགུང་དང་བུ་རྟའི་ལང་ལོང་ཅན། །འཆི་དུས་རང་སེམས་འགྱོད་ན་ཡང༌། །ད་དུང་གཞན་གྱི་མགོ་སྐོར་ལ། །རྫུན་གྱི་རྦད་ཁམ་ཆེན་པོ་གཏོང༌། །དེ་འདྲའི་བླ་མ་སྤང་བར་འཚལ། །དང་པོར་བླ་མ་བསྟེན་པའི་དུས། །ཅི་བྱུང་གིས་ཆོག་ཤེས་མི་བྱེད་པར། །ཆོས་བཞིན་སྟོན་པ་བླ་མར་བསྟེན། །དུས་ལན་གཅིག་བླ་མར་བསྟེན་གྲུབ་ནས། །མཛད་སྤྱོད་སྟོན་ལུགས་ཅི་འདྲ་ཡང༌། །སངས་རྒྱས་དངོས་སུ་


TNT01_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་གཅོད་འཚལ། །རང་དབང་བསྐུར་ཐོབ་གདམས་ངག་ཞུས། །རྒྱུད་སྡེ་ཟབ་མོ་ཞུས་པ་ཡི། །བླ་མ་ལ་མོས་གུས་གསོལ་བ་ཐོབ། །མཆོག་གི་དངོས་གྲུབ་དེ་ལ་འབྱུང༌། ཁོང་བླ་མ་མང་ཡང་གཅིག་ཏུ་སྒོམས། །དེ་སངས་རྒྱས་སེམས་ཅན་གང་ལྟར་རུང༌། །མཛད་སྤྱོད་དང་མཁྱེན་པ་ཅི་འདྲ་ཡང༌། །ཡིད་སྙེམས་འཁྲིག་མེད་པས་གསོལ་བ་ཐོབ། །ཡང་རྡོ་རྗེ་འཆང་ལ་ཡིད་སྨོན་དང༌། །བརྒྱུད་པའི་ཆེ་བ་བརྗོད་བརྗོད་ནས། ཁོང་རྩ་བའི་བླ་མ་རྡོ་རྗེ་འཆང༌། །མི་རུ་བཟུང་ན་གནད་ནས་འཆུག །མཐོ་གཏོང་དམའ་གཏོང་ཁྱེད་རང་ཤེས། །ཡིད་ཐེ་ཚོམ་འཁུ་འཁྲིག་མིང་ཡང་མེད། །སེམས་གཏད་མེད་མོས་གུས་ཝལ་ལེ་བས། །རང་ཤར་རང་དེར་ཆམ་མེ་ཞོག །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །དྲིན་ཅན་གྱིས་ཕ་མར་མ་གྱུར་མེད། །རང་ཉིད་བདེ་སྐྱིད་འདོད་འདོད་ནས། །ཕ་མ་སྐྱུར་བའི་མི་ངན་པོ། །སྤྱོད་པ་དུལ་ཞིང་སེམས་ཞི་ཡང༌། །མི་ཕལ་པ་བས་ཀྱང་ཁྲེལ་བོར་བས། །སེམས་ཅན་བདེ་འདོད་ཀྱི་བྱམས་པ་དང༌། །སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་སྒོམས། །དེ་སེམས་པ་ཙམ་ལ་མ་བཞག་པར། །ལག་ཏུ་ལོངས་པ་གལ་རེ་ཆེ། །བྱང་ཆུབ་མཆོག་ལ་འགོད་འདོད་པས། །དོན་སངས་རྒྱས་ཟེར་བའི་སྒྲ་བཽ་ཆེ། །རང་བཞིན་མེད་པའི་གནས་ལུགས་ལ། །ཅི་ཡང་འཆར་བ་


TNT01_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེའི་ངང༌། །དེ་སྒྲུབ་རྒྱུ་མེད་ཀྱང་སྒྲུབ་པར་འཚལ། །ཡོངས་གང་སྣང་དམིགས་པ་མེད་པའི་ངང༌། །དག་སྣང་ཕྱོགས་མེད་རང་ཤར་གཅིག །མི་བདག་ལ་དཔལ་ལྡན་བླ་མས་བསྟན། །དེ་ཉམས་སུ་མྱོང་བས་སྐྱིད་གཅིག་ཤར། །བུ་ཁྱོད་ཀྱང་འདི་ལ་བསླབ་པར་མཛོད། །དྲན་པ་ཉག་གཅིག་གི་རྣལ་འབྱོར་ལ། །སྐྱེས་གྲོལ་གྱི་འཆར་སྒོ་མ་གཏོགས་པ། །ཡུལ་དང་ཡུལ་ཅན་གྱི་རྗེས་ཀྱང་ཞིག །རྣམ་རྟོག་བཅོས་མའི་གྲོང་ཁྱེར་སྟོངས། །རྟོག་དཔྱོད་ཀུན་ས་མཚམས་དེ་རུ་ཟད། །གང་ཤར་མ་བཅོས་སྒོམ་དུ་ཐལ། །ཇི་ལྟར་བཅོས་ཀྱང་ལྷན་ནེར་གདའ། །འགྱུ་བ་འགྱུ་སྟོང་ངང་དུ་ཐིམ། །མཉམ་བཞག་དང་རྗེས་ཐོབ་ཀྱི་འདུན་པ་ཡལ། །གནས་རྒྱུ་མེད་པའི་རང་གནས་གཅིག །ཐ་མལ་གྱི་རྣམ་རྟོག་སྐྱེ་ཐག་ཆད། །འཆར་སྒོ་ལ་མི་འཆར་བྱ་བ་མེད། །གུ་ཡངས་དང་རྒྱ་འབྱམས་ཀྱི་རྣལ་འབྱོར་ཟེར། །རྩ་བྲལ་ཐག་ཆོད་ཀྱི་སྒོམ་འདི་ལ། །སྤྲོས་བཅས་ཐམས་ཅད་སྤྲོས་མེད་ཀྱི་ངང༌། །མཐུན་རྐྱེན་དང་འགལ་རྐྱེན་དབྱེར་མེད་དུ་སོང༌། །ཉོན་མོངས་དང་ཡེ་ཤེས་སྤང་བླང་བྲལ། །དོན་འདི་ལ་གཏད་སོ་ཐུབ་པར་འཚལ། །རེས་འགའ་རིག་པ་རྟེན་མེད་དུ་ཞོག །རེས་འགའ་གང་སྣང་ལ་ཆེར་རེ་ལྟོས། །སྐབས་རེ་ལྟ་སྟངས་ནམ་མཁར་གཅུན། །རེས་འགའ་སྒྲིམས་ལ་རེས་འགའ་གློད། །རེས་འགའ་


TNT01_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་རྟེན་བཅས་སྒོམ། །རེས་འགའ་མ་བཅོས་སོ་མར་བཞག །རེས་འགའ་རང་སེམས་ཡང་ཡང་ཚོལ། །ནམ་ཞིག་རྩ་བྲལ་མངོན་དུ་འགྱུར། །རྐྱེན་མོས་གུས་ཁོ་ན་གལ་རེ་ཆེ། །ཉམས་ཉི་མ་བཞིན་དུ་འཆར་ནུབ་བྱེད། །དོན་འགྱུར་མེད་རྟོགས་པ་ནམ་མཁའ་འདྲ། །གོ་བ་ན་བུན་བཞིན་དུ་དེངས། །དེ་ཡན་ཆད་ཕྱག་རྒྱ་ཆེན་པོའི་གླུ། །དེ་ཡི་བོགས་འདོན་གལ་རེ་ཆེ། །གཏུམ་མོའི་རྣལ་འབྱོར་བདེ་བའི་ལམ། །བདེན་མེད་སྒྱུ་ལུས་ལམ་གྱི་མཆོག །ཉིན་མོའི་རྣལ་འབྱོར་ངོ་མཚར་ཆེ། །སྣང་གྲགས་ལྷ་སྐུའི་དག་སྣང་ལ། །ཞུ་བདེ་གཏུམ་མོའི་འབར་འཛག་གིས། །དབུ་མར་ཐིམ་པའི་བདེ་སྟོང་ལམ། །ལྷ་སྐུ་གཉིས་སྣང་སྤྲོས་དང་བྲལ། །བདེན་མེད་སྒྱུ་མའི་འདུན་པ་སྒོམ། །སྒྱུ་མར་འཛིན་པ་དབྱིངས་སུ་ཆད། །ལམ་འདི་སྒོམས་དང་རྣལ་འབྱོར་པ། །བུ་འདི་ལ་འབད་དང་སྙིང་གཏམ་ཡིན། །མཚན་མོ་གཉིད་ལོག་ཆོས་ཀྱི་སྐུ། །རླུང་སེམས་དྷཱུ་ཏིར་བཅིངས་པ་ན། །གཉིད་ཀྱི་ཐིམ་རིམ་འོད་གསལ་གྱི་ངང༌། །བདེ་གསལ་སྟོང་པ་འགྱུར་མེད་སྒོམ། །རྨི་ལམ་འཁྲུལ་པའི་བག་ཆགས་འདི། །འདུན་པས་སྦྱངས་ནས་ལྷ་སྐུར་བསྒྱུར། །ཕྱོགས་མེད་ཉམས་ཀྱི་རྩ་སྦྱངས་པས། །བར་དོ་ཟིན་པ་ངོ་མཚར་ཆེ། ཁམས་གསུམ་སྐད་ཅིག་ཙམ་ལ་བསྡུ། །སྟོང་པའི་


TNT01_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་ལྷ་སྐུར་ལྡང༌། །རླུང་སེམས་སྙིང་གར་ལྡང་འཇུག་བྱེད། །འདི་སྐུ་གསུམ་སྒྲུབ་ན་གནད་དུ་ཆེ། །ཉིན་པར་ཆོས་སྤྱོད་འཕེལ་བར་བྱ། །མཚན་མོ་ཟབ་མོའི་ཏིང་འཛིན་སྒོམ། །ཉིན་མཚན་གཉིས་ཀྱི་བྱ་བ་ཡིན། །ཐོ་རངས་སྔ་དྲོ་གཏུམ་མོ་སྒོམ། །ཉིན་པར་སྒྱུ་ལུས་སྒོམ་པར་བྱ། །ཕྱི་འཕྲེད་རྨི་ལམ་སྲོད་ཀྱི་དུས། །གཉིད་ཀྱི་འོད་གསལ་བསྒོམ་པར་བྱ། །ནམ་གུང་འོད་གསལ་རྨི་ལམ་སྒོམ། །གལ་ཏེ་མཉམ་བཞག་མི་བརྟན་ན། །སྤྲཽས་བཅས་ཆོས་སྤྱོད་འབད་ནས་སྒྲུབས། །ལྷ་སྒོམ་སྔགས་བཟླས་མཆོད་པ་བྱ། །སཱ་ཚ་གདབ་ཅིང་བསྐོར་བ་དང༌། །ཕྱག་དང་གསུང་རབ་ཀློག་པ་སྟེ། །བདུན་པོ་དེ་དག་འབད་ནས་སྒྲུབ། །སད་མ་ཐག་ཏུ་དད་པ་སྒོམ། །དེ་བཞིན་སྙིང་རྗེ་དྲག་ཏུ་སྒོམ། །བསྟོད་པ་གསོལ་འདེབས་ཕྱག་མཆོད་བྱ། །ལྟུང་བ་བཤགས་ཤིང་སླར་ཡང་བསྡམ། །གཏོར་མ་བཏང་བ་ལ་སོགས་བྱ། །བཟླས་པ་ལ་སོགས་ཐུན་ལ་འབད། །ཡན་ལག་བདུན་པ་ཅི་ནུས་བྱ། ཁྱད་པར་སྨོན་ལམ་མང་དུ་གདབ། །ཐུན་མཚམས་གསུང་རབ་ལྟ་བར་བྱ། །བྱ་བ་ཀུན་ལ་དྲན་ཤེས་བསྟེན། །རང་གི་རྒྱུད་ཀྱི་ཉེས་པ་བརྟག །དེ་ལྟར་ཐུན་མཚམས་ཀུན་ལ་སྦྱར། །ཟས་ཀྱང་ཆོས་དང་མཐུན་པར་སྤྱད། །རྟོགས་པ་མངོན་དུ་གྱུར་པ་དང༌། །གཞན་སྣང་ཟིལ་གྱིས་གནོན་ནུས་ཤིང༌། །དགོས་


TNT01_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུ་མ་མཐོང་གྱུར་ན། །བརྟུལ་ཞུགས་སྤྱོད་པ་ངོ་མཚར་ཡང༌། །བུ་ཁྱོད་དེ་ལྟར་མ་གྱུར་པར། །སྤྱོད་པ་གཟབ་པ་གནད་དུ་ཆེ། །ཡི་དམ་ལྷ་དང་བླ་མ་ལ། །གསོལ་བ་བཏབ་ཅིང་གདམ་ངག་ཞུ། །དངོས་སུ་མཐོང་བའི་སྐལ་མེད་ན། །རྨི་ལམ་ཡུལ་སྣང་གཏན་ལ་ཕབ། །དགའ་ལྡན་མངོན་དགའ་བདེ་བ་ཅན། །གྲུ་འཛིན་རི་དང་ཨོ་རྒྱན་དང༌། །རི་བོ་རྩེ་ལྔ་ལ་སོགས་སུ། །རིགས་གསུམ་མགོན་པོའི་ལྷ་ཚོགས་ལ། །ཞལ་ལྟ་གདམས་ངག་ཞུ་བར་བྱ། །ཀླད་མེད་གཅམ་བུ་ཡལ་ཡུལ་དང༌། །དམ་ཚིག་སྐད་ཅིག་མི་བསྲུང་པའི། །གསར་འགྲོགས་ངོ་དགའི་བླ་མ་དང༌། །ཆོས་སྣ་མང་ཡང་གཏད་ས་མེད། །ཀུན་ལ་ཡིད་བརྟན་ཐུབ་པ་གཅེས། །འོན་ཀྱང་དག་སྣང་ཆེ་བར་བྱ། །ཞེས་པའང་ཏཱ་ར་ནཱ་ཐས་རང་གི་སློབ་མ་སྟན་ཅིག་པ་བྱམས་པ་འགྲོ་ཕན་བཟང་པོ་ལ་གདམས་པ་འདི་ཡང་ངམ་རིངས་སུ་སྟེ་རང་གི་རྟོགས་པའི་གླུ་དབྱངས་སོ།། །།མངྒལཾ། །


previousརང་གི་རྟོགས་པའི་གླུ་དབྱངས།next